Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

137 occurrences of བརྒྱུད་གསུམ་
[Clear Hits]


  
  
  
  
 
 
 
  
15   
 
10   
 
 
 
 
expand section
  
 
 
  
 
26   
 
 
29   
 
 
 
  
དགེ་བ་རྫོགས་བྱང་དུ་བསྔོ་བའི་སྒོ་ནས་མཇུག་བསྡུ་བ།


137 occurrences of བརྒྱུད་གསུམ་
[Clear Hits]

 
previousདགེ་བ་རྫོགས་བྱང་དུ་བསྔོ་བའི་སྒོ་ནས་མཇུག་བསྡུ་བ།no next

དགེ་བ་རྫོགས་བྱང་དུ་བསྔོ་བའི་སྒོ་ནས་མཇུག་བསྡུ་བ།


GLG004_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཅན་ཀུན་ལ་རྗེས་ཆགས་མཁའ་དབྱིངས་བདེར་གཤེགས་ཀུན་གྱི་ཡེ་ཤེས་ཟླ་བ་རང་གཟུགས་རྟག་ཏུ་ལེགས་འཆར་ཡང་། །སྔོན་གོམས་བཟང་པོའི་སྐལ་བར་སྤྱོད་པའི་སྣོད་ལྡན་གདུལ་བྱ་དྭངས་པའི་ཀླུང་ལས་ཀུན་ལ་འཆར་བའི་སྐབས་བྲལ་ཕྱིར། །སྒྲིབ་གཉིས་བག་ཆགས་ཟད་པར་སྤངས་ཀྱང་སྒྲིབ་པའི་ལུས་ཅན་ཚུལ་གྱིས་ཆེས་ཆེར་སྙིགས་མ་ལྔ་བདོའི་འགྲོ་འདྲེན་པ། །ནམ་ཡང་བསླུ་མེད་གཏན་གྱི་སྐྱབས་མཆོག་རྡོ་རྗེ་སེམས་དཔའི་ངོ་བོར་ལེགས་བཞུགས་དམ་པའི་བཀའ་དྲིན་གཞལ་དུ་མེད། །སོ་ཐར་རིན་ཆེན་ཐེམ་


GLG004_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

སྐས་ལ་བརྟེན་ཐུབ་བསྟན་སྒོ་རུ་འཇུག་མཛད་མཁན་ཆེན་བློ་བཟང་ཆོས་རྒྱན་རྗེ། །གྲུབ་མཐའ་རྣམ་བཞི་བཞེད་པའི་གཞུང་དང་འདུས་པའི་རྒྱུད་དོན་སྟོན་མཁས་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་ཞབས། །སྒྲ་སྙན་སྡེབ་སྦྱོར་མངོན་བརྗོད་རྩིས་སོགས་གཙུག་ལག་ཀུན་ལ་བཀའ་དྲིན་ཟླ་མེད་པཎ་ཆེན་སྨོན་འགྲོ་པས། །ལེགས་མཚོན་སྨིན་གྲོལ་གཞུང་བཤད་རིག་པ་གཅིག་གིས་མཐའ་བརྟེན་སྟོན་རྣམས་ཨ་ཧོ་བཀའ་དྲིན་བླ་ན་མེད། །རང་རྒྱུད་ཐ་རྒོད་སྙིང་ནས་དམ་པའི་ཆོས་སུ་སྒྱུར་མཛད་དཔལ་འབྱོར་ལྷུན་གྲུབ་རྡོ་རྗེ་འཆང་། །ཕ་རོལ་ཕྱིན་དང་སྔ་ཕྱིར་འགྱུར་བའི་ཆོས་ཀྱི་གན་མཛོད་ཆོས་དབྱིངས་རང་གྲོལ་འཇམ་དཔལ་དབྱངས། །མ་ནུབ་དབང་གི་ཆུ་བོ་ཀུན་འདུས་གྲོལ་བའི་ལམ་སྟེར་བསོད་ནམས་མཆོག་ལྡན་འཁོར་ལོའི་མགོན། །བཤེས་གཉེན་དམ་པའི་ཞབས་པད་ཡུན་དུ་ཉེ་བར་བསྟེན་འདི་སྔོན་བསགས་ལེགས་བྱས་ཟོང་གིས་ཉོས། །སྐུ་བཞིའི་ས་བོན་དབང་གིས་སྨིན་མཛད་རིན་ཆེན་བསོད་མཆོག་རྡོ་རྗེ་སེམས། །ཐུབ་གསུང་བཀའ་གཏེར་གདམས་པའི་ཆར་འབེབས་བློ་མཆོག་རྡོ་རྗེ་རིག་འཛིན་གཙོ། །པད་མའི་ཞལ་ལུང་དྲོད་རླང་སྟེར་ནུས་གཏེར་བདག་གླིང་པ་སྤྲུལ་པའི་སྐུ། །ངེས་གསང་ཐེག་མཆོག་འཆི་མེད་ཟིལ་དངར་སྙིང་དབུས་གཏམས་འདི་སྐལ་བ་བཟང་། །མང་ཐོས་གསེར་གྱི་བ་གམ་ཁང་བཟང་གི །དྲ་མིག་ལྟ་ན་སྡུག་པའི་མདའ་ཡབ་རྩེར། །གཏན་འདུན་དྲིལ་བུའི་སྒྲ་སྙན་ཡོངས་འཁྲོལ་ཞིང་། །རྒྱལ་བསྟན་རྟ་བབས་གྱེན་དུ་འདེགས་འདི་སྤྲོ། །ཕྱི་རོལ་རྟོག་གེ་ཐ་སྙད་ཙམ་མིན་པར། །ནང་གི་


GLG004_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་མཆོག་གིས་མགུལ་པའི་མདུད། །བཀྲོལ་ནས་ལེགས་བཤད་གཟེགས་མ་འབུམ་འཛག་པ། །སྔོན་བྱོན་དམ་པ་རྣམས་ལས་བདག་འདྲས་མིན། །འོན་ཏེ་གཟིག་ཤུན་བཅིངས་པའི་བུང་རྒན་གྱི། རྣམ་ཐར་རིགས་མཐུན་དེང་འཛིན་ཆེན་པོའི་ཁྱུར། །སྤྱི་འདྲེའི་བརྟུལ་ཞུགས་དོར་ནས་སྨྲ་བའི་མགྲིན། །མཐོན་པོར་འདེགས་འདི་སྤྱོད་ལྡན་མགུ་བའི་གནས། མདོ་རྒྱུད་ཐ་སྙད་མང་ཞིག་མཚན་ཙམ་ཡང་། །མ་ལུས་ལ་ལ་རྒྱུན་བྲལ་མཐོང་ཐོས་གླེང་། །གླེགས་བམ་ཕལ་ཆེར་དངོས་པོའི་འདུ་ཤེས་ཀྱིས། །བདག་བཟུང་རྡུལ་ཁྲོད་རྩིག་ལ་བཟང་པོར་རློམ། །མཁས་པའི་ཞལ་ལུང་ཆད་པ་མེད་རྣམས་ཀྱང་། །རིམ་བཞིན་ནམ་མཇུག་རྫོགས་པའི་ཆུ་ལྟར་བསྐམས། །འབྲེལ་མེད་རྫུན་ཟོག་བསྒྲིགས་པའི་ཁྲོན་དོང་ནས། །ཆེར་རྨོངས་སྐལ་ངན་ཆོས་ཆུ་འཚོལ་ལ་བྲེལ། །ལྔ་ཕྲག་དྲུག་པའི་དུས་སུ་ཐུབ་པའི་བསྟན། །སླེབས་པར་མཁས་རྣམས་འཆད་ཀྱང་སྣང་ཚུལ་འདིར། །དཔྱད་ཚེ་ལུང་གི་མཇུག་མའི་དུས་འབབ་པའི། །རིང་མིན་རྟགས་ཙམ་འཆར་སྙམ་འཆི་མ་དཀུ། །སྔོན་བྱུང་བསྟན་པའི་བསིལ་ཟེར་ཉ་གང་བ། །དེང་དུས་ཚེས་གསུམ་ཟླ་ཆ་ལྟར་ཕྲ་བར། །ཆོས་རྒྱུན་མི་འཚོལ་རང་ཉིད་ཆེ་ཐབས་སུ། །གཡོ་སྒྱུས་གཞན་འདྲིད་མཁན་རྣམས་འཕྱོན་མའི་གར། །རྒྱལ་བློན་ལོ་པཎ་མཁས་གྲུབ་རིམ་བྱོན་གྱིས། །དཀའ་སྤྱད་རྣམ་ཐར་ཐོས་ཚེ་རྟ་ཁལ་འཁོར། །སྟོབས་འབྱོར་འདུ་འཛིས་ཐུབ་བསྟན་རློམ་དིང་། །ཆེས་མང་ཕལ་ཆེར་གཞན་འཕྲུལ་གནས་ཀྱི་བདག །ལྷ་མིན་རིག་སྔགས་གདོན་གྱིས་ལྷན་ཅིག་སྙིང་། །ཟིན་རྣམས་འཇིག་རྟེན་ཆོས་སུ་སྨྲ་བདེན་ཡང་། །གཟུར་གནས་བླང་དོར་ཤེས་


GLG004_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཁས་འཆེའི་ཚོགས། །རྗེས་སུ་འབྲངས་ན་བླུན་པོ་དེ་ལས་སུ། །ཆོས་རྒྱུན་མ་ཐོས་ཐོབ་བརྫུའི་གཡོ་ཁྲམ་མཁན། །ཚེ་རབས་གཞན་དུ་ནོས་རློམ་མུན་པའི་མདའ། །རྩིང་པོར་སྤྱད་ནས་འཕགས་ཆེན་རྣམ་ཐར་ལ། །འགྲན་པའི་སོ་སྐྱེའི་ཚུལ་ལ་ཁྲེལ་དགོད་བྲོ། །འོན་ཏེ་རྒྱལ་བའི་ཐུགས་རྗེ་མཁའ་ལྟར་ཡངས། །ལས་ལྡན་སྐྱེས་བུའི་བསོད་ནམས་མཚོ་བཞིན་ཟབ། །དེ་ཕྱིར་སྔོན་རབས་དམ་པའི་རྗེས་འགྲོ་བའི། །ཐུབ་བསྟན་མེ་རོ་གསོ་བ་མང་འབྱུང་སྙམ། །རྣམ་དཔྱོད་བརྩོན་པས་རིང་བཏང་དམན་བདག་གིས། །རྒྱལ་བསྟན་གཅེས་པར་བཟུང་བའི་ལྷག་བསམ་ལ། །བློ་ལྡན་ཚོགས་ཀྱིས་གཟིགས་ནས་དམ་པའི་ཆོས། །འཚོལ་བའི་བརྟུལ་ཞུགས་སྙིང་སྟོབས་ཁྱོགས་ལ་ལོང་། །ལོག་རྟོག་བདུད་ཀྱིས་ཡིད་དབང་མ་སྒྱུར་ཞིང་། །ཤེས་རབ་རྩལ་དང་ལྡན་རྣམས་སླད་མར་ཡང་། །རིས་མེད་གྲུབ་མཐའི་ཆོས་ཚུལ་ཀུན་མནོས་ནས། །ཤཱཀྱའི་བསྟན་ལ་རི་མོ་མཛད་པར་བསྐུལ། །ཟང་ཟིང་གཏོང་བའི་ལག་པ་རིང་རྐྱོང་བ། །ཁྱིམ་གྱི་བདག་པོ་རྣམས་ཀྱི་རྣམ་ཐར་ཏེ། །གནས་ལྔ་རིག་པར་འཆད་ཉན་ཆོས་ཀྱི་སྦྱིན། །བསྟན་ཞུགས་རྣམ་བཞིའི་འཁོར་གྱི་མཛད་པའི་ཕུལ། །མཁས་གྲུབ་རྒྱུ་སྐར་ལྟར་བྱོན་ལུང་རྟོགས་བསྟན། །དབྱར་མཚོའི་རྗེས་འགྲོ་འཕེལ་ཚེ་འབད་ཅི་དགོས། །རྒྱལ་བསྟན་ནུབ་ཁའི་དུས་འདིར་བརྩོན་འགྲུས་གོ །གྱོན་ན་གཅིག་ཏུ་བསྟན་ལ་བྱ་བ་ཆེ། །ཇི་ལྟར་འདོད་པའི་ཐོས་བསམ་མ་གྲུབ་ཀྱང་། །གཙུག་ལག་མང་པོར་བཟང་པོའི་བག་ཆགས་ཙམ། །བཞག་འདི་མཚུངས་བྲལ་ཡོངས་འཛིན་རྣམས་ཀྱི་དྲིན། །དྲན་ཚེ་སྙིང་གར་ལག་པའི་པདྨ་ཟུམ། །བགྲང་ཡས་དཀྱིལ་འཁོར་འཁོར་


GLG004_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་མགོན་ཁྱོད་རྣམས། །རིས་མེད་འགྲོ་ལ་བུ་ལྟར་རྗེས་བརྩེ་ཡང་། །ཐུགས་རྗེའི་ཉི་མས་གཅིག་ཏུ་བདག་སྙིང་གི །པད་དཀར་འདབ་མ་བཞད་པ་འདི་རྨད་བྱུང་། །རང་བློ་འདིར་སྣང་སྣང་བར་ཆེས་ཞེན་པའི། །ཚུལ་ལ་བསམ་ཚེ་ཚེ་རབས་ཕལ་མོ་ཆེར། །མི་ཁོམ་ལུས་རྟེན་རྟེན་མང་ཉེར་བརྒྱུད་པའི། །བག་ཆགས་སད་ལས་ལས་ངན་སླར་སྤེལ་དོགས། །གཅིག་ཏུ་བཤེས་གཉེན་གཉེན་འདུན་གཏན་གྱི་གྲོགས། །གྲོགས་མཆོག་མང་མཇལ་མཇལ་བ་དོན་ལྡན་ཆོས། །ཆོས་དོན་མང་ཐོས་ཐོས་དོན་བསམ་སྒོམ་ཚུལ། །ཚུལ་འདིར་རང་སེམས་སེམས་བག་གཅིག་ཏུ་དྲོ། །མངོན་མཐོའི་རྟེན་བཟང་ཡིད་བཞིན་ནོར་ལྟར་དཀོན། །དཀོན་མཆོག་རྟེན་དང་མཇལ་བ་དེ་བས་དཀའ། །དཀའ་སྤྱད་ཆོས་ཕྱིར་བྱེད་པ་ཉིན་སྐར་འདྲ། །འདྲ་བའི་མི་གཟུགས་མང་ཡང་བ་ལང་ཁྱུ། །སྔོན་ཆད་ཆོས་བརྒྱད་དབང་སོང་དལ་རྟེན་གྲུས། །ཚེ་འདི་སུམ་གཉིས་སྤྱད་པ་དེས་ཆོག་གི །ད་ནས་ཐོས་དོན་རྒྱུད་ཐོག་ཁེལ་ངེས་པའི། །ཉམས་ལེན་དམ་བཅའི་རི་མོ་སྙིང་ལ་བྲིས། །རུང་མཐུན་གོས་ཀླུབས་བསམ་སྦྱོར་འཇིག་རྟེན་པ། །བླ་ཆེན་སྤྱོད་པ་ཁོ་ནས་མི་འདའ་བར། །འཆད་ཉན་བསམ་སྒོམ་ཡང་དག་བསྒྲུབ་ནུས་པར། །སྲས་བཅས་རྒྱལ་བའི་ཐུགས་རྗེ་བདག་སྙིང་གཞུག །ཐོས་བསམ་ཅུང་ཟད་བགྱིས་མཚོན་དུས་གསུམ་དགེ །ཕུང་པོར་སྤུངས་པ་མྱ་ངན་མེད་པའི་ལྗོན། རྣམ་དག་སྨོན་ལམ་ཆུས་བསྲིངས་ལུང་རྟོགས་འབྲས། །བྱང་ཆུབ་མཆོག་གི་སྲིད་རྩེར་སྙེག་པར་ཤོག །གཅིག་ཏུ་སྙིང་རྗེའི་ཡུལ་གྱུར་མ་རྒན་འགྲོའི། །ཕན་བདེའི་རྩ་ལག་ཟས་གཙང་སྲས་ཀྱི་བསྟན། །ནམ་མཁའ་རང་གི་ངོ་བོ་མི་གཏོང་བ། སྐྱེ་རྒུའི་བསོད་ནམས་ཞིང་དུ་


GLG004_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་ཤོག །ཚུལ་འཆོས་གཞན་བསླུའི་ཕུབ་ཟོལ་མ་འདྲེས་པ། རྣམ་འདྲེན་རིང་ལུགས་འབྲུ་ཡི་ཕན་བདེའི་ལྟོ། འགེང་མཛད་བསྟན་འཛིན་ཚོགས་རྣམས་དཔག་ཡས་ཚེའི། དབང་ཕྱུག་ཇི་བཞིན་ཞབས་པད་བརྟན་པར་ཤོག །ཁྲིམས་ལྡན་དུར་སྨྲིག་འཆང་བ་རབ་བྱུང་གླིང་། །གོས་དཀར་ལྕང་ལོ་གཡོ་བའི་རིག་འཛིན་ཁྱུ། །མདོ་སྔགས་བཤད་སྒྲུབ་སྡེ་རྣམས་འགྲོ་ཀུན་གྱི། མགོན་དུ་དབྱར་གྱི་ཆུ་བོ་ལྟར་འཕེལ་ཤོག །ལས་ཤུགས་བཙན་པོ་དར་དྲགས་ས་སྤྱོད་རྣམས། །རང་རང་མངའ་རིས་ཙམ་གྱིས་ཆོག་ཤེས་ཤིང་། །དྲང་ཐིག་ཁྲིམས་ཀྱི་ར་བར་རྗེ་འབངས་ཀུན། །རྫོགས་ལྡན་གཞོན་ནུའི་རྩེ་དགའ་རྒོད་པར་ཤོག །དལ་འབྱོར་དོན་ཡོད་སྒྲུབ་བདག་འཚོ་བའི་ཚེ། །གཡུང་དྲུང་ས་སྲུངས་གཙུག་ཏོར་ཁོག་ཡངས་པོར། །སྲོག་གི་མུཀྟི་བརྒྱ་ཕྲག་བགྲང་བྱ་ཡི། །གཞོམ་མེད་རྡོ་རྗེའི་སྲད་བུར་བརྒྱུ་བར་ཤོག །གྲངས་མེད་སྔོན་གོམས་སྡིག་པའི་མཚན་མུན་ཁྲོད། །དུཿཁའི་མལ་ནས་གཉིད་ལས་སློང་བྱེད་པའི། །ལེགས་བྱས་སྐྱ་རེངས་ཀྱིས་དྲངས་བདེ་སྐྱིད་ཀྱི། །ཉིན་མོའི་སྣང་བ་རྟག་ཏུ་འབར་བར་ཤོག །ཐོས་བསམ་བྱེད་ལ་རྡུལ་གྱི་ཆ་ཕྲས་ཀྱང་། །ཕན་པར་སྒྲུབ་ཀུན་རང་ཉིད་ཐེག་ཆེན་ལམ། །ཞུགས་ཚེ་ཆོས་ཀྱི་མཆེད་དང་སློབ་བུ་རུ། །གྱུར་ནས་ཡང་དག་ལམ་ལ་བཀྲི་བར་ཤོག །བཟོད་དཀའ་གནས་ངན་མིང་ཡང་མི་གྲག་པར། །མངོན་མཐའི་རྟེན་བཟང་རིམ་པར་བརྒྱུད་དེ་སྲིད། །ཡང་དག་བསྟན་མཇལ་བཤེས་གཉེན་མགོན་གྱིས་བཟུང་། །དྲིན་ལས་རིང་མིན་སངས་རྒྱས་ས་བརྙེས་ཤོག །བརྒྱ་ཕྲག་ལུས་བཏུད་ཕྱག་འཚལ་ཀུན་བཟང་


GLG004_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་སྤྲིན་སྤྲོས་སྡིག་ལྟུང་བཤགས། །བདག་གཞན་བསོད་ནམས་གསགས་ལ་ཡི་རང་མགོན་རྣམས་ཆོས་འཁོར་བསྐོར་བར་བསྐུལ། །བསྐལ་བརྒྱར་མི་འདའ་སེམས་ཅན་དོན་གསོལ་བསགས་དང་གསོག་འགྱུར་གསག་བཞིན་པའི། །བསོད་ནམས་ཇི་སྙེད་སྐལ་བར་ཐོབ་གང་འགྲོ་ཀུན་བྱང་ཆུབ་མཆོག་རྒྱུར་བསྔོ། །དངོས་གྲུབ་འབྱུང་གནས་རྩ་བརྒྱུད་བླ་མ་བདེ་གཤེགས་ཞི་དང་ཁྲོ་བོའི་གར་སྒྱུར་དམ་ཅན་ཆོས་སྲུང་རྒྱ་མཚོ་ཡི། །མགྲིན་པ་སྐྱེ་བ་ལྔ་པའི་རི་མོ་གཡས་སུ་འཁྱིལ་ལས་བླ་ནས་བླར་བཏེག་རྨད་བྱུང་སྙན་པའི་སྐད་གསངས་ཅན། །སྭ་སྟི་ཀ་ཡི་སྒྲ་ལས་ཉེར་དྲངས་དུས་ཀུན་དགེ་བ་པི་ཝང་གདངས་དང་ལྷན་ཅིག་གླུ་ལས་བཀྲ་ཤིས་ཀྱིས། །ཡོངས་ཁྱབ་ཕན་བདེའི་རོ་བདག་རྟག་མྱོང་ཨེ་ཝཾ་ཟུང་འཇུག་དཔལ་ལྡན་སྐལ་པ་བཟང་པོའི་མཆོག་དེ་ཐོབ་པར་ཤོག །དེ་ལྟར་ཐོག་མཐའ་བར་གསུམ་དུ་དགེ་བ་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་རང་ཉིད་ཀྱིས་ཇི་ལྟར་མནོས་པ་རྣམས་རྒྱུད་ཐོག་ཏུ་ཉམས་སུ་ལོངས་པ་ཞིག་བློ་དང་བརྩོན་པ་དམན་ཞིང་གཞན་དབང་རྣམ་གཡེང་གིས་ཁོལ་པོར་བཀོལ་བས་རེ་གནས་ཙམ་ཡང་མ་མཆིས་རུང་། དེང་སང་ཆེས་ཆེར་སྙིགས་པའི་ལྔ་བརྒྱའི་རང་མཚང་གིས་ཕལ་ཆེར་བརྗོད་བྱའི་དོན་ཁོང་དུ་ཆུད་པ་ལྟ་ཞོག །རྗོད་བྱེད་ཚིག་གི་མིང་དོན་རགས་པ་ཙམ་ཡང་ངོ་མ་འཕྲོད་པར་གསན་གསན་དང་ཐོབ་ཐོབ་ཀྱི་གྲགས་བསྐམ་ཙམ་ལྷུར་ལེན་པ་སྨིག་རྒྱུ་ཆུར་བསྙེམས་པ་ལྟར་རང་གཞན་གང་ལའང་ཕན་པ་ཨེ་རཎྜའི་སྙིང་པོ་བཞིན་མཐོང་ནས། བྱ་ལས་རྗེས་མེད་དུ་མི་འགྲོ་བའི་ཐོབ་ཡིག་གཅིག་འདྲི་འདོད་པའི་བདུན་པས་བརྗེད་ཐོའི་རེག་ཟིག་བཀོད་པ་རྣམས་ལ་སྙིང་པོར་བཟུང་། རྡོ་རྗེ་འཆང་ཕ་


GLG004_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

བོང་ཁ་པ། ཟུར་ཐམས་ཅད་མཁྱེན་པ། ཁྱབ་བདག་གནས་གསར་བ་ཆེན་པོ། འཁོར་ལོའི་མགོན་པོ་ཞ་ལུ་མཁན་ཆེན། མཁས་གྲུབ་ཆེན་པོ་ཁྲ་ཚང་ཆེན་པོ། ཆོས་རྒྱལ་གཏེར་བདག་གླིང་པ་སྟེ་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་རྣམས་ཀྱི་གསན་ཡིག་ལ་གཞི་བྱས། དེ་དག་ལས་འཕྲོས་པའི་ཁ་འགེང་བར་འོས་པ་དང་། ཡིག་སྐྱོན་ཞུགས་པ་སོགས་སོམ་ཉིར་གྱུར་པ་རྣམས་ལ་ཚད་ཐུབ་ཀྱི་དཔང་པོར་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། རྒྱལ་བ་གཉིས་པ་ཤར་བཙོང་ཁ་པ་བློ་བཟང་གྲགས་པ། ངོར་པ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ་འཇིགས་མེད་དཔའ་བོ། ཕག་གྲུ་མཁན་པོའི་འབུམ་རམ་པ་ཀུན་དགའ་ཆོས་དབང་། ཞ་ལུ་སྐུ་ཞང་མཁྱེན་རབ་ཆོས་རྗེ། རྡོ་རིང་རིན་པོ་ཆེ་དང་ཚར་ཆེན་གཉིས་ཀྱི་གསན་ཡིག་གི་ཁོལ་བུ། སྤྲུལ་པའི་གཏེར་སྟོན་རཏྣ་གླིང་པ། གློ་བོ་ཛར་པ་སྔགས་འཆང་ཆོས་རྒྱལ་བསོད་ནམས། པདྨའི་གདུང་ཚབ་མངའ་རིས་པཎ་ཆེན། རིག་འཛིན་ཆེན་པོ་ལེགས་ལྡན་རྡོ་རྗེ། བྱང་བདག་ཆོས་རྒྱལ་དབང་པོའི་སྡེ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །སྤྱན་སྔ་མི་ཕམ་ཆོས་ཀྱི་རྒྱ་མཚོ། རྡོ་རྗེ་འཆང་སྔགས་རམ་པ་དགེ་འདུན་ཀུན་དགའ་བཀྲ་ཤིས། རྗེ་ཀུན་དགའ་གྲོལ་མཆོག །ངོར་ཐར་རྩེ་པ་ནམ་མཁའ་དཔལ་བཟང་། ཤར་པ་བྱམས་པ་ཀུན་དགའ་བཀྲ་ཤིས་ཁུ་དབོན། ཨེ་ཝཾ་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། ཡངས་ཅན་པཎ་ཆེན་ངག་དབང་ཆོས་གྲགས། ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ། ཆོས་རྗེ་དཔའ་བོ་ཆོས་རྒྱལ་དོན་གྲུབ། སྔགས་འཆང་དཀོན་མཆོག་ལེགས་པ། བླ་མ་ཨོ་རྒྱན་བསྟན་འཛིན། བཀྲ་བཟང་པ་ནམ་མཁའ་རིག་འཛིན། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། དར་


GLG004_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

སྡིངས་རིག་འཛིན་འཕྲིན་ལས་ལྷུན་གྲུབ་རྣམས་ཀྱི་གསན་ཡིག་ལ་ཞིབ་མོར་དཔྱད། འབྲི་ཁུང་པ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས། འབྲི་ཁུང་ཆོས་ཀྱི་གྲགས་པ། རྩེ་གདོང་ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། ས་སྐྱ་ཁྲི་ཆེན་ངག་དབང་ཀུན་དགའ་བསོད་ནམས། འདར་ནག་རིག་འཛིན་རྒྱལ་སྲས་བདེ་བ་བཟང་པོ་སོགས་ཀྱི་གསན་ཐོ་དངོས་སུ་མ་འབྱོར་ཡང་དོགས་སེལ་ཧོལ་ཁོངས་གསབ་དགོས་རྣམས་རྩོལ་བས་བསྒྲུབས། བཀའ་འགྱུར་རིན་པོ་ཆེའི་དཀར་ཆག་ལྡན་དཀར་མ། ཚལ་པ་དཀར་ཆག །བུ་སྟོན་ཆོས་འབྱུང་། གཞན་ཡང་རྣམ་ཐར་ཆོས་འབྱུང་སོགས་མང་པོར་ཞིབ་ཏུ་བརྟགས་ནས་ཐེག་པ་མཐོ་དམན་དང་གཞུང་སོ་སོའི་བཞུགས་ཚུལ་གོ་རིམ་རྣམ་པར་ངེས་པས་ཁོག་ཕུབ། རྒྱུན་ཡོད་མེད་དང་ཐོབ་མ་ཐོབ་ཀྱི་མཚམས་མཆན་བུས་རྣམ་པར་ཕྱེ་སྟེ། རྡོ་རྗེ་འཆང་ནས་གང་ལས་འོངས་པའི་བརྒྱུད་པའི་རྣམ་གྲངས་རྣམས་རྟགས་ཀྱིས་མ་འདྲེས་པར་བཀོད་དེ་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པའི་བཙས་དང་རང་དང་སྐལ་མཉམ་རྣམས་ལ་ཕན་པའི་ཆེད་དུ་དམ་པའི་ཆོས་ཀྱི་ཐོབ་ཡིག་གངྒཱའི་ཆུ་རྒྱུན་ཞེས་བྱ་བ་འདི་ནི་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོའི་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་རང་ལོ་ཞེ་དགུ་པ་ཤིང་སྦྲུལ་གྱི་ལོ་ནས་ཉེ་བར་བརྩམས་ཀྱང་། མི་ཆོས་མཐུན་འཇུག་གི་འདུ་འཛི་ལ་རྣམ་དཀར་འཕྲིན་ལས་སྒྲོ་བཏགས་པའི་བན་ལིང་གི་དབང་གིས་དཀྱུས་གཅིག་ཏུ་འདྲི་བའི་རྔོ་མ་ཐོགས་པར་སྒྲིག་རྩོམ་བྱ་བྲལ་གྱི་ངང་ནས་འོ་སྐོལ་གྱི་སྟོན་པ་འགྲོ་བའི་བླ་མ་ཟས་གཙང་སྲས་པོ་ལྕགས་ཕོ་སྤྲེའུའི་ལོ་ལ་སྐུ་བལྟམས་ནས་ལོ་ཉིས་སྟོང་དྲུག་བརྒྱ་ཉེར་དགུར་སླེབ་ཅིང་། ཤམྦྷ་ལའི་ཕོ་བྲང་ཆེན་པོའི་རྒྱལ་སྲིད་ལ་རིགས་ལྡན་སེང་གེས་མངའ་བསྒྱུར་


GLG004_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལོ་བཞི་བཅུ་རྩ་གསུམ་འདས་པ་རང་ལོ་ང་བཞི་པ་དབུས་འགྱུར་འཆང་དུ་སཱ་དྷ་ར་ཎ་ཞེས་ལྗོངས་འདིར་ཐུན་མོང་དུ་གྲགས་ཤིང་། འཇམ་དབྱངས་གོང་མའི་ཁབ་ཏུ་གིང་ཟཱུལ་ཞེས་པ་ལྕགས་ཕོ་ཁྱིའི་ལོ་ཉིན་མོར་བྱེད་པ་ཆུ་སྲིན་གྱི་ཁྱིམ་དུ་སྤྱོད་ཅིང་། ཆུ་ཤེལ་གྱི་དབང་པོ་རྒྱལ་གྱི་དགའ་མས་ཡོངས་སུ་ཉ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པ། དུས་འཁོར་བའི་ཡ་ཎའི་དབྱངས་ཨར། གསལ་བྱེད་ྈྐཿའཆར་ཞིང་། ཁམས་མེ། མུན་པའི་མུན་པ་གསལ་བ་འབྲིང་པོའི་ལང་ཚོ། དབྱངས་འཆར་བའི་དམར་ཆའི་རྒྱལ་བ་གཉིས་པ། དབྱངས་ཨུ། གསལ་བྱེད་ཡ། ཁམས་མེ། འདོད་ཡོན་གཟུགས་འཆར་བའི་ཚེ་གངས་ཅན་གྱི་ལྟེ་བ་འཕྲུལ་སྣང་གཙུག་ལག་ཁང་དང་ཟུང་དུ་འབྲེལ་བ་རང་བྱུང་འཕགས་པའི་ཞིང་ཁམས་ཕོ་བྲང་ཆེན་པོ་པོ་ཏཱ་ལར་རེ་ཞིག་རྫོགས་པར་སྦྱར་བའི་ཡི་གེ་པ་ནི་གནས་གསར་འཇམ་དབྱངས་བསྟན་འཛིན་གྱིས་བགྱིས་པ་ཕྱོགས་དུས་ཀུན་ཏུ་བཤད་དང་སྒྲུབ་པའི་བསྟན་པ་ཆེས་ཆེར་འཕེལ་ཞིང་གནས་པར་གྱུར་ཅིག །སརྦ་མངྒ་ལཾ།། །


previousདགེ་བ་རྫོགས་བྱང་དུ་བསྔོ་བའི་སྒོ་ནས་མཇུག་བསྡུ་བ།no next