Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
དགུང་ལོ་ང་གསུམ་པར་བོད་འབངས་ཀྱི་བདེ་ཐབས་དང་ཚོགས་གསོག་ཏུ་དམིགས་ཏེ་ཁྲ་འབྲུག་དང་ཡུམ་བུ་བླ་མཁར་གྱི་རྒྱ་ཕིབས་གསར་བཞེངས་དང་། ཟངས་རི་བ་བློ་བཟང་མཐུ་སྟོབས་སྡེ་སྲིད་དུ་བསྐོས་པ་བཅས་ཀྱི་སྐོར།
   
   
   
   
   
   


 
previousདགུང་ལོ་ང་གསུམ་པར་བོད་འབངས་ཀྱི་བདེ་ཐབས་དང་ཚོགས་གསོག་ཏུ་དམིགས་ཏེ་ཁྲ་འབྲུག་དང་ཡུམ་བུ་བླ་མཁར་གྱི་རྒྱ་ཕིབས་གསར་བཞེངས་དང་། ཟངས་རི་བ་བློ་བཟང་མཐུ་སྟོབས་སྡེ་སྲིད་དུ་བསྐོས་པ་བཅས་ཀྱི་སྐོར།next

དགུང་ལོ་ང་གསུམ་པར་བོད་འབངས་ཀྱི་བདེ་ཐབས་དང་ཚོགས་གསོག་ཏུ་དམིགས་ཏེ་ཁྲ་འབྲུག་དང་ཡུམ་བུ་བླ་མཁར་གྱི་རྒྱ་ཕིབས་གསར་བཞེངས་དང་། ཟངས་རི་བ་བློ་བཟང་མཐུ་སྟོབས་སྡེ་སྲིད་དུ་བསྐོས་པ་བཅས་ཀྱི་སྐོར།


GLG006_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ས་བྱ་གནམ་ལོ་གསར་དུ་ཚེས་པའི་སྲིད་གསུམ་བདག་མོ་མཆོད་ཅིང་ཉིན་གཉིས་ཀྱི་བར་རྒྱ་ནག །ཁལ་ཁ་ཨོ་རོད། བོད་དང་བཅས་པའི་དྲག་རིམ་ལ་ཚོམས་ཆེན་དུ་བཞུགས་གྲལ་བཏང་ཁྱོན་བསྡོམས་སྟོང་ཕྲག་གསུམ་བརྒལ་བར་ལོ་གསར་གྱི་དགའ་སྟོན་སྤེལ། ཚེས་བཅུ་བཞིའི་ཚ་རྟིང་ཁར་སྡིགས་ཤིན་ཏུ་ཆེ་བ་ཞིག་བྱུང་བ་སོགས་ལ་བརྟེན་མཆོད་དཔོན་དབུ་མཛད། གྲོང་སྨད་ཨ་བར། སྟག་རུ་ནས། སྐྱར་པོ་ནས་སོགས་ཉེ་འཁོར་བ་ཐམས་ཅད་ཀྱིས་རིམ་གྲོ་བྱས་པ་འགབ་ཚུལ་གླེང་བ་དང་ངེད་རང་ཡང་ལྟ་བ་དང་བློ་སྦྱོང་ཁ་བཤད་དུ་ལུས་པའི་བདག་འཛིན་གྱི་དབང་གིས་རྫོང་གཞིས་བཅུ་གསུམ་བསྒྲིལ་བར་དྲི་མེད་བཤག་རྒྱུད་སུམ་སྟོང་། གདུགས་དཀར་འབུམ་ཐེར་བཅུ་གསུམ་དང་མདོས་ཆེན་བཞི། ཚེ་ཆོག་དགུ། སྨོན་ལམ་ཆེན་མོའི་ཚོགས་ཆེན་དུ་སྤོང་དག་ལ་བརྟེན་པའི་འགྱེད་རྒྱས་པར་བཏང་། དངུལ་ཆུ་མ་དུལ་བ་མཛེ། འབམ་ནག །གཉན་རྒོད་ཤིན་ཏུ་ཐུ་བའི་རིགས་མ་གཏོགས་ནད་གང་བྱུང་ལ་བཏང་ན་ཕན་ལས་གནོད་ཆེ་ཞིང་བཙོ་བཀྲུ་ལ་བརྟེན་ནས་དཔལ་ལྡན་ཤཊ་བ་རི་དབང་ཕྱུག་དྲང་སྲོང་རིག་པའི་བློ་གྲོས་གྲུབ་ཐོབ་བཱ་ལི་པ་གསུམ་འཇའ་ལུས་གྲུབ་ནས་ད་ལྟའང་ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུགས་པར་བཤད་ཅིང་གྲུབ་ཐོབ་ཨོ་རྒྱན་པས་རྒྱུད་མན་ངག་དུ་མ་ལས་བཏུས་ནས་བོད་འདིར་དར་རྒྱས་སུ་མཛད་པའི་རྒྱུན་བཞིན་ཤེལ་དཀར་དུ་སྦྱར་ར་དངོས་གྲུབ་ཀྱིས་དོ་དམ་བྱས་དཔོན་ཚང་ནམ་མཁས་བཟོས་པའི་དངུལ་ཆུ་བཏུལ་མ་གཏོས་ཆེ་བ་དང་རྟེན་སྒམ་ཆུང་གྲ་རྣམས་འབྱོར། རི་བོ་ཆོས་གླིང་གི་དངུལ་གདུང་དང་གཙང་ཁང་མགོན་ཁང་གི་དེབ་ཀྱི་འགོ་བརྗོད་དང་ཤེར་འཕེལ་སྤྲུལ་སྐུས་བསྐུལ་བའི་སྨོན་ལམ་ཚིགས་བཅད་བྲིས། ཡུལ་ཁམས་གང་དུའང་སོ་


GLG006_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

སོའི་ཆ་ལུགས་སྒྲིགས་སྲོལ་རང་སྐད་འཕྱུགས་མེད་དུ་བྱས་པ་ཤེས་ཤིང་ཁྱད་པར་བོད་འདིར་དུས་སྙིགས་པ་ན་ཆ་ལུགས་སྤྱོད་ཚུལ་ཁ་བརྡ་སོགས་འཕྲལ་འཕྲལ་འགྱུར་འགྲོ་བ་ཨོ་རྒྱན་ཆེན་པོ་དང་ལྷོ་བྲག་མཁན་ཆེན་ཕྱག་རྡོར་བ་སོགས་ཀྱི་ལུང་བསྟན་དུ་གསལ་བས་ཆ་ལུགས་སྣ་ཚོགས་ལེགས་རྒྱུ་མི་འདུག་རུང་སོག་པོའི་ཁྲིམས་ལུང་རྒྱུགས་པའི་དུས་ཡིན་གཤིས་སོག་ལུགས་རང་ཤ་སྟག་པ་ཞིག་བྱས་ན་རྣམ་པ་གཅིག་ཏུ་འཐད་ཤས་ཁའང་ཕལ་ཆེར་གྱིས་དེ་བཞིན་མ་འབྱོར་བས་སྟེང་གོས་སོག་ལུགས་ལ་ཤ་གོས། སྐ་རགས། ལྷམ། གཟན་རྣམས་བོད་དང་བསྟུན་པའི་ཆས་ཡ་མ་ཟུང་གང་དུའང་ངོས་འཛིན་དཀའ་བས་བོད་སོག་སོ་སོར་ཆས་མ་འདྲེས་པར་བྱུང་ན་ལྟ་སྣང་སྤྲོ་ཞིང་གཙང་དུས་ཕན་གྱི་ལོ་ཆུ་ཙམ་རྗེས་སུ་བྱུང་མ་སོང་བས་བོད་ཀྱི་ལྷ་ཆེན་རྣམས་མགུ་ན་ལོ་ཆུ་ལེགས་སུ་རེ་བ་དང་མི་ནག་སྐྲ་མེད་པ་འདི་དགེ་འདུན་གྱི་ཆོས་འཁོར་ཆེན་པོའི་དུས་དཀོར་ལ་སྙེག་པའི་སྡིག་པ་ཞར་ལ་གསོག་པ་ཞིག་འདུག་པས་ལྡིང་དཔོན་ཡན་སྐྲ་ལོ་དང་དེ་ཕྱིན་དགོན་པའི་དཀོར་གྱིས་ངེས་པར་འཚོ་དགོས་པའི་དམིགས་བསལ་རྣམས་མ་གཏོགས་རྦད་མགོ་དྲག་གཞན་གོ་བབས་དང་བསྟུན་པའི་བོད་ཆས་བྱེད་དགོས་པའི་བརྡ་འགྲེམས་དང་གན་རྒྱ་བླངས། གོང་ཕྱོགས་སུ་སེར་སྲིད་དར་རྒྱས་ཆེ་ཁུལ་ལ་དཔོན་མཐོང་ལས་མེད་པའི་ཡོན་ས་མཐའ་དག་སྒམ་འབྲུག་ཁོ་ནས་ཚུལ་འཆོས་པའི་གཞན་འདྲིད་ཀྱིས་བདག་གིར་བཟུང་སྣང་བས་རང་བསྟན་ལ་མི་ཕན་པར་ངེས་ཏེ་སེར་སྲིད་སོ་སོར་དཀོར་ས་རྣམས་བགོས་ཏེ་ཡོན་མཆོད་ཚད་ལྡན་དགོས་པའི་བསྡམ་ར་བྱས།


GLG006_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཧོར་ཟླ་གཉིས་པའི་ཚེས་གཅིག་ལ་ནོ་མོན་ཨེ་ཇེན་གྱི་དགེ་ཚུལ་མ་གཉིས། དའི་ཆིན་ཁོ་ཤོ་ཆི། ནོམ་ཆི་ཨ་ཁའི་རྣམས་ཀྱིས་ཇ་གོས་དར་། དངུལ་སྤྱད། རྟ་རྨིག་མ། པགས་རིགས། སྤོས་རིགས། སྤོས་ཁྱད་མཚར། ཁེ་རེ་མེ་གསོན་པོ། རྟ་སྒ་མས་ཐོག་དྲངས་སྟོང་འབུལ་བཏེག །དཔོན་པོའི་དགེ་རྩར་དམིགས་པའི་སྨན་བླ་བདེ་གཤེགས་བརྒྱད་ཀྱི་དངུལ་སྐུ་བཞེང་བའི་རོགས་རམ་བྱས། འཕགས་པ་ལྷའི་ཕྱག་མཛོད་ཆོས་བཀྲས་པ་འབྱོར་བའི་ཇ་ཁོར་དྲུག་མ་ལྔ་བཅུ་སྐོར། རྟ་དྲེལ་ཁྲབ་ཀྱི་བདོག་པ་བཏེག་དབོན་དྲུང་ཆོས་འཁོར་ཡང་རྩེར་སྡོད་མི་དགོས་པའི་རེ་བ་ཡིན་འདུག་རུང་ཆུ་ཤུར་ནས་ཆོས་འཁོར་ཡང་རྩེར་འཕོ་གདོང་རི་གོང་མགོན་ཁང་དུ་རྩི་ཁ་བཀག་སྐབས་མནའ་ཤས་པ་སོགས་སྟག་ཤིའང་ཀླད་རྩལ་མི་སྐམ་པའི་འཇམ་པོ་གསུམ་གྱི་གདུལ་བྱར་གཏོགས་རིགས་སུ་མིན་འདུག་པས་དོན་སྨིན་མ་བདེ། རྡོ་རྗེ་བྲག་སྤྲུལ་པའི་སྐུས་གྲ་ཚང་དུ་གྲ་ཇ་དང་རྒྱ་རྔའི་སྤྱི་འབུལ་ཐོག་ཡུན་དུ་གནས་པའི་བདེན་པ་བརྗོད་པའི་ཐུགས་རྩོམ་མཛད་དེ་བཙུགས། སྟག་ལུང་ཕྱག་མཛོད། གླེ་བོའི་མི་སྣ། རུ་ཐོག་དབང་པོའི་བསྔོ་ཞུས་པ། ཏྲེ་བོ་ནམ་མཁའ་བསམ་གྲུབ། ཚལ་བདེ་ཆེན་གྱི་ཐའི་ཇི། གོང་གི་གསེར་ཡིག་པ་འགྲུལ་སྡེབས་དང་བཅས་པ། གུང་ཐང་གི་བླ་ཁག །རཏྣ། ས་སྐྱོང་ཕུན་ཚོགས་དབང་ཕྱུག་གིས་གཙོས་པའི་དཔོན་པོ་རྣམས་དང་ཕྲད། དགེ་སློང་དོན་བདུན། དགེ་ཚུལ་ཉིས་བརྒྱ་རེ་དྲུག །དགེ་བསྙེན་གཉིས་རྣམས་བསྒྲུབས། སྔགས་རམས་པ་འཇམ་དབྱངས་བཀྲ་ཤིས་ཀྱིས་བསྐུལ་བའི་སེར་སྨད་སློབ་དཔོན་ཚུལ་དར་བའི་གསོལ་འདེབས། ཆུ་ཤུར་ཐར་གླིང་སློབ་དཔོན་གྲ་


GLG006_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཀྱི་ངོར་རིང་འཚོའི་སྨོན་ལམ། པེ་ཅིང་གི་ཙནྡན་ལས་གྲུབ་པའི་དེ་བཞིན་གཤེགས་པའི་སྐུ་ལ་བསྟོད་པ་སྨོན་ལམ་ཐག་རིང་པོ་ནས་སན་ཆག་པ་ཤིས་བསྐུལ་བ་རྣམས་བཀོད། དཔོན་ཚང་ཚ་རོང་པའི་སློབ་མ་གཉིས་ཀྱིས་གསོ་རིག་རྒྱུད་བཞིའི་རྒྱུགས་སྤྲད། ཟླ་བ་དང་པོའི་ནང་དུ་ཆམ་པ་ཞིག་བྱུང་བ་དྲུང་འཚོ་ལྷག་བསམ་དང་དར་མོ་ནས་གཉིས་ཀྱིས་སྨན་བཏང་འཕྲོད་ངོ་ཆེའང་ཡང་ཡང་ལོག་པའི་སྟབས་སྨན་རྐང་པར་བབས་ཉམས་ཀྱིས་ཟླ་བ་འདིའི་ཉི་ཤུ་སྐོར་ནས་རྐང་པའི་མགོ་མ་བདེ་བར་སྨན་དཔྱད་ཀྱིས་བདེ་སྐྱིད་ཡོང་མུར་ཧོར་ཟླ་གསུམ་པའི་ཚེས་དགུ་ལ་འབམ་རོ་འཕར་བར་སྨན་དཀར་བཏང་བས་ཞག་ཤས་སོང་ཚེ་འགྲོ་འདུག་ཅུང་ཟད་ཐུབ་ཙམ་བྱུང་། སྡེ་པ་ཨ་བར་དང་དབུ་མཛད་གཉིས་ཀྱིས་ནད་གཡོག་བྱས་ཤིང་ཨ་བར་ལོ་བཅུ་བདུན་ལས་མི་འགྲོ་ཡང་གཉིད་བསྲུང་བར་སྡོད་ནུས་པ་གོས་ཀྱི་སྲུབས་དབར་ནས་རླུང་མི་འཆོར་བའི་གྲུང་པོ་བྱས་པ་སྟག་རུ་ནས་ཀྱིས་མཐོང་བས་ཡ་མཚན་གྱི་འཕྲོས་པ་བྱེད། འཇམ་དབྱངས་བསྟན་འཛིན་དང་ཆང་ཁྱིམ་པ་གཉིས་ཀྱིས་ཡི་གེ་འདྲི་རོགས་དང་ཕྱི་རོལ་ཏུ་ངག་མ་བསྒྱུར་བའི་རྐང་བརྡུངས་ཤིང་དར་མོ་བ་དང་ཆང་ཁྱིམ་པ་མཆོད་དཔོན་པའི་སར་བཏང་བས་སྨན་དཔྱད་དྲུང་འཚོ་བ་ལྷག་བསམ་གྱིས་བྱས། ཚེས་བཅུ་དགུ་ལ་མཆོད་དཔོན་པ་ཡར་ཀླུངས་ཀྱི་བྲེལ་བ་ཆོད་བསྟུན་རྒྱལ་གྱི་གཏོར་གསོས་ལ་འགྲོ་བའི་ས་བཅད་ཡོད་པར་ནུབ་གཅིག་རྨི་ལམ་དུ་ཆོས་སྐྱོང་གི་བསྐུལ་མ་ཡིན་འདྲ་སྙམ་པ་ཞིག་ཤར་བ་སང་ཉིན་སྙན་དར་གྱི་ཁ་ཡིག་རྣམས་གནས་བཙུན་འཇམ་དབྱངས་ཀྱི་སཾ་ཊ་བྲིས་པའི་དར་ཐོག་ཏུ་ཕབ།


GLG006_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་གཟིགས་ཚོ་སྐྱེལ་བ་དང་སྦྲགས་མཆོད་དཔོན་པ་སྔ་འགྲོས་རྒྱལ་དུ་འགྲོ་དགོས་པའི་ཧུང་རྒྱ་བསྐུར་བའི་གྲབས་ཡུལ་བརྩམས་པ་ནས་བཟུང་འགྲོ་འདུག་ལ་མངོན་པའི་བདེ་སྐྱིད་ཆེ་བ་ཞིག་བྱུང་བར་དཔགས་ན་སྲུང་མའི་འཁྲེན་ཆར་མངོན། མ་ནས་ལོ་སྔོན་མའི་ནང་སོག་ཕྲག་གི་སྟེང་དུ་ནད་ཟུག་ལག་མཐིལ་རྒྱ་ཙམ་པ་འཕོ་ལེན་དང་ཡོད་མེད་སྣ་ཚོགས་བྱེད་པ་ཞིག་བྱུང་བ་དཔོན་ཚང་བྱང་ངོས་ནས་དང་སློབ་མ་ལྷག་དར་གཉིས་ལ་ཡང་ཡང་བསྟན་རུང་རླུང་འདྲ་བས་བྱུག་པ་བྱུགས་ཟེར་བའི་དབུགས་དབྱུང་ཙམ་ལས་མ་བྱུང་། དེ་སྐབས་ཁྲག་ངན་གསོག་གིན་ཡོད་ཚོད་ནས་ལག་པར་གཏར་ཁ་ཅིག་བྱས་ན་ཆུ་བོ་ཝ་ཁ་བསྒྱུར་བ་ལྟར་ད་ལམ་ནད་འདི་ལྡང་རིགས་མིན་འདྲ་ནའང་བོད་རེ་བས་འཕུང་བ་ཆོས་ཉིད་དོ། །ཆ་གན་ཐ་ཡན་ཆིའི་དབང་ཕྱུག་དགེ་སློང་གིས་བསྐུལ་བ་དང་མཚན་སྒྲོག་མཁན་པོ་ངག་དབང་འཕྲིན་ལས་ཀྱི་ངོར་ཡུན་དུ་འཚོ་བའི་སྨོན་ལམ་བྲིས། ཚོགས་གསོག་ཏུ་རྫོང་གཞིས་བརྒྱད་བསྡོམས་པར་འབུམ་བརྒྱ་གཉིས། དྲི་མེད་བཤགས་རྒྱུད་སྟོང་རྩ། མཚན་བརྗོད་ལྔ་འབུམ། གདུགས་དཀར་བདུན་འབུམ། བྱམས་སྨོན་ཤེར་སྙིང་ཡིག་བརྒྱ་གསུམ་འབུམ་ཐེར་རེ། ཚེ་ཆོག་དགུ །གྲ་ཚང་དུ་གཤིན་རྗེའི་སྔགས་རིང་དང་འཁོར་ལོ་འབར་བ་སོ་སོར་བྱེ་བ་དང་སྐོང་བཤགས་ཉིན་བདུན། དགའ་ལྡན་དུ་ཇ་ཚུལ་བཅུ།བསམ་ཡས། ཁྲ་འབྲུག །ཡུམ་བུ་བླ་མཁར་གསུམ་དུ་ཉིན་ལྔའི་རིང་མཆོད་པ་སྣ་ལྔ་བརྒྱ་རྩ། གསེར་ཆབ། སྙན་ཤལ་འདོད་གསོལ་གྱི་ཚིགས་བཅད་དང་བཅས་པ། གདུགས་དཀར་མདོས་ཆེན་གསུམ། ཁྲོ་རོལ་བཞི། འཆར་ཀའི་


GLG006_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་གཅིག །ཚེ་བདག །ཁྲོ་ཆུ། གཤེད་དམར་གྱི་གཏོར་བཟློག་རེ། མགོན་པོ་གཡུལ་བཟློག་བཞི། ཞི་བའི་སྦྱིན་སྲེག་བཞི་བརྒྱ། བཙོན་དོང་ཐར་བཅུ། ཕྱུགས་ལུག་བརྒྱ་དང་ཉ་འབུམ་གྱི་སྲོག་བླུ། ཡེར་པར་དཀར་མེ་དང་ནག་མེ་སོ་སོར་བརྒྱ་རེ། དར་ལྕོག་བཅུ་གསུམ། སེར་འབྲས་དགེ་གསུམ། རྒྱལ་རི་མཐིལ་དང་བཅས་པའི་མགོན་ཁང་ཚོར་གྲ་པ་སུམ་ཅུས་བཀང་བཤགས་བདུན་ཕྲག་རེ་བཏང་བའི་མཇུག་ཏུ་གཏོར་རྒྱག །དཔལ་ལྷ་དང་གནས་ཆུང་ལྕོག་ཏུ་བཀང་གསོ་སྟོང་རྩ་བྱས་པས་ཁམས་ཀྱང་ཞག་སྐྱེད་ཉིན་སྐྱེད་དུ་བདེ། འདི་ལོ་ནད་ཡུན་རིངས་པ་ལ་བརྟེན་དཔལ་ལྡན་འབྲས་སྤྲུངས་སྤྱི་སྒེར་ཁྱོན་བསྡུས་ཀྱིས་ཞག་གྲངས་མང་པོར་མང་ཇའི་ཐོག་རྒྱལ་བའི་བཀའ་གསུང་སྒྲོག་དང་དབྱིབས་འདྲའི་རིམ་གྲོ་སེ་ར་ཐེག་ཆེན་གླིང་དང་ཕ་བོང་ཁ་སོགས་ནས་ཀྱང་མཛད། ཧོར་ཟླ་བཞི་པའི་ཚེས་བཞི་ལྔ་སྐོར་ལ་རྒྱ་ནག་གི་མི་སྣའི་འགྲུལ་སྡེབས་དམངས་དང་ཁལ་ཁའི་དཔོན་མོ་ཆོས་རྗེ་རྣམས་ལ་རྫོང་བ་གཞིས་ལེན་རྒྱས་པར་བྱས་ཤིང་ངོས་ཕྲད་མ་ཐུབ། ལྷ་ས། ར་མོ་ཆེ། པོ་ཏ་ལ་གསུམ་ལ་མཆོད་པ་སྣ་ལྔ་བརྒྱ་རྩ། ཞལ་གསེར་སྤྱན་འབྱེད་འདོད་དོན་གསོལ་བའི་སྨོན་ལམ་བྲིས་པའི་སྙན་དར་ཕུལ། གྲ་ཚང་དུ་གཤིན་རྗེ་འདུས་པའི་སྔགས་རིང་བཟློག་བཅས་དང་འཁོར་ལོ་འབར་བ་སོ་སོར་བྱེ་བ་རེ། ཁྱབ་འཇུག་གི་མདོས་ནག །དྲི་ཟའི་རྒྱལ་པོར་རྟེན་རྫས་སྤྱན་གཟིགས་མཆོད་གཏོར་གྱ་ནོམ་པ་འཕྲིན་ལས་འཆོལ་བའི་སྙན་དར་ཚིགས་བཅད་མ་དང་བཅས་ཉིན་བདུན་གྱི་རིང་བཀང་བའི་ཚེ་ཁ་འཚུབ་འཇའ་སྤྲིན་འཁྲིགས་པའི་རྟེན་འབྲེལ་


GLG006_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མཚན་མ་ལེགས་པར་བྱུང་། མགོན་པོ་ཡེལ་དེང་གི་ཚ་བོ་བློ་བཟང་བསྟན་འཛིན་གྱིས་ཕ་མ་གཉིས་ཀྱི་འདོད་དོན་འགྲུབ་པའི་སྨོན་ལམ་བསྐུལ་བ་བྲིས། མཆོད་དཔོན་པའི་འཆར་སྟོན་བྱུང་བ་བློར་བབས་པའི་སྟག་རུ་བས་གྲ་སྒྲིག་བྱས་ཏེ་དབུས་ཁུལ་ཆུ་ལྷོ་བྱང་ནས་དགོན་དམིགས་བསལ་ལྔ་བཅུ་ང་བརྒྱད་ལ་ཞག་བཅོ་ལྔའི་ཕོགས་རྩམ་ཇ་ཐུག་རྐྱེན་ཐེག །རྒྱར་ཡོན་སྤོམ་སྤྲོད་དང་བསྔོ་རྟེན་རྣམ་གཞག་སོ་སོར་སྤྲད་པའི་ཚེ་མདོ་ཚེ་གཟུངས། ཚེ་སྒྲུབས། སྨོན་ལམ། བཤགས་པ། བཟློག་པ། གསུང་སྒྲོག་དགོན་བབས་དང་བསྟུན་པ་བྱས། ཆུ་བོ་རི་ནས་ཁྱབ་བདག་ཁྲ་ཚང་པ་ཆེན་པོ་ཕེབས། ཞག་བཅུ་སྐོར་བཞུགས་བདུད་རྩི་འཁྱིལ་བའི་དབང་དང་ལྷ་འདྲེ་སྟོང་དྲའི་ལུང་སོགས་ཆོས་བཀའ་འགའ་ཞིག་ཞུས། ཆུ་བོ་རིའི་གནས་སྲུང་རྣམས་ལ་མཆོད་གཏོར་འབུལ་བའི་རིམ་པ་དགོས་ཚུལ་ཕེབས་པ་བཞིན་བཀོད། ཧོར་ཟླ་ལྔ་པའི་ཚེས་གསུམ་ནས་མཇུག་གཅོད་དུ་གཏེར་སྒྲོམ་གྱི་ཆུ་ཚན་ཞག་བདུན་གྱི་བར་བསྟེན། རྩེ་གདོང་ཞབས་དྲུང་ཁྲི་ཆེན་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཐུགས་དམ་གསལ་འདེབས་ཀྱི་རྟེན་འབྱོར་ཞིང་གདུང་འབུལ་གོས་ཕྱི་ནང་ཁ་ཤས་དངུལ་མདོང་། ཐ་ཕག །རྟ་གསེར་སྒས་གཙོས་པའི་དགུ་ཚན་བཅུ་འབུལ་བར་དར་རྩེ་མདོ་ས་དཀར་མགོ་བ་བཏང་། འདི་ལོ་ཉིན་ཁ་ཤས་ལུང་པ་ཐམས་ཅད་ཁུག་རྣས་ཁེངས་པའི་ཉི་ཟླའི་འོད་མི་གསལ་བ་སོགས་ལ་མི་དམངས་རྣམས་རྣམ་རྟོག་ཆེན་པོ་བྱེད་ཚུལ་སྟག་རུ་བ་དང་ཆང་ཁྱིམ་པ་གཉིས་ཀྱིས་གླེངས་བྱུང་བ་རྩེ་གདོང་ཁྲི་ཆེན་གཞན་དོན་དུ་དགོངས་པར་ལྟ་བར་སྣང་། གོང་


GLG006_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྒྱལ་པོར་གནང་བའི་བཀའ་ཤོག་རྒྱལ་པོ་གསར་རྙིང་གི་མཚམས་སུ་སོང་བས་སྤྲོད་མ་ཐུབ་པ་རྒྱལ་ས་མ་འཁོད་བར་ངེད་ལ་འཆོལ་རྒྱུ་བཀའ་ཤོག་གནང་ཆེས་པས་ངོས་སུ་མ་ཕུལ་བར་བརྒྱུད་ན་ངེད་རྣམས་ཁྲིམས་ལ་ཐོགས་ཉེན་ཡོད་ཅེས་འཇིགས་སྐྲག་གི་བསྒུགས་ཡོད་པ་ཚེས་ཉི་ཤུའི་ཉིན་མཚམས་ཁོག་ཏུ་ཕྲད་དེ་རྩིས་བླངས། གོང་དུ་ཞུ་ཡིག་དང་འབུལ་སྐྱེལ། རྒྱ་སོག་གཞུང་གི་མཇུག་སྡོམ་གྱི་སྙན་འབུལ་ཞུ་བར་ཐང་སག་སློབ་དཔོན་བློ་བཟང་འཇམ་དབྱངས་དང་རྒྱུས་ཡོད་ཀྱི་སྟབས་ཁང་གསར་རབ་བརྟན་སླར་བསྐྱར་ཏེ་བཏང་། མངའ་རིས་གྲ་ཚང་སློབ་དཔོན་གྲ་བཅས་ཀྱིས་ཚེ་སྤེལ་བའི་ཚིགས་བཅད་དགོས་ཚུལ་བྱུང་བ་བྲིས། ཚེས་བཅུ་ནས་མཚམས་གྲོལ་བའི་རྩེས་དང་ལས་ཆེན་བྱམས་པ་རྒྱ་མཚོས་ཁོང་རང་གིས་བརྩམས་པའི་ཚིགས་བཅད་བཏོན་ཞིང་གོས་དར་གྱི་བདོག་པ། ཉིན་ཕྱི་མ་རྣམས་རིམ་བཞིན་ཐར་གླིང་བླ་མ་གྲགས་བཅས། དཔལ་ལྡན་འབྲས་སྤུངས་ཀྱི་གྲ་སློབ་ཕྱེད་སུམ་བརྒྱ། དགའ་ལྡན་ཁྲི་རིན་པོ་ཆེ་གདན་ཟུར། རྩེ་ཤར་གྱིས་ཐོག་དྲངས་པའི་དགེ་འདུན་བརྒྱ་སྐོར། སེ་ར་ཐེག་ཆེན་གླིང་གྲ་སློབ་ཕྱེད་སུམ་བརྒྱ། མངའ་རིས་གྲ་ཚང་དཔོན་སློབ་རགས་བསྡུས། ཆོས་འཁོར་ལྷ་ས་རུ་བཞི་རྣམས་ཀྱིས་ཟང་ཟིང་གི་བདོག་པ་སྤེལ་བའི་རིང་འཚོའི་རྟེན་འབྱུང་བསྒྲིགས། ཐར་གླིང་པར་ཡུན་འཚོའི་ཚིགས་བཅད་གསར་པའི་ལུང་བཀླགས། ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོའི་དུས་བསམ་ཡས་མདོ་སྡེའི་ཐོག་གསོལ་མཆོད་གནང་སྲོལ་ཡོད་འདུག་པ་བར་དུ་ཆག་པ་འདི་ལོ་ནས་གོས་ཕྱི་ནང་གསེར་སྐྱེམས་ཀྱིས་


GLG006_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

གཙོས་པའི་སྤྱན་གཟིགས། ཚོགས་ཆས་འབུལ་བའི་འགོ་བཙུགས་ཏེ་ཆོས་རྒྱལ་དཔོན་བློན་སོ་སོར་འཕྲིན་འཆོལ་གྱི་ཡི་གེ་དང་བཅས་པ་རྒྱ་ཕྲུག་པ་དབང་འདུས་བཏང་། དེ་མོ་སྤྲུལ་སྐུའི་དགོངས་རྫོགས་སུ་དབོན་པོས་དགེ་སློང་འཕགས་པ་ནོར་བུ་ཅན་མངགས་པའི་གསེར་དངུལ་ཇ། གོས་དར་གྱི་སྟེར་ཆ་གྱ་ནོམ་པ། དགའ་ལྡན་རབ་འབྱམས་པ། རི་བོ་བདེ་ཆེན་གྱི་གཉེར་པ། བྲག་ལ་གདན་ས་སྣང་དཀར་བ། ལྕང་ར་ནས་མིང་སྲིང་སྡེ་པ་ཕོན་མདོ་བ། ནཱ་ལནྡ་བཅོ་བརྒྱད་པ་ཐུགས་སྲས་ཟླ་བའི་སྤྲུལ་སྐུ་བླ་མ་ཞང་སྟོན་པ་མཆེད། ཆོས་རྗེ་ཆུ་མིག་པ། ཆོས་རྗེ་དུང་དགོན་པ། རཏྣ་ས་སྐྱོང་གཉིས་ཀྱི་མི་བཟང་ཁ་ཤས་རྣམས་དང་ཕྲད། སྨར་ཁམས་གོ་བོ་དབོན་བོ་དང་དར་རྩེ་མདོ་པ་ལྕགས་ལ་སྤུན་གྱིས་སྟེར་ཆ་བཟབས། རྒྱ་སྦུགས་ལེགས་པ་ཞིག་བྱུང་བ་གྲ་ཚང་དུ་སྤྲད། གཞན་ཡང་རྒྱལ་བའི་བཀའ་འགྱུར་གསེར་ཆོས་གླེགས་ཤིང་རྩི་མ་སྐུ་རགས་གདོང་དར་གྲིལ་ཚས་ཁོམ་ཤུབས་ཆ་འགྲིག་པོ་ཏི་བརྒྱ་དང་གསུམ། རྙིང་མ་རྒྱུད་འབུམ་སྐྱ་ཆོས་གླེགས་ཤིང་གླེགས་ཐག་ཆ་ཚང་པོ་ཏི་ཞེ་གཉིས་རྣམས་ཀྱང་གསུང་རྟེན་དུ་སྦྱར། ཚེས་བཅུ་བཞིའི་ཉིན་བསྙེན་རྫོགས་ཞེ་དགུ་དང་དགེ་ཚུལ་ལྔ་བཅུ་སྐོར་བསྒྲུབས། བི་རི་དགེ་རྒྱས་དཔོན། རབ་འབྱམས་པ་ལུང་རིགས། རབ་འབྱམས་པ་ཚོགས་འཕེལ། དཀའ་བཅུ་བློ་བཟང་ཚེ་རིང་། གོང་དཀར་ཆོས་སྡེ་ནས་པོ་ཏ་ལའི་ཚེ་ཆོག་གི་བཞི་སྡེ་བ་བརྗེ་མཁན་གཞི་བྱེས། ཉང་རེ་སྐུ་སྐྱེ། སེམས་དཔའ་ཆེན་པོའི་སྤྲུལ་སྐུ་རྣམས་ཇ་གྲལ་བཏང་། ཆོས་འཁོར་རྒྱལ་གནས་དབེན་པས་འདོད་ཡོན་ཀྱང་དེ་དང་མཚུངས་གཤིས་


GLG006_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་དཔོན་པས་ཇ་ཚུལ་གྱི་ཐེབས་ཤིག་ཚུགས་ན་ལེགས་ཟེར་བར་འབྲུ་ཐོག་ནས་ཉོ་ཆ་བྱེད་དགོས་བྱུང་ན་ཤོགས་ཆེ་བ་ཞིག་དཀའ་འདུག་པས་མདོར་རྒྱ་འགྲུལ་གཏོང་བའི་ཚོང་ཟོག་གི་དངུལ། སྣམ་བུ། འོག་ཁལ་གྲ་བསྒྲིགས་དེ་གའི་ལག་གཡོག་དང་མཐུན་རྐྱེན་དུ་གྲ་ཕྱི་ཐར་གླིང་ནས་ཐེམ་འཛིན་བརྒྱད། ལག་ཡོང་ལྔ་བརྒྱ། རི་བོ་ཆོས་གླིང་པར་མཆོད་གཞིས་ཆོད་གྲུབ་ཀྱང་གང་གི་གསེར་ཡིག་པ་ཡར་ཀླུངས་ཨེམ་ཆིས་ཞུ་རྟེན་བཟང་བས་ཞུས་ངོར་ཐོབ་རྒྱལ་ཆུ་སྐོར་རྐང་གཅིག་གི་ལག་འབབ་ཉིས་བརྒྱ་བརྒྱད་ཅུ། ཕོ་བྲང་ནས་འཁྲུ་ཁལ་སུམ་བརྒྱའི་གཤོར་འདེབས་དང་བཅས་པ། གོང་དཀར་ཆོས་སྡེ་བར་གཙང་དུས་ཕན་སྒྲུབ་མཆོད་སོགས་ཀྱི་གཏོང་ཆ་ནར་མ་ཡིན་འདུག་པར་ལྕགས་སྦྲུལ་བདེ་གཟར་ནས་བཟུང་གཏོང་ཆའི་ཚབ་ལ་རྒྱལ་གྲུབ་གླིང་ས་འབྱེད་གནང་བ་ལོ་གཉིས་གསུམ་ནས་ཞུ་ལོག་སྣ་ཚོགས་ལ་བརྟེན་བཞེས་པའི་ལོ་སྐོར་ལྷག་ཙམ་གྱི་བར་ཚུལ་སྒྲུབ་མཆོད་ཀྱི་ཕྱག་ལེན་རྣམས་བརྗེད་བྱང་ཙམ་དང་དགོན་པའང་ཉམས་ཆག་ཤིན་ཏུ་ཆེ་བར་གྱུར་པ་ས་ཕག་ཁ་རག་སྒྲུབ་སྡེ་པའི་མཆོད་གཞིས་དང་སྙེ་མོ་ནས་ས་འབྱེད་བྱས་རུང་ཐག་རིང་ཞིང་འཇིག་རྟེན་གྱི་འཁྱེར་ཁ་ཞན་པའི་ཟོས་པོ་ཞིག་མེད་འདུག་པས་ཚུར་བླངས་ཆུ་ཤུར་ལྷ་ཡུལ་གཞིས་ཀ །ཐེམ་བཞི་བཅུ་ཞེ་དྲུག །ལག་ཡོང་ཉིས་སྟོང་ཕྱེད་སུམ་བརྒྱ། ཁྱབ་བདག་ཞ་ལུ་བ་ཆེན་པོས་ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས་ཀྱི་དུས་ཇའི་ཐེབས་རྒྱུན་འཇགས་དགོས་ཚུལ་གྱིས་ཞུ་རྟེན་དང་བཅས་ཕེབས་བྱུང་བ་རྒྱལ་གྲུབ་གླིང་ཤས་རྙིང་ཐོག་ནས་འབྲུ་ཁལ་ཉི་ཤུ་སྐོར། གཏེར་སྟོན་རིགས་


GLG006_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཆེན་པོས་གྲ་ཚང་གསར་འཛུགས་མཛད་བཞེད་ཀྱི་མཐུན་རྐྱེན་དགོས་ཚུལ་གྱི་ཞུ་རྟེན་ལྷ་ལྕམ་མནྡ་ར་བའི་ཐུགས་དམ་རྟེན་གྱི་ཕག་མོའི་ལི་སྐུ་ཨོ་རྒྱན་ཆེན་པོས་ཆོས་རྒྱལ་ལ་གནང་བ་སྙིང་མཛོད་ནས་མངའ་རིས་པཎ་ཆེན་གྱིས་བཏོན་ཏེ་འབྲི་གུང་ཟུར་པར་གནང་། དེས་ཡོལ་མོ་བ་ནམ་མཁའ་བརྒྱ་བྱིན། དེས་མདོ་སྔགས་བསྟན་འཛིན་ལ་བརྒྱུད་པ། གཏེར་སྟོན་རཏྣ་གླིང་པའི་ཞལ་གོ་བདེ་ཆེན་གླིང་པས་སྣ་ཚོགས་རང་གྲོལ་ཕུལ་བ། སྨན་ལུང་པ་མི་བསྐྱོད་རྡོ་རྗེའི་དབུ་ཐོད་ཆོས་རྒྱལ་ཕོ་བྲང་པས་མདོ་སྔགས་བསྟན་འཛིན་ལ་ཕུལ་བའི་ནང་དུ་ཁྱབ་བདག་ཆོས་དབྱིངས་རང་གྲོལ་གྱི་ཕྱག་བྲིས་མའི་ཚེ་མཆོག་གི་སྐུ་བརྙན་ཡོད་པ་པདྨ་གླིང་པའི་གཏེར་བྱོན་གྱི་གནམ་ལྕགས་རྡོ་རྗེ་བཅས་བྱུང་བར་བཟང་ཡུལ་གྲོང་གསར་དང་སྤང་འདབས་གཞིས་ཀ །ཐེམ་འཛིན་བཅུ་སྐོར། ལག་ཡོང་ཆིག་སྟོང་བརྒྱ་ལྷག །རྡོ་རྗེ་བྲག་ཨ་ཝཾ་ལྕོག་སྒར་པར་དོལ་ནས་གཤོར་འདེབས་བྱེད་རྒྱུན་ལ་ས་བརྗེས་དགོས་ཚུལ་དང་བཅས་སྤྲུལ་པའི་སྐུས་མངའ་རིས་རིགས་འཛིན་ཆེན་པོས་སྤྱན་དྲངས་པའི་འཁོར་བ་དབྱིངས་སྒྲོལ་གྱི་གཏེར་སྣོད་དང་ཆོས་དབང་རིན་པོ་ཆེའི་སློབ་མ་བདུན་གྱི་ནང་ཚན་ཨེ་མ་ཞེས་ནམ་སྙིང་གི་སྤྲུལ་པར་ལུང་གིས་ཟིན་པ་དེའི་དབུ་ཐོད་མཁར་ཆུའི་ཚོགས་ཁང་གི་མཆོད་རྟེན་བུམ་པར་སྦས་པའི་ཆོས་རྒྱལ་དབང་པོའི་སྡེ་སྤྱན་དྲངས་པའི་ནང་དུ་ཡང་དག་གི་སྐུ་དང་རྒྱབ་ཏུ་ཨེ་མའི་སྐུ། དཀར་ཆག་གི་ཡི་གེ་དང་བཅས་འདྲི་བ་གནང་བའི་རིགས་འཛིན་ཡབ་སྲས་ཀྱི་ཐུགས་གཙིགས་མའི་ཞུ་རྟེན་བྱུང་ཞིང་རིམ་གྲར་ཐུགས་ཁུར་ཆེ་ཞིང་རིགས་འཛིན་གོང་མ་རྣམས་ཀྱི་རྒྱུན་ལ་བསམ་ས་སྣོན་དང་


GLG006_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲགས་སྙེ་མོ་ཀ་སྡོད་དང་ཞུར་ལྷག་གི་གཞིས་ཀ །ཐེམ་འཛིན་སུམ་ཅུ་སྐོར། ལག་ཡོང་ཆིག་སྟོང་བརྒྱད་བརྒྱ། བདེ་ཆེན་ཆོས་འཁོར་ནས་སྤྲུལ་པའི་སྐུས་ལགས་ལགས་རིན་ཅེན་གྱི་དོན་དུ་གད་ཁ་ས་དང་འབྲེལ་བརྒྱུད་ཡོད་མེད་ཀྱི་མཚམས་ལ་གོང་དཀར་ཆོས་སྡེའི་མགོན་ཁང་དུ་དབུ་རྩི་མཛད་པ་ཁུངས་རྡོལ་གྱི་ཆད་པར་རྒྱལ་ས་སྡེ་པ་འཕྲིན་ལས་རྒྱ་མཚོས་བཞེས་སོང་བར་ཞུ་རེའི་སྤྲོས་པ་མི་འདུག་རུང་རོ་དུར་ཁྲོད་ནས་ལོག་རེའི་སུན་གཙེར་གྱི་རྒྱུར་འདུག་པ་དང་དགའ་ལྡན་གསང་སྔགས་གླིང་སྔར་ཕན་ནར་མ་ཡིན་རུང་མཆོད་གཞིས་སྦྱར་བ་འཇགས་ཆེ་བར་བསམ་ཞིབ་ཆའི་རྩིས་གྲུབ་མ་བཏང་བར་འདི་ཙམ་གྱིས་མི་འགྲོ་འདུག་རུང་སྔ་འགྲོས་སུ་རྒྱལ་ས་དང་ཁོལ་མ་བསྡོམས་པར་ཐེམ་ཉེར་ལྔ། ལག་ཡོང་སྟོང་ཕྲག་ཕྱེད་གཉིས། སྤྱན་གཡས་པ་ལྕགས་སྦྲུལ་ལོ་བྱས་ཡུས་ཆེ་བ་བྱེད་འདུག་ཀྱང་སྡེ་པ་བསོད་ནམས་རབ་བརྟན་གྱི་དུས་མཆོད་གཞིས་གནང་བ་ལེ་ལག་མ་འདྲིལ་བ་རྣམས་ཞུ་རེ་བྱུང་བ་བཞིན་ཡར་སྟོད་བྱང་སྲིབས་གྲོ་མོ་བ་ཁུངས་ཀྱི་གཞུང་སྒྲུབ་བྱེད་དགོས་རྣམས་ཟླ་འདྲིལ་གྱི་ལག་འབབ་སུམ་བརྒྱ་སྐོར། གཡའ་བཟང་ལྷ་མགོན་གྱི་མཆོད་ཁང་དུ་དཀར་མེ་སྡོང་རྐང་གཅིག་གི་ཐེབས་སུ་ཡར་སྟོད་ཕུའི་ཤས་ཞིང་སྟེང་ནས་ཁལ་བདུན་ཅུ། འབྲུ་ལ་བར་ཞོ་ཁ་ཁུལ་གྱོང་ལ་གཏོགས་པའི་ཐེམ་འཛིན་བཅུ་བདུན། ལག་ཡོང་བརྒྱ་སྐོར། ཀ་ཚལ་བླ་མ་རིགས་འཛིན་དཀོན་ཅོག་ལྷུན་གྲུབ་ལ་སྐུ་རིམ་སྒྲུབ་རྟེན་དུ་མས་དྲོ་ཆུ་བཟང་གི་ཞོལ་ཁང་གཞིས་ཀ །ཐེམ་ཆུང་ལྔ། ལག་ཡོང་ཕྱེད་སུམ་བརྒྱ། ནཱ་ལནྡཱ་བཅོ་བརྒྱད་པ་སྔར་ནས་དགའ་ལྡན་ཕོ་བྲང་དང་


GLG006_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་འབྲེལ་ཆགས་པའི་སྐུ་མདུན་རིན་པོ་ཆེས་གང་ལེགས་མཛད་པའི་ཕྱག་ཐམ་ཡང་འདུག་ཅིང་སྐྱིད་ཤོ་ཐའི་ཇིས་མཁར་རྩེ་འཛིན་སྐབས་ས་ཆ་ཤོར་འདུག་པ་དང་བཅས་ཟ་དམ་མཁུལ་སྣ་མོ་ཇོ་གདན་པའི་དགོན་བླ་བྲང་གྲ་ཤག་དང་སྐུ་གསུང་ཐུགས་རྟེན། མཆོད་རྫས་ཐོར་བུ། གཞི་བ་བཅུ་གཉིས་ཀྱིས་ཀུན་རིག་དང་སྨན་བླ་གཏོང་བའི་ཐེབས་ཕྲན་བུ་འདུག་པ་དང་བཅས་བསྡོམས་པར་ལག་འབབ་ཕྱེད་བདུན་བརྒྱ་མོ་བྲན་ཐེམ་འཛིན་བཅོ་ལྔ་དང་ཉིས་འཛིན་ཐེམ་དྲུག །བྲ་ཡག་ཏྲེ་བོ་གཉིས་ཀྱིས་ཞུ་རྟེན་བཏོན་པའི་འབྲས་སྤུངས་བློ་གསལ་གླིང་པར་རྐྱང་མོ་གཞིས་ཀ་ཐེམ་འཛིན་བཅུ་གཉིས། ལག་ཡོང་དགུ་བརྒྱ། གྲ་རི་བོ་རྣམ་རྒྱལ་བར་གྲ་ནང་ལྷུན་རབ་པ་དང་དགོན་ཆུང་ར་མ་སྟེང་། ལག་ཡོང་བརྒྱད་ཅུ་ཐམ་པ། སྒྱེ་ཆུ་ལུ་བུ་གཉིས་རྫོང་ཁ་བའི་རྩ་བ་ལྟ་བུ་ཡིན་ཀྱང་བར་སྐབས་སུ་བླ་མ་དགེ་ལུགས་དང་རྙིང་མ་བ་འདྲ་བསྐོས་པའི་རང་ཚུགས་ཞིག་འདུག་པ་ཐུབ་པའི་རྗེས་སུ་འཇུག་ངེས་ཀྱི་བསྟན་པ་ཡིན་ཕྱིན་མ་ཉམས་པ་ལེགས་པར་མཐོང་བས་མཁན་བྱམས་པ་ངག་དབང་དཔལ་བཟང་བསྐོ་བཞག་བྱས་ནས་སྒྱེ་ཆུར་གྲ་པ་དྲུག་ཅུ་སྐོར་གྱིས་པདྨ་ཡང་གསང་དང་ཚེ་དཔག་མེད་ལྷ་དགུའི་སྒྲུབ་མཆོད་གཏོང་བའི་ཐེབས་སུ་འཆོས་མ་ལྷ་ཁང་གི་གཞིས་ཀ །ཐེམ་བདུན། ལག་ཡོང་བདུན་བརྒྱར་ཉེ་བ། རྟ་ནག་ཐུབ་བསྟན་པ་ཁམས་མངའ་རིས་ཟློས་པའི་རྐྱེན་གྱིས་མངའ་རིས་པའི་བན་རྩ་འདྲ་ལ་བརྟེན་སྡེ་པ་འཕྲིན་ལས་རྒྱ་མཚོར་གཡོ་ཞུས་ཀྱིས་བྲའུ་ཤུག་བཞེས་པ་ཕྱིར་སློག་པར་ཐེམ་བདུན། ལག་ཡོང་ཕྱེད་ལྔ་བརྒྱ། རི་བོ་བཀྲ་བཟང་འདི་སློབ་དཔོན་ཆེན་པོའི་གནས་ཆེན་སྟོད་ཕྱོགས་ཀྱི་


GLG006_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སའི་མེ་བཙའ་ལྟ་བུ་ཡིན་ཀྱང་གཙང་དུས་བྱང་པའི་འཕུལ་ཕྱོགས་ཀྱིས་ཤོར་གོད་བྱུང་བའི་གཤིས་ཆོས་རྗེ་བཀྲ་བཟང་བར་གནས་འཛིན་ཆོས་པའི་ཐེབས་དང་གྲ་སློབ་ཉི་ཤུ་སྐོར་གྱིས་ལོ་སྟར་འཆི་མེད་འོད་སྣང་གི་ཆོ་ག་གཏོར་ཐེབས་བསྡོམས་པར་བྲ་མ་ལུང་གཞིས་ཀ །ཐེམ་བཞི། ལག་ཡོང་བདུན་བརྒྱར་ཉེ་བ། སོག་པོ་ཚེ་རིང་སྐྱབས་སྤུན་གཉིས་གཞུང་དུ་རེ་བལྟོས་བྱས་ནས་རྒྱུན་རིང་ཞིང་ལྟ་གྲུབ་སོགས་གང་ས་ནས་སྐྱོངས་འོས་སུ་སྣང་གཤིས་ཤངས་དགྲ་འདུལ་བས་བཟུང་ཤུལ་གཞིས་ལགས། གླང་ཆེན་དང་བཅས་པའི་གཞིས་ཀ །ཐེམ་བཅུ་བདུན། ལག་ཡོང་སྟོང་རྭ་ཅན་སྐོར། ངམ་རུ་བ་མགོན་པོ་ཚེ་འཕེལ་གྲུབ་མཐའ་གཙང་ཞིང་བསམ་པ་ཆེ་བ་ནས་གཞིས་རྩེ་སྒོམ་གནས་པས་བཟུང་ཤུལ་རྡོ་སྤེ་བྱང་གཞིས་ཀ །རྩ་ཕུ་བས་འཛིན་ཤུལ་རྫ་ལུང་བཙན་གཞིས་ཀ །ཐེམ་སོ་བདུན། ལག་ཡོང་སྟོང་ཕྲག་གཉིས། སྨན་གྲོང་སྤེལ་བ་རྩིས་སོགས་ལ་འཇུག་པས་གྲང་ཆེན་རྙིང་ཁུངས་སྣ་རུ་གཞིས་ཀ་དང་དབྱེ་གཞིས་ཀ །ཐེམ་འཛིན་བརྒྱད། ལག་ཡོང་བདུན་བརྒྱ་སྐོར། ཁྱབ་བདག་སྨན་ལུང་ནས་ཀྱི་གསུང་ནན་ཆེས་པ་དང་བཅས་རིན་སྤུངས་དཀྱིལ་ཁང་པར་འབྲེང་ཁུང་ཁྱུང་རྩེ་གཞིས་ཀ །ཐེམ་ཆུང་། ལག་ཡོང་སྟོང་ཕྲག་སྐོར། ལྕོག་སྦུག་པ་ཚེ་བརྟན་རྡོ་རྗེར་རྒྱལ་རྩེ་ལྕང་ལོ་ཅན། འཛལ་གྲོ་ཆུང་བཅས་པའི་གཞིས་མ་ལག །ཐེམ་འཛིན་བཞི། ལག་ཡོང་སྟོང་བརྒྱད་བརྒྱ། རྒྱལ་རྩེ་ཡིག་མཁན་ཚེ་དབང་རྩིས་ལ་འཇུག་ཆེ་བས་ས་ཚབ་ས་སྣོན་དང་བཅས་པར་རྩེ་ཆེན་གྲང་ཆེན་ལ་གཏོགས་པའི་བུད་སྟོངས་རྐང་གསུམ་གྱི་ཁང་། ཐེམ་འཛིན་ལྔ། ལག་ཡོང་ལྔ་


GLG006_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ། ཤབ་ཁྲོམ་ས་བ་གྲུབ་མཐའ་གཙང་བ་དང་བཅས་ས་སྣོན་དུ་གཞིས་རྩེ་ཁུལ་རུང་མ་གཞིས་ཀ །ཐེམ་དྲུག །ལག་ཡོང་བཞི་བརྒྱ་སྐོར། གསོ་བ་རིག་པ་འདི་འགྲོ་བ་ཀུན་གྱི་སྤྱི་བོར་དམ་པར་འདུག་པའི་ཕན་ཡོན་ལ་བསམ་སྡེ་པ་བསོད་ནམས་རབ་བརྟན་གྱི་དུས་ནས་གཞིས་རྩེར་ཕོགས་བརྒྱབ་པའི་འཆད་ཉན་འཛུགས་དགོས་ཚུལ་མོལ་བ་ལྟར་ད་ལྟའི་བར་དུ་ཚུགས་བཞིན་པ་རྒྱུད་བཞི་གཙང་འདྲིལ་གྱི་རྒྱུགས་སྤྲོད་པའང་ལོ་ཕལ་ཆེར་ལ་བྱུང་བ་དང་བཅས་དཔོན་ཚང་ཚ་རོང་པར་འཚོ་བྱེད་ཀྱི་སྐྱོང་ཐེབས་སུ་ལྷུན་པོ་རྩེ་ནས་ཐེམ་བཞི། ཕུ་གསུམ་ཤས་འཁྱར་དང་བཅས་པའི་ལག་ཡོང་ཉིས་བརྒྱ་སྐོར། ལྷ་རྩེ་ལྷུག་པ་བློ་བཟང་ཤེས་རབ་ཀྱིས་རྟེན་བཞེངས་ཀྱི་དོ་དམ་ཁུར་ཆེ་བ་བྱུང་ནས་སྤེལ་ཆུང་ཐེམ་འཛིན་བཞི། ལག་ཡོང་ལྔ་བརྒྱ་སྐོར། རག་ནས་ཕ་བུ་ལག་གཡོག་ཏུ་འགྱུར་བས་ས་བརྗེས་སྣོན་མ་དང་བཅས་པར་བྱ་འདབ་གཞིས་ཀ །ཐེམ་བཅུ་གསུམ། ལག་ཡོང་སྟོང་རྭ་ཅན་ལ་ཉེ་བ། ཞང་ཚ་དཀོན་ཅོག་རྣམ་རྒྱལ་ལ་སྔ་སོར་བྱིན་པའི་སྣོན་མར་ཐར་གླིང་ཁུངས་བཙན་མཁར་བ་ཐེམ་གཅིག །ལག་ཡོང་ཕྱེད་སུམ་བརྒྱ། གོས་བཟོ་ཤུག་ར་བཅོ་ལྔར་བཟང་སྣེ་ངོས་ཀྱི་ཁང་ཞིང་། ལག་ཡོང་སུམ་བརྒྱར་ཉེ་བ། འོལ་དགའ་འབྲིང་ལུང་པ་སྔར་ནས་སྦྱིན་བདག་རྐང་མའི་ལུགས་དང་ཕག་རི་སོགས་སྣེ་མོར་ཁུར་བསམ་ཆེ་བ་བྱུང་བར་དར་རྒྱས་རབ་བརྟན་གྱི་གླ་ཚལ་ཚབ་དང་ས་སྣོན་སྦྲགས་པར་སྒེམ་བུ་བས་བཟུང་ཤུལ་ཟིལ་གནོན་དཔལ་འབྱོར། ཐེམ་འཛིན་བཅུ། ལག་ཡོང་ཕྱེད་དྲུག་བརྒྱ། འོལ་དགའ་གདན་རུ་ནས་ཐེམ་བཞི། ལག་ཡོང་བརྒྱ། བསམ་ཡས་ནས་ཆོས་སྐྱོང་ཆེན་


GLG006_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

པོས་སྟག་རྩེ་ཐའི་ཇིས་མཆོད་ཁང་གི་ཞབས་ཏོག་ཆེ་བ་བྱུང་བའི་མཚར་ཁར་སྟེར་ཆའི་མིང་བཏགས་ཤིག་དགོས་གསུང་བར་བྲག་ཤར་སྟོད་ཀྱི་གཞིས་ཀ །ཐེམ་བདུན། ལག་ཡོང་དྲུག་བརྒྱ། ན་བཟའ་གླིང་པའི་ལྷོ་བྲག་གི་ཞིང་འཁྱར་གྱི་ཚབ་དང་རྒྱུད་འབུམ་སྦྱིན་བྱུང་བར་འཕྱོང་རྒྱས་དོན་མཁར་ཨ་ཇོ་ཁུངས་ས་རྐང་གཅིག་དང་བཞི་ཟུར་གཅིག །ལག་ཡོང་ཉིས་བརྒྱ་སྐོར། རྣམ་སྲས་ཚལ་པ་ནོར་བུ་ལ་ཕྲེང་སྦྱར་ཆེན་འོག་གི་གཞིས་ཀ །ཐེམ་གསུམ། ལག་ཡོང་སུམ་བརྒྱ། རྒྱ་ཕྲུག་པར་རྩེས་དང་ཟུར་བར་གྱི་ཁང་པ། བརྒྱ་ལྷག །སྤྱིལ་གྲོང་བཅས་པའི་ཤས་ལག་འདེབས་བཞི་བརྒྱ་སྐོར། དྲུང་ཡིག་དར་རྒྱས་བཀྲ་ཤིས་གྲུབ་མཐའ་གཙང་བ་དང་གསང་སྒོ་ནས་བཟུང་ལས་ཀར་འཇུག་ཆེ་བས་ལྕགས་གྲོང་གཞིས་ཀ །ཐེམ་བཅུ་བཞི། ལག་ཡོང་ཕྱེད་བདུན་བརྒྱ། གནས་གསར་བར་ས་སྣོན་དུ་ཐར་གླིང་ཁུངས་གནམ་རབ་ཏུ་ཡོད་པའི་ཐེམ་གཉིས། རྒྱ་རི་དཔོན་བློན་དང་ཉིས་འཛིན་ཐེམ་གསུམ། ལག་ཡོང་ཕྱེད་བཞི་བརྒྱ། འཕན་པོ་ཚོང་འདུས་ཁང་གསར་བ་སྒར་པའི་དུས་ནས་ལྟ་གྲུབ་ཁ་ཕྱོགས་མ་ལོག་པ་དང་བཅས་སྣེ་མོ་གཞིས་ཀ་ཁུངས་ཐེམ་གཉིས། ལག་ཡོང་དྲུག་ཅུ། འཕྱོངས་རྒྱས་ཨ་བསམ་རྒྱ་བོད་ཀྱི་ཡིག་རིགས་དང་རྩིས་སོགས་ཀྱི་འཇུག་ཆེ་བར་བརྟེན་འཕགས་སྡེ་ཁུངས་གྲོ་ཆེན་ཐེམ་བཞི། ལག་ཡོང་བཞི་བརྒྱ། གྲ་ཕུག་པ་བར་གྲ་ནང་གྱང་ཁང་ཁུངས་གཡོག་རྐང་གཅིག །རྒྱལ་གླིང་ཚོགས་དང་ཉིས་འཛིན་ལྷུན་པོ་སྒང་པ་བཅས་ཐེམ་གཉིས། ལག་ཡོང་དགུ་བཅུ་ཐམ་པ། གྲོང་སྨད་ཉེ་སྐོར་དུ་གཡོག་རིས་དུད་ཆེན་ཉུང་བ་འདུག་པས་ཉང་བྲན་ན་


GLG006_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཅན་གོང་འོག་སྒང་མགོ་བ་དང་བཅས་པའི་ཐེམ་གསུམ། ལག་ཡོང་ཉིས་བརྒྱ། ཆ་དཀར་ཆོས་མཛད་སྡེ་པ་འཕྲིན་ལས་རྒྱ་མཚོ་གཤེགས་གདོང་གི་བསྙུན་གཡོག་རྐང་མ་ཡིན་གཤིས་གདམ་ང་བཏང་བར་ཐག་རིང་གི་རྒྱ་ཆེ་བ་ལས་ཐག་ཉེར་འདམ་འདུག་གཤིས་ཐེམ་རྐང་གཉིས། ལག་ཡོང་ལྔ་བཅུ་སྐོར། དཔོན་ཉག་རྒྱལ་ནས་བཟུང་རྩ་བའི་སྦྱིན་བདག་གི་གྲས་སུ་འདུག་པ་དང་ནང་རྟེན་གྱི་རིན་མི་ཆེན་ཞལ་དྲོ་ལག་ཏུ་མ་ལོན་གཤིས་ཤུན་གཞིས་ཀ་བར་ཆུ་ཤུར་ཁོ་མ་ཁུངས་ཐེམ་གཉིས། བུད་སྟོངས་གཉིས། ལག་ཡོང་བརྒྱ་སྐོར། ཡིག་མཁན་གྲ་ནང་བསོད་ནམས་ལྷུན་གྲུབ་ལ་ཐེམ་གཉིས། བོགས་ཆག་དང་ཤས་ཞིང་འཁྱར་བཅས་པའི་ལག་འབབ་ཕྱེད་ཉིས་བརྒྱ། གོང་དཀར་དཀར་བྲག་པར་དཔལ་གཤོངས་པས་བཟུང་ཤུལ་གྱི་གཞིས་ཀ །སྤྱིལ་བུ། གཡོག་བཅས་ཀྱི་བདག་ཐོབ་རྣམས་སྦྱོར་འཇགས་བྱས། སྟག་ལུང་དཔལ་མགོན་གྱིས་གཙོས་རི་མོ་བ་གྲངས་བཅད་ཀྱིས་འཇམ་དབྱངས་དཀོན་ཅོག་ཆོས་འཕེལ་ཡན་གྱི་ལམ་རིམ་བླ་བརྒྱུད་ཧ་ཚོན་མ་གྲ་ཚར་ཞིག་བཞེངས། ཧོར་ཟླ་དྲུག་པའི་ཚེས་གཉིས་ལ་མཆོད་དཔོན་དབུ་མཛད་ཀྱིས་གསེར་དངུལ། ཇ། གོས་དར། སྒམ། རྟ་སྒ་མ་སོགས་བརྒྱ་འབུལ་ཚོགས་འཁོར་དང་བཅས་གྲ་ཚང་གིས་འཆི་མེད་འོད་སྣང་གི་ཚེ་ཆོག་བཏང་། དེ་ཉིན་མཆོད་དཔོན་དབུ་མཛད་གཉིས་ཀྱིས་བོད་འབངས་ཀྱི་བདེ་ཐབས་དང་ཚོགས་གསོག་ཏུ་དམིགས་ནས་གསེར་ཞོ་སྟོང་ཕྲག་སྐོར་གྱི་ཐེབས་ཕུལ་བས་གཞི་བྱས་གཡོ་རུ་ཁྲ་འབྲུག་གྱི་རྒྱ་ཕིབས་གསར་བཞེངས་ལ་ལྷོ་བྱང་གི་དཀྱུས་རྒྱུག་མཐོ་བརྒྱད་ཅུ། ཤར་ནུབ་ལ་ཞེ་གསུམ་དཔངས་ལ་


GLG006_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་ལྔ། ལྟར་རྒྱབ་ལ་ཞེ་བརྒྱད། ཟུར་ཆེན་བཞིའི་ཀག་ལང་གི་སྣེར་ཆུ་སྲིན། ལྟར་རྒྱབ་ཀྱི་གདོང་སྣེ་ཕན་ཚུན་དུ་ནོར་བུ་དབང་རྒྱལ། དཀྱིལ་དུ་གཉྫི་ར་དང་བཅས་པའི་རྒྱུར་གད་བདར་ཕྱིས་གསུམ་གྲུབ་པའི་ཟངས་མཁར་ཁལ་དགུ་བརྒྱ་བཅོ་ལྔ། གསེར་བཙོ་མ་ཞོ་དྲུག་སྟོང་དགུ་བརྒྱ་དོན་བདུན། གསེར་འདམ་ལ་དངུལ་ཆུ་ཞོ་ཉིས་སྟོང་དགུ་བརྒྱ་སོ་གཉིས། གསེར་གསོལ་སྣ་ཁྲིད་མོ་རེའི་བསྲེས་བཅས་པར་དངུལ་ཆུ་ཁལ་བཅུ་གསུམ། སྟར་བུ་ཁལ་ཉི་ཤུ་རྩ་བཞི། དམར་ཚོས་ཁལ་ཉི་ཤུ་རྩ་གཅིག །ལྕགས་ཐག་རླུང་དྲིལ་བཞི་བཅུ་ཞེ་གཉིས་རྣམས། ཡུམ་བུ་བླ་མཁར་འདི་བསྟན་པའི་དབུ་བརྙེས་པའི་གནས་ཀྱི་ཐོག་མར་སོང་བས་སྡེ་པ་འཕྲིན་ལས་རྒྱ་མཚོས་ཐུགས་ཁུར་བཞེས་དོ་དམ་གེ་ར་བ་དང་རེས་མ་བ་གཉིས་ཀྱིས་བྱས་པའི་ཤིང་འབྲུག་ཞིག་གསོས་གྲུབ་པར་འདི་ལོ་རྒྱ་ཕིབས་གྲུ་བཞི་ཕྱོགས་རེའི་དཀྱུས་ལ་རྒྱུག་མཐོ་ཕྱེད་བཅུ་དགུ །དཔངས་ལ་བཅུ་གཅིག །ཟུར་བཞི་དང་དབུས་སུ་ནོར་བུ་ཏོག་གཟུགས་རྣམས་ཀྱི་རྒྱུར་གད་བདར་གྲུབ་པའི་ཟངས་ཁལ་གོ་གསུམ། གསེར་བཙོ་མ་ཞོ་དགུ་བརྒྱ་དང་བཞི། དངུལ་ཆུ་ཞོ་ཉིས་སྟོང་དགུ་བརྒྱ་བཅུ་གཉིས། སྣ་ཁྲིད་ཀྱི་དངུལ་ཆུ་ཉག་བཅུ་བཞི། སྟར་བུ་ཉག་དགུ། བཙོད་ཉག་བཅུ་གཅིག་རྣམས་སོང་བའི་གོང་གསལ་གཉིས་ཀྱི་ཟངས་བཟོའི་དོ་དམ་འདར་གཞོན། གྲ་དཔོན། ཤིང་བཟོའི་དོ་དམ་ཨ་དར། ལྷུན་གྲུབ་གླིང་པ་སྙག་གྲོང་སྨྱོན་པ། གསེར་གསོལ་བ་ནང་སོ་དཀོན་དར་བ། རྩེ་ཆེན་ནས། ནང་སོ་དགོས་དགོས། སྤངས་ཆེ་ནས། བལ་པོ་ཨ་མ་ར་སིདྷ། ཟངས་


GLG006_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་སྣམ་སྲས་ལྷས་བྱིན། དངོས་གྲུབ་གསུམ་གྱིས་གཙོས་པའི་སུམ་ཅུ་སོ་བདུན། ཤིང་བཟོ་དགའ་སྦུག་པ་དང་ལམ་རྙེད་ཅན་སུམ་ཅུ་སྐོར་གྱི་ཕོགས་ཡོན་སྟོན་མོ་སོགས་འབྲུ་ཐོག་ཏུ་དྲིལ་བར་མཁར་ཁལ་ཆིག་ཁྲི་ཆིག་སྟོང་སུམ་བརྒྱ་སོང་། རབ་གནས་ལ་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ་དཔོན་སློབ་ཀྱིས་ཕེབས་པའི་རྒྱས་པར་མཛད། སྐྱིད་ཤོད་དགའ་གདོང་ཆོས་སྐྱོང་གིས་གསོལ་མཆོད་བསྐུལ་བ་བརྩམས། ཁྱབ་བདག་ཞ་ལུ་པ་གཞན་སྣང་དུ་བསྟན་པའི་ཚུལ་མཛད་པར་བརྟན་བཞུགས་ཀྱི་ཚིགས་བཅད་དེ་དང་འབྲེལ་བའི་རྟེན་བཅས་ཕུལ། མཚུར་ཕུ་དྲུང་པའི་ཕྱག་མཛོད་མདོ་མཁར་བ་འདས་པའི་ཚབ་བསྐོ་དགོས་ཚུལ་སྨེད་པར་ཕྱག་མཛོད་ལས་བླ་མ་གལ་ཆེ་བས་དྲུང་པའི་སྤྲུལ་སྐུ་སྟོད་སྨད་གོང་དུ་འདུག་ཀྱང་རྩད་བཅད་པ་འགབ ། ལམ་ཡིག་སོགས་མཐུན་རྐྱེན་དགོས་ན་ཡོད་བྱས་ཀྱང་རྣ་ཐོས་དང་ཁུངས་ཆོད་ཡེ་མ་བྱུང་ཞེས་རྩོལ་བ་མི་བྱེད་སྣང་བ་དད་མོས་མེད་པ་ཨེ་ཡིན་མི་ཤེས་རུང་ལ་ལའི་བརྗོད་རིགས་ལ་ལྗང་ཞབས་སུ་ཀརྨ་པར་སྲས་འགའ་ཞིག་ཡོད་འདུག་པའི་གཅིག་ལ་དྲུང་པའི་སྐུ་སྐྱེར་སྒྲོ་བཏགས་པ་ཐོས་པའི་རེ་བ་ཡིན་ན་ཟེར། གང་ལྟར་འདོད་སྦྱར་བཞིན་ཕོ་བྲང་དགོན་སྟོད་པ་ཅན་གཉིས་ལས་སྣར་བསྐོས། ཡར་འབྲོག་འཛམ་གླིང་ཆོས་འཁོར་བའི་གྲ་པ་གཉིས་ཀྱིས་བརྟག་པ་གཉིས་པ་དང་དུས་འཁོར་བསྡུས་རྒྱུད་གཉིས་ཀྱི་རྒྱུགས་སྤྲད། ཟླ་བ་དྲུག་པའི་རིང་ཕྱི་མཚམས་ཁོག་ནས་བྲེལ་བ་བཅད་པའི་བདུན་པའི་ཚེས་བདུན་ལ་རྒྱུད་སྟོད་པ་དཔོན་སློབ། གསལ་ཁང་དགོན་པའི་བླ་སྤྱི། ར་བ་སྟོད་པའི་བླ་གཉེར། སྟག་རྩེ་ཐའི་ཇི་


GLG006_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་སྲས། ཡོལ་གདོང་ལེགས་ལྡན། ཁོན་ཇིན་བླ་མའི་བསྔོ་ཞུས་པ། ནོ་མོན་ཨེ་ཇེན་གྱི་བསམ་གཏན་ཅན་ཕྲད་མི་ཤིན་ཏུ་མང་། ཀོང་པོ་རྙིང་ཕུ་བའི་སྐུ་སྐྱེ་དང་གདུང་བརྒྱུད་སྤུན་གཉིས་ཀོང་ཕྱོགས་སུ་སྤྱི་སྒོས་ཀྱི་རིམ་གྲོ་བགྱིད་པའི་འོས་སུ་བྱུང་བ་རྡོ་རྗེ་བྲག་ཏུ་བཀའ་གཏེར་གྱི་ཆོས་ཞུ་བར་བཏང་བ་ཐོབ་རྒྱ་དགའ་མོ་བྱུང་འདུག་ཅིང་དེ་བར་གྱི་མཐུན་རྐྱེན་མཆོད་དཔོན་དབུ་མཛད་གཉིས་ཀྱིས་སྦྱོར་དུ་བཅུག །སྤོས་ཁང་མཁན་པོ་ཟུར་པ་འབུམ་རམ་པ་རྡོ་རྗེ་བཙུན་མོའི་ཞིང་ཁམས་སུ་གཤེགས་པའི་བསྔོ་རྟེན་དུ་གླང་བུ་ནས་ཀྱིས་དོ་དམ་བྱས་པའི་ལམ་འབྲས་བརྒྱུད་པའི་ཞལ་ཐང་མཁྱེན་རིས་དངོས་གཙང་བ་ཞིག་བྱུང་བ་མུས་ཆེན་སེམས་དཔའ་ཆེན་པོ་མན་ཁའུ་བྲག་རྫོང་པའི་བརྒྱུད་རིམ་གོང་དཀར་ཆོས་སྡེའི་དབུ་མཛད་གསང་སྔགས་མཁར་པ་ཅན་གྱིས་བྲིས་ཏེ་བསབས། རིན་པོ་ཆེ་རྙིང་རི་བ་བདེ་བ་བཟང་པོ་པདྨ་འོད་ཀྱི་ཞིང་ཁམས་སུ་གཤེགས་པའི་ཐུགས་དམ་གསལ་འདེབས་པ་འབྱོར་ཞིང་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པས་མཆོད། དགོངས་རྫོགས་མཐུན་རྐྱེན་གྱི་ཕན་པ་བསྒྲུབས། གྲོང་སྨད་ཀྱི་ནང་སོ་དགོས་པ་བཀྲ་ཤིས་བྱས་པ་ཆེ་ཞིང་སྡེ་པ་འཕྲིན་ལས་རྒྱ་མཚོ་དབྱར་ཚ་བ་དང་དགུན་གྲང་བའི་དབྱེ་བ་མེད་པའི་གཞོགས་སུ་སྡོད་རྟག་ཅིང་ཁུར་བསམ་ཆེ་བ་དང་ལྷག་ཏུ་སངས་རྒྱམ་པ་འདི་ཆུང་ངུ་ནས་སྲིའུའི་ཚུལ་གྱིས་གསོས་ཤིང་སྲུང་མར་གཉེར་བཅོལ་བྱས་པ་ཞིག་ཡིན་པས་ས་རིས་མཐའ་དག་འཛིན་བདེའི་ཡང་བཙན། དར་ཁན་གྱི་ཐམ་ཀ་བྱིན། འཚུབ་ཆགས་ཤིག་འདུག་པའི་རྟེན་འབྲེལ་བཅོས་སུ་སྐོར་ཅིག་པོ་ཏ་ལ་དང་སྒེར་གཞིས་སུ་མ་


GLG006_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བསྡད་པའི་ཆུ་བཟང་མཆོད་ཁང་དུ་སྡོད་ནས་ཀྱི་བསླབ་སྟོན་བྱས། ཧོར་ཟླ་བརྒྱད་པ་སྔ་མའི་ཚེས་གཉིས་ལ་ཀོང་པོ་དཔོན་ཁག །སྒྱེ་ཆུ་མཁན་པོ། མཚན་སྒྲོག་མཁན་པོ། སྐྱེར་ལུང་མཁན་པོ་རྣམས་དང་ཕྲད། ཚེས་ལྔའི་ཉིན་བློ་གསལ་གླིང་པའི་རིགས་གྲའི་སྐལ་བ་སྐྱེལ་བར་སློབ་དཔོན་དགེ་འདུན་གྲགས་པ་གྲ་བཅས་འབྱོར། ལྡིང་དཔོན་དཔལ་ཡགས་ཅན་དང་ལྷན་དུ་མངའ་རིས་བདེ་ལྡན་གྱི་མི་དྲག་ཁུལ་ནོ་ནོ་རྒྱལ་ཟེར་བ་བཏང་བྱུང་རུང་འབྲུག་པས་སྣུམ་མ་ཐོན་པ་སོགས་ཉེས་པ་རྣམས་ལ་ངོས་བླངས་འགྱོད་སྡོམ། མངའ་རིས་ཀྱི་དགེ་ལུགས་ཚོར་བདག་རྐྱེན་འདི་ཙམ་ཞིག་བྱེད་ཟེར་བའི་རྒྱུ་མཚན་གང་ཡང་མེད་པར་སྣུམ་མ་ལོངས་པའི་ཆད་ལས་ཀྱི་རྒྱུ་དངོས་ཤོར་བ་རྣམས་ཕྱིར་གཏོད་དགོས་ཟེར་བའི་རྒྱལ་ཁྲིམས་རྣ་བས་མ་ཐོས་པ་འདྲ་བའི་གཏམ་བཏང་འདུག་པ་དེ་འདྲའི་རིགས་ལ་གོ་བ་བསྐོན་པའི་རྒྱུ་མཚན་མང་པོ་ལབས་ཀྱང་བསེར་མ་བསྐྱེད་པ་ལས་མི་སྣང་བས་ལན་སྤམ་པ་ཞིག་ལས་མ་བཏང་། ལྡིང་དཔོན་ཅན་གྱི་ས་རིམ་ཀྱང་དགེ་ལུགས་ཀྱི་མཆོད་གཞིས་རྣམས་ལ་བཀལ་ཞིང་རྟ་དྲེལ་ཚོ་དེ་མཚུངས་ཀྱི་གསོ་བཅུག་འདུག་པ་རང་གིས་བཙུགས་པའི་ཟམ་པ་ལ་རང་འགྲོ་བ་ཆོས་ཉིད་ཡིན་པས། དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་བྱས་ནས་ཕྱིར་སློག་འབྲུག་པ་སྤྲུལ་སྐུ་རིན་པོ་ཆེ་ཕེབས་ཏེ་ས་རྟའི་བདེ་གཟར་སྐབས་འབྲས་སྤུངས་དངུལ་གདུང་འཛམ་གླིང་རྒྱན་གཅིག་གི་སྒོ་རྒྱན་ནས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་ཞུན་ཐིགས་ཀྱི་ཚེ་དཔག་མེད་དང་རྒོད་ཚང་པའི་གདུང་ཕག་མོའི་སྐུ་རང་བྱོན་གསེར་ཁང་པས་བཀོག་པ་སེ་ར་ལ་དམག་ཕོག་སྐབས་བརྒྱད་


GLG006_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསེར་ཆོས་ལཱཉྪ་མ་རྒྱ་རྒན་པ་གདན་དྲངས་པ་གསུམ་ཁོང་དཔོན་སློབ་ལ་ཕུལ་འདུག་པས་ཐོག་དྲངས་གོས་དར་དངུལ་ཤེལ་སྤྱད་ཀྱི་སྟེར་སྦྱིན་མང་དུ་གནང་། དཔོན་སློབ་ཉུང་བསྡུས་ཀྱིས་མཁའ་འགྲོ་མ་འགྲོ་བ་བཟང་མོའི་ལུགས་ཀྱི་བརྟན་བཞུགས་ཀྱི་ཞལ་འདོན་མཛད་པ་སྤྲུལ་པའི་སྐུ་དང་ཕྱག་མཛོད་མཆོག་སྟེར་སྐུ་མཆེད་གསུམ་གསུང་སྙན་ཞིང་འདྲེན་བདེ་བ་ཞིག་འདུག །ཕར་ཡང་དེ་མཚུངས་ཀྱི་སྐྱེས་ལན་བཟབས། ཐེགས་གདོང་ལོ་ཆེན་ཐུགས་རྗེ་དཔལ་གྱིས་མཛད་པའི་ཙནྡྲ་པའི་འགྲེལ་ཆེན་སྟེར་བ་མཛད་ནས་དེའི་དཔེ་དབང་དགོས་ཕེབས་པ་བླ་མ་དགོངས་འདུས་སོགས་རྙིང་མ་འགའ་ཞིག་ལ་འཕྲིན་ལས་དབང་ཆོག་དང་འབྲེལ་བའི་དཔེ་དབང་བཤད་ཆེད་དུ་འདུག་ཅིང་སྔ་འགྱུར་ལ་ཆོས་གང་ཡིན་པ་དེའི་དབང་ལུང་བླ་མ་གཞན་ལ་ཐོབ་ན་བྱིན་རླབས་ཀྱི་རྒྱུན་ལ་ཕན་རེའི་བརྒྱུད་པ་མི་གཅིག་པའི་བླ་མ་ཞིག་གིས་ཐོག་མཐའ་བར་གསུམ་བཀླགས་གླེགས་བམ་མགོ་ལ་བཞག་ནས་སྨོན་ལམ་མཛད་དེས་ཆོས་རྒྱུན་གྱི་གོ་ཚད་ལྡན་ནི་མི་ཆོད། དེ་མིན་དཔེ་ཆའི་དབང་བསྐུར་གསང་སྔགས་གསར་རྙིང་གང་གི་ལུགས་ལའང་མ་མཐོང་། ལྷག་ཏུ་སྒྲ་སྙན་ངག་ལ་དབང་ཡོང་དོན་མི་འདུག་རུང་ཕྱི་སྐོར་བཀའ་བརྒྱུད་པ་རྣམས་ཐོག་མཐའ་བར་གསུམ་བཀླགས་པས་ལུང་ཚད་ལྡན་གྱི་གོ་གཅོད། དེ་ལས་ཀྱང་དོགས་བདེ་བ་ཀོང་པོ་གཏེར་སྟོན་དང་སྒམ་པོ་ཞབས་དྲུང་གཉིས་ཀྱིས་ཐོབ་ཡིག་གི་ལུང་མཛད་པས་དེའི་ནང་དུ་ཡོད་པའི་དབང་ལུང་ཐམས་ཅད་དང་དཔེ་ཁང་ནང་དུ་ཕྱིན་ནས་སྨོན་ལམ་བཏབ་པས་དེར་ཡོད་ཚད་ཀྱིས་ཆོས་རྒྱུན་ཐོབ་པ། དཔོན་སློབ་


GLG006_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

མཇལ་རེས་མེད་ཀྱང་དགོངས་པ་བསྟད་པའི་ཆོས་སོགས་གུ་ཡངས་པོ་ཞིག་འདུག་པའི་གྲས་ནི་ཡིན་ཤས་ཆེ། འོན་ཀྱང་སྤྲུལ་སྐུ་ནི་རིན་པོ་ཆེ་ཕེབས་ནན་ཆེས་པའི་དགོངས་ཁྲིད་ལ་དབུ་ཐོག་ཏུ་ཙནྡྲ་པའི་འགྲེལ་པ་བཞག་ནས་སྨོན་ལམ་ཚིགས་བཅད་ཅིག་བཏོན། སྡོམ་པ་དེར་བས་མ་དང་ཆུ་གཏོར་མའི་དཔེ་བཞིན་འབྲས་སྤུངས་སྤྲུལ་སྐུ་ནས་བརྒྱུད་པའི་ཙནྡྲ་པའི་དབང་ཡོད་ཟེར་བ་ཞིག་མི་ཡོང་ལ་ཆེ། ཚོགས་གསོག་པ་རྒྱལ་མཚན་དང་རིན་ཅེན་རྒྱལ་མཚན་གཉིས་ཀྱི་ཁ་ཏོན་ཏུ་སྨོན་ལམ། ཐ་ཤི་སྦོ་ལོད་ཀྱིས་བསྐུལ་བའི་གསོལ་འདེབས། ཐོན་ལེགས་ལྡན་དབང་པོ་དགེ་རྙིང་གཉིས་སུ་ཕར་འགྱུར་ཚུར་འགྱུར་ཁ་ཡར་མཛད་པའི་རྙིང་དུས་ཀྱི་དྲག་པོ་རྩལ་གྱི་ཐང་ཁའི་རྒྱབ་ཡིག་དགོས་ཚུལ་བྱུང་བ་རྣམས་བྲིས། བླ་མ་ལྷ་པ་མ་ཆེན་ལྷ་མིན་གྱི་ས་ཆུ་མ་འཕྲོད་པར་གཤེགས་པའི་བསྔོ་རྟེན་འབྱོར་ཞིང་དགོངས་རྫོགས་ཀྱི་མཐུན་རྐྱེན་སྤེལ། གླིང་སྨད་ཆོས་རྗེ། མཚན་སྒྲོག་མཁན་པོ། བྲག་དབར་སློབ་དཔོན་ཅན་ལ་ཇ་གྲལ་བཏང་། ཚེས་བཅུ་བདུན་གྱི་ཉིན་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་འདུས་ཚོགས་རྣམས་སྒེར་ནས་བསྡུས་པའི་བདོག་པ་དང་བཅས་འཆི་མེད་འོད་སྣང་གི་སྒྲུབ་མཆོད་དང་འབྲེལ་བའི་རྟེན་འབྲེལ་བསྒྲིགས། དེ་ཐོག་མཚན་སྒྲོག་མཁན་པོ་ངག་དབང་འཕྲིན་ལས་ཀྱིས་གོས་དར་རས་ཆ། མཆོད་དཔོན་ནི་དབུ་མཛད་གཉིས་ཀྱིས་ཧོར་གོས་བུམ་གདན་མ་དང་ཐེག་ཆེན་གན་དྲིལ་ཁ་ཤས། གོས་དར་གསེར་དངུལ་ཇ་རྣམས་ཀྱི་བདོག་པ་བསྟར། མཆོད་དཔོན་པ་གཏོར་མ་དང་ཕྱག་ལེན་གྱི་རིགས་ལ་ཤིན་ཏུ་རུང་བར་ཡོད་པས་ནམ་ལྕོགས་བར་ལས་འཛིན་


GLG006_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མུ་འཐུད། དེ་ནས་འཁྲིས་སུ་བཅར་སྡོད་དམ་མཁན་པོ་ལྟ་བུ་ཞིག་བྱས་ན་ཁོང་རང་ལ་ཁེབས་ཆེ་བར་མ་ཟད་མིག་ལྟོས་ལ་ཕན་པ་ཡོང་ཞིང་དཔོན་པོ་འདི་གཙོ་བོར་སྡིག་པ་ལ་འབགས་དགོས་པའི་དྲིན་ཆུང་དང་གྲ་རྐྱང་བྱེད་མུར་སྡེ་དཔོན་གྱི་བྱ་གཞག་ཀྱང་ཤོགས་ཆེན་དཀའ་བས་དེ་འདྲའི་འདུན་པ་མེད་ཀྱང་ལོ་སྔ་མ་ཚོར་འཕྱོང་རྒྱས་རབ་འབྱམས་པ། དར་ཁན་དཀའ་བཅུ། སྤྱི་གཉེར་ངག་དབང་སྨོན་ལམ་ཅན་ལའང་གླེང་མི་ཁ་ཡར་བྱུང་འདུག་ཅིང་སྟག་ལུང་ཕྱག་མཛོད་དང་སྟག་རུ་བ་གཙོ་བོར་གྱུར་པའི་ཤས་ཆེར་མཆོད་དཔོན་པ་རང་འོས་ཚུལ་ལབ་མི་མང་བའི་སྟབས་ཟླ་བ་བདུན་པའི་ནང་དུ་བསོད་ནམས་དབང་རྒྱལ་མཚོ་ཁར་བཏང་བའི་གཙོ་བོར་རྒྱལ་པོ་བསྐོ་བཞག་གང་བྱེད་ལ་ཐག་གཅོད་ཀྱི་གོས་དང་སྡེ་པའི་གནས་ཚུལ་ཞར་བྱུང་དུ་མོལ། འདི་ཉིན་གཟའ་སྐར་འཇམ་ཐོག་ཁུར་ལན་བྱེད་དགོས་པའི་རྒྱུ་མཚན་ལབ་པར་ཞང་ཚ་དཀོན་ཅོག་རྣམ་རྒྱལ་བཏང་བར་དགོངས་པ་ནན་བསྐྱེད་ཙམ་ཞུས་བྱུང་རུང་ཁྲོལ་ཆ་མ་བདེ། སྟག་རུ་བ་ནོར་བུ་ལུས་བསྒྱུར་བའི་མིང་བློ་བཟང་དངོས་གྲུབ་ཏུ་བཏགས། ཚེས་བཅོ་བརྒྱད་ནས་བཟུང་ཞག་བདུན་གྱི་བར་ཞོགས་སྟར་གྱིས་གྲ་ཚང་གིས་མཁའ་འགྲོ་སྡེ་ལྔའི་བསུ་བཟློག་ཚིགས་བཅད་མའི་ཞལ་འདོན་མཛད། ཨོ་རོད་གཡོན་རུ་དཀོན་ཅོག་ཚེ་རིང་གི་ཁ་ཏོན་དུ་འོད་དཔག་མེད་ཀྱི་སྒྲུབ་ཐབས་ཤིག་བྲིས། ཉེར་དགུ་ལ་བཀྲ་ཤིས། རཏྣ། ས་སྐྱོང་། ཕུན་ཚོགས་ཅན་དཔོན་ཁག་འབྱོར་བ་དང་ཕྲད། སྡེ་པ་འཕྲིན་ལས་རྒྱ་མཚོའི་དུས་ཞལ་དཀར་བ་རྣམས་ཆུ་བབས་སུ་བཞག་པ་ཕལ་ཆེར་གྱིས་ཕུལ་


GLG006_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཞིར་བཅས་ཀྱང་རྒྱ་ཆེས་པའི་རེ་གཉིས་སྲུབས་དབར་ལུས་པའང་བྱུང་མདོག་ཁ་བས་ད་ལམ་ཟླ་བ་ཕྱེད་གཉིས་སུ་ཚང་མ་འདྲིལ་རྩིས་ཀྱིས་བརྡ་འགྲེམས་སྔུན་ཆུག་ཏུ་བྱས། རིག་བྱེད་སྨྲ་བ་ཐར་པ་ནང་སོ་གཟི་བརྗིད་སྙིང་པོས་ཞིབ་མོར་བརྩིས་ཏེ་ཟླ་བ་བརྒྱད་པ་རྟིང་མའི་ཚེས་གཅིག་གི་གཟའ་ཕུར་བུ་སྐར་མ་མེ་བཞིའི་འཕྲོད་དགེ་བའི་ནམ་སེང་ལ་ཚོམས་ཆེན་དུ་མཆོད་དཔོན་པས་ཚེ་དཔག་མེད་ཀྱི་སྐུ་རྒྱ་ནག་མ། གོས་དར་དང་རྟ་མང་རགས། ཇ་རས་ཀྱི་བདོག་པ་བསྟར། དེ་ནས་ཁྲིར་འབྱོར་ཐོག་ཐམ་ཁ་ཆེ་ཆུང་། དར་ཟབ་ཀྱི་སྒྲོམ་བུ། ལྡེ་མིག་རྣམས་སྤྲད། ཞལ་དཀར་བའི་ཐོག་མ་མིང་བཀྲའི་ཁྱད་ཀྱིས་སྟག་རྩེའི་སྡེ་པ་ལྷ་རྒྱལ་རབ་བརྟན་གྱིས་མཛད། དེ་ནས་སོག་པོའི་དཔོན་ཁག་ཏུ་གཉུག་མར་གནས་པ་དང་ཐར་པ་སོགས་གསར་འབྱོར། ཚལ། བདེ་ཆེན། སེར་འབྲས། བཀྲ་ཤིས་ལྷུན་པོ། རྙིང་ཁུངས་སྣེ་ཤུན་སྐྱ་སེར་གྱིས་བདོག་པ་རྒྱས་པར་བསྟར། འཛུམ་ལང་། ཡམ་བུ། མངའ་རིས་པའི་མི་སྣ་འོངས་པ་རྣམས་ཀྱང་ཞར་བྱུང་དུ་བཞུགས་གྲལ་ལ་བསྒྲིགས། འདི་ཉིན་ནས་བཟུང་ཁྲི་འདོན་མ་གྲུབ་བར་གྱི་འཕྲོས་གཏམ་པ་འདར་པ་ལོ་ཆེན། གླང་བུ་བ་འགྱུར་མེད། ས་བ་གྲུབ་པ་བསམ་གྲུབ་རྒྱལ་པོ་རྣམས་ཀྱིས་བྱས། ཉི་མ་ཁ་ཤས་ཀྱི་བར་ལྷ་ས་བའི་རྒྱལ་སྲིད་སྣ་བདུན་གྱིས་སྣ་དྲངས། གཙང་པོ་བྲོ་བ། དན་འབག །ཉང་དོགས། སྡེ་བཞི། སྣེ་ཤུན་སོགས་ཡུལ་གྲུ་མང་པོའི་བྲོ་གཞས། ཚལ་གུང་། སྙེ་ཐང་བཀྲ་ཤིས་སྒང་། རྨི་རུ་བ། ལྷ་སའི་ཚེས་བཅུ་བས་མཚོན་པའི་གར་འཆམ་མང་དུ་ཕུལ། མཆོད་དཔོན་གྱི་ལས་འཛིན་དུ་རྒྱལ་དར་གོང་པ་བཤེས་


GLG006_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་དར་རྒྱས་བསྐོས། སྡེ་པས་དཔལ་ལྡན་ལྷ་མོར་ཐམ་ཕུད་ཕུལ་བའི་ཞལ་བྱང་བྲིས། ཚེས་གཉིས་ལ་སྟག་རྩེ་ཐའི་ཇི་ནས་ཚོམས་ཆེན་དུ་བཞུགས་གྲལ་བཤམས་ཐོག་དའི་ཆིན་གྱི་སྲས་ཐར་པས་བརྒྱ་འབུལ། ཆབ་མདོ་ཕྱག་མཛོད། དེ་མོ་བ་དང་བྲ་ཡག་པའི་མི་སྣ། ལྷ་རི་བླ་མ་རྣམས་ཀྱིས་ཇ་ཁྲབ། རྟ་དྲེའུས་གཙོས་པའི་ཡུལ་ལུགས་ཀྱི་དངོས་པོ་བཏེག །ཚེས་གསུམ་ལ་བདེ་ཆེན་ཐའི་ཇིས་བཞུགས་གྲལ་དང་བཞི་ལ་གཞུང་ནས་གཞིས་བྱེས་ཚང་མར་གཞིས་ལེན་བཟབས། པཎྜི་ཏ་གོ་ཀླུ་ལའི་ཚོང་པ་ལི་ལ་མི་ཤྲ། ཨ་མདོ་བ་ཁ་ཤས། རྨི་ཕུ་བླ་མ་བློ་བཟང་དཔལ་འབྱོར། དགའ་ལྡན་ཕུན་ཚོགས་གླིང་གི་གཉེར་པ། སྔགས་པ་བླ་མ་སྒང་ཆེན་པ། ར་བ་སྨད་བླ་མ། ལྷུན་རྩེ་མཁན་པོ། ཏྲེ་བོ་སྐུ་སྐྱེ་རྣམས་དང་ཕྲད། ཚེས་དྲུག་ལ་དགའ་ལྡན་རྩེ་ཤར། ཆོས་རྗེ་བཅོ་བརྒྱད་པ། བཀྲ་ཤིས་ལྗོངས་ཆོས་རྗེ། སྡེ་པ་ཕོན་མདོ་པ་སོགས་དབུ་རུ་སྟོད་ཕྱོགས་ཀྱི་ལྷ་སྡེ་མི་སྡེ་རྣམས་ཀྱིས་ཁྲི་འབུལ། ཆོས་རྗེ་བཅོ་བརྒྱད་པས་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཞུན་ཐིགས་ལས་གྲུབ་པའི་དེ་བཞིན་གཤེགས་པའི་སྐུ་ཞིག་བྱིན། རྫིང་ཕྱི་མཁན་བྱམས་པ་རིན་ཅེན། སྟག་ལུང་ཕྱག་མཛོད་བཟང་སྦྱིན་ཅན་དང་སྒེར་དུ་ཕྲད། བཀྲ་ཤིས་ལྗོངས་ཆོས་རྗེ་དང་བྱ་ཡུལ་མཁན་པོ་ཏྲེ་བོ་ནམ་མཁའ་བསམ་གྲུབ་གཉིས་ཀྱིས་ཕྱག་འབུལ་དང་བྱིན་རླབས་མ་ཞུས་པར་བརྟེན་གནས་དབྱུང་དང་ཆད་ལས་སོགས་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཞིག་བྱུང་སོང་བ་རྗེས་ཀྱི་མིག་ལྟོས་ལ་ཕན་པའི་བདེན་འབྲེལ་དང་མཚུངས་པར་གོ །ཚེས་བདུན་གྱི་སྔ་དྲོ་སྡེ་པ་དང་ལྷན་དུ་ཚངས་པ་


GLG006_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དུང་ཐོད་ཅན་སྐུ་ཕེབས་ཞུས། སྐུ་ཆས་ཆ་འགྲིག །གོ་མཚོན། གོས་དར། ཇ། གསེར་སྐྱེམས། རྟ་སྒ་བཅས་ཀྱིས་གཙོས་པའི་མཆོད་སྤྲིན་སྤྲོས། བླང་དོར་གྱི་ལུང་བསྟན་པ་རྣམས་ཕལ་ཆེར་ཐོག་ཁོ་ནར་སོང་། ཆོས་སྐྱོང་གི་ཕྱག་ཨོད་ཞལ་བར་བརྡེག་ཅིང་འདིའི་འོག་ཏུ་ཅ་པོ་ཞིག་ལ་འདྲེ་གནས་འདུག་པ་སྡུག་འདྲེས་ཨེ་འབུད་གསུང་བ་དམུ་གབ་ཀྱིས་བཅིངས་པ་ལྟ་བུས་བསྐུལ་བ་མ་ཤར་རྗེས་སུ་བྱས་ཚེ་སྣེའུ་སྡོང་བདག་མོའི་རྟེན་ཆས་ཀྱི་སྣམ་བུ་ཁ་ཤས་ཡོད་འདུག་པ་འདྲེ་དེ་ཕུད་ན་གེགས་ཀྱི་འཚེ་བ་དེ་བཟློག་རྒྱུ་ཡིན་པ་འདྲ། ཚེས་བརྒྱད་ལ་ཕན་བདེ་ལེགས་བཤད་གླིང་པ་སྤྱི་ཚོགས་ནས་འཆི་མེད་འོད་སྣང་གི་སྒྲུབ་མཆོད་དང་འབྲེལ་བའི་ཚེ་ཆོག་གི་རྟེན་འབྲེལ་བསྒྲིགས་ཤིང་ཚོམས་ཆེན་དུ་གུང་ཚིགས་ཀྱི་བཞུགས་གྲལ་བོད་སོག་ཀུན་ལ་བཤམས། བཀྲ་ཤིས་ལྷུན་པོའི་མི་སྣ་ཚ་རོང་དགེ་སློང་གིས་མདོ་རྒྱུད་སྣ་ཚོགས་ལ་བརྟེན་པའི་འཕྲོས་གཏམ་ཚིག་དོན་ཕུན་སུམ་ཚོགས་པ་བྱས། སྤྱི་སོས་ཇ་གོས་དར། དངུལ་གྱི་ཐ་ཕག་གསེར་གྱིས་བཀང་བ། དབུ་མཛད་བློ་བཟང་ཡོན་ཏན་གྱིས་ཇ་གོས་དར་ཤས་ཆེ་བའི་དགུ་ཚན་དགུ། གྲ་པ་རྒན་གྲ་དབོན་ཆོས་མཛད་སོགས་དྲག་གཞན་དང་བསྟུན་པའི་སྒེར་འབུལ་བཟབས། འདི་ནས་བཟུང་རིང་འཚོའི་རྟེན་འབྲེལ་བསྒྲིགས་པ་རྣམས་ལ་སྡེ་པ་དང་ལྷན་དུ་ཡོད་པ་ཤས་ཆེ། ཁྲི་འབུལ་གྱིས་མཚོན་པའི་བྲེལ་བ་མ་བྱུང་བའི་སྲུབས་རྣམས་ལ་ཕྱི་མཚམས་ངོས་གཏེར་སྟོན་རིགས་འཛིན་ཆེན་པོར་ལྷོ་བྲག་མཁན་ཆེན་གྱི་སྙན་བརྒྱུད་གླེགས་བམ། ཀློང་ཆེན་རབ་འབྱམས་པའི་གསུང་རབ། རྡོར་གླིང་། རཏྣ་གླིང་། པད་གླིང་


GLG006_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གཏེར་ཁ་དུ་མའི་དབང་ལུང་ཞུ་བའི་འགོ་བཙུགས། ཆུ་མིག་དགོན་གསར་བའི་ལག་ནས་རིགས་འཛིན་རཏྣ་གླིང་པའི་གཏེར་མའི་རྟ་མགྲིན་གྱི་ཕུར་པ་དང་རྡོ་རྗེ་གཉིས་སྣེའུ་སྡོང་ཞབས་དྲུང་བརྒྱུད་སྡེ་པས་ནང་རྟེན་དུ་སྤྲད་པ་རྟ་མགྲིན་གསང་འདུས་ཀྱི་དབང་ཞུ་བའི་རྟེན་ལ་དུས་འགྲིག །ཚེས་བཅུ་གཉིས་ལ་ཀོང་པོ་སྟོད་སྨད་ཉང་པོ་ཁུལ་གྱི་ལྷ་སྡེ་མི་སྡེ་རྣམས་ཀྱིས་ཞལ་དཀར་བཏེག །སྒར་པ་གྲ་ཚང་། ཆབ་ནག་བླ་མ་ཅན་དང་སྒེར་དུ་ཕྲད་། ཚེས་བཅུ་དྲུག་ནས་སྡེ་པ་སྲིན་ནད་ཀྱིས་གློ་བུར་དུ་བསྙུན་པར་སེར་འབྲས་དགེ་གསུམ་གྱིས་གཙོས་པའི་དགོན་ཁག་རགས་རིམ་ལ་མང་ཇ་དངུལ་འགྱེད། སེར་འབྲས་ཇ་ཚུལ། བསྐྱས་མདོས་དང་གྲ་ཚང་དུ་སྐུ་རིམ་ཁ་ཡར་བཙུགས། ཚེ་དཔག་མེད་དང་དྲག་པོའི་དབང་བསྐུར། བྱང་ངོས་ནས་ཀྱིས་གཙོས་དྲུང་འཚོ་བ་ལྷག་དར་རྣམས་ཀྱིས་འཕྲོད་བསྟེན་ལ་རྩོལ་འདོན་གྱིས་རིམ་བདེར་སོང་། ཉེར་གསུམ་རྒྱལ་ཕུར་གྱི་འགྲུབ་སྦྱོར་ཐོག་མཆོད་དཔོན་པ་སོགས་བསྙེན་རྫོགས་བཅུ་བདུན་དང་དགེ་ཚུལ་བཅུ་སྐོར་བསྒྲུབས། ཧོར་ཟླ་དགུ་པའི་ཚེས་གཅིག་ལ་སྡེ་པ་གཞི་མེད་དུ་གདངས་པའི་ལྷ་བྱ་གཉིས་ཀྱིས་གཙོས་ཨེ་དྭགས་འོལ་གསུམ། འབོག་མདོང་། གཉལ་པ། ཡར་ཀླུང་ཤར་ནུབ་མཐིལ་གསུམ་རྣམས་ཀྱི་ལྷ་སྡེ་མི་སྡེས་བདོག་པའི་སྐྱེས་ཕུལ། ཚེས་གཉིས་ལ་སྡེ་པ་རྒྱ་རི་བ། གསུམ་ལ་ཟངས་རི་དཔོན་ས། བཞི་ལ་དགའ་ལྡན་གསང་སྔགས་གླིང་པས་ཚོགས་ཆས་སྟེར་ཆ་འགྱེད་སོགས་བཟབས་རྒྱས་ཀྱི་སྦྱིན་བདག་མཛད་ནས་ཕན་བདེ་ལེགས་བཤད་གླིང་པས་རྡུལ་


GLG006_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་གྱི་དཀྱིལ་འཁོར་དུ་ཚེ་ཆོག་རྒྱས་པར་བཏང་། གསང་སྔགས་གླིང་པས་ཚེས་བཅུའི་གར་འཆམ་བསྟར། ཁམས་ལྡན་མའི་གསར་འགྲུལ། ཨ་རིག་གི་རྟ་འབུལ་བ། ལྷ། བྱ། འབོག །མདོང་། ཟངས་རི་དཔོན་ས་ཅན་དང་སྒེར་དུ་ཕྲད། ཨ་རིག་རྣམས་ཀྱིས་རྟ་བརྒྱ་སྐོར་བསྟར། ཚེས་ལྔ་གོང་དཀར་དཀོན་གཉེར་གྲ་ཚང་གིས་བདོག་པ་སྤེལ་ཏེ་ཚེའི་རྟེན་འབྲེལ་དང་ལྷ་ས་འབྲེང་རྒྱས་ཤག་པས་གཞིས་ལེན་བྱས། དེ་ཉིན་གྲལ་འཕྲོས་པའི་དབར་ཞིག་དང་ཐུག་པས་ངེད་རང་གིས་དཀོན་ཅོག་གསུམ་གྱི་བཀྲ་ཤིས་དང་བསྟན་པ་སྤྱི་བཤད་ཀྱི་འཕྲོས་གཏམ་ལ་བརྟེན་ནས་ས་སྟོང་བགགས། ཚེས་དྲུག་ལ་རྡོ་རྗེ་བྲག་སྤྲུལ་སྐུ། སྣ་དཀར་རྩེ་ཞབས་དྲུང་རི་བོ་བྲག་པས་ཐོག་དྲངས་གོང་དཀར་ལྷོ་བྲག །ཡར་འབྲོག །ཆུ་ཤུར། སྙེན་ཐོན་གྱི་ལྷ་སྡེ་མི་སྡེ་རྣམས་ཀྱིས་འབུལ་དཔངས་གཟེངས་བསྟོད། སྡིངས་པོ་ཆེ་སྤྲུལ་སྐུ་ངག་དབང་སྙན་གྲགས་བཟང་པོས་རྒྱལ་སྲིད་སྣ་བདུན་བརྩམས་པའི་འཕྲོས་གཏམ་འཇེབས་ཆགས་པའི་ཀུན་ཡིད་འཕྲོག་པར་གྱུར་པས་ཁོང་གི་གྲལ་འགོར་གྲུབ་མཐའ་ངེས་མེད་ཀྱི་བླ་མ་བདུན་བརྒྱད་ཅིག་འདུག་པ་རྣམས་ཀྱི་ཁེངས་པའི་རི་བོ་ལ་བསྙིལ་ལམ་སྙམ། ཐུགས་སྲས་ཟླ་བའི་སྤྲུལ་སྐུ། སྨྲ་བོ་ལྕོག་པ། གནས་གཞི་བ། སྡིངས་པོ་ཆེའི་སྤྲུལ་སྐུ། ཆོས་འཁོར་ཡང་རྩེ། དགའ་ལྡན་གསུང་རབ་གླིང་། ཐོད་རི་བཤད་སྒྲུབ་གླིང་གི་བླ་གཉེར། ཞབས་དྲུང་རི་བོ་བྲག་པ། ཨོ་རྒྱན་མཚོ་མོ། བདེ་ཆེན་ཆོས་འཁོར་བ། ཀོང་པོ་དཔོན་ཁག །སྦྱོར་ར་སྤྲུལ་སྐུ། དཀོན་གཉེར་དཔོན། ཉི་ལྡེའི་སྤྲུལ་སྐུ་སོགས་དང་སྒེར་ཕྲད་བྱས། ཆོས་རྗེ་སྨྲ་བོ་


GLG006_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ལྕོག་པས་ཉང་གིས་ཤེལ་བྲག་ནས་གདན་དྲངས་པའི་སློབ་དཔོན་ཆེན་པོའི་སྐུ་ལི་མ། སྡེ་པའི་ཁྲི་འདོན་དུ་ཨོ་རྒྱན་ཆེན་པོར་ཟ་ཧོར་རྒྱལ་པོས་ཕུལ་བའི་ཕྱག་མཚན་རྡོ་རྗེ་ཁམས་གསུམ་ཟིལ་གནོན། དབུ་མཛད་བློ་བཟང་ཡོན་ཏན་ལ་བྱིན་པའི་མོན་བུམ་ཐང་དགེ་གནས་བྲག་ནས་མངའ་བདག་ཉང་གིས་གདན་དྲངས་པའི་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ཡིད་བཞིན་ནོར་བུའི་ཤོག་སེར་བཅས་རྟེན་འགངས་ཆེ་བ་འགའ་ཞིག་འབྱོར། རྒྱ་རིག་ཡབ་སྲས་དང་གཟིམས་ཤག་ལྷོ་པ་ལ་བ་རི་ལུགས་ཀྱི་སྒྲོལ་དཀར་དང་ཟངས་རི་དཔོན་ས། བྱ་པ་ཡབ་སྲས། ལྕང་ར་མགོན་ཚེ་བ་བཅས་པར་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་ཕུལ། རྒྱ་རི་བའི་སྲས་གཉིས་སྐུ་ལུས་བསྒྱུར་ཆོག་སྡེ་པ་ནས་ཁྲོལ་ཆ་བྱུང་འདུག་པས་བགྲེས་པའི་མཚན་ངག་དབང་ཕུན་ཚོགས་དབང་ཕྱུག་དང་གཅུང་ལ་དགའ་རབ་བརྟན་དབང་པོར་གསོལ། སྦྱོར་ར་སྤྲུལ་སྐུ་འཇིགས་མེད་གྲུབ་པ་དང་དཀོན་གཉེར་དཔོན་ངག་དབང་ཀུན་བཟང་གིས་གཙོས་པའི་བསྙེན་རྫོགས་བཅོ་ལྔ། ལྕང་ར་ཆོས་མཛད་མ་སོགས་དགེ་ཚུལ་བཅུ་དྲུག་བསྒྲུབས། གནས་ཆེན་ཁག་ཉི་ཤུ་བསྡོམས་པར་བཀའ་འགྱུར་ཚར་ཉིས་བརྒྱ་དང་རེ་གཅིག །འབུམ་བརྒྱ་གཉིས། ཕལ་ཆེན་བརྒྱ། དྲི་མེད་བཤགས་རྒྱུད་སྟོང་། མཚན་བརྗོད། གདུགས་དཀར། སཱ་ཙྪ་རྣམས་ཆིག་འབུམ་རེ། ཤེར་སྙིང་བྱེ་བ། སྨན་བླ་ཆིག་ཁྲི་བཞི་སྟོང་། ལྷ་ཁང་མིང་ཅན་བཅུ་གསུམ་ལ་རྒྱལ་མཚན། རི་མགོ་བརྒྱ་ལ་དར་ལྕོག །གཤིན་རྗེ་ཐམས་ཅད་འདུས་པའི་སྔགས་རིང་བྱེ་བ། འཇིགས་བྱེད་དྲུག་ཅུ་པ། ཕྱག་


GLG006_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པ། ལས་གཤིན་གྱི་བཀང་གསོ། གུར་གྱི་དམར་ཆེན་གཏོར་བཟློག །ཁྲོ་རོལ་བཞི། མ་མདོས་བཅུ་བཞི། ཕྱུགས་ལུག་ཕྱེད་ཉིས་བརྒྱ་དང་ཉ་འབུམ་ཚོའི་སྲོག་བླུ། རྒྱལ་དུ་དམག་ཟོར་མའི་བཀང་བ་འབུམ། ཞལ་དང་བེག་ཙེར་ཁྲི། སྤྱི་བཀང་སྟོང་རྩ་རྣམས་བཏང་། ཚེས་བརྒྱད་ནས་བཟུང་ཞག་བདུན་གྱི་བར་གཏེར་སྒྲོམ་གྱི་ཆུ་ཚན་བརྒྱབ། ཁལ་ཁ་གཡས་རུའི་ནོ་མོན་ཨེ་ཇེན་གཡས་རུ་རྣམས་དུས་གཟིངས་ཆེ་སྐབས་ཀྱང་འཐོར་ཞིག་མ་བྱུང་བར་འདི་ལོ་འབྱོར་བའི་ལྔ་བཅུ་མ་ཉི་ཤུ་དང་གོས་དར་བརྒྱ་སོགས་སྟེར་ཆ་སྤམས་མཐོ་བ་བཏེག །ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་བསྐུར། ཞབས་དྲུང་རི་བོ་བྲག་པ་དང་གཟིམས་ཤག་ལྷོ་པར་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་བྱིན་རླབས་ཐར་པ་དཔོན་གཡོག་ལ་ཚེ་རྟ་ཟུང་འབྲེལ་དང་དཔལ་མོ་ལུགས་ཀྱི་བཅུ་གཅིག་ཞལ་གྱི་རྗེས་གནང་། ཁམས་རྒྱ་སྟོན་ཆོས་རྗེ་བསྟན་སྐྱོང་། ཀོང་པོ་སྙིང་ཕུ་སྐུ་སྐྱེ་མཆེད་གཉིས། ཆབ་མདོ་ཕྱག་མཛོད་པ་རྣམས་ལ་སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གྱི་བྱིན་རླབས་བྱས། ལྷོ་བྲག་གུང་རྒྱལ་ཡོང་དེབ་ཀྱི་འགོ་བརྗོད། རོང་བྱམས་ཆེན་སྤྱི་ཚོགས་ཀྱིས་བསྐུལ་བའི་སྡེ་པའི་བརྟན་བཞུགས། སྒོ་མང་སློབ་དཔོན་ག་རུ་པའི་ཕྱི་རྟེན་འོད་དཔག་མེད་ཀྱི་སྟོང་ཐང་གི་རྒྱབ་ཡིག །མཆོད་དཔོན་ངག་དབང་ཤེས་རབ་ཀྱི་གྲ་ཚང་མགོན་ཁང་དུ་ཕུལ་བའི་སྙན་དར་ཞལ་ཡིག །ཆོས་རྗེ་འུག་བྱ་ལུང་པས་བསྐུལ་བའི་གསོལ་འདེབས་རྣམས་བརྩམས། ཚེས་བཅུ་བདུན་ལ་གཞིས་རྩེ། རྒྱལ་རྩེ། པ་རྣམ། ངམ་རིང་། རིན་སྤུངས། ལྷ་རྩེ་རྣམས་ཀྱི་མངའ་ཁུལ་ནས་


GLG006_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ས་གོང་འོག་གི་སྐུ་ཚབ། མཁན་སློབ། དྲུང་འཁོར་སོགས་ཀྱིས་ཞལ་དཀར་གྱ་ནོམ་པ་བཏེག །གནས་རྙིང་ཞབས་དྲུང་། དཔལ་འཁོར་ཆོས་སྡེའི་མཁན་པོ། དཀར་ལྕོག་སྤྲུལ་སྐུ། ཆོས་རྗེ་འུག་བྱ་ལུང་པ། སྒྲོལ་མ་ནས། སྤོས་ཁང་མཁན་པོ། ངམ་རིང་བསམ་གྲུབ་དགའ་ལྡན་བླ་མ། ཐུབ་བསྟན་མཁན་པོ། གཞན་ཡང་ཕྱོགས་འདུས་ཀྱི་སྨར་ཁམས་གོ་བོ་དབོན་པོ། ཀ་ཙལ་བླ་མ། སྙེ་མོ་དགོན་པ་བ་རྣམས་དང་ཕྲད། འདར་པ་ལོ་ཙཱས་ཁྲི་འདོན་དུ་ནཱ་རོ་མཁའ་སྤྱོད་འཇམ་དབྱངས་མཁྱེན་བརྩེའི་ཕྱག་བྲིས་མ་དང་མི་ཏྲི་དང་ཨིནྡྲ་མཁའ་སྤྱོད་དེ་གསུམ་ག་ཚར་ཆེན་ཡབ་སྲས་ཀྱི་ཕྱག་ནས་མ་འདར་པ་རིན་ཆེན་དཔལ་བཟང་གི་དད་རྟེན་ཡིན་པ་བྱུང་བ་ནང་རྟེན་ཁྲོད་དུ་ཡོད། ཐར་པ་དཔོན་གཡོག་ལ་ཤལ་དཀར་དམར་སྣམ་ཕྲུག་བྱིན་རྟེན་གྱི་རྫོང་བ་བསྟར་ཏེ་ཐོན། འབྲས་སྤུངས་བློ་གསལ་གླིང་སློབ་དཔོན་པར་ངོར་ཆེན་དཀོར་ཅོག་ལྷུན་གྲུབ་ཀྱིས་མཛད་པའི་རྣམ་འཇོམས་ཀྱི་སྒྲུབ་ཡིག་དང་གསར་རྩོམ་སེང་ལྡེང་ནགས་སྒྲོལ་གྱི་མངོན་རྟོགས། འུག་བྱ་ལུང་པ། སྒྲོལ་མ་ཕུག་པ། བྲག་དཀར་ཆུ་བཟང་བླ་མ། རིགས་འཛིན་མཐུ་སྟོབས་དབང་པོ། བླ་མ་སྣང་དཀར་བ་ཅན་ལ་གསར་རྩོམ་བཀའ་བརྒྱད་དང་ཚེ་བདག་གི་ཞི་དྲག་སྦྱིན་སྲེག་གཉིས་ཀྱི་ལུང་བཀླགས། ཉེར་གཅིག་ལ་ཐོན་ཟིལ་གནོན་པས་བོད་སོག་ཚོར་གྱ་ནོམ་པའི་གཞིས་ལེན་བཟབས། ལྕང་ར་ཆོས་མཛད་མར་སྤྱན་རས་གཟིགས་ཀྱི་སྒོམ་བཟླས། བསྙེན་རྫོགས་དགུ་དང་། དགེ་ཚུལ་གསུམ་བསྒྲུབས། ལྷུན་པོ་རྩེ་མཁན་པོ། སྟག་ལུང་ཕྱག་མཛོད། འབོག་གོང་ནས། སེ་


GLG006_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དབོན་པོ། ཧོར་ཨ་མདོ་བའི་དཔོན་ཁག་ལྔ་བཅས་པར་ཚེ་དབང་གྲུབ་རྒྱལ་མ་བསྐུར། ཕྱི་མཚམས་བཅད་དེ་གཏེར་སྟོན་རིགས་འཛིན་ཆེན་པོར་རྙིང་མ་རྒྱུད་འབུམ་ཞུ་བའི་དབུ་བཙུགས། ཧོར་ཟླ་བཅུ་པར་འདི་ལོ་ནས་བཟུང་སྟར་ཆགས་སུ་མལ་དྲོ་ཀ་ཚལ་ལྷ་ཁང་དུ་རིགས་འཛིན་དཀོན་ཅོག་ལྷུན་གྲུབ་སྤོ་བོ་བན་གྲོང་པ་བཅས་དཔོན་སློབ་ཉེར་གསུམ་གྱིས་གཤིན་རྗེ་ཁྲོ་ཆུ་དང་ཀོང་པོ་བུ་ཆུ་ལྷ་ཁང་དུ་སངས་གླིང་གདུང་འཛིན་རྙིང་ཕུ་བ་གྲ་སློབ་བཅུ་གསུམ་གྱི་ཁྲོ་རོལ། རྒྱབ་ཆོས་འོད་སྣ་བ་སོགས་དགོན་ཁག་ལྔ་ཆབ་ནག་པ་ཅན་འབྲེལ་མཚུངས་བསྐོར་བའི་ཤེར་སྙིང་བཙུགས། ཉེར་གསུམ་ལ་ཉིན་གཅིག་མཚམས་གསེང་བའི་མགྲོན་གཉེར་དྲུང་པ་ཚང་གིས་གཞིས་ལེན་བསྟར། མདོ་སྡེ་བསྐལ་བཟང་། དེ་བཞིན་གཤེགས་པའི་མཚན་ལྔ་སྟོང་བཞི་བརྒྱ་ང་གསུམ་པ། ཐར་པ་ཆེན་པོ། དཔལ་མར་མེ་མཛད་ཀྱི་ལམ་ཡིག་ཆེ་ཆུང་། རྒྱལ་བ་བཙོང་ཁ་པ་ཆེན་པོས་མཛད་པའི་བླ་མ་ལྔ་བཅུ་པའི་ཊཱིཀྐ། དག་ཡིག་མཁས་པའི་ངག་སྒྲོན། བརྡ་སྤྲོད་ལི་ཤིའི་གུར་ཁང་རྣམས་དང་དེང་སང་འཆད་ཉན་དང་ལྷན་དུ་ཉག་ཕྲ་བར་སྣང་བས་རྙིང་བསྟན་གོག་པོའི་གསོས་སུ་སྒྲོལ་ཆེན་བསམ་གྲུབ་རྡོ་རྗེའི་གསུང་རྒྱུན་སྔགས་འཆང་ནམ་མཁའ་རིན་ཅེན་གྱིས་བྲིས་པའི་གསང་སྙིང་གི་འགྲེལ་པ་ཁོག་ཕུག་སྒྲོལ་ཆེན་ཉིད་ཀྱིས་མཛད་པ། སྨན་ལུང་པ་མི་བསྐྱོད་རྡོ་རྗེས་མཛད་པའི་འགྲེལ་པ། སྤྱི་དོན། ཆོས་ཚོམས། བསྡུས་དོན་སོགས་དཔེར་བསྐུར་བ་རྣམས་ཀྱང་པར་དུ་ལེགས་པར་འཁོད། ཧོར་ཟླ་བཅུ་གཅིག་པའི་ཚེས་ལྔ་ལ་གཡོན་རུ་སེང་གེའི་མི་སྣ་འབྱོར་པའི་བསྐུར་


GLG006_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

མ་དཔངས་བསྟོད། ལྷ་ས་བྱང་གླིང་བསམ་གྲུབ་རྒྱལ་པོས་རྫོང་གི་སྐྱ་སེར་རགས་རིམ་ལ་གུང་གི་བསྙེན་བཀུར་རྒྱས་པར་བཤམས། སྐྱིད་ཤོད་སྤྲུལ་སྐུས་བཀུལ་བའི་ཨ་ནནྟའི་དོན་དུ་དམིགས་པའི་སྨོན་ལམ། ཚེ་དབང་རྡོ་རྗེའི་ཁ་ཏོན་དུ་རྟ་མགྲིན་གྱི་བསྟོད་པ། དཀར་མོ་མཚོ་མོའི་ངོར་གསོལ་འདེབས། བསོད་ནམས་སྒྲོལ་མས་བསྐུལ་བའི་སྨོན་ལམ། རི་བོ་ཆོས་གླིང་སྤྱི་ཚོགས་ཀྱི་ངོར་རིང་འཚོའི་ཚིགས་བཅད་རྣམས་བྲིས། རྟ་ཚག་རྗེ་དྲུང་། སྣང་དཀར་རྩེ་ཞབས་དྲུང་། མོན་གྱི་བར་ཆིངས་ལ་འགྲོ་མི་རྩེ་གདོང་ཕྱག་མཛོད། བཀྲ་ཤིས་ལྷུན་པོའི་མི་སྣ་སྡིངས་ཆེན་པ། ཏྲེ་པོ་ཧོར་ཚང་གི་མི་གསར་སླེབས། སེ་རའི་སློབ་དཔོན་གསུམ། ཁལ་ཁ་ནོ་མོན་ཨེ་ཇེན། ལྷ་རིན་པོ་ཆེ། བདེ་ཆེན་ཐའི་ཇི་ཡབ་སྲས། རྒྱལ་མོ་གཉིས། རཏྣ། ས་སྐྱོང་ཅན་མཆེད། སྐུ་མདུན་ལྷུན་གྲུབ་རྣམས་དང་ཕྲད། ཨེར་ཁེ་ཐའི་ཇིས་གོས་དར་གྱི་བདོག་པ་བསྟར། བསྙེན་རྫོགས་ང་བརྒྱད་དང་། དགེ་ཚུལ་ཕྱེད་ཉིས་བརྒྱ་བསྒྲུབས། བདེ་ཆེན་ཆོས་འཁོར་སྤྲུལ་སྐུ་གཟའ་རྒྱལ་གྱི་ཟེ་ཁའི་བསྙུན་དམ་པོས་གྲོངས་པར་ཐུག་པའི་དོན་གྱི་གཙོ་བོ་དགོན་མ་ལག་འབྲུག་སྒར་བར་ཤོར་དོགས་ཀྱི་སྣེའུ་གདོང་རྩེར་ཐུགས་བློ་བསྟད་ཆོག་པ་དགོས་ཚུལ་གྱི་ཞུ་དོན་དང་། ཞར་བྱུང་གསོན་བསྔོའི་རྟེན་དུ་ཚེས་གཉིས་རིན་པོ་ཆེའི་ཕྱག་དྲིལ་བདེ་ཆེན་དཔའ་བོའི་རྒྱང་གླུ། ཚེས་ལྔ་རིན་པོ་ཆེའི་ཕྱག་ཌཱཾ་གཉིས་སྣེའུ་སྡོང་པའི་བློ་རྡོར་གྲགས་པས་གཙོས་བདོག་པ་སྐྱེལ་བར་ནང་སོ་སྦྲ་ཆེན་པ་ཅན་འབྱོར་ཞིང་རྩེ་ཞབས་དྲུང་གདན་དྲང་ཆོག་པའི་ཁྲོལ་ཆའི་


GLG006_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་གསལ་ཀྱང་མཛད་སོང་རུང་ལ་ལ་ཅུང་ཟད་མ་བདེ་བར་མ་འོངས་པ་སྔུན་བསུས་ཀྱི་རྫུན་མཛད་དམ་ཡང་ཟེར། གྲ་ཚང་ནས་གྲངས་བཅད་ཀྱིས་གཤིན་རྗེ་མེའི་སྤུ་གྲིའི་སྒྲུབ་ཁག་གཉིས་དུས་མཚུངས་སུ་བཙུགས། ཤེལ་དཀར་ཆོས་སྡེའི་གྲ་པ་ཞིག་གིས་མདོ་སྡུད་པ། བྱམས་ཆོས་སྡེ་ལྔ། བཤེས་སྤྲིང་། དབུ་མ་རིགས་ཚོགས་དྲུག །འཇུག་པ། སྤྱོད་འཇུག་རྣམས་ཀྱི་རྒྱུགས་སྤྲད། འབྲི་གུང་སྤྲུལ་པའི་སྐུ་དཔོན་སློབ་ཕེབས་པར་ཞལ་ངོ་ལ་ཆ་བཞག་མ་ཐུབ་རུང་སྒམ་འབྲུག་རྣམས་དང་མཚུངས་པའི་བཀུར་གཟོས་ཕུལ་ཏེ་ཚེས་བརྒྱད་ཀྱི་སྔ་དྲོ་མཇལ། སྡེ་པར་ཕྱག་འབུལ་རྒྱུ་ཡིན་གསུང་ཡང་སྐབས་སུ་མ་བབ་པས་མཇལ་དར་རྩེ་སྤྲོད་ཀྱི་ལྡེམ་མཇལ་མཛད། བླ་མ་ལྷོ་པ། ཡང་རི་སྒར་པའི་བླ་མ། ཀ་ཚལ་བླ་མ་ཟུར་བ་སྤོ་བོ་བན་གྲོང་བ། སྒར་པའི་གྲ་པ་སུམ་ཅུ་ཙམ་དང་བཅས་ཆོས་རྒྱལ་རིན་ཅེན་ཕུན་ཚོགས་ཀྱི་བཀའ་འབུམ་དང་མཐུན་པའི་བརྟན་བཞུགས་ཀྱི་ཆོ་ག་ཞིག་བཏང་། སྤྲུལ་སྐུས་རྩེ་ཞྭ། དམངས་མས་སྒོམ་ཞྭ། སྤོ་པོས་པད་ཞུ། དགེ་སློང་དམ་པས་འབར་ཞྭ། ཕྱག་མཛོད་པས་ཁ་བཏགས་ཀྱི་ལེབ་ཞ་སོགས་ཞྭ་རིགས་ཀྱང་རྣམ་གྲངས་ཤིན་ཏུ་མང་། ཕྱི་དྲོ་དཀར་སྤྲོའི་དུས་རིགས་འཛིན་དཀོན་ཅོག་ལྷུན་གྲུབ་ཀྱིས་ཆོས་ཀྱི་འབེལ་གཏམ་འཕེལ་བར་བྱུང་། སང་ཉིན་བཀའ་བརྒྱད་ཁྲག་འཐུང་གི་སྟོད་ལས་སྨད་ལས་ཀྱི་འཆམ་རྒྱས་པར་མཛད། འཆམ་འདི་བླ་མ་མངའ་བདག་ཡབ་སྲས་ནས་བརྒྱུད་པར་རྗེ་ཟུར་བས་མནལ་ལམ་བཟུང་བའི་ཟངས་མདོག་དཔལ་རིར་བྱོན་ཏེ་ཞུས་དག་གནང་བའི་ཁུངས་བཙུན་པར་གྲགས་ཤིང་བྱིན་ཀྱང་ཆགས་


GLG006_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྣང་རྩེད་སྣ་ལྟར་གང་བདེ་བྱས་མི་ཆོག་པའི་ཆོ་ག་དང་འབྲེལ་དགོས་ཀྱིན་ཡོད་འདུག་པས་ལས་བྱང་གྱེར་བ་དང་ཟོར་ལས་གཏོར་བཟློག་རིམ་གྲོ་ཚུགས་པ་འདྲ་མོ་ཞིག་བྱུང་། འོན་ཀྱང་བར་སྐབས་ནས་ལད་པ་འདྲ་ཡིན་ནམ་དམངས་ཀྱིས་སྐོར་ཐེང་རེ་ལ་སྐྱེན་པ་རྣམས་ཀྱིས་སྐོར་ཐེང་གསུམ་སུམ་ཙམ་མ་ཎིའི་ཆོས་སྐོར་ལྟར་འཁོར། གཏོར་མ་འགྱོགས་མི་རྣམས་ཀྱིས་ཁ་དཀྲིས་གཏོང་བ་སོགས་གཙང་སྦྲ་ཆེ་མདོག་ཁ་པོ་ལ་ཨ་ར་ཁ་སྐྱོག་དེས་གཏོར་མའི་སྟེང་ལ་རྐང་པ་བཏེགས་ནས་ཡུལ་ཡུལ་བྱེད་པའི་རྒྱ་མ་བོད་ཅིག་འདུག་པ་སྐུ་རིམ་ཚད་ལྡན་གྱི་སྐབས་མཛད་ཀྱིན་ཡོད་དོགས་མེད་ལ་ཆེ། བདེ་ཆེན་ཆོས་འཁོར་པའི་ཕོད་ཀ་གཟའ་ཚན་བརྒྱད་དང་སྤར་ཁ་སྨེ་བ་སོགས་གཟུགས་འགྲོས་མང་པོའི་ལྷན་ཐབས་མ་དེས་གཙོས་བདའ་ལན་གྱི་སྐྱེས་རྒྱས་པར་ཕུལ། རེ་ཞིག་བཅད་རྒྱར་བསྡད་པའི་རྒྱུད་འབུམ་གྱི་འཕྲོ་མུས་ཉན། རྩེ་ལུགས་ཀྱི་ཚེས་བཅུ་ཆེན་མོ་འཛུགས་རྩིས་ཀྱིས་ལེའུ་བརྒྱད་མ་སྨན་ལུང་ཆོས་ལྡན་པའི་དེ་ལེགས་པོ་འདུག་ཀྱང་མཚན་བརྒྱད་ཀྱི་མངོན་རྟོགས་སོགས་གཏེར་གཞུང་ནས་ཅུང་ཟད་རྒྱས་སུ་བཏང་བའི་ལས་བྱང་རྩ་གསུམ་དགྱེས་པའི་རོལ་གར་བརྩམས། ཉེར་བརྒྱད་ལ་ལག་པ་གཡས་པའི་རྩ་འགྲམས་པས་རྐྱེན་བྱས་ལག་པའི་ནད་འཕར་ཏེ་འཕྲོད་བསྟེན་དང་སྦྲགས་ཐོས་བསམ་གྱི་བྱ་བ་ཆག་མེད་དུ་བགྱིས། ཧོར་ཟླ་བཅུ་གཉིས་པའི་ཟླ་སྟོད་དུ་ཁྱབ་བདག་ཞ་ལུ་བ་ཆེན་པོ་དང་དབྱར་སྨད་ནས་བསྙུན་རོ་འཕར་རེ་སྐུ་ཁམས་ཇེ་ཞན་དུ་སོང་བར་དཔལ་ལྡན་མ་ཁོག་ཏུ་ཞུགས་ཏེ་དབུས་


GLG006_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྱོན་ན་ལེགས་ཚུལ་ཞུས་པ་བཞིན་ཕེབས། ལག་པ་མི་བདེ་བས་རྐྱེན་གྱིས་རྗེས་གནང་འབུལ་མ་ཐུབ་ཀྱང་དེ་བཞིན་གཤེགས་པའི་གདུང་ཤ་རཱི་རམ་དང་གཏེར་སྐུ་འགངས་ཅན་དུ་མའི་བྱིན་རླབས་ཕུལ། ཞག་གསུམ་བཞུགས་ནས་གོང་དཀར་ཆོས་སྡེར་འཕྲོད་བསྟེན་ལ་ཐེགས། ཙམ་བཞུགས་བར་གྱི་གསོལ་ཆས་ཀྱི་མཐུན་རྐྱེན་སྦྱར། སྨད་རྒྱུད་དགེ་སྐོས་བྱང་འདྲེན་གཉིས་ཀྱིས་བསྐུལ་བའི་སློབ་དཔོན་ངག་དབང་ནོར་བུའི་གསོལ་འདེབས། ཤངས་བཀྲ་ཤིས་རྩེ་པས་འབུམ་བཞེངས་པའི་སྨོན་ལམ་སྡེ་དྲུག་མཁན་ཟུར་པ་དཀོན་ཅོག་བསྟན་འཛིན་གྱིས་ཉེ་དུའི་དོན་དུ་ལམ་རིམ་བླ་བརྒྱུད་བཞེངས་པའི་ཐང་ཁའི་རྒྱབ་ཡིག་རྣམས་བཀོད། རྗེས་སུ་འབམ་རོ་འཕར་པ་དྲུང་འཚོ་བ་ལྷག་བསམ་གྱི་སྨན་དཀར་ངོ་ཆེ། ནད་གཡོག་རྐང་མ་དབུ་མཛད་དང་གལ་ཆེ་སྐབས་མཆོད་དཔོན་པས་ཀྱང་ཡོངས། གྲ་ཚང་དུ་སྐོང་བཤགས་ཀྱི་རིམ་གྲོ་བཙུགས། རིགས་འཛིན་ཆེན་པོས་དྲག་དམར་གྱི་གཏོར་བཟློག་མཛད་པས་ཞག་གསུམ་ནས་རྨི་ལམ་དུ་ཡི་གེ་ལྷོགས་རྒྱུ་མེད་པ་མང་པོ་ཡོད་པའི་ཆོས་ཤོག་གི་འཁོར་ཁ་ཡང་རྐང་པ་ལ་དཀྲིས་འདུག་པར་མི་ཞིག་གིས་འདི་བདེ་པོ་མི་ཡོང་ཞེས་བཀྲོལ་སོང་བ་དང་མཚུངས་པའི་མངོན་དོད་ཀྱིས་བདེ་ཞིང་ལྷག་ཏུ་གདོན་འགྲོལ་གྱི་ནུབ་གཏེར་སྟོན་རིན་པོ་ཆེར་ངེད་ཀྱི་རྐང་པའི་མཐིལ་ནས་ཡར་རག་དུང་འདྲ་བའི་སྦུབས་གསེང་ལས་སྦྲུལ་ལྟ་བུའི་སྲོག་ཆགས་སྣ་ནམ་རྡོ་རྗེ་བདུད་འཇོམས་ཡིན་ཟེར་བའི་སྔགས་པ་ཞིག་གིས་ནར་གྱི་ཕྱུང་བ་མེར་བསྲེགས་ཏེ་ལྷག་མ་རླུང་གིས་ཁྱེར་བའི་སྤྱན་ལྟས་ལེགས་པ་བྱུང་སྣང་། དེ་ནས་བཟུང་ལོ་ཤས་འབམ་གྱི་ནད་
མ་ལངས།


previousདགུང་ལོ་ང་གསུམ་པར་བོད་འབངས་ཀྱི་བདེ་ཐབས་དང་ཚོགས་གསོག་ཏུ་དམིགས་ཏེ་ཁྲ་འབྲུག་དང་ཡུམ་བུ་བླ་མཁར་གྱི་རྒྱ་ཕིབས་གསར་བཞེངས་དང་། ཟངས་རི་བ་བློ་བཟང་མཐུ་སྟོབས་སྡེ་སྲིད་དུ་བསྐོས་པ་བཅས་ཀྱི་སྐོར།next