Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

137 occurrences of བརྒྱུད་གསུམ་
[Clear Hits]


  
  
  
  
 
 
 
  
15   
 
10   
 
 
 
 
expand section
  
 
 
བཀའ་ཐ་མ་ལེགས་པ་རྣམ་པར་ཕྱེ་བའི་ཆོས་འཁོར་ཁོངས་དཀོན་བརྩེགས་དང་ཕལ་ཆེན་གྱི་སྐོར།
  
 
26   
 
 
29   
 
 
 
  


137 occurrences of བརྒྱུད་གསུམ་
[Clear Hits]

 
previousབཀའ་ཐ་མ་ལེགས་པ་རྣམ་པར་ཕྱེ་བའི་ཆོས་འཁོར་ཁོངས་དཀོན་བརྩེགས་དང་ཕལ་ཆེན་གྱི་སྐོར།next

བཀའ་ཐ་མ་ལེགས་པ་རྣམ་པར་ཕྱེ་བའི་ཆོས་འཁོར་ཁོངས་དཀོན་བརྩེགས་དང་ཕལ་ཆེན་གྱི་སྐོར།


GLG004_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་མཐའ་མ་ལེགས་པར་རྣམ་པ་ཕྱེ་བའི་ཆོས་འཁོར་ལས་བྱུང་བ་དཀོན་བརྩེགས་དང་ཕལ་ཆེན་གཉིས་ཀྱི་དཀོན་བརྩེགས་ནི། མཁས་པ་བློ་གྲོས་བརྟན་པའི་རྣམ་བཤད་ལས། དེ་བས་ན་ཐེག་པ་ཆེན་པོ་ལས་གསུངས་པའི་ཆོས་དཀོན་ཅོག་གི་རྣམ་པ་ཐམས་ཅད་བསྡུས་པའི་ཕྱིར་དཀོན་ཅོག་བརྩེགས་པ་ཞེས་བྱའོ། །ཞེས་གསུང་པ་ལྟར་ཐེག་པ་ཆེན་པོའི་ཆོས་དཀོན་ཅོག་གི་རྣམ་པ་ཐམས་ཅད་བསྡུས་པའི་ཕུང་པོར་སྤུངས་པ་ལྟ་བུ་ནས་དཀོན་ཅོག་བརྩེགས་པའི་སྒྲ་བཤད་མཛད་ཅིང་། འགྲེལ་པ་དེ་ཉིད་ལས། དེ་ལ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལས་བརྩམས་ནས་ཐེག་པ་ཆེན་པོ་རྣམ་པ་བཅུ་དྲུག་གིས་ཆོས་བསྟན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སྒྲུབ་པ་ན་ཐོག་མར་ཞུགས་པར་འགྱུར་བ་ལོག་པར་སྒྲུབ་པའི་རྣམ་པ་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་སྒྲུབ་པ་ཡང་དག་པར་འགྱུར་བ་ཡང་དག་པ་སྒྲུབ་པའི་རྣམ་པ་དང་། ཡང་དག་པར་སྒྲུབ་པའི་ལེགས་པའི་རྣམ་པ་དང་། བྱང་ཆུབ་སེམས་དཔའ་ཡང་དག་སྒྲུབ་པ་ལ་གནས་པ། ཆོས་སྤྱོད་པ་མཉམ་པ་སྤྱོད་པ་


GLG004_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལ་གནས་པའི་ཚུལ་གྱི་རྣམ་པ་དང་། བྱང་ཆུབ་སེམས་དཔའ་ལ་གནོད་པ་སེམས་པ་དད་པ་ཡང་དག་པར་བསྐྱེད་པའི་ཕྱིར་དཔེའི་རྣམ་པ་དང་། བྱང་ཆུབ་སེམས་དཔའ་ཡང་དག་པར་སྒྲུབ་པ་ལ་གནས་པའི་བསླབ་པའི་རྣམ་པ་དང་། ཉན་ཐོས་ཀྱི་བསླབ་པ་དང་། བྱང་ཆུབ་སེམས་དཔའ་བསླབ་པའི་ཁྱད་པར་གྱི་རྣམ་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་ལ་ཤིན་ཏུ་བསླབ་པའི་བྱང་ཆུབ་སེམས་དཔའ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གཞན་གྱི་དོན་བྱ་བའི་རྣམ་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་གདམས་ངག་དེ་ལ་ཉན་ཐོས་ཀྱི་བསླབ་པའི་རྣམ་པ་དང་། དགེ་སྦྱོང་ལེགས་པར་མ་བསླབ་པའི་རྣམ་པ་དང་། དགེ་སྦྱོང་ལེགས་པར་བསླབ་པའི་རྣམ་པ་དང་། བརྡའི་སྡོམ་པ་ལ་གནས་པའི་རྣམ་པ་དང་། དོན་དམ་པའི་སྡོམ་པ་ལ་གནས་པའི་རྣམ་པ་དང་། དེ་བཞིན་གཤེགས་པས་འདུལ་བའི་ཐབས་ཀྱི་རྣམ་པ་དང་། ལྡེམ་པོ་ངག་ཏུ་སྨྲས་པའི་རྣམ་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་གདམས་ངག་ལ་མོས་པའི་ལེགས་པའི་རྣམ་པ་སྟེ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལས་བརྩམས་ནས་ཐེག་པ་ཆེན་པོ་རྣམ་པ་བཅུ་དྲུག་པོ་དེ་འདི་དག་གིས་ཆོས་བསྟན་ཏེ། རྣམ་པ་འདི་ཐམས་ཅད་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་སྣང་ངོ་། །ཞེས་རྣམ་པ་བཅུ་དྲུག་གིས་ཆོས་བསྟན་པ་དེ་རྣམས་འོད་སྲུངས་ཀྱིས་ཞུས་པ་འཕགས་པ་སྡོམ་པ་གསུམ་བསྟན་པར་ཚིག་དོན་མདོར་བསྡུས་ནས་དེའི་རྒྱས་བཤད་སྒོ་མཐའ་ཡས་པ་སོགས་ལེའུ་ལྷག་མ་རྣམས་ཀྱིས་བསྟན་པས། རྩ་འགྲེལ་ལྟ་བུར་འགྱུར་བར་རིས་སུ་མ་ཆད་པའི་ཐུབ་བསྟན་ཡོངས་ཀྱི་རྩ་ལག་ཐམས་ཅད་མཁྱེན་པ་འགོས་ལོ་ཡེ་བཟང་རྩེ་པ་


GLG004_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མཁས་པ་མང་པོ་བཞེད་ཅིང་། རྣམ་པ་དེ་དག་ཐམས་ཅད་ཀྱང་ལོག་པར་བསྒྲུབ་པའི་རྣམ་པར་བསྡུས་པ་བཞི་ཕྲག་བརྒྱད། ཡང་དག་པ་གྲུབ་པའི་རྣམ་པར་བསྡུས་པའི་བཞི་ཕྲག་བརྒྱད། ཡང་དག་པར་བསྒྲུབ་པའི་ལེགས་པའི་རྣམ་པ་བསྡུས་པ་བཞི་ཕྲག་བཞི་སྟེ་བཞི་ཕྲག་ཉི་ཤུས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཐམས་ཅད་ལེགས་པ་བསྡུས་པ་ཡིན་ལ། དེ་ལྟ་བུའི་བརྗོད་བྱ་རྨད་དུ་བྱུང་བ་དཀོན་ཅོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་བཞུགས་པ་ལས་ལེའུ་བཞི་བཅུ་རྩ་དགུ་འགྱུར་བའི་ཀ་པ་ལ་སྡོམ་པ་གསུམ་བསྟན་པའི་མདོ་བམ་པོ་གོང་དཀར་བའི་གསན་ཡིག་ན་འདི་ལྟ་བྱུང་ཞིང་ཚལ་པ་བཀའ་འགྱུར་དཀར་ཆག་དང་རིན་པོ་ཆེ་སྨན་ལུང་པའི་གསན་ཐོར་བམ་པོ་གསུམ་ཞེས་པ་ལས་མི་འདུག །ཕྱེད་བཞི་དང་ཤློ་ཀ་བཅུ་ཛི་ན་མི་ཏྲ་སུརེནྡྲ་བོ་དྷི་དང་ཡེ་ཤེས་སྡེའི་འགྱུར། དུམ་བུ་གཉིས་པ་འཕགས་པ་སྒོ་མཐའ་ཡས་པ་རྣམ་པར་སྦྱོང་བ་ཆོས་ཀུན་ནས་གསང་བའི་མདོ་བམ་པོ་བཞི་བཅུ་པ་ས་རེནྡྲ་བོ་དྷི་དང་དཔལ་བརྩེགས་ཀྱི་འགྱུར། དུམ་བུ་གསུམ་པ་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ཁམས་བམ་པོ་གོང་དཀར་བ་དང་རིན་པོ་ཆེ་སྨན་ལུང་པའི་གསན་ཡིག་ན་འདི་བཞིན་བྱུང་བ་ཚལ་པ་བཀའ་འགྱུར་གྱི་དཀར་ཆག་ཏུ་བམ་ཁ་འདི་དང་མཐུན་པ་དང་བཅུར་བསྡུས་པ་གདམ་ངར་སྣང་ངོ་། །བམ་པོ་བཅུ་གཅིག་ཤློ་ཀ་ཉིས་བརྒྱ་ལེའུ་ཉི་ཤུ་རྩ་ལྔ་པ་ཛི་ན་མི་ཏྲ། དཱ་ན་ཤི་ལ། མུ་ནི་ཝརྨ། ཡེ་ཤེས་སྡེའི་འགྱུར། དུམ་བུ་བཞི་པ་རྨི་ལམ་ངེས་པར་བསྟན་པའི་མདོ་བམ་པོ་གསུམ་དང་ཤློ་ཀ་བརྒྱ། དུམ་བུ་ལྔ་པ་བདེ་བ་ཅན་གྱི་ཞིང་བཀོད་བསྟན་པ་བམ་པོ་གསུམ་ཚལ་པའི་དཀར་ཆག་ན་བམ་པོ་གཉིས་སུ་བྱས་པའང་ཡོད་ཅེས་སྣང་། པ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ཡེ་ཤེས་སྡེའི་འགྱུར། ཁ་པ་ལ་དུམ་བུ་དྲུག་པ་འཕགས་པ་མི་


GLG004_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུགས་པའི་ཞིང་བཀོད་བསྟན་པ་བམ་པོ་ལྔ་དང་ཤློ་ཀ་བཞི་བཅུ་པ་ཛི་ན་མི་ཏྲ། སུ་རེནྡྲ། ཡེ་ཤེས་སྡེ་གསུམ་གྱི་འགྱུར། དུམ་བུ་བདུན་པ་འཕགས་པ་གོ་ཆ་བཀོད་པ་བསྟན་པ་བམ་པོ་དྲུག །དུམ་བུ་བརྒྱད་པ་ཆོས་དབྱིངས་རང་བཞིན་གྱིས་དབྱེར་མེད་པར་བསྟན་པ་བམ་པོ་གཉིས་དང་ཤློ་ཀ་ལྔ་བཅུ། དུམ་བུ་དགུ་པ་ཐེག་པ་ཆེན་པོ་ཆོས་བཅུ་པ་བསྟན་པ་བམ་པོ་རིན་པོ་ཆེ་སྨན་ལུང་པའི་གསན་ཡིག་ཏུ་བམ་པོ་གཅིག་དང་ཤློ་ཀ་ཉིས་བརྒྱ་ཚལ་པ་དཀར་ཆག་ཏུ་ཤློ་ཀ་ལ་ལྔ་བརྒྱ་ཡོད་ཅེས་སྣང་། ཕྱེད་དང་གཉིས་དང་ཤློ་ཀ་ལྔ་བཅུ། དུམ་བུ་བཅུ་པ་འཕགས་པ་ཀུན་ནས་སྒོའི་ལེའུ་ཤློ་ཀ་ཉིས་བརྒྱ་དང་དྲུག་ཅུ་སྟེ་བམ་པོ་གཅིག་པ་ཛི་ན་མི་ཏྲ། སུ་རེནྡྲ། ཡེ་ཤེས་སྡེ་གསུམ་གྱི་འགྱུར། དུམ་བུ་བཅུ་གཅིག་པ་འོད་ཟེར་ཀུན་ནས་བཀྱེ་བ་བསྟན་པའི་མདོ་བམ་པོ་ལྔ་པ། དུམ་བུ་བཅུ་གཉིས་པ་འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་བསྟན་པ་བམ་པོ་གོང་དཀར་བའི་གསན་ཡིག་ན་འདི་ལྟར་བྱུང་ཞིང་ཚལ་པ་བཀའ་འགྱུར་གྱི་དཀར་ཆག་ན་བཅུ་གཅིག་ཅེས་སྣང་བ་བརྟག །ཉི་ཤུ་ལེའུ་བཅུ་གཉིས་ཡོད་པའི་བམ་པོ་གསུམ་དང་ལེའུ་བཞིའི་སྟོད་ཆ་ཡན། ག་པ་ལ་གོང་གི་འཕྲོས་རྫོགས་པ་སུ་རེནྡྲ། ཤཱི་ལེནྡྲ། ཆོས་ཉིད་ཚུལ་ཁྲིམས་གསུམ་གྱི་འགྱུར། དུམ་བུ་བཅུ་གསུམ་པ་དགའ་བོ་རྡོ་རྗེ་གདན་པའི་གསན་ཡིག་ན་འདིའི་ཚབ་ཏུ་དགའ་བོ་རབ་ཏུ་བྱུང་བ་བམ་པོ་ཕྱེད་བཞི་ཞེས་སྣང་བ་དོན་གཅིག་མིང་གི་རྣམ་གྲངས་ཡིན་ན་མ་གཏོགས་འདིའི་ལུང་འབུམ་རམ་པ་མན་ལ་ཐེ་ཚོམ་གྱི་གཞིར་འདུག་གོ །ཚལ་པའི་དཀར་ཆག་ན་བམ་པོ་གཉིས་སུ་ཡོད་པའི་གདམ་ངའང་སྣང་། མངལ་དུ་གནས་པ་བསྟན་པ་བམ་པོ་གསུམ། དུམ་བུ་བཅུ་བཞི་པ་དགའ་བོ་མངལ་དུ་འཇུག་པ་བསྟན་པ་བམ་པོ་གཅིག །དུམ་བུ་བཅོ་ལྔ་པ་འཕགས་པ་འཇམ་དཔལ་གྱི་ཡོན་ཏན་བཀོད་པ་བསྟན་པའི་མདོ་བམ་པོ་ཕྱེད་དང་བཞི་པ་ཤཱི་ལེནྡྲ་བོ་དྷི་


GLG004_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཛི་ན་མི་ཏྲ་ཡེ་ཤེས་སྡེ་འགྱུར། གོང་དཀར་བའི་གསན་ཡིག་ན་འདི་དུམ་བུ་བཅུ་གཉིས་པར་མཛད་འདུག་ཀྱང་ཚལ་པ་བཀའ་འགྱུར་དང་རིན་པོ་ཆེ་སྨན་ལུང་པའི་གསན་ཡིག་སོར་བཞག་ལྟར་ཡིན། ང་པ་ལ་དུམ་བུ་བཅུ་དྲུག་པ་ཡབ་སྲས་མཇལ་བ་དེ་ཁོ་ན་ཉིད་ངེས་པར་བསྟན་པའི་མདོ་བམ་པོ་བཅོ་ལྔ་ཤཱིི་ལེནྡྲ། ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ཡེ་ཤེས་སྡེ་བཞིའི་འགྱུར། དུམ་བུ་བཅུ་བདུན་པ་འཕགས་པ་གང་པོས་ཞུས་པའི་མདོ་ལེའུ་བརྒྱད་བམ་པོ་དྲུག །དུམ་བུ་བཅོ་བརྒྱད་པ་འཕགས་པ་ཡུལ་འཁོར་གོང་དཀར་བའི་གསན་ཡིག་ན་བདུན་ཅུ་རྩ་བདུན་ཞེས་སྣང་། སྐྱོང་གིས་ཞུས་པའི་མདོ་བམ་པོ་གསུམ་དང་ཤློ་ཀ་བརྒྱ་པ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། མུ་ནི་ཝརྨ། ཡེ་ཤེས་སྡེ་བཞིའི་འགྱུར། དུམ་བུ་བཅུ་དགུ་པ་ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་བམ་པོ་ཚལ་པ་དཀར་ཆག་ཏུ་བམ་པོ་ཕྱེད་གསུམ་དང་རིན་པོ་ཆེ་སྨན་ལུང་པའི་གསན་ཡིག་ཏུ་བམ་པོ་གཉིས་དང་ཤློ་ཀ་བརྒྱ་དང་བཅུ་ཡོད་ཅེས་སྣང་། གསུམ་པ་སུ་རེནྡྲ་དང་ཡེ་ཤེས་སྡེའི་འགྱུར། ཅ་པ་ལ་དུམ་བུ་ཉི་ཤུ་པ་འཕགས་པ་ཀློག་ཐོབ་ཀྱིས་ཞུས་པའི་མདོ་བམ་པོ་གཉིས་པ། དུམ་བུ་ཉེར་གཅིག་པ་སྒྱུ་མ་མཁན་བཟང་པོ་ལུང་བསྟན་པའི་མདོ་བམ་པོ་གཅིག་དང་ཤློ་ཀ་བརྒྱད་ཅུ་རྩ་གསུམ་ཚལ་པ་དཀར་ཆག་ཏུ་ཤློ་ཀ་བརྒྱ་སུམ་ཅུ་པ་ཟེར་བ་སྣང་། ཛི་ན་མི་ཏྲ། པྲ་ཛྙཱ་ཝརྨ། ཡེ་ཤེས་སྡེ་གསུམ་གྱི་འགྱུར། དུམ་བུ་ཉེར་གཉིས་པ་ཆོ་འཕྲུལ་ཆེན་པོ་བསྟན་པའི་མདོ་ལྷའི་བུ་དེད་དཔོན་གྱིས་ཞུས་པའི་མདོ་ཡང་ཟེར། བམ་པོ་གསུམ། དུམ་བུ་ཉེར་གསུམ་པ་འཕགས་པ་བྱམས་པ་སེང་གེའི་སྒྲ་སྒྲོག་པའི་མདོ་བམ་པོ་བཞི། དུམ་བུ་ཉེར་བཞི་པ་འཕགས་པ་ཉེ་བར་འཁོར་གྱིས་ཞུས་པའི་མདོ་འདུལ་བ་གཏན་ལ་འབེབས་པར་བྱེད་པ་བམ་པོ་གཉིས། དུམ་བུ་ཉེར་ལྔ་པ་ལྷག་པའི་བསམ་པ་བསྐུལ་བའི་མདོ་བམ་པོ་


GLG004_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཛི་ན་མི་ཏྲ། པྲ་ཛྙཱ་ཝརྨ། སུ་རེནྡྲ། ཡེ་ཤེས་སྡེ་བཞིའི་འགྱུར། དུམ་བུ་ཉེར་དྲུག་པ་འཕགས་པ་ལག་བཟང་གིས་ཞུས་པའི་མདོ་བམ་པོ་གཉིས་དང་ཤློ་ཀ་གོང་དཀར་བའི་གསན་ཡིག་ན་བརྒྱ་ལས་མི་འདུག །བརྒྱ་ཉེར་བརྒྱད་པ་དཱ་ན་ཤཱི་ལ། ཛི་ན་མི་ཏྲ། ཡེ་ཤེས་སྡེ་གསུམ་གྱི་འགྱུར། དུམ་བུ་ཉེར་བདུན་པ་འཕགས་པ་དེས་པས་ཞུས་པའི་མདོ་བམ་པོ་གཅིག་པ་ཛི་ན་མི་ཏྲ། སུ་རེནྡྲ། ཡེ་ཤེས་སྡེ་གསུམ་གྱི་འགྱུར། དུམ་བུ་ཉེར་བརྒྱད་པ་བྱང་ཆུབ་སེམས་དཔའ་དཔལ་སྦྱིན་གྱིས་ཞུས་པའི་མདོ་བམ་པོ་གཅིག་པ་འགྱུར་གོང་དང་འདྲ་བ། དུམ་བུ་ཉེར་དགུ་པ་བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་ཞུས་པའི་མདོ་ཤློ་ཀ་ཉིས་བརྒྱ་པ་འགྱུར་གོང་དང་འདྲ་བ། དུམ་བུ་སུམ་ཅུ་པ་བུ་མོ་བློ་གྲོས་བཟང་མོས་ཞུས་པའི་མདོ་བམ་པོ་ཕྱེད་པ་རིན་པོ་ཆེ་སྨན་ལུང་བའི་གསན་ཡིག་ན་ཤློ་ཀ་ཉིས་བརྒྱ་ཞེས་སྣང་། འགྱུར་བྱང་གོང་དང་འདྲ་བ། དུམ་བུ་སོ་གཅིག་པ་གངྒཱའི་མཆོག་གིས་ཞུས་པ་གོང་དཀར་བའི་གསན་ཡིག་ན་བམ་པོ་ཕྱེད་ཅེས་པ་སྣང་། ཤློ་ཀ་བརྒྱད་ཅུ་པ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ཡེ་ཤེས་སྡེ་གསུམ་གྱི་འགྱུར། དུམ་བུ་སོ་གཉིས་པ་མྱ་ངན་མེད་ཀྱི་སྦྱིན་པ་ལུང་བསྟན་པའི་མདོ་གོང་དཀར་བའི་གསན་ཡིག་ན་བམ་པོ་ཕྱེད་དང་རིན་པོ་ཆེ་སྨན་ལུང་པའི་གསན་ཡིག་ན་ཤློ་ཀ་སུམ་བརྒྱ་ཞེས་པ་སྣང་། བམ་པོ་གཅིག་པ་ཛི་ན་མི་ཏྲ་དང་ཡེ་ཤེས་སྡེའི་འགྱུར། དུམ་བུ་སོ་གསུམ་པ་འཕགས་པ་དྲི་མ་མེད་ཀྱི་སྦྱིན་པ་ལུང་བསྟན་པའི་མདོ་ཚལ་པ་དཀར་ཆག་ན་བམ་པོ་ཕྱེད་དང་གཉིས་དང་སྨན་ལུང་ནས་ཀྱི་གསན་ཡིག་ཏུ་བམ་པོ་གཅིག་དང་ཤློ་ཀ་བརྒྱ་བཅོ་ལྔ་ཞེས་པ་སྣང་ངོ་། །བམ་པོ་གཉིས་པ་ཛི་ན་མི་ཏྲ། སུ་རེནྡྲ། ཡེ་ཤེས་སྡེ་གསུམ་གྱི་འགྱུར། དུམ་བུ་སོ་བཞི་པ་ཡོན་ཏན་རིན་པོ་ཆེ་མེ་ཏོག་ཀུན་ནས་རྒྱས་པའི་མདོ་ཤློ་ཀ་བརྒྱ་གོང་དཀར་བའི་གསན་ཡིག་ན་བམ་པོ་ཕྱེད་ཅེས་པ་སྣང་།


GLG004_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཞི་བཅུ་པ་ཛི་ན་མི་ཏྲ། པྲ་ཛྙཱ་ཝརྨ། ཡེ་ཤེས་སྡེ་གསུམ་གྱི་འགྱུར། དུམ་བུ་སོ་ལྔ་པ་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་བམ་པོ་གཉིས་པ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། མུ་ནི་ཝརྨ། ཡེ་ཤེས་སྡེ་བཞིའི་འགྱུར། དུམ་བུ་སོ་དྲུག་པ་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་བམ་པོ་བཞི་པའི་གཉིས་པ་ཡན་ཆད། ཆ་པ་ལ་གོང་གི་འཕྲོས་དང་བཅས་པ་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་འགྱུར། དུམ་བུ་སོ་བདུན་པ་འཕགས་པ་སེང་གེས་ཞུས་པའི་མདོ་ཤློ་ཀ་དྲུག་ཅུ་པ་དཱ་ན་ཤཱི་ལ། མུ་ནི་ཝརྨ། ཡེ་ཤེས་སྡེ་གསུམ་གྱི་འགྱུར། དུམ་བུ་སོ་བརྒྱད་པ་སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་ཐབས་ལ་མཁས་པའི་མདོ་བྱང་སེམས་དཔའི་ཡེ་ཤེས་དམ་པས་ཞུས་པ་བམ་པོ་བཞི་དཱ་ན་ཤཱི་ལ། ཀརྨ་ཝརྨ། ཡེ་ཤེས་སྡེ་གསུམ་གྱི་འགྱུར། དུམ་བུ་སོ་དགུ་པ་ཚོང་དཔོན་བཟང་སྐྱོང་གིས་ཞུས་པའི་མདོ་བམ་པོ་གཉིས་པ་ཛི་ན་མི་ཏྲ། སུ་རེནྡྲ། ཡེ་ཤེས་སྡེ་གསུམ་གྱི་འགྱུར། དུམ་བུ་བཞི་བཅུ་པ་བུ་མོ་རྣམ་དག་དང་བས་ཞུས་པའི་མདོ་རིན་པོ་ཆེ་སྨན་ལུང་པའི་གསན་ཡིག་ན་ཤློ་ཀ་ལྔ་བཅུ་དང་ཚལ་པ་དཀར་ཆག་ན་བམ་པོ་གཅིག་དང་ཕྱེད་གདམ་པར་སྣང་། བམ་པོ་གཅིག་པ། བཞི་བཅུ་རྩ་གཅིག་པ་འཕགས་པ་བྱམས་པས་ཞུས་པའི་མདོ་བམ་པོ་གཅིག་པ་ཛི་ན་མི་ཏྲ། སུ་རེནྡྲ། ཡེ་ཤེས་སྡེ་གསུམ་གྱི་འགྱུར། དུམ་བུ་ཞེ་གཉིས་པ་བྱམས་པས་ཞུས་པའི་ཆོས་བརྒྱད་པའི་མདོ་བམ་པོ་གཅིག་པ་གོང་དཀར་བའི་གསན་ཡིག་ན་ཤློ་ཀ་བརྒྱད་ཅུ་རྩ་གསུམ་དང་ཚལ་བའི་དཀར་ཆག་ན་ཤློ་ཀ་བདུན་ཅུ་ཟེར་བ་སྣང་། བམ་པོ་གཅིག་པ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ཡེ་ཤེས་སྡེ་གསུམ་གྱི་འགྱུར། དུམ་བུ་ཞེ་གསུམ་པ་འཕགས་པ་འོད་སྲུངས་ཀྱིས་ཞུས་པའི་མདོ་གོང་དཀར་བའི་གསན་ཐོར་བམ་པོ་གཉིས་ཞེས་སྣང་། བམ་པོ་


GLG004_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཛི་ན་མི་ཏྲ། ཤཱི་ལེནྡྲ། ཡེ་ཤེས་སྡེ་གསུམ་གྱི་འགྱུར། དུམ་བུ་ཞེ་བཞི་པ་རིན་པོ་ཆེའི་ཕུང་པོ་ལུང་བསྟན་པའི་མདོ་བམ་པོ་གཉིས་དང་ཤློ་ཀ་ཚལ་པ་དཀར་ཆག་ན་ཤློ་ཀ་བདུན་ཅུ་སྣང་། བརྒྱད་ཅུ་པ་སུ་རེནྡྲ་དང་ཡེ་ཤེས་སྡེའི་འགྱུར། དུམ་བུ་ཞེ་ལྔ་པ་འཕགས་པ་བློ་གྲོས་མི་ཟད་པས་ཞུས་པ་ལུང་བསྟན་པའི་མདོ་ཤློ་ཀ་ཉིས་བརྒྱ། དུམ་བུ་ཞེ་དྲུག་པ་འཕགས་པ་འཇམ་དཔལ་གྱིས་ཞུས་པ་ཤེར་ཕྱིན་བདུན་བརྒྱ་པ་བམ་པོ་གཉིས་དང་ཤློ་ཀ་བརྒྱ་སུ་རེནྡྲ་དང་ཡེ་ཤེས་སྡེའི་འགྱུར། དུམ་བུ་ཞེ་བདུན་པ་འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་བམ་པོ་གསུམ་པ་ཀ་མཱ་ལ་ཤཱི་ལ་དང་ཆོས་ཉིད་ཚུལ་ཁྲིམས་ཀྱི་འགྱུར། དུམ་བུ་ཞེ་བརྒྱད་པ་ལྷ་མོ་དཔལ་འཕྲེང་གི་སེང་གེའི་ང་རོ་མདོ་བམ་པོ་གཉིས་པ་ཛི་ན་མི་ཏྲ། སུ་རེནྡྲ། ཡེ་ཤེས་སྡེ་གསུམ་གྱི་འགྱུར། དུམ་བུ་ཞེ་དགུ་པ་དྲང་སྲོང་རྒྱས་པས་ཞུས་པའི་མདོ་བམ་པོ་གཉིས་པ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ཡེ་ཤེས་སྡེ་གསུམ་གྱི་འགྱུར། ཀུན་མཁྱེན་རང་བྱུང་རྡོ་རྗེས་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་མདོ་གཞན་ནས་ཁ་བསྐངས་ཏེ་ལྔ་བཅུར་འགྲིག་པར་མཛད་པ་དང་མཐུན་པ་གོང་དཀར་བའི་གསན་ཡིག་ཏུའང་སྣང་མོད། ཚལ་པ་བཀའ་འགྱུར་དུ་བཞི་བཅུ་རྩ་དགུ་ལས་མི་གསལ་བ་ལ་མདོ་ལྔ་བཅུ་ཐམ་པ་བཞུགས་ཟེར་བ་ཞིག་འདུག་རུང་དཀར་ཆག་དང་རིན་པོ་ཆེ་སྨན་ལུང་པའི་གསན་ཡིག་སོར་གནས་བྲིས་པའོ། །དེ་ལྟར་མདོ་སྡེ་དཀོན་ཅོག་བརྩེགས་པ་དུམ་བུ་བཞི་བཅུ་ཞེ་དགུ་པ་ཡོངས་རྫོགས་ཀྱི་ལུང་གི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། མཉྫུ་ཤྲཱི། སློབ་དཔོན་ཀླུ་སྒྲུབ། ཨཱརྱ་དེ་ཝ། འཇམ་དཔལ་གྲགས་པ། རཏྣ་ཨཱ་ཀ་ར་ཤཱནྟི་པ། སིའུ་རི་པ། ཨ་མོ་གྷ་བཛྲ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས།


GLG004_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

མཆིམས་བརྩོན་སེང་། རྗེ་བཙུན་ས་སྐྱ་པ་ཆེན་པོ། ལྷོ་པ་ཁྱུང་སྟོན་གྲགས། སྤུ་སྟོན་བསོད་དབང་། ཀོ་ནག་རལ་གྲི །བླ་མ་གྲགས་སེང་། བླ་མ་ཤངས་ཚུལ། སློབ་དཔོན་ཡོན་ཏན་དཔལ། སྙེ་མདོ་ཀུན་དགའ་དོན་གྲུབ། ཆོས་རྗེ་རང་བྱུང་རྡོ་རྗེ། སློབ་དཔོན་རྒྱལ་བ་དཔལ། སློབ་དཔོན་བརྩོན་འགྲུས་སེང་གེ །བླ་མ་བློ་གྲོས་སེང་གེ །འཇམ་དཔལ་ཆོས་ཀྱི་རྡོ་རྗེ། ཚལ་རིན་པོ་ཆེ་གྲགས་དོན་པ། ཆོས་རྗེ་བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། ཆེན་པོ་བློ་གྲོས་རྒྱལ་མཚན། འབུམ་རབ་འབྱམས་པ་རིན་ཅེན་ཆོས་དབང་། རབ་འབྱམས་ཆོས་རྗེ་ཚུལ་ཁྲིམས་དབང་ཕྱུག །དཔའ་བོ་ཆོས་རྒྱལ་དོན་གྲུབ། སྤྱན་སྔ་དཀོན་ཅོག་འབངས། དྲུང་པ་གྲགས་པ་དོན་གྲུབ། བླ་མ་ཚོགས་གཉིས་དཔལ་གྲུབ། ཉང་རིགས་མཁས་གྲུབ་བློ་མཆོག་རིག་པའི་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་རཏྣ་ཨཱ་ཀ་ར་ཤཱནྟི་ནས། རྡོ་རྗེ་གདན་པ། བཻ་རོ་ཙ་ན་རཀྵི་ཏ། ཨ་མོ་གྷ་བཛྲ་མན་འདྲ། ཡང་ན་ལྷོ་པ་ཁྱུང་སྟོན་གྲགས་ནས། གཙང་པ་སྟོན་གྲགས། གཡོར་པོ་ཟུག་སྟོན། ཉང་སྟོད་བསོད་ནམས་དབང་པོ། རྒྱལ་སྟོན་དྷརྨ་ཤྲཱི། དཀོན་ཅོག་དཔལ། གྲགས་པ་སེང་གེ །སྟག་སྟོན་སྤྱིལ་བུ་བ། ལོ་ཆེན་མཆོག་ལྡན་ལེགས་པའི་བློ་གྲོས། བག་སྟོན་གཞོན་ཚུལ། བླ་མ་མགོན་པོ་འབུམ། སྤུ་སྟོན་པ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བླ་མ་བསོད་ནམས་སེང་གེ །ཚལ་གྲགས་དོན་པ་མན་གོང་ལྟར་རོ། །ཡང་ན་སངས་རྒྱས། བྱམས་པ། ཐོགས་མེད་སྐུ་མཆེད། པཎ་ཆེན་བློ་བརྟན། རིག་པའི་ཁུ་བྱུག །ཁ་ཆེ་དགོན་པ་པ། དཔའ་བོའི་སྡེ། མར་མེ་མཛད་


GLG004_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ། དྲི་མེད་སྦས་པ། རིན་ཅེན་རྡོ་རྗེ། ཤཱནྟི་པ། སུ་མ་ཏི་ཀཱིརྟི། པནྜི་ཏ་སྨྲྀ་ཏི་ཛྙ་ན། རོང་ཟོམ་ཆོས་བཟང་། ཏིང་འཛིན་བཟང་པོ། ལྷོ་པ་ཐམས་ཅད་མཁྱེན་པ། དཀོན་ཅོག་དཔལ། སྤང་ཁང་པ་གྲགས་རྒྱན། ཤངས་པ་གྲགས་བསོད། སྟག་སྟོན་སྤྱིལ་བུ་བ་མན་འདྲ། ཡང་ན་པཎ་ཆེན་བློ་གྲོས་བརྟན་པ་ནས། པནྜི་ཏ་གང་བ་སྤེལ། རཏྣ་ཨཱ་ཀ་ར་ཤཱནྟི་པ་མན་འདྲ། ཡང་ན་སངས་རྒྱས། རྡོ་རྗེ་གདན་པ་ཆེ་བ། བར་པ། ཆུང་བ། པནྜི་ཏ་པུཎྱ་ཤྲཱི། སྟེང་པ་ལོ་ཙཱ་བ། སོ་ཐམས་ཅད་མཁྱེན་པ། སོ་འཛམ་གླིང་རྒྱན། ལྷོ་པ་ཀུན་མཁྱེན། ཀོ་ནག་རལ་གྲི་མན་སྔར་བཞིན་ནོ། །ཡང་ན་ལྷོ་པ་ཐམས་ཅད་མཁྱེན་པ་ནས། དཀོན་ཅོག་དཔལ་མན་ཀྱང་སྔར་བཞིན་ནོ། །ཕུང་པོ་previous hit གསུམ་པའི་བརྒྱུད next hit་ལུགས་གཅིག་ནི། ཐུབ་དབང་། ཀུན་དགའ་བོ། ཀྲྀཥྞའི་གོས་ཅན། ཤ་ནའི་གོས་ཅན། ཉི་མ་གུང་པ། ཐམས་ཅད་མཁྱེན་པའི་བཤེས་གཉེན། ན་གཱ་རྫུ་ན། འཕགས་པ་ལྷ། ཤྲཱི་མཛྙུ་ཀཱིརྟི། ཤཱནྟི་པ། རྡོ་རྗེ་གདན་པ་གསུམ། ཁ་ཆེན་པཎ་ཆེན། དཔལ་ཆོས་བཟང་། དཔལ་པདྨ་ཅན། གཞོན་ནུ་ཡེ་ཤེས། ཤེས་རབ་སེང་གེ །བག་སྟོན་པ། མགོན་པོ་འབུམ། སྤུ་སྟོན་པ། མཁན་ཆེན་ཤེས་རྡོར་བ། ཆོས་སྒོ་བ་ཆོས་ཤེ །སློབ་དཔོན་བསོད་སེང་། ཚལ་གྲགས་དོན་པ། རིན་ཅེན་གྲགས་པ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན་མན་འདྲ། ཡང་ན་རྗེ་བློ་མཆོག་རྡོ་རྗེ་ནས། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ལའོ། །ཡང་ན་ཁ་ཆེ་པཎ་ཆེན་ནས། ལྷོ་པ་ཀུན་མཁྱེན། ཀོ་ནག་པ། ཟས་གཙང་པ། གྲགས་སེང་བ། བསོད་རིན་པ། མཁན་གཞོན་ཡེ། འབྱུང་ལྡན་འོད། བྱང་ཆུབ་སེང་གེ །ཞང་ཀུན་འོད། བག་སྟོན་མན་འདྲ། ཡང་ན་སངས་རྒྱས། བྱམས་པ། ཐོགས་མེད་སྐུ་མཆེད། སངས་
རྒྱས་བསྐྱངས། ཡེ་ཤེས་ཞབས། མར་མེ་མཛད། དྲི་མེད་སྦས་པ། རཏྣ་བཛྲ། ཆོས་འབྱུང་ཞི་བ། དེ་ལ་ཛྙཱ་ན་ཤྲཱི་དང་པུཎྱ་ཤྲཱི་གཉིས་ཀྱིས་གསན། གཉིས་ཀ་ལ་སུ་མ་ཏི། སྨྲྀ་ཏི། རོང་ཟོམ་ཆོས་བཟང་། ཏིང་འཛིན་བཟང་པོ། ཉང་རལ་པ། ལྷོ་པ་ཀུན་མཁྱེན། སྤང་ཁང་པ། གྲགས་སེང་། སྟག་སྟོན་པ། བློ་ཆེན་པ། བག་སྟོན་མན་འདྲ། ཡང་ན་སངས་རྒྱས། འཇམ་དབྱངས། ཀླུ་སྒྲུབ། ཨཱརྱ་དེ་ཝ། འཇམ་དཔལ་གྲགས་པ། རིན་འབྱུང་ཞི་བ། སིའུ་རི་པ། ཨ་བྷ་ཡ། དགེ་འབྱུང་སྦས་པ། རྡོ་རྗེ་གདན་པ་གསུམ། པུཎྱེ་ཤྲཱི། སྟེང་ལོ། སོ་ཀུན་མཁྱེན། སོ་འཛམ་གླིང་རྒྱན། ལྷོ་པ་ཀུན་མཁྱེན། ཀོ་ནག་པ། གྲགས་སེང་། ཞང་ཀུན་འབུམ། ཕག་ཁུར་བ། བག་སྟོན་པ་མན་འདྲ། ཡང་ན་སངས་རྒྱས། འཇམ་དཔལ། ཡེ་ཤེས་ཞབས། མར་མེ་མཛད། སྨན་ཞབས། རྒྱལ་བས་བྱིན། རཏྣ་ཤྲཱི། ཤཱནྟི་བཛྲ། ཀརྨ་བཛྲ། པུཎྱེ་ཤྲཱི། བི་ཛ་ཡཱ་རཀྵི་ཏ། ཐར་ལོ། ཕག་ཁུར་བ། བག་སྟོན་མན་འདྲ། ཆོས་རྗེ་དཔའ་བོའི་གསན་ཡིག་གཞན་མ་རྣམས་རྒྱས་རྒྱས་ལ་དཀོན་བརྩེགས་ཤིན་ཏུ་བསྡུས་ཤིང་བརྒྱུད་པའང་རྒྱ་ནག་ཏུ་སྣང་ངོ་ཞེས་ཁ་འཕངས་པའི་ཟོམ་མེ་བ་ཞིག་འདུག་པ་གསན་ཡིག་རྒྱ་མཚོ་སོགས་མ་གཟིགས་པའི་འོལ་ཚོད་ཅིག་བྱུང་བ་འདྲའོ།


previousབཀའ་ཐ་མ་ལེགས་པ་རྣམ་པར་ཕྱེ་བའི་ཆོས་འཁོར་ཁོངས་དཀོན་བརྩེགས་དང་ཕལ་ཆེན་གྱི་སྐོར།next