Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགུང་ལོ་སོ་གསུམ་པར་རྒྱ་ནག་ཏུ་ཕེབས་རྒྱུའི་ཞལ་བཞེས་གནང་བ་དང་། ལྷོ་བྲག་དགའ་ལྡན་དོན་གཉིས་གླིང་བཏབ་པ་བཅས་ཀྱི་སྐོར།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདགུང་ལོ་སོ་གསུམ་པར་རྒྱ་ནག་ཏུ་ཕེབས་རྒྱུའི་ཞལ་བཞེས་གནང་བ་དང་། ལྷོ་བྲག་དགའ་ལྡན་དོན་གཉིས་གླིང་བཏབ་པ་བཅས་ཀྱི་སྐོར། next

དགུང་ལོ་སོ་གསུམ་པར་རྒྱ་ནག་ཏུ་ཕེབས་རྒྱུའི་ཞལ་བཞེས་གནང་བ་དང་། ལྷོ་བྲག་དགའ་ལྡན་དོན་གཉིས་གླིང་བཏབ་པ་བཅས་ཀྱི་སྐོར།


GLG005_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་མཇུག་གི་དུས་རིམ་དང་ས་གླང་གི་ལོ་གསར་ཐོག་མཆོད་སྤྲིན་སྙན་ཤལ་སྤྲོས་ནས་སྨོན་ལམ་ཆེན་མོར་ཕྱིན་པའི་སྔར་འཁྱུད་བཞིན་བྱས། གཙང་ཁང་བྱང་གི་ལྕོག་འོག་ཀ་བཞི་མར་སྡེ་པས་ཞལ་བཀོད་མཛད་དེ་རྟེན་མཆོད་རྒྱ་མི་ཆུང་ཙམ་གྱི་མཆོད་ཁང་གསར་དུ་བསྒྲིགས་འདུག །ཚེས་གསུམ་ལ་ཕོ་བྲང་ཆེན་པོ་པོ་ཏ་ལར་སླེབས། གོང་གི་གསེར་ཡིག་པ་རྣམས་ལ་ཚེ་རྟ། མགོན་པོ། ལོ་མ་གྱོན་མ། འོད་ཟེར་ཅན་མ་སོགས་རྗེས་གནང་ཁ་ཡར་དང་འདོད་ཆོས་ཀྱི་ལུང་འགའ་ཞིག་བྱས། གོང་གི་བཀའ་མ་བཟློག་པར་ཡོང་བའི་ཁས་ལེན་ཞུས། རྒྱ་ནག་ཡུལ་གྲུ་ཆེས་པས་འབྲུམ་པ་དང་ཚད་པའི་ནད་ཀྱི་དོགས་པ་ཡོང་འདུག་པས་ཡུན་རིང་མི་འཐོགས་པར་དགོས་པའི་ཞིབ་ཆའི་རྒྱུ་མཚན་འབུལ་བར་ཞུ་ཡིག་རྟེན་སྦྲགས་དང་བཅས་དཀའ་བཅུ་ཤེས་རབ་རྒྱལ་མཚན་དང་དེའི་ལོ་ཙཱར་ཧོར་བཀྲ་ཤིས་བཏང་མི་སྣ་རྣམས་དང་ལྷན་དུ་འགྲོ་མི་གསར་འགྲུལ་ཚོར་ལུགས་གཉིས་ཀྱི་སྒོ་ནས་རེ་བ་བསྐང་། དེ་ཡང་གཙང་དུས་ཧོར་ཁྲིམས་མ་ནོན་པའི་སྐྱོན་གྱིས་སྟག་ལུང་དང་ཡངས་པ་ཅན་དུ་བསྡེབས་དྲིལ་གྱི་ཚྭ་ལེན་པར་ཕྱིན་པ་བདེ་བར་འཁོར་བ་དང་དགྲ་ལག་ཏུ་ཤོར་བ་སྣ་ཚོགས་པས་དགུ་གཏོར་སྒར་པ་རི་ཆབ་རྣམས་དཔུང་བསྒྲིལ་པའི་བིར་སྨད་པ་དང་ཐུག་སྐབས་ཆབ་མདོར་ཟླ་བ་ཉེར་གཅིག་གི་བར་འཁར་བའི་དབུས་གཙང་དུ་གསེར་ཞོ་རེར་སྤུ་ཇ་སྤོར་དྲུག་རེ་བྱེད་པའི་ཇ་སོགས་འདོད་ཡོན་ཐང་ལྷོད་མི་མཉམ་པ་དེང་སང་མངའ་རིས་རྒྱ་དར་རྩེ་མདོའི་


GLG005_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱི་རྒྱལ་ཁམས་རྒན་མོ་གསེར་ཁུར་ལྟ་བུའི་ཞོད་འཇགས་ཡ་སྡེ་པ་བསོད་ནམས་རབ་བརྟན་དང་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ཟུང་དྲུ་འབྲེལ་བའི་མཛད་པ་བཟང་པོར་སྣང་བ་ཁོང་མཆོད་ཡོན་གཉིས་ལ་རྣམ་ཐར་མི་འདུག་གཤིས་ངེད་ཀྱི་འདིར་བླ་ཆེན་སྤྱི་མཐུན་ལྟར་བྲིས་པ་ཡིན། གནས་རྙིང་ཞབས་དྲུང་ཁྲི་པ་དང་རྡོ་རྗེ་བྲག་སྤྲུལ་པའི་སྐུས་གཙོས་གྲྭ་ཚང་གི་གྲྭ་པ་སོགས་བདུན་ཅུ་སྐོར་ལ་རིག་འཛིན་གདུང་སྒྲུབ། ཐུགས་སྒྲུབ་དྲག་པོ་རྩལ་གྱི་སྒྲུབ་པ་སྡེ་བརྒྱད། ཚེ་བདག་གསུམ་གྱི་དབང་། བསམ་པ་ལྷུན་གྲུབ་མའི་དབང་ལུང་། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ལུགས་ཀྱི་ཚེ་དབང་། ཁོང་རང་དཔོན་སློབ་གཉིས། ཇའི་སང་སྡེ་པ། དཔོན་ཚང་བྱང་ངོས་པ། མཆོད་དཔོན་དབུ་མཛད་རྣམས་ལ་སྒེར་དུ་ལས་འབྲེལ་རྩལ་གྱི་གཏེར་མའི་ཁྱབ་འཇུག་གི་དབང་སྤྲུལ་པའི་སྐུ་དགེ་བསྙེན་དུ་བསྒྲུབས། དགའ་ལྡན་ཕོ་བྲང་ཤར་གྱི་མཁར་ལས་ལོ་སྔོན་མ་ཐོག་ཟོ་གཉིས་གྲུབ་པའི་འཕྲོས་དང་ཞོལ་དུ་ཨར་པོ་ཚུགས་སོང་བར་ཕུར་སྒྲུབ་ཀྱིས་མཚོན་པའི་སྐུ་རིམ་ཁང་ཞིག་བྱུང་ན་ཞུས་པས་རྐྱེན་བྱས་གནས་རྙིང་པ་དང་རྡོ་རྗེ་བྲག་པར་རྙིང་མའི་ཆོས་བཤད་པ་ལ་བསྙད་པའི་སྒྱུར་སྦྱང་མང་དུ་མཛད་བྱུང་བ་ལ་ལན་འབུལ་མ་ནུས་པར་སྤམ་མེ་བསྡད། ཡུན་རིང་ཙམ་རྒྱུ་མཚན་ཆེར་མ་ཞུས་པར་ཐུགས་ཚོམ་ཤར་བའི་དོགས་སེལ་གྱི་མོལ་མཆིད་ཞིབ་ཏུ་མཛད་བྱུང་བའི་འཕྲོས་ཤིག་ལ་དབང་ཆོས་མང་བ་དགོས་པ་ཡོང་ན་སྡེ་དྲུག་མཁན་པོ་ཁ་རབ་པ་ལྟ་བུ་ཡར་ཀླུངས་བཀྲ་ཤིས་རྩེར་བཏང་ན་གསུང་བར་ང་རྗེ་བསོད་ནམས་རྒྱ་མཚོ་ལས་མི་ལྷག །དབོན་པོ་རིན་པོ་ཆེ་བོད་མཁར་བ་ལས་མི་ཞན་དེ་རིགས་བར་དུ་བརྒྱུད་ན་མཚན་ཉིད་དང་ལྡན་པ་


GLG005_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཡོང་བ་དཀའ་ཞུས་པར་འཕྲལ་དུ་གསལ་ཁ་མ་བྱུང་ཡང་སྟོན་མཇུག་ཐུགས་བད་དྭངས་པའི་ཕྱག་ཏུ་བཀལ་སོང་། རྟ་ཚག་རྗེ་དྲུང་དང་གནས་རྙིང་ཞབས་དྲུང་གིས་གཙོས་པའི་མི་ཉི་ཤུ་སྐོར་ལ་ངེད་རང་གི་རྩོམ་པའི་ལུང་ཁ་ཤས་དང་རྟ་ཚག་སྤྲུལ་སྐུར་ཚེ་མགོན་གྱི་རྗེས་གནང་ཕུལ། ཟླ་བ་གསུམ་པའི་ནང་དུ་སྣེའུ་སྡོང་ཞབས་དྲུང་རིན་པོ་ཆེ་མ་ཆེན་དགེ་ཚུལ་གྱི་སྡོམ་པ་བཞེས་པར་ཆེད་གཉེར་ཕེབས་པ་དགོངས་པ་ཡོངས་སུ་བཀང་བའི་མཚན་སྔར་གྱི་རྙིང་པ་ལས་ཅུང་ཟད་བསྒྱུར་ནས་བློ་བཟང་བསོད་ནམས་དབང་ཕྱུག་གྲགས་པ་རྣམ་རྒྱལ་དཔལ་བཟང་དུ་གསོལ། ཞབས་དྲུང་གི་ཕྱག་ཕྱིར་གནས་རྙིང་ཁྲི་པ་དང་རྟ་ནག་སྒྲོལ་མ་བ་སྐུ་མཆེད་གྲ་ཚང་གི་གྲ་པ་བརྒྱད་ཅུ་སྐོར་ལ་ཕུར་པ་ལྕགས་ཁང་མའི་དབང་། སྤྱན་སྔ་ཆོས་དྲུག་གི་ལུང་། རྩེ་ཞབས་དྲུང་དང་གནས་རྙིང་ཁྲི་པ་གཉིས་ལ་སྒེར་དུ་དཔལ་ལྡན་དམག་ཟོར་མའི་རྗེས་གནང་ཕུལ། སྟག་རྩེ་ཐའི་ཇི་སྐུ་མཆེད་ཀྱི་རྫོང་གི་སྒྱེད་བུ་ཁ་དྲོར་ཚོམས་ཆེན་དུ་བཞུགས་གྲལ་བཤམས། མགོན་པོ་ཆེ་ཆུང་ལས་མཁན་དང་བཅས་པའི་གཏོར་ཆོག་བཀང་བ་བསྟོད་འབུམ་གསར་བསྒྲིགས་རྣམས་བཙུགས་ཏེ་ནག་ཟླའི་ཚེས་བརྒྱད་ལ་མཆོད་གཏོར་སྤྱན་གཟིགས་སྙན་དར་འདོད་གསོལ་དང་བཅས་ཤིན་ཏུ་རྒྱས་པ་བྱས། ཤེལ་དཀར་དུ་དགེ་ལུགས་ཀྱི་ཆོས་སྡེ་གསར་འཛུགས་མཛད་ཀྱང་བླ་མ་གཙང་པ་རྒད་བུ་ཞིག་འཁོད་པ་བསམ་པ་མ་དག་པའི་གྲ་པའི་ཕོགས་ཐེབས་ཁོ་རང་གི་སྒེར་ཆས་སུ་བསྒྲིལ་བས་ཕན་ཐོགས་མ་བྱུང་འདུག་རུང་སླར་ཀོང་པོ་ཆབ་ནག་རབ་འབྱམས་པ་སངས་རྒྱས་དཔལ་འབྱོར་བསྐོས་པས་ད་ལྟ་འཕེལ་རྒྱས་ཆེ་བར་གདའ། རྒྱལ་མོ་ཆུང་བ་སྙུན་དམ་པོས་


GLG005_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པར་རྗེས་གནང་ཁ་ཡར་དང་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་ཚེ་འཕོ་བའི་གསལ་འདེབས་བྱས། དགེ་བར་ཇོ་ཤཱཀ་ལ་དཀར་མེ་སྙན་ཤལ། རང་ཕྱོགས་གཙོ་བོར་གྱུར་པའི་བོད་ཀྱི་བླ་ཆེན་རགས་རིམ་ལ་བསྔོ་རྟེན། སེར་འབྲས་དགེ་གསུམ་གྱིས་གཙོས་དགོན་པ་བརྒྱ་སོ་གཉིས་ལ་མང་འགྱེད་རྣམས་ཀྱི་དགོས་ཆར་གོས་ཆེན་གྱི་བླ་བྲེ་ཉི་ཤུ། གོས་དར་གྱི་ཡོལ་བ་བདུན། རྒྱ་གོས་སོ་གཅིག །གོས་ཡུག་བརྒྱད་ཅུ། ཁ་འཁྱར་སུམ་བརྒྱ། དར་སྨན་ཙེ་ཆོར་བཅས་ཡུག་སོ་དགུ །ཁ་འཁྱར་བརྒྱད་ཅུ། མུ་ཏིག་དབུས་ཞོ་བརྒྱ་དང་བདུན་ཅུ། དཀར་ཡོལ་བཅུ་གཅིག །པདྨ་རཱ་ག་དང་ཧོར་ཤེལ་གྱི་ཕྲེང་བ་རེ། བྱུ་རུའི་འཕྲེང་བ་ལྔ། སྤོས་ཤེལ་གྱི་འཕྲེང་བ་བདུན། སུམ་སྒྲོམས་དྲུག །གཡུ་རྡོག་བཅུ་དྲུག །རྒྱ་ཟམ་ལྷོ་རས་བསྡོམས་པ་ཡུག་ཞེ་གཉིས། གསེར་སྒ་སྲབ་རྨེད་ཆ་འགྲིག་བཅུ། དེ་མཚུངས་དངུལ་སྒ་གསུམ། ར་མ་ལུག་བདུན། སྒ་དམར་དངུལ་ཤན་མ་བཅུ་གཅིག །ཁྲོ་སོ་དྲུག །སོག་ལྷམ་བདུན། གྲུམ་ཙེ་བཅུ། རྟ་རེ་བདུན་རྣམས་འབྲུ་ཐོག་ཏུ་བསྡོམས་པར་མཁར་ཁལ་ཁྲི་ཚོ་ཕྱེད་གསུམ་དུ་སླེབས། འབྲུ་འགྱེད་ནས་ཁལ་ལྔ་སྟོང་ཆིག་བརྒྱ་རྣམས་ཀྱི་མཐུན་རྐྱེན་བསྒྲུབས། བྱང་ཆེན་མཆོད་རྟེན་དངུལ་ལས་གྲུབ་པ་གཡུ་མུ་ཏིག་བྱུ་རུ་ཤེལ་སོགས་ཀྱི་ཕྲ་རྒྱན་ཅན་ཐོག་ཚད་མ་ཞིག་བཞེངས། སྔར་ས་སྦྲུལ་རྡོ་རྗེ་འཆང་ཕ་བོང་ཁ་པས་ལུང་བསྟན་གནང་བའི་ཚེ་བྱུང་བ་ལས་ཆུང་ཞིང་ཡུན་ཐུང་བ་ལ་གཞན་མ་འདི་དུས་ཁུག་རྣས་ཉིན་མོའི་གུང་ལའང་ཉི་མ་ཟངས་སྡེར་འདྲ་བ་ཉིན་ལྔ་ཙམ་བསྟུད་པ་བསྟན་འཛིན་ཆོས་རྒྱལ་ལ་སྐུ་དོག་ཆེར་ཡོད་པ་རིམ་གྲོས་བཟློག་པར་སྣང་། ཟླ་བ་བཞི་པའི་ནང་དུ་གནས་རྙིང་ཞབས་དྲུང་དང་སེ་ར་བྱེས་


GLG005_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སློབ་དཔོན་པས་གཙོས་པའི་གྲ་པ་ཁ་ཤས། རྟ་ནག་སྒྲོལ་མ་ནས་སྐུ་མཆེད། གྲ་ཚང་གི་གྲ་པ་རགས་བསྡུས་སོགས་ལ་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་དབང་བཞི་རྟ་པད་ཀྱི་ལུང་དང་བཅས་པ། སེ་ར་བྱེས་སྨད་ཀྱི་གྲ་པ་སུམ་བརྒྱ་སྐོར་ལ་རྒྱལ་བ་ཙོང་ཁ་པས་མཛད་པའི་བསྟོད་ཆེན་བཞི་སོགས་ཆོས་སྤྱོད་ཁ་ཤས་དང་གསང་འདུས་རྩ་རྒྱུད་ཀྱི་ལུང་། དེ་རྣམས་ཀྱི་ཐོག་གསོ་རིག་སློབ་གྲ་དང་རྨི་རུ་བ་རྣམས་ལ་སྨན་བླ་སྤྲུལ་སྐུ་དང་ཕྱག་དྲུག་པའི་རྗེས་གནང་བྱས། གནས་རྙིང་ཞབས་དྲུང་དཔོན་སློབ་ཉུང་བསྡུས་ལ་ཕྱག་དྲུག་པའི་རྗེས་གནང་ཐུན་མོང་མ་ཡིན་པ་དང་མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་། ཚེ་དབང་ཉེ་བརྒྱུད་རྣམས་ཕུལ། གྲ་ཚང་གིས་ཡུན་དུ་གནས་པའི་ཚན་གྲངས་དང་བཅས་རྟེན་འབྱུང་བསྒྲིགས། བླ་མ་སྒྲོལ་མ་ནས། སྔགས་འཆང་དོན་གྲུབ་བཀྲ་ཤིས། མཆོད་དཔོན་དབུ་མཛད་བཞི་ལ་རིག་འཛིན་རཏྣ་གླིང་པའི་རྫོགས་ཆེན་ཀློང་གསལ་གྱི་དབང་ལུང་དང་ཀ་དག་གི་ཉམས་འཁྲིད་ཞག་ཉི་ཤུའི་བར་སྨིན་རྒྱས་སུ་ཕབ། ཕྱོགས་འདུས་ཀྱི་རབ་བྱུང་བསྙེན་རྫོགས་ཉི་ཤུ་སྐོར་བསྒྲུབས། ཚེས་བཅོ་ལྔ་ལ་དཔལ་ལྡན་འབྲས་སྤུངས་སུ་ཕྱིན་པའི་འདུས་པའི་ཚོགས་ཀྱིས་རིང་པོར་གནས་པའི་བདེན་ཚིག་གི་སྨོན་ལམ་མཛད་ཅིང་ཆོས་རྒྱལ་ཆེན་པོའང་ཁོག་ཏུ་ཞུགས་ནས་ཕེབས། ཞར་ལ་གསོ་སྦྱོང་བྱས་ཏེ་པོ་ཏཱ་ལར་ཉིན་སྐོར་དུ་སླེབས། ཚེས་བཅུ་དགུ་ལ་སེ་ར་ཐེག་ཆེན་གླིང་ཚོགས་ཆེན་གྱིས་པོ་ཏཱ་ལའི་ཚོམས་ཆེན་དུ་བདོག་པ་དང་བཅས་རིང་འཚོའི་རྟེན་འབྲེལ་བསྒྲིགས། ལྷོ་བྲག་དོ་བོ་རྫོང་དགའ་ལྡན་དོན་གཉིས་གླིང་བཙུགས་པའི་བླ་མར་སྒང་མགོ་རབ་


GLG005_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་པ་ངག་དབང་རྒྱ་མཚོ་བཏང་། སེ་ར་སྟོད་པའི་བླ་མ་བྱེད་མི་འབྲོམ་སྟེང་པ་ཅན་བསྙེན་རྫོགས་ཁ་ཤས་བསྒྲུབས། གསར་རྩོམ་གྱི་ཕར་ཕྱིན་མཛོད་རྒྱལ་རབས་གསུམ་གྱི་པར་སྡེ་པ་ལྷ་རྒྱ་རི་བ་དཔོན་བློན་ནས་ཐུགས་ཁུར་བཞེས་ཏེ་བརྐོས་ཟིན་པའི་སྐྱེལ་མི་སླེབས། ཟླ་བ་ལྔ་པའི་ནང་དུ་སྲིད་གསུམ་བདག་མོ་མདོས་ཀྱིས་མཆོད། ཨེ་པ་སྤྲུལ་སྐུ་ཧོར་དར་དང་བག་དྲོས་གཙོས་བཟོ་བོ་མཁས་པ་ཁ་ཤས་བཀུག །གྲ་ཁང་གསང་སྔགས་དགའ་ཚལ་སྦུག་གི་གཙང་ཁང་དུ་ནག་པོ་སྐོར་གསུམ། ཕུར་པ། དམག་ཟོར་མ། རྣམ་སྲས། གུར་ཞལ། བེག་ཙེ། བསྟན་མ་ཁང་དུ་དུང་སྐྱོང་རྒྱལ་མོ་རྣམས་ཀྱི་སྐུ་བརྙན་བཞེངས་པར་རྒྱུད་སྡེ་ནས་བཤད་པའི་གཟུངས་གཞུགས་མཚན་ཉིད་དང་ལྡན་པ་ཕུལ། རྫོང་དང་སྦྲགས་པའི་རབ་གནས་མཛད་ན་བསམས་རུང་ཐུགས་འགྲོས་ཆེས་པའི་འདི་ལོ་གནང་སྟབས་མི་བདེ་ཚུལ་བྱུང་བས་སྐུ་རྣམས་ལ་རབ་གནས་མདོར་བསྡུས་བྱས། སྤུས་སྲང་སྨྱོན་པས་བསྐུལ་ནས་འཁྲུངས་རབས་བྲིས་ཐང་བྲི་བའི་ཞིང་བཀོད། མ་ཎི་བ་དཀོན་མཆོག་བློ་གྲོས་ཀྱི་ངོར་སྨོན་ལམ་དམ་བཅའི་འགོ་བརྒྱངས། སྟག་རྩེ་ཐའི་ཇི་མཚོ་སྐྱེས་རྡོ་རྗེའི་ཞལ་འདོན་དུ་བདག་བསྟོད། ལྷ་སའི་ཚེས་བཅུ་པ་རྣམས་ཀྱི་འདོད་པ་བཞིན་ལེའུ་བདུན་བརྒྱུད་འདེབས་མཇུག་ཏུ་རིང་འཚོའི་ཚིགས་བཅད་དང་བཅས་པ་རྣམས་བརྩམས། དེ་མོ་སྤྲུལ་སྐུ་ངག་དབང་དགེ་ལེགས་རྒྱལ་མཚན་བར་ཁམས་སུ་འབྱོན་གདོང་ཆོས་ཉན་པ་སུམ་ཅུ་སྐོར་ལ་ཉང་ལུགས་དྲག་པོ་མེའི་སྤུ་གྲིའི་དབང་། རས་ཆུང་ལུགས་ཀྱི་རྟ་མགྲིན། རིགས་གསུམ་མགོན་པོ། སྨེ་བརྩེགས། རྗེ་བསོད་ནམས་རྒྱ་མཚོའི་ཚེ་དབང་ཉེ་བརྒྱུད་དང་ཐང་སྟོང་རྒྱལ་པོའི་འཆི་


GLG005_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དཔལ་སྟེར་སོགས་རྗེས་གནང་ཁ་ཤས་དང་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ་པོ་ཏི་དང་པོ། ལས་ཆེན་ཀུན་རྒྱལ་བའི་བཀའ་གདམས་ཆོས་འབྱུང་ཕྱེད་ལྷག་ཙམ་གྱི་ལུང་། སྤྲུལ་སྐུའི་ཕྱགས་ཕྱིར་ཞལ་སྔ་ནས་དཔོན་དར་བ། བྲག་སྣ་ཆོས་རྗེ། གྲུབ་ཆེན་བག་དྲོ། མཆོད་དཔོན་དབུ་མཛད་བཅས་པ་རྣམས་ལ་བེག་ཙེའི་རྗེས་གནང་དང་བེའུ་བུམ་གཟའ་གདོང་དམར་ནག་གམ་བཤན་པ་མིག་དམར་གྱི་དབང་ལུང་། གཤིན་རྗེ་ཁྲོ་ཆུའི་དབང་ལུང་། བསྟན་མ་བཅུ་གཉིས་ཀྱི་སྲོག་དབང་། དྲེགས་པ་ཉི་ཤུའི་ལུང་ཕྱག་འཁྲིད་ཀྱིས་མཚོན་པའི་འདོད་ཆོས་མང་དུ་བྱས། གཟུངས་གཞུགས་འབུལ་ཚུལ་གྱི་ཡིག་ཆ་ཞིག་དགོས་གསུངས་པའང་བརྩམས། ཆོས་རྗེ་བྲག་སྣ་བ་ཅན་ཆོས་ཞུ་གཞི་བ་རྣམས་ལ་བཀའ་གདམས་ཆོས་འབྱུང་གི་འཕྲོ་རྫོགས་པར་བྱས། ཆོས་རྗེ་དཔོན་དར་བ། གྲུབ་ཆེན་བག་དྲོ་ངག་དབང་ལྷུན་གྲུབ། བྱང་ངོས་ནས་སྐུ་གཞོན་པ། རྒྱ་ཡགས་དགེ་སློང་། མཆོད་དཔོན། དབུ་མཛད་རྣམས་ལ་ནཱ་རོ་མཁའ་སྤྱོད་ཀྱི་ཉམས་འཁྲིད་སློབ་བཤད་ལུགས་ཀྱི་སྙན་བརྒྱུད་ཚད་མ་བཞི་དང་ལྡན་པ་ཟླ་གཅིག་ལ་ཉེ་བར་ཕབ། གྲུབ་ཆེན་བག་དྲོ་ལ་མནལ་ལྟས་ཀྱང་ལེགས་པ་བྱུང་སྣང་། ཟླ་བ་བདུན་པའི་ནང་དུ་མེའི་སྤུ་གྲི་དང་བཤོར་སང་ཉི་མ་ཁྲོས་ཀྱི་སྒྲུབ་པ་བཙུགས་སྐབས་མཚམས་ཁང་ཐོག་ཏུ་བྱ་རོག་འཛིངས་ནས་ཁ་ཡར་བསད་པའི་འཚུབ་ལྟས་སྣ་ཚོགས་བྱུང་། སེ་ར་རབ་འབྱམས་པ་འཇམ་དབྱངས་གྲགས་པ་དང་གྲ་ཚང་གི་གྲ་པ་ཁ་ཤས་ལ་དྲུག་ཅུ་པའི་ཕྱག་ལེན་ཁྲིད། བྱེས་པ་སློབ་དཔོན་འཕྲིན་ལས་བསམ་གྲུབ་ཀྱིས་གསོལ་འདེབས་དགོས་ཚུལ་བྱུང་བ་བརྩམས་


GLG005_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས་པ་འཇམ་དབྱངས་གྲགས་པས་གཟུངས་གཞུགས་འབུལ་ཚུལ་ཞིབ་ཏུ་སྦྱངས་ནས་རྫིང་ཕྱིར་གཙང་གི་ཆོས་སྡེ་ཆེན་པོའི་དངུལ་གདུང་གསར་བསྒྲིགས་མཛད་སོང་བར་གཟུངས་འབུལ་ལ་བརྫངས། ཕ་བོང་ཁར་རྡོ་རྗེ་འཆང་དཔལ་འབྱོརལྷུན་གྲུབ་ཀྱི་འབུར་སྐུ་ཞིག་མི་སྣང་བས་སྤྲུལ་སྐུ་བ་རྣམས་ཀྱིས་སྔགས་སྐུ་དང་ལྷན་དུ་བཞེངས། བསྟན་པ་སྤྱི་དང་སྒྲུབ་སྡེ་འཕེལ་ཞིང་རྒྱས་པ། སེམས་ཅན་ལ་བདེ་སྐྱིད་འབྱུང་བའི་འདོད་གསོལ་དམིགས་ཕུག་སྟེ་དཔལ་ལྡན་བླ་མའི་དགོངས་པ་རྫོགས་པའི་སྨོན་ལམ་ཆོས་སྲུངས་ལ་གཉེར་གཏད་ཀྱི་ཕྱག་ལེན་གང་ཞིབ་ཀྱི་ལུས་ལག་དར་ནས་ཕུལ། དམ་ཚིག་པ་ལ་ཡེ་ཤེས་པ་བཅུག་ནས་བྱང་ཆུབ་ཤིང་གི་ནགས་ཁྲོད་དུ་ཟླ་བ་བརྒྱད་པར་སྤྱན་དྲངས། དཀར་ཆག་ཞིག་ཀྱང་བརྩམས། ཟུར་འཇམ་དབྱངས་བླ་མ་ལ་སྔགས་གསར་རྙིང་གི་ཟབ་ཆོས་མང་དུ་ཞུས། ཁྱད་པར་པུ་ཏྲའི་རྗེས་གནང་གི་དུས་སེར་ཆོལ་དང་དྲག་པོ་དབུ་དགུ་པའི་དབང་ལ་འཚུབ་ཆེ་བ་བྱུང་། སྔར་འབྲས་སྤུངས་སྤྱི་སོས་རྡོ་རྗེ་འཕྲེང་བའི་དབང་དགོས་གསུངས་བྱུང་བ་མཚན་ཉིད་ཀྱི་གྲ་སར་དབང་གི་བེད་ཀྱང་ཆུང་དེ་ལས་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་གསུང་རབ་ཀྱིས་མཚོན་པའི་རླུང་གི་རིགས་མཁོ་བ་འདྲ་གླེང་རུང་འཕྲེང་བ་དགོས་པའི་བསྐུལ་མ་ཡང་ཡང་བྱུང་བ་ནས། སྔར་དབང་ཇི་ལྟ་བ་ཞིག་མ་ཐོབ་པས་འཕྲེང་བ་དང་ཟུར་བཀའི་དབང་མང་ཙམ་གནང་དགོས་ཚུལ་གྱི་སྙན་གསན་འབུལ་བར་སྡེ་པས་སྨན་གྲོང་སྤེལ་བ་ཚེ་དབང་དར་རྒྱལ་ཡར་ཀླུངས་བཀྲ་ཤིས་རྩེར་རྫོང་བདའ་མཛད། ཟླ་བ་བཅུ་པའི་འགོར་རྡོ་རྗེ་འཆང་བཀའ་འགྱུར་བ་ཆེན་པོ་ཕེབས། རང་བྱོན་འཕགས་པ་འཇིག་རྟེན་དབང་
ཕྱུག་གི་གཙུག་ལག་ཁང་དུ་སྤྱི་བཀའ་དང་ཟུར་བཀའ་བསྡོམས་པའི་དབང་དྲུག་ཅུ་སྐོར་དང་གསུང་ངག་སློབ་བཤད་ཀྱི་ཉམས་འཁྲིད་ཤིན་ཏུ་རྒྱས་པ་བཅས་ཟླ་བ་གསུམ་གྱི་རྣམ་གཡེང་གཞན་གྱིས་བར་མ་ཆོད་པའི་སྨིན་རྒྱས་སུ་ཞུས། སྣང་གསུམ་སྐབས་སྲིད་པའི་བདེ་བ་ལ་སྐྱུག་ལོག་པའི་ཐར་པ་ཞིག་མ་བསྒྲུབས་ན་གང་གིས་ཀྱང་མི་ཕན་པ་འདུག་སྙམ་པས་ཟས་ཀྱི་དང་ཁའང་འགགས་པ་དང་རྒྱུད་གསུམ་གྱི་ཚེ་སྣང་བ་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུའི་བན་བུན་གྱིས་བདག་འཛིན་མངོན་གྱུར་བ་ནོན་པའི་རྒྱུན་དེ་ག་སྐྱོང་རྒྱུ་བྱུང་ན་ཆོས་པ་དགའ་མོ་ཞིག་ཡོང་ཚོད་དུ་སྣང་ཡང་རྗེས་སུ་དགུན་གྱི་ན་བུན་ལྟར་ཡལ་ནས་བྱ་ལམ་རྗེས་མེད་དུ་སོང་། པཎ་ཆེན་སྨོན་འགྲོ་བ་རིག་གནས་རྒྱ་མཚོའི་འཕྲེང་འཛིན་དེ་གཙུག་ལག་བྱེ་བའི་ཡོན་ཏན་གྱི་ཕུང་པོ་དང་བཅས་རྡོ་རྗེ་བཙུན་མོའི་ཞིང་དུ་གཤེགས་པར་སྲས་ཀྱིས་བསྔོ་རྟེན་གནས་ཚུལ་ཞིབ་ཆ་སྐྱེལ་མི་མངགས་པར་སྐབས་དང་སྦྱར་བའི་འཕྲིན་ལན་བདོག་པའི་སྐྱེས་བསྲིངས། གསུང་ཆོས་སྟབས་རྡོ་རྗེ་སློབ་དཔོན་དུ་འགྲོ་མ་ཐུབ་པས་གྲ་ཚང་གིས་དུས་རིམ་འབྲས་སྤུངས་སུ་བཏང་།


previousདགུང་ལོ་སོ་གསུམ་པར་རྒྱ་ནག་ཏུ་ཕེབས་རྒྱུའི་ཞལ་བཞེས་གནང་བ་དང་། ལྷོ་བྲག་དགའ་ལྡན་དོན་གཉིས་གླིང་བཏབ་པ་བཅས་ཀྱི་སྐོར། next