Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
དགུང་ལོ་ང་བཞི་པར་ལྷ་ལྡན་གཙུག་ལག་ཁང་གི་ཆོས་རྒྱལ་ལྷ་ཁང་དང་ཨོ་རྒྱན་ལྷ་ཁང་གི་ནང་རྟེན་གསར་བཞེངས་དང་། གསེར་ཐོག་ཞིག་གསོ།
   
   
   
   
   


 
previousདགུང་ལོ་ང་བཞི་པར་ལྷ་ལྡན་གཙུག་ལག་ཁང་གི་ཆོས་རྒྱལ་ལྷ་ཁང་དང་ཨོ་རྒྱན་ལྷ་ཁང་གི་ནང་རྟེན་གསར་བཞེངས་དང་། གསེར་ཐོག་ཞིག་གསོ། next

དགུང་ལོ་ང་བཞི་པར་ལྷ་ལྡན་གཙུག་ལག་ཁང་གི་ཆོས་རྒྱལ་ལྷ་ཁང་དང་ཨོ་རྒྱན་ལྷ་ཁང་གི་ནང་རྟེན་གསར་བཞེངས་དང་། གསེར་ཐོག་ཞིག་གསོ།


GLG006_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་འགྱུར་བརྒྱ་ཚར་སྒྲོག་པ་བཅས་ཀྱི་སྐོར།དུས་རིམ་ལེ་ཚན་དང་ལྕགས་ཁྱིའི་ལོ་གསར་དཀྱུས་བཞིན་བཏང་། ནད་མཇུག་ལ་བརྟེན་བསྐང་གསོ་དང་བཞུགས་གྲལ་ལ་འགྲོ་མ་ཐུབ་པའི་རྩེར་བཀྲ་ཤིས། རཏྣ། ས་སྐྱོང་སོགས་དཔོན་ཁག་རྣམས་དང་དྲུང་འཁོར་ལས་ཚན་ཐོར་བུར་དཀར་སྤྲོའི་ཐོག་ངོས་ཕྲད་བྱས། ཚེས་བརྒྱད་ནས་གཏེར་སྒྲོམ་གྱི་ཆུ་ཚན་བསྟེན་པས་ཕན་ངོ་ཆེ་ཞིང་འོན་ཀྱང་ལག་པའི་སྐྲངས་འབུར་ལྷག་ལུས་པ་བསོད་ནམས་དབང་རྒྱལ་བྱང་ན་ཡོང་ཞོར་རྩ་སྒྱེ་མོའི་ཆུ་ཚན་བརྒྱབ་པ་པུས་མོར་ཕན་པའི་གནས་ཚུལ་ལ་བརྟེན་ཞུ་བླངས་པས་ངོ་སོ་ཐོན་པ་བྱུང་། ཆོས་རྗེ་ན་གླིང་པ། དར་མོ་ནས་གཉིས་ལ་སྨན་སྤྲད་པའི་ཆོ་འཕྲུལ་གྱི་རིང་ཉམ་ཐག་གི་ནད་པ་མང་པོར་ཕན་པ་བསྒྲུབས། ཧོར་ཟླ་གཉིས་པའི་ཚེས་གཅིག་ལ་གོང་དཀར་ནས་ཁྱབ་བདག་ཞ་ལུ་པ་ཆེན་པོ་ཕེབས་ཏེ་ཞག་བརྒྱད་ཀྱི་བར་བཞུགས། སྔགས་རྒོད་ལོག་ཏྲིའི་རིག་གཏད་ཅིག་ཕུལ་བ་དེ་མ་ཐག་རྒྱ་མཐོངས་ཁ་ཕྱེ་བ་ལྟ་བུའི་བསྙུན་གཞི་རྙིང་པ་ལ་ཕན་ངོ་ཆེ་བ་བྱུང་ཚུལ་ཕེབས། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་དང་བྱང་སེམས་བསོད་ནམས་གྲགས་པ་ཞལ་སྤྲོད་ཀྱི་ཞལ་ཐང་ཆོས་ལུང་ཚོགས་པའི་ནང་རྟེན་མཁན་པོ་རྟག་པ་བའི་དུས་འཁྱར་བ་ཞིག་སྩལ། གཙང་དུ་ཤར་རྒྱག་ཐེགས་ཁུལ་ལ་ཞབས་འབམ་གྱིས་ཆོས་སྡེར་བཞུགས་པར་དྲུང་འཚོ་ངག་དབང་ལྷག་བསམ་བཏང་བས་མ་འགྱངས་པར་གདངས་སྐྱེད་ཆེ་བ་བྱུང་འདུག །སྣེའུ་སྡོང་རྩེ་ནས་ཞབས་དྲུང་གདུང་བརྒྱུད་ཡབ་སྲས་ཕེབས་པར་ལྷ་གཟིགས་ཕག་མོ་གྲུ་པའི་


GLG006_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བཀུར་གཟོས་རྒྱས་པར་ཕུལ། འོན་ཀྱང་སྣེའུ་སྡོང་རྩེའི་ཁྲི་བཞག་སྟེ་བདེ་ཆེན་ཆོས་འཁོར་གྱི་བླ་མ་མཛད་པའི་སྒོ་ཞིག་ཡོད་འདྲ་བ་བདག་ཆེན་རྡོ་རྗེ་འཆང་གིས་ཁོ་བོ་དཔལ་ལྡན་ས་སྐྱའི་ཁྲིར་སྡོད་འཕྲོར་ནཱ་ལནྡྲའི་མཁན་པོ་བྱས་ན་རྟ་ལས་བབས་ཏེ་བོང་བུ་ཞོན་པ་དང་འདྲ་གསུངས་པའི་དཔེར་སྣང་། ཞབས་དྲུང་གིས་བཀའ་སྩལ་བ་དང་དུ་བླངས་ཏེ་ངེད་རང་དང་སྡེ་པའི་བརྟན་བཞུགས། གཏེར་སྟོན་རིགས་འཛིན་ཆེན་པོའི་གསུང་གིས་བསྐུལ་བའི་རིང་འཚོའི་ཚིགས་བཅད། རྫོགས་ཆེན་པ་དམ་པ་འཇམ་གླིང་གིས་བསྐུལ་བའི་གཏེར་སྟོན་རིགས་འཛིན་ཆེན་པོའི་གསོལ་འདེབས་བརྟན་བཞུགས། མངའ་རིས་གུང་ཐང་རབ་འབྱམས་པ་སྒྲ་ཚད་མདོ་རྒྱུད་སྨྲ་བ་བཤེས་གཉེན་རྣམ་རྒྱལ་གྱི་སྙན་ངག་གི་འཕྲིན་ལན། སྐྱེ་བར་རྗེས་འཛིན་གྱི་བརྗོད་བྱ་ཐེབས་པའི་ཐང་ཁའི་རྒྱབ་ཡིག་གཅིག་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའི་ངོ་མ་བཟློག་པ་རྣམས་བྲིས། རྩ་སྒྱེ་མོའི་བྱེ་ལུང་མདོའི་ཆུ་ཚན་བླངས་ཏེ་བསྟེན་པས་ཡན་ལག་ལ་ལྷག་པར་ཕན་པ་བྱུང་། རྫོང་གཞིས་བཅུ་དགུ་སྡོམས་པར་བཀའ་འགྱུར་ཚར་ཕྱེད་སུམ་བརྒྱ། མཚན་བརྗོད་ཆིག་འབུམ། སྨན་བླ་ཆིག་ཁྲི་ཆིག་སྟོང་། ཚེ་ཆོག་བཅུ་གསུམ། སཱཙྪ་ཆིག་འབུམ། གཤིན་རྗེའི་སྔགས་རིང་བྱེ་བ། གདུགས་དཀར་མདོས་ཆེན་གསུམ། ཁྲོ་རོལ་གཅིག །ཞི་བའི་སྦྱིན་སྲེག་བརྒྱ་རྩ། ཕྱུགས་ལུག་ཉིས་བརྒྱ་དང་ཉ་འབུམ་གྱི་སྲོག་བླུ་བྱས། ཆུ་ཤུར་ཐར་པ་གླིང་པ་རྣམས་ཀྱིས་ཕུར་པའི་འབྲུབ་འཆམ་ལ་མོ་ཚེར་གསེབ་པ་ཚོར་འགྲན་བཟོད་པ་བརྒྱབ་ཅིང་ཕྱི་དྲོ་ཚན་གྲངས་དང་བཅས་རིང་


GLG006_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

འཚོའི་ཚིགས་བཅད་གསུངས། འཕྲེང་བའི་དཀྱིལ་ཐང་བཞེང་དགོས་ཡོད་པ་སྡེ་པས་དང་དོད་ཀྱིས་ཁུར་བཞེས་ཏེ་ལས་གྲ་འཛུགས་པའི་སྒོ་དོད། དེའང་ཞི་བའི་རིགས་ལ་སྨན་ཐང་པ་དང་ཁྲོ་བོ་དང་དཀྱིལ་ཐང་ལ་མཁྱེན་བརྩེ་བ་བྱང་ཆུབ་པས་ལུགས་གཉིས་ཀ་མ་ནུབ་པ་ཞིག་དགོས་རྒྱུར་སྡེ་པ་བསོད་ནམས་རབ་བརྟན་གྱི་དུས་མཁྱེན་བརྩེ་ཕྱོགས་ཀྱི་རི་མོ་བས་གོ་མ་ལོ་བ་ལྟ་བུས་ཧ་ཅང་མང་རྒྱུ་མི་འདུག་རུང་གོང་དཀར་ཆོས་སྡེ་ནས་སློབ་དཔོན་གསང་སྔགས་མཁར་པས་ཐོག་དྲངས་མཁས་བསྒྲུགས་བོས། མ་དཔེ་ཀུན་མཁྱེན་རྡོ་རྗེ་གདན་པའི་ཐུགས་དམ་ཐང་ཁ་ལ་གཙོ་བོར་བཟུང་། འཕྲེང་བ་ཀྲྀ་ཡ་གཉིས་ཀྱི་རྒྱ་གཞུང་། མངའ་རིས་པ་ཚུལ་འོད་དང་པཎ་ཆེན་ཐར་རྩེ་པའི་ཡིག་ཆ་རྣམས་མཐུན་མི་མཐུན་གྱི་གོ་བསྡུས་དགེ་སློང་འཇམ་དབྱངས་གྲགས་པ། གནས་གསར་འཇམ་དབྱངས་བསྟན་འཛིན། ཕུན་ཚོགས་ལེགས་འབྱོར། དཀར་བྲག་པ་ངག་དབང་བྱམས་པ་བཞིས་བྱས་ནས་མི་གཅིག་པ་རྣམས་ཞ་ལུ་མཁན་རིན་པོ་ཆེར་དོགས་གཅོད་དང་འདི་གར་ཡང་དྲིས་ཤིང་གཙོ་བོ་རྒྱ་གཞུང་དང་ཐང་དཔེ་བཙན་པ་བྱས། འཐེན་འཁྱེར་ཅུང་ཟད་བྱུང་བ་ཐོར་བུར་ཡིག་ཆ་ལ་དམར་མཆན་ཕབ་ནས་གཞིས་ཀའི་སྒོ་ལྕོག་ལྷོ་མར་འདྲི་བའི་དོ་དམ་མཐོན་བྱ་སྒོ་ནས་ཀྱིས་བྱས་ཏེ་འགོ་བཙུགས་པ་ལྕགས་ཕག་ཧོར་ཟླ་བརྒྱད་པའི་ནང་དུ་གེགས་མེད་པར་འགྲུབ། ཁམས་རི་བོ་ཆེ་དྲུང་ཁྲི་ཐོག་པ་ཕེབས་རྟ་ཁྲབ་ཀྱི་སྟེར་ཆ་དཔངས་བསྟོད་པ་མཛད། ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་ཕུལ། བར་ཁམས་པ་རྣམས་


GLG006_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་འཕྲོས་མང་ན་མདོ་མེད་ཅེས་འཕྱ་ཡིན་ཡོད་འདུག་པའི་སྟབས་ཡིན་ནམ་གསུང་འཕྲོས་ནི་ཆེར་མི་གསུང་། སོག་པོ་སྟོང་ཕྲག་ཏུ་ཉེ་བར་བྱིན་རླབས་བྱས། རི་བོ་ཆོས་གླིང་བླ་མ་རྒྱལ་སྲས་སྤྲུལ་སྐུ་དང་གྲ་དམངས་བཅས་དཔང་སྐོང་ཕྱག་བརྒྱ་པ། མཚན་བརྗོད། སྨན་བླའི་མདོ་ཆོག །གསར་རྩོམ་མི་འཁྲུགས་པའི་ཆོ་གའི་ལུང་ཕུལ། རྒྱལ་མོ་གཉིས། རཏྣ་དཔོན་མོ། མཁའ་འགྲོ་དགེ་ཚུལ་མ་རྣམས་ལ་ཇ་གྲལ་བཏང་། སྣེའུ་སྡོང་ཞབས་དྲུང་དང་ཞབས་དྲུང་རི་བོ་ཆེ་པ་སོགས་ལ་སྐྱེས་ལན་གྱི་རྫོང་བ་ཞུས། ཚེས་བཅུ་ལ་རི་བོ་ཆོས་གླིང་སྤྱི་སོས་ཚོགས་འཁོར་བདོག་པའི་དངོས་པོའི་སྦྱིན་བདག་བྱས་ཏེ་གྲ་ཚང་གིས་འཆི་མེད་འོད་སྣང་གི་སྒོ་ནས་ཚེ་ཆོག་བཏང་། ཆོས་གླིང་གྲ་དམངས་ཀྱང་མུ་འཐུད་ཀྱིས་གྲལ་དུ་འཁོད། ཚེས་བཅུ་བདུན་ལ་ཕན་བདེ་ལེགས་བཤད་གླིང་པས་ཚོགས་ཆས། སྤྱི་སྒེར་གྱི་བདོག་པ་དང་བཅས་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བའི་རིང་འཚོའི་རྟེན་འབྲེལ་བསྒྲིགས་ཏེ་བཅད་རྒྱ་བསྡམས། སྡེ་པ་ཆུ་ཚན་དང་ལྷོ་ཁ་ཕྱོགས་ཀྱི་གཞིས་སྐོར་མཛད་པར་སྒོ་དོད་པའི་མཆོད་དཔོན་པ་ཆུ་ཚན་ལ་འགྲོ་འདུན་འདུག་པས་གཏོར་མའི་ཁྱད་ནས་ཉེར་གསུམ་ལ་ཞིང་སྐྱོང་དབང་པོའི་མཆོད་གཏོར་རྒྱས་པར་བཏང་། དོ་རིས་ཁོའི་ཁ་ཏོན་དུ་གསོལ་འདེབས་ཀྱི་ཚིགས་བཅད་བྲིས། རྩེ་ལུགས་ཀྱི་ཚེས་བཅུའི་ཕྱག་ལེན་གར་འཆམ་རྣམས་རིག་སྔགས་འཆང་བའི་དབང་ཕྱུག་ཆོས་རྗེ་དཀོན་གཉེར་དཔོན་ཀུན་བཟང་རྩེ་བ་ཡབ་སྲས་ཀྱི་ཕྱག་བཞེས་ཁུངས་བཙུན་པའི་སྙན་གྲགས་ཀྱིས་སྔ་དུས་ཀྱི་སྡེ་


GLG006_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མང་པོ་དང་ཕྱིས་སུ་སྒར་གཙང་སོགས་ལའང་འཕེལ་ཞིང་རྗེ་བསོད་ནམས་རྒྱ་མཚོའི་དགོངས་པར་ཡང་ཡོད་འདུག་རུང་ཡུལ་དུས་ཀྱི་གནང་སྟབས་མ་བདེ་བར་ལུས། སྡེ་པ་བསོད་ནམས་རབ་བརྟན་ལ་ཐུགས་བཞེད་མེད་པས་གཞིས་ཀ་རྩེའི་ཚེས་བཅུའི་ཆས་རྣམས་ཟགས་འཐོར་དུ་སོང་བ་ནས་རིམ་འགྱངས་སུ་གྱུར་པ་འདི་ལོ་སྡེ་པས་ཕོད་ཀ །གར་གོས། ཞལ་བརྙན་གིང་ཆས་སོགས་དགོས་ཆ་བཟོ་བའི་གྲ་བཙུགས། ཨེ་པ་སྤྲུལ་སྐུ་བག་དྲོ་ཅན་བཅུ་བཞི་བཀུག་པའི་ཐོག་མར་ཚེས་བཅུའི་མཚན་བརྒྱད་སྐོར། གཏུམ་རྔམས། མཚམས་གཅོད་རྣམས་ཀྱི་ཞལ་བརྙན་བརྒྱད་ཅུ་ཙམ། རྟེན་རྫས་ཀྱི་ཐང་ལྷའི་ཞལ་བརྙན་སོགས་གྲུབ་པའི་མུ་འཐུད་དུ་ལྷའི་ལྷོ་སྒོ་མེ་ལོང་ཅན་དུ་གཙོ་བོ་འོད་དཔག་མེད་ལོངས་སྐུའི་ཆ་བྱད་ཅན་གཡས་གཡོན་དུ་སྨན་བླ་བདེ་གཤེགས་བརྒྱད། བར་ཁང་གི་ཆོས་རྒྱལ་ལྷ་ཁང་དུ་མེས་དབོན་རྣམ་གསུམ། བཙུན་མོ་གཉིས། བློན་པོ་གཉིས། རྒྱལ་སྲིད་སྣ་བདུན་ཚང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཚུལ། ཨོ་རྒྱན་ལྷ་ཁང་དུ་སློབ་དཔོན་ཡབ་ཡུམ། ཨོ་རྒྱན་དམ་སྲི་ཟིལ་གནོན། ཡང་བཟློག་ཁྲོ་བོ། བྱང་ཆེན་མཆོད་རྟེན། ཚལ་དུས་ཀྱི་བདེ་མཆོག་གི་སྐུའི་ཞིག་གསོས། རྒྱལ་བ་བཙོང་ཁ་པའི་སྐུ་དགའ་ལྡན་ལྷ་ཁང་དུ་སྤོས་པར་རྣམ་རྟོག་བྱེད་མཁན་འདྲ་ཡོད་འདུག་པའི་སྟབས་སྔར་གྱི་བཞུགས་གནས་སུ་གདན་དྲངས། ར་མོ་ཆེ་བར་ཁང་དུ་བཞུགས་རྩིས་ཀྱི་ཀླུ་དབང་གི་རྒྱལ་པོ་དང་སྨན་བླ་བདེ་གཤེགས་བརྒྱད་རྣམས་ཀྱི་རྒྱུར་གྲང་གསེར་ཞོ་ཆིག་བརྒྱ་བཅུ་གཉིས། གསེར་


GLG006_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་བོད་བརྡུངས་ཆིག་སྟོང་བཞི་བརྒྱ་ཞེ་དྲུག །རྒྱ་བརྡུངས་དྲུག་སྟོང་ཆིག་བརྒྱ་བརྒྱད་ཅུ། ལི་ཁྲི་དང་སྤང་སྐྱ་བྲེ་ཕྱེད་གསུམ་རེ། སྤང་མ་བྲེ་ལྔ། མཐིང་བྲེ་དྲུག །སྔོ་སྐྱ་བྲེ་ཕྱེད་བཞི། རམས་བྲེ་བདུན། བ་བླ་བྲེ་གང་། རས་ཁ་དགུ་བརྒྱ། སྤྱིན་ཁལ་དྲུག །གྲོ་ཞིབ། ལྕགས་སྐུད། ཟངས་སྐུད་རྣམས་སོང་བའི་དོ་དམ་དཔལ་འབྱོར་བཀྲ་ཤིས་དང་བསྟན་འཛིན་རབ་བརྟན་གཉིས་ཀྱིས་བྱས་ཏེ་ཟླ་བ་བདུན་ལྷག་འགོར་བའི་ཕོགས་སྟོན་ཡོན་ཀུན་འབྲུ་ཐོག་ཏུ་དྲིལ་བ་མཁའ་རུའི་སུམ་སྟོང་བདུན་བརྒྱ་སོང་། དཔོན་མོ་སའི་ཁན་ཇུའི་དགེ་སྒྲུབ་ཐེབས་སུ་དཀར་མེ་གསེར་ཆབ་བཟང་སྤྱོད་ཁྲི་ཚར་གསུང་བའི་དགོས་ཆ་སྤྲད། གཏེར་སྟོན་རིན་པོ་ཆེ་ལ་ཆོས་ཞུ་འཕྲོས་ཉན་ཞིང་རྒྱལ་སྲས་པ་དང་བཅས་པའི་མཆེད་གཉིས་ལ་གུར་ལྷ་བརྒྱད་ཀྱི་རྗེས་གནང་ཐུན་མོང་བ། ཞལ་བསྙེན་དུས་ཀྱི་མགོན་པོའི་རྗེས་གནང་། རིགས་འཛིན་ཆེན་པོའི་གཏེར་བྱོན་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་དབང་ལུང་ཡོངས་རྫོགས། གཏེར་སྟོན་དགུང་སྐག་གི་རྐྱེན་སེལ་ལ་ལྕགས་སྡོང་ལུགས་ཀྱི་ཚེ་དབང་བརྒྱ་རྩ་རྣམས་ཕུལ། གཏེར་སྟོན་སྐུ་མཆེད་གཉིས་དང་ཕྱོགས་མཐུན་དུ་མཆོད་དཔོན་པ། དགེ་སློང་འཇམ་དབྱངས་གྲགས་པ། ཆོས་རྗེ་ཁ་རེག་པ། ཆོས་རྗེ་པདྨ། སྔགས་རམས་པ་དགའ་བ་གདོང་པ་ཅན་ལ་ཨོ་རྒྱན་དྲི་མེད་ལྷུན་པོའི་གཏེར་མའི་རླུང་དམར་གྱི་ལུང་ཕྱག་ལེན་རྣམས་ཞིབ་པར་ཁྲིད། ཧོར་ཟླ་གསུམ་པའི་ཚེས་ལྔ་ལ་སྡེ་པ་དཔོན་གཡོག་མས་དྲོ་བརྒྱུད་འོལ་དགར་ཆུ་ཚན་ལ་བཏེག་གོས་ཕྱི་ནང་། སྦུགས་སིལ། རྒྱ་རྔ། གསེར་དངུལ། ཇ་རས། གྲུམ་


GLG006_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཙེ། བུར་ལྟང་། རྟ་སྒ་བཅས་ཀྱིས་གཙོས་པའི་ཆོས་ཡོན་གྱི་བདོག་པ་རྒྱ་ཆེར་སྤེལ་ཞིང་རིགས་འཛིན་ཆེན་པོར་དེབ་སྔོན་དང་རྒྱལ་སྲས་པ་སྒྲ་སྙན་རྩིས་སྡེབ་སྦྱོར་ལ་སྦྱངས་པ་ཆེ་རབ་འདུག་པས་རིག་གནས་ཀྱི་གླེགས་བམ་གསུམ་བཞི་ཞིག་ཀྱང་བྱིན། གཏེར་སྟོན་རིན་པོ་ཆེའི་གསུང་གིས་བསྐུལ་བའི་མགོན་པོ་ཆེ་ཆུང་ལས་མཁན་དང་བཅས་པའི་གཏོར་ཆོག་དང་། རྒྱས་སྲས་བསྟན་པའི་ཉི་མའི་ངོར་སོ་ཐར་སྡོམ་པའི་བརྒྱུད་འདེབས་བརྩམས། ཁོང་དཔོན་སློབ་རྣམས་རང་གནས་སུ་བྱོན། གྲུབ་ཐོབ་དར་ཕྱྭ་རུ་བའི་ཐུགས་དམ་རྟེན་བེག་ཙེ་ལྕམ་སྲིང་གི་ཞལ་ཐང་བྲག་རམ་མགོན་ཁང་དུ་བཞུགས་པ་སེ་ར་བྱེས་པའི་གྲ་པ་ཞིག་གིས་དཀོན་གཉེར་ལ་ཐང་ཁ་བྱུང་ན་བླུ་ཡོན་བཟང་པོ་སྟེར་ཞེས་པའི་རྐྱེན་གྱིས་ཐང་ཁ་ཁྱེར་ནས་རྡོག་གི་སྔགས་པ་ཀུན་དགའི་ཉི་མ་དང་ལྷན་དུ་འོངས་པ་འཚུབ་གྱིས་དཀོན་གཉེར་ཆུ་ཤུར་དུ་འདས་ཀུན་དགའི་ཉི་མ་ལ་སྣེའུ་ཨ་ཁུས་བླུས་མ་བྱིན་ནས་བྱུང་བ་དབུ་མཛད་བློ་བཟང་ཡོན་ཏན་བརྒྱུད་ལག་ཏུ་འབྱོར། ཞ་ལུ་སྐུ་ཞང་གིས་རྒྱལ་པོ་འོད་ཟེར་གོ་ཆའི་དཔང་བུམ་བྱིན། བི་རི་དགེ་སློང་དབང་ཕྱུག་གྲགས་པས་རང་ལ་བཀའ་དྲིན་གང་ཆེའི་བླ་མ་རྗེས་དྲན། ལྷ་རིགས་ལྕམ་ཆོས་བཟང་དབང་མོའི་ཞལ་འདོན། ཁལ་ཁ་སྐུ་སྐྱེ་བློ་བཟང་འཕྲིན་ལས་ཀྱིས་བསྐུལ་བའི་གསོལ་འདེབས། གླང་བུ་བ་འགྱུར་མེད་ཀྱི་ངོར་མཚན་བརྒྱད་ཀྱི་བསྟོད་པ་རྣམས་བྲིས། སེ་ཆེན་རྒྱལ་པོ་མཆེད་ལུགས་མ་ལེགས་པ་སོགས་ཨོ་རོད་ནང་དུ་འཚུབ་འགྱུར་མང་ཙམ་ཡོད་འདྲ་ཟེར་བར་ཕན་རེས་གངས་ཅན་མཁན་པོ་


GLG006_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་ཅོག་རིན་ཅེན་མི་སྣར་མངགས་ཏེ་བླ་མ་དཔོན་ཁག་དྲག་རིམ་ཚོར་ཡིག་ངག་བསྐུར་ཡང་སེང་གེ་དང་བཱ་ཁན་བནྡེ་ཅན་རིམ་གྱིས་མ་འཚམ་པའི་དུས་ཀྱི་ཆད་པར་ཕན་ཐོགས་ཆེ་བ་རང་ནི་མ་བྱུང་འདུག །མར་ལམ་མཚོ་ཁར་དཔོན་ཞིག་གི་རྟ་ཕྲོགས་པར་ཧུང་ཐའི་ཇིས་ད་ལམ་སྐྱོན་མི་ཡོང་ཡང་རྒྱས་བསྡུས་མེད་འདི་འདྲ་མང་ན་མི་འགབ་པའི་མཁན་པོར་བསླབ་བྱ་མཛད་འདུག་རུང་སྦྱོར་བ་རྩིངས་པའི་སྐྱོན་ཞིག་ཡིན་ནམ་ཨོ་རོད་མཐིལ་དུ་བརྡུངས་ཤིག་ཀྱང་ཕོག་པའི་མཛེས་རྒྱུ་མེད་ཙམ་བྱུང་སྣང་། ཚེས་བཅུ་བདུན་གྱི་འགྲུབ་སྦྱོར་ཉིན་བསྙེན་རྫོགས་བཞི་དང་། དགེ་ཚུལ་བཞི་བསྒྲུབས། སྡེ་པ་འདར་ལོ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་སྨྲ་བའི་དབང་ཕྱུག་བློ་གསལ་མཁས་པ་གཉིས་ལ་ལེགས་སྦྱར་གྱི་བསྟན་བཅོས་ཀ་ལཱ་པ་དང་དབྱངས་ཅན་བྱཱ་ཀ་ར་ཎ་སུམ་རྟགས་རྣམས་རྫོགས་པར་ཁྲིད་དེ་ཁོང་དུ་ཆུད་ནས་དགའ་ལྡན་ཕུན་ཚོགས་གླིང་དུ་པར་གྱི་ཞུས་དག་པར་རྫོང་བདའ་བྱས། སྟག་རྩེ་ཐའི་ཇི་རྡོ་རྗེ་རྣམ་རྒྱལ་དང་ཧོར་བསོད་དར་རྒྱས་མཆེད་གཉིས་ཀྱིས་ཟན་གཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་རྟེན་བརྟེན་པར་ཞིག་གསོས་མཆོད་བཀུར་མཛད་པ་ཙམ་ནི་མངའ་བདག་ཁྲི་རལ་མན་ཆད་ལ་ཡེ་མ་བྱུང་འདུག་པས་གཏོང་ཕོད་དང་བརྩོན་པ་མགོན་མེད་ཟས་སྦྱིན་གྱི་རྣམ་པར་ཐར་པ་ལྟ་བུར་སྣང་། དེ་ལ་བརྟེན་ནས་ཆོས་སྐྱོང་ཆེན་པོས་སླད་མར་འབྱུང་རྒྱུའི་སྡེ་བདག་གི་མིག་ལྟོས་ལ་ཕན་དུ་རེ་བའི་མཛད་པ་མཐའ་དག་དཀར་ཆག་ཏུ་འདྲི་དགོས་པས་དེ་གའི་རྒྱུ་མཚན་ངེད་ལ་ལོབས་གསུངས་པར་བརྟེན་ཤོག་དྲིལ་ཆེན་མོ་ཞིག་སྤྲེལ་ལོ་བྱུང་ཡང་བྲེལ་བས་གཡེངས་ཏེ།


GLG006_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པ་འགོ་མཇུག་གཉིས་མཆོད་ཁང་རེའི་བར་དུ་སྙན་ངག་ནས་དྲངས་པའི་ཚིགས་བཅད་དང་དངོས་དོན་རྣམས་ཀུན་གྱིས་གོ་བདེ་ཁྱད་ཀྱིས་ཚིག་ལྷུག་གི་དེབ་ཐེར་བཀོད། དེ་ནས་བཟུང་ཕྱི་མཚམས་ཁོག་ཏུ་ཐོབ་ཡིག་མི་ལྟོགས་ཀྱི་བུ་ལོན་ལྟ་བུའི་འཕྲོ་འཐུད་དེ་ཟླ་འཕྲོས་ངང་ཧོར་ཟླ་བཞི་པའི་རིང་བྲེལ་བ་གཞན་གྱིས་བར་མ་ཆོད་པ་ལྟ་བུར་འབུངས་པར་བྲིས། མགྲོན་གཉེར་དོན་གྲུབ་རྒྱལ་མཚན་ལྔ་པའི་ལམ་དུ་གྱུར་པའི་ཚེ་ནང་མི་རྣམས་ཀྱི་འདོད་པ་བཞིན་སྙན་དར་དང་འདུས་ཚོགས་ཀྱི་ཞལ་འདོན་གང་བདེར་བྱས་ཆོག་པའི་སྨོན་ལམ་བརྩམས། ཞང་སྟོན་སྐུ་མདུན་ལྷུན་གྲུབ་ཀྱིས་ར་མོ་ཆེའི་ཀླུ་རྒྱལ་ལྕང་གསེབ་ཏུ་གཏའ་བསྡེམ་སོགས་བཅོས་ཀ་མཛད་པའི་ཚེ་ཀླུ་རྒྱལ་གྱི་འཁོར་དུ་ཁམས་སྤྲང་འདྲ་བ་གཉིས་འདུག་པ་ཅི་ཡིན་དྲིས་པར་འབྲུམ་པའི་ནད་བདག་ཡིན་ཟེར་བ་བྱུང་བས་ད་ལོ་འཐོར་ནད་ཞིག་ཡོང་ཉེན་ཆེ་ཚུལ་མོལ་བ་ལྟར་དེ་ནས་ཟླ་བ་ཕྱེད་གསུམ་སྐོར་ཙམ་ལ་ལྷ་ས་ནས་རིམ་གྱིས་མཆེད་པའི་ལོ་ཕྱེད་གསུམ་ཚུན་ལ་དབུས་གཙང་ཐམས་ཅད་ཁྱབ་པས་ངེས་ཤེས་འདྲོངས་པར་སྣང་། བོན་འདི་ལ་བོད་ཀྱི་ལྷ་རྣམས་དགའ་བར་མ་ཟད་ཀླུ་ལ་ལྷག་པར་མངའ་བརྙེས་པ་ཞིག་ཡོད་ཚོད་དུ་འདུག །སྡེ་པའི་ལམ་གྱི་གེགས་སེལ་སྐུ་རིམ་དུ་སེར་འབྲས་ཚོར་ཇ་ཚུལ་ཟླ་ཕྱེད་ཀྱི་བར་བཙུགས། སྡེ་པས་སྣེའུ་སྡོང་རྩེའི་དབུ་མཛད་རིན་ཆེན་བཟང་པོ་ཅན་བཏང་བྱུང་བ་དང་བསྟུན་དབུ་མཛད་བློ་བཟང་ཡོན་ཏན་གྱིས་དོ་དམ་བྱས་ཏེ་གྲ་ཚང་གིས་ཚེས་བཅུའི་གར་འཆམ་གྱི་སྦྱོང་བདར་ཞིབ་ཏུ་མཛད། རྡོ་རྗེ་འཆང་ཕ་བོང་ཁ་པ། ཟུར་ཐམས་ཅད་མཁྱེན་པ། ཁྱབ་བདག་


GLG006_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསར་བ་ཆེན་པོ་གསུམ་གྱི་དངུལ་གདུང་ལ་དཀར་མེ་དང་སྙན་ཤལ་ཕུལ་བའི་ཁ་བྱང་བྲིས། འདར་ལོས་རྡོ་རྗེ་འཆང་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་ཚེམས་དེ་ཉིད་ཀྱིས་འདར་པ་ཆོས་སྐྱོང་ལྷུན་གྲུབ་ལ་གནང་བ་རིང་བསྲེལ་ཅན་ཞིག་དད་རྟེན་དུ་བྱིན། དགའ་ལྡན་བཤད་སྒྲུབ་གླིང་པའི་གྲ་པ་གསུམ་གྱིས་བྱམས་ཆོས་སྡེ་ལྔ་དང་གསར་རྩོམ་དབུ་ཕར་གྱི་རྒྱུགས་སྤྲད། ཧོར་ཟླ་ལྔ་པའི་ཚེས་བརྒྱད་ལ་ཁྱབ་བདག་ཁྲ་ཚང་པ་ཆེན་པོ་ཕེབས་ཏེ་ཟླ་ཕྱེད་བར་བཞུགས། འཆི་བླུ། གདོན་འགྲོལ། གྲིབ་སེལ། བསུ་བཟློག་གི་རིམ་གྲོ་གནང་། མངའ་བདག་གི་གཏེར་བྱོན་གནམ་ལྕགས་ཀྱི་རྡོ་རྗེ་བྱང་ལས་ཀྱི་མཁའ་འགྲོའི་བཀའ་བབས་འགྲོ་མགོན་གཉོས་ཞིག་ཆེན་པོར་གནང་བ་ནས་བཟུང་མཐིང་མ་བ་དང་ཁྲ་ཚང་བའི་ཞལ་ངོ་རིམ་བརྒྱུད་ཀྱི་བྱིན་ཅན་དེ་མི་འགྱུར་བར་བརྟེན་པའི་རྟེན་འབྲེལ་དུ་སྩལ། རྡོ་རྗེ་བྲག་སྤྲུལ་པའི་སྐུར་མཚན་ལྟས་རྩུབ་པ་བྱུང་ཚུལ་གྱི་ཕྱག་བྲིས་འབྱོར་བར་ལྕོག་སྒར་བ་ཚོར་འཛུགས་རྒྱུའི་བརྟན་བཞུགས་ཀྱི་བདེན་བརྗོད་ཕུལ། ཁྱབ་བདག་ཁྲ་ཚང་པའི་གསུང་གིས་བསྐུལ་བཞིན་སྡེ་པའི་བརྟན་བཞུགས་བྲིས། བསམ་ཡས་སུ་མདོ་སྡེ་འབུལ་བར་ཆུ་མིག་ཁ་བ་བློ་བཟང་རབ་བརྟན་བཏང་། བཅོ་ལྔ་ལ་སྡེ་པ་དང་སོག་པོའི་དཔོན་ཁག་ཡོན་མཆོད་རྣམས་བྱོན་པར་ཚོམས་ཆེན་དུ་གུང་གི་བཞུགས་གྲལ་དང་བསྟུན་ངོས་ཀྱིས་ཕྲད། ས་སྐྱོང་དཔོན་གཡོག་ལ་དམིགས་བརྩེ་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་དམིགས་པ་ཕབ། འདི་ནས་བཟུང་ཧོར་ཟླ་བཅུ་གཉིས་པའི་བར་མཚམས་གྲོལ་མ་གྲོལ་ལ་མ་བལྟོས་པའི་ཐོབ་ཡིག་ལོང་སྐབས་བྱུང་ཚད་ལ་བྲིས། ཁྱབ་བདག་སྨན་ལུང་པར་ནཱ་ག་རཀྵའི་དབང་


GLG006_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བསམ་ཡས་ཆོས་སྐྱོང་ཆེན་པོའི་གསུང་དང་བསྟུན་སྡེ་པ་དང་ལྷན་དུ་བསྐྱར་ནས་ཞུས། རིན་པོ་ཆེས་ཕན་བདེ་ལེགས་བཤད་གླིང་པའི་ཚོགས་པ་བླ་མ་གསང་འདུས་དང་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་མགྱོགས་དབང་གནང་། ཉེར་གཉིས་ལ་དྲུང་འཁོར་སྐྱ་སེར་རྣམས་ཀྱིས་ཚོགས་ཆས་སྟེར་ཆ་འགྱེད་གཟེངས་བསྟོད་དེ་གྲ་ཚང་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བའི་ཚེ་ཆོག་རྒྱས་པར་གསུངས། དེ་ཐོག་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོས་རྩོམ་པའི་ཤོག་དྲིལ་དང་དངུལ་གྱི་མཎྜལ་ལ་གསེར་གྱི་ཚོམ་བུ་དང་བཅས་ཏེ་བྱིན། ཁྱབ་བདག་ཁྲ་ཚང་པ་སྡེ་སྲིད་ཕག་མོ་གྲུ་པའི་ཏྲི་ཤྲིར་བཀུར་བའི་གདན་འདྲེན་འདུག་གཤིས་གོས་དར་གྱི་བདོག་པ་བསྟན་ནས་ཕྱིར་ཕེབས། ར་སའི་གཙང་ཁང་བྱང་འདི་བཀའ་གཉན་པའི་སྟབས་གསེར་ཐོག་གི་ཞིག་གསོས་མཛད་མཁན་ཉུང་ཞིང་དཔོན་སློབ་པཎ་ཆེན་རིན་པོ་ཆེ་དགོངས་པ་ནམ་མཁའ་དང་མཉམ་པའི་ཐུགས་རྟོག་ཡེ་མི་གནང་བས་གསར་བཞེངས་ཀྱི་ཐུགས་རྩེ་གཞན་དང་མི་འདྲ་བ་བསྟད་ཡོད་འདུག་རུང་ཕྱག་གཡོག་རྣམས་ཀྱིས་ཚུལ་ལྡན་མ་བྱས་པའི་གོག་བཅོས་ལྟ་བུའི་སྐྱོན་གྱིས་རིང་པོར་མ་ལོན་པ་ནས་ཤིན་ཏུ་བསྡོ་བ་ཞིག་སྣང་བ་མཆོད་རྟེན་རབ་འབྱམས་པས་མཐུན་རྐྱེན་ཕུལ་བ་དང་བསམ་ཡས་ཆོས་སྐྱོང་ཆེན་པོ། ཚངས་པ་དུང་ཐོད་ཅན་གཉིས་ཀྱིས་ཀྱང་བར་ཆད་མི་འབྱུང་བའི་དབུགས་དབྱུང་བར་ཡིད་བརྟན་དུ་བཟུང་རྒྱ་ཕིབས་ལྷོ་བྱང་གི་ཞེང་ལ་རྒྱུག་མཐོ་སོ་དྲུག་དང་མཛུབ་གང་ཤར་ནུབ་ལ་ལྔ་བཅུ་ང་གཅིག །དཔངས་ལ་ཉེར་གཉིས། ལྟར་རྒྱབ་ལ་སོ་བདུན། གཉྫི་ར་གསུམ་རྣམས་ཀྱི་རྒྱུར་ཟངས་གད་ཕྱིས་གྲུབ་


GLG006_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཁར་ཁལ་དྲུག་བརྒྱ་ང་གཅིག །གསེར་བཙོ་མ་ཞོ་བཞི་སྟོང་སུམ་བརྒྱ་རེ་བཞི། དངུལ་ཆུ་ཞོ་ཆིག་ཁྲི་ཉིས་སྟོང་དགུ་བརྒྱ་གོ་གསུམ། སྣེ་ཁྲིད་མོ་རེ་བཅས་བར་མཁར་ཁལ་བཅུ་གཉིས། སྟར་བུ་ཁལ་བཅུ་བཞི། བཙོད་ཁལ་ཕྱེད་དགུ །རླུང་གནོན་དྲིལ་གདང་གི་ལྕགས་ཐག །རླུང་དྲིལ་སོ་ལྔ། བལ་པོ་ཨ་མ་ར་སིདྷ་དང་ཟངས་མགར་དབུ་མཛད་རྣམ་སྲས་ལྷས་བྱིན། དངོས་གྲུབ་གསུམ་གྱིས་གཙོས་པའི་སོ་ལྔ་དོ་དམ་འདར་གཞོན། གྲ་དཔོན། གྲ་ས་བས་གཙོས་པའི་ཤིང་བཟོ་བ་སུམ་ཅུ་དོ་དམ་སྒེར་ལོགས་ཨ་དར་རིགས་གསུམ་པ། ལྕགས་ཁ་བ། གསེར་གསོལ་འཕྱོང་རྒྱས་རབ་འབྱམས། བཀྲ་ཤིས་རྩེ་ནས། སྟར་སྡོང་ནས། སྦངས་ཆེ་བ། ཕོགས་སོགས་དགོས་ཆ་སྤྲོད་མི་བྱང་གླིང་བསམ་གྲུབ་རྒྱལ་པོས་བགྱིས་པའི་ཕོགས་གླ་ཡོན་སྟོན་མོ་སྟོན་རྒྱབ་རྣམས་འབྲུ་ཐོག་ཏུ་དྲིལ་བར་མཁའ་རུའི་ཁལ་ཆིག་ཁྲི་ཆིག་སྟོང་སུམ་བརྒྱ་སོང་། ཞ་ལུ་མཁན་རིན་པོ་ཆེ་སྐོར་ཅིག་གཙང་དུ་བྱོན་ན་སྐུ་ཁམས་ལ་ཕན་པའི་བརྟག་པ་ཤར་བ་བཞིན་ཉེར་བསྡོགས་ཀྱི་སྔོན་འགྲོར་ཕེབས། ཞལ་བཞི་པ་དཀར་པོའི་ཚེ་སྒྲུབ་ཀྱི་རྗེས་གནང་ཚར་ལུགས་ཐུན་མོང་མ་ཡིན་པ་སོགས་ཞུས་ཤིང་རྐྱེན་སེལ་གྱི་རྗེས་གནང་འདྲ་ཕུལ་ཏེ་ཧོར་ཟླ་དྲུག་པའི་ཚེས་གཉིས་ལ་ཞ་ལུ་ཕྱོགས་སུ་ཐེགས། ཚེས་བཅུ་གཅིག་ནས་བཟུང་ཉིན་ཁ་ཤས་ཀྱི་བར་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་གྲ་སློབ་སུམ་བརྒྱ་སྐོར། དེ་མཚུངས་སེར་ཐེག་ཆེན་གླིང་པ། གསང་ནེའུ་ཐོག་ཆོས་རྗེ་རྣམ་གཉིས་ཀྱིས་ཐོག་དྲངས་དཔོན་སློབ་ལྔ་བཅུ། དཔལ་ལྡན་སྨད་རྒྱུད་གྲ་ཚང་གྲ་སློབ་ཡོངས་རྫོགས། འཕན་ཡུལ་གསས་


GLG006_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་དགོན་པ་བ་བླ་མ་གྲ་བཅས། ལྷ་ལྡན་རུ་བཞིར་རགས་བསྡུས་སུམ་བརྒྱ་ཙམ་གྱིས་སོ་སོས་གོས་ཕྱི་ནང་། ཇ། རས་ཀྱིས་གཙོས་པའི་ཟང་ཟིང་གི་ཚན་གྲངས་རིང་པོར་བརྐྱངས་ཏེ་དཀོན་ཅོག་གསུམ་ལ་གསོལ་བ་བཏབ་པའི་སྒོ་ནས་རིང་འཚོའི་བདེན་པ་བརྗོད། འབྲས་སྤུངས་པ་དཔོན་སློབ་ཀྱི་ཟླར་འགྲུལ་པ་གསར་སླེབས་ཨུན་འདུར་དཀའ་བཅུས་གོས་དར། ཇ་ཀོ་དྲའི་འབུལ་བ་གྱ་ནོམ་པ་བལྟབས། སེ་ཆེན་ཞབས་དྲུང་གི་སྐུ་སྐྱེ། མཚུར་ཕུ་ཕྱག་མཛོད་དགོན་སྟོད་པ། གུང་ཐང་གཟིམས་ཁང་ཤར་བླ་མ། མེ་རག་བླ་མ། སྟག་ལུང་ཕྱག་མཛོད་པའི་བུ་ལྷ་སྐྱབས། འཆད་ཀ་སྤྱན་སྔ། ནོ་གོན་དགེ་ཚུལ། མཁའ་འགྲོ་དགེ་ཚུལ། ཡེར་པ་སློབ་དཔོན། དབུ་མཛད་རིན་ཅེན་བཟང་པོ་ཅན་བན་ཚང་པ་ཁ་ཤས། ཁམས་ལྷོ་སྟོད་ནས་གསར་སླེབས་ཆོས་རྗེ་ངག་དབང་གི་དབོན་པོ་རྣམས་དང་ཕྲད། རུ་ཐོག་དབང་པོའི་བསྔོ་རྟེན་དུ་སྐུ་གསུང་ཐུགས་རྟེན་དང་སྟོད་ཟོག་མང་བར་བསྟར་ཞིང་དགེ་བ་རྫོགས་བྱང་དུ་བསྔོས། མངའ་བདག་འགྲོ་མགོན་ནམ་མཁའ་དཔལ་གྱི་དབུ་ཐོད་དང་། རྒྱལ་སྲས་པདྨ་དབང་ཆེན་གྱི་དབུ་ཐོད་གཉིས་དང་སྤྲོ་གྲ་གཙང་པའི་ནང་རྟེན། གནུབས་སངས་རྒྱས་ཡེ་ཤེས་ཀྱི་ཕྱག་ཕུར་ཤིང་ཛ་ལ་ནག་པོ་ལས་གྲུབ་པ་ལྷ་ལུང་ཆོས་སྡེ་བའི་ནང་རྟེན། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་སྐུ་ཆོས་སྣེའུ་སྡོང་རྩེ་ནས་ཡར་སྟོད་དུ་འཁྱར་བ་དགའ་ཚལ་ཐུབ་ཆེན་གྱི་ནང་བཞུགས་ནས་དོན་པ། གཙང་རི་བོ་ཆེའི་ནང་རྟེན་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྡོ་སྐུ་བྱིན་རླབས་


GLG006_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་སྡེ་པར་འབུལ་མཁན་བྱུང་འདུག་པ་རྣམས་ནང་རྟེན་དུ་བཞུགས། བཀྲ་ཤིས་ལྷུན་པོ་ནས་སྤྲུལ་པའི་སྐུ་རིན་པོ་ཆེ་དཔོན་སློབ་ཕེབས་པར་ཆིབས་བསུ་བ་སུམ་ཅུ་ཙམ་དང་དན་འབག་མདར་ཐབ་བསུ་བཅས་ཚེས་བཅུ་བཞི་ལ་པོ་ཏ་ལའི་ཡོང་བཞེས་ཁང་དུ་སྟན་ཆགས། ཚེས་བཅོ་ལྔའི་ཉིན་དཔོན་སློབ་རྣམས་རྩེར་ཕེབས་ཐོག་དྲུང་འཁོར་ཚང་མས་མཇལ་དར་ཕུལ། ཚོམས་ཆེན་དུ་མཇལ་སྐབས་སྐུ་གསུང་ཐུགས་རྟེན་དང་གོས་དར་ཇ་རས་ཀྱིས་ཐོག་དྲངས་དགུ་ཚན་མང་པོར་སྤེལ་པའི་གནང་སྐྱེས་རྒྱས་པར་མཛད། སྒམ་འབྲུག་སྤྲུལ་སྐུ་དང་དབྱིབས་མཚུངས་པའི་བཞུགས་གདན་སོགས་བཀུར་གཟོས་ཆེ་བར་ཕུལ། གུང་གི་བཞུགས་གྲལ་ཐོག་འདར་ནས་དང་ཚ་རོང་ནས་གཉིས་ཀྱིས་ཆོས་ལས་བརྩམས་པའི་འཕྲོས་གཏམ་གླེངས། སྤྲུལ་སྐུ་རིན་པོ་ཆེ་སྐུ་ན་ཕྲ་བ་ལ་ཐུགས་རིག་དངས་ཤིང་བཞུགས་ཚུགས་པའི་ཡ་མཚན་པ་ཞིག་སྣང་། དགའ་ལྡན་ཆོས་འཁོར་ཡང་རྩེའི་གྲ་པ་ཞིག་གིས་གསར་རྩོམ་ཕར་ཕྱིན་ནས་ཐལ་ཕྲེང་ལྷུ་བཏོན་པའི་རྒྱུགས་སྤྲད། སང་ཉིན་བསྙེན་རྫོགས་བརྒྱ་བཅུ་གཅིག་དང་། དགེ་ཚུལ་ཉིས་བརྒྱ་བསྒྲུབས། མཁའ་འགྲོ་དགེ་ཚུལ་མར་ཚེམ་བུ་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་འཕོ་དམིགས་ཉིན་གཉིས་སུ་བཅད་ནས་ཉམས་འཁྲིད་དུ་ཕབ། ཚེས་བཅུ་བདུན་ལ་ཆོས་སྡེ་སྐྱོར་མོ་ལུང་པ་གྲ་སློབ་བརྒྱ་སྐོར་གྱིས་བདོག་པའི་ཚན་གྲངས་དང་བཅས་ཡུན་དུ་གནས་པའི་སྨོན་ལམ་མཛད། རབ་རྒྱས་སློབ་དཔོན་ཟུར་པ། ཚ་རོང་དགེ་སློང་། གསོལ་དཔོན། མགྲོན་


GLG006_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར། དགེ་སློང་བློ་བཟང་རྣམ་རྒྱལ། རྡོར་རྒྱན་པ་སོགས་རྒྱལ་མཚན་མཐོན་པོའི་དྲུང་འཁོར་དྲག་པ་རྣམས་སྒེར་ཕྲད་ལ་འོངས། ཚ་རོང་ནས་ཀྱིས་བདེ་མཆོག་གི་བྲིས་ཐང་ལེགས་པ་ཞིག་ཀྱང་བྱིན། བཅོ་བརྒྱད་ལ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པས་ལས་བྱང་ལེའུ་བརྒྱད་མ་དང་འབྲེལ་བའི་ཚེས་བཅུ་ཆེན་མོའི་གར་འཆམ་གྲ་འགྲིག་བྱིན་ཆགས་པར་མཛད། ཉེར་གཉིས་ཀྱི་གཟའ་སྐར་ལེགས་ཐོགས་སྤྲུལ་སྐུ་རིན་པོ་ཆེ་དཔོན་སློབ་ཀྱི་ཕྱགས་ཕྱིར་རྟ་ཚག་རྗེ་དྲུང་། ཕ་བོང་ཁ་གདན་ས་པ། ཉི་ཐང་བླ་མ་བློ་བཟང་ཆོས་གྲགས། མེ་རག་བླ་མ། དྲུག་བརྒྱ་དགེ་སློང་། སེ་ཆེན་དབོན་པོ། ནང་སྐོར་གི་དྲུང་འཁོར་ཁ་ཤས་དང་བཅས་པར་མཚན་བརྗོད། ཚེ་མདོ། སྒྲོལ་མ། ཤེར་སྙིང་། བཟང་སྤྱོད། བྱམས་སྨོན། ལྟུང་བཤགས། གདུགས་དཀར་མཆོག་གྲུབ། སྤྱོད་འཇུག་གི་བསྔོ་ལེ། རྒྱལ་བ་བཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ། ཐམས་ཅད་མཁྱེན་པ་དགེ་འདུན་གྱི་རྒྱ་མཚོའི་གསུང་འབུམ་ནས་ཉེར་མཁོ་པོ་ཏི་གཉིས་སུ་ཉེ་བའི་ལུང་ཟླ་བ་བདུན་པའི་ཚེས་གཅིག་གི་བར་སྟར་ཆགས་སུ་ཕུལ། ཉིན་གཅིག་མེ་ཏོག་གི་ཆར་བབས་ཟེར་བ་བདེན་ན་སྤྲུལ་པའི་སྐུ་འཁྲུལ་པ་མེད་པའི་རྟགས་ཡིན་ནམ་སྙམ། གསས་ཁང་དགོན་པའི་དགེ་སློང་ཞིག་གིས་ཤ་ར་འབུམ་པ་ནས་ཐོན་པའི་པོ་ཏོ་བའི་ཚེམས་ཡིན་ཟེར་བ་ཞིག་བྱིན། ལྷ་སའི་མ་ཎི་བ་རྣམས་ལ་གསར་རྩོམ་རྒྱལ་པོ་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་ལས་བྱང་


GLG006_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལུང་དང་། དམིགས་བརྩེ་མ་ཚོར་རྒྱལ་བ་བཙོང་ཁ་པ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱས། ཚེས་གཉིས་ཀྱི་ཉིན་གོང་གི་གསེར་ཡིག་པ་དགེ་སློང་བསམ་གྲུབ་ཆོས་འཕེལ་དང་དང་སྐྱ་བསོད་ནམས་བཀྲ་ཤིས་གཉིས། བསྟན་འཛིན་ད་ཡན་རྒྱལ་པོའི་དགོངས་རྫོགས་ཀྱི་ཤོག་བུ་བསྲེག་པར་མཆོད་རྟེན་བླ་མ་བརྟན་པ་དགེ་སློང་། བསྟན་འཛིན་དགེ་སློང་། བསོད་ནམས་ཇ་ལང་ཇང་གི །ལ་ཐུ་སྦྱར་གོ་ཆི། ཡིག་མཁན་གཉིས། ཁྲབ་པ་བཞི། གཞན་མའི་འགྲུལ་སྡེབས་ཆག་ནར་ཁན་ཆོས་རྗེའི་དཔོན་པོ། ཤེས་རབ་བླ་མ། ཁོར་ཆིང་ཇོ་རིག་ཐུའི་མི་སྣ་སོགས་གཏོས་ཆེ་བ་འབྱོར། བཀའ་ཤོག་གནང་སྦྱིན་རྣམས་སྤྲད། མི་སྣ་གཉིས་དང་འགྲུལ་སྡེབས་པ་སོ་སོས་གོས་དར་གསེར་དངུལ་གྱིས་གཙོས་པའི་བདོག་པ་དཔངས་མཐོ་བ་བརྒྱ་ཕྲག་ཏུ་ལོངས་པ་བྱུང་། ཨ་པ་དབང་གི་བསྐུར་མ་གོས་དར་དངོམ་ཆེ་བ་དང་གསེར་གྱི་མཎྜལ་ལ་རིན་པོ་ཆེ་བཻཌཱུཪྻ་མཐེ་བོང་ཙམ་པས་གཙོས་པའི་ཕྲས་བརྒྱན་པ་སྣང་། ཐང་སག་སློབ་དཔོན་བློ་བཟང་འཇམ་དབྱངས་རྒྱ་ནག་ཏུ་འདས་སྐབས་གྲ་ཚང་དང་དྲུག་བརྒྱ་དགེ་སློང་གིས་བསྐུལ་བའི་བཀའ་དྲིན་རྗེས་དྲན་གྱིས་གསོལ་འདེབས། ཤངས་དགའ་ལྡན་ཆོས་འཁོར་སློབ་དཔོན་དོན་རྒྱན་པས་མཚམས་སྦྱར་བ་བཞིན་སྨན་བླའི་མདོ་ཆོག་གི་སྐབས་སྦྱོར་རྒྱུད་འདེབས། བློ་སྦྱོང་དཔལ་ཡེ་མ་པར་དུ་བརྐོས་པའི་མཇུག་ཏུ་ཉམས་འཁྲིད་དང་ལུང་གི་བརྒྱུད་འདེབས་རྣམས་བརྩམས། སྙིགས་


GLG006_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དུས་འདིར་རྒྱལ་བསེན་དམ་དྲི་གཙོ་བོར་གྱུར་པའི་སྡེ་བརྒྱད་ཀྱི་གནོད་པ་མཆོག་དམན་ཀུན་ལ་ཆེ་བའི་གཉེན་པོར་ཐང་ཡིག་སྡེ་ལྔ་འདི་བསྔགས་པར་སྣང་བས་འགྲོ་ཕན་གྱི་ཆེད་དུ་འོ་ཡུག་ནས་དཔེ་རྙིང་པ་ཁུངས་ཤིན་ཏུ་དག་པ་ཞིག་ལ་གཞི་བྱས་གཞན་གླེགས་བམ་ལྔ་ཙམ་སྒོ་བསྟུན་འདར་པ་ལོ་ཙཱ་བ་མཆེད་གཉིས། འཕྱོང་རྒྱས་སྡེ་པ་དཀོན་མཆོག་རིན་ཅེན། སྤོས་འཛིན་པ་ཏྲེ་པོ་ངག་དབང་ནམ་མཁའ། ཕུ་ལུང་ལྷ་དབང་རྡོ་རྗེ། ཆོས་རྗེ་ན་བཟའ་གླིང་པ་དྲུག་གིས་ཞིབ་ཏུ་དཔྱད། གཡུང་སྟོན་རྡོ་རྗེ་དཔལ་ཞེས་གོས་དཀར་འཛིན་པའི་རིག་སྔགས་འཆང་བ་ཆེན་པོ་དེ་གོང་གི་སྐུ་རིམ་ལ་བྱོན་སྐབས་གསང་སྙིང་གི་ཊཱིཀྐ་རང་ཉིད་ཀྱིས་མཛད་པ་རྒྱ་པར་དུ་བརྐོས་ནས་སྟོང་ཕྲག་ཙམ་བོད་དུ་འཕེལ་བ་དིང་སང་སྐྱ་ཟད་སྔོ་རྡུགས་སུ་སོང་བས་ཐོས་བསམ་འདྲ་བྱེད་མཁན་ཡོངས་ལ་རེ་དང་བོན་ཀླུ་འབུམ་དཀར་པོར་གྲགས་པ་གདེངས་ཅན་གྱི་ཚོགས་དགའ་བ་བསྐྱེད་ནུས་པའི་ཕན་ཡོན་དུ་དམིགས་ལེ་ཚན་ཚོ་ལོ་སྔ་མ་མ་དཔེ་བསྐུར་བའི་པར་རྣམས་འབྱོར། སྟོད་རྒྱུད་གྲ་སློབ། རྨི་རུ་བ། སྟོད་ལུང་ཚེར་གསེབ་དགོན་པ་བ་སོ་སོས་ལེགས་སྐྱེས་ཀྱི་ཚན་གྲངས་དང་བཅས་ཡུན་དུ་འཚོ་བའི་རྟེན་འབྲེལ་བསྒྲིགས། ངམ་རིང་མཁན་པོ། བསམ་གྲུབ་དགའ་ལྡན་བླ་མ། སྟག་རྩེ་ཐའི་ཇི་ཡབ་སྲས་སོགས་དང་ཕྲད། སྡེ་པས་ཁུར་བཞེས་མཛད་དེ་ཚེས་ལྔ་ནས་རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་གི་ཞིང་བཀོད་ཐོག་ཚད་གྲ་ཚར་


GLG006_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བཅུ་རྩ་གཅིག་བཞེངས་པའི་རི་མོ་དབུ་མཛད་སྟག་ལུང་དཔལ་མགོན་གྱིས་གཙོས་མཁས་བསྒྲུགས་ཉི་ཤུ་རྩ་དྲུག་གིས་ལྕགས་ཕག་ཧོར་ཟླ་བརྒྱད་པའི་ནང་དུ་གེགས་མེད་པར་གྲུབ་པ་སོ་སོའི་རྒྱབ་ཐད་དུ་འབྲས་སྤུངས་འདུ་ཁང་གི་དུས་བརྩམས་པའི་རྟོགས་བརྗོད་དང་གཙོ་ཐང་ལ་ཆེ་བརྗོད་དཀར་ཆག་ཚིགས་བཅད་ལྷུག་གི་སྨོན་ལམ་བྲིས། ཚེས་བདུན་གྱི་ཉིན་བཀྲ་ཤིས་ལྷུན་པོ་བ་དཔོན་སློབ་དང་བརྒྱད་ལ་སྟག་རྩེ་ཐའི་ཇིས་ཚོགས་འཁོར་སྟེར་ཆ་འགྱེད་བཅས་སྤམས་མཐོ་བ་མཛད་དེ་གྲ་ཚང་ནས་འཆི་མེད་འོད་སྣང་གི་རྡུལ་ཚོན་ལ་བརྟེན་པའི་དཀྱིལ་འཁོར་དུ་ཚེ་ཆོག་བཏང་། སྤྱི་སྒོས་ཀྱི་རིམ་གྲོར་རྫོང་གཞིས་བཅོ་ལྔ་བསྡོམས་པར་བཀའ་འགྱུར་ཚར་བརྒྱ་ཉི་ཤུ། འབུམ་བརྒྱ། བརྒྱད་སྟོང་པ་ཆིག་སྟོང་། མཚན་བརྗོད་ཉིས་འབུམ། ཡིག་དྲུག་དུང་ཕྱུར། སྨན་བླ་དྲུག་སྟོང་། གཤིན་རྗེ་འདུས་པའི་དྲག་སྔགས་བྱེ་བ། ཚེ་ཆོག་བཞི། སཱཙྪ་ཆིག་སྟོང་བཏབ། ཚེས་བཅུ་བཞི་ལ་གོང་ནས་རྒྱལ་པོའི་དགོངས་རྫོགས་གནང་བ་ལེན་པར་རཏྣ་མཆེད་འབྱོར་བའི་གནང་སྦྱིན་ལྔ་བཅུ་མ་ཉི་ཤུ་དང་གོས་དར་གཏོས་ཆེ་བ་བྱུང་འདུག་པ་སྔར་གྱི་དགོངས་རྫོགས་རྣམས་འདི་ག་ནས་ཁུར་ཁུར་ཏེ་བཏང་བས་བསྔོ་རྟེན་གྱི་ཚུལ་དུ་འབུལ་རྒྱུ་ཡིན་ཚུལ་ནན་ཆེ་བར་མཆོད་ཡོན་ནང་མཚམས་སུ་དེ་འདྲའི་པར་བཀབ་མ་དགོས་ཀྱང་ཐུགས་དང་བསྟུན་ཏེ་བསྔོ་སྨོན་གྱིས་རྒྱས་བཏབ། སྤྲུལ་པའི་སྐུ་རིན་པོ་ཆེ་ཚིགས་སྔ་མ་དགེ་ཚུལ་དུ་བསྒྲུབ་པའི་མཁན་སློབ་སྦྲགས་མ་བྱས་ཁོང་དཔོན་སློབ་ཀྱི་སྡེབས་སུ་མ་ཆུད་པར་སེ་ཆེན་


GLG006_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་དྲུང་གི་སྐུ་སྐྱེ་དང་ཨུ་ཁེ་རེ་ཐའི་ཇིའི་ཐོ་ཡོན་གཉིས་དགེ་ཚུལ་དུ་བསྒྲུབས། རྒྱ་ནག་ཁྲིམས་དམ་པའི་སྟབས་ད་ཡན་རྒྱལ་པོའི་དགོངས་རྫོགས་གཏོང་བར་བཏང་བའི་སྐྱ་སེར་རྣམས་ཀྱིས་བྲེལ་བ་དངོས་གཞི་མ་ཆོད་བར་སྒེར་དོན་བཅད་མི་ཆོག་པའི་གཤིས་ཚེས་བཅོ་ལྔའི་ཉིན་མཆོད་རྟེན་བླ་མས་དིང་ཕོན། རྟ་རྨིག་མ་ཉི་ཤུ། གོས་དར་སོགས་བརྒྱ་འབུལ་དང་གཞན་མ་འགྲུལ་སྡེབས་དང་བཅས་པས་ཚན་གྲངས་བཟབས། རྒྱལ་མོ་གཞོན་པ། ཕུན་ཚོགས་ཀྱི་དཔོན་མོ། ཞང་སྟོན་བསྟན་རྒྱལ། ཧོར་ལྷ་རྒྱལ་དར་གྱི་ནུ་བོ་གཉིས། སེམས་དཔའ་ཆེན་པོའི་སྤྲུལ་སྐུ། གེ་རེ་ལྷ་པའི་སྲས་མོ་སྐྱ་བཙུན། སྟོད་ལུང་ཁྱམས་པ་བླ་མ། རྒྱ་ནག་གི་མི་སྣ་ཁག །བྱམས་ཆེན་གཉེར་པ་བར་ཚོ་བ། རིགས་གྲའི་སྐལ་པ་སྐྱེལ་བར་སྒོ་མང་སློབ་དཔོན་ལུང་རིགས་རྒྱ་མཚོ་གྲ་པ་ལྔ་བཅུ་ཙམ། ཧོར་དཔོན་བཙུན་ཆུང་གི་བསྔོ་རྟེན་རྟ་བརྒྱད་སྐོར། ཁྲབ་རྨོག་སྟེར་མི་རྣམས་འབྱོར་ཞིང་བསྔོ་སྨོན་གྱི་རྒྱས་བཏབ། ཉེར་གཉིས་ལ་སྤྲུལ་སྐུ་རིན་པོ་ཆེའི་ཞབས་ཕྱིར་རྟ་ཚག་སྤྲུལ་སྐུ། ཕ་བོང་ཁ་གདན་ས་པ། བློ་གསལ་གླིང་སྒོ་མང་གཉིས་ཀྱི་སློབ་དཔོན། སེ་ཆེན་ཞབས་དྲུང་གི་སྐུ་སྐྱེ། དྲུག་བརྒྱ་དགེ་སློང་། རབ་འབྱམས་པ་གཙང་ཕྲུག་སོགས་ཉི་ཤུ་རྩ་ལྔ་དགེ་ལུགས་འཇིགས་བྱེད་བཅུ་གསུམ་མའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ཕུལ། ཉེར་དྲུག་ལ་དགེ་སློང་བརྒྱད་ཅུ། དགེ་ཚུལ་གོ་ལྔ། དགེ་བསྙེན་


GLG006_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་རྣམས་བསྒྲུབས། ཉེར་བརྒྱད་ནས་ཞག་ལྔའི་རིང་ཡན་ལག་བརྒྱད་ལྡན་གྱི་ཆུ་ལ་ཁྲུས་བྱེད་པར་སྒར་བྱས་པའི་ས་སྤྲེ་ལོ་ཕན་བདེ་ལེགས་བཤད་གླིང་པའི་ཚོགས་གུར་དང་ཤོག་གུར་རྣམས་གསར་དུ་བཟོས་ནས་སྦྱོར་འཇགས་བྱས་པ་ད་ལམ་གླིང་ཁར་ཕུབ་པའི་ཉིན་གཉིས་པར་གཉེར་པ་བློ་བཟང་སྦྱིན་པས་ཁུར་ཁུར་བའི་གྲ་ཚང་གིས་གུར་གྱི་སྒྱེད་བུ་ཁ་དྲོའི་སྐྱ་སེར་ཚང་མར་བཞུགས་གྲལ་བཟབས་རྒྱས་ཚན་གྲངས་ཀྱི་སྟེར་སྦྱིན་བྱུང་། གསུམ་པར་ཚོགས་གུར་དེ་གར་སྟག་རུ་བ་བློ་བཟང་དངོས་གྲུབ་སྤུན་གྱིས་ཉིན་སྔ་མ་དང་ཕྱོགས་མཚུངས་པ། བཞི་པར་གཞུང་གིས་ཕོ་བྲང་གི་མི་སྣ་འགྲུལ་སྡེབས་བཅས་པར་དགའ་སྟོན་རོལ་ཆ་རྩེད་སྣའི་གར་གྱི་རིགས་རྒྱས་པར་བྱས། ཧོར་ཟླ་བརྒྱད་པའི་ཚེས་གཉིས་ནས་ཞག་ཤས་ཀྱི་བར་སྤྲུལ་སྐུ་རིན་པོ་ཆེ་དང་ཕྱོགས་མཚུངས་སུ་རྟ་ཚག་རྗེ་དྲུང་སོགས་སྔར་གྱི་ཆོས་ཞུ་བ་ཚོར་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ་གྱི་ཆོས་སྐྱོང་བཀང་གསོ་གསོལ་མཆོད་སྐོར། ཕྱག་མཛོད་པས་དགོས་ཚུལ་བྱུང་བ་ལྟར་གསར་རྩོམ་གྱི་དཀར་ཆག །ཡིག་བསྐུར། སྨོན་ལམ་རགས་རིམ་རྣམས་བཀླགས། ཆགས་ལུགས་ཀྱི་ཚེ་དཔག་མེད་དཀར་པོ། སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ། སེང་ལྡེང་ནགས་སྒྲོལ། སྒྲོལ་དཀར་ཚེ་སྦྱིན་མ། འཇམ་དབྱངས་དམར་སེར། ཁྱུང་ཁྲ། ལས་གཤིན་ཕྱི་སྒྲུབ། རྟ་མགྲིན་སྐྱེར་སྒང་ལུགས་དང་ཕྱག་དྲུག་པ་གཉིས་ཀྱིས་དབང་བཞི་བྱིན་


GLG006_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

རླབས། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་རྣམས་ཕུལ། བཀྲ་ཤིས་ལྷུན་པོ་བ་དཔོན་སློབ་རྣམས་ཆོས་གསན་པ་དང་བཅས་རྒྱང་ཙམ་བཞུགས་པའི་དགོངས་བསྟད་འདུག་རུང་སྟོད་སྨད་ཀུན་ཏུ་འབྲུམ་པ་མཆེད་པ་ལྕི་བ་མི་སྣང་ཡང་སྐུ་ན་ཕྲ་བའི་འཛེམ་ཆ་གནང་བཞེད་ལྟར་ཚེས་བདུན་ལ་ཕེབས་རྫོངས་ཀྱི་སྐྱེས་ལན་བུམ་གདན་མ་དང་གན་གོས་ཕྱི་ནང་། ཞལ་དཀར། དངུལ་སྤྱད། ཁྲོ་ཟངས། སྣམ་བུ། ཇ་སོགས་གཟེངས་བསྟོད། ཆབ་ནག །བྲག་དབར། ལ་མོ་ཚེར་གསེབ་གསུམ་གྱི་བླ་མ། ལི་ཐང་ཟུར་བའི་སྔོ་ཞུས་པ་དབོན་པོ་རྟ་དབྱངས། ཡང་དགོན་སྤྱན་སྔ། རྒྱ་ནག་གི་ཇང་གི་དང་རྗར་གོ་ཆེ། དཔལ་འཁོར་ཆོས་སྡེའི་མཁན་པོའི་དབོན་པོ། ཚངས་པ་དུང་ཐོད་ཅན་ཀྱི་སྐུ་ཁོག །གསང་སྔགས་བྱང་ཆུབ་གླིང་གི་སློབ་དཔོན། ཨ་རོ་ཇོང་གར་གྱི་མི་སྣ་རྣམས་དང་ཕྲད། འབྲི་གུང་སྤོ་པོ་བན་གྲོང་པར་འཇམ་དཔལ་དུག་སྡོང་གི་ཕྱག་ལེན་ཞིབ་ཏུ་བཅད་པས་ངེས་ཤེས་འདྲོངས་པར་བྱུང་། དཔོན་ཚང་ཚ་མོ་རོང་དགེ་སློང་དང་དྲུང་འཚོ་བ་ནམ་མཁའ་རྒྱལ་མཚན་གཉིས་ལ་གསོ་དཔྱད་ཀྱི་མན་ངག་འགའ་ལ་དོགས་བཅད། སྒེར་གྱི་སྟེར་སྦྱིན་བྱས་ཤིང་དྲུང་འཚོ་བ་ལྷག་བསམ་དང་དར་མོ་བ་གཉིས་དཔོན་ཚང་རིན་ཅེན་གྲང་སྦྱོར་གྱི་ཕྱག་ལེན་ཞུར་བཅུག །ཚེས་བཅུ་གཅིག་ལ་སྤྲུལ་པའི་སྐུ་དཔོན་སློབ་སོགས་ལ་གཟུངས་བསྡུས་ནས་ཉེར་མཁོའི་ལུང་དང་བཅུ་གཉིས་ལ་རྣམ་ཐར་དད་པའི་འཇུག་ངོགས་ཀྱི་དབུའི་ཚིག་བཀྲ་ལེགས་པ་ཞིག་ཏུ་


GLG006_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མཚམས་བྱས། སང་ཕེབས་གདོང་གི་གཞིས་ལེན་ཐོག་སྲུང་མདུད་མྱུར་མཛད་མགོན་པོའི་བཀའ་བསྒྲོ་ཕུལ། ཤེལ་དཀར་བླ་མ་ཀོང་པོ་སངས་རྒྱས་དཔལ་འབྱོར་གྱིས་རྒྱལ་པ་ཡང་དགོན་པའི་ཚེམས་ལ་སྟོད་རྒྱལ་གྱི་ཤྲཱི་ནས་བརྒྱུད་པ་བྱིན། སྐྱར་པོ་བསོད་ནམས་རབ་བརྟན་འདས་པའི་དོན་དུ་མགྲོན་གཉེར་གྱིས་བསྐུལ་བའི་དགེ་འདུན་གྱི་ཞལ་འདོན། ཨ་དར་ཐའི་ཇི་སྡེ་དམངས་དང་བཅས་པ། ཐོར་གོད་དཔོན་མོ་མཁའ་འགྲོ། མ་ཎི་རབ་འབྱམས་པ་རྣམས་ཀྱིས་བསྐུལ་བའི་སྨོན་ལམ། ལྷ་ས་ཟུར་ཁང་བས་མངའ་རིས་དྲུང་པའི་ཕྱི་རྟེན་དུ་སྨན་བླ་བདེ་གཤེགས་བརྒྱད་ཀྱི་ལི་རྫུས་བཞེངས་པ་དང་རྟ་དཔོན་རྣམ་འཇོམས་ཀྱིས་གནས་བཅུའི་བྲིས་ཐང་བཞེངས་པའི་རྒྱབ་ཡིག །སྟག་རུ་བ་བློ་བཟང་དངོས་གྲུབ་ཀྱིས་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་བཞེངས་པའི་དཀར་ཆག་ཆེ་བརྗོད། མོན་པ་ཨ་ཅོག་དང་འོར་དུས་སུ་གུ་རུ་དབང་གིས་བསྐུལ་བའི་གསོལ་འདེབས་རྣམས་བརྩམས། རྭ་བསྒྲེང་གི་དབུ་མཛད་བྱང་འདྲེན་དགེ་སྐོས། གེ་རེ་ལྷ་པའི་ཞབས་དྲུང་སྟག་རྩེ་ཐའི་ཇི། རྒྱ་ནག་གི་འགྲུལ་པ་ཚོ་དང་ཕྲད། མོན་པ་མེ་རག་བླ་མ་ཅན་རྫོང་བདའ་བྱས། ཚེས་བཅུ་དགུ་ལ་སྒམ་པོ་སྤྲུལ་པའི་སྐུ་དཔོན་སློབ་ཕེབས་པ་དང་མཇལ། སྤྲུལ་པའི་སྐུ་སྐུ་ཤ་ལྕི་བའི་འབྲུམ་པར་ཐུགས་རྟོག་ཆེ་བ་ནས་འཕྲལ་དུ་ཕྱིར་ཕེབས། ཆོས་འཁོར་ཡང་རྩེའི་བླ་མ། དགུ་གཏོར་ཚོང་དཔོན་ཚོགས་རྒྱལ་གླིང་པ་དང་འགོལ་སྨོན་པ། ལྕམ་མདའ་བླ་མ། གསེར་ཁ་སྔགས་རམས་པའི་མི་སྣ། ཧོར་སྨད་པ་རྒྱ་མཚོ་རྣམས་ལ་ཇ་གྲལ་བཏང་། ཡེར་པ་ཆོས་རྗེ་དང་


GLG006_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་འབུམ་མེརྒན་ཆོས་རྗེ་གཉིས་ལ་རྫོང་བ་གྱ་ནོམ་པ་བསྟབ་སྟེ་སླར་ཡང་ཡོན་བདག་རྙིང་པ་སོ་སོའི་བླ་མར་བརྫངས། ཧོར་ཟླ་དགུ་པའི་ཚེས་གསུམ་ལ་མཆོད་རྟེན་བླ་མ། བསྟན་པ་དགེ་སློང་། ཇང་གི །རྗར་གོ་ཆེ། དར་ཁན་ཆོས་རྗེ་དབོན་པོ། ཁོར་ཆིང་ཇོ་རིག་ཐུ་དབང་གི་མི་སྣ་རྣམས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ་བསྐུར། རྫོང་གཞིས་བཅུ་བསྡོམས་པར་བཀའ་འགྱུར་ཚར་བརྒྱ་བཞི་བཅུ། འབུམ་བརྒྱ་ཕྱེད་གཉིས། ཕལ་ཆེན། དཀོན་བརྩེགས། གཟུངས་བསྡུས་རྣམས་ལྔ་བཅུ་རེ། དྲི་མེད་བཤགས་རྒྱུད་ལྔ་བརྒྱ། སྨན་བླ་ཉི་ཁྲི། སཱ་ཙྪ་དང་བཟང་སྤྱོད་སོ་སོར་ཆིག་འབུམ། མ་ཎི་དུང་ཕྱུར། གཤིན་རྗེའི་སྔགས་རིང་བྱ་བ། ཚེ་ཆོག་གསུམ། ལྷ་ས། བསམ་ཡས། ཁྲ་འབྲུག་གསུམ་དུ་ཞག་ལྔའི་བར་བརྒྱ་མཆོད་སྣ་ལྔ་འབུལ་མཁན་གྲ་པ་བཅོ་ལྔ་རེས་ཞལ་འདོན་དུ་བཟང་སྤྱོད་དང་བྱམས་སྨོན་གསུངས་ཤིང་གསེར་ཆབ་སྙན་དར་ཕུལ། ཁྲོ་རོལ་གཉིས། ཕྱུགས་ལུགས་བརྒྱ་དང་ཉ་འབུམ་ཚོའི་སྲོག་བླུས། མཆོད་རྟེན་བརྒྱད་ལ་ཞིག་གསོས་དང་སྐུ་དཀར་གསོལ། ཤེལ་དཀར་ཆོས་སྡེའི་བླ་སྤྱི། སེ་ཆེན་ཞབས་དྲུང་གི་གདན་ས་པ་དཀའ་བཅུ་ནམ་མཁའ་རྒྱལ་མཚན་རྣམས་དང་ཕྲད། རྒྱ་ནག་གི་གསེར་ཡིག་པ་བསྟན་པ་དགེ་སློང་ཅན་དགེ་ཚུལ་བཅོ་བརྒྱད་དང་། དགེ་སློང་དོན་གསུམ་བསྒྲུབས། གོང་གི་མི་སྣ་སྐོར་བཅས་ཀྱིས་གསེར་གྱི་མཎྜལ་གྱིས་གཙོས་པའི་སྟེར་ཆ་འགྱེད་བཅས་གྲ་ཇའི་ཐོག་གྲ་ཚང་ནས་རིང་དུ་འཚོ་བའི་ཚིགས་བཅད་གསུངས། པཱ་རས་ཨ་རིག་གི་བསྙེན་རྫོགས་བརྒྱད་ཅུ་གྱ་དགུ། དགེ་ཚུལ་བཅོ་བརྒྱད།


GLG006_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བསྙེན་བརྒྱད་རྣམས་བསྒྲུབས། བོད་སྐྱོང་བསྟན་མ་བཅུ་གཉིས་ཀྱི་མདོས་ཀྱི་འཕྲིན་ལས་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། ཨེ་པ་དཔོན་ཡིག་ངག་དབང་དཔལ་འབྱོར་གྱིས་སྟོང་ཕྲག་བརྒྱ་པ། བརྒྱད་སྟོང་པ། བསྐལ་བཟང་རྣམས་ཀྱིས་གཙོས་སྐུ་གསུང་ཐུགས་རྟེན་བཞེངས་པ་དང་། བསམ་བློ་ཨ་ཞང་ཆོས་རྗེས་མདོ་སྨད་བྱམས་པ་འབུམ་གླིང་གི་བྱམས་ཆེན་ལ་གྲང་གསེར་ཡང་སྐྱོར་དུ་གསོལ་བའི་སྨོན་ལམ། མེརྒན་ནོ་ཡོན་གྱི་བུ་ནང་སོ་ཐའི་ཇིས་བསྐུལ་བའི་བསླབ་བྱ། ལྷ་ཁང་སེར་པོའི་བླ་མ་ཨེར་ཏེ་ནི་ཆོས་རྗེར་དམིགས་བརྩེ་མ་དང་འབྲེལ་བའི་བླ་མའི་རྣལ་འབྱོར། ཧན་སྟག་ལུང་སྐུ་སྐྱེས་དགོན་པ་བཏབ་པ་ཆོས་སྐྱོང་ལ་གཉེར་གཏད། སྡེ་པས་བསྐུལ་མ་མཛད་པའི་གཟིམས་ཆུང་པ་རྣམས་ཀྱི་ཇ་མཆོད། གསོལ་དཔོན་གེ་ར་བའི་ཉམས་ལེན་དུ་ཇོ་བོ་ལུགས་ཀྱི་ཛམ་དཀར་གྱི་སྒྲུབ་ཐབས། ཕོ་ལྷ་རྫོང་བས་བསྐུལ་བའི་ཁོ་རང་གི་གསོལ་མཆོད། འཇམ་དབྱངས་དཔལ་འབྱོར་གྱི་འདོད་པ་བཞིན་སྲུང་མ་བཞིའི་གསོལ་མཆོད། རྩེས་དང་བསྟན་སྐྱོང་ཆེན་མོ་དང་བྲག་གདོང་ཀླུ་བཙན་གྱིས་དགོས་ཚུལ་བྱུང་བ་ལྟར་གསོལ་མཆོད། སྤོས་ཕོར་བ་ཏྲེ་བོ་ངག་དབང་ནམ་མཁས་རྗེ་བཙུན་བཙོང་ཁ་པའི་སྐུ་ཐང་བཞེངས་པ་དང་། རྣམ་སྲས་གླིང་པ་ཕུན་ཚོགས་དབང་པོས་དགེ་ལུགས་ཀྱི་ཞལ་ཐང་གྲ་ཚར་བཞེངས་པའི་རྒྱབ་ཡིག །གྲ་དགའ་ལྡན་བྱམས་པ་གླིང་གི་གྲ་རིགས་ཨེ་མ་ཆི་སངས་རྒྱས་འབྱུང་གནས་ཀྱིས་ས་ལུགས་གྲ་ཐང་དགོན་པར་གནས་བཅུའི་གོས་སྐུ་ཕུལ་བའི་དེབ་ཀྱི་འགོ་བརྗོད། བསོད་ནམས་ཇ་ལང་ཇང་གིའི་ཁ་ཏོན་ཏུ་གསོལ་འདེབས་


GLG006_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ། མོང་ཁོལ་བི་ཆེ་ཡི་ཆིས་བསྐུལ་བའི་སྨོན་ལམ། རིགས་འཛིན་དཀོན་ཆོག་ལྷུན་གྲུབ་ཀྱིས་ཀུན་བཟང་དགོངས་འདུས་ཀྱི་གླེགས་བམ་དང་བཅས་སྙན་ངག་གི་ཡི་གེ་བྱུང་བའི་དེ་ལན་རྣམས་བྲིས། བཅུ་དྲུག་ལ་རྒྱ་ནག་མི་སྣ་འགྲུལ་སྡེབས་རྣམས་ལ་ཚེ་དབང་གྲུབ་རྒྱལ་མ་དང་ཕྱག་དྲུག་པའི་རྗེས་གནང་བསྐུར་ཞིང་རྫོང་བདའ་བྱས། ཆབ་ནག་རི་བོ་དགའ་ལྡན་གྱི་བླ་མ་བློ་བཟང་ཆོས་འཕེལ་དང་ཡར་ཀླུངས་བཀྲས་རབ་པ་གཉིས་གོང་དུ་ཞུ་ཡིག་འབུལ་སྐྱེལ་ལ་བཏང་། སྔར་ཞུ་ཡིག་ཚོར་ཞབས་དྲུང་དུ་ཞུ་བ་ཟེར་གྱིན་ཡོད་ཀྱང་འདི་ལོ་གོང་ནས་བཀའ་ཤོག་ཟུར་པ་ཕེབས་པའི་དེ་འདྲ་མ་བྱེད་གནང་བ་གྱེན་དུ་བཟློག་མ་ནུས་པར་དྲུང་དུ་གསོལ་བ་ཙམ་བྲིས་མོད་ཅུང་ཟད་ཡ་ང་བ་ཙམ་དུ་སྣང་། ཉེར་བཞི་ལ་ཀ་བརྒྱད་སྨད་པས་གཞིས་ལེན་བཤམས་ཤིང་སྟེར་ཆ་བྱས། དྭགས་པོ་བང་རིམ་མཁན་པོ། ལྕང་ལོ་ཅན་བླ་མ། གོང་དཀར་དཀོན་གཉེར་དཔོན་པ། བོན་པོ་གྲུ་ཚང་པ། སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོ་རྣམས་དང་ཕྲད། ཨོ་རོད་ནས་སྐྱིད་ཤོང་སྤྲུལ་སྐུ། ཆོ་ཁུར་ཨོ་པ་ཤིའི་དཔོན་དཔོན་མོ་སོགས་འགྲུལ་པ་གསར་སླེབས་མི་གྲངས་ལྔ་བརྒྱ་སྐོར་འབྱོར། གོས་དར་གསེར་དངུལ་གྱིས་གཙོས་པའི་བརྒྱ་འབུལ་བཏེག །ཨ་ནན་ཏའི་དཔོན་མོའི་སྐྲ་ཕུད་བླངས། སྐུ་སྐྱེ་དཔོན་དཔོན་མོ་དམངས་བཅས་ལ་སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ་དང་ལོ་མ་གྱོན་མའི་རྗེས་གནང་བསྐུར་ཨ་ནན་ཏ་སོགས་ཀྱི་བསྔོ་རྟེན་བྱུང་བ་རྣམས་རྫོགས་བྱང་དུ་བསྔོས། སྐྱར་པོ་ཆོས་མཛད་ཀྱིས་ཕུ་


GLG006_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་དོན་དུ་བྲིས་ཐང་བཞེངས་པའི་རྒྱབ་ཡིག །སྐྱིད་ཤོད་སྤྲུལ་སྐུས་ར་ས་འཕྲུལ་སྣང་། སེར་འབྲས་དགེ་གསུམ། བཀྲ་ཤིས་ལྷུན་པོ་རྣམས་སུ་སྙན་ཤལ། ཆོས་སྡེ་བཞི་པོར་དངུལ་གྱི་ཆབ་རིལ་རྒྱན་དྲུག་ཕུལ་བ། ལྷག་བསམ་དགེ་བའི་དབང་པོས་རྟེན་ལ་ན་བཟའ་ཕུལ་བའི་ཁ་བྱང་རྣམས་བྲིས། དགའ་ལྡན་ཆོས་འཁོར་ཡང་རྩེའི་གྲ་པ་ཞིག་གིས་གསར་རྩོམ་ཕར་ཕྱིན་དང་བོ་དོང་མངོན་དགའ་ཆོས་སྡེའི་གྲ་པ་ཞིག་གིས་བརྒྱད་སྟོང་པའི་རྒྱུགས་སྤྲད། ཧོར་ཟླ་བཅུ་པའི་འགོར་ཚངས་པ་དུང་ཐོད་ཅན་གྱི་ལུང་བསྟན་བཞིན་རྫོང་གཞིས་དགུ་བསྡོམས་པར་བཀའ་འགྱུར་ཚར་བརྒྱ་དང་བརྒྱད། མདོ་མང་བརྒྱ་དང་བཅུ། རྒྱ་རོལ་སོགས་དམིགས་བསལ་ལྔ་དང་། འབུམ། ཐར་པ་ཆེན་པོ། གསེར་འོད་རྣམས་སོ་སོར་ཆིག་བརྒྱ། བརྒྱད་སྟོང་པ་ཆིག་སྟོང་། གདུགས་དཀར། སྒྲོལ་མ་སོ་སོར་ཆིག་འབུམ། བཟང་སྤྱོད་བརྒྱ། སྨན་བླ་སུམ་སྟོང་། ཡིག་དྲུག་དུང་ཕྱུང་བཅུ། སཱཙྪ་ཆིག་འབུམ་ཆིག་ཁྲི། གྲ་ས་ཕན་ཚུན་དུ་ཇ་ཚུལ་བཅོ་ལྔ་རེ། གཏོར་མ་བརྒྱ་རྩ། ལྷ་ས། བསམ་ཡས། ཁྲ་འབྲུག་གསུམ་དུ་བརྒྱ་མཆོད་སྣ་ལྔ། གསེར་ཆབ། སྙན་དར། ཁྲོ་རོལ་བཞི། ཞི་བའི་སྦྱིན་སྲེག་ཉིས་བརྒྱ། བརྒྱ་བཞི་གཅིག །མནན་པ་བཞི། ཕྱུགས་ལུག་བརྒྱ་དང་ཉ་འབུམ་གྱི་སྲོག་བླུ། མཆོད་རྟེན་དྲུག་ཅུར་ཞིག་གསོས་སྐུ་དཀར། དར་ལྕོག །རྒྱལ་དུ་དམག་ཟོར་མའི་བཀང་འབུམ། བེག་ཙེར་ཁྲི། སྤྱིར་སྟོང་རྩ་བཏང་། ཤེལ་དཀར་དཔོན་ཚང་ནམ་མཁའ་འབྱོར་བའི་ཆོས་རྗེ་ན་བཟའ་གླིང་པ། ངག་དབང་ལྷག་བསམ། དར་མོ་ནས་གསུམ་ལ་དངུལ་ཆུའི་ཕྱག་ལེན་ཁྲིད་དེ་བཙོ་བཀྲུའང་མི་ཉུང་


GLG006_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཟོས། ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ནས་བཅོ་ལྔའི་བར་ལོ་ལོ་བཞིན་ཡར་སྟོད་ཐོས་བསམ་དར་རྒྱས་གླིང་པ་གྲ་གྲངས་ཕྱེད་སུམ་བརྒྱ་སྐོར་གྱིས་སྨན་བླའི་མདོ་ཆོག་གཏོང་བའི་ཕོགས་སྟོན་ཇ་ཐུག་གི་དགོས་ཆ་ཕོ་བྲང་ཡར་སྟོད་གྲི་གུ་གསུམ་ནས་སྤྲད་པའི་ལག་འཛིན། གེ་རེ་ལྷ་རིན་པོ་ཆེ་ཡབ་སྲས་ཀྱི་གནང་སྒོས་མ་ཁྱོགས་པར་བརྟེན་ཁྲི་ལྕམ་དང་ནང་ཞིག་གིས་ཕན་ཚུན་གཉིས་ཀར་གཏིང་སྐྱེས་འཇགས་ཐེབས་མ་བྱུང་བའི་ས་ཚབ་གཙང་ཁད་གཞིས་ཀ་ལག་བཅས་ཐེམ་འཛིན་སོ་བཞི། ལག་འབབ་བཞི་སྟོང་ལྷག་པ། ས་ལུང་དོན་གྲུབ་བཀྲ་ཤིས་ལ་ཤངས་མདོ་བརྗོད་ཀྱི་གཞིས་ཀ་དུད་འཛིན་ཉེར་གཉིས་ལག་འབབ་ཉིས་སྟོང་བདུན་བརྒྱ་བྱིན། ཨ་མདོ་བ་དང་ཨ་རིག་སོགས་ཕྱོགས་འདུས་ཀྱི་བསྙེན་རྫོགས་བརྒྱ་དང་བཅུ། དགེ་ཚུལ་ང་གཉིས། དགེ་བསྙེན་ལྔ་རྣམས་བསྒྲུབས། བཱ་ཁན་བནྡེ། དཔོན་མོ་ཚེ་རིང་། ཁལ་ཁ་གུ་ཡེང་ཇའི་སང་། བསམ་བློ་དཀའ་བཅུ་ཆོས་རྣམ་རྒྱལ་རྣམས་ཀྱིས་བསྐུལ་བའི་སྨོན་ལམ་རེ་བྲིས། ཏྲེ་བོ་ཧོར་ཚང་ཆོས་རྗེའི་བསྔོ་རྟེན་སྐྱེལ་བར་རི་བོ་བདེ་ཆེན་གྱི་མཁན་པོ་དང་ཁམས་ནས་གསར་འབྱོར། ས་སྐྱོང་དཔོན་གཡོག །ལྕང་ར་དཔོན་ས། གཟིམས་ཁང་ཤར་དང་ཁམས་བྱ་མོ་ནའི་བླ་མ། མཚོ་སྣ་སྐུ་སྐྱེ་སོགས་དང་ཕྲད་ཅིང་ཧོར་ཚང་ཆོས་རྗེར་བསྔོ་བ་དང་བྱང་བཞུ་བྱས། ཚེས་བཅུ་གཉིས་ལ་ཡར་ཀླུངས་ཆུ་སྐོར་བར་དང་སྲས་པོ་དར་རྒྱས་ཅན་ཁག་གཉིས་ཀྱིས་ཞབས་ཏོག་དང་བདོག་པ་བསྟར། ཚོང་འདུས་ཆོས་སྐྱོང་བྱ་ཁྲིད་མིག་གཅིག་པས་བཙན་ཁང་དུ་འཇོག་རྒྱུའི་ངེད་རང་གི་འདྲ་འབག་ཅིག་


GLG006_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཚུལ་གོང་དཀར་རྫོང་སྡོད་སྒམ་བུ་བ་བརྒྱུད་བྱུང་བ་བཞིན་སྤྲུལ་སྐུ་བག་དྲོ་ཅན་གྱིས་བཞེངས་པའི་གཟུངས་བཞུགས་དང་མེ་ཏོག་གཏོར་ནས་སྐྱེལ་བར་རྒྱལ་ཐང་པ་བཏང་། འཇམ་དཔལ་མེའི་སྤུ་གྲི་དང་གཤིན་རྗེ་རླུང་གི་སྒྲུབ་པ་བཙུགས། ཚེས་ཉི་ཤུ་ལ་འབའ་རྫོང་སྡོད་དར་ཁན་དཀའ་བཅུ་དང་བྲ་ཡག་པའི་བླ་ཆུང་གཉེར་པ་རྣམས་ཀྱིས་ཇ་རྟ་དྲེལ་གྱིས་གཙོས་པའི་སྟེར་ཆ་དཔངས་བསྟོད། ཉེར་ལྔ་ལ་མཚོ་ཁ་ནས་མེརྒན་ཧུང་ཐའི་ཇིའི་ནུ་བོ་ནོར་རིན་ཅེན་དཔོན་གཡོག་འབྱོར་བའི་བརྒྱ་འབུལ་བཏེག །ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་རྗེས་གནང་བསྐུར། བསྙེན་རྫོགས་རེ་དྲུག་དང་། དགེ་ཚུལ་བཞི་བཅུ་བསྒྲུབས། དར་ཁན་དཀའ་བཅུས་ཁམས་ཕྱོགས་ཀྱི་ཡུལ་བཀོད་རྣམས་བཀྲམ་པའི་གནས་ཚུལ་ལབ་ཆོག་པ་དགོས་ཟེར་བ་ངེད་རང་ཁུར་ལེན་པར་མ་སོང་གཤིས་པར་བཀབ་དགོས་མདོག་མ་ཁ་ཡང་རྟོག་པ་བཅུག་ཅིང་རྒྱུ་མཚན་ཉན། ལ་རྒྱའི་འཛིན་ལུགས་གཞན་ངོ་མ་བཟུང་བའི་དགོན་པའི་གྲ་རྒན་དང་ཞེན་ཡོད་ཉམས་ཀྱི་ཧུར་པོ་ཡིན་འདྲ་སྙམ་ཤར། ཨོ་རོད་དུ་ཅོད་པ་པཱ་ཐུར་གྱིས་བདེ་སྐྱིད་ཕུང་ལ་རེ་བའི་རྣམ་པས་སེང་གེ་དགྲ་འདུལ་མཚན་བརྡུངས་ཀྱིས་ལྔ་པའི་ལམ་དུ་བཏང་བའི་མགྱོགས་བསྔོ་སྐྱེལ་བར་ཧོར་ཟླ་བཅུ་གཅིག་པའི་ཚེས་གཉིས་ལ་མེརྒན་དགེ་སློང་ཅན་འབྱོར། བསྔོ་སྨོན་དང་བྱང་བཞུ་བྱས། དགེ་བའི་མཐུན་རྐྱེན་དུ་དཀར་མེ་དང་གྲ་ས་ཆེན་པོ་གསུམ་དུ་མང་ཇའི་དགོས་ཆ་སྤྲད། བསོད་ནམས་བཀྲ་ཤིས། བསོད་ནམས་མགོན་


GLG006_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པོ།རྒྱལ་མོ་ཆེ་བ། ལྕང་ར་སྡེ་པ་རྣམས་དང་ཕྲད། སློབ་དཔོན་ལྕང་ལོ་ཅན་པ་དུས་ཀྱི་ཆོས་ཉིད་དུ་གྱུར་པར་དར་རྒྱས་གླིང་སྤྱི་ཚོགས་ཀྱིས་བླ་མ་དག་ཞིང་དུ་བཞུགས་པར་གསོལ་འདེབས་སྨོན་ལམ་དགོས་ཚུལ་བྱུང་བ་བྲིས། ཚེས་བཅོ་བརྒྱད་ལ་ཁལ་ཁ་གཡོན་རུ་ནས་འཇམ་དབྱངས་སྤྲུལ་སྐུ། ནོ་མོན་ཁན། ཐུ་ཤི་ཡེ་ཐུ་རྒྱལ་པོ། སིདྡྷི་ཤྲཱི་རྣམས་ཀྱིས་མངགས་པའི་བཀའ་འགྱུར་གདན་འདྲེན་གྱི་མི་སྣ་བརྒྱ་སྐོར་འབྱོར། གོས་དར་གྱི་རྟེན་བཅས་དང་བདོག་པ་བསྟད། རུ་ཐོག་དབང་པོའི་སྲས། གསེར་ཁ་སྔགས་རམས་པའི་དབོན་པོ་ཅན་དང་ཕྲད། ཧོར་ཟླ་བཅུ་གཉིས་པའི་ཚེས་གསུམ་ལ་གྲ་ཚང་གཉེར་པ་བློ་བཟང་སྦྱིན་པ་ཚངས་པ་དུང་ཐོད་ཅན་ལ་ལུང་བསྟན་ཞུ་བར་འཕྲིན་ཡིག་ཚོགས་མཆོད་སྤྱན་གཟིགས་དང་བཅས་མངགས། སྐྱིད་ཤོད་སྤྲུལ་སྐུས་བསྐུལ་བའི་སེང་གེ་དགྲ་འདུལ་ལ་དམིགས་པའི་སྨོན་ལམ། གེ་ར་ཆོས་མཛད་བློ་བཟང་དགེ་འདུན་གྱིས་གྲ་ཚང་དུ་དམག་ཟོར་མ་དང་རྒྱལ་པོར་སྙན་དར་འབུལ་པའི་ཁ་ཡིག །མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་གནས་བཅུའི་གསེར་ཐང་དང་མདོ་བཙུན་ངག་དབང་ལྷུན་གྲུབ་ཀྱི་ཐང་ཁ་བཞེངས་པའི་རྒྱབ་ཡིག །ཆོས་རྗེ་དཀོན་གཉེར་དཔོན་པས་བསྐུལ་བའི་རིང་འཚོའི་ཚིགས་བཅད། སྡེ་པའི་ཐུགས་དམ་རྒྱུན་ཁྱེར་གྱི་གཏོར་བསྔོ་རྣམས་བྲིས། ཚེས་དྲུག་ལ་སྐྱིད་ཤོད་སྤྲུལ་སྐུ་དང་ཆོ་ཁུར་ཨོ་པ་ཤིས་ཚོགས་འགྱེད་སྟེར་ཆ་དཔངས་བསྟོད་པའི་སྦྱིན་བདག་མཛད་ནས་གྲ་ཚང་གིས་རྡུལ་ཚོན་


GLG006_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྲེལ་བའི་ཚེ་ཆོག་བཏང་། མེརྒན་ཇི་ནོང་གི་ཚ་བོ་སྦོས་སྦོས་དཔོན་གཡོག་བརྒྱ་སྐོར་འབྱོར་ཞིང་ཏ་འོན་རབ་འབྱམས་པ་དང་བཅས་པས་བདོག་པའི་སྐྱེས་བྱུང་། ཚེས་བརྒྱད་ལ་འཇམ་དབྱངས་སྤྲུལ་སྐུའི་བཞེད་པ་དང་བསྟུན་ཁལ་ཁའི་མི་སྣ་རྣམས་ཀྱིས་བདོག་པའི་ཡོན་སྦྱར་ཏེ་གྲ་ཚང་ནས་རྡུལ་ཚོན་དང་འབྲེལ་བའི་ཚེ་ཆོག་བཏང་། བདེ་ཆེན་ཐའི་ཇི་ཡབ་སྲས། རྩེ་ཚོགས་མཁན་སྤྱི་གཉེར། སྡེ་དྲུག་མཁན་ཟུར་པ། སྐུ་མདུན་ལྷུན་གྲུབ། ཕུན་ཚོགས་དབང་ཕྱུག །དཔོན་ཆུང་ཚེ་དབང་། ཅོ་ནེ་མེརྒན་ཆོས་རྗེ། ཆབ་མདོ་ཕྱག་མཛོད་པའི་བསྔོ་ཞུས་པ། བླ་མ་ཆོས་ཉིད་རང་གྲོལ། གཡོན་རུ་པི་ཆི་ཡི་ཆི་དགེ་སློང་རྣམས་དང་ཕྲད། དཔལ་རི་སྤྲུལ་སྐུ་འཕྲང་འགོ་གཏེར་སྟོན་གྱིས་མལ་དྲོའི་འཕྲང་ནས་གདན་དྲངས་པའི་ཚེ་ཆུའི་གཏེར་སྣོད་ལྕགས་ལས་གྲུབ་པས་གཙོས་ཚན་གྲངས་དང་བཅས་རིང་འཚོའི་རྟེན་འབྲེལ་བསྒྲིགས། མཆིམས་ཕུ་གསང་ཕུག་གི་མདོར་ལྡེབས་བྲིས་ཅི་འདྲ་བྱས་པ་དྲག་འདྲི་བར་སློབ་དཔོན་ཆེན་པོའི་རྣམ་ཐར་བཞེངས་ན་འཐད་ཚུལ་མོལ། ཕུར་སྒྲུབ་དང་གཤིན་རྗེའི་དུས་རིམ་རྣམས་དཀྱུས་བཞིན་བཏང་། ཞཱ་དམར་སྤྲུལ་པའི་སྐུ་མཚུར་ཕུ་ལྟ་བུར་བཞུགས་ན་ལེགས་ཚུལ་གོང་དུ་ཞུས་པ་བཞིན་ལུང་བཟང་པོས་ཁོང་དཔོན་སློབ་ཡར་སྐྱེལ་བར་མངགས་ཀྱང་རྒྱ་མཚམས་སུ་མཁའ་འགྲོས་དོན་མེད་ཀྱི་སོག་པོ་འདྲ་བཏང་བས་ཕྱིར་ལྡོག་ཅིང་ཕྱི་ནང་ཀུན་ཏུ་གཟེར་ཟུག་མང་བ་འདུག་པར་འཇམ་ཆགས་ཀྱི་བཀོད་པ་དགོས་ཚུལ་གྱི་དོན་གཅོད་ལ་སྐྱར་པོ་བ་བློ་བཟང་ལེགས་ལྡན་ཚེས་བཅུ་དྲུག་ལ་མཚོ་ཁར་ཐོན།


previousདགུང་ལོ་ང་བཞི་པར་ལྷ་ལྡན་གཙུག་ལག་ཁང་གི་ཆོས་རྒྱལ་ལྷ་ཁང་དང་ཨོ་རྒྱན་ལྷ་ཁང་གི་ནང་རྟེན་གསར་བཞེངས་དང་། གསེར་ཐོག་ཞིག་གསོ། next