Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགུང་ལོ་ཞེ་གཉིས་པར་སྡེ་སྲིད་བསོད་ནམས་རབ་བརྟན་གཤེགས་པ་དང་། བསྟན་འཛིན་ད་ལའི་ཧན་རྒྱལ་པོའི་ཁྲི་ལ་འཁོད་པ་བཅས་ཀྱི་སྐོར།
   
   
   
   
   
   
   


 
previousདགུང་ལོ་ཞེ་གཉིས་པར་སྡེ་སྲིད་བསོད་ནམས་རབ་བརྟན་གཤེགས་པ་དང་། བསྟན་འཛིན་ད་ལའི་ཧན་རྒྱལ་པོའི་ཁྲི་ལ་འཁོད་པ་བཅས་ཀྱི་སྐོར།next

དགུང་ལོ་ཞེ་གཉིས་པར་སྡེ་སྲིད་བསོད་ནམས་རབ་བརྟན་གཤེགས་པ་དང་། བསྟན་འཛིན་ད་ལའི་ཧན་རྒྱལ་པོའི་ཁྲི་ལ་འཁོད་པ་བཅས་ཀྱི་སྐོར།


GLG005_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཁྱི་ལོ་གསར་གྱི་འདོད་ཁམས་དབང་ཕྱུག་མའི་མཆོད་གཏོར་རྒྱས་པ་དང་འདི་ལོ་ནས་བཟུང་འཕྲིན་ལས་བཅོལ་བའི་ཚིགས་བཅད་བྲིས་པའི་སྙན་ཤལ་སྟར་ཆགས་སུ་ཕུལ། ལོ་གསར་བཞུགས་གྲལ་འབྲས་སྤུངས་འདུ་ཁང་དུ་མཛད་པའི་སོག་བོད་སྐྱ་སེར་གྱིས་བར་མཚམས་མེད་པ་ལྟ་བུར་ཁྱབ། འདི་ནས་ལོ་དྲུག་ཙམ་གྱི་ལི་ཐོ་མཁས་དབང་ལྡུམ་པོ་བ་དང་ཕུ་གུ་ལུང་པ་ཅན་གྱིས་བཟོས་གྲུབ་ནས་སྔ་སོར་མཁས་པ་མང་པོར་གཏུགས་པའི་རྩིས་སྐོར་ལ་མཐའ་གང་ཆོད་བྱས་པ་ཡིན་རུང་གཟའ་ལྔའི་མགྱོགས་རྩིས་ཆེན་མོ་སོགས་ཕུག་ལུགས་ཀྱི་མན་ངག་ཁ་ཤས་བློར་མ་ཆུད་པ་རྣམས་དཔལ་མགོན་འཕྲིན་ལས་ཀྱི་རྗེ་དཔལ་སེང་བར་གནང་། དེའི་རྒྱུན་བླ་མཁྱེན་བཀྲ་ཤིས་མཚན་ཅན་ནས་རྩིས་རིག་སྨྲ་བའི་གཙུག་རྒྱན་མཁས་མཆོག་དོན་གྲུབ་དབང་རྒྱལ་ལ་བཞུགས་འདུག་པ་ཞིབ་ཏུ་ཉན། གོང་གི་གསེར་ཡིག་པ་ཤེས་རབ་བླ་མ། བསམ་གཏན་དགེ་སློང་། བའི་རི་བདུན་གྱིས་གཙོས་པ་ཞར་བྱུང་དུ་འོངས་པའི་འགྲུལ་པ་མང་བ་དང་བཅས་འབྱོར་བའི་མི་སྣ་རྣམས་ཀྱིས་འདུ་ཁང་དུ་བཞུགས་གྲལ་ཐོག་གོང་མའི་བཀའ་ཤོག་གནང་སྦྱིན་སོགས་སྤྲད། སོག་པོའི་དཔོན་ཁག་གི་ཁྲོད་དུ་ཁུན་འདུ་ལེན་གྱི་བུ་ཁོང་ལོང་དུ་མ་ཟད་བཙས་པའི་དུས་ནས་རྣ་བས་མི་ཐོས་ཤིང་སྨྲ་མི་ཤེས་པའི་ལྟས་ངན་གྱི་རིགས་ཤིག་འདུག་ཅིང་བཞུགས་གྲལ་གྱི་དུས་ཁ་བའང་རྡོག་རྗེས་ལེན་ཙམ་བབས་པའི་བཀྲ་རྟགས་ལོད་ངེས་ཤིག་བྱུང་། ཚེས་ལྔ་ལ་ལྷ་སར་ཕྱིན། རྒྱལ་ས་བསྐོ་བའི་རྟེན་འབྲེལ་ནས་


GLG005_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྒྱས་ཤིག་དགོས་མདོག་ཁ་རུང་འདི་རེས་རོལ་ཆ་སྐྱ་དར་ཚང་མ་བཞག་པའི་བསྡུས་པ་ཞིག་མཛད་སོང་། ཆ་གན་ནོ་མོན་ཁན། དཔལ་འཁོར་ཆོས་སྡེའི་མཁན་པོ། སེ་ཆེན་དཔོན་པོ་ཅན་ལུགས་དེ་ལ་མཁས་པ་མང་པོ་དང་སྡེ་པ་བཀའ་བགྲོས་པའི་རྡོ་རྗེ་ལ་འཕྲེད་ལམ་ཡོད་པའི་སྙན་པ་དང་བཅས་འཆར་སྟོན་བྱུང་བ་བཞིན་ཚེས་དྲུག་གི་ཁྲི་འདོན་སྐབས་བསྟན་འཛིན་རྡོ་རྗེ་རྒྱལ་པོའི་ཆོ་ལོ་ཕུལ། ཤལ་དཀར་དམར། ཇ་གོས་དར་སྣམ་བུ་ཕུང་པོར་སྤུངས་པའི་སྟེར་ཆ་གཏོས་ཆེ་བ། སེར་འབྲས་བཀྲ་ཤིས་ལྷུན་པོས་ཐོག་དྲངས་པའི་རང་ཕྱོགས་འགངས་ཆེ་རིགས་རགས་བསྡུས་ཀྱིས་ལེགས་སྐྱེས་བསྟར། སང་ནས་བཟུང་ཉིན་གསུམ་གྱི་བར་གདན་ས་གོང་འོག །སྣེའུ་སྡོང་རྩེ། འབྲི་སྟག་སོགས་བླ་ཆེན་རྣམས་ཀྱི་སྐུ་ཚབ། སྤྲུལ་སྐུ་གདུང་བརྒྱུད་མཁན་སློབ་བླ་མ་ཆེ་ཕྲའི་རིགས། ཆོས་སྡེ་ཁག །སྣ་དཀར་རྩེ་བ། ལྷ་བྱ། སྐྱིད་ཤོད་ཡས་མས་ཀྱིས་མཚོན་པའི་སྡེ་དཔོན། དྲུང་འཁོར་དང་བཅས་པའི་འབུལ་བ་དུས་གཅིག་ཏུ་བྱུང་བར་ཆེ་ཞེས་གླེང་། འོན་ཀྱང་ཐོག་མར་རྒྱལ་པོ་གཅིག་པུར་ཕུལ་ཆོག་ཁུལ་ལ་ལ་ཁར་དཔོན་པ་དྲག་རིམ་ཐམས་ཅད་ལ་ནད་ལངས་པ་ལྟ་བུས་རྒྱལ་པོར་འཁོད་པ་དང་མ་འཁོད་པ་ཚང་མར་བགོ་བཤའ་བརྒྱབ་པའི་འབུལ་དགོས་ཤར་བར་བརྟེན་ཟར་ཟིར་གྱི་བར་ནས་སྤྲ་ལག་ཅན་འདྲས་འབྲོང་གསོབ་ཀྱི་མུན་པ་ནག་སར་ཚན་གྲངས་སྟེང་ནས་དབྲི་བ་སོགས་སྣ་ཚོགས་བྱུང་སྐད། ཁྲི་འདོན་གྱི་ལེགས་འབུལ་བ་མང་བའི་ཕྲད་མི་ཉིན་ཁ་ཡར་གྱི་བར་རྒྱུན་མི་ཆད་པ་ལྟ་བུས་གཡེངས། མཚུར་ཕུ་ནས་རྒྱལ་ཚབ་དྲུང་པ་གྲགས་པ་མཆོག་དབྱངས་དང་སྣ་དཀར་རྩེའི་ཞང་པོ་བགྲེས་པ་ཞབས་


GLG005_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་ཀུན་དགའ་དབང་ཆེན་ཕུན་ཚོགས་གློ་བུར་དུ་གཤེགས་པའི་བསྔོ་རྟེན་བྱུང་བར་དགོངས་པ་རྫོགས་པའི་བསྔོ་སྨོན་ཡང་དག་བྱས། ཕར་མཉེལ་ཆ་ཡང་རྗེས་འཇུག་རྣམས་ཚེམས་འཕྲེང་གི་ཟེའུ་འབྲུ་རྒོད་པའི་རྒྱས་པ་བསྟར་སོང་། གདན་ས་གོང་གི་ཞབས་དྲུང་ཁྲི་རིན་པོ་ཆེ་བསམ་ཡས་ཆོས་རྒྱལ་དཔོན་བློན་གྱི་སྡིག་ཁྲབ་སྒྲོག་པར་ཆེད་གཉེར་གདན་དྲངས་པའི་ཞོར་ལམ་ལྷ་སར་ཕེབས་ཉིན་མང་པོའི་བར་ངོས་མཇལ་གྱིས་གསུང་གླེང་ཞིབ་པར་བྱུང་། བསམ་ཡས་ནས་གནོད་སྦྱིན་ཆེན་པོས་བཀའ་ཤོག་གནང་བའི་ས་སྐྱ་དགེ་བཤེས་དང་འབྲས་སྤུངས་དགེ་བཤེས་གཉིས་ལུང་ལེན་རེས་གྱིས་གསུང་བ་ལྟར་ཚུར་ཁྲོ་ཕུ་བརྒྱ་རྩ་ཞིག་ཀྱང་དགོས་ཕེབས་བྱུང་ཞིང་ཕར་རྣམ་སྲས་ཀྱི་བེའུ་བུམ་སོགས་ཞུ་འདོད་རུང་སྡེ་པས་ཁོང་དཔོན་སློབ་ལ་དགོན་པ་དང་ས་རིགས་ཀྱི་ཞུ་དོན་རྣམ་གྲངས་མང་བའི་བྱེད་བསྟད་ཀྱི་རྒྱུར་འགྲོ་བས་མི་འགབ་གསུང་བར་བརྟེན་ཞུ་མ་བདེ། ཁྲོ་ཕུ་བརྒྱ་རྩ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་གསན་ཡིག་གི་དབང་དུ་བྱས་ན་དུམ་བུ་བཞིའི་གཅིག་གི་ཚོད་ཙམ་ཞིག་ཐོབ་པའི་ལུང་ཕུལ། བརྒྱུད་པ་རྩད་གཅོད་མཛད་པར་མེད་ཚུལ་ཞུས་པས་དེ་འདྲའི་ཆོས་ཞེས་ཐུགས་ཁྲེལ་ཉམས་གནང་བར་ངོ་གནོང་བ་བྱུང་བས་ཕེབས་ལན་འབུལ་ཚོད་ཀྱང་མ་ཟིན། རྩེ་གདོང་ཞབས་དྲུང་ཁྲི་ཆེན་ཕེབས་པ་དང་མཇལ། གསུང་གླེང་ནི་གཞི་ནས་མི་སྨར་བ་ཞིག་འདུག །སྒམ་པོ་སྤྲུལ་སྐུ་དང་གདུང་བརྒྱུད། སྣ་དཀར་རྩེ་སྐུ་མཆེད། སོག་པོའི་རྒྱལ་པོ་དང་དཔོན་ཆེ་ཆུང་། རྒྱ་ནག་གི་མི་སྣ་སོགས་གསར་འགྲུལ་རྣམས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། སྡེ་པ་


GLG005_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྒྱ་རི་བར་ཚེ་དབང་བརྒྱ་རྩ་དང་གཟིམས་ཤག་པར་ལོ་གྲངས་མཇུག་ཏུ་ཚེ་རྟ་ཟུང་འབྲེལ་དང་བཅས་པ། སྡེ་པ་བྱང་པར་ཚེ་དཔག་མེད་ལྕགས་སྡོང་མ་དང་བྱང་ཆུབ་གླིང་པའི་གཏེར་མའི་ཕྱག་རྡོར་གྱི་དབང་། སྡེ་པ་ལྕང་ར་བར་དབྱངས་ཅན་མ་དཀར་མོ་དང་ལས་གཤིན་ཕྱི་སྒྲུབ་ཀྱི་རྗེས་གནང་། ཟུག་པོ་ནས་དང་གླང་བུ་ནས་ལ་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་བྱིན་རླབས་རྣམས་བྱས། གནས་རྙིང་ཞབས་དྲུང་སྐུ་འབྲིང་པར་རྟ་མགྲིན་ཡང་གསང་ཁྲོས་པའི་ལས་བྱང་གི་ལུང་ཕུལ། རྡོ་རྗེ་བྲག་སྤྲུལ་པའི་སྐུས་སླར་འགོལ་མཚམས་ཤིག་ལ་ཆོས་བཀའ་མང་ཙམ་དགོས་གསུང་བ་ལྟར་ཁས་ལེན་ཞུས། བསྟན་འཛིན་རྡོ་རྗེ་རྒྱལ་པོའི་ཞལ་འདོན་དུ་བཞེད་པ་བཞི་སྐྱབས་ཡུལ་མང་པོ་ཁྱོན་གཅིག་པར་གསོལ་བ་འདེབས་པའི་ཚིགས་བཅད་དང་དེ་མོ་དབོན་པོ་སྤུན་གྱིས་བསྐུལ་བའི་སྤྲུལ་སྐུའི་བརྟན་བཞུགས་བྲིས། དེ་མོ་སྤྲུལ་སྐུས་སྤོ་བོ་བདུད་འདུལ་རྡོ་རྗེའི་གཏེར་ཆོས་སྤྲུལ་སྐུ་སྙིང་ཏིག་དབོན་པོར་བསྐུར་ནས་ཁུངས་བཙུན་མི་བཙུན་དྲི་བར་ཆོས་སྐོར་རྣམས་ཀྱང་ཧ་ཅང་གི་ཡ་མཚན་རྒྱུ་མི་འདུག །ལུང་བསྟན་འོད་དྲར། ཡང་གསང་རྩ་བའི་ཆོས་བདག་འདི་ལྟར་འབྱུང་ཿ མཆོག་དབྱངས་རྣམ་སྤྲུལ་གངས་ཅན་མཚོཿ འཛམ་གླིང་ལྷ་མི་ཀུན་གྱི་རྒྱན་གྱུར་པཿ དམ་ཉམས་མཐིལ་ཕྱིན་སྡེ་དགུས་རྐྱེན་བྱས་ནསཿ མིང་སྙན་ཀརྨའི་མཚན་ཅན་རྒྱལ་ཁམས་མྱུལ༔ གངས་ཅན་མགོན་པོ་དེ་ལ་གཏད་རྒྱ་གྱིས༔ ཞེས་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་དང་དེ་མཚུངས་ས་སྐྱ་བདག་ཆེན་མཐུ་སྟོབས་དབང་ཕྱུག །འབྲུག་པ་གདུང་བརྒྱུད་ངག་དབང་རྣམ་རྒྱལ་གསུམ་ལ་བསྔགས་བརྗོད་ཤིན་ཏུ་ཆེ་ཞིང་རྗེ་


GLG005_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་ཙོང་ཁ་པར། ཐུབ་དབང་སྤྱན་སྔར་སྨོན་ལམ་ལོག་པ་ཡི༔ ལེགས་སྐར་སྐྱེ་བ་བོད་ཡུལ་འདིར་བླངས་ནས༔ དམ་སྲི་བདུད་ཀྱི་སྤྲུལ་པ་ཡིས༔ བྱང་སེམས་ཚུལ་བཟུང་སྐྱེ་འགྲོ་བདེ་མི་སྟེརཿ ཞེས་ལུང་བསྟན་ངན་པ་ཟུར་ཙམ་སྨོས་ནས་འདིར་ཐེམས་ཡོད་པ་སྐད་དུ་དགེ་ལུགས་ལ་ངན་པའི་ཕྱོགས་འདུག་རུང་ཐེ་ཚོམ་གྱི་གཞི་ལས་ཁ་མཚོན་མ་ཆོད། རྗེས་སུ་ཚེ་ཡང་ཕུར་གསུམ་གྱི་པོ་ཏི་ཞིག་ངེད་ལ་བསྐུར་ནས་ཆོས་བདག་ཡིན་ཟེར། ལུང་བསྟན་བསྟན་པ་གསལ་བྱེད་དུ། འབྲས་སྤུངས་མཐིལ་ནས་བཟང་པོ་ཚུལ་ཁྲིམས་རྒྱ་མཚོ་དང་༔ སེ་རར་དཔལ་དང་བཟང་པོའི་མཚན་ཅན་བྱང་སེམས་འབྱུང་༔ ཞེས་སོགས་དགེ་ལུགས་ལ་བསྔགས་བརྗོད། བཀའ་བརྒྱུད་པའི་སྡུག་ཞོར་ལ་ལྷོ་བྲག་མར་པ་ལའང་སྨད། ཁྱད་པར་འབྲུག་པ་གདུང་བརྒྱུད་ལ་བསྟན་པ་གསལ་བྱེད་དུ། རི་མཐིལ་ཕྱོགས་ནས་བྱང་སེམས་ཚུལ་བཟུང་ངག་མིང་གིས༔ ལྷོ་མོན་སྐྱེ་འགྲོ་སྡུག་གི་གཉའ་ནོན་བྱེད་པ་འབྱུང་༔ པདྨ་བདག་གི་སྒྲུབ་གནས་རྣམས་ཀྱི་དམ་ཉམས་བྱེད༔ ལྷོ་མོན་ཡུལ་དགོན་གཏན་བརླག་བོད་ཡུལ་འདི་རུ་འཚེ༔ མཐར་ནི་གནས་སྲུང་ཁྲོས་པས་སྲོག་དབུགས་སྡུད་པར་བྱེད༔ ཕུང་ཐབས་ནང་འབྱེད་དེ་ཡི་རིགས་ཆོས་གཏན་བརླག་འགྲོ༔ ཞེས་དང་། ཀརྨའི་མིང་ཅན་སྟོད་ཧོར་ཉི་གྲགས་དང་༔ མཆོད་ཡོན་བསྒྲིགས་ནས་མཐའ་ཡི་དམག་སྣ་འདྲེན༔ ཞེས་ཀརྨ་པ་དང་བཀའ་བརྒྱུད་སྤྱི་ལ་སྒོས་ལུང་ཀུན་ཁྱབ་གསེར་གདུགས་ལས། བཀའ་བརྒྱུད་མིང་བཏགས་བདུད་སྤྲུལ་ཁྱུ་གཅིག་འབྱུང་༔ ལ་ལ་བླ་མ་ཆོས་རྗེར་མིང་དུ་འབོད༔ ལ་ལ་རྣལ་


GLG005_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་གྲུབ་ཆེན་མིང་དུ་འབོད༔ ལ་ལ་འཁྲུལ་ཞིག་སྒོམ་ཆེན་རྟོགས་ལྡན་ཟེར༔ ལོག་ཆོས་སྟོན་ཅིང་ཕྱོགས་དབུས་ཀུན་ཏུ་མྱུལ༔ པད་འབྱུང་བདག་གི་སྒྲུབ་གནས་ཐམས་ཅད་དུ༔ དམ་ཉམས་བྱེད་ཅིང་བྱི་ཕྲུག་ཉལ་ཐག་གཅོད༔ ཕྱག་ཆེན་མིང་བཏགས་འགྲོ་རྣམས་ལོག་ལམ་བཀོད༔ བླུན་སྒོམ་སྐལ་མེད་བདེ་འགྲོའི་སྒྲ་མི་ཐོས༔ ཞེས་བཀའ་བརྒྱུད་པ་སྤྱིའི་ལུང་བསྟན་འདི་ཚོས་སྤྲུལ་སྐུ་སྙིང་ཏིག་དང་རྒྱབ་འགལ་དུ་སོང་འདུག་པས་ཟོག་པོ་གཏེར་རྫུས་མཁན་དུ་ངེས་ཤེས་གཏིང་ནས་འདྲོངས་ཏེ་སླར་ཡང་སྤྲུལ་པའི་སྐུར་རྒྱུ་མཚན་མོལ། བདེ་ཆེན་ཆོས་འཁོར་བས་ལུང་ལས་ཀ་དང་ཐམ་ཁ་དམར་པོ་གཞན་གྱིས་མ་ཤེས་པར་དགོངས་དཔྱད་ཡིན་ཁུལ་གྱིས་དགོས་ཞེས་སེ་ཆེན་དབོན་པོ་བརྒྱུད་སྡེ་པར་ཞུས་པ་ལྟར་སི་གྲུ་གུ་ཤྲིའི་མཚན་དང་ལུང་ལས་འཇའ་ས་སྤྲད། སྨོན་ལམ་ཆེན་མོའི་ཆོས་རར་བསྟན་འཛིན་རྡོ་རྗེ་རྒྱལ་པོ། ད་ལའི་ཨོ་པ་ཤི། དུར་བོད་ཐོ་ཡོན། མཁའ་འགྲོ་ཐོ་ཡོན་གོང་གི་གསེར་ཡིག་པ། དཔལ་འཁོར་ཆོས་སྡེའི་མཁན་པོ། དཀའ་བཅུ་དར་རྒྱས་སོགས་ཀྱིས་ཉི་མ་རིམ་པ་བཞིན་བརྒྱ་འབུལ་བཏེག །བསྙེན་རྫོགས་དྲུག་ཅུ་དང་དགེ་ཚུལ་བརྒྱད་ཙུ་ཙམ་བསྒྲུབས། གནམ་གང་ལ་ཆོས་སྡེ་ཆེན་པོ་འབྲས་སྤུངས་སུ་སླེབས། བཀྲས་སྒང་ཚེ་རིང་གིས་ལྷོ་དམག་སྐབས་ཆོས་རྗེ་ནམ་མཁའ་རིན་ཆེན་ཚུར་ངོ་ལོག་རྒྱུའི་ཡི་གེ་སྡེ་པ་ནོར་བུས་སྙིང་གཏམ་ཁོ་ལ་བཤད་པ་བླ་མ་ལ་སྔོན་པར་བསྐྱལ་བས་ནམ་མཁའ་རིན་ཆེན་གྱི་མི་རྩ་རྩ་ལག་ཏུ་གཏོགས་པ་ཉི་ཤུ་སྐོར་བསད་པ་སོགས་ཚུལ་ལྡན་མ་བྱས་ཚུལ་ཞུ་མི་བྱུང་བར་བརྟེན་ཁྲི་འདོན་པ་དམངས་མ་ལོག་


GLG005_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཕྱག་གཡོག་འདྲའི་ཁྱད་ཀྱིས་སྐོར་ཅིག་སྡོད་གསུང་བསྐྱིལ་སོང་བ་འགྱངས་མེད་ལ་ཆུ་སྦྱང་མཛད་པར་ཐག་ཆོད་འདུག་པར་ངེད་རང་གིས་གསང་བའི་བྱེད་བབས་ཅི་འདྲ་ཡོད་རུང་ཕྱི་འཆར་དུ་སྒྱོགས་རར་ཉིན་སྟར་གྱིས་ཇ་མགྲོན་གཏོང་བའི་ཐབ་སྐྱོངས་དང་གང་ཅིར་ཁུར་བསམ་གྱི་གྲགས་པ་ཆེ་ཞིང་མེ་མདས་རྨོག་བཅག་ནས་མཚོག་སྒང་གིས་པགས་པ་ཞུས་པར་བརྟེན་སྐྲ་ལོའང་བཞར་དགོས་པ་བྱུང་འདུག་གཤིས་ཐལ་སོང་དེ་རིགས་མེད་པ་དགོས་ཚུལ་ཞུས་པར་གསན་ཏེ་སྐྱར་པོ་མགོན་པོ་རབ་བརྟན་དང་ལྷན་དུ་གྲོ་མོ་ཕྱོགས་ཀྱི་ཁ་མཆུ་ལབ་པར་རྫོང་བདའ་མཛད་སོང་།ཟླ་བ་གཉིས་པའི་ཚེས་གཅིག་ལ་སྤྱི་ཁང་དུ་ཇ་མགྲོན་ལ་ཕྱིན། སང་ནས་བཟུང་ཟླ་འཕྲོས་བར་ཕྱི་མཚམས་ངོས་སྔ་དགོངས་དགེ་སྦྱོར་དང་ཉིན་མོ་དཔེ་ལྟ་འདྲ་བྱས། མཁན་ཆེན་ལོ་ཙཱ་བས་གཙོས་ངམ་རིང་ཁུལ་གྱི་སྐྱ་སེར་རྣམས་ཁྲི་འབུལ་མ་ཟིན་པར་རྗེས་སུ་འབྱོར་པ་མཚམས་ཁོག་ཏུ་ལོ་ཆེན་དང་མཇལ། སྡེ་པ་སྐུ་ན་བགྲེས་འདུག་ཅེས་ཐུགས་ཁྲལ་ཆེར་མཛད་ཅིང་བརྟན་བཞུགས་སྨོན་ལམ་ཞིག་དགོས་ཚུལ་གསུང་། ཡར་བྱོན་བསྟུན་དཔོན་སློབ་པཎ་ཆེན་རིན་པོ་ཆེར་བསྐུལ་ནས་བརྟན་བཞུགས་ཚིགས་བཅད་མ་དབུས་སུ་བསྐུར་བྱུང་། བསམ་ཡས་གནོད་སྦྱིན་ཆེན་པོས་སྐུ་རིམ་བསྐུལ་མ་དང་སྤྱན་གཟིགས་དགོས་ཚུལ་ལྟར་གསུང་ལན་དང་བཅས་ཕུལ། བདེ་ཆེན་ཆོས་འཁོར་བར་ལུང་ལས་བྱུང་བར་ཐམ་ཕུད་དུ་བསྙད་པའི་ཡི་གེ་ཚིགས་བཅད་མ་བསྐུར་འདུག་པའི་ལན་སྙན་ངག་ནས་དྲངས་པར་ཡང་ལན་གྱི་ལན་དང་བཅས་བསྲིངས། ཐུགས་འདྲིས་ཡོད་པ་ཚང་མར་ངེད་བྱ་


GLG005_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བར་ཤེས་འདོད་མེད་ཀྱང་གཞུང་ནས་འདི་བཞིན་གནང་བྱུང་ཞེས་ཐམ་དམར་བརྒྱབ་སྟེ་བསྐུར་སྐད། གྲ་ཚང་དུ་ཨྱཱཻ་རིང་བྱེ་བ་གཅིག་དང་མཇུག་ཏུ་བེག་ཙེའི་བཀང་བཤགས་ཁྲི་ཚོ་ལྔ་ལྷག་ཙམ་བཙུགས་ཤིང་སྙན་དར་ཞལ་ཡིག་ཅན་ཕུལ། དེ་སྐབས་རིག་པའི་ལྷ་མོའི་གཏོར་མ་དེ་ཞིག་པར་སྡེ་དཔོན་ཡིན་ན་དཔོན་སའི་རིགས་ལ་བལྟའང་འདིར་དེ་རིགས་ཡོང་དོན་མེད་གཤིས་སྡེ་པར་བལྟ་བ་འདྲ་སྙམ་པའི་རྣམ་རྟོག་དང་སང་གུང་ཚིགས་ཀྱི་དུས་དྲན་པས་རྐྱེན་བླངས། ད་ལྟ་སྡེ་པར་སྙུན་གཞི་མི་འདུག་རུང་གློ་བུར་བ་བཞིན་བྱུང་ན་གསང་སྟབས་དང་དགོངས་རྫོགས་གཏོང་ལུགས་སོགས་འདི་བཞིན་དགོས་སྙམ་པ་ལོ་ཕྱེད་གཉིས་ཚུན་གྱི་བྱ་བྱེད་མཐའ་དག་བཀྲ་ལམ་ལམ་ཤར་བར་མཇུག་ཏུ་རང་གིས་རང་ལ་སྤྲ་ཆལ་སྙམ་པ་བྱུང་རུང་སེམས་རྒྱུད་འདྲེས་བསྒུལ་བ་ལྟ་བུར་འདུག །ཧོར་ཟླ་གསུམ་པའི་ཚེས་གཉིས་ནས་ཉིན་གསུམ་གྱི་བར་རྣམ་རྒྱལ་སྟོང་མཆོད་བཙུགས། ཚེས་གཅིག་གི་སྲོད་འཁོར་ལ་ཉ་ཤུར་སྐྱ་རིལ་གྱིས་ཇའི་སང་སྡེ་པ་བརྒྱུད་དེ་སྡེ་པ་བསྙུང་ལུགས་འདི་བཞིན་བྱུང་ཟེར་བ་ཟ་ཡིག་དང་བྱིན་རླབས་རྟེན་སོགས་བསྐུར། ནམ་འོག་ལ་ཡོང་རྩིས་ཀྱིས་རྟ་བསུ་བ་ཐོང་བྱས་ཀྱང་ནམ་སངས་ལས་མ་འབྱོར། ཚེས་གཉིས་ཀྱི་ཞོགས་ལྷ་སར་ཕྱིན་སྐུ་གྲིབ་ཀྱི་སྙུན་གཞི་བབས་ཤིན་ཏུ་ལྕི་བ་འདུག་པས་བཅོས་ཀ་འགྲོ་མདོག་མ་ཁའང་ཟ་ཡིག །དུག་དབྱུང་། སྨན་བཅོས་ཐབས་སྣ་ཚོགས་བྱས་རུང་ཚེས་གསུམ་གྱི་ཉིན་ཕྱེད་ལ་ཞལ་མ་བཞུགས་པའི་འཕོ་བ་བཏབ་ཀྱང་མི་མང་བའི་སྒྲ་དང་བཅས་དེ་ཙམ་གྱི་གནད་དུ་འགྲོ་མདོག་ཁ་བ་ཞིག་མ་བྱུང་། ནང་སྐོར་


GLG005_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམས་འཕྲལ་དུ་བོས་ཏེ་གསང་སྒོ་མ་བརྟོལ་བར་ཕྱིར་མཆེད་མི་ཡོང་བའི་རྩི་ཁ་བླངས། སྟག་རུ་བ་ནོར་བུ་གསང་ཁོག་ཏུ་བཅུག །འདི་ནས་བཟུང་མ་འདས་པར་སྒྲོམས་རའི་བྱེད་བབས་དང་དགོས་དོན་གྱི་སྙིང་པོ་ལབས་ངོས་ཡིག་ཐོག་ཏུ་བསྐྱལ་བའི་གང་སྤྱིའི་ཞིབ་ཆ་གྲ་སྒྲིག་གི་དོ་དམ་བྱེད་བཅུག་པ་ལག་གཡོག་ཏུ་འགྱུར་བ་བྱུང་། གཞིས་རྩེར་སྡེ་པ་ནོར་བུ་ལ་གནས་གཤིས་འདི་བཞིན་དང་བཅས་ཟླ་ཤས་གསང་རྒྱུ་ཡིན་ཚུལ་གྱི་བང་ཆེན་བཏང་། རྒྱལ་པོ་སྐུ་མཆེད་རྣམས་ལ་ནང་བཅར་གྱི་འཕྲོས་པ་མོལ། ཚེས་ལྔ་ལ་འབྲས་སྤུངས་སུ་ཕྱིན། གྲོང་སྨད་ནས་སྡེ་པའི་སྐུ་ཁམས་བསྐོར་བའི་སྙད་པའི་དྲུང་པ། སྟག་རུ་བ་ཅན་ལ་བཀོད་པ་བྱེད་དགོས་རྣམས་སྐྱེལ་བ་དང་ཚུར་གྱི་འཆར་སྟོན། ཞུ་དོན་པའི་རིགས་ཀྱི་རྒྱུ་མཚན་ཁ་ཐག་རིང་པོ་རྣམས་ཉན་པ་ལ་འཕྲལ་འཕྲལ་བཏང་། ཉིན་གསུམ་གྱི་བར་མངོན་ཆུང་གིས་བྱང་བཞུ་བསྟུད་ནས་བྱས་པར་ལྟས་ལེགས་ཙམ་ཞིག་བྱུང་བ་རྗེས་སུ་ཚངས་པ་དུང་ཐོད་ཅན་གྱིས་བལ་ཡུལ་དང་ཉེ་བར་འཁྲུངས་ཚུལ་གསུངས་པ་དང་མཐུན་པར་སྣང་། སྐུ་རིམ་ལ་བསྙད་དེ་ཁྱམས་རར་སེར་འབྲས་ཀྱི་དགེ་འདུན་སུམ་བརྒྱ་ལྷག་བསྡུས་པའི་ཟླ་གཅིག་བར་བཀའ་འགྱུར་སྒྲོགས། དབུས་གཙང་གི་རྫོང་གཞིས་ཆེ་ཁ་ཚོར་ཡང་བཀའ་འགྱུར་བཙུགས། ཆོས་སྡེ་ཆེ་ཕྲ་ཀུན་ལ་མང་འགྱེད་དང་མི་སེར་ལ་འབྲུ་འགྱེད་གྱ་ནོམ་པ་བཏང་། རྒྱལ་བའི་གསུང་རབ་བཀླགས་པ་ལས་ལྷག་པའི་དགོངས་རྫོགས་མི་འདུག་ཀྱང་སྡེ་པ་སྲས་པོས་དགོངས་རྫོགས་འགྱངས་པ་ཡིན་ཞེས་གསང་སྒོ་བརྟོལ་བར་ཉེ་བའི་རྣམ་


GLG005_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་དཀྱིལ་འཁོར་འཇིག་པའི་སྟ་གོན་གྱི་དབུ་ཚུགས། འབྲས་སྤུངས་སུ་སླེབས་འཕྲལ་རྐང་པའི་ནད་རོ་འཕར་བས་བརྒྱད་གཏོར་ལ་འགྲོ་མ་ཐུབ། དཔོན་ཚང་བྱང་ངོས་པས་སྨན་ཕོགས་དང་སྔགས་ཀྱི་སྒོ་ནས་དྲེག་འཆོས་པའི་མན་ངག་བྱས་པས་བདེ་བསྐྱེད་ཆེ་ཞིང་འཇུག་ཏུ་རོང་ནས་ཆུ་ཚན་བླངས། ནད་གཡོག་རྐང་མ་གྲོང་སྨད་ནས་དང་མ་ལྕོགས་པའི་རོགས་རམ་དབུ་མཛད་བློ་བཟང་ཡོན་ཏན་གྱིས་བྱས། འདི་ལོ་ཆོས་སྐྱོང་གི་འཁུ་ལྡོག་ཆེ་ཉམས་འདུག་པས་མཆོད་དཔོན་པ་ཆོས་འཁོར་རྒྱལ་དུ་གཏོར་གསོ་ལ་རྫོང་བདའ་བྱས། སྲུང་མ་སོ་སོར་འཕྲིན་བཅོལ་གྱི་ཚིགས་བཅད་སྙན་དར་ལ་བྲིས་པ་སོགས་སྤྱན་གཟིགས་བཟབས་རྒྱས་ཕུལ། དབུས་གཙང་། དྭགས་ཀོང་ལྷོ་རྒྱུད། ཡར་འབྲོག །ལ་སྟོད་ལྷོ་བྱང་། མངའ་རིས་རྫོང་དཀར། སྐྱིད་གྲོང་རྣམས་ཀྱི་གྲུབ་མཐའ་རིས་མེད་པའི་དགོན་ཁག་རགས་རིམ་ལ་མང་ཇ་སྦྱོར་སྦྲེལ་གྱི་ཐོག་ཕྱག་གཏོད་ཀྱི་འགྱེད་བཏང་། འདི་ནས་བཟུང་ལོ་ལོ་བཞིན་དཔྱིད་ཀ་དང་སྟོན་མཇུག་ཚོགས་གསོག་ཆག་མེད་དུ་བྱེད་པའི་འགོ་བཙུགས། ཡུལ་གྲུ་གོང་གསལ་གྱི་འབངས་སྒེར་གཞུང་ཁྱོན་བསྡོམས་ཆིག་འབུམ་ཆིག་ཁྲི་སུམ་སྟོང་བརྒྱད་བརྒྱ་སྐོར་ལ་འབྲུ་གཤོར་ཁལ་བཞི་ནས་གཉིས་ཡན་སྐབས་སྦྱར་ལོ་བསྟུད་པ་དང་གནངས་ཆག་གཞེས་ཆག་བཏང་བ་ཡས་བསུ་མས་སྐྱེལ་བྱས་ནས་བྱ་ཕན་གནངས་ཆག་ཙམ་སོང་ཚོད་དུ་འདུག །འཇམ་དབྱངས་སྤྲུལ་སྐུས་རྟག་བརྟན་དུ་བཤད་གྲ་འཛུགས་དགོས་ཞུས་པ་ལྟར་སྡེ་པ་ཞལ་བཞུགས་སྐབས་ཆོས་འཁོར་གླིང་པ་རྣམས་ལོ་གཅིག་གཉིས་ཆོས་དབར་ལ་འབྱོན་དགོས་ཚུལ་གནང་འདུག་པས་གསང་སྒོར་ཕན་


GLG005_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་ཀྱིས་མ་འགྱངས་པར་ཆོས་དབར་འདེགས་སུ་བཅུག །ལྕགས་སྟག་གྲུབ་མཐའ་བསྒྱུར་སོང་བ་ར་གན་གསེར་གསོལ་གྱི་རྣམ་པས་རྙིང་པ་མི་འགྱུར་བར་མ་ཟད་གསར་པ་རྣམས་ཀྱང་སྐྱོ་མ་སྔ་བཙན་དུ་འགྲོ་ཡིན་ཡོད་འདུག་གཤིས་སྙེ་ཐང་དྲུང་ཚན་ཅན་བཏང་བའི་གྲ་རྙིང་རྣམས་དགོན་ལག་གཞན་དུ་དབྱུང་། རྟག་བརྟན་དུ་དགེ་ལུགས་ཁ་ཞེ་མཚུངས་པའི་ས་གཙང་རྡོ་གཙང་བཟོས། དགོན་པའི་མིང་དགའ་ལྡན་ཕུན་ཚོགས་གླིང་དུ་བཏགས། གྲ་ཚང་དུ་དམག་ཟོར་མའི་སྒེར་བཀང་འབུམ་ཐེར་མཇུག་ཏུ་རྟེན་འདགས་དང་བཅས་པ་བཏང་བའི་རྟེན་འདོགས་ཀྱི་ཚེ་རླུང་ཤིན་ཏུ་ཆེ་བ་བྱུང་བ་མ་མོའི་རྒྱུད་གཞུང་ལྟར་ལྟས་ལེགས་པར་མངོན། ཆོས་རྗེ་ཆུ་མིག་པར་ཆོས་རྒྱལ་བྱང་པའི་གཏེར་གསར་ཀརྨ་གུ་རུའི་དབང་ལུང་བྱས། གཡོན་རུར་ཨེར་ཏེ་ནི་དའི་ཆིན་ཅན་ནས་སྡེ་ཕར་སྤྲོད་དགོས་མ་བདེ་བའི་ཚབ་ལ་ད་ལའི་བཱ་ཐུར་གྱིས་བསམ་པ་བསྐྱེད་དེ་མོ་ཨོ་ཐོག་སོགས་གཏད་པའི་ས་བཅད་གྲུབ་མཚམས་མགོན་པོ་ལ་སྨན་ནད་ཐུ་པོ་ཞིག་བྱུང་བ་དགོས་མེད་ཀྱི་སྒྲོ་བཏགས་འདྲས་ཧད་གེས་སུ་སོང་བར་སེ་ཆེན་དབོན་པོ་དང་སྐྱ་རིལ་གྱིས་ལོ་ཙཱ་བྱས། འབྲས་སྤུངས་སུ་ད་ལའི་བཱ་ཐུར་བོས་ནན་ཏན་དུ་ལབས་པར་བརྟེན་མཐར་ཕན་ཚུན་འཁོན་མེད་ཀྱི་ལེགས་ལམ་ཆེ་བ་བྱུང་། དགའ་ལྡན་ཡངས་པ་ཅན་གྱི་ཞིག་གསོས་ཤིང་རྟ་གྲུབ་པའི་ཤིང་རྩི་མེ་སྤྲེལ་རྒྱལ་མེ་ཏོག་ཐང་གི་ཞར་ལ་བཏང་ནས་འདི་ལོ་ལྡེབས་བྲིས་ལ་རྒྱལ་བ་ཙོང་ཁ་པ་ཆེན་པོར་འཇམ་དབྱངས་གཙང་པ་བདུན། འཁོར་དག་པ་རྣམ་བརྒྱད། རྡོ་རྗེ་འཆང་


GLG005_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས། སྒྲོལ་དཀར་རྣམས་ཀྱིས་བསྐོར་བ། གནས་བཅུ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་འཁྲུངས་རབས། ངོ་མཚར་རྨད་བྱུང་བཀོད་པའི་ཞིང་བཀོད། ལམ་རིམ་བརྒྱུད་པ། ཚེ་དཔག་མེད། མི་འཁྲུགས་པ། རྣམ་རྒྱལ་འཇོམས། ཡུམ་ཆེན་མོ། གདུགས་དཀར། དམར་ནག་འཇིགས་གསུམ། འཁོར་ཆེན། ཕྱག་དྲུག་པ་དཀར་ནག །ལས་གཤིན་ཕྱི་ནང་གསང་གསུམ། དམག་ཟོར་མ་རྣམས་སོ་སོའི་འཁོར་གྱིས་བསྐོར་བ། སྒོ་ཁང་ལ་རྒྱལ་ཆེན་བཞི། གསང་འདུས་སྟེང་དུ་རྒྱལ་བ་ཙོང་ཁ་པའི་རྣམ་ཐར། གསང་བདེ་དུས་གསུམ། རྡོར་དབྱིངས། ཀུན་རིག །རྣམ་སྣང་མངོན་བྱང་དྲུག་བཞེངས་པའི་རི་མོ་བ་དབུ་མཛད་དཔལ་མགོན་གྱིས་གཙོས་དྲུག་ཅུ་རེ་དྲུག །དགའ་ལྡན་གསང་སྔགས་གླིང་གི་ལྡེབས་བྲིས་ལ་གནས་བཅུ། རྙིང་མ་སྐོར་ལ་ཐུགས་སྒྲུབ་རྣམ་གསུམ། བཀའ་བརྒྱད། བྱང་གཏེར་ཕུར་པ། ཕྱག་རྒྱ་ཟིལ་གནོན། དམག་ཟོར་མ། བསྟན་མ་བཅུ་གཉིས། ཁྱབ་འཇུག །དཀར་བདུད། མཐུ་ཆེན་སྡེ་བཞི། རྒྱལ་པོ་སྐུ་ལྔ། གསར་མ་ལ་གསང་འཇིགས། རྣམ་རྒྱལ་མ། སྒྲོལ་མ། ཕྱག་དྲུག་པ་དཀར་ནག །ལས་གཤིན་ཕྱི་ནང་གསང་གསུམ། རྣམ་སྲས། བེག་ཙེ། སེང་གཡབས་ལ་ཡི་དམ་ཆོས་སྐྱོང་གི་བླ་བརྒྱུད། སྒོ་སྲུངས་རྒྱལ་ཆེན་སྡེ་བཞི། སྒོ་ཁང་དུ་སྲིད་པ་འཁོར་ལོ་རྣམས་བྲིས་པའི་རི་མོ་བ་སྟག་ལུང་དཔལ་མགོན་གྱིས་གཙོས་དྲུག་ཅུ་རེ་དྲུག་གིས་བྱས། ཧོར་ཟླ་བཞི་པའི་ནང་དུ་གོང་གི་གསེར་ཡིག་པ་རྣམས་དང་མཉམ་དུ་ཞུ་ཡིག་དང་བདོག་པའི་སྐྱེས་འབུལ་བར་སེ་ར་རབ་འབྱམས་པ་འཇམ་དབྱངས་གྲགས་པ་དང་ཆུ་སྐོར་སྨད་པ་ནོར་


GLG005_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བུ་གཉིས་བཏང་། མི་སྣ་རྣམས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར། བསྙེན་རྫོགས་ཉི་ཤུ་རྩ་གྲངས་དང་རབ་བྱུང་ལྔ་བཅུ་སྐོར་བསྒྲུབས། སྦྱོར་ར་སྤྲུལ་པའི་སྐུ་འཕྲིན་ལས་རྒྱ་མཚོའི་སྤྲུལ་སྐུའི་གཙུག་ཕུད་བླངས་མཚན་ངག་དབང་འཕྲིན་ལས་རྣམ་རྒྱལ་འཇིགས་མེད་གྲུབ་པའི་ཤིང་རྟར་གསོལ། ལྷ་ས་སྤྱི་ཚོགས་ཀྱིས་གཟིམས་ཆུང་མདོ་ནས་སྡེ་པའི་བརྟན་བཞུགས་འབུལ་བའི་ཚིགས་བཅད་དགོས་ཚུལ་བྱུང་བ་བྲིས། དཀའ་བཅུ་བསྟན་པ་དར་རྒྱས་ལ་འཇམ་དབྱངས་ཆོས་སྐོར་གྱི་ལུས་དཀྱིལ་དང་གྲུབ་རྒྱལ་མའི་ཚེ་དབང་བསྐུར། ཉུང་ཇ་ཁང་པ་ཚོས་བསྐུལ་བ་བཞིན་རིང་པོར་འཚོ་བའི་ཚིགས་བཅད་ཁ་ཐག་རིང་བ་ཞིག་བྲིས་ཤིང་ཁོང་རྣམས་ཀྱིས་ཚོགས་སུ་མང་ཇ་དང་བཅས་ཏེ་བཙུགས། ཟླ་བ་ལྔ་པའི་ཚེས་གཉིས་ནས་མདོས་བསྐང་གི་རྡོ་རྗེ་སློབ་དཔོན་དུ་ཕྱིན། མདོས་བསྐང་གྲོལ་བསྟུན་རི་ཁྲོད་དགའ་ལྡན་སློབ་དཔོན་བྱམས་པ་རིན་ཆེན་གྱིས་བསྐུལ་བ་ལྟར་ལམ་རིམ་གྱི་འཁྲིད་རྒྱས་པ་ཞིག་བརྩམས་གཉེར་པ་སྦྱིན་པས་ཁུར་བླངས་པའི་ཕན་བདེ་ལེགས་བཤད་གླིང་པའི་རྟེན་བཞེངས་གྲ་ཚང་གྱི་གཟུངས་བཞུགས་ལག་དར་དུ་ཕུལ་ཞིང་དེ་གའི་དཀར་ཆག་ཞིབ་པར་བཀོད། རྒྱ་རི་དཔོན་བློན་ནང་མ་དན་པའི་ནང་སོ་དཀོན་མཆོག་དར་རྒྱས་ཀྱིས་རི་སྒོའི་ཁུར་ལེན་གྱིས་ཐོག་དྲངས་གཉེར་ཁ་མིང་ཅན་རྣམས་རྒྱ་རི་གཞུང་དུ་སྤྲད། ཁོ་རང་ལ་དེ་ཚབ་འབྲེལ་མཚུངས་སྣག་སྒོར་བརྒྱབ་པའི་ཐོ་ཞུ་ཁྲ་དང་སྦྲགས་པ་སྡེ་པར་ཕུལ་ཞིང་བཀྲ་ཤིས་ལྷུན་པོ་ནས་ཀྱང་ཕྱིས་ཀྱི་རྒྱ་རི་ཞབས་དྲུང་རྣམས་


GLG005_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གསོལ་དཔོན་རབ་བརྟན་ཡབ་སྲས་རང་ཕྱོགས་ཀྱི་བསྟན་པའི་ཞབས་ཕྱིར་འགྱུར་ཆེ་བ་སོགས་ཀྱིས་སྐུ་ངོའི་བཀའ་ཤོག་གནང་བས་མཚམས་སྦྱར། གཙོ་བོར་སྡེ་པ་རང་མཉེས་པའི་ཤུགས་ཀྱིས་གང་ཞུས་ཕལ་ཆེར་འཁོད་པའི་བཀའ་ཁྲ་ཞིག་གནང་སོང་བ་ལྷོ་དམག་འགྱོགས་གདོང་དང་འགྲིག་པའི་ཐུགས་གཡེང་གིས་ཆུ་མ་ཆོད་པའི་འཕྲོ་ཅན་རྒྱལ་པོ་ཁྲི་འདོན་ལ་བྱོན་ཞོར་ཞུ་འབུལ་བཙུགས་པར་ད་ལའི་བཱ་ཐུར་ཀྱང་རྒྱ་རི་གཞུང་དུ་དགྱེས་རྒྱུ་མི་འདུག་ཅིང་སྡེ་པའི་དགོངས་བསྟད་ཕྱོགས་མཚུངས་ཀྱིས་གཉལ་དང་རྩེད་ཐང་བཞེས་པར་ཐག་ཆོད་སོང་རུང་ཁྲ་མ་ཞབས་སུ་མ་ཆུག་པའི་ངང་ལ་གནས་གཤིས་དེ་བཞིན་ནས་ཁོང་རྣམས་སྐོར་ཅིག་ཕྱིར་སློག་ན་གསང་སྒོར་གནོད་དོགས་ཡང་བསྐྱར་གྱིས་ཞུ་བ་ཤ་བཅད་ཁྲག་གཏིགས་སུ་བླངས། བགོས་ཕུད་ཀྱི་རྣམ་པའི་ས་རིས་བཞེས་དགོས་དང་བཅས་བཀའ་ཁྲ་ཞབས་འཇུག་ལ་ནང་སོ་སངས་རྒྱས་དང་ཤངས་བཀྲ་ཤིས་རྩེ་པ་གཉིས་བཏང་། ཆོས་སྐྱོང་ཆེན་པོས་སྡེ་པར་འདྲེ་སྣ་ཟུག་པའི་གཟིམས་ཁང་གོང་གི་མཆོད་རྟེན་རྣམས་གཞན་དུ་སྤོ་དགོས་ཚུལ་ལོ་སྔ་མ་སྟོད་ལུང་ཆུ་ཚན་ལ་བྱོན་སྐབས་དགེ་སྐོས་གཉིས་བརྒྱུད་དེ་ལབས་པ་ཡིན་ཀྱང་དངུལ་གདུང་ཚོ་ཕྲལ་ནས་འཇོག་པ་ཙམ་ལས་མ་སྤོས་པའི་སྐྱོན་གྱིས་ནད་གཞི་ཆུག་པ་ཡིན། ད་ཆ་འཚུབ་ཆེར་སོང་བས་གཟིམས་ཁང་གོང་སྤོ་དགོས་གསུང་བར་རྒྱལ་རྫོངས་ལྟ་བུས་གོ་ཆོད་པའི་ཁང་པ་བཤིག་མ་དགོས་པ་ཡོང་མི་ཡོང་གི་གླེང་གཞི་མང་དུ་བྱུང་རུང་བདེན་མི་བདེན་ཇི་ལྟར་ཡང་མཆོད་རྟེན་བརྒྱད་པོ་མ་ཕྲལ་བའི་སྐབས་མཆོད་རྟེན་ནང་ནས་སྐད་དང་ཙི་ར་བརྒྱབ་ཟེར་


GLG005_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

བས་མཚོན་པའི་རྣམ་རྟོག་འདྲེར་ལངས་ཀྱིས་ཁ་མཚོན་མ་ཆོད་པའི་སྐུ་ཆས་ཚོ་སྟོད་ལུང་མདའ་དང་ཤིང་ཆ་རྣམས་ཤར་ཆུ་སྦུག་ཏུ་བསྐྱལ། གཟིམས་ཁང་བཤིག་ཤུལ་དུ་གྲ་ཚང་གིས་ཁྲོ་རོལ་སླང་གང་མ་ཞིག་དང་གྲ་ཚང་གསུམ་ནས་བསྡུས་པའི་དགེ་འདུན་བརྒྱ་སྐོར་གྱིས་གསུང་རབ་བསྒྲགས། ཤིང་ལུག་པཎྜི་ཏ་གོ་ཀླུ་ལ་རྒྱ་གར་དུ་ཕྱིར་འབྱོན་སྐབས་པཱ་ཎི་བྱཱ་ཀ་ར་ཎའི་གླེགས་བམ་དང་བཅས་གཅེན་པཎྜི་ཏ་བ་ལ་བྷ་དྲའང་སྤྱན་དྲོངས་ཤིག་པར་བསྐུལ་བ་བཞིན་འབྱོར་བའི་ཟླ་བ་དྲུག་པའི་ཚེས་ལྔ་ནས་འདར་པ་ལོ་ཙཱ་བས་པཱ་ཎིའི་བསླབ་སྦྱངས་ཀྱི་འགོ་བཙུགས། ཚེས་བདུན་ལ་འདུ་ཁང་ཆེན་མོར་ཕྱིན་འདུས་པ་རྒྱ་མཚོ་སྤྱི་སྒེར་གྱིས་དངོས་པོ་ཚན་གྲངས་སུ་བསྟར་ཏེ་འཆི་བདག་གཡུལ་ལས་རྒྱལ་བའི་བདེན་ཚིག་བརྗོད། བསྙེན་རྫོགས་ཉི་ཤུ་ལྷག་དང་དགེ་ཚུལ་སུམ་ཅུ་ཙམ་བསྒྲུབས། འདི་དག་གི་སྔ་ཕྱིར་མཆོད་དཔོན་པས་བཀོད་པ་བྱས་པའི་གཏོར་སླང་། མཉྫི། ཧོམ་ཁུང་། ཕྱག་མཚན་སྤྱན་གཟིགས་ར་མ་ལུག་གི་ཚགས་དང་རྐོས་ཡོད་པའི་ལེགས་པ་མང་དུ་བཟོས་པའི་འགོ་པ་ཕུན་ཚོགས་ལྷུན་གྲུབ་དང་བློ་བཟང་དགེ་ལེགས་གཉིས། ཕོགས་སོགས་དགོས་ཆ་སྤྲོད་མི་བྱང་གླིང་བསམ་གྲུབ་རྒྱལ་པོས་བྱས། ཟླ་བ་བདུན་པའི་ཚེས་དྲུག་ལ་ཕན་བདེ་ལེགས་བཤད་གླིང་པས་ཚན་གྲངས་རིང་དུ་སྤེལ་ཏེ་འཆི་མེད་འོད་སྣང་གི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ཚེ་ཆོག་བཏང་བ་དང་འབྲེལ་བར་བདུན་གཅིག་གི་བར་ཚེ་བསྙེན་དམ་དུ་བཅད། བཅོ་ལྔ་ལ་བཀྲ་ཤིས་སྒོ་མངས་པའི་རིགས་གྲའི་ཚོགས་དབུར་ཕྱིན། སྡེ་པ་བྱིང་པ་བདེ་ལེགས་དང་གསོལ་


GLG005_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གེ་ར་བ་གཉིས་ལ་ཐུགས་རྗེ་ཆེན་པོ་ཚེམ་བུ་ལུགས་ཀྱི་དམར་འཁྲིད་ཉམས་འཁྲིད་དུ་ཕབ། འདི་ལོ་ནས་བཟུང་ད་ལྟའི་བར་དབུས་གཙང་སྟོད་སྨད་ཀུན་ཏུ་སད་གཏའ་བསྡམས་ཤིང་གྲ་ཚང་གི་གྲ་པ་གྲངས་བཅད་ཀྱིས་ཟླ་བ་གཉིས་ལ་ཉེ་བར་རྫས་སྔགས་ཏིང་འཛིན་ལ་བརྟེན་པའི་སད་སྲུང་གི་གདམས་པ་ལག་ཏུ་བླངས། ལོ་གཉིས་གསུམ་ཞིག་མ་གཏོགས་ཕལ་ཆེར་ཐུབ་པ་ཤ་སྟག་དང་མ་ཐུབ་པའི་དུས་སྔགས་བན་རྣམས་ཀྱི་ཕྱག་མཛོད་སྦུག་མ་ནས་བཏོན་པའི་ཡུལ་ཆགས་ཀྱི་དྲིལ་རྒྱ་ཆེར་བསྒྲགས། ཟླ་བ་བརྒྱད་པའི་ནང་དུ་བསྙེན་རྫོགས་སུམ་ཅུ་ལྷག་དང་རབ་བྱུང་བཞི་བཅུ་ཙམ་བསྒྲུབས། ཁལ་ཁ་གཡོན་རུའི་ཨེར་ཏེ་ནི་ཧུང་ཐའི་ཇི་གྲོངས་པའི་བསྔོ་རྟེན་སྐྱེལ་མི་འབྱོར་བའི་བདོག་པ་རྣམས་བླ་མེད་བྱང་ཆུབ་ཀྱི་རྒྱུར་རྒྱས་བཏབ་ཅིང་རྒྱལ་ཁང་རྩེ་སྤྲུལ་པའི་སྐུས་སྨོན་ལམ་ཚིགས་བཅད་དགོས་ཚུལ་གསུང་བའང་དེ་འཕྲལ་དུ་བཀོད། ཚེས་བཅུ་བཞི་ནས་ཞག་བདུན་གྱི་བར་ནད་སེལ་སྨན་གྱི་ཆུ་བོར་ཞུགས། ཁལ་ཁ་གཡས་རུ་རྡོ་རྗེ་བེད་ཐུ་ཡོན་མཆོད་ཀྱིས་ཟང་ཟིང་གི་བདོག་པ་བསྟབས། ཚེ་དབང་གྲུབ་རྒྱལ་མ་དང་རིགས་གསུམ་མགོན་པོའི་རྗེས་གནང་། སྟག་རྩེ་ཐའི་ཇི་ཡབ་སྲས་ལ་ཚེ་དབང་ལྕགས་སྡོང་མ་དང་ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ་ཕུལ། ཧོར་ཟླ་དགུ་པའི་ནང་དུ་བསམ་ཡས་གནོད་སྦྱིན་ཆེན་པོས་རྒྱ་ཇ་དང་གོས་ཆེན་སྣ་ལྔ་དགོས་ཚུལ་བཞིན་ཕུལ་སྐབས་ལས་འཆོལ་གྱི་འཕྲིན་ཡིག །ཀོང་ཡུལ་ནས་གནམ་གོང་བླ་མ་པདྨ་ལེགས་གྲུབ་ཀྱི་སྔགས་རྙིང་མའི་བསྟན་པ་ཉམས་པ་གསོ་དགོས་པའི་སྙན་ངག་གི་འཕྲིན་ཡིག་བྱུང་བ་དེ་ལན་བསྲིངས།


GLG005_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་གསུམ་གྱི་བར་བསྙེན་མཚམས་བྱས། སྡེ་དྲུག་མཁན་པོ་སྣ་མོ་ཤག་པ་རྩེད་ཐང་ལྔ་མཆོད་ཀྱི་བླ་མར་བསྐོས་པའི་ལེགས་སོར་རྒྱལ་བ་ཐོག་རྡུགས་པས་ཐོག་གཏུམས་པའི་དུས་ཀྱི་སྐུ་གཟན་མཐིལ་གྱི་ནང་རྟེན་ཞྭ་དམར་མཆོག་གི་སྤྲུལ་སྐུས་ཡར་སྟོད་ཞབས་དྲུང་ལ་གནང་བ་སྣ་མོ་ཤག་གྲུབ་ཆེན་པའི་ལག་ཏུ་འབྱོར་བ་བྱིན། མཚམས་གྲོལ་ནས་རྒྱལ་པོ་སྐུ་མཆེད་ལ་འཆི་མེད་དཔལ་སྟེར་གྱི་ཚེ་དབང་བརྒྱ་རྩ་ཕུལ། པཱ་རས་ཀྱི་འགྲུལ་པ་འབྱོར་པའི་རྟ་ཉིས་བརྒྱ་ཙམ་བྱུང་པཱ་རས་སོག་བོད་བསྡོམས་པའི་བསྙེན་རྫོགས་ཕྱེད་ཉིས་བརྒྱ་དང་དགེ་ཚུལ་ཉིས་བརྒྱར་ཉེ་བ་བསྒྲུབས། ཚེས་ཉི་ཤུ་ནས་ཟླ་བ་ཕྱེད་གཉིས་བར་སྒོ་མང་ཁྲི་གདན་ཟུར། བདེ་ཡངས། འདུལ་བ། སྔགས་པ་རྣམས་ཀྱི་སློབ་དཔོན། ཕ་བོང་ཁ་དང་དགེ་འཕེལ་གྱི་རི་ཁྲོད་པ། དཀའ་རབ་འབྱམས་དགེ་ཚུལ་སློང་བདུན་ཅུ་སྐོར་ལ་ལམ་རིམ་གྱི་འཁྲིད་ཞིབ་རྒྱས་སུ་ཕབ། སྡེ་པ་ལྕང་ར་བ་མིང་སྲིང་ངམ་རིང་མཁན་ཆེན་གྱི་དྲུང་དུ་སྒྲ་བསླབ་པར་འགྲོ་རྒྱུ་ཡིན་པས་སྣེ་སྦྱོར་དགོས་ཚུལ་བྱུང་བ་བཞིན་འཇིག་རྟེན་གྱི་མིག་གཅིག་པུར་བསྔགས་པའི་འཕྲིན་ཡིག་ཚིགས་བཅད་དུ་བསྲིངས། བདེ་ཆེན་ཞབས་དྲུང་ཐོག་རྒོད་རྣམ་རྒྱལ་བྱོན་པར་ཚེ་རྟ་ཟུང་འབྲེལ་ཕུལ། ཧོར་ཟླ་བཅུ་པ་སྔ་མའི་ཚེས་བདུན་ནས་བཅུ་བཞིའི་བར་རྡོ་རྗེ་བྲག་རིག་འཛིན་སྤྲུལ་སྐུ་དཔོན་སློབ། གྲ་ཚང་གི་གྲ་པ་ཁ་ཤས་དང་བཅས་པར་བྱང་གཏེར་ཕུར་པ་དྲག་སྔགས་དང་གནུབས་ལུགས་འཆར་ཀ་སྒྲོམ་བུ་མ་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་དབང་། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་གཏེར་གསར་འཆི་མེད་སྐུ་གསུམ་རིགས་བསྡུས་ཀྱི་དབང་


GLG005_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་ཀ་ཉང་ལུགས་གཏེར་གཞུང་སྐོར། བྱང་བདག་པོའི་གསུང་འབུམ་ཐོར་བུ། གསར་རྩོམ་ཁྲོད་ནས་རིག་འཛིན་ངག་གི་དབང་པོའི་རྣམ་ཐར། ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་ལས་བྱང་གི་ལུང་རྣམས་ཕུལ། སྐུ་གསུམ་རིགས་བསྡུས་ཀྱི་དབང་གི་སྐབས་ཚེ་མདའ་རྩེ་སོར་ཕྱེད་ལྷག་ཅིག་བྲི་འདུག་ཅིང་གཞན་རྣམས་ཀྱི་མར་མེ་དང་མི་འདྲ་བའི་ཕྱག་ཏུ་བཟུང་བ་དེ་རླུང་པོས་གསོད་པར་ཉེ་བ་ཙམ་བྱུང་སོང་བས་ནང་པར་སྐུ་སྒེར་དུ་མཚོ་སྐྱེས་རྡོ་རྗེའི་དབང་བསྐྱར་ནས་ཕུལ་བས་ཚེ་མདའ་སྔར་བཞིན་ཚད་དུ་ལྷོགས། དུག་ཁྲག་གི་རྫས་དབང་དང་སྐུ་གསུམ་རིགས་བསྡུས་ཀྱི་ཆོས་སྐོར་ཡོངས་རྫོགས། དམར་ནག་གཤིན་རྗེའི་ཡང་སྙིང་དང་མཐུ་སྟོབས་དྲེགས་པའི་རྒྱལ་པོ། མངའ་རིས་རིག་འཛིན་ཆེན་པོའི་དག་སྣང་ཚེ་སྒྲུབ་རྣམས་ཀྱི་དམིགས་འཁྲིད་དང་ལུང་མན་ངག་ཕྱག་བཞེས་ཤིན་ཏུ་ཞིབ་པར་ཕུལ། མ་ག་དྷ་ཁ་ཐུན་དང་ཁུན་འདུ་ལེན་སོགས་ཀྱིས་གོས་དར་གསེར་དངུལ་ཇ་རས་ཆའི་སྟོང་འབུལ་བཏེག །ལམ་རིམ་གྱི་སེམས་བསྐྱེད་ཀྱི་ཉིན་འཁྲིད་དངོས་གཞིར་མེད་པའི་བླ་མ་གྲ་པའང་མང་དུ་བྱུང་། བསྙེན་རྫོགས་དྲུག་ཅུ་སྐོར་དང་དགེ་ཚུལ་བརྒྱར་ཉེ་བ་བསྒྲུབས། དོན་གཉེར་ཅན་དྲུག་ཅུ་ཙམ་ལ་སྤྱན་རས་གཟིགས་བཅུ་གཅིག་ཞལ་མཁའ་འགྲོ་ལྔའི་བྱིན་རླབས་བྱས། ཟླ་བ་བཅུ་པའི་རྟིང་མའི་ཚེས་བཞི་ལ་འཁྲིད་གྲོལ་ནས་རྗེ་བསོད་ནམས་རྒྱ་མཚོས་མཛད་པའི་འཁྲིད་ཡིག་བདུད་རྩི་གསེར་གྱི་ཡང་ཞུན་དང་གསར་དུ་བརྩམས་པའི་འཁྲིད་གཉིས་ཀྱི་ལུང་བཀླགས། ཚེས་བདུན་གྱི་ཞོགས་གྲ་པ་སུམ་ཅུ་སྐོར་ལ་སྨྱུང་གནས་ཀྱི་གསོ་སྦྱོང་ཕབ་སྟེ་རྐྱང་ཁུག་གི་སྨྱུང་གནས་བྱེད་དུ་བཅུག །སྲུང་བཟློག་བསད་མནན་


GLG005_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྒྲུབ་ཁག་རྣམས་ཀྱང་བཙུགས། རིན་པོ་ཆེ་སྨན་ལུང་པས་མཁའ་འགྲོ་གྲིབ་སེལ་དང་བསུ་བཟློག་ཡུན་དུ་གནས་པའི་ཐུགས་རྩོམ་ཚིག་དོན་ཕུན་སུམ་ཚོགས་པ་ཞིག་མཛད་ཅིང་བདོག་པ་སྤེལ། ཁུན་འདུ་ལེན་གྱིས་གཙོས་བསྙེན་རྫོགས་པ་ལྔ་བཅུ་ཙམ་དང་མ་ག་དྷས་ཐོག་དྲངས་དགེ་ཚུལ་མ་བཅུ་བསྐོར་བསྒྲུབས། དེ་རྣམས་དང་གཉུག་མར་གནས་པ་སོགས་བརྒྱ་ལྷག་ལ་གསར་རྩོམ་གྱི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས། གཏོར་མ་བརྒྱ་རྩ་བསྡུས་པ། ཀླུ་གཏོར། རི་ཁྲོད་པ་འགའ་ཞིག་ལ་བླ་མ་མཆོད་པ་དང་བླ་མའི་རྣལ་འབྱོར་ཁ་ཤས། གཙུག་ཏོར་རྣམ་རྒྱལ་དང་བྱམས་པས་དམ་བཅས་པའི་གཟུངས། རིན་པོ་ཆེ་སྨན་ལུང་པ་དང་གནས་གཞི་ཆོས་རྗེ་གཉིས་ལ་བྱང་པའི་གཏེར་གསར་གྱི་ཀརྨ་གུ་རུའི་དབང་ལུང་ཕུལ། ཟླ་བ་བཅུ་གཅིག་པའི་ཚེས་བཅུ་ལ་རྒྱལ་པོ་སྐུ་མཆེད། ཁལ་ཁ་དར་ཁན་ནོ་ཡོན། མེརྒན་ཆོས་རྗེ་ཅན་དང་ཕྲད། ཚེས་བཅུ་དྲུག་གི་རྒྱལ་ཕུར་འགྲུབ་སྦྱོར་ཐོག་ཞྭ། གོན་པ། སག་ཐག །རལ་གྲི་སོགས་སྟེར་ཆ་ཚན་གྲངས་དང་བཅས་ད་ལའི་བཱ་ཐུར་ལ་ད་ལའི་ཧུང་ཐའི་ཇིའི་ཆོ་ལོ་བྱིན། བསྙེན་རྫོགས་བདུན་དང་དར་ཁན་ནོ་ཡོན་དཔོན་གཡོག་བཅུ་ལྷག་དགེ་ཚུལ་དུ་བསྒྲུབས། དྭགས་པོ་ལྕང་ར་བས་རྗེ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་པར་ལ་བརྐོས་པའི་པར་བྱང་བྲིས་ཕུར་སྒྲུབ་དང་འཇམ་དཔལ་གཤིན་རྗེའི་སྒྲུབ་པའི་རྡོ་རྗེ་སློབ་དཔོན་ལ་ཕྱིན། ཉེར་དགུའི་ནུབ་ཕྱོགས་ངེས་མེད་ནས་ལངས་པའི་རླུང་ལྟས་འཚུབ་ཅིང་རྭ་ཟོར་ཡེ་མི་འགྲོ་བ། ཧོམ་གྱི་མེ་ལྕེ་ཕར་ཚུར་སྣ་ཚོགས་སུ་ལྡོག་ཅིང་འཁོར་བའི་འཚུབ་ལྷོངས་ཤིན་ཏུ་ཆེ་བ་ལོ་ཕྱི་མར་གད་སྒོ་
ཞང་ཚན་གཉིས་ཀྱིས་བདེ་གཟར་རྒྱ་ཆེར་སློང་བའི་ལྟས་སུ་མངོན།


previousདགུང་ལོ་ཞེ་གཉིས་པར་སྡེ་སྲིད་བསོད་ནམས་རབ་བརྟན་གཤེགས་པ་དང་། བསྟན་འཛིན་ད་ལའི་ཧན་རྒྱལ་པོའི་ཁྲི་ལ་འཁོད་པ་བཅས་ཀྱི་སྐོར།next