Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
དགུང་ལོ་བརྒྱད་པར་གླིང་སྨད་ཞབས་དྲུང་གིས་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་དང་། དཔལ་ལྡན་དམག་ཟོར་རྒྱལ་མོའི་རྗེས་གནང་ཕུལ་བ་བཅས་ཀྱི་སྐོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདགུང་ལོ་བརྒྱད་པར་གླིང་སྨད་ཞབས་དྲུང་གིས་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་དང་། དཔལ་ལྡན་དམག་ཟོར་རྒྱལ་མོའི་རྗེས་གནང་ཕུལ་བ་བཅས་ཀྱི་སྐོར།next

དགུང་ལོ་བརྒྱད་པར་གླིང་སྨད་ཞབས་དྲུང་གིས་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་དང་། དཔལ་ལྡན་དམག་ཟོར་རྒྱལ་མོའི་རྗེས་གནང་ཕུལ་བ་བཅས་ཀྱི་སྐོར།


GLG005_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཕོ་བྱི་བའི་ལོ་གསར་གྱི་བསྐང་གསོར་ཕན་བདེ་ལེགས་བཤད་གླིང་པའི་ཚོགས་དབུར་ཕྱིན། བཞུགས་གྲལ་ལ་འབྲས་སྤུངས་ཀྱི་སློབ་དཔོན་རྣམས་ཆོས་ཀྱི་འབེལ་གཏམ་མཛད་ཅིང་ཁྱད་པར་བློ་གསལ་གླིང་ཟུར་པ་དོན་གྲུབ་མགོན་པོ་དེ་བཤད་པ་དང་རྩོད་པ་གཉིས་ཀ་ལ་ཤིན་ཏུ་ཡུས། རང་ལ་ཆོས་ཀྱི་གོ་རྟོགས་མེད་ཀྱང་རྒྱུད་ཡོད་རྣམས་མདོ་སྔགས་གཉིས་ཀའི་དགེ་བཤེས་འགྲན་ཟླ་དང་བྲལ་བ་ཡིན་ཞེས་ཟེར། བཟང་སྡིངས་ནས་ཆོས་རྗེ་རྫིང་ཁ་བ་ཕྲད་པར་བྱོན། ཁོང་པ་འབྲུག་ཕྱོགས་ཀྱི་ཕྱག་ཆེན་ཆོས་དྲུག་ལ་མཁས་གྲུབ་ཆེ་བར་གྲགས། འཕྲལ་གྱི་སྣ་ཚུལ་ཀྱང་བདེ་མཆོག་ལྷན་སྐྱེས་ལྟ་བུའི་ཧེ་རུ་ཀཿའདྲ་བའི་བརྟུལ་ཞུགས་དང་ལྡན་པར་གདའ། བསླབ་སྡོམ་ལ་ལྐོག་ངོས་ཀྱི་ཚུལ་ཆོས་མཁན་ཚོ་ལས་གླིང་ཆེན་རས་པའི་བརྒྱུད་འཛིན་ལ་འདི་རིགས་མིན་རྒྱུ་མི་འདུག །དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འདུ་བའི་གནས་ཆོས་འཁོར་རྒྱལ་དུ་འགྲོ་བའི་སྒོ་ཤར། དེ་སྔ་རི་སྒོར་གསང་སྟབས་ཀྱིས་ཕྱིན་པ་ནས་གྲ་སྒྲིག་ཆེ་བ་མེད་པས་འདི་སྐབས་ཞལ་ངོས་དྲུང་འཁོར་བསྡུ་གསོག་ལས་ཚན་སྒྲིག་པ་སྐྱ་དར་རྒྱ་གླིང་གིས་མཚོན་པའི་སྔར་སྲོལ་གང་ཡོད་དང་བཅས་ཧོར་ཟླ་གསུམ་པའི་ཚེས་བཅུ་གཅིག་ལ་བཏེག །བོད་ཡུལ་གྱི་ལྟེ་བ་ཆོས་འཁོར་དཔལ་གྱི་ལྷ་སར་སླེབས་ཕྱུག་པོ་སྒོ་


GLG005_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཤག་པར་གནས་ཚང་བྱས་ཇ་ཐུག་བཞེས་སྤྲོ་སྟེར་སྦྱིན་སོགས་མང་བ་བྱུང་། མཆོད་ཁང་རྣམས་མཇལ་སྐབས་བྱིས་པའི་སྣང་བ་ཡལ་ཡུལ་ལས་སྨོན་ལམ་འདེབས་པའི་ཐ་སྙད་ནི་མ་བྱུང་། ཕྱི་སྐོར་ལ་ཕྱིན་ཚེ་ཁྲོམ་གསེབ་ནས་དྲེའུ་ཞིག་བརྒྱུགས་ཏེ་ངེད་ཀྱི་གཡས་ཟུར་ལ་སྦུད་ཅིག་བརྒྱབ་ནས་སོང་བ་ལ་ལ་མི་ཤིས་པས་རིམ་གྲོ་དགོས་ཟེར། འགའ་ཞིག་དམག་ཟོར་མ་འཁོར་བའི་ལྟས་ཡིན་ཟེར་ཡང་དྲེལ་མངས་པའི་འདྲོགས་སྟབས་ལས་བཟང་ངན་གཉིས་ཀ་མེད་པ་འདྲ། སང་ཉིན་ལྷ་གདོང་གི་གྲུ་དོན་གསང་སྔགས་མཁར་དུ་སླེབས་སྐྱ་སེར་གྱི་ཁྲོམ་མང་བར་འཚོགས་འདུག །སྤྱི་བླ་བྲང་ནས་གཞིས་ལེན་དང་རྗེ་ཡོན་ཏན་རྒྱ་མཚོའི་གཟིམས་དཔོན་དྲུང་འཚོ་ཚེ་འཛིན་གྱིས་ཕྱག་རྡོར་གྱི་སྐུ་ལི་མ་ཞིག་བྱིན། འདིར་སྐབས་བླ་ཆེན་རྣམས་ཀྱི་སྤྱི་ཟོག་དཀའ་ལས་ཆུང་ལ་མིང་སྙན་པ་མཐོང་བས་དོན་ལྡན་ཟེར་བ་དེ་ག་བཞིན་བདེན་ན་མ་གཏོགས་འོ་སྐོལ་གྱི་སྟོན་པ་ཤཱཀྱའི་རྒྱལ་པོའི་མཛད་པ་དང་མཐུན་པའི་ཆོས་ཉིད་བདེན་པ་བསྟན་པ་གྲོལ་བའི་རྗེས་མཐུན་འཆད་ཉན་སོགས་ཀྱི་གྲབས་གྲབས་ཀྱང་མེད། རིམ་གྱིས་བཏེག་དགའ་ལྡན་ཞོལ་དུ་ཐུབ་དབང་གཉིས་པ་ཙོང་ཁ་པའི་གདན་ས་པ་ཁྲི་རིན་པོ་ཆེ་གྲགས་པ་རྒྱ་མཚོ་དཔོན་སློབ་རྣམས་ཕེབས་པ་དང་མཇལ་སྐུ་ན་སྨིན་ཞིང་འདར་ཤིག་གེ་ཕྱག་མཛད་ཀྱིན་འདུག་པ་དེ་དུས་ནི་ཉམས་སྣང་མ་བྱུང་། རྗེས་སུ་བསམས་ཚེ་རང་ལ་སྡོམ་པ་སྣ་གཅིག་བླངས་པ་དང་ཤློ་ཀ་གཅིག་གི་གོ་རྟོགས་ཀྱི་ཡོན་ཏན་ཀྱང་མེད་པར་དེ་འདྲ་ཡ་ང་བའི་གནས་སུ་མངོན། དེ་ནུབ་ལྷས་སྲས་ཁང་དུ་བསྡད་པའི་གནས་ཚང་ཐོག་གི་བསངས་ལ་བརྟེན་ནས་མེ་ཤོར་ཅུང་ཟད་བྱུང་བར་ལ་ལ་ཆོས་སྐྱོང་གི་འཚུབ་ཡིན་ཟེར་ཡང་


GLG005_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་མེད་པ་འདྲ། ལ་མོ་བརྒྱུད་རྒྱ་མ་སྣོན་མདར་རྒྱ་མཐོངས་དང་སྒོ་མ་གཏོགས་སྒེ་ཁུང་གི་རིགས་མེད་པ་ཞིག་ཏུ་གནས་ཚང་བྱུང་དགེ་སློང་གིས་བཞུགས་མི་ཚུགས་པའི་རིགས་ལ་གཟིམས་ཆུང་འདི་ག་འདྲ་བ་དགོས་པ་འདུག་སྐུ་རྦབ་བརྒྱབ་དོགས་མི་དགོས་པ་ཞེས་རྩེད་མོ་གླེང་། མཁར་སྐྱ་སྡེ་དགོན། རིན་ཆེན་གླིང་། འོད་ཟེར་ཀྱང་། རུ་ཐོག་པ་རྣམས་ཀྱིས་བསྙེན་བཀུར་བཞིན་པའི་ངང་ནས་འོལ་དགའ་རྫིང་ཕྱིར་གླིང་སྨད་ཞབས་དྲུང་རིན་པོ་ཆེས་དབུ་གནང་བའི་བསུ་བ་དང་སེར་སྦྲེང་བཅས་འབྱོར། ཞག་ལྔའི་བར་བསྡད་སྤྱི་སྒེར་ཀུན་གྱིས་འབྲོག་ཟས་ལ་བརྟེན་པའི་གཞིས་ལེན་དང་སྟེར་ཆ་བཟབས། འོལ་དགའ་དཀོན་གཉེར་རྣམས་ཀྱིས་ཚེས་བཅུའི་འཆམ་རྒྱས་པར་བྱས་པ་ལྟད་མོ་ཆེ་བ་བྱུང་། རྫོང་དཔོན་འདུས་བྱུང་སྐྱིད་སྦུག་པ་ཕྲད་པར་བྱུང་བ་སྤྱིི་སོས་བཞུགས་གྲལ་གྱི་འགོར་གདན་གཟོས་དང་བཅས་འདུག་པ་སྡེ་པ་གཙང་པའི་ཞལ་ངོ་ཞིག་ཡིན་པ་འདྲ་སྙམ་པའི་བྱིས་པའི་ཁྲུལ་རྟོག་ཀྱང་ཤར། གླིང་སྨད་ཞབས་དྲུང་རིན་པོ་ཆེ་དང་དཔོན་སློབ་ལྷན་ཅིག་པར་ཆོས་འཁོར་རྒྱལ་དུ་སླེབས། བྱམས་ཁང་དང་མགོན་ཁང་རྣམས་མཇལ། ཞལ་བྲམ་གཟུགས་ཀྱི་སྐུ་ལས་སྙན་དར་དཀར་པོ་ཞིག་རང་བབས་སུ་ལག་ཏུ་བྱུང་བ་ཁའུ་བྲ་རྫོང་པའི་སྙན་བརྒྱུད་ཚད་མ་བཞི་ལྡན་རྣམས་ཐོབ་པའི་རྟེན་འབྲེལ་དུ་འདུག །གླིང་སྨད་ཞབས་དྲུང་རིན་པོ་ཆེར་དགེ་ལུགས་འཇིགས་བྱེད་བཅུ་གསུམ་པའི་དབང་། དམག་ཟོར་མའི་རྗེས་གནང་གིས་གཙོས་པ་ཁ་ཤས་ཐོབ་ཀྱང་ན་གཞོན་པས་དབང་བརྡ་ནི་ག་ལ་འཕྲོད་ཅིང་ཐོར་མ་འཁོད་པས་ངེས་པ་མ་བྱུང་། སྤྱི་པ་ལེགས་བཤད་གླིང་པ་རྣམས་ཀྱིས་ཇ་མགྲོན་ལ་བོས་ཤིང་གཞིས་ལེན་དང་


GLG005_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བདོག་པའི་སྐྱེས་བསྟར། དྭགས་པོ་དང་ཉང་པོ་སོགས་ཀྱི་སྦྱིན་བདག་གྲ་རིགས་ཕྲད་མི་མང་བ་བྱུང་བར་བྱིན་རླབས་ཇ་གྲལ་སྐབས་སྦྱར་བྱས། ན་ཕྲས་པས་སྒོ་སྒེ་ཁུང་ནས་མྱུག་མྱུག་མངས་པར་གཉེར་པ་ནང་སོས་སྲེ་མོ་འདྲ་ཞེས་ལབས། ཟེ་མོ་གདོང་པའི་བཙུན་མ་རྣམས་ཀྱིས་བདོག་པའི་སྐྱེས་དང་བཅས་རིང་འཚོའི་རྟེན་འབྲེལ་བསྒྲིགས། གླིང་སྨད་ཞབས་དྲུང་སྐྱིད་ཤོད་དུ་ཕྱིར་ཕེབས། བདག་གིས་ལྷུན་གྲུབ་དགའ་ཚལ་དབང་དྲག་རོལ་པའི་དེ་ཝཱི་ཀི་ཊིར་ཞག་དགུ་ཙམ་གྱི་རིང་འགོལ་སྡོད་བྱས། སྔ་དགོངས་དཔལ་ལྡན་དམག་ཟོར་མའི་བསྐང་གསོ་བཏང་། ཉིན་མོ་ལྷ་ས་སྨོན་ལམ་ལ་ཕན་དུ་རེ་བས་འཁྲུངས་རབས་སོ་བཞི་པ་ལྷོགས་ཞེས་ཞལ་ངོས་གསུང་བར་དཔོན་སློབ་ཐམས་ཅད་སྐུ་ཡོན་ཆེ་དྲགས་འཁྲུངས་རབས་དང་དེའི་ས་བཅད་རྗེ་རང་བྱུང་བས་མཛད་པ་ནོར་ནས་ས་བཅད་དེ་ལན་གཉིས་གསུམ་ཙམ་ཀློག །མགོན་ཁང་རྣམས་ཞིབ་པར་མཇལ་ཞིང་གཏོར་གསོས་དང་སྙན་དར་ཕུལ། གླིང་སྨད་ཞབས་དྲུང་ནས་བསྔོ་བ་མཐུན་འགྱུར་བཅུ་གསུམ་ཙམ་ཡོད་པ་ཞིག་ཤོག་དྲིལ་དུ་གནང་བ་བཟུང་སླར་རྒྱལ་མཐིལ་དུ་འོངས་ནས་སྔ་དགོང་ཐམས་ཅད་མ་ཎི་འདྲེན་འདྲེན་ལྟར་བསྐྱར། ཡར་ཀླུངས་ས་བ་གྲུ་པ་གསར་མ་བ་ནང་སོ་ནོར་ནོར་དང་གཡུ་འབྲུག་སྤུན་གཉིས་ཀྱིས་ཚོགས་སུ་མང་ཇ་ཚར་བཏང་བའི་གྲལ་དབུར་ཡོང་དགོས་ཚུལ་ལྟར་ཕྱིན་ཟང་ཟིང་གི་བདོག་པ་རྒྱ་ཆེར་བསྐྲུན་བསྔོ་བ་བྱས་པའི་ཐོག་མ་འདི་ཡིན། ཞལ་ངོས་དབུ་མཛད་ཟླ་བོ་རྣམས་བསྔོ་བ་ཆད་དོགས་པའི་ཉེས་དམིགས་ཇག་པ་མང་པོ་ཡོད་པའི་འཕྲང་ལ་འགྲིམ་པ་ལས་ཆེ་བ་བྱུང་སོང་། འདི་ནས་བཟུང་ལོ་བཅུ་དྲུག་ཙམ་ལམ་སླེབས་བར་ཉེས་དམིགས་དེ་ག་བྱུང་འདུག་པས་


GLG005_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་སྨད་ཞབས་དྲུང་མདོ་སྔགས་ཀྱི་དགེ་བཤེས་སུ་གྱུར་པའི་བླ་མར་འཁོད་པ་དང་དབོན་པོས་ཕྱག་ཕྱིར་ཡོངས་ཆོས་འཇིག་རྟེན་གཉིས་ཀ་ནས་བླ་མས་མ་བྱུང་དོགས་པའི་ཉེས་དམིགས་ཅི་ཡང་མི་དགོས་པའི་ངོས་ཁོ་རང་གྲུ་བཞི་ལམ་ལམ་བྱེད་པ་འདི་འདྲ་མི་བསོད་ནམས་ཅན་ཞིག་ཡིན་པ་འདུག་ཅེས་ཞལ་ངོ་ཡང་ཡང་གསུང་། དྲུང་འཁོར་གྲ་ཚང་གཉིས་ལག་དོ་སོགས་ཀྱིས་ལྕགས་རིར་ཞིག་རལ་བྱུང་བ་ལ་གསོ་བྲན་གྱི་སྐབས་ལག་ཆ་ལ་བསྙད་པའི་གྲ་ཚང་གཉིས་ཀྱི་གྲ་པ་ཁ་ཤས་ཐུག་པར་འོག་པ་ཆོས་མཛད་ཀྱི་ཞུ་བརྡབས་ལ་བརྟེན་ཞལ་ངོས་ཕན་བདེ་ལེགས་བཤད་གླིང་པར་བཀའ་བཀྱོན་པའི་འོལ་དགའ་ནས་མ་ཁྲིད་པར་རྡོ་ལ་སློག་པས་ཚུར་ལམ་སྒར་པ་ཅུང་ཟད་ཉུང་བ་བྱུང་། ཧོར་ཟླ་ལྔ་པའི་ནང་དུ་མལ་གྲོ་བརྒྱུད་མཁས་མང་རྒྱ་མཚོའི་བསྟི་གནས་སེ་ར་ཐེག་པ་ཆེན་པོའི་གླིང་དུ་དགེ་འདུན་རྣམས་ཀྱིས་བསུ་བའི་བཀོད་པ་རྒྱས་པ་དང་བཅས་སླེབས། གྲ་ཚང་གསུམ་དང་ཁམས་ཚན་མང་པོ་གཞིས་ལེན་དང་སྟེར་ཆ་བཟབས། རྗེ་ཕ་བོང་ཁ་པ་ཡང་དཀར་སྤྲོའི་སྤོམས་འབུལ་དངོས་པོའི་སྐྱེས་དང་བཅས་ཕེབས་ཤིང་ཞག་ལྔ་བསྡད་དེ་འབྲས་སྤུངས་སུ་འབྱོར། རྒྱལ་ནས་ཚུར་ལམ་འོང་གསེབ་ཁྲོམ་དང་རྟ་དྲེལ་གྱིས་བརྫིས་པ་རྣམས་ལ་དབྱར་སྨད་ལོ་ཚན་དང་འོངས་ཆེ་ཟེར་བ་ཡུལ་པ་རྣམས་དད་མོས་ཆེ་བའི་རྟེན་འབྲེལ་ཡིན་པ་འདྲ། དབྱར་སྟོན་གྱི་དུས་ལྷ་ས་བ་རྣམས་ཀྱིས་ཚེས་བཅུའི་འཆམ་དང་སྙེ་ཐང་བཀྲ་ཤིས་སྒང་པས་རུ་འདྲེན་སྡེ་བཞིའི་འཆམ་རྒྱས་པར་བྱས་རུ་འདྲེན་གྱི་གཉན་ཆས་དེ་ནུབ་སེར་ཆོལ་ཆེ་བ་བབས་ཀྱང་འོང་གསེབ་ལ་མ་ཤོར། དབྱར་སྟོན་རྣམས་ཕྱག་དྲུག་པ་དང་ལས་གཤིན་གཉིས་ཀྱི་བསྐང་གསོ་བཟུང་


GLG005_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ངོས་ཞལ་བཀོད་མཛད་དེ་གཟིམས་ཆུང་བདེ་བ་ཅན་དུ་ཆོས་སྐྱོང་རྣམས་ཀྱི་རྟེན་མཆོད་སྤྱན་གཟིགས་བཤམས་པས་ཡར་ངོ་མར་ངོའི་ཚེས་བཅུ་དགུ་གཏོར་མགོན་ཁང་པ་ཚོ་དང་ལྷན་དུ་སྒྲིགས་མ་བྱས། དཔོན་སློབ་གླིང་སྨད་ཞབས་ལ་ཚེ་དབང་བརྒྱ་རྩ་ཞིག་ཞུས། བློ་གསལ་གླིང་དུ་རྒྱུན་བཞུགས་གནང་གཤིས་ཆོས་མཚམས་ལ་སྐབས་དག་གི་ཕེབས་ཀྱིན་ཡོད་པས་གསུང་སྒྲོས་ཀྱི་ལྷོངས་ལ་ངེད་ཀྱིས་དཔེ་ཆ་འཛིན་ཀློག་ཇི་ལྟར་གནང་གསུང་བར་ཚ་བ་དཀའ་བཅུ་བས་ནུས་པོ་རང་མི་འདུག་ཞུས་སོང་བར་བདག་ལ་གཟིགས་ནས་ཁྱེད་བླ་མ་འཕགས་པ་འདྲ་བ་ཞིག་མཛད་དགོས་པ་ལ་དེ་འདྲ་ག་ནས་ཡོང་གསུང་བར་ཕེབས་ལན་དུ་འགྲོ་མགོན་འཕགས་པ་ལས་རྒྱ་མི་ཆུང་ཙམ་ཡོད་ཞེས་སྒྲོ་ཞྭ་ཞུས་པས་བཞད་མོ་གནང་གིན་འདུག །སྐད་ཆ་དེ་ཕྱིར་ཐོས་པས་བླ་མ་དགེ་འདུན་དར་རྒྱས་སོགས་དུས་ཕྱིས་མ་འོངས་པ་ཤེས་ནས་ལབས་པ་ལྟ་བུ་ཟེར་དོན་ལ་ཉམས་འཆར་གྱི་སྐབས་མི་ལབ་པའི་མཐའ་ག་ལ་ཡོད། དགུན་སྨད་མཁར་སྔོན་པོའི་རྗེ་བསོད་ནམས་རྒྱ་མཚོའི་གདན་ས་བ་ཞབས་དྲུང་བྱམས་པ་སྤྲུལ་པའི་སྐུ་དགེ་འདུན་དཔལ་བཟང་རྒྱ་མཚོའི་འཕྲིན་ལས་ནམ་མཁའི་མཐའ་དང་མཉམ་པས་ལོངས་སྤྱོད་དང་ལྡན་པའི་ཞམ་རིང་དུ་བླ་མ་སེར་མོ་བ་གོས་ཆེན་གྱི་རྩག་པ་ས་དྲུད་གནམ་དྲུད་བྱེད་པའི་བག་དྲོན་ཅན་བརྒྱ་སྐོར་དང་བཅས་ཕེབས་པའི་གདན་འདྲེན་དུ་ལྷ་བཙུན་ཆུང་བ་དང་གུ་རུ་ཧུང་ཐའི་ཇིའི་དམག་ལྔ་བརྒྱ་ཙམ་ཡང་ཡོངས། གཙང་སྡེ་སྲིད་ནས་བཟང་འགྲུལ་ཡིན་འདྲ་བསམས་ཀྱང་ཐུ་མེད་ཀྱི་མི་ངན་ཡོད་འདུག་པས་གཞུང་བཤིག་དོགས་ཚུལ་གྱི་ཞལ་ངོར་ཕྱག་ཐམ་གནང་བ་དོན་བཟང་འགྲུལ་ལ་བརྟེན་ནས་གདུལ་བྱ་ཡོང་


GLG005_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རེའི་ལྟོགས་ལ་མེ་འབར་དང་ཐུ་མེད་ཀྱི་དམག་མིས་ངན་བསྐྱལ་དོགས་གསུང་སྙན་གྱི་དྲིལ་བུ་འཁྲོལ་བར་སྣང་། ཞབས་དྲུང་བྱམས་པས་འབྲས་སྤུངས་རྡོ་གཅལ་དུ་དགེ་འདུན་ཚོགས་ཆེན་གྱི་དབུས་སུ་མུ་ཏིག་ལྗོན་ཤིང་གི་ཁྲི་ཀ་གདུང་ཟེ་འབྲུ་སོགས་ཁྱད་མཚར་རྒྱབ་དང་གཡས་གཡོན་གྱི་ཡོལ་བ་བླ་བྲེ་དང་བཅས་པ་ཧོར་གོས་མངགས་བཏགས་ལས་གྲུབ་པ་བཤམས་པའི་སྟེང་དུ་བོས། གོས་དར་གསེར་དངུལ་རོལ་མོ་ཤེལ་སྤྱད་དཀར་ཡོལ་གི་གུ་ཤེལ་མུ་ཏིག་ལྗོན་ཤིང་གིས་གཙོས་རྒྱ་ནག་གི་དངོས་པོ་ཡ་མཚན་ཞིང་གནངས་ཆེ་བ་ཁ་གྲངས་ཁྲི་འབུལ་དུ་གྲགས་པའི་སྟེར་ཆ་མཛད། སྐྱེ་བོ་མཐའ་དག་རྣམ་སྲས་ཀྱི་གན་མཛོད་མཐོང་བ་ལྟ་བུའི་ཧ་ལས་ལས་བྱེད་ཀྱིན་འདུག །མུ་ཏིག་ལྗོན་ཤིང་གི་ཁྲི་ཧོར་གོས་ཀྱི་ཡོལ་བ་སོགས་རྒྱ་བཟོ་ཆ་འགྲིག་དེ་ཁྲོམ་ཟིལ་གནོན་དུ་འདུག་ཀྱང་ཁོབ་ཤག་འདི་འདྲ་ཞེས་ཚང་མ་དགོངས་པར་མི་བདེ་བས་གཡས་ཐོར་གཡོན་ཐོར་ལ་སོང་བ་ཙནྡན་གསེར་དང་བླུན་པོས་སོལ་བའི་དཔེར་སོང་། དེ་ནས་བཟུང་ཞག་བཞི་བཅུ་ཙམ་གྱི་བར་སེར་མོ་བ་རྣམས་ཀྱིས་ཚོགས་ཆེན་དུ་གདན་གུང་གཉིས་ཀར་མང་ཇ་ཉིས་སྐོལ་སུམ་སྐོལ་ཁ་བཏགས་སྨན་ཙེ་ཇ་དངུལ་གྱིས་མཚོན་པའི་འགྱེད་གཏང་ཐུབ་པ་གཙོ་བོར་འདོན་པའི་ཚོགས་དབུར་བསྔོ་བ་ཆད་དོགས་པའི་ཉེས་དམིགས་ཆེ་ཡང་དཔོན་སློབ་ཐམས་ཅད་ལྟོགས་ལས་མ་ཚུགས་པའི་ཆེ་བ་སྟོང་འབུལ་ནས་ཆུང་བ་བརྒྱ་འབུལ་དུ་བྱས་ཏེ་ལེན་པར་ཆག་མེད་ཕྱིན། སྙིང་ནས་གཏན་བདེ་བསྒྲུབ་པའི་རིགས་ལ་རང་ཉིད་འཆིང་བྱེད་ལས་དགོས་པ་མི་འདུག་ཀྱང་དར་ཁ་འཁྱར་སྦྲེལ་བའི་བརྒྱ་འབུལ་ལ་ཞྭ་གྱོན་པ་དང་ནས་ཕད་ཚྭ་རྡིག་གི་འབུལ་བར་ཤེལ་རྒྱན་


GLG005_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲད་ནས་བརྒྱ་ཤོགས་སྟོང་འགུགས་ཀྱི་སྒར་སྐོར་མཁན་རྣམས་མཐོང་ཚེ་འདོད་ཡོན་འབད་མེད་དུ་བླངས་ཆོག་པ་འདི་སྔོན་སྦྱིན་པ་བཏང་བའི་རྣམ་སྨིན་ཡིན་པར་འདུག །འདི་དང་འགྲུལ་རེས་ཕལ་ཆེ་བ་གཞན་དག་ལའང་གཙང་སྡེ་སྲིད་དུ་གསར་སླེབས་ཀྱི་ཕུད་དུ་མིང་བཏགས་པའི་གོས་དར་གྱི་འབུལ་བ་མཛད་སོང་། ཞབས་དྲུང་བྱམས་པ་དེ་མཁྱེན་པ་ཆེ་ཞིང་མཆོག་དམན་བར་གསུམ་དང་འགྲོགས་ལུགས་མཁས་པས་ཉི་མ་གནངས་ཆག་གིས་ཕེབས་ཏེ་ལོ་ཚོད་དང་བསྟུན་པའི་གསུང་གླེང་ཞིབ་པར་མཛད་པས་ཤིན་ཏུ་འདྲིས་པ་བྱུང་། འགྲུལ་པ་རྣམས་ཀྱིས་གདན་དྲངས་པའི་བཀྲ་ཤིས་ལྷུན་པོ་ནས་པཎ་ཆེན་རིན་པོ་ཆེ་ཕེབས། ཆུ་ཁྱི་ལོ་ན་ཕྲས་པའི་མཇལ་ལུགས་ཀྱི་ཐ་སྙད་ཆེ་བ་མེད་པ་འདི་སྐབས་ཞལ་ངོས་སྐོར་ཡང་ཁ་ཡར་ཞུས་པར་འགོས་དན་དཀའ་བའི་མཐར་མཉམ་ཕྱག་གི་ཞལ་བཞེས་གནང་ཡང་དོན་དུ་ཕྱག་ལན་མི་གནང་བའི་བཀའ་གྲོས་ནང་ནས་ཞལ་ངོར་བྱ་བྱུང་བའི་དེ་རིང་ངེད་ཀྱིས་མཛུབ་མོ་ཀེར་ན་ཕྱག་མ་འབུལ་བསྐུམ་ན་ཕུལ་གསུང་བཀྱོག་མོའི་སྒོ་འཁོར་མདུན་དུ་བཞེངས་ནས་འདུག་པར་མིག་ཟུར་གྱིས་བཅོས་པས་ཕྱག་མཛུབ་ཀེར་བྱུང་བ་དེ་ཉིན་ལྡེམ་མཇལ་འདྲ་བའི་མཛེས་ལམ་ཆུང་ཙམ་བྱུང་ཚོད་དུ་འདུག་སང་ཉིན་ཕེབས་སྒོར་བསླབ་ཚིགས་བཞེས་ནས་ཕྱག་འབུལ་བསམ་པ་ཡིན་རུང་ད་ཆ་ནང་སོའི་དྲུང་གི་ཐུགས་དང་བསྟུན་གསུང་བའི་ཞལ་དན་ལྟར་གནང་། ཞབས་དྲུང་བྱམས་པ་དང་མཇལ་འཛོམ་མཛད་པར་ཁོང་དཔོན་སློབ་རྣམས་ནི་ཕྱིས་སུ་དགེ་ལུགས་པ་ཕལ་ཆེར་གྱིས་འདུད་པའི་གཡག་མགོ་ཤོ་བཞག་ད་ག་འདུག །ཞབས་དྲུང་བྱམས་པ་ནི་ཆོས་འབྲེལ་མ་གསན་པར་འདྲ་མཉམ་ལས་ཕྱག་འཚལ་བའི་རེ་བ་མི་གནང་བས་ཉིན་གསུམ་བཞིའི་
བར་མ་དན་པའི་ང་ཆེ་ང་བཙན་གྱི་སྐོར་ཡང་ངོས་མཐར་མཇལ་དར་རྩེ་སྤྲོད་མཛད། ཧོར་ཟླ་བཅུ་གཉིས་པའི་མཇུག་ཏུ་རི་སྒོ་དཔོན་ས་ཨ་ནེ་དྲུང་གིས་ངེད་རང་ལ་གོས་སྣ་ཆ་ཚང་ཞལ་ངོར་སྣ་ཁ་གསུམ་བསྐུར་བ་མཛད་པ་ཆུ་ལུག་ཟངས་རི་རྫོང་དུ་མ་ཕེབས་བར་སྟར་ཆགས་དང་མི་རིང་བར་ཆོས་རྒྱལ་ཕོ་བྲང་ནས་བལ་གྱི་མཐུན་རྐྱེན་ཞིག་ཀྱང་གནང་གིན་ཡོད་འདུག་པ་དང་བཅས་དབྱར་གོས་ཚར་རེའང་བྱུང་བ་ཡུམ་གཤེགས་རྗེས་ཀྱང་ལྕམ་དྲུང་ཞལ་བཞུགས་རིང་མ་ཆག་པ་བསྲིངས།


previousདགུང་ལོ་བརྒྱད་པར་གླིང་སྨད་ཞབས་དྲུང་གིས་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་དང་། དཔལ་ལྡན་དམག་ཟོར་རྒྱལ་མོའི་རྗེས་གནང་ཕུལ་བ་བཅས་ཀྱི་སྐོར།next