Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

24 occurrences of གཡོན་རུ་
[Clear Hits]


  
 
 
  
དགུང་ལོ་ང་གཅིག་པར་བོད་ཁམས་བདེ་ཐབས་དང་ཚོགས་གསོག་གི་ཆེད་དུ་རྫོང་གཞིས་ཁག་ནས་བཀའ་འགྱུར་སོགས་རིམ་གྲོ་བསྒྲུབས་པའི་སྐོར།
  
 
 
 
  
 
 
 


24 occurrences of གཡོན་རུ་
[Clear Hits]

 
previousདགུང་ལོ་ང་གཅིག་པར་བོད་ཁམས་བདེ་ཐབས་དང་ཚོགས་གསོག་གི་ཆེད་དུ་རྫོང་གཞིས་ཁག་ནས་བཀའ་འགྱུར་སོགས་རིམ་གྲོ་བསྒྲུབས་པའི་སྐོར།next

དགུང་ལོ་ང་གཅིག་པར་བོད་ཁམས་བདེ་ཐབས་དང་ཚོགས་གསོག་གི་ཆེད་དུ་རྫོང་གཞིས་ཁག་ནས་བཀའ་འགྱུར་སོགས་རིམ་གྲོ་བསྒྲུབས་པའི་སྐོར།


GLG006_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

དུས་རིམ་ལེ་ཚན་དང་མེ་ལུག་གནམ་ལོ་ཚེས་པའི་མ་མོ་སྲིད་པའི་རྒྱལ་མོ་མཆོད་ཅིང་བོད་སོག་གི་ཚོགས་ལ་བཞུགས་གྲལ་གྱི་དགའ་སྟོན་བྱས། དེ་ཐོག་བལ་པོ་ཁོ་ཁོམ་རྒྱལ་པོ་དང་ལྭ་དྭགས་བདེ་ལྡན་གྱི་མི་སྣ་སོགས་ཆ་ལུགས་དང་སྐད་རིགས་མི་གཅིག་པ་འགའ་ཞིག་འབྱོར། ཚེས་གཉིས་ལ་ཨོད་ཁོན་གྱིས་བརྒྱ་འབུལ་བཏེག །དེ་དང་དཔོན་མོ་སའི་ཁན་ཇུ་འཁོར་བཅས་ལ་སྐྱབས་འགྲོ་སེམས་བསྐྱེད། ལྟུང་བཤགས། བྱམས་སྨོན། བཟང་སྤྱོད། གདུགས་དཀར། གསར་རྩོམ་སཱཙྪ་འདེབས་ཆོག་རྣམས་ཀྱི་ལུང་བྱས། སྡེ་པ་བྱིང་པ། ལྷོ་བྲག་བཀྲ་ཤིས་ཆོས་ལུང་དང་བཞད་བཀྲ་ཤིས་དགེ་འཕེལ་གྱི་བླ་མ། འབྲི་གུང་ཆོས་སྒོ་བ་མངའ་བདག་པའི་བླ་མ་མདོ་སྔགས་བསྟན་འཛིན་རྒྱ་མཚོ། ཞབས་དྲུང་སྙིང་སྙིང་། བྲ་ཡག་གཉེར་ཆུང་། རྩེ་ཆེན་ལྕམ། ལ་སྟོད་ནས་ལྕགས་ཟམ་འཛུགས་མཁན་ས་ལུགས་ཀྱི་བླ་མ་ཞིག་དང་བཅས་པར་ཇ་གྲལ་བཏང་། ལྕགས་ཟམ་འཛུགས་མཁན་


GLG006_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དེས་རྡོ་རིང་གི་འཁྲིས་ནས་ལུས་གཅེར་བུར་ཕྱུངས་ཏེ་ཇོ་བོར་ཕྱག་འཚལ་བའི་ཞིག་པོར་རློམ་པ་ཞིག་ཡོད་ཚོད་དུ་འདུག །གང་ལྟར་བསླངས་པའི་ཆས་མཐའ་དག་ལྕགས་ཟམ་ཁོ་ནའི་རྒྱུར་གཏོང་ཟེར་བས་ཟག་ཟོག་མཁན་རང་ནི་མིན་པ་འདྲ། སྐྱོར་ལུང་ཆོས་སྡེ་དགོན་ལག་མར་ཁུ་འབུལ་རྒྱུ་དང་བཅས་པས་ཟང་ཟིང་གི་ཚན་གྲངས་བཏེག་སྟེ་ཡན་ལག་བདུན་པ་དང་འབྲེལ་བའི་རིང་འཚོའི་རྟེན་འབྲེལ་བསྒྲིགས། བསྙེན་རྫོགས་གྱ་དྲུག་དང་། དགེ་ཚུལ་བདུན་ཅུ་དོན་བཞི་བསྒྲུབས། ཚེས་བཞི་ལ་ཁྲི་རིན་པོ་ཆེ་བློ་བཟང་རྒྱལ་མཚན་དང་མཇལ་ཞིང་དཀར་སྤྲོ་བཤམས། སྟག་ལུང་ཕྱག་མཛོད་དང་གསེར་ཏོག་ཐོ་ཡོན་ལ་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར། དེ་ནུབ་ནས་ཕྱི་མཚམས་བཅད། འཕན་ཡུལ་དྲུག་བརྒྱ་བ་དཀོན་ཅོག་ཚེ་དབང་ཆོས་བྱེད་པར་ཡོངས་ཆོག་པ་དགོས་པའི་ཡི་གེ་རིམ་པར་འབྱོར་བར་སྟག་རྩེ་ཐའི་ཇིར་ཞུས་པའི་བདེ་ཁྲོལ་བྱུང་ན་འདོད་སྦྱར་བྱས་ཆོག་ལབས་པར་བརྟེན་ཚེས་ལྔ་ལ་འབྱོར་བ་དགེ་ཚུལ་དུ་བསྒྲུབས་ཤིང་མིང་བློ་བཟང་དཀོན་ཅོག་ཏུ་བཏགས། ཕྱི་ནང་གི་ནོར་རྫས་གཏོས་ཆེ་བ་དང་དྲུག་བརྒྱས་གཙོས་པའི་ས་རིས་གཡོག་ཐེམ་འཛིན་བརྒྱ་དང་གཉིས་མཆོད་གཞིས་སུ་སྦྱར་བའི་དེབ་སྡེ་པར་ཕུལ་བ་ཐུགས་ལ་གཙང་སྐུར་གཉིས་ཀྱི་དུས་ཞྭ་དམར་ནག་ལ་དེ་རིགས་བྱེད་མཁན་བྱུང་བར་འཐེན་ཁྱེར་ཆེར་མི་ཡོང་འདུག་པས་དེ་དང་འདྲ་བའི་ཉམས་ཤིག་ཤར་བར་སྣང་ངེད་ཀྱིས་རང་ཕྱོགས་ཀྱི་སྦྱིན་བདག་རྣམས་ཁ་ཞུ་གཏིང་འཁྱགས་ཀྱི་ལོ་རྒྱུས་ཤིན་ཏུ་མང་བས་རྟ་པ་འགྲོས་སུ་སོང་ན་མཆོད་ཡོན་བར་དུ་གླེང་བརྗོད་མགོ་ན་བ་བྱུང་དོགས་དགོས་ཚུལ་མོལ་


GLG006_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ཐང་སག་བླ་མ་ཅན་གྱིས་བཞེས་ཆོག་པ་ཡོད་པའི་གསེད་བཀྲོལ་གྱིས་ཀྱང་འཁྲུལ་གཞི་བྱས། རྩིས་ལེན་པ་སོང་བའི་སང་ཉིན་བསམ་ཡས་ནས་ཐའི་ཇིས་དྲུག་བརྒྱ་བ་བློ་ལོག་གིས་ཆོས་བྲོས་ལ་སོང་འདུག་པ་སློག་དགོས་ལུགས་ཀྱི་ཕྱག་བྲིས་བྱུང་རུང་དྲུག་བརྒྱ་བ་རང་གིས་སྔར་ཕུལ་བའི་ཞུ་ལན་ཚང་མར་ལམ་ལམ་ཞིག་ལས་ཆོས་བྱས་ན་མི་འཐུས་པའི་རྡོ་སྦྲགས་མི་འདུག་ཅིང་དགེ་ཚུལ་ཀྱང་བསྒྲུབས་ཟིན་པ་དང་སྣང་ཚལ་བས་འབྲུག་པར་ཁ་བལྟས་ནས་ཕྱིན་པ་ལས་ནག་ཆེ་རྒྱུ་མེད་པ་འདྲ་སྙམ་སློག་པ་མ་ཤར། ཚེས་བཅུ་གཅིག་གི་ཉིན་ཚངས་པ་དུང་ཐོད་ཅན་ལ་ཇ། གོས་ཕྱི་ནང་། རྟ། ཚོགས་ཆས་ཀྱི་མཆོད་སྤྲིན་སྤྲོས་ཏེ་དུས་རྟགས་ལྐོག་གྱུར་གྱི་ལུང་བསྟན་ཞུ་བར་འཕྱོང་རྒྱས་རབ་འབྱམས་པ་ཀུན་དགའ་བསྟན་འཛིན། དེ་མཚུངས་གྲ་ཚོང་འདུས་སུ་ཆོས་སྐྱོང་བྱ་ཁྲིད་མིག་གཅིག་པར་སྤྱན་གཟིགས་གོང་གསལ་གྱི་ཐོག་དུང་རྒྱ་གླིང་དང་བཅས་འབུལ་བར་ཞང་ཚ་དཀོན་ཅོག་རྣམ་རྒྱལ། སང་ཉིན་བསམ་ཡས་གནོད་སྦྱིན་ཆེན་པོར་དམ་རྫས་ཚངས་པ་དང་དབྱིབས་མཚུངས་པ་སྤྲོས་ཏེ་མཆོད་དཔོན་པ་ཆུ་ཚན་དང་སྦྲགས་བཏང་བ་སོ་སོར་ལས་བཅོལ་གྱི་ཚིགས་སུ་བཅད་པའི་འཕྲིན་ཡིག་ཕུལ། ཉེར་གཅིག་ལ་སྐྱིད་ཤོད་ཆོས་རྗེ་བློ་བཟང་བསྟན་སྐྱོང་རྒྱ་མཚོ་སྐུ་གཤེགས་པའི་བསྔོ་རྟེན་རྣམས་བྱང་ཆུབ་ཀྱི་རྒྱུར་བསྔོས་ཤིང་དེ་དང་འབྲེལ་བའི་བདོག་པའི་སྐྱེས་ཀྱང་བསྲིངས། གནས་སྙིང་ཞབས་དྲུང་སྐུ་གཞོན་པའི་སྐུ་སྐྱེ་རབ་བྱུང་དུ་བསྒྲུབས། མཚན་ངག་དབང་ཀུན་དགའ་བདེ་ལེགས་སུ་བཏགས། འཕྱོང་རྒྱས་རབ་འབྱམས་པ་ཀུན་དགའ་བསྟན་འཛིན་གྱིས་གྲ་ཚང་གང་དུ་བྱོན་པ་འགབ་དྲི་བར་ཁྱད་ཆེ་བ་མི་ཡོང་ཡང་ར་བ་སྟོད་སློབ་


GLG006_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་སྨྲ་ཚུལ་གླེངས་པ་བཞིན་བྱོན་སོང་པ་ཐུགས་གཉེར་ཀྱང་ཡོང་བའི་འཇལ་བྱུང་ཟེར། གནས་ཆུང་ཆོས་སྐྱོང་ཆེན་པོས་སྡེ་པ་བསོད་ནམས་རབ་བརྟན་གྱིས་ཕྱིའི་ལར་གྱ་རྣམས་མཛད། ད་ལམ་ནོར་བུ་འཛིན་པས་ནང་གི་ཞིབ་ཚགས་རྣམས་བྱུང་བ་དང་ཡོན་བདག་ཤཱཀ་མགོན་གྱི་སྐྱེ་བ་ཡིན་ཚུལ་སོགས་བསླབ་སྟོན་རྒྱས་པར་སྒེར་ལོགས་ཨ་དར་ལ་གསུངས་པར་སྣང་།ཧོར་ཟླ་གཉིས་པར་ཚོགས་གསོག་རིམ་གྲོ་བོད་ཁམས་ཀྱི་བདེ་ཐབས་སུ་རྫོང་གཞིས་ཁག་བཅུ་དགུ་བསྡོམས་པར་བཀའ་འགྱུར་ཚར་ཆིག་བརྒྱ་སུམ་ཅུ། འབུམ། བརྒྱད་སྟོང་པ། བསྐལ་བཟང་། ཐར་པ་ཆེན་པོ། གསེར་འོད། མདོ་མང་། པདྨ་བཀའ་ཐང་རྣམས་སོ་སོར་བརྒྱ་རྩ་རེ། དཀོན་ཅོག་བརྩེགས་པ་དང་ཏིང་འཛིན་རྒྱལ་པོ་སོ་སོར་ཉིས་བརྒྱ། མཚན་བརྗོད། གདུགས་དཀར། སྒྲོལ་མ། ཤེར་སྙིང་རྣམས་འབུམ་ཐེར། ཚེ་ཆོག་གསུམ། ཡིག་དྲུག་དུང་ཕྱུར་གཉིས། ལྷ་ས། བསམ་ཡས། ཁྲག་འབྲུག་གསུམ་ལ་མཆོད་པ་སྣ་ལྔ་བརྒྱ་རྩ། གསེར་ཆབ། དར་ཆེན། ཡུམ་བུ། མཆིམས་ཕུ། ཤེལ་བྲག་སོགས་སློབ་དཔོན་ཆེན་པོ་དང་ཆོས་རྒྱལ་གྱི་གནས་བསྡོམས་པ་བཅུ་བཞི་ལ་མཆོད་པ་སྣ་ལྔ་སུམ་ཅུ་རེ། སེར་འབྲས་སུ་ཇ་ཚུལ་ཉི་ཤུ་རྩ་དྲུག །ཁྲོ་རོལ་བརྒྱད། དགྲ་སྲིའི་མནན་པ་དགུ། འཆར་ཀའི་མདོས། ཕྱུགས་ལུག་བརྒྱའི་སྲོག་བླུ་རྣམས་བཏང་། བསམ་དར་ནས་ཀྱིས་ཞང་བློན་ལ་འབུལ་རྒྱུའི་སྙན་དར་ཞལ་ཡིག་དགོས་ཟེར་བ་བཀོད། བསམ་ཡས་ཆོས་སྐྱོང་ཆེན་པོས་རྡོ་རྗེ་བྲག །དཔལ་རི། དར་རྒྱས་ཆོས་སྡིངས་པ་གསུམ་གྱིས་གནས་ཆེན་གསུམ་དུ་བོད་


GLG006_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་བདེ་ཐབས་ཀྱི་སྐུ་རིམ་དགོས་གསུང་བ་ལྟར་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེས་ལྷ་ས། དཔལ་རི་སྤྲུལ་སྐུས་བསམ་ཡས། གཏེར་སྟོན་རིགས་འཛིན་ཆེན་པོས་དབུ་རུ་ཀ་ཚལ་དུ་མཛད་པའི་གཏེར་སྟོན་དེ་ཞོར་པོ་ཏ་ལར་བྱོན་བྱུང་བར་གཤིན་རྗེ་དམར་པོ་རླུང་སྒྲུབ་ཀྱི་གཏེར་གཞུང་དང་ཆོས་རྒྱལ་བྱང་པའི་ལྗགས་བསྒྲིགས་ཀྱི་ལུང་ཕྱག་ལེན་མན་ངག །དམར་འཁྲིད། སྔར་བསྐུལ་མ་མཛད་པའི་འཕྲང་འགོ་གཏེར་སྟོན་པའི་སྨེ་བརྩེགས་ཀྱི་འཕྲིན་ལས་དང་ཨོ་རྒྱན་གྱི་གསོལ་འདེབས་གསར་རྩོམ་གཉིས་ཀྱི་ལུང་ཕུལ། ཧོར་ཟླ་གསུམ་པའི་ཚེས་གསུམ་ལ་བཀྲ་ཤིས་ལྷུན་པོའི་མགྲོན་གཉེར་དཀའ་ཆེན་དགེ་འདུན་ཚུལ་ཁྲིམས་འབྱོར་བའི་ཕྱག་མཛོད་ཀྱི་ཡི་གེ་དང་དངུལ་གྱི་མཎྜལ། ཉེར་སྤྱད་ཆ་ཚང་། གོས་ཕྱི་ནང་སོགས་དངོས་པོ་དཔངས་བསྟོད་དང་བཅས་ཡུན་དུ་གནས་དགོས་པའི་རྒྱུ་མཚན་སྨེད། གམ་ཆུ་མཁར་གྱི་མི་དབོན་གྱིས་མའི་ད་རི་ཆོས་རྗེའི་གྲ་པ་རིན་ཆེན་དབོན་པོ་བཏང་བའི་ཇ་ཀོ་དྲ་ཉི་ཤུ་རྩ་གཉིས། ཆོར་ཡུག་ཉི་ཤུ། དངུལ་གྱི་ཐ་ཕག་རྣམས་བྱིན། བདེ་འབྱོར་གྲ་ཚང་སྤྱི་སོས་སློབ་དཔོན་ངག་དབང་དོན་གྲུབ་ཀྱི་གསོལ་འདེབས་བསྐུལ་བ་བཞིན་བྲིས། ཤེལ་དཀར་ཆོས་སྡེའི་གྲ་པ་གཉིས་ཀྱིས་གསར་རྩོམ་དབུ་ཕར་མཛོད་དང་ཐོད་རི་བཤད་སྒྲུབ་གླིང་པའི་གྲ་པ་གཉིས་ཀྱིས་དབུ་ཕར་གྱི་རྒྱུགས་སྤྲད། གོང་ནས་གསེར་ཡིག་པར་དེས་གེར་དགེ་སློང་དང་ཤེས་རབ་འོད་ཟེར་ཅན་བརྒྱ་ལྷག་ཅིག་འབྱོར། བཀའ་ཤོག་དང་གནང་སྦྱིན་སྤྲད། བཀའ་ཤོག་ཤུབས་བཅས་གཉིས་འདུག་པའི་གཅིག་རྒྱ་སོག་བར་གྱི་གཞུང་དོན་ལ་ཕེབས་པ་ཡིན་སྣང་། མཚོ་ཁ་ཕྱོགས་ནས་རྒྱའི་ས་མཚམས་སུ་མཁས་མི་མཁས་འདྲ་བྱུང་བའི་རྐྱེན་


GLG006_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རྒྱ་དམག་ཚན་ཆེ་བ་གྲོང་ལང་དུ་སླེབས་པ་དང་ཕོ་བྲང་དུ་རབ་ཏུ་བྱུང་བར་ཁས་འཆེ་བ་འགའ་ཞིག་གི་སྤྱོད་པ་མ་དག་པ་ལ་བརྟེན་སེར་མོ་བ་མང་པོ་སོ་སོར་གནས་དབྱུང་སོགས་སྒོ་དུ་མ་ནས་འདི་ལོ་གསེར་ཡིག་པའི་ཟླར་འགྲུལ་པ་ཤིན་ཏུ་ཉུང་། འོན་ཀྱང་མི་སྣ་གཉིས་དང་འོར་དུས་སུ་ཚེ་རིང་ཐའི་ཇིའི་བུ་མོའི་བསྔོ་ཞུས། དོར་རྟ་ནང་སོའི་བསྐུར་མ། ཐ་ཡན་ཆིའི་མིས་མཚོན་གང་ཡོད་རྣམས་ཀྱིས་གོས་དར་དང་གསེར་དངུལ་གྱི་སྟེར་ཆ་བྱས། གནས་སྙིང་ཞབས་དྲུང་བློ་བཟང་བསྟན་འཛིན། དཔལ་འཁོར་ཆོས་སྡེའི་མཁན་པོ་ཡོན་ཏན་སེང་གེ་གཉིས་ཀྱིས་དབུ་མཛད་པའི་ལྷ་སྡེ། རྩེ་འབྲོང་གིས་ཐོག་དྲངས་པའི་དྲུང་འཁོར་སོགས་རྒྱལ་རྩེ་ཁུལ་གྱི་སྐྱ་སེར་རྣམས་ཀྱི་འགོ་མི་རྫོང་སྡོད་རྡོ་དགོན་པ་བ་རྟ་མགྲིན་རྣམ་རྒྱལ་གྱིས་བྱས་ཏེ་རིང་འཚོའི་རྟེན་འབྱུང་ལ་འབྱོར། གསེར། གོས་དར། རས་སྣམ། པགས་རིགས། བུ་རམ་གྱིས་གཙོས་པའི་བདོག་པ། རྔོ་ཐོགས་པ་བཏེག །ཚེ་དཔག་མེད་ཀྱི་བསྐྱེད་ཆོག་དང་གསོལ་འདེབས་བཀྲ་ཤིས་ཀྱི་མེ་ཏོག་གཏོར། རུ་ཐོག་དབང་པོའི་སྲས་རབ་བརྟན། གསུང་སྒྲོག་པ་གསས་ཁང་དགོན་པའི་དགེ་འདུན་བརྒྱ་སྐོར། གྲ་ལྕོག་གྲ་སྤྲུལ་སྐུ། དེ་མོ་སློབ་ཆུང་བློ་བཟང་བསམ་འཕེལ། འབའ་ར་སྐུ་སྐྱེས། ཀོང་པོ་རྒྱལ་སྐོར་བ་བསོད་ནམས་དབང་པོ་སོགས་ཕྲད་མི་མང་དུ་བྱུང་།གཏེར་སྟོན་དྲི་མེད་ལྷུན་པོའི་གདུང་རབས་དགུ་པ་ཆོས་འབྱུང་དབོན་པོས་གཏེར་སྐུ་ཞིག་དང་གཏེར་སྟོན་གྱི་གདུང་རུས་བྱིན། ཁོང་ཚོར་སྡེ་པ་གོང་མའི་དུས་ལྟོ་སྐལ་ཕྲན་བུ་གནང་བ་རྣམས་ལ་འདི་གའི་ཐེའུ་དང་ཆུ་སྟག་རྒྱལ་པོས་སྒར་ཐོག་ནས་གནང་བའི་ཕྱག་


GLG006_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཐམ་ཡོད་འདུག་རུང་གྲོག་ཁང་སྟེང་པའི་བླ་མ་སྐུ་སྐྱེ་ཟེར་བས་རྩི་འཇོག་ཡེ་མ་བྱས་པར་ཕྲོགས་པའི་དོན་སྨིན་ཡོང་ལ་རེ་བྱེད་ཀྱང་མགྲོན་གཉེར་བཀའ་བློན་ཚོར་རྔན་པ་སྟེར་རྒྱུ་མི་འདུག་པའི་སྟབས་སྟོང་ལོག་ཏུ་ཕྱིར་དེངས་སོང་། ངོར་མཁན་པོ་དཔལ་གླིང་ཆོས་རྗེ་གྲོངས་པའི་བསྔོ་རྟེན་སྐྱེལ་མི་སླེབས། ཁོང་པ་འཆད་ཉན་འཕེལ་བའི་མཁན་པོ་ལེགས་རབ་བྱུང་སོང་ཡང་ཀླུ་སྡིངས་པས་གནོད་པ་འབའ་ཞིག་བྱས་པའི་དུས་མི་བདེ་བའི་ངང་ལ་སོང་། གོང་དུ་འགྲོ་མི་སྟར་སྡོང་དཀའ་བཅུ་བ་དང་ལྷ་མོས་རྒྱབ་པ་གཉིས་ཀྱིས་སྟེར་ཆ་གཟེངས་བསྟོད། རྒྱལ་རྩེའི་བརྟན་བཞུགས་པ་སྐྱ་སེར་དང་གསང་ཕུ་གླིང་སྟོད་ཆོས་རྗེ། གཞི་བ་སློབ་དཔོན། འབྲས་སྤུངས་འདུལ་བ་ཟུར་པ། ཞང་སྟོན་པ། ཕ་བོང་ཁ་པའི་གདན་ས་པ། དྲུག་བརྒྱ་ཆོས་མཛད་ཅན་བརྒྱ་སྐོར་ལ་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར། དཔལ་འཁོར་ཆོས་སྡེའི་མཁན་པོ། བྲག་ར་བླ་མ་ངག་དབང་པདྨ་དབང་ཕྱུག །དྲུག་བརྒྱ་ཆོས་མཛད་སོགས་མང་བར་རྒྱལ་སྲས་ཐོགས་མེད་པས་མཛད་པའི་བློ་སྦྱོང་དོན་བདུན་མ། ལྷ་སའི་ཚེས་བཅུ་པ་རྣམས་ལ་ལེའུ་བརྒྱད་མ་དང་ལེའུ་བདུན་མ་གཉིས་ཀྱི་ལུང་བཀླགས། ཚེས་བདུན་ལ་རྒྱལ་པོ། རྒྱལ་མོ། སྲས་མི་བཟང་། སྟག་རྩེ་ཐའི་ཇི། ཟངས་རི་དཔོན་ས། སྒྲོམ་མདའ་མཁན་པོ། སྒྲོམ་མདའ་སྡེ་པ། ལྷ་སའི་བསྙེན་གནས་མ་ཁག་གཉིས་སོགས་བྱིན་རླབས་ཞུ་མི་མང་བར་བྱུང་། ལེགས་ལྡན་ནག་པོ་གདོང་བཞི་པའི་དུས་ཀྱི་མཆོད་གཏོར་རྒྱས་པར་ཕུལ། མངའ་རིས་ལྭ་དགས་བདེ་ལྡན་གྱིས་རང་གོ་མ་ཆོད་པའི་ཡི་ཕྱོགས་བཞིར་མུག་པའི་དཔེ་ལྟར་ཁྱི་གུ་ཅན་ལ་རྒྱུ་མཚན་ལབ་མི་མཁས་མཛད་


GLG006_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་འབྲུག་པ་ནང་མ་འཆམ་པའི་སྐྱོན་གྱིས་སེམས་ཀྱི་སོག་ལེ་ཤིང་ལ་མ་སོང་བར་རྒྱུ་སྡུག་ཡིན་ཁུལ་གྱི་ཁྲིག་སེ་དང་དཔེ་ཐུབ་པའི་མཆོད་གཞིས་པ་གཉིས་ཟླ་བཅས་བོང་བུ་མུན་ནག་ཏུ་འཕུལ་བའི་ཚུལ་གྱི་མི་སྣར་བཏང་འདུག་ཀྱང་དེ་གཉིས་ཀྱིས་ངག་མ་ལབ་ཤེས་རིགས་སུ་མི་སྣང་། མངའ་རིས་རྒྱལ་པོའི་མི་སྣ་ཡིན་ཞེས་གནས་སྐོར་བ་དང་དབྱིབས་མཚུངས་པ་དེས་རང་སྨ་རང་འབེབས་ཀྱི་ཐབས་ཁོ་ནར་སོང་། མི་སྣ་གཅིག་གིས་བསྙེན་རྫོགས་དང་ཅིག་ཤོས་ཀྱི་དགེ་བསྙེན་དུ་བསྒྲུབས་པའི་སྡེབས་སུ་ཀོང་པོ་ཆོས་འབྱུང་དགོན་དང་གཙང་བྱང་ཆུབ་གླིང་གི་བླ་མ་སོགས་བསྙེན་རྫོགས་ང་དྲུག །དགེ་ཚུལ་གོ་ལྔ། དྲུག་བརྒྱ་ཆོས་མཛད་ཀྱི་སྲིང་མོ་ཅན་དགེ་ཚུལ་མ་དྲུག་རྣམས་བསྒྲུབས། མི་སྣ་ཆོས་བྱས་ནས་ལོག་ལུགས་ལ་དཔགས་ན་དགེ་སློང་འཆར་ཀ་ལྟར་སྤྲུལ་པ་མིན་པའི་ངེས་པའང་མི་སྣང་། རྒྱལ་མོ་གཉིས། ཟངས་རི་དཔོན་ས། ལྕམ་ནོར་བུ་ཁྲ་སྒོར། སྒྲོམ་མདའ་མཁན་པོ། གསང་སྔགས་གླིང་དང་ཐར་པ་གླིང་གི་བླ་མ། བཀྲ་ཤིས་ལྷུན་པོའི་མགྲོན་གཉེར་བཅས་མང་རབ་ཅིག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་བསྐུར། བདེ་ཆེན་ཆོས་འཁོར་བ། ཚལ་ཐའི་ཇེ། དུ་རི་ཡལ་དགེ་ཚུལ་མས་གཙོས་ཕྲད་མི་ཕྱེད་སུམ་བརྒྱ་ཙམ་བྱུང་། ཚེས་བཅུ་ལ་རྡོ་རྗེ་བྲག་སྤྲུལ་པའི་སྐུ་དཔོན་སློབ་སུམ་ཅུ་སྐོར་གྱིས་བདོག་པའི་སྐྱེས་སྤེལ་ཏེ་རིང་པོར་འཚོ་བའི་བདེན་བརྗོད་མཛད། ཨ་པ་ལའི་དཔོན་མོ་མི་བཟང་དང་བཅས་པས་གོས་ཆེན་གྱི་ཀོ་དྲ་དང་ཇ་ཀོ་དྲ་སོགས་ཀྱི་བརྒྱ་འབུལ་བཏེག །སོག་དམངས་ལྔ་བརྒྱ་ལ་བྱིན་རླབས་དང་ཨེར་ཁེ་ཁོ་ཤོ་ཆིས་


GLG006_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

གསོན་བསྔོའི་རྟེན་བྱུང་བར་བར་ཆད་སེལ་བའི་བསྔོ་སྨོན་བགྱིས། ཨ་པ་ལའི་དཔོན་གཡོག །སྒྲོམ་མདའ་མཁན་པོ། དེ་མོ་སློབ་ཆུང་། ཀོང་པོ་རྒྱལ་སྐོར་བ། གསང་གླིང་ཐར་གླིང་སློབ་དཔོན་པ། དྲུག་བརྒྱ་ཆོས་མཛད། མཁའ་འགྲོ་དགེ་ཚུལ་ནོ་གོན་དགེ་ཚུལ་སོགས་བརྒྱ་སྐོར་ལ་དཔལ་མོ་ལུགས་ཀྱི་བཅུ་གཅིག་ཞལ་གྱི་རྗེས་གནང་བསྐུར། ཚེས་བཅུ་གཅིག་ལ་ཟངས་རི་དཔོན་སའི་ཞབས་དྲུང་གིས་སྦྱིན་བདག་མཛད་གྲ་ཚང་ནས་འཆི་མེད་འོད་སྣང་གི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ཚེ་ཆོག་བཏང་། ཚོགས་ཀྱི་ཡོ་བྱད་ཕྱུར་བུར་སྤུངས་ཤིང་གོས་སྣས་གཙོས་པའི་སྟེར་ཆ་རྔོ་ཐོགས་པར་མཛད། གནས་ཆུང་ཆོས་སྐྱོང་ཆེན་པོ་སླར་བུ་ལ་ཁོག་ཞུགས་བྱས་ནས་ཕས་ལྟད་མོ་བལྟ་མཁན་བྱེད་པ་ཡོངས་གསུངས་འདུག་རུང་སྐུ་ཁོག་གིས་མི་མཁས་པ་ཞིག་བྱུང་བ་ཡིན་ནམ་ཚངས་པ་དུང་ཐོད་ཅན་གྱིས་གནས་ཆུང་ཆོས་རྒྱལ་ལི་ཡུལ་དུ་འབྱོན་གསུང་བའི་དུས་བབས་ཡིན་སོགས་དགོས་དབང་ཇི་ལྟར་ཡང་སྲས་པོ་བསོད་ནམས་ན་ཡུན་ཧ་ཅང་མི་རིང་བས་མ་འཚོ་ཞིང་ཞེ་དགུ་ཐོན་ནས་སྡེ་པས་སྐུ་ཆས་ཀྱང་གསར་བཟོ་ཆ་ཆང་གཉིས་བཟོས་ཤིང་བུ་དབང་རྒྱལ་རྡོ་རྗེ་ལ་སྐུ་ཕེབས་ཀྱི་སྟ་གོན་མང་དུ་བྱས་རུང་འདི་ལོ་གསལ་བ་ཡེ་མ་བྱུང་། སློབ་དཔོན་འཕྲིན་རྒྱམ་པའི་ཁ་ཏོན་དུ་བདག་བསྟོད་དཔལ་ལྡན་འབྲས་སྤུངས་ཀྱི་དྲི་གཙང་ཁང་གི་མཆོད་རྫས་ཀྱི་དེབ་ཐེར་འགོ་བརྗོད་བི་ཝརྟ་ཅན་བྲིས། རོང་ནས་ཆུ་ཚན་བླངས་པའི་ཞག་བརྒྱད་ཀྱི་བར་འཕྲོད་བསྟེན་བྱས། ཟླ་འཕྲོས་དང་ཧོར་ཟླ་བཞི་པའི་ཚེས་བཅོ་བརྒྱད་བར་ངལ་གསོ་དང་ཐོབ་ཡིག་དྲི་བ་སྦྲགས་ཏེ་ཕྱི་མཚམས་བཅད། ལྷ་ས་བྱང་སྒོ་སྟེང་པའི་བགོས་


GLG006_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཕུད་ལ་ལྷོ་བྲག་མར་པའི་བཞེས་ཅན་བྱུང་བ་ནང་རྟེན་ཁྲོད་དུ་ཡོད། རྡོ་རྗེ་བྲག་སྤྲུལ་པའི་སྐུ་དང་གཞིས་ཀ་ཤར་སྤུན་ཕ་བུ་རྣམས་ལ་ཉང་གི་གཏེར་མའི་སྨིན་ལམ་དབང་གི་རྒྱལ་པོ་སྣང་སྲིད་ལྷ་འདྲེའི་སྲོག་དབང་། བྱང་གཏེར་བསྟན་སྲུང་ཡོངས་རྫོགས་ཀྱི་དབང་། སྤྲུལ་སྐུ་སྒེར་དུ་དུག་ཁྲག་འབུམ་ལྕགས་སྐོར། བསམ་གཏན་གླིང་པའི་ཨ་ཏི། ཉང་གི་གཏེར་མའི་རྣམ་ཐར་ཟངས་གླིང་མ། གཏེར་ཁ་འོག་མའི་མཛད་པ་བཅུ་གཅིག་པ། པདྨ་བཀའ་ཐང་རཏྣ་གླིང་པའི་འཚོ་རྒྱལ་སྐོར་གསུམ། གཉལ་སྟོན་པའི་ལྷ་ཆེན་ནོར་བུ་གཅིག་པ་སོགས་ལུང་ཕྱག་བཞེས་ཁ་ཤས་བཞེད་པ་དང་སྦྱར། བཞི་པའི་འགོར་འདོད་ཁམས་དབང་ཕྱུག་མ་མདོས་མཆོད་འབུམ་གྱིས་བཀང་བའི་སྙན་དར་ལ་ཞལ་བྱང་བྲིས། མཚམས་ཁོག་ཏུ་རྒྱལ་པོར་ལྕགས་སྡོང་མའི་ཚེ་དབང་བརྒྱ་རྩ་ཕུལ། དཔོན་མོ་ཚེ་རིང་དང་ཨ་མི་དྷ་རས་བསྐུལ་བའི་གསོལ་འདེབས། དགེ་སློང་བློ་བཟང་དོན་གྲུབ། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན། དགའ་གདོང་སྔགས་རམས་པ་དོན་གྲུབ་རྒྱ་མཚོ། རྫོང་རི་ཆོས་རྗེ་བློ་བཟང་པདྨ་བཞིས་ཕུར་པའི་བསྙེན་ཆེན་གྱི་དུས་བསྐུལ་བའི་བརྒྱུད་འདེབས་བརྩམས་ཤིང་བཞི་པོ་དང་མཉམ་དུ་གནང་བྱུང་ཆོས་མཛད་ཀྱིས་ཀརྨ་གུ་རུའི་བསྙེན་པ་ཧོར་ཟླ་གཉིས་པའི་ནང་དུ་བཙུགས་པའི་ཕྱག་ལེན་དམིགས་པ་རྣམས་ཀྱང་ཞིབ་ཏུ་ཁྲིད། ངག་དབང་དཔལ་འབྱོར། ཐོད་རི་བཤད་སྒྲུབ་གླིང་སློབ་དཔོན་བཟོད་པ་རྒྱ་མཚོ་གྲ་དམངས་དང་བཅས་པ། ཡེར་པ་གྲ་ཚང་སྤྱི་ཚོགས་ཀྱིས་བསྐུལ་པའི་སྨོན་ལམ་བརྟན་བཞུགས། རྟ་དཔོན་རྣམས་འཇོམས་ཀྱི་ཁ་ཏོན་ཏུ་ཨོ་རྒྱན་རིན་པོ་ཆེ་


GLG006_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཨ་པ་ལའི་གྱི་ཉམས་ལེན་དུ་རྡོ་རྗེ་འཆང་ལ་བརྟེན་པའི་བླ་མའི་རྣལ་འབྱོར། མཆོད་དཔོན་པས་རི་བོ་ཆོས་གླིང་གི་འདུ་ཁང་ཞིག་གསོས་དུས་དཔལ་ལྡན་དམག་ཟོར་མར་ཕུལ་བའི་སྙན་དར་ཞལ་ཡིག །ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེ་དང་པུ་ཤུད་པ་བློ་བཟང་དར་རྒྱས་ཀྱིས་བསྐུལ་བའི་སྒྲུབ་ཐབས་རྒྱ་མཚོའི་ནང་གི་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་སྒྲུབས་ཐབས། སྡེ་པ་གདོང་ཁ་བའི་ཉམས་ལེན་དུ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་འཁྱེར་བདེ་བ་རྣམས་བྲིས། ཚེས་བཅུ་དགུ་ལ་འབྲུག་པའི་ཕྱག་མཛོད་ཆོས་དབང་། དྭགས་པོ་བྷྲུཾ་པ། འབྲོང་རྩེ་བ་སོགས་ཁ་ཤས་དང་ཕྲད། དཔལ་ལྡན་འབྲས་སྤུངས་ཀྱི་སློབ་དཔོན་དགེ་འདུན་བརྒྱ་ལྷག་གི་ཞབས་གྲ་བྱམས་པ་གླིང་པ་དང་རྒྱལ་གླིང་ཚོགས་པ་གཉིས་ཀྱིས་འཐུད་པའི་ཟང་ཟིང་གི་སྟེར་ཆ་སྤེལ་ཏེ་ཡུན་དུ་འཚོ་བའི་རྟེན་འབྲེལ་བསྒྲིགས། གསང་ཕུ་གླིང་སྨད་ཆོས་རྗེས་གཙོས་གསང་ནེའུ་ཐོག་གི་བླ་མ་ཁ་ཤས། ཁམས་ནས་འཁོར་བའི་གོང་དཀར་གནས་གསར་ཚེ་དབང་དང་ཁྲོམ་ས་པ། སྡེ་པ་ལྕང་ར་བ། སྒྲོམ་མདའ་མཁན་ཆེན་མཐུ་སྟོབས་དཔལ་འབྱོར། ཧོར་བར་ཏའི་དཔོན་བཙུན་ཆུང་རྣམས་ལ་ཇ་གྲལ་བྱས། ཨ་པ་ལའི་དཔོན་དཔོན་མོ་སྐོར་བཅས། ལྷ་བཙུན་ཆུང་པའི་སྲས་ཐུ་མེད་བསྟན་པ། རྨོག་ལྕོག་སྐུ་སྐྱེ་ངག་དབང་ཀུན་དགའ་ལྷུན་གྲུབ། བང་རིམ་ཆོས་སྡེའི་གཉེར་པ་གཉིས་ཀྱིས་གཙོས་མི་གྲངས་ལྔ་བཅུ་སྐོར་ལ་ཨ་པ་ལའི་གྱིས་བསྐུལ་བའི་གསོལ་འདེབས་གསར་རྩོམ་དང་བློ་བཟང་རྒྱལ་བ་མའི་ལུང་བཀླགས། སྒམ་པོ་གདུང་བརྒྱུད་སྒམ་སྨྱོན་དུ་གྲགས་པ་ནང་ཁུལ་དུ་མ་མཐུན་པར་གནས་དབྱུང་ལ་བརྟེན་ཀོང་པོ་སོགས་ཕྱོགས་མཐར་བགྲོད་


GLG006_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དྲག་སྔགས་ཀྱི་གདམས་པ་མང་པོ་ལ་ཞུན་ཐར་བཅད། དཔེ་རྣམས་བཤུས་ཏེ་ནང་མི་ཚོ་རྗེ་མི་ལའི་ཨ་ནེ་དང་ཨ་ཁུ་ལྟ་བུ་ཞིག་བཟོ་རྩིས་ལ་བསམ་པ་ལ་ཁར་ལས་ནས་བང་རིམ་ཆོས་སྡེར་གྲོངས་དཔེ་རྣམས་ཀྱང་དེར་ལུས་པ་གཉེར་པ་རབ་འབྱམས་པ་བློ་བཟང་ཆོས་དར་ཅན་རྒན་གཞོན་གཉིས་ཀྱིས་བྱིན་བྱུང་བ་ཁུངས་བཙུན་དངོས་གཙང་ཤ་སྟག་ཏུ་སྣང་། སྒྲོམ་མདའ་མཁན་པོ། བྱམས་གླིང་མཁན་པོ་ཅན་འགའ་ཞིག་ལ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི་མཁའ་སྤྱོད་མ་དཀར་མོའི་འཕོ་བ། བླ་མའི་རྣལ་འབྱོར། དབུ་མའི་ལྟ་ཁྲིད་རྣམས་ཀྱི་ལུང་ཕུལ། སྨོན་ལམ་ཆེན་མོའི་དགེ་འདུན་གྱི་ཞབས་ཏོག་རུང་ཁང་གལ་ཆེ་བར་བརྟེན་སྡེ་པས་ཞལ་བཀོད་ལེགས་པར་མཛད་ནས་གསར་བཟོ་གྲུབ་བསྟུན་ཚོགས་ཁྲོ་ལུང་བཅུ་མ་ཁ་སྐོར་ལ་མཐོ་ཉེར་བརྒྱད་རེ་ཡོད་པའི་ཆེ་ལེགས་ལྔ། ཇོ་ཤཱཀ་སྐུ་མདུན་དུ་མཆོད་ཀོང་ཁ་མཐོ་དྲུག་རེ་ཡོད་པ་བཅུ་དྲུག་རྣམས་ཀྱི་རྒྱུར་ཁྲོ་ཟངས་ལི་འདྲེས་པ་མཁར་རྒྱའི་ཁལ་ཆིག་སྟོང་ཕྱེད་བཞི་བརྒྱ། བཤའ་དཀར་ཁལ་དྲུག་ཅུ་རེ་དྲུག །དོ་དམ་བཀྲས་རབ་པ་ཅན་དང་ལོ་རོ་བ་བཅུ་དྲུག་གིས་ཟླ་བ་གསུམ་སོང་བའི་ཕོགས་ཡོན་སྟོན་མོ་འབྲུ་ཐོག་ཏུ་དྲིལ་བར་མཁའ་རུའི་ཁལ་ཉིས་སྟོང་བདུན་བརྒྱར་ཉེ་བ་སོང་། བསྙེན་རྫོགས་བརྒྱད་ཅུ་གྱ་གསུམ་དང་དགེ་ཚུལ་སོ་ལྔ་བསྒྲུབས། ཉེར་དགུའི་ཞོགས་ཨུ་ཁེ་རེའི་ཐའི་ཇིའི་བཙུན་པ། ཨོད་ཁོན་ཁྱོ་ཤུགས། དུ་རེ་ཡལ་དགེ་ཚུལ་མ། དཔོན་མོ་ཚེ་རིང་གིས་གཙོས་པའི་བཞི་བཅུ་སྐོར་དང་ཧོར་ཟླ་ལྔ་པའི་ཚེས་བཅུ་བཞི་ལ་ཨ་པ་ལའི་གྱི་དཔོན་མོ་གཞོན་པ་ཅན་སུམ་ཅུ་ལྷག་ལ་སྨྱུང་གནས་ཀྱི་གསོ་སྦྱོང་། བཅོ་ལྔ་ལ་


GLG006_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

སའི་ཁན་ཇུ་དང་དཔོན་མོ་ཚེ་རིང་གིས་ཐོག་དྲངས་པ་བརྒྱ་སྐོར་ལ་བསྙེན་གནས་ཀྱི་སྡོམ་པ་དང་སྐྱབས་འགྲོའི་ཁྲིད་ཕབ། སྟག་ལུང་གི་ནང་རྟེན་ཇོ་བོ་ཆེན་པོ་ཨ་ཏི་ཤའི་ཕྱག་ཏིང་། ཆོས་རྒྱལ་བྱང་པས་ལྷང་ལྷང་བྲག་ནས་གདན་དྲངས་པའི་སློབ་དཔོན་ཆེན་པོས་བདུད་རིགས་དམ་ལ་བཏགས་པའི་རྡོ་རྗེ་ཆོས་དབང་གི་དུས་ཐུགས་ལ་དྲན་ནས་བོན་པོ་སྲུང་སྐྱོབ་ལ་གནང་བ་ཐོན་ཟིལ་གནན་པས་བྱིན། རྫིང་ཕྱི་མཁན་པོ་བྱམས་གླིང་སྐྱེས་མཆོག །ཆག་བྱང་ཆུབ་གླིང་གི་སྐུ་སྐྱེ། བྲག་དབང་སློབ་དཔོན། ཀྲེ་པ་ཁྲོ་བོ་དཀར་པོ། ངན་ཐུབ། ལྷ་འབུམ། ལྷ་རྒྱལ་དར་གྱི་ནུ་པོ་དཀོན་ཅོག་སོགས་བཞི་བརྒྱ་ཉེ་བ་དང་ཕྲད། སྡེ་པ་ཕོན་མདོ་བའི་སྲས་པོ་དགེ་བསྙེན་དུ་བསྒྲུབས། ཡེར་པ་དགའ་ལྡན་གསང་སྔགས་གླིང་པ་དགེ་འདུན་ཕྱེད་ཉིས་བརྒྱ་ཙམ་གྱིས་ཟང་ཟིང་གི་བདོག་པ་དང་བཅས་ཡུན་དུ་གནས་པའི་སྨོན་ལམ་མཛད་པ་དང་ཕྱོགས་མཐུན་དུ་འཇམ་དབྱངས་གོང་མའི་གསེར་ཡིག་པ་རྒན་གཞོན་འགྲུལ་བསྡེབས་རྣམས་ཀྱིས་གསེར་དངུལ་གྱི་མཎྜལ་དང་གོས་དར་བཏེག་ནས་གསོལ་བ་བཏབ། སྟོད་ལུང་ཚེར་གསེབ་དགོན་པ་བས་ཚན་གྲངས་དང་རྒོད་ཚང་པའི་གསང་ཡུམ་མཁའ་འགྲོ་མ་འགྲོ་བ་བཟང་མོའི་ཕྱག་ལེན་གྱི་རིང་འཚོའི་རྟེན་འབྲེལ་དང་དེ་མཚུངས་ཚེ་སྐྱབས་ཀྱིས་གཅོས་པའི་ནག་ཚང་པ་རྣམས་ཀྱིས་རྟ་ནོར་བརྒྱ་ཕྲག་གི་བདོག་པ་བསྟབས། གོང་གི་གསེར་ཡིག་པ་རྒན་གཞོན་གཉིས་སོགས་བསྙེན་རྫོགས་ཞེ་བཞི། དགེ་ཚུལ་གྱ་གཅིག །དགེ་བསྙེན་གཉིས་རྣམས་བསྒྲུབས། མི་སྣ་གཞོན་པར་མིང་བློ་བཟང་ཕུན་ཚོགས་སུ་བཏགས། གསེར་ཡིག་པ་གཉིས། ཨོང་ཁོན། ལྕང་ར་ནས། ཀྲེ་པའི་


GLG006_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གསུམ་གྱིས་གཙོས་པའི་ཕྱེད་ཉིས་བརྒྱ་ཙམ་ལ་སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ་དང་གྲུབ་རྒྱལ་མའི་ཚེ་དབང་བསྐུར། མོན་འཛུམ་ལང་གི་རྒྱལ་པོའི་མི་སྣ་ཇེ་ཏུ་བྷཎྜ་རི། ཨཱ་ནནྡ་བྷཎྜ་རི། དཔོན་དྲུང་ཁྲོ་བོ་རྣམ་རྒྱལ་རྣམས་འབྱོར་བའི་རྟེན་བཅས་ཀྱི་གཙོ་བོ་དེ་བཞིན་གཤེགས་པ་གླང་པོ་ཆེ་ས་ལ་རབ་བརྟན་དུ་འཁྲུངས་པའི་མཆེ་བ་ཡིན་ཟེར་བ་འདོམ་པ་གང་ལྷག་པ་དང་སྲོག་ལྡན་མ་ཡཱུ་ར་གཉིས། རས་དཀར་པོ་ཤ་མི་སྒྲིབ་ཀྱིས་གཙོས་དངོས་པོ་གཏོས་ཆེ་བ་སྣང་། རྒྱ་ནག་ཏུ་གླང་པོ་ཆེ་གསོན་པོའང་མང་དུ་མཐོང་རུང་མཆེ་བ་དེ་འདྲ་ཡོད་པ་ཡེ་མི་འདུག་པས་ཁྱད་དུ་འཕགས་པ་ཞིག་ཡིན་པར་མངོན། མི་སྣ་རྣམས་ལ་བདག་རྐྱེན་གང་ལེགས་དང་འཕྲིན་ལན་ལྷུག་པ་སྐད་ཤན་སྦྱར་མ། གོས་ཆེན་དངུལ་གྱི་ཐ་ཕག་གི་རྟེན་ལན་དང་བཅས་བསྐུར། ཨ་པ་ལའི་སྐོར་བཅས་དྲག་རིགས་སུམ་ཅུ་ལྷག་ལ་ནང་རྟེན་རགས་རིམ་གྱི་མཇལ་ཀ །དཔོན་པོ་དང་སྲས་མོ་གཉིས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་ཕྱག་རྡོར་འབྱུང་འདུལ། བན་ཆུང་དཔོན་མོ་གསུམ་དམངས་ཡོངས་རྫོགས་ལ་སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ་དང་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་། སའི་ཁན་ཇུས་བསྐུལ་བའི་ཉམས་ལེན་ཉུང་ངུ་དོན་གསལ་གྱི་དམིགས་སྐོར་བཤད་པ་དང་བཅས་པ་བྱས། དཔོན་མོ་ཚེ་རིང་གི་ཁ་ཏོན་དུ་སྨོན་ལམ། དཔོན་མོ་བསོད་ནམས་སྒྲོལ་མའི་ངོར་གསོལ་འདེབས། ཆོས་འཁོར་ལྷ་ས་བ་སྤྱི་ཚོགས་ཀྱིས་བསྐུལ་པའི་བསྟན་པ་རྒྱས་ཤིང་དེ་འཛིན་རྣམས་བརྟན་པ་མི་བདག་གི་སྐུ་ཚེ་དང་མཚན་ཇུས་འཕེལ་བ། གནས་སྐབས་


GLG006_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཐར་ཐུག་བདེ་བ་གྲུབ་པའི་སྨོན་ལམ་ཁྱབ་ཆེ་བ་གང་གི་སྐབས་སུའང་བཏོན་ཆོག་པ་རྣམས་བྲིས། ཨ་པ་ལའི་དཔོན་གཡོག་ལ་ཤལ་དཀར་དམར་སྣམ་ཕྲུག་གིས་གཙོས་ཡུལ་ལུགས་དང་བསྟུན་པའི་རྫོང་བ་བཟབས། སྦེ་སེར་བླ་མ། ཆོག་ཐུ་ཇའི་སང་། ཇའི་སང་ཁོ་ཤོ་ཆའི་དགེ་ཚུལ་མ་ཅན་ལ་ཇ་གྲལ་བཏང་། བྱང་ཆུབ་གླིང་སྐུ་སྐྱེས་འོན་གྱི་དགོན་པ་གསར་པར་གསང་སྙིང་གི་བཤད་པ་ཚུགས་ལ་རེ་ཡིན་པས་དགོས་ཚུལ་བྱུང་བ་ལྟར་རྩ་རྒྱུད་ཀྱི་ལུང་བྱས། ཧོར་ཟླ་དྲུག་པའི་ཚེས་བཅུ་གཉིས་ལ་རྒྱལ་མཚན་མཐོན་པོའི་ཕྱག་མཛོད་པས་ཚ་རོང་དཔོན་ཚང་དགེ་སློང་དང་གསོལ་དཔོན་གཉིས་བཀའ་འགྱུར་གསར་བཞེངས་ཀྱི་དཀར་ཆག་སྨོན་ལམ་དགོས་ཚུལ་ལ་བཏང་འདུག་པ་འཕྲལ་དུ་བརྩམས་ནས་བསྐུར། དེ་མཚུངས་མདའ་དཔོན་གཟེར་ཆེན་པས་བཀའ་འགྱུར་བཞེངས་པར་འདོད་སྦྱར་གནམ་རབ་གཞིས་གཉེར་དགོས་དགོས་ཀྱི་ངོར་ལྷ་ངག་དབང་དགའ་ལྡན་རབ་བརྟན་གྱི་བརྟན་བཞུགས། ཆོས་སྐྱབས་ཐ་ཡན་ཆིའི་ཉམས་ལེན་དུ་བདུན་རྣམ་དག་དང་འབྲེལ་བའི་སྨོན་ལམ་དང་སྡེ་བརྒྱད་ལ་སྤྲིངས་ཡིག །བྱིང་བསམ་གཏན་རྩེ་བླ་མས་བསྐུལ་བའི་བདག་བསྟོད་རྣམས་བྲིས། ཚེས་བཅུ་བཞི་ལ་གྲ་ཚང་སྤྱི་དང་མཆོད་དཔོན་དབུ་མཛད་གཉིས་ཀྱིས་ཚོགས་འཁོར་བདོག་པ་གྱ་ནོམ་པ་དང་བཅས་འཆི་མེད་འོད་སྣང་གི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ཚེ་ཆོག་བཏང་། གསོལ་དཔོན་གེ་ར་བས་བྲིས་ཐང་བཞེངས་པའི་རྒྱབ་ཡིག་དང་གོང་གི་མི་སྣ་གཉིས་ཀྱི་ཁ་ཏོན་ཏུ་གསོལ་འདེབས་བྲིས། འདི་ལོའི་སྟོད་སྨད་ཚོར་ཡན་ལག་རེས་བདེ་རེས་


GLG006_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

མི་བདེའི་འཕྲོད་བསྟེན་ཕྲན་བུ་ཁ་ཡར་དགོས་པ་བྱུང་རུང་རྐང་འཐེང་ལག་ཁྱོག་གི་ངང་ནས་བྲེལ་བ་གཅོད་པ་ལས་ལུས་པ་མ་བྱུང་། ཧོར་ཟླ་བདུན་པའི་ཚེས་གཅིག་ལ་ལྕང་ར་ནས། བྷུཾ་ནས། རྣམ་སྲས་གླིང་ནས། འབྲོང་རྩེ་ནས། མགྲོན་གཉེར་དྲུང་པ། སྟག་རུ་ནས། མདའ་དཔོན་གཉིས་ཀྱིས་ཐོག་དྲངས་དྲུང་འཁོར་གཟིམས་བྱུང་བ་སྤྱི་བསྡུས་ཀྱིས་ཚོགས་ཆས་སྤྱི་འབྱེད་གོས་དར་སྣམ་ཕྲུག་སོགས་སྟེར་ཆ་དཔངས་མཐོ་བར་བཏེགས་ནས་ཚོམས་ཆེན་དུ་གྲ་ཚང་གིས་འཆི་མེད་འོད་སྣང་གི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བའི་ཚེ་ཆོག་རྒྱས་པར་བཏང་། འབུལ་ཡིག་ལེ་ཚན་ལ་ལྕང་ར་ནས་ཀྱིས་འགོ་བརྗོད་ཀྱི་རྩོམ་པའང་ནད་ཁྱག་བྱས། དྲུང་འཁོར་རྣམས་ལ་ཚོམས་ཆེན་དུ་བཞུགས་གྲལ་བཏང་བའི་དུས་སྦྱར་ར་དངོས་གྲུབ་ཀྱིས་གསོ་བ་རིག་པ་ལ་བརྟེན་པའི་འཕྲོས་གཏམ་བཏང་འདུག་པ་སྤོབས་པ་མཐོ་བར་གྲགས། ཤིང་རྟ་ཆོས་རྗེ་བྲག་སྣ་བས་གསང་སྔགས་གླིང་པ་རྣམས་སྙེ་ཐང་བདེ་བ་ཅན་དུ་སྤོ་བའི་ས་བཅད་ལ་བརྟེན་འཕགས་སྡེ་བ་དང་དགོན་བརྗེས་ཀྱི་སྒོ་དོད་པར་ཆོས་རྗེ་འགྱུར་བ་དང་ར་བ་སྟོད་པ་དོལ་ནས་འཕོ་དགོས་པ་གཉིས་འདོམ་པ་ལས་རྒྱུ་རྐྱེན་གཞན་མེད་པའི་ཤངས་སུ་དགོན་གནས་མི་འཛིན་ཀ་མེད་མ་འཕྲོད་པའི་ས་བརྗེས་ཀྱི་ཞུ་འབུལ་ལ་འདོད་སྦྱར་བཞིན་སྙེ་ཐང་བྲག་སྣ་དགོན་རྟེན་གསུམ་མཆོད་རྫས། ཐབ་གདན་ཆས་ཆ་འགྲིག །ཐེམ་འཛིན་ལྔ། ལག་ཡོང་མཁའ་རུའི་ཁལ་ཕྱེད་ཉིས་སྟོང་སྐོར། ཚེ་ཆུ་སྒྲུབ་སྡེ་འདི་སློབ་དཔོན་ཆེན་པོའི་གནས་ཁྱད་པར་ཅན་དུ་སོང་བས་ཚེ་ཆོག་གཏོང་བའི་ཁྱད་ནས་གོང་ར་ངེས་གསང་རྡོ་


GLG006_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་གླིང་པར་སྤྲད། གཞི་བ་རྣམས་བསམ་གཏན་གླིང་ཏུ་སྤོས་པར་འཚོ་ཐབས་སུ་འབྲུ་ཁལ་ཕྱེད་ཉིས་བརྒྱ། ཡར་ཀླུངས་བཀྲས་རབ་པར་ལྗངས་ཁྲི་ཁང་གཞིས་ཀ །ཐེམ་འཛིན་བཅུ་གཅིག །ལག་ཡོང་ཆིག་སྟོང་ཆིག་བརྒྱ། འཕྱོང་རྒྱས་མཐོང་དགའ་བར་སྙེ་མོ་དགོན་འདོན་རྐང་ལྔ་བཅུ་སྐོར་ས་རིས་རྒྱ་ཁྱོན་ཆེ་བའི་མི་ནོར་ཚང་འགྲིག་གི་སྟེང་དུ་མག་པ་སྡེ་པ་ཡོལ་གདོང་པ་ནང་མཚམས་སུ་མ་མཐུན་པའི་རྒན་པའི་སྐལ་པའི་ཚབ་ཏུ་རྟ་ནག་རང་བྱོན་གཞིས་ཀ །ཐེམ་འཛིན་སོ་གསུམ། ལག་འབབ་ཉིས་སྟོང་ཕྱེད་སུམ་བརྒྱ་སྐོར། ཤངས་པ་ལྷ་དབང་ལ་ཕྱབ་སྤེལ་ཁུངས་གཞིས་ཀ །ཐེམ་འཛིན་གསུམ། ལག་འབབ་སྟོང་རྭ་ཅན། རྡོ་རྗེ་རྒྱལ་མཚན་གྱིས་ས་ཕག་རྒྱུས་མེད་པ་སོར་བཞག་གིས་ངེད་རང་ལ་མགོ་བསྐོར་བའི་མྱུག་སྦུབས་ཟོས་བྱས་པ་འཇགས་འོས་སུ་མ་སོང་། བསྒྲུབས་ཡུས་མེད་པའི་ཞུ་རེ་བྱེད་དོན་མི་འདུག་རུང་ཞུ་ནན་ལ་བརྟེན་སྤན་ཁུམ་བུ། ལུ་ལུང་གི་ལུད་ཁང་། ཐེམ་འཛིན་བཞི། ལག་ཡོང་དྲུག་བརྒྱ་རྣམས་སྤྲད་པར་དྲུང་འཁོར་འགས་ཁོ་སྔ་ཕྱི་བར་གསུམ་དུ་བསམ་སྦྱོར་མ་དག་པ་ཁོ་ན་བྱེད་པར་རྩད་གཅོད་མེད་པའི་ཁར་ངུས་པའི་མཆི་མར་དེ་འདྲ་ཡོད་ན་ངེད་ཕྱག་གཡོག་བྱེད་མཁན་ཚོར་ཁལ་བཞི་བརྒྱ་ཙམ་བྱུང་ན་བཀའ་དྲིན་སྐྱོང་པོར་རྩི་དགོས་འདུག་པས་བཀའ་བློན་དང་མགྲོན་གཉེར་ཚོར་རྔན་པ་ཐེབས་མ་ཐེབས་ལས་ཐ་སྙད་ཅི་ཡོད་ཅེས་གླེང་ཡང་མི་ཞིག་གིས་རྒྱ་རི་ཟད་ནས་ཟན་གཅིག་པུ་ཟོས་པར་གསོལ་སྐྲུམས་ཨེ་བསྐྱར་གྱི་ལན་དུ་ད་གིན་ནས་འདི་ག་ཡིན་བྱས་པའི་དཔེ་བཞིན་དགའ་ལྡན་ཕོ་བྲང་བར་སྔ་མོ་ནས་སྲོལ་དེ་འདྲ་ཡོད་དོ། །ཐོས་བསམ་དར་རྒྱས་གླིང་སློབ་དཔོན་འདུས་སྡེ་དང་བཅས་པས་བསྐུལ་བའི་རིང་འཚོའི་ཚིགས་


GLG006_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

བཅད། བདེ་ཆེན་ཁང་གསར་སྟག་རུ་བ་ནོར་བུས་དད་རྟེན་དུ་གསེར་སྐུ་གསུམ་བཞེངས་པ་བསོད་ནམས་ཀྱི་ཡུལ་དུ་བྱས་པའི་གསོལ་འདེབས་སྨོན་ལམ། སྔར་གོ་ཆ་རྣམས་ལ་གྲ་སྒྲིག་པར་བཀབ་གཅིག་མི་འདུག་པ་སྡེ་པས་གོ་མཛོད་རྡོ་རྗེ་གླིང་གསར་བརྒྱབ་ཏུ་གཡུལ་ཆས་ཚོ་གྲ་བསྒྲིགས་པའི་ཚེས་བཅུ་དགུ་དམག་དཔོན་ཐ་སྐར་གྱི་འགྲུབ་སྦྱོར་ཐོག་སྤྱིའི་དེབ་ཐེར་གྱི་འགོ་བརྗོད་ལས་གསོལ་གོའི་སྐོར། རྟ་དམག་གི་གོ་ཆ་ཨངྐི་གཉིས་པ་བཟབས་མཆོར། རུ་མཚོན་དཀར་པོའི་ཚོ་ཆེན་གྱི་བཟབས་མཆོར་དང་ཐག་རིང་དུ་བགྲོད་པ་ཡང་ཆས་འཇུག་བདེ། དེ་བཞིན་དུ་རུ་མཚོན་སེར་པོ། དམར་པོ། མཐིང་ནག་སོ་སོར་རྒྱས་བསྡུས་ཁ་བསྒྱུར་ཆོག་པ། རྒྱ་གར། རྒྱ་ནག །ཧོར་སོག །ཁམས་འབྲོག་གི་གོ་མཚོན་རྣམས་ཀྱི་དེབ་ཐེར་འགོ་བརྗོད་བི་ཝརྟ་ཅན་ཐུགས་བཞེད་ལྟར་བྲིས་ཤིང་སྡེ་དཔོན་གྱི་ཚུགས་ཁ་འཛིན་པ་ལ་མེད་ཐེབས་མེད་པ་ཞིག་སྣང་། མཆོག་དམན་ཀུན་ལ་སྐྱེས་ལན་མཚར་ཁ། སྦྱིན་གཏོང་གི་དེབ་ཀྱི་འགོ་བརྗོད་སྟག་རུ་བ་ནོར་བུས་སྨེད་པ་རྣམས་བྲིས། ཉེར་གཅིག་ལ་ཆོས་འཁོར་ལྷ་ས་རུ་བཞི་ནས་རིང་འཚོའི་རྟེན་འབྲེལ་བདོག་པའི་སྐྱེས་བཅས་དཔངས་བསྟོད། གོང་གི་གསེར་ཡིག་པ་གཉིས། བྱམས་གླིང་མཁན་པོ། ལམ་པ་སྤྱན་སྔ། ས་ཆེན་དབོན་པོ། ཁང་གསར་རབ་བརྟན། བཀྲ་ཤིས་རྩེ་པ་བསོད་ནམས་མགོན་པོ། འབྲོང་རྩེ་ནས། བདེ་ཆེན་ཁང་གསར་བ་གནམ་གང་འབྲུག་རྒྱལ། སྐྱ་རིལ་ཅན་སུམ་ཅུ་སྐོར་ལ་ནང་མཇལ་རགས་རིམ་བཏང་། ཉེར་གཉིས་ལ་ཞང་སྟོན་སྐུ་མདུན་ལྷུན་གྲུབ་ཀྱིས་བཟང་ཇ་སྦྱོར་སྦྲེལ་ཚན་གྲངས་ཀྱི་ཐོག་གྲ་ཚང་གི་གྲ་པ་བཅུ་ཙམ་གྱིས་མཁའ་


GLG006_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་སྡེ་ལྔའི་བསུ་བཟློག་ཚིགས་བཅད་མ་གསུངས། ད་ལའི་ཧུང་ཐའི་ཇི་དང་མཁའ་འགྲོའི་མི་སྣ། མོན་སྒང་རྡོག་རྒྱལ་པོ། རྭ་བསྒྲེང་མཁན་པོ། ཐར་པ་མཁན་པོ་བྱམས་པ་བསོད་ནམས་དངོས་གྲུབ། སྒྲགས་སྔགས་ལྕོག་དང་སྤང་གཤོངས་ཧ་རི་ཁའི་བླ་མ། ཀྲེ་ནག་ཚང་གི་དཔོན་པོ་བདུན། རྫོགས་ཆེན་སྐུ་སྐྱེ། སྤུང་རི་སྐུ་སྐྱེ། སྐྱོར་ལུང་ཕུག་ཁང་པ་དང་དོལ་གསུང་རབ་གླིང་གི་བླ་མ། འབྲས་སྤུངས་ཀྱི་སློབ་དཔོན་ཁྲི་གདན་ཟུར་རྣམས་དང་ཕྲད། བསྙེན་རྫོགས་ཞེ་དགུ་དང་། དགེ་ཚུལ་གོ་གཉིས་བསྒྲུབས། བསམ་བློ་ལམ་པ་སྤྱན་སྔ་ལ་སྟེར་ཆ་བྱིན་ཏེ་རང་ཡུལ་དུ་ཐོན། རྒྱ་ནག་གི་མི་སྣ་འགྲུལ་སྡེབས་དང་བཅས་པ་ལ་ཡེ་ཤེས་ཁྱུང་ཁྲའི་རྗེས་གནང་བྱས། གསེར་ཡིག་པ་རྣམས་ཐོན་པ་དང་ལྷན་དུ་བྱམས་གླིང་མཁན་པོ་ཚུལ་ཁྲིམས་རྒྱལ་མཚན་དང་ཁང་གསར་རབ་བརྟན་གཉིས་གོང་དུ་ཞུ་ཡིག་འབུལ་རྟེན་དང་རྒྱ་སོག་བར་གྱི་གཞུང་ལ་སེལ་ཅུང་ཟད་བྱུང་བར་མཚོ་སྔོན་པོའི་དཔོན་པོ་ཁག་གིས་གོང་དུ་དགོངས་བསངས་ལ་རྟ་ནོར་གྱིས་གཙོས་པའི་དངོས་པོ་དཔངས་མཐོ་བར་ཕུལ། ས་མཚམས་རྣམས་ཀྱང་སོ་སོར་མ་འདྲེས་བར་དབྱེ། རྐུན་ཇག་གི་རིགས་མི་ཡོང་བའི་ཕན་ཚུན་ནས་ཁྲིམས་ཁ་བསྡམས། ཚོང་གི་ལས་སྒོ་མི་བསྡམ་པ་སོགས་རྒྱ་སོག་གཞུང་བཟང་པོ་དགོས་པའི་རྒྱུ་མཚན་འབུལ་བར་བཏང་། དེ་གའི་སྐོར་ལ་སྡེ་པ་དང་རྒྱལ་པོ་བཀའ་བགྲོས་ཤིང་ད་ལའི་ཧུང་ཐའི་ཇིས་ཀྱང་ཁུར་བསམ་བསྐྱེད་པའི་དཔོན་པོ་རྣམས་ཀྱིས་ཡ་ལའི་འབུལ་བ་ལའང་རྩེག་གཏམ་མ་བྱས་པས་དུས་འཁྲུག་ཞི་སྟེ་ལུས་ཅན་འབྱམ་ཀླས་པར་མི་འཇིགས་པ་བྱིན་པའི་འབྲས་བུ་གཅིག་ཏུ་དཀར་


GLG006_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གཞུང་བསྟན་པ་མཐའ་དག་ལ་ཕན་བདེའི་གསོས་སྨན་བླ་ན་མེད་པར་གྱུར། ལྕགས་ཟམ་སྤྲུལ་པའི་སྐུ་མེ་ཏོག་འཐོར་བའི་ཐུགས་དམ་གསལ་འདེབས་པ་འབྱོར། རེ་ཞིག་སྐུ་ཚེ་བརྟན་ན་ཇོ་ཤཱཀ་གི་བརྟན་བཞུགས་སུ་ལྕགས་ཟམ་འཛུགས་པ་སོགས་བསྟན་འགྲོའི་ཕན་བདེའི་སྨན་ཡོན་དུ་འགྱུར་བ་ཞིག་ཡོང་འདུག་ཀྱང་དུས་ཀྱི་དབང་གིས་དེ་རིགས་ལ་བར་ཆད་མང་བར་སྣང་། སྟག་ལུང་ཞབས་དྲུང་ངག་གི་དབང་ཕྱུག་བར་ཁམས་ནས་ཕེབས་པར་བཀུར་གཟོས་ལྷ་སྡེ་མི་སྡེ་གང་རུང་གི་ལུགས་བཞིན་མ་ཐུབ་པས་མཐའ་གཉིས་སུ་མ་ལྷུངས་པའི་དབུ་མའི་ལམ་ལ་བརྟེན་ཅིང་ཞབས་དྲུང་དང་མོན་སྒང་རྡོག་པ། སྡེ་པ་ལྕང་ར་བ། མཁའ་འགྲོ་དགེ་ཚུལ་མ་རྣམས་ལ་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་། ཡིག་དྲུག་བཟླས་ལུང་། བཟང་པོ་སྤྱོད་པའི་སྨོན་ལམ་རྣམས་ཀྱི་ལུང་བཀླགས། ཉེར་བཞི་ནས་ཡན་ལག་བརྒྱད་ལྡན་གྱི་ཆུ་ལ་ཞུགས། ཧོར་ཟླ་བརྒྱད་པའི་ཚེས་ལྔ་ལ་སྟག་རྩེ་ཐའི་ཇི་ཡབ་སྲས། དགའ་ལྡན་གསུང་རབ་གླིང་བླ་མ། མོན་མེ་རག་བླ་མ་གྲ་བཅས། ཁུ་ཐུག་ཐུ་བསྟན་འཛིན་སྐུ་སྐྱེ། བདུད་འདུལ་དཀའ་བཅུའི་མི་སྣ། བཀྲ་ཤིས་ཀྱི་དཔོན་མོ་རྣམས་དང་ཕྲད། སྟག་རྩེ་ཐའི་ཇི་ལ་ཕྱག་དྲུག་པའི་རྗེས་གནང་ཕུལ། འཕྱོས་ལམ་རིམ་པ་ལྔ་བཅུ་སྐོར་ཟང་ཟིང་གི་སྐྱེས་དང་བཅས་རིང་འཚོའི་རྟེན་འབྱུང་ལ་འབྱོར། བླ་མའི་རྣལ་འབྱོར་དང་རིང་འཚོའི་ཚིགས་བཅད། གདོང་ནས་དང་སྦྱར་ར་དངོས་གྲུབ་གཉིས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་ཀྱི་ལུང་བཀླགས། གྲ་རིགས་རྣམས་ཀྱིས་བསྐུལ་བ་ལྟར་གྲུབ་དབང་ལྕགས་


GLG006_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཟམ་པ་ཀུན་དགའ་བསོད་ནམས་དབང་ཕྱུག་སྐུ་སྐྱེ་མྱུར་འབྱོན་གྱི་སྨོན་ལམ། སྐྱར་པོ་བ་བློ་བཟང་ལེགས་ལྡན་གྱིས་ཕའི་དོན་དུ་དོན་གྲུབ་ཀྱི་སྐུ་བརྙན་དང་སྟག་ལུང་ངག་གི་དབང་ཕྱུག་གི་ཐུགས་དམ་ཐང་སྐུའི་རྒྱབ་ཡིག་རྣམས་བྲིས། ཚེས་དགུ་ནས་གྲ་ཚང་གིས་དམག་ཟོར་མའི་རྒྱུན་མདོས་བཏང་། ཚེས་བཅུ་བཞི་ལ་འབྲུག་པའི་བློན་པོ་བླ་མ་ལ་སྔོན་པ། ཁམས་བདེ་དགེའི་བླ་དཔོན་ཕུན་ཚོགས་གཉིས་འཇིག་རྟེན་ཕ་རོལ་གྱི་ལྟད་མོར་སོང་བར་ཚོམས་ཆེན་དུ་སྤྱན་གཟིགས་བཟབས་རྒྱས་སུ་བཤམས། གསར་དུ་དམར་བྱེ་གཤོག་མའི་ཁྲབ་གོས་གཤམ་མ་རྨོག་བཅས་ལེགས་པ། གཏོར་མའི་རི་བོ། སྨན་རག་གི་རྒྱ་མཚོ། མཆོད་པ་ཚོགས་ཀྱི་འཁོར་ལོ་བསྟར་ཏེ་ཉིན་བཞིའི་བར་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱིས་གཏང་རག་གི་མཆོད་པ་རྒྱས་པར་ཕུལ་ཞིང་སྙན་དར་ལ་ལས་བསྒྲུབས་ཀྱི་ཚིགས་བཅད་བཀོད། དགའ་ལྡན་ཕུན་ཚོགས་གླིང་པའི་སྨྲ་སེང་ཅན་གྲ་པ་ལྔས་གསར་རྩོམ་དབུ་ཕར་མཛོད་རྣམས་ཀྱི་རྒྱུགས་སྤྲད། ཏ་འོན་ཆོས་རྗེ། བསྟན་འཛིན་སྐུ་སྐྱེ། དུ་རི་ཡལ་གྱི་ནུ་བོ་མོ་ཇ་རག་སོ་སོས་གོས་དར་ཇ་ཀོ་དྲ་སོགས་ཀྱི་བརྒྱ་འབུལ་བསྟར། ཤ་རི་ཐའི་ཇིའི་མ། སྒྲོམ་མདའ་མཁན་པོ། རི་ཁྲོད་དགའ་ལྡན་ཟུར་པ་སྤྱན་གཡས་བློ་བཟང་རྣམ་རྒྱལ། ཀོང་པོ་ནགས་ཕུ་བླ་མ། རྒྱལ་རི་ཁྲོད་པ་བཅུ་སྐོར། ཧོར་འབྲོག །ལྷོ་སོག་སྐད་དང་ཞྭ་གོས་རིགས་མི་གཅིག་པ་ཉིས་སྟོང་ཙམ་ལ་བྱིན་རླབས་བྱས། བསྟན་འཛིན་སྐུ་སྐྱེ་དང་ཤ་རི་ཐའི་ཇིའི་མ་སོགས་དགེ་ཚུལ་ཁ་ཤས་བསྒྲུབས། ཞིང་སྐྱོང་ནང་སོས་བསྐུལ་བའི་འཇམ་དབྱངས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དང་ཨེ་གཟིམས་


GLG006_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཤག་བྱང་པ་མགོན་པོ་རབ་བརྟན་གྱི་ངོར་རིང་འཚོའི་ཚིགས་བཅད་བྲིས། རྒྱལ་རྩེ་བ་འཇམ་དབྱངས་དབང་པོ་དང་ངག་དབང་ཕུན་ཚོགས་སྤུན་གཉིས་ཀྱིས་འདི་ལོ་ནས་བཟུང་དཔེ་ཆ་འདྲི་བར་བཅར་སྡོད་བྱས། འཕགས་པ་ལྷ་སྤྲུལ་པའི་སྐུ་བར་ཁམས་ནས་ཕེབས་པའི་ཧོར་ཟླ་དགུ་པའི་ཚེས་གཅིག་མཇལ། ཇ་ཁོར་དྲུག་མ་སུམ་བརྒྱ། རྟ་དྲལ་མཛོ་གཡག་ཁྲབ་སོགས་སྟེར་ཆ་དངོམ་ཆེ་བ་མཛད། ཞབས་དྲུང་བྱམས་པའི་ཕྱག་མཛོད་ཛམྦྷ་ལ་ཆོས་རྗེའི་བསྔོ་ཞུས་པ་མཽ་ཇ་རག་ཨུ་རང་ཁ་ཨ་ཀིའི་བུ་དཀོན་ཅོག་གི་བསྔོ་ཞུས། ལྷུན་པོ་རྩེ་མཁན་པོ། ཉང་རོང་སློབ་དཔོན། དུང་དཀར་སྐུ་སྐྱེ། ཆོས་རྗེ་དཀོན་གཉེར་དཔོན་པ། ལོང་པོ་བཀྲ་ཤིས་ཆོས་གླིང་གི་བླ་མ། རག་ཤུལ་བླ་མ། ཚལ་ནས་ཞབས་དྲུང་གྲགས་པ། ལྡན་མ་ཟལ་དཀར་བླ་མ། དར་རྩེ་མདོས་ཡང་། ཏ་འོན་ཤི་རི་ཡེ་ཐུའི་མི་སྣ་རྣམས་དང་ཕྲད། སོ་སོས་གང་འཚམ་གྱི་སྟེར་སྦྱིན་དང་ཐ་ཤི་སྦོ་ལོད་ཀྱིས་གོས་དར་དང་ཇ་ཀོ་དྲའི་བརྒྱ་འབུལ་བཏེག །རི་ཁྲོད་དགའ་ལྡན་ཟུར་པ་སྤྱན་གཡས་པ། མཁར་སྐྱ་གྲུབ་ཆེན། ཉན་པོ་ཆོས་འཕེལ་སོགས་རི་ཁྲོད་པ་སུམ་ཅུ་སྐོར་ལ་གསར་རྩོམ་བླ་མ་མཆོད་པ་ལེ་ཚན་དང་ཀླུ་གཏོར་གྱི་ལུང་བྱས། མཁར་སྐྱ་གྲུབ་ཆེན་གྱིས་ལྟ་བ་ལ་དོགས་གཅོད་ཁ་ཡར་བྱེད་པར་དེ་གའི་ལན་བཏབ། རྫོང་གཞིས་བཅུ་དགུ་བསྡོམས་པར་བཀའ་འགྱུར་ཚར་ཆིག་བརྒྱ་སོ་བཞི། གདུགས་དཀར་ཆིག་འབུམ། མཚན་བརྗོད་སུམ་འབུམ། སྨན་བླ་ཉི་ཁྲི། སྒྲོལ་མ་ཆིག་འབུམ། ཤེར་སྙིང་བཞི་འབུམ། ཚེ་གཟུངས་ཆིག་འབུམ། ཚེ་ཆོག་གཉིས། གཤིན་རྗེའི་སྔགས་རིང་བྱེ་བ། མ་ཎི་


GLG006_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

དུང་ཕྱུར་གཉིས། བཛྲ་གུ་རུ་དུང་ཕྱུར་གཅིག །ལྷ་ས། བསམ་ཡས། ཁྲ་འབྲུག་གསུམ་ལ་བརྒྱ་མཆོད་སྣ་ལྔ། གསེར་ཆབ། སྙན་ཤལ། ལྷ་སར་འཕར་མཆོད་ཉིན་བདུན། ཕ་བོང་ཁ ཡེར་པ་ཡོམ་བུ་སོགས་གནས་ཆེན་བཅུ་ལ་མཆོད་འབུལ་སྙན་ཤལ། གྲ་ས་ཕན་ཚུན་དུ་ཇ་ཚུལ་སུམ་ཅུ་རེ། ཆོས་འཁོར་རྒྱལ་དུ་དམག་ཟོར་མ་དང་བེག་ཙེར་བཀང་བ་ཁྲི། གཞན་རྣམས་ལ་བརྒྱ་རྩ་བྱས། ཚེས་གཉིས་ལ་གེ་རེ་ལྷ་པ་ཡབ་སྲས་གསུང་རམ་པའི་བན་ཚང་པ་ཞིག་ཡོད་འདུག་པ་ཕྱག་ཕྱིར་ཁྲིད་པའི་གསུང་ཆོས་རྒྱས་པར་མཛད་ཁུལ་ལ་གྲ་པ་རྣམས་ཡོང་བའི་ཚེས་གྲངས་འཕྱུགས་ཏེ་ཐོར་བུ་ལས་འབྱོར་མ་སོང་ཡང་གང་ཡོད་ཀྱིས་ཐོག་མར་འཇིགས་བྱེད་ཀྱི་ཆོ་ག་དང་དངོས་གཞི་ཚེ་དཔག་མེད་ཀྱི་མངོན་རྟོགས་ལ་བརྟེན་ནས་རིང་འཚོའི་རྟེན་འབྱུང་གསུངས། ཤ་གཙོ་བོར་གྱུར་པའི་ཚོགས་འཁོར་ཤིན་ཏུ་རྒྱས་པ་རྫོང་གི་ཕྱི་ནང་ཐམས་ཅད་ཚིམ་པར་མཛད། རས་ལྕགས་འབྲས་སྟག་ལྤགས་ཀྱིས་མཚོན་པའི་སྟེར་ཆ་དང་གྲ་ཚང་དུ་ཁུམ་བུའི་འགྱེད་བཏང་། ཚེས་གསུམ་ལ་སེ་ར་ཐེག་ཆེན་གླིང་བླ་མ་གྲ་བཅས་ཉིས་བརྒྱ་ལྷག་བྱོན་པའི་བཞེས་སྤྲོ་བདོག་པ་དང་བཅས་ཡུན་དུ་གནས་པའི་བདེན་པ་བརྗོད། དེ་མཚུངས་རྒྱལ་མེ་ཏོག་ཐང་ཆོས་རྗེ་གྲ་པ་ཉི་ཤུ་སྐོར་གྱིས་ཞལ་འདོན་རྒྱས་པར་གསུངས། བསྙེན་རྫོགས་བརྒྱ་སོ་དགུ་དང་དགེ་ཚུལ་བརྒྱ་བཅུ་གཉིས་བསྒྲུབས། སྐྱོར་ལུང་ཁྱམས་པ་བླ་མས་གཙོས་པའི་གྲ་པ་ཉིས་བརྒྱ་སྐོར། སྟོད་རྒྱུད་སློབ་དཔོན། ཆོས་རྗེ་བཅོ་བརྒྱད་པ། མོན་མེ་རག་བླ་མ་གྲ་བཅས་ཕྱེད་སུམ་བརྒྱར་ཉེ་བའི་ཕྲད་མི་མང་པ་བྱུང་། གོང་དཀར་དཀོན་


GLG006_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་གྲ་ཚང་གིས་ཚན་གྲངས་སྤེལ་བའི་མ་གཅིག་འགྲོ་བ་བཟང་མོ་ལུགས་ཀྱི་བརྟན་བཞུགས་ཀྱི་ཕྱག་ལེན་བསྟར། རྩེ་ཚོགས་མཁན་ཆེན་ཏྲེ་བོ་བསོད་ནམས་རྒྱལ་མཚན་སྟེང་གྲིབ་ཀྱི་བསྙུན་པར་ས་དགེ་སྤྱི་ཚོགས་ཀྱིས་བསྐུལ་བའི་བརྟན་བཞུགས། ཐོད་རི་སློབ་དཔོན་བཟོད་པ་རྒྱ་མཚོ་དུས་ལས་འདས་པར་ཉེ་རིགས་ཀྱི་ངོར་སྨོན་ལམ། གཞིས་རྩེ་མངའ་ཁུལ་སྤྱིའི་ཁ་ཏོན་དུ་རིང་འཚོའི་བདེན་པ་བརྗོད་པ། བདུད་འདུལ་དཀའ་བཅུ་འཇིགས་མེད་སྒྲ་དབྱངས་ཀྱི་མཚོ་ཁ་ནས་དུས་སྦྱོར་གྱི་འཁོར་ལོ་རྒྱ་ནག་ལུགས་ངོ་མཚར་ཅན་བཟོས་ཏེ་བསྐུར་བའི་རྟོགས་བརྗོད་ཚིགས་བཅད་རྣམས་བརྩམས། སློབ་དཔོན་བློ་བཟང་རྒྱ་མཚོས་ཁུར་ཁུར་བའི་དགའ་ལྡན་གསང་སྔགས་གླིང་དུ་རྩེ་ལུགས་ཀྱི་ཚེས་བཅུ་རྒྱས་པར་བཙུགས་པའི་ཚེས་ལྔ་ལ་འཆམ་ཕུད་དང་གསང་གླིང་པ་རྣམས་ཀྱིས་ཚོགས་འཁོར་བདོག་པའི་སྦྱིན་བདག་བྱས། ཚེས་དྲུག་ལ་གྲ་ཚང་མ་བུ་ལྷན་དུ་འཆི་མེད་འོད་སྣང་གི་རྡུལ་ཚོན་ལ་བརྟེན་པའི་ཚེ་ཆོག་བཏང་། གཙང་སྟོད་ཞ་ལུའི་ཆོས་གྲ་ནས་མཁན་ཆེན་རྡོ་རྗེ་འཆང་ཕེབས། འཕགས་པ་འོད་ཟེར་དྲི་མ་མེད་པའི་གཟུངས་ལས་གསུངས་པའི་ཐུབ་པའི་དབང་པོ་ལྷ་བདུན་གྱི་རིག་གཏད། སེམས་ཉིད་ངལ་གསོའི་ཉམས་ཁྲིད་ཀྱིས་མཚོན་པའི་བྱིན་རླབས་རྗེས་གནང་ལུང་ཟབ་ཆོས་མང་དུ་ཞུས། ཐུགས་དམ་གཏོར་བསྔོའི་གྲས་སུ་རྒྱལ་པོའི་རྒྱུན་གསོལ་ཉུང་ངུ་ཞིག་བྲིས། དགུན་དཔྱིད་ཀྱི་རིང་གོང་དཀར་ཆོས་སྡེར་ཕེབས་པའི་གསོལ་ཕོག་ཕུལ། གཤིན་རྗེའི་སྒྲུབ་པ་དང་འགོང་པོ་ཨར་ལ་གཏད་པའི་ལས་སྦྱོར་བཙུགས། ཧོར་ཟླ་བཅུ་པའི་ཚེས་


GLG006_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་ཞལ་ཕུ་དཔོན་ས་ལྷ་སར་ཞབས་སྐོར་དུ་བྱོན་པའི་ཞལ་འདོན་གྱི་གསོལ་འདེབས་སྨོན་ལམ་བློ་བཟང་རིན་ཆེན་ལ་དགོས་ཚུལ་བྱུང་བ་བཞིན་བསླབ་བྱ། མཆོད་དཔོན་པས་བསྐུལ་ནས་འཕྲང་འགོ་ལྷ་རྩེ་བྲག་གི་སྲུང་མ་རྡོ་རྗེ་གཡུ་སྒྲོན་མའི་རྒྱུན་གསོལ་རྣམས་བྲིས། འཛིན་པ་ལག་མང་ཕོག་ཐུག་ཅུང་ཟད་ཙམ་ལའང་འཚུབ་ཆའི་རྣམ་པའང་ཁ་ཤས་ལ་བྱུང་སྣང་བས་ཀླུ་འདི་ས་གཞི་ཀུན་ལ་དབང་བའི་སྟབས་ཀྱིས་གཏོར་མ་ཕན་ཡོན་ཆེ་བས་དཀར་ཆ་བཞི་ལས་ཟུར་དུ་ཕྱུང་བའི་ཀླུ་གཏོར་ཞིག་གྲ་ཚང་གི་ཚོགས་སུ་བཙུགས། བོན་པོ་གྲུ་ཚང་པའི་སར་སྔགས་གྲ་སློབ་དཔོན་སྒང་ཆེན་པ། དཔོན་ཚང་ཚ་རོང་པ། དབུ་མཛད་ཆོས་དབྱིངས་ཅན་གྱི་རྗེ་གོང་མའི་སྐུ་ཆས་ཁྱེར་ནས་ངོས་འཛིན་ལ་ཕྱིན་པ་རྣམས་རིམ་པར་གསལ་བ་བྱུང་ཚུལ་ཕྱག་མཛོད་པས་སྨེད་པའི་མི་སྣའི་བསྐུལ་མར་མགྲོན་གཉེར་གཞོན་པ་དཀའ་བཅུ་ཆོས་འཕེལ་འབྱོར་དོན་བཞིན་རི་ཁྲོད་དགའ་ལྡན་སློབ་དཔོན་བྱམས་པ་རིན་ཆེན། སྐྱར་པོ་མགྲོན་གཉེར་རྡོ་རྗེ་དབང་ཕྱུག །མདའ་དཔོན་འོར་པ་གསུམ་བཏང་བའི་སྤྲུལ་སྐུ་རིན་པོ་ཆེའི་མཚན་བློ་བཟང་ཡེ་ཤེས་སུ་གསོལ་ཐོག་སློབ་དཔོན་བྱམས་རིན་པས་མེ་ཏོག་གཏོར། ལེགས་འབུལ་གཟེངས་བསྟོད། བཀྲ་ཤིས་ལྷུན་པོ་ཚོགས་ཆེན་དུ་ཁྲི་སྟོན་གྱི་ཚར་མང་འགྱེད་བཟབས་རྒྱས་བཏང་། དེ་མཚུངས་རྒྱལ་པོས་ཀྱང་མི་སྣ་མངགས་པའི་ལེགས་འབུལ་བཏེག །བརྒྱད་ལ་དགའ་ལྡན་ཁྲི་རིན་པོ་ཆེ། རྩེ་ཤར་གཉིས། སློབ་ཆུང་། ལྔ་མཆོད་པ། གྲ་པ་ཉིས་བརྒྱ་ཙམ་དང་ཤངས་དགའ་ལྡན་ཆོས་འཁོར་གྱི་བླ་མ་བསོད་ནམས་ཆོས་འཕེལ་གྲ་སློབ། རྫོང་སྡོད་ཁྲོ་


GLG006_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཕུ་བས་གཙོས་དྲུང་འཁོར་དམངས་བརྒྱ་སྐོར་འོལ་དགའ་རྫིང་ཕྱིའི་སྤྱི་པ་དང་བཅས་པ་ཕྱོགས་མཐུན་གྱིས་བདོག་པ་དཔངས་མཐོ་བ་བསྟར་བའི་ཡུན་དུ་གནས་པའི་རྟེན་འབྲེལ་བསྒྲིགས། ཤངས་དགའ་ལྡན་ཆོས་འཁོར་བ་རྣམས་ལ་སྨན་བླའི་མདོ་ཆོག་གི་ལུང་བཀླགས་ཤིང་བླ་མ་བརྒྱུད་པའི་ཕྱག་འཚལ་བསྐུལ་བའང་རྗེས་སུ་བསྐུར། བཞད་ཡངས་ཅན་མཁན་པོ། སླེ་རི། མདོ་མཁར་ཆོས་སྡེ། བཀྲ་ཤིས་ཆོས་གླིང་། སྤོས་ཁང་མཁན་པོ། བདེ་ཆེན་ཆོས་འཁོར་བ། ཞལ་བུ་ལྕམ་རྣམས་ལ་ཇ་གྲལ་བཏང་། ཉི་ལྡིང་དྲུང་འཚོ་ནམ་མཁའ་རྒྱལ་མཚན། ཐར་གླིང་བླ་མ། དགའ་གདོང་དཀའ་བཅུ་བློ་བཟང་བསྟན་འཛིན། རྒྱལ་པ་འཚོ་བྱེད་གཞན་ཕན་རྣམས་ལ་གསར་རྩོམ་གཡུ་ཐོག་སྙིང་ཐིག་གི་ལས་བྱང་། ཞང་བློན་གྱི་བཀང་གསོ། སྨྱུང་གནས་ཀྱི་ལག་ལེན་གསུམ་གྱི་ལུང་བྱས། ཚེས་བཅུ་ལ་རྒྱལ་པོ་འཁོར་བཅས་བྱང་ནས་ཕེབས་པ་དང་མཇལ། རྒྱལ་མོ་གཞོན་པར་ཕྱག་དྲུག་པའི་རྗེས་གནང་། རྨི་རུ་བླ་མ་མདོ་སྡེ་རྒྱ་མཚོ་དང་སྟར་སྡོང་དཀའ་བཅུ་གཉིས་ལ་རྗེ་དགེ་འདུན་རྒྱ་མཚོས་མཛད་པའི་སྨྱུང་གནས་ཀྱི་ཆོ་ག་དང་གསར་རྩོམ་བླ་མ་མཆོད་པ་ཆེ་བ། བཀྲ་ཤིས་ལྗོངས་ཆོས་རྗེ་དང་ཐ་ཤི་སྦོོ་ལོད་ལ་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་བསྐུར། རྒྱ་རི་ཞབས་དྲུང་ངག་དབང་དགའ་ལྡན་རབ་བརྟན་ཕེབས་པར་བ་རི་ལུགས་ཀྱི་རྣམ་འཇོམས་དང་སྒྲོལ་དཀར། ཕྱག་རྡོར་གོས་སྔོན་ཅན། སེང་གདོང་མ་སྔོན་མོ། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། སྐྱེར་སྒང་ལུགས་ཀྱི་རྟ་མགྲིན། གྲུབ་ཆེན་ཐང་སྟོང་རྒྱལ་པོ་ནས་བརྒྱུད་པའི་ཚེ་དབང་རྣམས་ཕུལ། ཕྱག་བཞི་པ་བཀའ་


GLG006_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཆོས་སྐོར་གསན་བཞེད་འདུག་རུང་ངེད་རང་གིས་མ་ཐོབ་ཅིང་གཏེར་མགོན་གྱི་དབང་ལུང་ཆ་ཚང་བ་ཞིག་སླར་འབུལ་བའི་ཁས་ལེན་ཞུས། ཚུར་སྐྱེས་དང་བདའ་ལན་གྱི་བདོག་པ་གཞིས་ལེན་ཤངས་ལེན་རྒྱས་པར་བསྟར། བླ་མའི་རྣལ་འབྱོར་དང་ཚེ་དབང་འཆི་མེད་དཔལ་སྟེར་གྱི་རྒྱུན་ཁྱེར་དགོས་ཚུལ་ཕེབས་པའང་ཕུལ། བསྙེན་རྫོགས་བརྒྱ་བཅུ་བཞི་དང་། དགེ་ཚུལ་དོན་བདུན་བསྒྲུབས། རྒྱལ་མོ་ཆེ་བ་སྲས་བཅས་ལ་ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ་བསྐུར། ཚེས་བཅོ་བརྒྱད་ལ་འཕགས་པ་ལྷས་ཚོགས་འཁོར་སྟེར་ཆ་འགྱེད་ཀྱི་སྦྱིན་བདག་མཛད་དེ་གྲ་ཚང་གིས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ཚེ་ཆོག་བཏང་། སྟག་རྩེའི་རྒྱལ་བུར་སྣེའུ་སྡོང་རྩེའི་ལྕམ་བསུས་པའི་དགའ་སྟོན་དུ་མཆོད་ཡོན་ལྷན་བརྒྱས་གདན་དྲངས་པའི་ཞོར་ལམ་དགའ་ལྡན་དུ་ཕེབས་སྐབས་དངུལ་གདུང་རིན་པོ་ཆེར་འབུལ་རྒྱུའི་མཎྜལ་གྱི་ཞལ་བྱང་དང་རྡོ་དགའ་ལྡན་རྣམ་རྒྱལ་གྱི་ཀླུ་འཛིན་པ་ལག་མང་གིས་བསྐུལ་བའི་ཇ་མཆོད་བཀོད། ཧོར་ཟླ་བཅུ་གཅིག་པའི་ཚེས་ལྔ་ནས་བཅུ་གཉིས་པའི་ཟླ་སྟོད་ཀྱི་རིང་རྐང་པའི་མགོའི་ནད་རོ་འཕར་བར་དྲང་སྲོང་ཆེན་པོ་བྱང་ངོས་པའི་ཕྱག་གཡོག་དར་མོ་བས་ཞུས་ཏེ་སྨན་དཔྱད་མཛད། དགའ་ལྡན་འོག་མིན་གླིང་གི་གྲ་པ་སྐྱི་ལུང་རབ་འབྱམས་པ་ཅན་བཅུས་གསར་རྩོམ་དབུ་ཕར་མཛོད་སོགས་ཁ་ཡར་གྱི་རྒྱུགས་སྤྲད། བྱང་ཆུབ་གླིང་སྐུ་སྐྱེ་དུས་ཀྱི་ཆོས་ཉིད་དུ་གྱུར་པར་སྐྱེ་སྲིད་འཛིན་པའི་སྨོན་ལམ་དགོས་ཚུལ་ན་བཟའ་གླིང་ཆོས་རྗེ་ངག་དབང་རབ་བརྟན་གྱིས་བསྐུལ་བ། ཐང་སག་དགའ་ལྡན་ཆོས་འཁོར་སྤྱི་སོའི་ངོར་སློབ་དཔོན་བློ་བཟང་འཇམ་དབྱངས་ཀྱིས་གསོལ་འདེབས་


GLG006_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྩེ་སློབ་དཔོན་བསྟན་པ་རྒྱ་མཚོས་བསྐུལ་བའི་ཡུན་འཚོའི་ཚིགས་བཅད། འབྲོམ་སྡིངས་དྲུང་འཚོ་ནམ་མཁའ་རྒྱལ་མཚན་གྱི་ཁ་ཏོན་དུ་ཤོ་ལོ་ཀ་གཅིག་གི་ཚིག་རྐང་ཕྱི་མ་རིམ་པ་བཞིན་ཡན་ལག་བདུན་པོ་སོ་སོར་བསྒྱུར་ཆོག་པ། ཀ་ཚལ་བླ་མ་རིགས་འཛིན་དཀོན་ཅོག་ལྷུན་གྲུབ་འབམ་གྱིས་བྲོ་འཚལ་བ་ལས་གྲོལ་ཚུལ་ལ་ལེགས་སོར་བརྗོད་པའི་འཕྲིན་ལན་ཚིགས་བཅད་རྣམས་བྲིས། འདི་ལོ་ནས་བཟུང་སྟར་ཆགས་སུ་རྡོ་རྗེ་བྲག་པས་གོང་དཀར། ཆོས་རྒྱལ་ཕོ་བྲང་དུ་དཔལ་རི་བ། གཞིས་རྩེར་ཆོས་རྗེ་སྒྲོལ་མ་བས་མགོན་པོ་གཡུལ་བཟློག་བཏང་བའི་རྒྱབ་ཆོས་པ་ཆོས་འཁོར་ཡང་རྩེ་བ་དང་གངས་ཅན་ཆོས་འཕེལ་བས་ཐོག་དྲངས་པའི་སོ་སོར་དགོན་བཞི་སྐོར་གྱི་ཤེལ་རྙིང་། ཡར་སྟོད་དར་རྒྱས་གླིང་པ་ཅན་བཞི་སྐོར་གྱིས་གདུགས་དཀར་བཏང་ཞིང་རྡོ་རྗེ་བྲག་པའི་ལོ་གསར་ཟླ་བ་བཅུ་གཅིག་པར་ཡོང་པའི་སྟབས་ག་བསྒྱུར་ཏེ་ཟླ་བ་དགུ་པར་བྱེད་པའི་ས་བཅད་བྱས། ཚེས་བཅོ་ལྔ་ནས་ནད་ལས་གྲོལ་ཁུལ་གྱིས་འཕགས་པ་ལྷ་སྤྲུལ་པའི་སྐུ། ཐུགས་སྲས་ཟླ་བའི་སྤྲུལ་སྐུ། ལྷོ་བྲག་སྡེ་པ་གདང་པ། ཅོ་ནེ་ཆོས་རྗེ་བློ་བཟང་ཉི་མ། སྡེ་པ་ས་ལུང་པ། བྷྲུཾ་གཞོན། སྣ་དཀར་རྩེ་ནས་རིང་འཚོའི་རྟེན་འབྲེལ་བསྒྲིག་མི་བཀྲ་ཤིས་ལྷུན་པོའི་ཐོ་ཡོན་བློ་བཟང་རྡོ་རྗེ། དགའ་ལྡན་རབ་འབྱམས་པ། ལྷོ་པ་བླ་མ་གུ་རུ་རྣམས་དང་ཕྲད། སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་ལེགས་གྲུབ་ཁྲི་ཐོག་ཞབས་དྲུང་དབོན་ལ་སྤྲད་དེ་དབུས་ཕྱོགས་ཀྱི་གནས་གཟིགས་ལ་དཔོན་སློབ་ཉུང་བསྡུས་ཞབས་འགྲོས་ཀྱིས་བཀའ་བརྒྱུད་གོང་མའི་བརྟུལ་ཞུགས་ལྷུར་བླངས་ཏེ་ཕེབས་


GLG006_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མཇལ། སེ་ཆེན་རྒྱལ་པོའི་སྲས་དགའ་ལྡན་པ་སྨན་བཅོས་ལོག་པས་གློ་བུར་དུ་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་དགེ་སྒྲུབ་ལ་དཀའ་བཅུ་བ་སངས་རྒྱས་བཀྲ་ཤིས་ཅན་འབྱོར། གོས་དར། གོན་པ། གོ་མཚོན། དངུལ་སྤྱད། ཤེལ་སྤྱད། དཀར་ཡོལ། གསེར། གསེར་དངུལ་གྱི་སྒ་དང་སྒ་དམར་སོགས་གཏད་པའི་རྟ་བརྒྱ། སྒ་མེད་ཉིས་བརྒྱ། རྔ་མོ་སུམ་བརྒྱ་རྒྱབ་བཅས་ཀྱི་གཏོས་ཆེ་བ་བྱུང་ཞིང་དགེ་བ་རྫོགས་བྱང་དུ་བསྔོས། བྱང་བུ་བཞུས་པར་ལྷར་སྐྱེ་བའི་མཚན་མ་ཤར། སྐྱིད་ཤོད་ཆོས་རྗེའི་སྐུ་སྐྱེས། དགའ་ལྡན་པའི་དོན་དུ་བསྐུལ་བའི་སྨོན་ལམ། ཟུར་ཁང་ཆོས་མཛད་རྒྱལ་དོན་པའི་ངོར་བདག་བསྟོད། གྲ་ཚང་དབུ་མཛད་བློ་བཟང་བསྟན་འཛིན་གྱི་འདོད་སྦྱར་གསོལ་འདེབས་སྨོན་ལམ། རིན་སྤུངས་མངའ་ཁུལ་སྐྱ་སེར། ཤངས་བཀྲ་ཤིས་རྩེ་པའི་མ་བློ་བཟང་སྒྲོལ་མས་བསྐུལ་བའི་ཡུན་འཚོའི་སྨོན་ལམ། སྐུ་རབ་དགའ་ལྡན་རབ་བརྟན་གྱི་གྲ་རིགས་སེ་རར་སྡོད་མི་ཚོའི་ངོར་སྒྲོམ་མདའ་མཁན་ཆེན་མཐུ་སྟོབས་དཔལ་འབྱོར་གྱི་བརྟན་བཞུགས། ཕོ་བྲང་གེ་ར་ཆོས་མཛད་བློ་བཟང་དགེ་འདུན་ཁམས་མ་བདེ་བའི་དུས་གྲ་ཚང་མགོན་ཁང་དུ་འབུལ་རྒྱུའི་སྙན་དར་ཞལ་ཡིག་རྣམས་བྲིས། ཉེར་བཞི་ལ་དགའ་ལྡན་འོག་མིན་གླིང་བླ་མ་གྲ་བཅས་སུམ་ཅུ་ཙམ། བཟང་ལྡན་མཁན་པོ་རྒྱལ་རྩེ་ཞབས་དྲུང་། རྫོང་སྡོད་ཆེ་གསུམ་ནས། སྡེ་པ་འདར་པས་གཙོས་ལྷ་རྩེ་ཁུལ་གྱི་དྲུང་འཁོར་སྤྱིས་གསེར་གོས་དར་རས་ཆས་ཐོག་དྲངས་བདོག་པ་སྤེལ་ཏེ་ཡུན་དུ་འཚོ་བའི་རྟེན་འབྱུང་རྒྱས་པར་བསྒྲིགས། ལྷ་རྩེ་སློབ་དཔོན་བསྟན་པ་རྒྱ་མཚོས་མདོ་ཚིག་དང་འབྲེལ་བའི་གཏམ་བཏང་། རྒྱལ་རྩེ་བདག་པོ་བགྲེས་པ་བྱམས་པ་ངག་
དབང་བསོད་ནམས་རྒྱལ་མཚན་གྱི་གསུང་བྲིས་སུ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་དགུང་ལོ་བདུན་ཅུར་ཕེབས་པའི་ཚེ་བདག་ལ་ཞལ་དཀར་འདི་གསོལ་ཇས་བཀང་ནས་གནང་བའི་རྟེན་འབྱུང་གིས་ཁོ་བོའང་ན་ཚོད་མཐོན་པོ་འདིར་སླེབས་པས་ད་ལམ་བརྟན་བཞུགས་ལ་ཕུལ་ཡོད་ཚུལ་བྱུང་བའི་ཞལ་དཀར་ནང་རྟེན་གྲས་སུ་བཅུག །དེ་མཚུངས་འོལ་དགའ་ནས་སྐྱ་སེར་བརྒྱ་སྐོར་གྱིས་རྟེན་འབྲེལ་བསྒྲིགས། འཁྲུལ་སྣང་དུ་རྣལ་འབྱོར་པའི་ཆ་བྱེད་ཅན་གཉིས་འོངས་ནས་གཉན་མགོན་ཕུག་ཏུ་མཆོད་གཏོར་ཞིག་བྱས་ན་ལེགས་ཟེར་བར་མཐའ་གཅིག་ཏུ་ངེས་གཟུང་དཀའ་ནའང་འགྱངས་མེད་དུ་སྙན་དར་གོ་མཚོན་དར་པོ་ཆེ་དང་བཅས་མཆོད་གཏོར་བཙུགས། འདི་ལོ་དེབ་ཏུ་བཀོད་པའི་ས་སྤྲེ་ནས་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ལ་གཏོར་གསོ་མ་ཆག་པར་ཡོད། ལྷ་རྩེ་འོལ་དགའི་རྟེན་འབྱུང་བསྒྲིགས་མི་རྣམས་དང་འབྲས་སྤུངས་ཀྱི་སློབ་དཔོན་བདུན། ཧོར་སྨད་ཏ་དང་བར་ཏའི་དཔོན་རྣམས་དང་ཕྲད། ཇ་གྲལ་གྱི་སར་བཟང་ལྡན་མཁན་པོ་དང་ནཱ་རོ་མཁའ་སྤྱོད་ཀྱི་སྐོར་ལ་འཕྲོས་གླེང་བྱུང་བའི་རྐྱེན་གྱིས་འདུལ་བ་ཟུར་པ་བློ་གྲོས་རྣམ་རྒྱལ་ཡིད་ཕྲོགས་ཏེ་ཉམས་འཁྲིད་ཞུ་འདུན་གྱི་འཕྲོས་གླེང་མང་བར་བྱུང་། བཟང་ལྡན་མཁན་པོར་གསར་རྩོམ་མཚར་ཆེན་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་ལུང་ཕུལ། ཤ་གཟུགས་སྐུ་སྐྱེས་གཙོས་པའི་དགེ་ཚུལ་སོ་བརྒྱད། བསྙེན་རྫོགས་སོ་དགུ། དགེ་བསྙེན་གཉིས་རྣམས་བསྒྲུབས།


previousདགུང་ལོ་ང་གཅིག་པར་བོད་ཁམས་བདེ་ཐབས་དང་ཚོགས་གསོག་གི་ཆེད་དུ་རྫོང་གཞིས་ཁག་ནས་བཀའ་འགྱུར་སོགས་རིམ་གྲོ་བསྒྲུབས་པའི་སྐོར།next