Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

38 occurrences of ཆུ་བཟང་
[Clear Hits]


  
 
 
 
 
 
 
 
དགུང་ལོ་ང་ལྔ་པར་ར་མོ་ཆེ་གཙུག་ལག་ཁང་ཞིག་གསོའི་ཐོག་ནང་རྟེན་མཆོད་རྫས་རྒྱ་ཕིབས་དང་བཅས་པ་གསར་བཞེངས་དང་། བསྟན་འཛིན་དཱ་ལའི་ཧན་རྒྱལ་པོར་བསྐོས་པ། ཐང་པོ་ཆེ་སོགས་སུ་གསེར་ཆོས་ཀྱི་བཀའ་འགྱུར་བཞེངས་པ་བཅས་ཀྱི་སྐོར།
 
 
 
11   


38 occurrences of ཆུ་བཟང་
[Clear Hits]

 
previousདགུང་ལོ་ང་ལྔ་པར་ར་མོ་ཆེ་གཙུག་ལག་ཁང་ཞིག་གསོའི་ཐོག་ནང་རྟེན་མཆོད་རྫས་རྒྱ་ཕིབས་དང་བཅས་པ་གསར་བཞེངས་དང་། བསྟན་འཛིན་དཱ་ལའི་ཧན་རྒྱལ་པོར་བསྐོས་པ། ཐང་པོ་ཆེ་སོགས་སུ་གསེར་ཆོས་ཀྱི་བཀའ་འགྱུར་བཞེངས་པ་བཅས་ཀྱི་སྐོར།next

དགུང་ལོ་ང་ལྔ་པར་ར་མོ་ཆེ་གཙུག་ལག་ཁང་ཞིག་གསོའི་ཐོག་ནང་རྟེན་མཆོད་རྫས་རྒྱ་ཕིབས་དང་བཅས་པ་གསར་བཞེངས་དང་། བསྟན་འཛིན་དཱ་ལའི་ཧན་རྒྱལ་པོར་བསྐོས་པ། ཐང་པོ་ཆེ་སོགས་སུ་གསེར་ཆོས་ཀྱི་བཀའ་འགྱུར་བཞེངས་པ་བཅས་ཀྱི་སྐོར།


GLG006_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཕག་གནམ་ལོ་གསར་དུ་ཚེས་པའི་འདོད་ཁམས་དབང་ཕྱུག་མའི་ཐུགས་དམ་བཀང་བའི་ཞི་བའི་གཏོར་མ་ལས་བདུད་རྩི་སྦྲང་རྩི་ལྟ་བུ་མང་བར་འཛགས་པ་ལེགས་པའི་མཚན་མར་མངོན། དེ་ཉིན་སོག་པོའི་དཔོན་ཁག་རྣམས་གཙོ་བོར་གྱུར་པའི་དགའ་སྟོན་དང་སང་ཉིན་སེར་འབྲས་ཀྱི་སློབ་དཔོན་སོགས་ལ་སུམ་གདན་སྙེ་འབོལ། པང་ཁེབས། ཅོག་ཙེ་བཅས་བོད་ལུགས་དང་འབྲེལ་བའི་བཞུགས་གྲལ་བཤམས། འདི་ལོའི་ལེའུ་ཐོ་གྲོང་སྨད་ནས་སངས་རྒྱས་རྒྱ་མཚོས་ཕུག་པ་མན་ངག་ལུགས་ཀྱི་ཕྱག་ལེན་ལ་གཟུགས་འགྲོས་བཀོད་པའི་ཤིན་ཏུ་རྒྱས་པ་བཟོས། ཟབ་བསྡུས་དཀར་ཆག་ལས། དེ་དག་ལས་འོངས་སོ་སོའི་ངོས་འཛིན་ནི། །ངོར་ལུགས་ཡི་གེ་ཨེ་ཡིག་རྟགས་ཀྱིས་མཚན། །རྡོ་རྗེ་གདན་པ་ལས་བརྒྱུད་རྡོ་རྗེའི་རྒྱ། །མུས་སྲད་པ་ནི་ཡི་གེ་མུ་ཡི་རྒྱ། །བདག་ཆེན་རྡོ་རྗེ་འཆང་དབང་ལས་བརྒྱུད་པའི། ། རྩ་བའི་ཡི་གེ་མཆོད་རྟེན་རྒྱ་ཡིས་མཛེས། །ཐོར་བུ་གཞན་དག་མཆན་བུར་བཏབ་པས་ཤེས། །ཞེས་པའི་རྟགས་རྣམས་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་རྩ་བའི་ཕྱག་དཔེར་བཀོད་པ་འཁྱར་ཏེ་དིང་སང་རྒྱུན་ཆད་པ་ལུགས་བཞི་གའི་གླེགས་བམ་ལ་ཞིབ་ཏུ་གཏུགས་ནས་མེ་འབར་ཁ་སྐོང་སོགས་དཀར་ཆག་ཚོར་བཏབ་སྟེ་བསྟན་རྒྱུན་ལ་ཕན་རེས་གདན་ས་གོང་དང་གནས་གསར་དཔོན་རིན་པོ་ཆེར་ཕུལ་ཏེ་རྒྱུན་འཛིན་ཚོར་སྤེལ་བའི་བསྙེལ་གསོ་ཞུས། ཚེས་ལྔ་ལ་ཚོགས་མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན་པའི་དབོན་པོས་ཚོགས་འགྱེད་སྟེར་ཆའི་སྦྱིན་བདག་བྱས་ཕན་བདེ་ལེགས་བཤད་གླིང་པས་འཆི་མེད་འོད་སྣང་གི་དཀྱིལ་འཁོར་དང་འབྲེལ་བའི་


GLG006_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཆོག་བཏང་། རྣམ་སྲས་གླིང་པ་ཕུན་ཚོགས་དབང་པོའི་ངོར་ལྟ་སྒོམ་གྱི་ཉམས་ལེན་བྱ་ལུགས་ཀྱི་ཚིགས་བཅད་དང་། གཏེར་སྟོན་རིགས་འཛིན་ཆེན་པོའི་གསུང་གིས་བསྐུལ་བའི་ངེད་རང་དང་སྡེ་པ་ཐུན་མོང་གི་རིང་འཚོའི་སྨོན་ལམ་དགོངས་བཞེད་བཞིན་བྲིས། ཨོ་རྒྱན་སྨིན་གྲོལ་གླིང་པར་ཚོགས་དུང་དགོས་ཚུལ་བྱུང་བ་ལྟར་དངུལ་གཤོག་མ་ལེགས་པ་ཆ་གཅིག་བསྲིངས། ཆོས་རྗེ་ན་བཟའ་གླིང་པ། སྒོ་མོ་རབ་པ། ངག་དབང་འཕྲིན་ལས་གསུམ་ལ་སྨན་རྩིས་སྤྲད་ནས་མཆོག་དམན་བར་པའི་ནད་པ་རིས་མེད་གསོ་བའི་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་བྱེད་དུ་བཙུད། ཚེས་དགུ་ལ་དགའ་ལྡན་ཁྲི་རིན་པོ་ཆེ་བློ་བཟང་དོན་ཡོད། རྒྱལ་སྲས་བཀྲ་ཤིས། སྟག་རྩེ་ཐའི་ཇི་བཀྲ་ཤིས་ལྗོངས་ཆོས་རྗེ། ཞབས་དྲུང་གྲགས་པ་རྣམས་དང་མཇལ། བསྙེན་རྫོགས་བརྒྱ་ཉེར་གསུམ། དགེ་ཚུལ་བརྒྱ་བཞི་བཅུ། དགེ་བསྙེན་དྲུག་བཅས་བསྒྲུབས། ཁྱབ་བདག་ཞ་ལུ་པ་ཆེན་པོ་བླ་སྤྱི་གྲ་རིགས་དང་བཅས་སུམ་ཅུ་སྐོར་ཕེབས། ཚེས་བཅུ་གཉིས་ལ་བདོག་པ་ཚན་གྲངས་སྔོན་དུ་འགྲོ་བའི་ཐམས་ཅད་མཁྱེན་པ་བུ་སྟོན་ཆོས་རྗེའི་བཞེད་པ་དང་མཐུན་པའི་ཚེ་ཆོག་གི་སྒོ་ནས་རིང་འཚོའི་རྟེན་འབྱུང་བསྒྲིགས་པ་གནང་། བྲམ་ཟེའི་ཚངས་དབྱངས་རིང་མོ་སོགས་སྔར་གྱི་གདངས་རྙིང་བྱིན་ཆེན་མངས་པའི་ཡུན་ཀྱང་འགོར་བར་བྱུང་། མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་གྲ་ཚང་དུ་སྙན་དར་སུམ་བརྒྱ་སྐོར་གོས་ཆེན་གྱི་གོང་བཅས་ཕུལ་བའི་ཁ་བྱང་། དེ་དང་ཕྱོགས་མཐུན་ཚོགས་ཀྱི་ཞལ་འདོན་དུ་འཛུགས་རྒྱུའི་རིང་འཚོའི་ཚིགས་བཅད། སྡེ་པའི་ཐམ་དམར་གྱི་ཕུད་ཇོ་ཤཱཀ་


GLG006_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་དམག་ཟོར་མ། དུང་སྐྱོང་རྒྱལ་མོ་གསུམ་ཕུལ་བའི་ཞལ་བྱང་རྣམས་བྲིས། ཟླ་གཅིག་གི་བར་ཕྱི་མཚམས་ཁོག་ནས་ཁྱབ་བདག་ཞ་ལུ་བར་མུས་ཆེན་སེམས་དཔའ་ཆེན་པོས་དཀར་ཆག་བསྒྲིགས་པར་མཛད་པའི་བློ་སྦྱོང་གླེགས་བམ། ས་སྐྱ་བཀའ་འབུམ་ཡོངས་རྫོགས། སྒྲུབ་ཐབས་བརྒྱ་རྩ། བདེ་མཆོག་ལྔ་ལྷའི་དབང་སོགས་ཟབ་ཆོས་མང་དུ་ཞུས། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་སྐུ་བརྙན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་ཕྱག་བཟོ་མ་རབ་གནས་ཀྱི་དུས་བུ་སྟོན་ཉིད་ཀྱིས་ཀྱལ་ཀའི་ཚུལ་དུ་སྐུ་དངོས་སུ་ཐིམ་ཐེངས་གཅིག་མཛད་པའི་གྲུབ་རྟགས་ཅན་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པར་གནང་ནས་རྩེས་དང་བསམ་གཏན་གླིང་གི་ནང་རྟེན་དུ་བཞུགས་པ་རྡོ་རྗེ་འཆང་བཀའ་འགྱུར་བ་ཆེན་པོ་བརྒྱུད་དེ་ཕྱག་ཏུ་འབྱོར་བ་དེའང་དད་རྟེན་དུ་སྩལ། ལུ་བུ་མཁན་ཆེན་བྱམས་པ་ངག་དབང་དཔལ་བཟང་གྲུབ་མཐའ་སྙོགས་ཏེ་ཞིང་ཁམས་འཕོས་པའི་ཐུགས་དམ་གསལ་འདེབས་ཀྱི་རྟེན་སེང་གེ་སྒྲའི་ཐང་སྐུ་བྲིས་ལེགས་སོགས་འབྱོར་དོན་བཞིན་ས་ལམ་གྱི་བར་ཆད་སེལ་བའི་བསྔོ་སྨོན་བྱས། དེ་བར་ཞ་ལུའི་སློབ་དཔོན་གྲ་བཅས་ཀྱིས་ཚེ་དཔག་མེད་ལྷ་དགུའི་སྒྲུབ་མཆོད་བཙུགས། ཆོས་ཁུར་ཨོ་པ་ཤི་དཔོན་དཔོན་མོ་རྣམས་ལ་ཕྱག་རྡོར་འབྱུང་འདུལ་དང་ཕྱག་དྲུག་པའི་རྗེས་གནང་བསྐུར། གདོག་པའི་སྟེར་སྦྱིན་དང་བཅས་རང་ཡུལ་དུ་ཐོན། ཚེས་བཅུ་གསུམ་པ་དགའ་ལྡན་པ་དང་སེང་གེ་གཉིས་ཀྱི་དགེ་རྩ་བྱེད་པར་སེ་ཆེན་ཆོས་རྗེ། མེརྒན་དགེ་སློང་། ཐར་གོན་དགེ་སློང་། བི་ཆི་ཡེ་དགེ་སློང་ཅན་འབྱོར་བའི་གསེར་དངུལ་


GLG006_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

གོས་དར་ཀོ་དྲས་སྣ་དྲངས་པའི་བསྔོ་རྟེན་རྒྱས་པར་བསྟབས་པ་བཞིན་དགེ་བ་རྫོགས་བྱང་དུ་བསྔོས། ན་རོ་པའི་ཞལ་སྐྱོགས་གཞིས་རྩེའི་ནང་རྟེན་གྱི་གྲས་ཀུན་ཅི་རྒྱལ་མོར་བྱུང་བ་ཞིག་ཚ་བ་སྐུ་སྐྱེས་བསྐུར་འདུག །སྣེའུ་སྡོང་རྩེ་ནས་ལྷ་གཟིགས་མིའི་རྗེ་བོ་མི་ཕམ་བསོད་ནམས་དབང་ཕྱུག་གྲགས་པ་རྣམ་རྒྱལ་དཔལ་བཟང་སྐུ་མེ་ཏོག་འཐོར་བའི་དགོངས་རྫོགས་ཀྱི་ཐུགས་དམ་འདོགས་རྟེན་སྐྱེལ་མི་འབྱོར། བྱང་རྟེན་དུ་ཐམས་ཅད་མཁྱེན་པ་ཞི་བ་འཚོའི་ཞལ་ཀོ་འདུག་པ་སྡེ་པ་བསམ་ཡས་ཀྱི་དབུ་ཐོད་དང་བསྒྲིག་བཞེད་པ་ཐུགས་དང་བསྟུན་པས་ཆོས་སྐྱོང་ཆེན་པོའང་དགྱེས་པར་བྱུང་སྣང་བ་ཞབས་དྲུང་རིན་པོ་ཆེས་མཐིལ་གྱི་ནང་རྟེན་འགངས་ཅན་དེ་དགོངས་རྫོགས་སུ་གནང་བ་ཆོས་སྐྱོང་གིས་ཐུགས་རྒྱུད་མ་བསྐུལ་བའི་ངེས་པའང་མི་འདུག །གདུང་འབུལ་གྱ་ནོམ་པ་བསྟར་བར་ས་བ་གྲུ་པ་བསམ་གྲུབ་རྒྱལ་པོ་རྫོང་བདའ་བྱས། ཆོས་རྗེ་དུང་དགོན་པས་ཆུ་བོ་རིར་ཚེ་ཆོག་བསྒྲུབས་པའི་དམ་རྫས་རྣམས་བསྐྱེལ་བ་དང་ཕྲད། བྱང་གཏེར་གྱི་ཐུགས་རྗེ་བྱམས་པའི་མན་ངག་འཇམ་དཔལ་རླུང་སྒྲུབ་ཀྱི་སྒྲུབ་པ་བཙུགས། ཨོ་རོད་ཅོང་གར་ནང་འཁྲུགས་པའི་དབེན་ས་སྤྲུལ་སྐུས་བཱ་ཁན་བནྡེ་ཅན་བཅོམས་པའི་གནས་ཚུལ་བྱུང་འཕྲལ་ཟླ་བ་གཉིས་པའི་ཚེས་བཅུ་གཅིག་ལ་ཆོས་ཁུར་ཨོ་པ་ཤི་འདམ་ནས་ཕྱིར་ལོག་པའི་མི་སྣར་དགའ་ལྡན་ཁྲི་རིན་པོ་ཆེ་སགས་ཕེབས་དགོས་ཚུལ་བྱུང་བ་ག་ལ་འགྲིག་ཅིང་ཚིག་གཅིག་ཚིག་མིན་ན་ཚིག་བརྒྱ་ཚིག་མིན་པའི་དཔེ་ལྟར་མཁན་པོ་གཉིས་ཀྱིས་ཤོགས་མ་ཐོན་པར་མི་བཏང་ཡང་དགོས་ནུས་མེད་འདྲའང་དཔོན་པོའི་ངོ་གཟུང་བྱེད་དུ་མགྲོན་གཉེར་དར་དར་རྫོང་བདའ་


GLG006_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། སྐྱིད་ཤོད་སྤྲུལ་སྐུ་བོད་དུ་བཞུགས་རྩིས་འདུག་པ་ཕ་མ་ལ་དམིགས་བློ་སྦྱོང་བའི་ཚོད་ན་དིང་སང་ངལ་སྐབས་སྡུག་གྲོགས་ལྟ་བུའི་སེམས་གསོ་དང་ཕན་ཐོགས་གང་ཡོང་ལ་བྱོན་པ་འགབ་ཚུལ་ལབས་རུང་ཞི་བདེའི་ལམ་ནས་ལྡོག་པར་མི་སྣང་། རྫོང་གཞིས་བཅུ་དགུ་བསྡོམས་པར་བཀའ་འགྱུར་ཚར་ཉིས་བརྒྱ་དང་བཅུ། འབུམ་བརྒྱ། དྲི་མེད་བཤགས་རྒྱུད་སུམ་བརྒྱ། སྨན་བླ་ཉི་ཁྲི་བཞི་སྟོང་། སྒྲོལ་མ། ཚེ་གཟུངས། བཟང་སྤྱོད། ལྟུང་བཤགས་རྣམས་སོ་སོར་ཆིག་འབུམ། ཚེ་ཆོག་བཞི། སཱཙྪ་ཉིས་འབུམ། གཤིན་རྗེ་འདུས་པའི་སྔགས་རིང་བྱེ་བ། གདུགས་དཀར་མདོས་ཆེན་གཉིས། སེར་འབྲས་སུ་ཇ་ཚུལ་ཉི་ཤུ་རེ། ལྷ་ས། བསམ་ཡས། ཁྲ་འབྲུག་གསུམ་དུ་བརྒྱ་མཆོད་སྣ་ལྔ། སྙན་ཤལ། ཞལ་གསེར་སྤྱན་འབྱེད་སྔར་དྲུང་འཁོར་འདྲས་ཕྱིན་སྐབས་ཁྱམས་སྐྱུར་དུ་བཞག་པའི་རུ་ང་མི་ང་སྣ་ཚོགས་བྱུང་ཟེར་བས་སྔགས་རམས་པ་བསོད་ནམས་རྒྱལ་མཚན་བཏང་བའི་དངོས་གཙང་བསྒྲུབས། མདོས་རྫོངས་གཉིས། དགྲ་མནན་བརྒྱད། སྲོང་བཙན་དུ་བཀང་བརྒྱ། རྒྱལ་དུ་དམག་ཟོར་མར་ཁྲི། ཕྱག་དྲུག་པ་དང་ལས་གཤིན་ལ་སྟོང་། སྤྱིར་བརྒྱ་རྩ། དཔལ་ལྷ་ལྕོག་ཏུ་སྟོང་རྩ། དངུལ་གྱི་མེ་ལོང་དར་སྣས་བརྒྱན་པ། དར་ལྕོག་སྣ་ལྔ། ཕྱུགས་ལུག་བརྒྱ། ཉ་འབུམ་གྱི་སྲོག་བླུས། ས་སྐྱོང་། ལྕགས་ཟམ་རྗེ་དྲུང་། སྒོ་མངས་སློབ་དཔོན་ཅན་ཉུང་བསྡུས་ཤིག་དང་ཕྲད། མཁན་རིན་པོ་ཆེར་པཎ་ཆེན་ནགས་རིན་ནས་བརྒྱུད་པའི་ཚེ་དབང་སོགས་ཕུལ། ཞ་ལུའི་གྲ་སློབ་རྣམས་ལ་གསར་རྩོམ་ཚར་ཆེན་གྱི་བླ་མའི་རྣལ་འབྱོར་གྱི་ལུང་


GLG006_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བཀླགས། ཀུན་སྤངས་གནང་བའི་དགོངས་བཞེད་དང་བསྟུན་རི་སྦུག་དབུ་མཛད་སྐུ་ཞང་བསྐོ་བའི་སྡེ་པའི་ཕྱག་དམ་དང་བསྐོ་འཇའ་སྔར་འཁྱུད་ལྟར་བསྒྲིགས། ཆོས་རྗེ་ཐམས་ཅད་མཁྱེན་པ་དང་ཚར་ཆེན་ཡབ་སྲས་ཀྱི་རིང་ལུགས་གཙོར་འདོན་གྱི་རྒྱུད་སྡེ་བཞིའི་སྨིན་གྲོལ་རྣམས་མི་ཉམས་ཤིང་ཆད་འཁུམས་ཅུང་ཟད་བྱུང་རིགས་ལ་ངོར་གོང་དཀར་གཉིས་ནས་བསབས་པའི་བསྟན་པའི་བདག་རྐྱེན་དུ་འགྱུར་བ་དགོས་ཚུལ་གྱི་བསྐོ་འཇའི་ཡི་གེ་གསེར་ཐམ་ཆེན་མོས་མནན། ཉེར་ལྔ་ལ་རིགས་ཀུན་བདག་པོ་ཞ་ལུ་བ་ཆེན་པོར་གོས་ཕྱི་ནང་དངུལ་ལྔ་བཅུ་མས་གཙོས་པའི་ཆོས་ཡོན་གྱིས་བསྙེན་བཀུར་ཏེ་དཔོན་སློབ་ཐམས་ཅད་གཙང་ཕྱོགས་སུ་ཕེབས། འབྲས་སྤུངས་སྤྱི་ཁང་གི་སྤྱི་རྫས་དང་གཉེར་ཚང་འཛིན་ཆས་ཀྱི་དེབ་ཀྱི་འགོ་བརྗོད་དང་། དྲུང་འཚོ་བ་ངག་དབང་ལྷག་བསམ་གྱིས་ཞང་བློན་གྱི་བྲིས་ཐང་བཞེངས་པའི་རྒྱབ་ཡིག་ལག་བྲིས་སུ་བཀོད། བསོད་ནམས་དབང་རྒྱལ་བྱ་ལོའི་འཇུག་ཏུ་མཚོ་ཁ་ནས་འཁོར་བའི་རྒྱལ་སའི་སྐོར་ལ་ཐམས་ཅད་གྲོས་མཐུན་ཡང་། ཁྱི་ལོ་བསྟན་འཛིན་ད་ཡན་རྒྱལ་པོ་བསྐོས་པའི་ལོ་དང་གཅིག་པར་སྤྱིར་རྒྱལ་པོ་སྐུ་ཚེ་མཐར་ཕྱིན་ཅིང་རྒྱལ་ཁམས་བདེ་བས་རྣམ་རྟོག་དགོས་དོན་མི་འདུག་རུང་ལ་ལ་ཁྲི་ཐོག་ཏུ་ལོ་བཅུ་གཅིག་ཙམ་ལས་མ་བཞུགས་ཞེས་དོགས་པ་བྱེད་པ་དགུང་ལོ་མཐོན་པོར་སླེབས་ནས་ཁྲིར་བཏོན་པས་དངོས་པོའི་གཤིས་ལུགས་དེ་ལས་འོས་ཅི་ཡོད། འོན་ཏེ་འཇིག་རྟེན་གྲགས་ཚོད་འགོག་མི་ནུས་པའི་དབང་གིས་བཤོལ་ཏེ་འདི་ལོ་སྟོད་སྨད་ཀུན་ཏུ་ཞལ་དཀར་གྱི་བརྡ་འགྲེམས་སྔུན་ཆུག་པའི་ནག་པ་ཟླ་བ་དུས་འཁོར་བའི་ལུགས་


GLG006_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འགོ་དང་དེ་བཞིན་གཤེགས་པས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་ཆོས་རྒྱལ་ཟླ་བ་བཟང་པོར་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་གསུངས་པའི་རྟེན་འབྲེལ་གྱི་སྒོ་ཤིས་པར་བརྟེན་ནམ་དུས་ཀྱང་ལེགས་ལྡན་དཔྱིད་ཀྱི་དགའ་སྟོན་ལ་བབས་པ་ནས་ཧོར་ཟླ་གསུམ་པའི་ཚེས་གསུམ་གཟའ་ཉི་མ། སྐར་མ་སྨིན་དྲུག་འཕྲོད་ཆེན་དུལ་བ་སྦྱོར་ཆེན་མཛའ་བོ་འབྲུག་གི་ཉི་མའི་ཉི་ཤར་ལུག་གི་དུས་སྦྱོར་ཐོག་ཐམ་ཀ་དམར་པོ། ཆེན་པོ་ཧོར་གྱི་རྒྱལ་པོའི་ཉེར་སྤྱད་དུ་འོས་པའི་གན་གོས་དང་པགས་རིགས་ཀྱི་སློག་པ། དབུ་ཞྭ་ཕྲུ་ཅན། གོ་མཚོན་སོགས་དཔའ་བོའི་ཆས་རྣམས་ཀྱིས་སྣ་དྲངས་གོས་ཕྱི་ནང་། དངུལ་སྤྱད། ཇ་རས། བུར་ལྟང་། གྲུམ་ཙེས་མཚོན་པའི་བདོག་པའི་དངོས་པོ་གྱ་ནོམ་པའི་ལེགས་སྐྱེས་དང་བཅས་བསྟན་འཛིན་ད་ལའི་ཁན་དུ་ཆོ་ལོའི་དྲིལ་བསྒྲགས་ཏེ་ཁྲི་ཐོག་ཏུ་བཏོན། བཀྲ་ཤིས། ས་སྐྱོང་ཅན་དཔོན་ཁག་སོ་སོར་དགའ་སྟོན་གྱི་སྟེར་སྦྱིན་བཟབས་པ་བསྟར། རྒྱལ་ས་སྔ་མའི་ལུགས་ཀྱི་ཁྲི་འབུལ་ཁྲག་ཤ་བགོས་སུ་མ་སོང་བའི་བླ་ཆེན། སྡེ་དཔོན། ཆོས་སྡེ་ཆེ་ཁ། དྲུང་འཁོར་དྲག་ངེས་འོས་བབ་རྣམས་ནས་དཔོན་པོ་ཚོར་ས་སྟོངས་སུ་མ་ལུས་པའི་འབུལ་བ་ཡོད་པ་ལ་དམངས་མས་རྒྱལ་པོར་ཁྲི་འབུལ་མ་ཆད་པའི་ཆུ་འབབ་ཀྱི་གྲ་བསྒྲིགས་ཐོག་མར་མིང་བཀྲའི་ཁྱད་ཀྱིས་སྟག་རྩེ་ཐའི་ཇི་ལྷ་རྒྱལ་རབ་བརྟན། དེ་ནས་སྡེ་ཆེན། ཚལ། ཆོས་སྡེ་ཆེན་པོ་ཕན་ཚུན། གསང་ཕུ་ཆོས་རྗེ་རྣམ་གཉིས། རྟ་ཚག་སྤྲུལ་སྐུ། ཧོར་ཚང་ཆོས་རྗེ། ཤེར་འཕེལ་སྤྲུལ་སྐུ། གདན་ས་གོང་འོག །སྣེའུ་སྡོང་རྩེ། རྒྱལ་མཚན་མཐོན་པོ། འབྲུག་སྒར་པ་རྣམས་ཀྱི་མི་


GLG006_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སྣ། རྒྱ་རི་ཞབས་དྲུང་། དྭགས་ཀོང་གི་དཔོན་ཁག །སྣེ་ཤུན་སོགས་ཉེ་སྐོར་སྐྱ་སེར་གྱིས་ཞལ་དཀར་གྱི་བདོག་པ་བཟབས་རྒྱས་སུ་སྤེལ། གུང་གི་བཞུགས་གྲལ་ཐོག་ས་བ་གྲུ་པ་བསམ་གྲུབ་རྒྱལ་པོས་ཆོས་ཀྱི་གླེང་མོ། རོལ་ཆ་དང་ཟློས་གར་སྣ་ཚོགས་བསྒྱུར། ཚེས་བཅུ་པ་ཁག་དང་རྨི་རུ་བའི་འཆམས། རུ་བཞི་དང་སྣེ་ཤུན་རྙིང་ཁུངས་སོགས་ནས་བྲོ་གཞས་ཀྱི་གཟིགས་མོ་རྒྱ་ཆེར་ཕུལ།ཚེས་བཞི་ལ་གདན་ས་ཆེན་པོ་རི་བོ་དགའ་ལྡན། ནཱ་ལནྡཱ་བཅོ་བརྒྱད་པ། སྟག་ལུང་ཁྲི་གདན་ཟུར་གྱི་སྐུ་ཚབ། སྣ་དཀར་རྩེ་སྐུ་མཆེད། བྱ་ཞབས་དྲུང་། སྡེ་པ་ཕོན་མདོ་བ། ཐོན་པ། དཔལ་འཁོར་ཆོས་སྡེའི་བླ་སྤྱི། གཙང་གི་དྲུང་འཁོར་རགས་བསྡུས་རྣམས་ཀྱིས་མཆོད་ཡོན་སྡེབས་འཛོམ་ཐོག་ལེགས་སྐྱེས་ཕུལ། ཟླ་བ་སྔོན་མའི་མཇུག་ཏུ་ལག་པ་གཡོན་མའི་རྩ་འགྲམས་ཀྱང་ཁྲི་འདོན་ལ་མ་གནོད་པས་རྟེན་འབྲེལ་ལེགས་ཤིང་ཚེས་ལྔ་ནས་མཆོད་ཡོན་གཉིས་ལྷ་སར་བྱོན་ཏེ་ཞལ་དཀར་རྣམས་རིམ་གྱིས་བཞེས། ངེད་ཀྱི་ཡན་ལག་ཅུང་ཟད་བྲོ་འཚལ་བ་ནད་གཡོག་དབུ་མཛད་མཆོད་དཔོན་གཉིས་དང་གཉིད་བསྲུང་བའི་རྐང་མ་དགེ་སློང་འཇམ་དབྱངས་གྲགས་པ། རྟེན་ཁང་དཔོན་ཚང་། དྲུང་འཚོ་ལྷག་བསམ། དར་མོ་བ་གསུམ་གྱིས་འཕྲོད་བསྟེན་བྱས་པས་རིམ་གྱིས་བདེ། ཚོགས་སུ་འགྲོ་མ་ཐུབ་ཀྱང་ཞིང་སྐྱོང་དབང་པོའི་མཆོད་གཏོར་དུས་ཐོག་ཏུ་བཏང་། ཚེས་བཅུ་གཉིས་ནས་བཟུང་ཞག་བདུན་གྱི་བར་བཀའ་འགྱུར་ཁང་དུ་གྲ་ཚང་གི་གྲ་པ་ཕྱེད་ལོངས་ཀྱིས་དྲི་ཟའི་རྒྱལ་པོར་རྟེན་རྫས་ཀྱི་ཞལ་བརྙན་ཧོར་གོས་ཙེ་བེར་རིན་པོ་ཆེའི་རྒྱན་སོགས་ཕྱི་ནང་གསང་བའི་སྤྱན་གཟིགས་


GLG006_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བཟབས་གཤོམ་བསྟར་ཏེ་ཞག་བདུན་གྱི་བར་མདོས་བསྐང་བཙུགས་པའི་འཕྲིན་ལས་འཆོལ་བའི་སྙན་དར་ཞལ་བྱང་བྲིས། དུས་མཚུངས་སུ་དེ་འཕྲོས་ཀྱིས་འདུ་ཁང་གནོད་སྦྱིན་ཆེན་པོ་བེག་ཙེར་བསྐང་བཤགས་རྒྱས་པར་ཕུལ། ཁག་གཉིས་གྲོལ་ནས་མུ་འཐུད་དུ་གཤིན་རྗེ་འདུས་པའི་དྲག་སྔགས་བཟློག་པ་དང་བཅས་པ། འགོང་པོ་ཨར་གཏད་གསུམ་བྱེ་བ་རེ། དཔལ་ལྡན་འདོད་ཁམས་དབང་ཕྱུག་མར་བཀང་བ་འབུམ་ཐེར་བཏང་། ཉེར་བདུན་ལ་གཏེར་སྟོན་རིག་འཛིན་ཆེན་པོ་ཕེབས་པའི་བྱད་འགྲོལ་གདོན་འགྲོལ་སོགས་རིམ་གྲོ་མཛད་པ་རྣམས་ཀྱང་ངོ་ཆེ་བར་བྱུང་། ཧོར་ཟླ་བཞི་པའི་འགོར་དབེན་ས་སྤྲུལ་པའི་སྐུས་གཏིང་སྐྱེས་ཚོགས་གསོག་པ་ཅན་བཏང་བའི་ཡི་གེ་རྟེན་བཅས་ཀྱི་སྡེབས་སུ་སེང་གེ་དགྲ་འདུལ་གྱིས་མགོ་དཀར་གྱི་ཁྲལ་ནས་བླངས་ཏེ་བསྐུར་རྩིས་ཀྱི་གསེར་ཞོ་སྟོང་། རྟེན་བཅས་ལ་གསེར་ཞོ་སྟོང་། སེང་གེའི་སྲས་ཆུང་རྣམས་ཀྱི་དོན་དུ་མུ་ཏིག་གི་ཐུམ་བུ། ངག་མ་རྒྱས་པར་འདུག་པ་དེ་ལན་བསྲིངས། ཞང་སྟོན་སྐུ་མདུན་ལྷུན་གྲུབ་ཀྱིས་བོན་མཁའ་ཀློང་གི་མདོས་ཆེན་རིམ་གྲོར་བཏང་ཞིང་ལོ་སྔ་མ་ཚོར་ཡང་ཞང་ཞུང་ལུགས་ཀྱི་མོ་རྩིས་དང་དེར་བབས་པའི་བཅོས་རིམ་མང་དུ་མཛད། ཚེས་བཅུ་ནས་རྩ་སྒྱེ་མོའི་ཆུ་ཚན་བླངས་ཏེ་ཞག་ལྔ་བསྟེན་པས་གཞི་མེད་དུ་སོང་། རྟེན་ཁང་དྲུང་འཚོ་བས་གསོ་རིག་གི་མན་ངག་མང་དུ་བྱུང་ཞིང་བདག་རྐྱེན་དང་སྟེར་ཆ་ལེགས་པ་བྱས། ལོ་སྔ་མར་བསམ་ཡས་ནས་ཆོས་སྐྱོང་ཆེན་པོས་བཀའ་ཤོག་ཡིག་ཆུང་ཚིགས་བཅད་མ་ཞིག་འདུག་པ་གོ་དོན་ཇི་བཞིན་མ་ཐེབས་པ་ལྟ་བུས་


GLG006_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

སྣེའུ་སྡོང་བདག་མོ་སྡེ་སྲིད་འཛིན་དུ་འབོད་པའི་གླེང་གཞི་བྱུང་བ་བློར་ག་ལ་བབས་རུང་ཕྱག་མཛོད་རྒྱ་སེང་སོགས་གོང་མ་རྣམས་ལས་ཅུང་ཟད་མངོན་ཆེ་ཙམ་ཡོང་ངམ་སྙམ་པ་ལས་རྗེས་ཀྱི་རྒྱ་ཆེ་མུ་མེད་དེ་འདྲའི་དོགས་པ་མ་ཤར་བས་previous hit བཟང་ངན་གྱི་བླང་དོར་སོགས་ཧ་ཅང་ཡིད་ལ་མི་གསལ་བའི་རྨོངས་བྱེད་ཀྱི་མདས་ཟིན་ཉམས་ཀྱིས་ཆུ next hit་འགྲོས་སུ་སོང་བས་བཀའ་བློན་ཚོའི་བརྗོད་རིགས་དང་བསྟུན། ངམ་རུ་བ་གདན་འདྲེན་དུ་སོང་བ་ཚེས་བཅུ་གསུམ་ལ་ལྷ་སར་བྱོན། ཉེར་གསུམ་ལ་མཚམས་གྲོལ་བའི་སྣེའུ་སྡོང་བདག་མོས་གཙང་པ་རྒྱ་རས་ཀྱི་ཞུན་ཐིགས་ལས་གྲུབ་པའི་ཐུགས་རྗེ་ཆེན་པོའི་སྐུས་གཙོས་དངོས་པོའི་ཚན་གྲངས་བསྟར། ཚེ་རྟའི་བྱིན་རླབས་དབང་བཞི་ཕུལ། ཞྭ་གོས་སྟེར་ཆ་ཐམ་ཀ་དང་བཅས། ས་སྐྱོང་ལ་མེརྒན་ཐའི་ཇི། རིན་ཆེན་ལ་སེ་ཆེན་ཐའི་ཇི། སྦོས་སྦོས་ལ་ཨེར་ཁེ་ཇི་ནོང་གི་ཆོ་ལོ་བཏགས། ཤལ་དཀར་དམར། བསེ་སྒམ། ཇ་སྣམ་ཕྲུག་གི་རྫོང་པ་གྱ་ནོམ་པ་དང་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བསྐུར་ནས་མཚོ་ཁར་ཐོན། ཉེར་བཞི་ལ་བྱང་རྩེ་ཆོས་རྗེ། རྟ་ཚག་རྗེ་དྲུང་། མངའ་དྭགས་ཀྱི་སློབ་དཔོན་གཉིས། དགའ་ལྡན་འཕེལ་རྒྱས་གླིང་དང་ཀོང་སེར་སྲིད་ཁག་གི་བླ་མ། ལྕང་ར་ནས་གཞོན་པ། རྩེ་གདོང་ཕྱག་མཛོད་པ། ཀོང་སྟོད་དཔོན་ཁག་རྣམས་དང་ཕྲད། ཀོང་པོ་བུ་ཆུའི་ཆོས་རྒྱལ་གྱི་སྐུའི་ནང་བཞུགས་ནས་ཐོན་པའི་ཞབས་ཕྱགས་འཁྱར་བ་སྒམ་པོ་བདེ་ཆེན་སྟེང་པའི་ལག་ནས་དེ་མོ་སློབ་དཔོན་བློ་བཟང་བསམ་འཕེལ་གྱིས་བླངས་ཏེ་བྱུང་བ་ལྷ་སའི་རྟེན་ཁྲོད་ཀྱི་དེ་དང་ཆེ་ཆུང་ཁྱད་ཤོར་བ་རྒོད་ཚང་པའི་ཞབས་རྗེས་ཀྱི་དཔེ་བཞིན་སྐུ་ན་བགྲེས་གཞོན་དང་སྤྲུལ་བསྒྱུར་ཡིན་ན་མ་གཏོགས་


GLG006_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སོམ་ཉིར་མཆིས། རྗེ་བཙུན་རིན་པོ་ཆེ་གྲགས་པ་དང་དཔལ་ཆེན་འོད་པོའི་དབུ་ཐོད་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་གདན་ས་གོང་ནས་གདན་དྲངས་ཏེ་རྩེས་དང་བསམ་གཏན་གླིང་དུ་བཞུགས་པ་སྣེའུ་སྡོང་རྩེ་བརྒྱུད་རིན་སྤུངས་པའི་ནང་རྟེན་གཙིགས་ཅན་ཆོས་མཛད་རྒྱལ་པོ་དོན་གྲུབ་ཀྱིས་ལྷོ་བྲག་ཏུ་ཁྱེར་བ་ཚ་མོ་བཙུན་མ་ཞིག་གི་ལག་ནས་བྱུང་། རྗེ་བཙུན་གྲགས་པའི་སྐུ་བེར་དང་འཕགས་པ་རིན་པོ་ཆེའི་དབུ་རྒྱན་དར་དཔྱངས་ངོར་ཤར་པའི་ནང་རྟེན་ཡིན་པ་ཤར་པས་ངོར་གཟིངས་ཤིག་སྔ་ཕྱིར་བྱས་ཉེས་ཆེས་པའི་ཆད་པ་ཚབས་ཆེན་བྱུང་བའི་དུས་སུ་ཁུངས་བཙུན་མིན་རི་མནའ་གན་གྱིས་བཏོན་ཏེ་སྡེ་པར་ཕུལ་བ་ནང་རྟེན་ཁྲོད་དུ་བཞུགས། སྟག་ལུང་ཞབས་དྲུང་རིན་པོ་ཆེ་མ་ཆེན་ཟླ་བ་སྔ་མའི་ཚེས་ཉི་ཤུ་ལ་ཞི་བའི་དབྱིངས་སུ་གཤེགས་པའི་གནས་ཚུལ་དང་གསལ་འདེབས་ཀྱི་མགྱོགས་བསྔོ་རྟེན་གསང་ཁོག་ནས་ཕྱག་མཛོད་པས་སྡེ་པ་བརྒྱུད་དེ་འབྱོར་ཞིང་འདི་རེས་དྲིལ་བུ་ཇ་རྟ་ཁྲབ་སོགས་ཀྱི་བདོག་པ་སྐྱེལ་བར་ཕྱག་མཛོད་པའི་བུ་གཞོན་པ་དང་གསོལ་དཔོན་ལྟོ་གར་བ་གཉིས་མངགས་པ་ལྟར་དགོངས་པ་ཆོས་དབྱིངས་སུ་རྫོགས་པའི་བསྔོ་སྨོན་གྱིས་རྒྱས་བཏབ། གདུང་འབུལ་ཀྱང་རྒྱས་པར་ཕུལ། ཏྲེ་བོ་ཧོར་ཚང་ཆོས་རྗེར་ཆོས་མང་ཙམ་དགོས་ཚུལ་བྱུང་བ་འགོ་མ་ཁོ་རང་ལ་འབྲུམ་པ་དང་དེ་རྗེས་ངེད་རང་བྲོ་འཚལ་བས་འགྱངས་པའི་ངང་འདེགས་པར་དུས་ཀྱིས་གཏུགས་པས་མང་བ་མ་ཐུབ་རུང་ཆོས་རྗེའི་ཟླར་ཤེར་འཕེལ་སྤྲུལ་སྐུ་ཀོང་བཀྲ་ཤིས་རབ་བརྟན་དང་དེ་མོ་བའི་བླ་མ་ཅན་ཁ་ཤས་ལ་འཇམ་


GLG006_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་དམར་སེར། སྒྲོལ་དཀར་སྤྱན་བདུན་མ། སེང་ལྡེང་ནགས་སྒྲོལ། སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ། བ་རི་ལུགས་ཀྱི་རྣམ་འཇོམས། ལས་གཤིན་ཕྱི་སྒྲུབ། ཕྱག་དྲུག་པའི་བྱིན་རླབས། མདོ་སྡུད་པའི་ལུང་རྣམས་ཕུལ། ཧོར་ཚང་ཆོས་རྗེར་བན་ཆས་སྣམ་ཕྲུག་གིས་གཙོས་པའི་སྟེར་སྦྱིན་དང་བཅས་ཏའི་སི་ཏུ་དུ་དབེན་ཤའི་གདན་སར་རྫོང་བདའ་བྱས། སྤྱི་སོས་བསྐུལ་བ་བཞིན་རི་བོ་ཆོས་གླིང་བླ་རབས་ཀྱི་གསོལ་འདེབས་བརྩམས། དགའ་ལྡན་བཤད་སྒྲུབ་གླིང་པའི་གྲ་པ་ཞིག་གིས་འཕགས་པ་བརྒྱད་སྟོང་པའི་རྒྱུགས་སྤྲད། ཧོར་ཟླ་ལྔ་པའི་ཚེས་གཅིག་ནས་བཟུང་རིམ་གྱིས་དཔལ་ལྡན་འབྲས་སྦུངས་ཀྱི་གྲ་སློབ་སུམ་བརྒྱ་སྐོར། གདན་ས་ཆེན་པོ་དགའ་ལྡན་ཁྲི་རིན་པོ་ཆེ་གདན་ཟུར་གཉིས་ཀྱིས་དབུ་གནང་སློབ་དཔོན་གྲ་བཅས་སུམ་བརྒྱ། སེ་ར་ཐེག་ཆེན་གླིང་གི་སློབ་དཔོན་རྣམས་ཀྱིས་གཙོས་པའི་ཉིས་བརྒྱ། ལྷ་ས་རུ་བཞིའི་གྲངས་སུམ་བརྒྱ་ཙམ་བཅས་སོ་སོས་རུང་མཐུན་ཉེར་སྤྱད། གོས་ཕྱི་ནང་ཇ་རས་སོགས་དངོས་པོ་གཟེངས་བསྟོད་པའི་མཎྜལ་གྱིས་སྣ་དྲངས་ཡུན་དུ་འཚོ་བའི་བདེན་པའི་ཚིག་གིས་ཤིས་བརྗོད་རྒྱས་པར་མཛད། དགའ་ལྡན་པ་དཔོན་སློབ་ལ་ཕྱག་འཚལ་ཉེར་གཅིག་གི་ལུང་བཞེད་པ་དང་སྦྱར། བསྙེན་རྫོགས་བརྒྱ་སུམ་ཅུ་དང་དགེ་ཚུལ་བརྒྱ་ཉི་ཤུ་སྐོར་བསྒྲུབས། ཚེས་ལྔ་ལ་རྒྱལ་པོ་དཔོན་གཡོག་རགས་བསྡུས་ལ་ཚེ་དབང་གྲུབ་རྒྱལ་མ། དབང་གི་སྒྲོལ་མ་དམར་མོའི་རྗེས་གནང་། ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་རྣམས་ཕུལ། ལྕང་ར་ནས། ཞང་སྟོན་སྒར་པའི་སྲས། དཔོན་ས་ཅན་ལ་ཚེ་དབང་བསྐུར།


GLG006_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་བཅུ་ལ་གྲ་ཚང་གིས་ཚེས་བཅུ་ཆེན་མོ་འཆམས་དང་བཅས་ཏེ་རྒྱས་པར་བཏང་། རྒྱལ་པོ་དཔོན་གཡོག་ཀྱང་གཟིགས་མོར་བྱོན། སོག་པོ་བྱང་ལ་ལོག་མི་བཞི་བརྒྱ་ལྷག་ལ་བྱིན་རླབས་བྱས། རྒྱ་སྟོན་དབོན་པོའི་བསྔོ་རྟེན་གསེར་དངུལ་གྱི་སྒྲོལ་མའི་སྐུ་དང་གསེར་ཞོ་བཅོ་ལྔ་འབྱོར་བར་སྨོན་ལམ་གྱིས་མཚམས་སྦྱར། ཚེས་བཅུ་གཉིས་ལ་སྡེ་པ་རྩྭ་སྒྱེ་མོའི་ཆུ་ཚན་དུ་བཏེག །སང་ཉིན་ནས་ཞག་བདུན་གྱི་བར་གཏེར་སྒྲོམ་གྱི་ཆུ་ཚན་བསྟེན་ཉིན་གཅིག་མེ་ཏོག་གི་ཆར་ཆེན་པོ་བབས་ཞེས་ཀུན་མཐུན་པར་གླེང་བ་རྒྱུ་གང་ལས་བྱུང་ནི་མ་ཤེས། བསམ་ཡས་མདོ་སྡེ་འབུལ་བར་མདོ་པ་ཆོས་མཛད་ངག་དབང་ལྷུན་གྲུབ་བཏང་། ཚེས་བཅུ་དྲུག་ནས་བཟུང་བཅུ་གཅིག་པའི་བཅོ་ལྔའི་བར་དབུས་གཙང་གི་ས་དགེའི་དགོན་ཁག་སུམ་ཅུ་ཐམ་པ་རྫོང་གཞིས་འབྲེལ་མཚུངས་སུ་རེས་སྐོར་གྱིས་བཀའ་འགྱུར་ཚར་སུམ་བརྒྱ་དྲུག་ཅུ། འབུམ་ཉིས་བརྒྱ། བརྒྱད་སྟོང་པ་དང་གཟུངས་བསྡུས་སོ་སོར་ལྔ་བརྒྱ། སྨན་བླ་བཞི་སྟོང་། མཚན་བརྗོད། གདུགས་དཀར། སྒྲོལ་མ། ཤེར་སྙིང་སོ་སོར་ཆིག་འབུམ། ཚེ་གཟུངས་བྱེ་བ། བཟང་སྤྱོད་ཆིག་ཁྲི། དབྱར་ཆོས་ཀྱི་རིང་གྲ་ས་ཕན་ཚན་དུ་ཇ་ཚུལ་དང་ཕོགས་འགྱེད་བསྒྲུབས། ཚངས་པ་དུང་ཐོད་ཅན་གྱིས་སྡེ་པར་ཕྱག་རྡོར་གྱི་བསྙེན་པ་བྱེད་དགོས་ཚུལ་གསུངས་པ་བཞིན་ཉེར་བཞི་ནས་བདུན་མཚམས་གཅིག་མཛད་པའི་ཚེ་གོས་སྔོན་ཅན་གྱི་སྒྲུབ་ཐབས་ཉུང་ངུ་དང་ཅུང་ཚོ་བ་ཡོན་ཏན་དཔལ་བཟང་གིས་བསྐུལ་བའི་རྟ་མགྲིན་གསང་སྒྲུབ་ཀྱི་བརྒྱུད་འདེབས་བྲིས། ཧོར་ཟླ་དྲུག་པའི་ཚེས་གཅིག་ལ་གྲ་ཚང་གིས་


GLG006_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་སྤྱི་སྒེར་གྱི་བདོག་པ་སྤེལ་ཏེ་འཆི་མེད་འོད་སྣང་དང་འབྲེལ་བའི་ཚེ་ཆོག་རྒྱས་པར་བཏང་། སང་ནས་ཉིན་ལྔའི་བར་རྩེར་ཚོགས་ཏེ་བསམ་པ་ལྷུན་གྲུབ་མ་དང་རིང་འཚོའི་ཚིགས་བཅད་གསུངས། ཡོན་དུ་སྡེ་པས་ཇ་འགྱེད་བཏང་། ཚེས་ལྔ་ལ་གསང་སྣེའུ་ཐོག་གི་ཆོས་རྗེ་རྣམ་གཉིས་ཆེན་སློབ། འཕན་ཡུལ་གསས་ཁང་དགོན་པ་བའི་གྲ་སློབ་རྣམས་ལྷན་ཅིག་པས་དངོས་པོའི་ཚན་གྲངས་བསྟར་ཞིང་ཡན་ལག་བདུན་པ་དང་འབྲེལ་བའི་རིང་འཚོའི་རྟེན་འབྱུང་བསྒྲིགས། གླིང་སྟོད་ཆོས་རྗེ་གསར་བསྐོས་ཀྱི་སྒེར་མཇལ། ཞབས་དྲུང་བདག་མོ། ཞབས་དྲུང་ནོར་བུ་ཁྲ་སྐོར་ཡུམ་སྲས། སྟག་ལུང་ཕྱག་མཛོད་ཡར་བཟང་པ། ནོ་ཡོན་ཁུ་ཐུག་ཐུ། ངོར་ཀླུ་སྡིངས་པ། སྒྲུབ་ཁང་དབོན་པོ། ཁལ་ཁ་ནོ་མོན་ཨེ་ཇེན་གྱི་བུ་ཚ་བརྒྱུད་ཀྱིས་མི་སྣ་རྣམས་ལ་ཇ་གྲལ་བཏང་། སེ་ཆེན་རྒྱལ་པོའི་མི་སྣར་སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་རྗེས་གནང་དང་རྫོང་བདའ་བྱས། ར་མོ་ཆེར་ཞིག་གསོས་ཐུབ་ན་གཅིག་ཏུ་དཀོན་ཅོག་གི་ཞབས་ཏོག་ཡིན་འདུག་པས་འགངས་ཆེ་ནའང་། ལུང་བསྟན་དུས་རྟགས་ཀྱིས་མ་དགོས་ན་དེ་ག་མི་ལེགས་རྒྱུ་མེད་ཅིང་སྡེ་པ་བསོད་ནམས་རབ་བརྟན་གྱིས་ཞིག་གསོས་ཀྱི་བཅའ་བསྒྲིགས་ཐོག་གནས་གཤིས་དེ་བཞིན་ནས་རིམ་ལུས་སུ་སོང་བ་ས་བྱ་ཟླ་བ་བདུན་པའི་ནང་དུ་གློ་བུར་རྩིག་པ་ལོགས་གཅིག་འགྱེལ་བ་སོགས་ཀྱིས་ཉི་མ་དང་ནམ་གྱི་དཔེར་སོང་། སྡེ་པས་ཆོས་སྐྱོང་ཁག་དང་ཀླུ་ཕེབས་མཁན་ཞིག་ཀྱང་བོས་པའི་གླེང་ཆའི་དྲི་བ་མཛད་པ་སྐྱོན་མི་ཡོང་ཚུལ་བྱུང་བ་དང་བཅས་ཁྱི་ལོ་ནས་ཨར་པོའི་འགོ་བཙུགས་ཕག་ལོའི་ནང་དུ་གྲུབ་པའི་རྒྱ་ཕིབས་གསར་


GLG006_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་ཀྱི་ལྷོ་བྱང་ལ་རྒྱུག་མཐོ་རེ་བཞི། ཤར་ནུབ་ལ་ཞེ་དགུ །དཔངས་ལ་ཉེར་བརྒྱད། ལྟར་རྒྱབ་ལ་བཞི་ཅུ། གཉྫི་ར་གསུམ། གདུང་སྣེ། ཆུ་སྲིན་རྣམས་ཀྱི་རྒྱུར་ཟངས་གད་ཕྱིས་གྲུབ་པ་མཁར་ཁལ་ཆིག་བརྒྱ་རེ་གསུམ། གསེར་བཙོ་མ་ཞོ་བདུན་སྟོང་བརྒྱ་བརྒྱད་ཅུ། དངུལ་ཆུ་ཞོ་ཉི་ཁྲི་ཆིག་སྟོང་ལྔ་བརྒྱ་ཞེ་གཅིག །སྣ་ཁྲིད་མོ་རེའི་བསྲེས་ལ་རྒྱ་ཐུར་གྱི་སྲང་ཆིག་སྟོང་བརྒྱད་བརྒྱ་ཞེ་གཉིས། སྟར་བུ་ཁལ་ཉེར་དྲུག །བཙོད་ཁལ་ཉེར་བརྒྱད། སྲོག་འཛིན་དྲིལ་གདང་ལྕགས་ཐག །རླུང་དྲིལ་སོ་གཉིས། ཕྱོགས་གསུམ་གྱི་མདའ་ཡབ་ཀྱི་དཔངས་ལ་རྒྱུག་མཐོ་དོ་ལྷག །ལྷོ་དང་བྱང་གི་དཀྱུས་ལ་ཞེ་དྲུག །ནུབ་ལ་ང་དགུ ། ཆུ་འབབ་ཀྱི་ཞེང་ལ་དྲུག །ལྕམ་གྱི་སྣེའི་དཀྱུས་ལྷོ་དང་བྱང་ལ་ཞེ་གཉིས། ནུབ་ལ་བདུན་ཅུ་རྣམས་ཀྱི་རྒྱུ་ཆ་ར་མོ་ཆེ་དང་ཐུགས་རྗེ་ཆེན་པོའི་ཟངས་ལེབ་རྙིང་པ་རྣམས་ལ་བསྒྲིག་བཅོས་བྱས་པར་མཁར་ཁལ་ཉིས་བརྒྱ་དོན་བཞི། ཤན་དང་གཟེར་གྱི་རྒྱུར་ལྕགས་ཁལ་དགུ །སྟར་བུ་ཁལ་བཅུ། བཙོད་ཁལ་བཞི་རྣམས་སོང་ཞིང་། བལ་པོ་ཨ་མ་ར་སིདྷ། ཟངས་མགར་རྣམ་སྲས་ལྷས་བྱིན་དང་དངོས་གྲུབ་གཉིས་ཀྱིས་གཙོས་པའི་ཉེར་དྲུག །དོ་དམ་འདར་པ། གྲ་དཔོན། ལྷུན་གྲུབ་གླིང་པ། གྲ་ས་བ་ཅན་ཤིང་བཟོ་བ་སུམ་ཅུ། དོ་དམ་ཨ་དར། རིགས་གསུམ་པ་ལྕགས་ཁ་བ། གསེར་གསོལ་བརྒྱ་སོ་ནས། འདོལ་ཆུང་ནས། སྟར་སྡོང་ནས། ནང་སོ་དགོས་དགོས། ཕོགས་དང་དགོས་ཆ་སྤྲོད་མི་བྱང་གླིང་བསམ་གྲུབ་རྒྱལ་པོས་བྱས། འདི་སྐབས་དང་ཐུགས་རྗེ་ཆེན་པོ་རྒྱ་ཕིབས་གསར་བཞེང་དུས་སྦུས་


GLG006_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

སྲང་གསེར་ཁང་པས་སྡེ་པ། འགོ་ལུང་། བལ་པོ། ཤིང་བཟོ། རྡོ་བཟོ་བ་སོ་སོར་ལེགས་སྐྱེས་བསྟར། ཕན་བདེ་ལེགས་བཤད་གླིང་པས་ཨར་སྟོན་རྒྱ་ཆེར་བཏང་། ར་མོ་ཆེའི་བར་ཁང་དུ་བཞུགས་རྒྱུའི་སྤྲུལ་སྐུ་བག་དྲོ་ཅན་ལོ་སྔ་མ་ཀླུ་དབང་གི་རྒྱལ་པོ་དང་སྨན་བླ་བདེ་གཤེགས་བརྒྱད་བཞེངས་པའི་ཁ་ལོངས་འཇིག་རྟེན་དབང་ཕྱུག །སྒྲོལ་དཀར། ལྷག་པར་དབང་དུ་བྱེད་པའི་སྤྱན་རས་གཟིགས། ཤེས་རབ་འཁོར་ལོ། ཙུནྡ། ཁྲོ་གཉེར་ཅན། འཇམ་དཔལ་ངག་གི་རྒྱལ་པོ། དུག་སེལ་མ། མྱ་ངན་མེད་པའི་འོད་ཟེར་ཅན། རིགས་བྱེད་མ་རྣམས། སྟེང་ཁང་གསར་དུ་འཕར་བའི་ནང་དུ་ཐུབ་དབང་བདུད་འདུལ། གནས་བཅུ། དགེ་བསྙེན། ཧྭ་ཤང་། རྒྱལ་ཆེན་བཞི་དང་བཅས་པའི་ཁ་ལོངས་སུ་འོད་དཔག་མེད། སེང་གེ་སྒྲ། ཕྱག་རྡོར་ཞི་བ། རྡོ་རྗེ་རྣམ་འཇོམས། མི་འཁྲུགས་པ། བྱམས་པ། འཇམ་དབྱངས་སེང་ཞོན། ཡུམ་ཆེན་མོ་དང་། ལྡེབས་བྲིས་བར་ཁང་དུ་ཚེ་དཔག་མེད་བདུན་བརྒྱ་དང་སྟེང་ཁང་དུ་སྒྲོལ་དཀར་བདུན་བརྒྱ་རྣམས་བཞེངས། གཏེར་སྟོན་རིགས་འཛིན་ཆེན་པོས་བསུ་བཟློག །འཆི་བླུ། གྲིབ་སེལ། དྲག་དམར་གྱི་གཏོར་བཟློག །གཏེར་གསར་གྱི་ཚེ་སྒྲུབ་རྣམས་མཛད། ཉང་གི་མཁའ་འགྲོ་ཆེན་མོ་དང་རྐྱེན་སེལ་གྱི་དབང་འགའ་ཞིག་ཞུས། ཕར་སྡེ་པ་ཨ་བར་དང་ལྷན་དུ་སྒྲ་མི་སྙན་པའི་ཚེ་དབང་། གྲ་ཚང་བྱིངས་དང་ཕྱོགས་མཚུངས་པར་དཔལ་ལྡན་དམག་ཟོར་མའི་ཐུན་མོང་མ་ཡིན་པ་དང་ལྷ་རྗེ་དགེ་འབུམ་གྱི་གཏེར་མའི་དཔལ་ལྷའི་རྗེས་གནང་ཕུལ། པདྨ་གླིང་པའི་གཏེར་མའི་རྟ་ཕག་ཁྱད་ཅན་གྱི་ཞུ་རྟེན་བྱུང་བར་བརྟེན་ཨོ་རྒྱན།


GLG006_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་གྲོལ་གླིང་པའི་དགོན་གནས་སུ་གྲ་དར་ལུང་དགོན་ལ་གཏོགས་པའི་བླ་བྲང་སྤྱིལ་བཅས། མཆོད་ཐེབས་ཀྱི་སྣོན་མར་དགོན་པའི་ས་ཁུངས་ཀྱི་འབྲུ་ཁལ་བདུན་ཅུ་སྐོར། ལྷོ་བྲག་ཆག་ཕུག་ཆུང་གི་ཞིང་ཐོན་འབྲུ་ཁལ་བརྒྱ་ལྷག །གཏམ་ཤུལ་ནས་ལོ་ལོ་བཞིན་གཤོར་འདེགས་ཁལ་བདུན་བརྒྱའི་འཛིན་དང་ཚོགས་ཁྲོ་ཆེ་ལེགས་རྣམས་སྦྱར། བདོག་པའི་སྐྱེས་ཕུལ་ཏེ་ཚེས་དགུ་ལ་རང་གནས་སུ་ཐེགས། ཚེས་བཅུ་བཞི་ལ་ནོ་མོན་ཨེ་ཇེན་གྱི་ནང་མཚམས་ཀྱི་ཁ་མཆུ་བསྡུམས་པར་སྤྲུལ་སྐུ་དང་རྒྱལ་པོས་མཚོན་པའི་དཔོན་ཁག་ཚོར་ཡི་གེ་རྟེན་སྦྲགས་དང་བཅས་ནོ་ཡོན་ཁུ་ཐུག་ཐུ་བཏང་། ཐང་པོ་ཆེའི་མཁན་པོ་བྱེད་མི་ཁྱམས་སྟད་པ་ངག་དབང་འཕྲིན་ལས་བསྙེན་པར་རྫོགས། བྱེ་རྫིང་མཁན་པོ་དང་རི་བོ་ཆོས་གླིང་བླ་གྲ་ལ་ཚེ་མདོ། གསར་རྩོམ་སྨན་བླའི་བརྒྱུད་འདེབས་དང་སྨོན་ལམ་ཚིགས་བཅད་འགའི་ལུང་ཕུལ། གོང་དཀར་རྫོང་སྡོད་སྒེམ་བུ་ནས་ཀྱིས་ཚན་གྲངས་དང་བཅས་གྲ་ཚང་གི་གྲ་པ་བརྒྱད་གྲ་ཞིག་གིས་རིང་འཚོའི་ཚིགས་བཅད་གསུངས། ཚེས་བཅོ་ལྔ་ལ་ཁྱབ་བདག་སྨན་ལུང་པ་ཆེན་པོ་པདྨ་འོད་ཀྱི་ཞིང་ཁམས་སུ་སྐུའི་བཀོད་པ་བསྡུས་པའི་ཐུགས་དམ་གསལ་འདེབས་པ་འབྱོར། ཆོས་དབང་རིན་པོ་ཆེའི་གཏེར་བྱོན་གྱི་ཀརྨ་གུ་རུའི་དྲུང་དུ་མཆོད་པ་རྒྱ་ཆེར་བཤམས་ཏེ་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོར་བལྟས་ཏེ་གསང་འདུས་བླ་མའི་འཕྲིན་ལས་ཀྱི་སྒོ་ནས་མཆོད་པ་ཕུལ། སྐུ་གདུང་རིན་པོ་ཆེར་གོས་ཡུག་ལ་སྨོན་ལམ་གྱི་ཚིགས་སུ་བཅད་པའི་སྙན་ཤལ། ཚོགས་སུ་འཛུགས་རྒྱུའི་སྤྲུལ་སྐུ་མྱུར་


GLG006_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་གྱི་སྨོན་ལམ་ཚིགས་བཅད། དགོངས་རྫོགས་ཀྱི་མཐུན་རྐྱེན་དུ་འབྲུ་ཆ། ཇ་གོས་དར་ཁ་བཏགས་སོགས་ཚན་ཆེ་ཙམ། རྟེན་བཞེངས་གི་ཐེབས་སུ་དངུལ་སྲང་ཕྱེད་ཉིས་བརྒྱ། གསེར་སྲང་གང་། གང་ཅིའི་བྱེད་ལུགས་རྣམས་ཆོས་རྗེ་ཐུབ་བསྟན་པར་བསླབ་བྱ་མོལ་བར་ཁང་གསར་རབ་བརྟན་བཏང་ཞིང་དད་རྟེན་དུ་སྣམ་སྦྱར་འབྱོར་བ་ནང་རྟེན་ཁྲོད་དུ་བཞག །བཀྲ་ཤིས་ལྷུན་པོའི་ཕྱག་མཛོད་ཕུན་ཚོགས་རབ་བརྟན་གྱིས་བཀའ་འགྱུར་སྐྱ་པོད་བཞེངས་པའི་དཀར་ཆག་སྡེ་ཚན་སོ་སོའི་མཇུག་ཏུ་སྨོན་ལམ་དང་བཅས་པ། སྒོ་མངས་གྲ་ཚང་སྤྱིའི་ངོར་སློབ་དཔོན་བློ་གྲོས་རྒྱ་མཚོ། སྟོད་རྒྱུད་སྤྱིས་བསྐུལ་བའི་སློབ་དཔོན་རིམ་པ་ལྔ། བསམ་གཏན་བཟང་པོའི་ངོར་བྱེས་སློབ་དཔོན་འཇམ་དབྱངས་ལྷུན་གྲུབ། ཚེ་བརྟན་རྒྱལ་མཚན་གྱི་འདོད་པ་ལྟར་སྐྱབས་གནས་ཀུན་འདུས་གསོལ་བ་འདེབས་པ་རྣམས་དང་། བསྟན་འཛིན་ད་ལའི་རྒྱལ་པོས་དུང་སྐྱོང་དབང་མོར་སྙན་ཤལ་ཕུལ་བའི་ཁ་བྱང་རྣམས་བརྩམས། ཉེར་གཉིས་ལ་གྲོང་སྨད་ཨ་བར་དང་གྲ་ཚང་ལ་དྲང་སྲོང་དྲི་མེད་ཀྱི་རིག་གཏད། ཡང་བཟློག་རྣོན་པོ་ནང་གཅོད་ཀྱི་དབང་། ཕྱག་རྡོར་གོས་སྔོན་ཅན་དང་རྣམ་སྲས་སྨད་ལུགས་སེར་ཆེན་གྱི་རྗེས་གནང་རྣམས་ཕུལ། གསོལ་དཔོན་གེ་ར་བས་ཚོགས་ཆེན་དུ་མང་ཇའི་ཐོག་འཛུགས་རྒྱུ་ཡིན་པས་ཡུན་དུ་གནས་པའི་ཚིགས་བཅད་དགོས་ཚུལ་བྱུང་བ་བརྩམས། གནམ་གང་ལས་སྐར་རྒྱལ་གྱི་ཐོག་གྲོང་སྨད་ཨ་བར་ལ་རིགས་འཛིན་ཆེན་པོའི་གཏེར་གསར་དྲག་པོ་དབུ་དགུའི་རྩ་དབང་། རིགས་བྱེད་མ་ནང་སྒྲུབ་ཀྱི་དབང་བཞི་བྱིན་རླབས་ཀྱི་ཚུལ། འཇམ་དཔལ་ནག་པོ་


GLG006_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བ་རི་ལུགས་ཀྱི་རྣམ་འཇོམས། སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་རྗེས་གནང་རྣམས་བསྐུར། འདར་པ་ལོ་ཙཱ་བས་བསྐུལ་བའི་རྒྱལ་རྩེ་ཞབས་དྲུང་བྱམས་པ་ངག་དབང་བསོད་ནམས་རྒྱལ་མཚན་གྱི་བརྟན་བཞུགས་དང་། དབོན་པོ་ལྷ་མོའི་ངོར་དགའ་ལྡན་ཤར་པ་ཆོས་རྗེ་བྱམས་པ་བཀྲ་ཤིས་ཀྱི་གསོལ་འདེབས་བྲིས། འདི་ལོ་དཔྱིད་ཀ་སྡེ་པས་ཐུགས་ཁུར་བཞེས་ནས་ཐང་པོ་ཆེར་ནང་སོ་དཀོན་ཅོག་དར་རྒྱས་དང་སྤེལ་ནག་རི་ཅན་གཉིས་ཀྱིས་དོ་དམ་བྱས་པའི་བཀའ་འགྱུར་གསེར་བཏུལ་མ་སྲང་ལྔ་བརྒྱ་བཞི་བཅུ་སྐོར་ལས་བཞེངས་པའི་གསེར་ཆོས་ཧོར་གོས་ཀྱི་ཞལ་ཁེབས་སྟོང་སྐུད་ཁྲ་ལྷས་ཀྱི་གླེགས་ཐག་རྒྱ་རག་གི་གླེགས་ཆབ། ཙནྡན་གྱིས་གཏུམས་པའི་གླེགས་ཤིང་གདོང་ལ་བ་སོ་བརྐོས་མ་སོགས་རྒྱུ་ཕུན་སུམ་ཚོགས་པ་ལས་གྲུབ་པ་ཚར་གཅིག་སྡེ་པ་སྒེར་གྱི་སྒྲིབ་སྦྱོང་དུ་དམིགས་པའི་གསེར་སྲང་བརྒྱ་སོ་གཉིས་དང་དངུལ་སྲང་སུམ་བརྒྱ་དོན་གསུམ་ལས་གྲུབ་པའི་ཁྲ་ཆེན་གཅིག་བཅས་བཞེངས་པའི་གླ་ཡོན་ཕོགས་སོགས་འབྲུར་ཕབ་བསྡོམས་པར་གཤོར་ཁལ་བརྒྱད་ཁྲི་ལྔ་སྟོང་དྲུག་བརྒྱ་བཅུ་དགུ་སོང་བ་དང་། ལ་སྟོད་ཤེལ་དཀར་དུ་རྫོང་སྡོད་གཉིས་དང་སྨོན་གྲུབ་པ་རིན་ཆེན་བཀྲ་ཤིས། འབྲི་ལུང་དབང་རྒྱལ་རྣམས་ཀྱིས་དོ་དམ་བྱས་ནས་སྐྱ་པོད་ཚར་གཅིག་བཞེངས་པའི་དཀར་ཆག་ཆེ་བརྗོད་ཧོར་ཟླ་བདུན་པའི་ཚེས་ལྔ་ལ་བྲིས། ཚེས་བདུན་རྗེས་མར་སྨད་རྒྱུད་སློབ་དཔོན་གྲ་བཅས་ཀྱིས་བདོག་པའི་སྐྱེས་བཏེག་སྟེ་རིང་འཚོའི་རྟེན་འབྱུང་བསྒྲིགས། བླ་མ་ལྷ་པའི་དཔོན་སས་དཔྲལ་གཡུ་བྱིན་ཞིང་གཙུག་ཕུད་བླངས་ནས་མིང་ངག་དབང་སྒྲོལ་མར་


GLG006_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས། དཔལ་དེ་དཔོན་ས། ཧོར་རྒྱ་མཚོ་སྤུན། རྟ་ཚག་རྗེ་དྲུང་། ཚ་མིག་མཁན་པོ་བསོད་ནམས་རྒྱལ་མཚན། བླ་མ་སྙེ་མདོ་བ། སེ་རའི་སློབ་དཔོན་གསུམ་སོགས་ཕྲད་མི་ཁ་ཡར་བྱུང་། དགའ་ལྡན་རབ་འབྱམས་པ་མཚོ་ཁར་འགྲོ་བའི་རྫོང་བ་བསྟབས། ཐུབ་དབང་གི་ལི་གསར་བརྡར་གད་མ་བྱས་པ་ཞིག་སྦྱིན་བྱུང་། ཡེར་པ་གྲ་ཚང་སྤྱི་སོ་ནས་རིང་འཚོའི་ཚིགས་བཅད་དགོས་ཚུལ་ལྟར་བྲིས་ཤིང་ཚེས་བཅུ་གཉིས་ལ་གྲ་སློབ་རྣམས་ཀྱིས་ཚན་གྲངས་མཎྜལ་དང་བཅས་ཚེའི་རྟེན་འབྲེལ་བསྒྲིགས། འདུལ་བ་གྲ་ཚང་གིས་རིགས་གྲའི་སྐལ་པ་སྐྱེལ་བར་སློབ་དཔོན་གྲ་རིགས་དང་སློབ་དཔོན་པའི་ཕ་ཨུན་འདུར་དཔོན་པོ་ཅན་གསར་དུ་འབྱོར་བའི་སྒེར་གྱི་བདོག་པ་བསྟར། འབྲས་སྤུངས་ཀྱི་གྲ་རྒན་བཀྲ་ཤིས་རྒྱ་མཚོ་ད་ལའི་ཆོས་རྗེར་གྲགས་པ་གསར་དུ་སླེབས་པ་དང་ཕྲད། རོང་ནས་ཆོས་རྗེ་ཐུབ་བསྟན་པས་ཡི་གེ་མཁས་གྲུབ་རོང་པ་ཤེར་སེང་གི་ཞལ་གཟིགས་ལྟར་ཐུགས་རྟེན་དུ་བཞེངས་པའི་དུས་འཁོར་གྱི་དཀྱིལ་ཐང་སྤྲིན་གསེབ་མ་རོང་ཤམ་བྷར་གྱི་རྟེན་གྲགས་ཅན་དེ་དང་བཅས་བྱུང་དོན་ལྟར་དངུལ་གདུང་གི་ཕྲ་རྒྱན་དུ་ཕུབ་སྒོར་གཅིག །དཔྲལ་གཡུ་གཉིས། སྤྱི་ཁེབས་གཅིག །མེ་ཤེལ་གཉིས། བྱུ་རུའི་བརྒྱ་འཕྲེང་། གཙུག་ལག་ཁང་གི་ཤིང་ཆའི་མཐུན་རྐྱེན་ལ་ཀ་ཐོག་པར་ཧུང་རྒྱ་བསྐུར། མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་རི་བོ་ཆོས་གླིང་དང་བཀྲ་ཤིས་ཆོས་སྡེར་འཛུགས་རྒྱུའི་རིང་འཚོའི་རྟེན་འབྱུང་ཚིགས་བཅད། ཕོ་བྲང་གེ་ར་ཆོས་མཛད་སྤུན་གཉིས་ཀྱིས་གྲ་ཚང་དུ་ཆོས་སྲུང་སྤྱི་བྱེ་བྲག་ལ་སྙན་དར་སྣ་ལྔ་ཕུལ་བའི་ཞལ་བྱང་དགོས་ཚུལ་བྱུང་བ་བྲིས་ཞིང་འབྲས་སྤུངས་སུ་མང་ཇའི་ཐོག་རིང་འཚོའི་ཚིགས་བཅད་


GLG006_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

གསར་བསྐུལ་བཙུགས། ཚེས་ཉི་ཤུ་ལ་བཟང་ལྡན་མཁན་པོ་རྒྱལ་རྩེ་ཞབས་དྲུང་ཀུན་དགའ་བསོད་ནམས་གྲགས་པ་གཤེགས་པའི་ཞལ་ཆེམས་བཞིན་སྙན་བརྒྱུད་གླེགས་བམ་སོགས་ཚན་གྲངས་ཉེ་གནས་ཆོས་གྲགས་ཀྱིས་བསྲིངས་དོན་བཞིན་གྲུབ་མཐའ་སྙོགས་པར་ལམ་གྱི་གེགས་སེལ་སྨོན་ལམ་གྱིས་མཚམས་སྦྱར། ཨོཾ་གསུམ་མའི་འབྲུ་འབུམ་སོགས་ཐུགས་དམ་ཤིན་ཏུ་སྨིན་པ་ཡོད་འདུག་པས་མཁའ་སྤྱོད་དུ་གཤེགས་པར་མངོན། མཁན་པོའི་གསོས་སྐལ་གྱི་དོན་དུ་དྲུང་ཆེན་ཆོས་གྲགས་ཀྱིས་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་ཚེམས་ཤིག་སྡེ་པར་ཕུལ་བ་ལག་ཏུ་སོན། མཚོ་ཁ་ནས་ཆོག་ཐུ་ཐའི་ཇིའི་མི་སྣ་འབྱོར། ཡོངས་འཛིན་སྤྲུལ་སྐུ་གྲིབ་ཞགས་ཀྱིས་ཕྱག་ཞབས་མི་བདེ་བའི་སྙུན་དམ་པོས་བཏབ་ཀྱང་འགྲོ་བ་རྣམས་རྗེས་སུ་བརྩེ་བས་གཞན་ཕན་གྱི་སྲུང་བའི་རིགས་མང་པོ་པར་དུ་བཞེངས་ཤིང་སླར་བཞེང་རྒྱུའི་གནས་ཚུལ་གྱི་སམ་ཊ་བྱུང་བ་ཐུགས་སེམས་ཀྱིས་རི་འཁོར་བ་རང་དུ་ཡོད་སྣང་། འུག་པ་ལུང་པ་ནས་སོ་བར་བྱུང་བའི་ཐུན་དོང་ནག་པོ་འདྲེ་འཇིགས་གྲ་སྙེ་མདོ་བའི་གྲགས་ཅན་དེ་ལ་སྡེ་བས་བླུས་མ་བཏང་བའི་ལག་ཏུ་སོན། ཉེར་གསུམ་ལ་ལྷ་སའི་གཙུག་ལག་ཁང་གི་ཕྱོགས་བཞིའི་གཉྫི་ར། ར་མོ་ཆེའི་སྒོ་ལྕོག་སྟེང་གི་གསུམ་དང་བཅས་པའི་བདུན་ལ་གདུང་ཤ་རཱི་རམ་གྱིས་གཙོས་པའི་སྐུ་བལ་གྱི་རིང་བསྲེལ། ཆོས་སྐུའི་རིང་བསྲེལ། བོད་ཁམས་བདེ་ཐབས་ཀྱི་འཁོར་ལོ་སོགས་གཟུངས་བཞུགས་འབུལ་བར་མཆོད་དཔོན་ངག་དབང་ཤེས་རབ་དང་དགེ་སློང་འཇམ་དབྱངས་གྲགས་པ་གཉིས་རྫོང་


GLG006_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བདའ་བྱས། ཉེར་དྲུག་ལ་སྟག་རྩེ་ཐའི་ཇི་ཡབ་སྲས། ལྕམ་ནོར་བུ་ཁྲ་སྒོར། སྟག་ལུང་ཕྱག་མཛོད་པ། ཨུན་འདུར་ཨེར་ཁེ་དཔོན་པོ་ཅན་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བསྐུར། ཟུར་རི། སྔགས་ལྕོག །ཧ་རི་ཁའི་བླ་མ། རྒྱལ་པོའི་ཨེར་ཁེ་ཇེའི་སང་ཅན་དང་ཕྲད། འཛུམ་ལང་རྒྱལ་པོའི་མི་སྣ་པ་ཕྲན་རཱ་ཛ་དང་ལོ་ཙཱ་བ་ལྷུན་གྲུབ་སླེབས་པའི་ཕྱག་བྲིས་ཡུལ་ལུགས་དང་བསྟུན་པའི་རྟེན་བཟང་བ་འབྱོར། བསྙེན་རྫོགས་བཅུ་གཅིག་དང་དགེ་ཚུལ་དགུ་བསྒྲུབས། གདན་གོང་ནས་བཀའ་ཤོག་གནང་སྐྱེས་གྲ་ཚང་དུ་མང་འགྱེད་དང་བཅས་རིང་པོར་གནས་པའི་རྟེན་འབྲེལ་བསྒྲིག་པར་ཚོང་དཔོན་བསོད་ནམས་མགོན་པོ་གནང་། སྟག་རུ་བ་བློ་བཟང་དངོས་གྲུབ་ཀྱིས་མཆིམས་ཕུའི་གནས་འཛིན་སྒྲུབ་སྡེ་རྣམས་ལ་བསྙེན་བཀུར་བའི་དུས་སྡིག་པ་སྦྱང་བའི་སྨོན་ལམ་ཚིགས་བཅད་དགོས་ཚུལ་བྲིས། ཧོར་ཟླ་བརྒྱད་པའི་ཚེས་གཉིས་ལ་གདོང་ནས་ཀྱིས་ལྕམ་དབྱངས་ཅན་མའི་ཕྱི་རྟེན་དུ་འོད་དཔག་མེད་དང་སྨན་བླ་བདེ་གཤེགས་བརྒྱད་ཀྱི་བྲིས་ཐང་བཞེངས་པའི་རྒྱབ་ཡིག་དང་བཀའ་གདམས་ལྷ་བཞིའི་ནང་ཚན་མི་གཡོ་བ་སྔོན་པོའི་མངོན་རྟོགས། བདག་མོའི་རྒྱུན་འཁྱེར་དུ་གསོལ་འདེབས་དང་བཤགས་པའི་ཚིགས་བཅད། དགེ་སློང་འཇམ་དབྱངས་གྲགས་པས་བསྐུལ་བའི་རིང་འཚོའི་ཚིགས་བཅད་དང་མཁན་འཇམ་དབྱངས་བཀྲ་ཤིས་ཀྱི་གསོལ་འདེབས། མཆོད་དཔོན་པའི་ངོར་དམ་ཅན་དང་ཆུ་རྒྱུད་རྒྱལ་པོའི་གཏོར་བསྔོ། ཁྲོ་འཆར་གཡུལ་བཟློག་པ་རྣམས་ཀྱི་ཞལ་འདོན་དུ་སྐབས་སུ་བབས་པར་མངོན་ནས་རྩ་གསུམ་གསོལ་འདེབས་ལ་ཇ་མཆོད་ཀྱི་དུས་འདོན་པ་བསྒྱུར་


GLG006_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་པ་རྣམས་བརྩམས། མ་རྒྱུད་ལུགས་ཀྱི་རུས་པའི་རྒྱན་དྲུག་ཆ་ཚང་ཡོད་རུང་ཕ་རྒྱུད་ནས་བཤད་པའི་ཤེལ་རྒྱན་མ་འབྱོར་པ་ཁུངས་བཙུན་ཞ་ལུ་དང་གོང་དཀར་རྡོ་རྗེ་གདན་ན་ཡོད་འདུག་ཅིང་། འབྲུག་པ་སྤྲུལ་སྐུ་བྱ་འཇམ་དབྱངས་ཆོས་གྲགས་ཀྱིས་ཡུམ་གྱི་སྐུ་རྒྱན་ལ་བཟོས་པའི་གྲགས་ཅན་ཞིག་སྣང་བ་ཞིབ་ཏུ་དཔྱད་ཚེ་གཞུང་རྒྱན་འཛོམས་རྒྱན་རྣམས་གསེར་ལ་ཕུལ་བ་ལས་ཕྲ་ཧ་ཅང་མི་ཕྱུག་པས་རྒྱུ་སོང་ཡང་དོན་དང་མི་མཐུན་མོད། འོན་ཀྱང་རྒྱུ་བཟང་ངན་རང་ལ་བལྟོས་རྒྱུ་ཅི་ཡོད་རུང་དྭགས་བརྒྱུད་པ་རྣམས་ཕྱག་རྒྱ་ཆེན་པོར་གཅིག་ཏུ་འབྱམས་ཀླས་དྲགས་པས་རྒྱུད་སྡེའི་ཕྱོགས་ལ་གཟིགས་པ་མ་ཆུག་པའི་ཉམས་ཀྱིས་རྒྱུའི་ཁྱད་པར་ཙམ་མ་གཏོགས་རུས་རྒྱན་ཁོ་ནར་དཔེ་བླངས་ཤིང་ཞྭ་ནག་གསེར་མདོངས་ཀྱིས་ཁྲོམ་དང་འབུལ་བ་སྡུད་པའི་ཚབ་ལ་ཤེལ་རྒྱན་བཞེས་ཀྱིན་ཡོད་འདུག་པ་དེ་འདྲ་ཁུངས་དང་མི་འབྲེལ་བར་མ་ཟད་འདིར་བརྒྱ་འབུལ་དུ་མིང་བཏགས་ཚད་ལ་ཞ་དང་རྒྱན་སྤྲོད་དགོས་བྱུང་ན་རྒྱ་ཧོར་གྱི་འབྲེལ་ལམ་སྟབས་ནས་ལངས་ཕྱིད་ག་ལ་ཡོང་ནའང་ཆེད་དུ་གཉེར་བའི་དགོས་དོན་ཕ་རྒྱུད་དང་འབྲེལ་བའི་ས་གར་མཆོད་གར། དབང་། སྦྱིན་སྲེག་གི་ཆ་ལག་ཏུ་དགོས་པས་བཟོ་བདུན་ཡོད་པ་རིམ་ལུས་སུ་སོང་བ་སྡེ་པས་བརྩོན་པ་ཆེན་པོས་ཁུར་བླངས། ཀུན་མཁྱེན་རྡོ་རྗེ་གདན་པའི་པྲོག་ཞུ་སོགས་ལ་ཡིད་བརྟན་དུ་བཟུང་། ཕ་རྒྱུད་ཀྱི་དགོངས་དོན་འཁྲུལ་མེད་བཞིན་ཤོག་དཔེར་བཀོད། གཞུང་རྒྱན་འཛོམས་རྒྱན་ཕལ་ཆེར་གྲུ་དཀར་དམར་གྱི་ཕྲ། འགའ་ཞིག་ཏུ་ག་ཛ་མུ་ཏིག་མཐེ་བོང་ཉིས་འགྱུར་ཙམ་གྱི་


GLG006_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ཤིན་ཏུ་དཀོན་པ། བཻཌཱུཪྻ་སེར་པོ་དྲ་བ་དྲ་ཕྱེད་རྣམས་རྒྱ་མུ་ཏིག་ཁོ་ན་ལས་གྲུབ། ཕྲ་རྒྱབ་ཀྱི་གདན་མ་དང་འབུ་རིལ་ལ་གསེར་བཙོ་མ་ཞོ་ཉིས་སྟོང་གོ་གཉིས། རྒྱུ་དངོམ་ཆེ་བ་ལས་ལྕགས་ཁྱི་ཧོར་ཟླ་གཉིས་པ་ནས་བཟོ་གྲ་བཙུགས། དོ་དམ་སྡེ་པ་རག་པ་རྣམ་སྲས་དབང་པོ། འཇམ་དབྱངས་དཔལ་འབྱོར། ལྷུག་པ་གསུམ་དང་། རྗེས་སུ་རག་པའི་ཚབ་བཀའ་བརྒྱད་སྦུག་པས་བྱས་ཏེ་ལྕགས་ཕག་ཧོར་ཟླ་བདུན་པའི་ནང་དུ་ལེགས་པར་གྲུབ་པ་བལ་པོ་བཅུ་གཉིས་ཀྱིས་ལས་རྒྱུན་ལོ་གཅིག་ཟླ་བ་གཉིས་སོང་བའི་ཕོགས་ཡོན་སྟོན་མོ་སོགས་འབྲུ་ངོར་བསྒྲིལ་བར་མཁའ་རུའི་ཁལ་སྟོང་ཕྲག་དགུ་དང་བརྒྱ་ཞེ་བདུན་སོང་བ་སྡེ་པས་ཕྱག་དར་ནས་སྒྲོགས་པ་ཚེས་གསུམ་ཉི་མ་མེ་བཞིའི་འགྲུབ་སྦྱོར་ཐོག་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པས་འཆི་མེད་འོད་སྣང་གི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཚེ་ཆོག་བཏང་བའི་ཚོགས་ཀྱི་དགའ་སྟོན་དང་འབྲེལ་བར་ཤེལ་རྒྱན་རྣམས་མིག་ལམ་དུ་ཕབ། རྩེར་སླེབས་ཐོག་ཆས་འཇུག་གི་སྐར་འཛིན་རྟེན་འབྲེལ་འགྲིག་པར་བྱུང་ཞིང་དེ་ཐོག་སྟག་རུ་བས་ལེགས་སྐྱེས་ཀྱི་ཚན་གྲངས་སྤེལ། སྡེ་པས་བྱང་ཆུབ་ལམ་གྱི་རིམ་པའི་བརྒྱུད་པ་གཉིས་ལྡན་གྱི་བླ་མ་འཇམ་དབྱངས་དཀོན་ཅོག་ཆོས་འཕེལ་ཡན་ཐང་ཁ་གྲ་ཚར་ང་གཅིག་ལྕགས་ཕག་ཟླ་བ་དང་པོའི་ཟླ་སྟོད་ནས་དབུ་མཛད་དཔལ་དགོན་གྱི་གཙོས་མཁས་བསྒྲུགས་ཉི་ཤུ་རྩ་གསུམ་གྱིས་བཞེངས་པ་ཟླ་བ་འདི་ནང་འགྲུབ་ཏུ་ཉེ་བའི་མདུན་ཡིག་གི་ཆེ་བརྗོད་སྨོན་ལམ་དང་བཅས་པ་བཀོད། ཚེས་བརྒྱད་ནས་ཉིན་གསུམ་གྱི་བར་དྲང་སྲོང་ཨ་གསྟྱའི་རང་འོད་ཀྱི་ཆུའི་


GLG006_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དུག་རྣམས་བསལ་ཏེ་དུས་ཀྱི་ཡན་ལག་བརྒྱད་ལྡན་དུ་བསྒྱུར་སྐབས་ཆུ་ཀླུང་ཆེན་པོའི་འགྲམ་དུ་ལུས་ཀྱི་འཕྲོད་བསྟེན་དང་སྦྲགས་སྤྱོད་ཡུལ་ཡངས་པའི་ལྗོངས་རྒྱུ་བ་སྐབས་སུ་བབས་ནའང་རྫོང་གི་རྟ་ལམ་ཐག་རིང་ཞིང་ནད་རོ་སོགས་ཀྱིས་འགྲོ་འདུག་མང་བར་དགེ་མཚན་ཆེ་བ་མི་སྣང་གཤིས་མེར་ཏེ་གཙང་པོ་དང་གསང་ཡིག་སྨན་ཆུ་ནས་དྲེའུས་དྲངས་ཏེ་ཉིན་གསུམ་གྱི་བར་རོ་སྟོད་ལ་ཆུ་སྡེར་རྒྱག་པའི་འཕྲོད་བསྟེན་ཅི་ནུས་སུ་བྱས། ཟུར་རིག་སྔགས་འཆང་བ་གཞིས་ཀ་ཤར་ཨ་གུར་གྱིས་ཚེས་བཅུའི་དུས་གསོལ་འདེབས་དང་ཇ་མཆོད་གང་འོས་ལ་བསྒྱུར་ཆོག་པའི་ཚིགས་བཅད་དགོས་ཚུལ་བཞིན་བྲིས། བཙན་རྒོད་དར་འོངས་ཏེ་རྟ་བཅུ་བདུན་གྱིས་གཙོས་པའི་ཟང་ཟིང་གི་བདོག་པ་བསྟར། ཚེས་བཅུ་ལ་ར་སྒྲེང་མཁན་པོ་ཐོག་རྡུགས་པ། རྫིང་ཕྱི་མཁན་ཟུར་གཟིམས་དཔོན་གྱི་ལས་འཛིན་རྙིང་པ་བྱམས་པ་རིན་ཅེན། རྟ་ཚག་སྤྲུལ་པའི་སྐུ། ཚལ་སྡེ་པ་གྲགས་པ་ཡུམ་སྲས། ཨོ་རོད་སེ་ཆེན་རྒྱལ་པོའི་མི་སྣ་སོགས་དང་ཕྲད། བདག་མོ་ལྷོ་ཁར་འབྱོན་གདོང་མགོན་པོ་བར་ཆད་ཀུན་སེལ་གྱི་བཀའ་བསྒོ་ཕུལ། གྲ་ཚང་གི་གྲ་པ་གྲངས་བཅད་ཀྱིས་གཤིན་རྗེ་གཟའ་གདོང་དམར་ནག་དང་ལོག་ཏྲིའི་སྒྲུབ་པ་གཉིས་སྡེབས་སུ་བཙུགས། རྟ་ཚག་སྤྲུལ་པའི་སྐུ་གྲ་སྐོར་མཛད་བཞེད་ཀྱི་རྒྱུ་མཚན་བྱུང་བ་སྤྲུལ་སྐུ་གོང་མའང་གཟིགས་རྒྱ་ཆེ་རབ་མཆིས་རུང་བསྡུས་ཚད་ཀྱི་ཕྱོགས་སུ་ཞལ་འདྲིས་རྔོ་མ་ཐོགས་པའི་སྐྱོན་གྱིས་སྔར་སྟོང་འཁོར་ཞབས་དྲུང་ཡོན་ཏན་རྒྱ་མཚོ་སེ་རར་ཐུགས་གཉེར་མཛད་སྐབས་གྲ་པ་ཁ་རྒྱགས་པ་ཞིག་གིས། བདག་མེད་ཡིན་


GLG006_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡོད་པས་ཁྱབ་པའི་སྐུ། །དེ་ལ་སྐྱོན་ནི་གཏོང་མཁན་མེད་པའི་གསུང་། ། བཏང་ན་གར་འགྲོ་འདིར་འགྲོ་མེད་པའི་ཐུགས། ཁ་བཏགས་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། ། ཞེས་བརྩམས་པའི་དཔེ་བཞིན་གྲ་སྐོར་གྱི་དམ་བཅའི་དུས་ཞལ་བླངས་ཟིན་པོ་ཞིག་ཡེ་བྱུང་མ་སོང་བས་བཟོ་ཉེས་སློབ་དཔོན་གྱི་དོན་བཞིན་སྐུ་ཚེ་འདི་ལ་དེ་དང་མི་འདྲ་བ་ཞིག་བྱུང་ན་སྙམ་པས་ཆོས་ཀྱི་གྲགས་པའི་གཞུང་ལུགས་ལ་ཐོས་བསམ་གནང་བར་ར་བ་སྟོད་ཀྱི་ཆོས་གྲ་འགྲིམ་པར་སྐོར་ཅིག་ཕེབས་པ་འགབ་ཅེས་མོལ་བས། སྤྲུལ་པའི་སྐུ་ཐུགས་རིག་སྤྱི་དང་མི་འདྲ་བ་གྲུང་པོ་ཞིག་འདུག་གཤིས་ཆོས་གྲར་བྱོན་སོང་བ་ཐུགས་སྐྱེད་ཆེ་བའི་མཚན་ཉིད་ཀྱི་སྟོན་པ་ཚད་ལྡན་གྱི་སྒོ་དོད་སྐད། རྒྱ་བཏབ་ར་མོ་ཆེའི་གཙུག་ལག་ཁང་དུ་གསར་བཞེངས་ཀྱི་སྐུ་རྣམས་དང་སྡེ་པས་ཐུགས་བཅད་ཀྱི་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པའི་འཁྲུངས་རབས་གྲ་ཚར་བཞེངས་པ་ཚོའི་གཟུངས་འབུལ་སྡེ་པ་ཉིད་ཀྱིས་གཙོ་མཛད་ལག་ལེན་པ་རིགས་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པ་ཅན་ཁ་ཤས་ཀྱིས་བྱས་ནས་རུ་ང་པར་ཕུལ་ཞིང་ར་མོ་ཆེའི་སྟེང་ཁང་དུ་གནས་བཅུ་དང་བར་ཁང་དུ་སྨན་བླ་རྣམས་བཞུགས་སུ་གསོལ་བའི་གནས་བཅུ་ལྷ་ཁང་དུ་སྙན་དར་ཁ་བཏགས་ཆེ་ཆུང་བསྡོམས་པ་ཉིས་བརྒྱ་སུམ་ཅུ་སྐོར། མཐིང་ཁྲ་དྲུག །སྡེ་པས་བསླབ་སྟོན་མཛད་དེ་གཉེར་པ་སྦྱིན་པས་བཀྲ་ཤིས་ཁང་གསར་དུ་བཟོས་པའི་ཁྲོ་ཀོང་བཞི། གཞན་ཡང་གོས་འཕན་སྐུ་གཟུགས་མ་ཆེ་བ་བརྒྱད། འཕན་ཆུང་ཞེ་དྲུག །མཐོངས་གན་གོས་ཚོན་ཁྲ། རྒྱན་


GLG006_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བཞི། ཁ་ཐི་སྔོ་དམར་གྱིས་བྱས་པའི་གནམ་རྒྱན་ལྔ། སྨན་བླ་ལྷ་ཁང་དུ་སྙན་ཤལ་ཆེ་ཆུང་བསྡོམས་པ་བརྒྱ་སུམ་ཅུ་སྐོར། ཁྲོ་ཀོང་གོང་འདྲ། འཕན་ཆེ་བ་བརྒྱད་དང་ཆུང་བ་ཞེ་གཉིས། བཟང་གོས་སྣ་ཚོགས་ཀྱི་གནམ་རྒྱན་བདུན། ཇོ་བོ་མི་བསྐྱོད་རྡོ་རྗེར་གོས་ཡུག་ལྔ་དང་ལིང་དཀར་ཡུག །ཉིན་བདེ་མ་གཉིས་ཀྱིས་གཙོས་པའི་ཁ་བཏགས་ཉེར་བརྒྱད། དར་ཡུག་བཞི། མཆོད་ཀོང་དྲུག །ལིང་སྐྱེར་གྱི་སྣམ་སྦྱར། དིང་ཕོན་དང་བུམ་གདན་མ་ཉིས་སྦྲེལ་གྱི་བླ་བྲེ། རྒྱལ་བ་བཙོང་ཁ་པ་ཆེན་པོའི་སྐུ་བརྙན་ལ་ཉིན་བདེ་མ་གཅིག་ཐེ་བའི་བཅུ་བཞི། ཉེ་སྲས་སྒོ་སྲུང་སྤྱིར་ཁ་བཏགས་དང་སྨན་ཙེ་བསྡོམས་པར་ཉིས་བརྒྱ་སྐོར། འདུ་ཁང་དུ་བུམ་གདན་གསར་མ་བཞི་དང་དཀྱུས་མ་བཞི་སྦྲེལ་བ་གཅིག་གིས་གཙོས་གོས་སྣ་ཚོགས་ལ་ས་གྲུབ་པའི་གནམ་རྒྱན་བཅུ་གཅིག །འཕན་ཆེ་ཆུང་བསྡོམས་པ་སོ་གཉིས། ཁ་ཐིའི་ཕྱེ་ཕུར་ཆེ་བ་གཉིས། གོས་སྣ་ཚོགས་ཀྱི་ཕྱེ་ཕུར་བཅུ་གཉིས། དར་ལིང་ཚོན་སྤེལ་གྱི་རྒྱལ་མཚན་ཆ་གཉིས། སེང་གཡབས་ལ་ཟངས་ཁྲ་སྦྲ་ཡོལ་གྱི་ཁེབས་བཅས། བརྒྱ་མཆོད་ཀྱི་དགོས་ཆ་ལ་ལོ་རེར་ཕྱེ་དང་མཆོད་འབྲུ་སོ་སོར་མཁར་ཁལ་སུམ་བརྒྱ་དྲུག་ཅུ་རེ་གསུམ། མར་ཁལ་ཆིག་སྟོང་དང་བརྒྱད་བརྒྱ། གཙང་སྤོས་བརྒྱ་བམ་སུམ་བརྒྱ་དྲུག་ཅུ་ཐམ་པ། གོན་མ་རྣམ་པ་བཞི་མ་བཅུ་གཉིས། སྨན་བླ་གཏོང་མི་དགེ་འདུན་བཞི་སྡེའི་རྩིས་འཁྲིར་མཆོད་རྫས་ཏིང་ལྔ་བརྒྱ། ཀོང་བུ་ཉིས་བརྒྱ། ཧོར་སིལ། རྔ་ཟླུམ། དུང་དཀར། ཁྲུས་བུམ། སྤོས་གཞོང་རེ། ཁྲོ། ཟངས་བན། ཟངས་རྒྱན་སོ་སོར་ཆ། ཀ་ཏོ་ར་


GLG006_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྕགས་སྐྱོགས་གསུམ་རེ། མཆོད་ཁྲི་བང་རིམ་གསུམ་པ། བརྒྱ་མཆོད་ཁང་ལྕམ་གང་མར་ལྕགས་ཁྲ་གླིང་བཞི་ལོགས་བཅད་ཅན་རྣམས་ཇི་སྲིད་ཀྱི་བར་གནས་པའི་གྲ་བསྒྲིགས་ཤིང་ལ་རྒྱའི་དཀོན་གཉེར་དགེ་སྐོས་གྲགས་པ་རྒྱ་མཚོས་བྱས། མཆོད་འབུལ་འདི་ངེད་རང་གི་བློ་ལ་ཡོད་རུང་གཙོ་བོར་སྡེ་པ་རང་གི་ཐུགས་བཞེད་ཡིན། དཔལ་ལྡན་འབྲས་སྤུངས་ཀྱི་དངུལ་གདུང་ལྷ་ཁང་གི་སྟེང་དུ་འཁྲུངས་རབས་བསྒྲིག་པའི་ཞལ་བཀོད་མཛད་སོང་བ། དེ་ཡང་སྡེ་པ་འཕྲིན་ལས་རྒྱ་མཚོའི་དུས་འབྲས་སྤུངས་སུ་ལམ་རིམ་དང་མཁན་བརྒྱུད་གྲ་ཚར་བཞེངས་པ་ཚོར་ཁྲི་སོགས་སོ་སོའི་ཆ་ལག་ཚང་བ་དགོས་རྒྱུར་སྐྱིད་ཤོད་ཕྱོགས་འདིར་དེ་རིགས་ཀྱི་སྲོལ་མ་དར་བའི་སྟབས་མཛད་པ་མ་ཤར། སྡེ་པ་བློ་བཟང་མཐུ་སྟོབས་ཀྱིས་ཡར་ཀླུངས་བཀྲ་ཤིས་ཆོས་སྡེའི་ལམ་ཟབ་ལྷ་ཁང་དང་གོང་དཀར་ཆོས་སྡེའི་ལམ་འབྲས་ལྷ་ཁང་། ཟ་དམ་གྱི་ཟུང་འཇུག་བརྒྱུད་པ་སོགས་གཟིགས་པའི་གཤིས་འདིར་ཡང་བླ་མ་སོ་སོར་ཁྲི་རྒྱབ་ཡོལ། གོས་ཀྱི་དབུ་ཞྭ། བེར་ཟླམ། འགན་སྦྱར། ཅོག་ཙེ་དང་བཅས་པ། གཙོ་བོའི་མདུན་ཅོག་སྟེང་དུ་ཀར་གན་འབྲུག་མ། སྟེགས། སྤྱི་བླུགས། བཟེད་ཞལ། རྣམ་རྒྱལ་བུམ་པ། རིགས་ལྔའི་ཕྱག་མཚན་རྣམས་དངུལ་ལས་གྲུབ་པ། ཐེག་ཆེན་གན་དྲིལ་རྡོར་བཅས། གི་གུ་ཤེལ་གྱི་ཏིང་བདུན་ཚར། ཁྲོའི་མེ་དམ་ཆ། བླ་སྐུ་གཞན་སོ་སོར་དྲིལ་བུ་རྡོར་བཅས། རྣམ་བུམ། ཞལ་དཀར། རག་གི་སྟེགས། སྤྱི་བླུགས། བཟེད་ཞལ་རྣམས་རེ། ཏིང་གསར་གྲ་མཚུངས་བརྒྱ་དང་བཅུ་གཉིས། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ལ་ཕྱག་འཕྲེང་ཙནྡན་ལ་མ་ཎི་བརྐོས་པ་ལས་གྲུབ་པ། དོ་


GLG006_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་རྒྱན་བཅས། མཆོད་ཅོག་བང་རིམ་གསུམ་པར་དངུལ་གྱི་མཎྜལ་གཉིས། བྱ་མ་བུམ་གཉིས། ཚ་གསེར་གྱི་མཎྜལ་གཡུ་རྩི་མ། དཀར་དམ་གཉིས། བྱ་མ་བུམ་གཉིས། ཕོར་པ་བདུན། སྡེར་མ་བཅུ་བཞི། གི་གུ་ཤེལ་གྱི་ཏིང་བཅུ་བཞི། བླུག་ཤེལ་གྱི་བུམ་པ་གཉིས། ལི་ཏིང་བདུན་ཚར་གསུམ། འདོ་ལ་ཅོག་རྒྱབ་མའི་མེ་དམ་གཅིག །རག་གི་མེ་དམ་ཆེ་ཆུང་བརྒྱད། སྤོས་འདམ་གྱི་རི་བྲག་གཟུགས་གཅིག །ཁྲོ་དང་རག་ཀོང་ཆེ་ཆུང་གསུམ་རེ། མཉྫི་གཉིས། སྐུ་རྣམས་ཀྱི་རྒྱབ་ཏུ་སངས་རྒྱས་སུམ་ཅུ་རྩ་ལྔ་སིའུ་མའི་གོས་ཡོལ་གོང་པར་དངུལ་གྱི་མ་ཎི་ལཱཉྪ་མའི་རྒྱན་ཡོད་པ། བུམ་གདན་ལྔ་སྦྲེལ་ཞིག་གིས་གཙོས་བཟང་གོས་ཀྱི་གནམ་རྒྱན་ཆེ་ཆུང་ལྔ། གན་གོས་ཀྱི་གདུང་ཁེབས་དང་དེ་ལ་བཏགས་པའི་འཕན་ཆུང་དྲུག་ཅུ་ཐམ་པ། མར་མེ་སྡོང་རྐང་གསུམ་དང་ཞལ་ཟས་གསུམ་རེའི་རྒྱུན་མཆོད་བཙུགས། ཚེས་བཅུ་དྲུག་ལ་ཨ་མདོ་རྐྱང་རི་སྐོར་གྱིས་རྟ་བཅུ་གཉིས་ཀྱི་ཕྱག་རྟེན་བྱུང་། སྡེ་པ་ཐོན་པ་བཀྲ་ཤིས་རབ་བརྟན་དང་མཚོ་ཁ་ནས་གསར་དུ་འབྱོར་བའི་ཁོ་ཤི་གོའུ་ཆི་མེར་གན་ཐའི་ཇི་སོགས་མང་བ་དང་ཕྲད། ཚེས་བཅུ་བདུན་ནས་བདུན་གཅིག་གི་རིང་འཕགས་པ་ལོ་ཀེ་ཤྭ་ར། མཁན་ཆེན་བོ་དྷི་ས་ཏྭའི་ཐུགས་དམ་རྟེན་གྱི་སྒྲོལ་མ། མུས་ཆེན་སེམས་དཔའ་ཆེན་པོ་དཀོན་ཅོག་རྒྱལ་མཚན་ལ་གསུང་བྱོན་པའི་གླིང་ཁ་སྒྲོལ་མ་རྣམས་གདན་དྲངས་པའི་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པ་དང་བཅས་ཐུགས་རྗེ་ཆེན་པོ་དང་ཇོ་མོ་སྒྲོལ་མ་ལ་གསོལ་འདེབས་བཟླས་བརྗོད་ནན་ཏན་དུ་བྱས་ནའང་ལས་ཉོན་གྱི་སྒྲིབ་པའི་བག་ཆགས་ཧ་ཅང་འཐུག་དྲགས་པས་རྨི་ལམ་


GLG006_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པ་ཙམ་ཡང་མ་བྱུང་བར་རང་ཉིད་ཀྱིས་སྐྱོན་ལས་སྐྱབས་ཡུལ་ཚོར་འཁང་ར་བརྡུང་རྒྱུ་ནི་ཅི་ལ་ཡོད། ཆོས་སྡེ་ཆེན་པོ་ཕན་ཚུན་དུ་གཞན་གྱི་ཟུར་ཇ་མེད་པའི་གསེང་ཐམས་ཅད་ལ་སྐོལ་བའི་ཇ་ཚུལ་ཟླ་བ་གསུམ་གྱི་ཡུན་བཏང་། གསང་སྔགས་རྙིང་མའི་ཕྱོགས་སུ་གཤིན་རྗེ་མེའི་སྤུ་གྲི་དང་སྔགས་རྒོད་ལོག་ཏྲི་གཉིས་ཀྱི་མཚན་རླུང་ལྟར་གྲགས་ཤིང་དབང་ལུང་ཐོར་བུའི་རྒྱུན་ཤིན་ཏུ་འབོལ་ནའང་ལག་ལེན་མན་ངག་ཡོངས་རྫོགས་ཀྱི་མཐའ་ཆོད་ཤིག་མཛུབ་སྤྲོད་རྒྱུ་ཡོད་པ་ཆོས་རྒྱལ་འབྲི་གུང་པ་ཙམ་མ་གཏོགས་ཕྱོགས་གང་དུའང་གསེར་བཏོན་པའི་ས་རོར་སྣང་བས་མཆོད་རྟེན་དཀར་ནག་གི་བཅའ་གཞི་མུན་ནག་འདོམ་མཇལ་དུ་མ་སོང་བའི་འཁྲུལ་མེད་ཀྱི་ཕྱག་ལེན་ལྟར་བཟོ་རྩིས་ཀྱི་རྫས་དང་ཡོ་བྱད་ཀྱི་སྟ་གོན་བྱས། ཨེ་པ་སྤྲུལ་སྐུ་བག་དྲོ་ཅན་གྱིས་བཟོས་ཤིང་ཚོན་རྩི་སོགས་ཀྱང་ལེགས་པ་བསྒྲུབས། གཟུངས་བཞུགས་སྤྱིར་བཏང་གིས་རྒྱས་མི་ཁེབས་པའི་གནུབས་ཆེན་བརྒྱུད་པའི་ཕྱག་བཞེས་ཆོས་རྒྱལ་འབྲི་གུང་པར་བཀའ་བབས་པ་བཞིན་ངེད་རང་གིས་ཕུལ་བའི་ལག་གཡོག་མཆོད་དཔོན་པ་དང་དགེ་སློང་འཇམ་དབྱངས་གྲགས་པས་བྱས་པའི་དངོས་ཤིན་ཏུ་གཙང་བ་ཡོད། ཨ་མདོ་ཨ་དྲག་སྐོར་གྱིས་རྟ་ལྔ་བཅུ་ང་གསུམ་བྱིན་པའི་དགེ་བ་རྫོགས་བྱང་དུ་བསྔོས།ཉེར་བདུན་ལ་དགའ་ལྡན་ཕུན་ཚོགས་གླིང་སློབ་དཔོན་ས་ར་ཧ་པ་བློ་གྲོས་རྣམ་རྒྱལ། དགའ་ལྡན་གསང་གླིང་བླ་མ་ངག་དབང་ནོར་བུ། ཐར་གླིང་པ་བློ་བཟང་ཆོས་འཕེལ། མཁའ་འགྲོ་དགེ་ཚུལ་མ། སྟག་ལུང་དབུ་མ་ཕྱག་མཛོད་རྣམས་དང་ཕྲད། དྲུང་འཚོ་གསུམ་དགའ་དང་དར་མོ་སྨན་རམས་པ་གཉིས་ཀྱི་རིན་


GLG006_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་རྟ་རི་མར་རྒྱས་འབྲིང་བསྡུས་གསུམ་ཡོད་པ་ལས་ཤིན་ཏུ་རྒྱས་པ་ཟིན་ཏིག་ལུགས་ལྟར་དང་ཟླ་ཤེལ་སྦྱོར་བཅུག་པའི་སྨན་དང་དགོས་ཆའི་རིགས་ཤིན་ཏུ་འཛོམ་པའི་གཏོད་ཆེ་བར་སྦྱར་བ། ལྷག་ཏུ་ལོ་སྔོན་མ་བཙོ་བཀྲུ་སོང་བའི་དངུལ་ཆུའི་ཕན་ཡོན་ལ་བརྟེན་ནད་པའི་རིགས་གང་བྱིན་ངོ་སོ་ཐོན་པ་བྱུང་། སྡེ་པ་འོལ་དགའི་ཆུ་ཚན་གྱི་ཞོར་ལ་རྒྱལ་མེ་ཏོག་ཐང་གི་གཏོར་གསོས་མཛད་རྩིས་འདུག་པ་བཞིན་གཙུག་ལག་ཁང་དང་མགོན་ཁང་ཚོར་འབུལ་བའི་སྙན་ཤལ་ལ་འདྲི་རྒྱུའི་ཚིགས་བཅད། མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་བྱམས་ཆེན་དང་ཆོས་སྐྱོང་ཁ་ཤས་ལ་སྒྲོན་རྒྱུའི་སྙན་དར་ཁ་ཡིག་བཀོད། ཉེར་དགུ་ལ་སྡེ་པ་དཔོན་གཡོག་རྒྱལ་འོལ་ཕྱོགས་སུ་བཏེག་གྲུབ་རྗེས་གཙང་བཀྲ་ཤིས་ལྷུན་པོ་ནས་ཕྱག་མཛོད་ཕུན་ཚོགས་རབ་བརྟན་འབྱོར་པ་སྡེ་པར་ཞལ་དཀར་འབུལ་བ་སོགས་མཇལ་ན་མ་མཇལ་ཡོད་ཚུལ་བྱུང་བས་བསྒུགས་ན་ཡུན་རིང་ཞིང་འོལ་དགའ་ཕྱོགས་ལ་སྙེག་དགོས་ཤར་ཚེ་མི་ཁལ་ལ་གཟན་པས་མི་འཆག་ཏུ་བགྲོད་པ་འགབ་ཚུལ་ལབས་པ་ལྟར་རྣམ་སྲས་ཁང་གསར་དུ་མཇལ་ཐུབ་སྟེ་ཕྱིར་འཁོར་བའི་ཧོར་ཟླ་དགུ་པའི་ཚེས་གཉིས་ལ་ངེད་རང་དང་ཕྲད། གོས་དར་གྱི་སྟེར་ཆ་སྤམས་བསྟོད། འ་ཤུར་དང་ཟུང་ཆུ་རྣམས་ཀྱི་འགྲུལ་པ་འབྱོར་བའི་རྟ་བརྒྱ་ལྷག་གི་རྙེད་པ་བསྟབས། ཚེས་གསུམ་ལ་བཀྲ་ཤིས་ལྷུན་པོ་ཕྱག་མཛོད་ཀྱི་འདོད་པ་བཞིན་གྲ་ཚང་གིས་འབྲས་གཤོངས་དག་སྣང་གི་མཁའ་འགྲོ་སྡེ་ལྔར་བརྟེན་པའི་རིང་འཚོའི་རྟེན་འབྲེལ་བསྒྲིགས་ཐོག་མཎྜལ་གྱི་ཚུལ་དུ་སྟེར་ཆ་ཚན་ཆེ་བ་དང་གྲྭ་པ་ཚོར་ཁ་བཏགས་དང་དངུལ་སྲང་རེའི་འགྱེད་བཏང་། ཕྱག་མཛོད་


GLG006_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་གཡོ་བ་བ་རི་ལུགས་ཀྱི་རྗེས་གནང་བདོག་པའི་ཚན་གྲངས་དང་བཅས་ཏེ་རྫོང་བདའ་བྱས། དབྱར་ཚོང་འདུས་བྱ་ཁྲིད་མིག་གཅིག་པས་སྟོད་ཧོར་བཟློག་པའི་རྟེན་འབྲེལ་དུ་ཕྱག་རྡོར་གྱི་སྐུ་བཞེང་དགོས་པའི་ལུང་བསྟན་ལྟར་ཧོར་ཟླ་བདུན་པའི་ཚེས་བཅུ་གཉིས་ནས་བལ་པོ་སིདྡྷི་ཅན་གྱིས་བཞེང་བའི་འགོ་བརྩམས་པ་འདི་སྐབས་གྲུབ་པར་གཟུངས་བཞུགས་དགེ་སློང་འཇམ་དབྱངས་གྲགས་པས་ཕུལ་ཏེ་པོ་ཏ་ལའི་རྒྱ་ནག་ལྷ་ཁང་དུ་བཞུགས་སུ་གསོལ་བར་ཆོས་སྐྱོང་གི་གསུང་བཞིན་སྙན་དར་ཞལ་བྱང་མ་སྒྲོན་ཞིང་མེ་ཏོག་གཏོར། པཱ་རས་འབུལ་དཔོན་གྱིས་རྟ་བཅུ་བདུན། གྲ་པ་སྤྱིས་བདུན་ཅུ། བྱ་བྲལ་བསྟན་པ་བཟང་པོ་ཅན་གྱིས་རྟ་སོ་བཞི། བསྟན་པ་ཤེས་རབ་ཀྱིས་རྟ་ཉི་ཤུ་རྣམས་བྱུང་། ཚེས་བཞི་ནས་སླར་ཡང་སྒོ་གསུམ་མི་འདའ་བའི་བཅད་རྒྱ་བདུན་གཅིག་གི་བར་བགྱིས་ཏེ་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་བསྙེན་པའི་ཁ་གསོས། འབྲི་གུང་གཏེར་སྒྲོམ་གྱི་རང་བྱུང་ཁྲུས་ཀྱི་རྫིང་བུ་ནས་ཆུ་དྲངས་ཏེ་ཉིན་བདུན་གྱི་བར་འཕྲོད་བསྟེན་བྱས། ཟུང་previous hit ཆུ་བློ་བཟང next hit་རྒྱལ་མཚན་གྱིས་རྟ་ཉེར་གཅིག་གི་རྙེད་པ་བསྟར། འཕྲེང་བ་ཞེ་ལྔ་མའི་དཀྱིལ་ཐང་རྒྱབ་ཡིག །ལྷ་ས་ཁང་གསར་པ་དགེ་བསྙེན་ཁྱོ་ཤུགས་ཀྱིས་བཀའ་འགྱུར་དང་བྱང་གླིང་བསམ་གྲུབ་རྒྱལ་པོས་རྙིང་མ་རྒྱུད་འབུམ་བཞེངས་པའི་དཀར་ཆག་སྨོན་ལམ། འཕྲུལ་སྣང་གཙུག་ལག་ཁང་ལྷོའི་སྟེང་གི་འདྲ་འབག་ལ་བྱང་གླིང་པས་མཆོད་པ་རྒྱུན་བཙུགས་ཀྱི་སྨོན་ལམ། དབུ་མཛད་བློ་བཟང་ཡོན་ཏན་གྱིས་གྲ་ཚང་ལ་འབུལ་རྒྱུའི་མཚན་བརྒྱད་ཀྱི་བྲིས་ཐང་ཆེ་ལེགས་དང་དགེ་སློང་དཔལ་རྒྱམ་པའི་གསེར་ཐང་དུ་མའི་རྒྱབ་ཡིག་རྣམས་བྲིས། ཉེར་བདུན་ལ་ཆ་གན་ནོ་མོན་ཁན་


GLG006_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐུ་སྐྱེས་གསེར་སྲང་བརྒྱ་དང་རྟ་བརྒྱ། ཇ་ཀོ་དྲ་གཏོས་ཆེ་བ། བྱ་བྲལ་དཀོན་ཅོག་ཅན་གྱིས་རྟ་ང་དགུ །ཤེས་རབ་ཅན་གྱིས་ཞེ་ལྔ་སོགས་ཟང་ཟིང་གི་བདོག་པའི་འཕྲིན་ལས་ཚར་དུ་དངར། གསང་ཕུ་གླིང་སྨད་ཆོས་རྗེ། ངོར་མཁན་པོ་ཐར་རྩེ་བའི་གསོལ་དཔོན་མི་རྒྱུ་ཧོར་ཡིན་པ། བཀྲ་ཤིས་ལྗོངས་ཆོས་རྗེ། དགའ་ལྡན་འོག་མིན་གླིང་གི་བླ་མ་ཚ་བ་རབ་འབྱམས་པ་རྣམས་དང་ཕྲད། ངོར་མཁན་པོ་དེ་གསན་རྒྱ་ཆེ་རབ་ཡོད་ཚོད་དུ་འདུག་ཀྱང་འཕྲོས་གླེང་ལ་བརྗོད་པ་གཙང་བའི་རྣམ་དཔྱོད་ཅན་མི་སྣང་། གནམ་གང་ལ་རུ་བཞིའི་བསྙེན་གནས་མ་ཚོར་ཡན་ལག་བརྒྱད་པའི་ཁྲིམས་ཕབ། དགེ་སློང་བརྒྱ་སུམ་ཅུ་དང་། ཆ་གན་ནོ་མན་ཁན་གྱི་སྐུ་སྐྱེས་གཙོས་དགེ་ཚུལ་ཉིས་བརྒྱ་བདུན་ཅུ་བསྒྲུབས། ཟླ་བ་བཅུ་པའི་ཚེས་གཅིག་ལ་ནོ་མོན་ཁན་གྱི་སྐུ་སྐྱེ་ཅན་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར། ཆོས་སྡེ་ཆེན་པོ་ཕན་ཚུན་དུ་མང་ཇའི་ཐོག་ཉེར་སྤྱད་ཀྱི་དངོས་པོ་དང་ཇ་སོགས་སྤོང་དག་གི་འགྱེད་རྒྱས་པར་ཕུལ། སྔགས་ཁང་དང་གནས་ཆུང་ལྕོག་ཏུ་ཉིན་གསུམ་གྱི་བར་བསྐང་གསོ་བཙུགས། ཡུང་ཤི་ཡེ་བུ་ཀླུ་མགོན་ཐའི་ཇིས་རྟ་བཅོ་ལྔ་བྱིན། ཚེས་བཞིའི་ཉིན་གྲོང་སྨད་སྡེ་པ་ཨ་བར་ལ་ཚེ་དབང་ཁ་ཤས་བསྐུར། ལྔ་ལ་སྡེ་པ་དཔོན་གཡོག་ཕྱིར་འཁོར་བའི་ཁམས་གསུམ་དུ་ཕྲད། སང་ཉིན་རྒྱལ་སྲས་བསོད་ནམས་བཀྲ་ཤིས་དང་འབྲས་སྤུངས་ཀྱི་སློབ་དཔོན་ལས་ཐོག་པ་རྣམས་ལ་ཇ་གྲལ་བཏང་། དབུ་མཛད་བློ་བཟང་ཡོན་ཏན་གྱིས་འཛུགས་ཇ་བརྒྱབ་པའི་ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ཇ་མཆོད་ཕུན་ཚོགས་འདོད་དགུ་མ་ཞེས་རྗོད་བྱེད་ཀྱི་ཚིག་


GLG006_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

འཇེབས་ཤིང་བརྗོད་བྱའི་དོན་ངོ་མཚར་ཅན་དེ་གྲ་ཚང་གི་ཚོགས་སུ་བཙུགས། དོན་གཉིས་གླིང་པའི་གྲ་པ་ཞིག་གིས་ཕར་ཕྱིན་གསར་རྩོམ་གྱི་རྒྱུགས་སྤྲད། བྱང་གླིང་བསམ་གྲུབ་རྒྱལ་པོར་ཉིན་ཐང་གི་སྒྲོལ་དཀར་ཞིག་བྱིན་པར་བརྟེན་རྒྱུན་འདོན་ལ་དགོས་པའི་མངོན་རྟོགས་ཉུང་ངུ་། དྲུག་བརྒྱ་དགེ་སློང་གི་ཁ་ཏོན་དུ་ཕ་བོང་ཁ་པ་འཇམ་དབྱངས་གྲགས་པའི་གསོལ་འདེབས། ལྷ་ས་ཁང་གསར་བས་མའི་ཆེད་དུ་རྨི་རུ་བར་ཞིང་ཕུལ་བའི་དགེ་བ་བསྔོ་ཚིག །ངེད་རང་གི་བདག་འཇུག་ལེན་རྟེན་ཀྱཻ་རྡོར་མན་ངག་ལུགས་དང་བདེ་མཆོག་དྲིལ་བུ་ལྷ་ལྔའི་དཀྱིལ་ཐང་གསར་བཞེངས་ཀྱི་རྒྱབ་ཡིག །རྗེ་བཙུན་རིན་པོ་ཆེ་གྲགས་པ་དང་ཚར་ཆེན་གྱི་སྐུ་ཐང་སྡེ་པའི་དད་རྟེན་དུ་བཞེངས་པའི་རྒྱབ་ཡིག་ཚིགས་བཅད་ལག་བྲིས་མ། བདག་མོས་སངས་རྒྱས་ཤཱཀྱ་ཐུབ་པ། ཨོ་རྒྱན་རིན་པོ་ཆེ། ཇོ་བོ་ཆེན་པོ། རྒྱལ་བ་བཙོང་ཁ་བ། ངེད་རང་གི་འདྲ་འབག་དང་བཅས་པར་ཡན་ལག་གི་རྗེས་ཡོད་པའི་བྲིས་ཐང་བཞེངས་པ་རྣམས་ཀྱི་ཁ་བྱང་། ངོར་མཁན་པོས་ཨེ་ཝཾ་ཚོགས་ཆེན་དུ་འཛུགས་རྩིས་ཀྱི་གསུང་གིས་བསྐུལ་ངོར་རིང་འཚོའི་སྨོན་ལམ་ཚིགས་བཅད། དགེ་སློང་ཡོན་ཏན་བཀྲ་ཤིས་ཀྱི་འདོད་སྦྱར་བཞིན་སྨོན་ལམ་དང་རྒྱུད་སྨད་བྱང་འདྲེན་བློ་བཟང་རྒྱལ་མཚན་གྱིས་བསྐུལ་བའི་བདག་བསྟོད་རྣམས་བྲིས། རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ། གཏེར་སྟོན་རིགས་འཛིན་ཆེན་པོ་གཉིས་ཀྱི་གསུང་གིས་བསྐུལ་ཞིང་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་ཞབས་མཐུད་པར་བརྟེན་ཚེ་དཔག་མེད། ཐུགས་རྗེ་ཆེན་པོ། བཀའ་བརྒྱད་སྤྱི་བྱེ་བྲག །མཚན་བརྒྱད། ཇོ་མོ་གཉིས། དྲག་དམར། རྟ་མགྲིན། ཕྱག་རྡོར་སོགས་རྒྱ་ཅན་ཕལ་ཆེར་གྱི་འཕྲིན་ལས་སྒྲུབ་ཐབས་དབང་


GLG006_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་རིག་གཏད་ཀྱི་ལག་ལེན་ནོར་བུ་དབང་གི་རྒྱལ་པོའི་བང་མཛོད། རེ་མ་ཏཱིའི་གཏོར་ཆོག་དབང་རིག་གཏད་ཀྱི་ཆོག་ཁྲིགས་ཡོངས་འདུའི་ལྗོན་པ། ཡང་གསང་ཀརྨ་དྲག་པོའི་ལས་བྱང་དབང་གཏོར་བཟློག་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་བདུད་སྡེ་འཇོམས་པའི་བཤན་པ་རྣམ་རོལ་རྣམས་བཀོད་པའི་ཡིག་མཁན་དགེ་སློང་འཇམ་དབྱངས་གྲགས་པས་བྱས་པ་ཆོ་གའི་དེ་ཉིད་ཤེས་པའི་ཉམས་ཀྱིས་ཡི་གེ་དག་ཅིང་མགྱོགས་པ་བྱུང་། ཚེས་བཅུ་གསུམ་ལ་མཚོ་ཁ་ནས་གསར་འབྱོར་མེར་གན་ཧུང་ཐའི་ཇིའི་བུ། དཔོན་མོ་གཉིས་གཡོག་བཅས། བདག་མོ་རྣམས་དང་མཇལ། ཚོང་འདུས་ནས་བཤན་པ་བྱ་ཁྲིད་མིག་གཅིག་པས་སྡེ་པ་ཉིད་ཀྱིས་ཐོག་དྲངས། གྲ་ས་ཕན་ཚུན། དྲུང་འཁོར་སྐྱ་སེར། ལྷ་ས་པའི་གནས་ཁག་སོགས་མགྲིན་གཅིག་པའི་ངོས་གྲ་ཚང་གིས་རིང་འཚོའི་རྟེན་འབྲེལ་བསྒྲིགས་ན་ལེགས་པའི་ལུང་བསྟན་བྱུང་བར་བརྟེན་རྒྱས་པ་ཞིག་མཛད་བཞེད་འདུག་ཀྱང་དེ་རིགས་ཀྱིས་བཅའ་བཀོད་བསྒྲིགས་ཚེ་ཐམས་ཅད་ཕན་ཚུན་འགྲན་པ་ལྟ་བུས་བདོག་པའི་སྐྱེས་སྤེལ་བའི་ནད་ལངས་ཏེ་དོན་ཁྲལ་འགེལ་རང་དུ་འགྲོ་བའི་མཚེར་པོ་མཆིས་པས་ཚེས་བཅུ་བཞིའི་ཉིན་ཇ་སྦྱོར་གཉིས་ཀྱི་ཐོག་གྲ་ཚང་ནས་མཁའ་འགྲོ་སྡེ་ལྔ་ལ་བརྟེན་པའི་འཁྱེར་བདེ་མཛད་ཅིང་། དྲག་རིམ་ནས་ཐོར་བུས་ཚན་གྲངས་འོས་འགབ་དང་དམངས་མ་རྣམས་ཀྱིས་མཇལ་དར་ལས་སྤྲོས་པའི་འགྲོ་སྒོ་མེད་གཤིས་རིམ་གྲོ་ལ་འགྱུར་བའི་ཚད་ཅིག་བྱུང་། སྐྱར་པོ་བ་བློ་previous hit བཟང་ལེགས་ལྡན་མཚོ་ཁ་ནས་འཁོར་བའི་གནས་ཚུལ་ཞིབ་པར་མོལ། སྡེ་པའི་གྲང་གཞིའི་སྙུན་ལ་ཆུ next hit་ཚན་ཀྱིས་ཀྱང་ཧ་ཅང་ཕན་པ་མ་བྱུང་འདུག་པས་ངེད་


GLG006_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རང་དང་དར་མོ་བ་མོལ་བསྡུར་ངོས་གཏར་ཁ་ཕུལ་བ་ཟླ་བ་བརྒྱད་ཙམ་གྱི་བར་གདངས་པའི་འཕྲོད་ངོ་ཆེ་ངེས་བྱུང་། དབྱར་སྟོད་དཔོན་ཚངས་མཁས་པ་མང་པོས་བདུད་རྩི་སྨན་གྱི་སྦྱོར་བ་གྲངས་མེད་མཛད་པའི་ལག་རྗེས་ཁྲག་ཕོར་པ་གང་གིས་བསུབས་པར་སྣང་། རྗེས་གཅོད་དུ་མེ་བཙའ་ཞིག་བཞག་ན་སླར་མི་ལྡང་བ་ཡོང་རིགས་ལ་ཐུགས་ལ་མ་ལྡན་པས་རྟ་པོའི་སྒལ་བཅོས་ཀྱི་དཔེར་སོང་དོགས་ནན་ཏན་མ་ནུས། ལྔ་མཆོད་ཆེན་མོའི་གླིང་མེ་སྟོད་སྨད་ཚོར་ལེགས་ཉེས་སྣ་ཚོགས་བྱུང་འདྲ་ཞིང་ཉེ་སྐོར་ཚོར་འབར་པོ་མ་བྱུང་རུང་ལ་ལ་ལེགས་པའི་སྙན་བརྗོད་ཀྱང་ཆེ་བ་པད་ལས་ཡིན་ནམ་ལྷ་མི་ཡི་དྭགས་གསུམ་གྱིས་ཆུ་ཕོར་བ་གང་ལ་མཐོང་ཚུལ་མི་འདྲ་བའི་དཔེ་ཡིན་ནི་མ་ཤེས། ཧོར་ཟླ་བཅུ་གཅིག་པའི་ཚེས་གཉིས་ལ་བསྟན་འཛིན་ད་ལའི་རྒྱལ་པོ་བཙུན་མོ་སྲས་བློན་འབངས་ཀྱིས་ཡོངས་སུ་བསྐོར་ཏེ་རྟ་རྨིག་གི་སའི་རྡུལ་གྱིས་ནམ་མཁའ་འགྲིབ་པ་ལྟ་བུ་དང་བཅས་བྱོན་པ་སྔ་དྲོ་ཚོམས་ཆེན་དུ་མཇལ་ཞིང་འཚམ་འདྲི་ཡུལ་ལུགས་དང་བསྟུན་པའི་དྲི་བཤད་རྒྱས་པར་བྱུང་། ཕྱི་དྲོ་རྒྱལ་གླིང་མཁན་པོ། རྫིང་ཕྱི་མཁན་པོ། བདེ་ཆེན་ཡངས་པ་ཅན་གྱི་སྤྱན་སྔ། ཐུགས་སྲས་སྤྲུལ་སྐུ། སྡིངས་པོ་ཆེ་སྤྲུལ་སྐུ། རྟ་ར་མདོ་བ་ཁུ་མཚན་སོགས་བོད་སོག་གི་ཕྲད་མི་ཤིན་ཏུ་མང་། མེར་གན་ཧུང་ཐའི་ཇིའི་བཙུན་མ་གཉིས་ཀྱིས་གོས་དར་ཇ་དངུལ་གྱི་བརྒྱ་འབུལ། ཏྲེ་བོ་ཧོར་ཚང་གི་ཡོང་མིས་རྟ་སོ་གཉིས་དང་དྲེའུ་ཞེ་དགུས་གཙོས་པའི་བདོག་པ་རྒྱ་ཆེར་སྤེལ། བླ་མ་གཞན་རྣམས་དང་ཀོང་པོ་ཁ་ཐག་གི་གསུང་གླེང་། སྡིངས་པོ་ཆེ་བས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ནས་སྨྲ་བའི་སྒོ་འཕར་ཅི་ཡང་ཕྱེ། མདོ་པ་ཆོས་


GLG006_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དགེ་བའི་དབང་པོ་མཁས་བཙུན་བཟང་གསུམ་གང་ནས་ཀྱང་གྲལ་འགོར་དགོས་རྒྱུར་ཁོང་ཁུ་ཚན་གོ་ལྡོག་པ་ཞིག་སྣང་བ་མཆོད་རྟེན་མས་སྦོམ་གྱི་དཔེར་གདའ། ཚེས་གསུམ་ལ་ངོར་མཁན་པོ་དང་མདོ་པ་ཆོས་རྗེ། འདར་པ་ལོ་ཙཱ་བས་མཚོན་ཁ་ཤས་ལ་དབྱངས་ཅན་སཱ་ལའི་ཕོ་ཉའི་རྗེས་གནང་། དེའི་སྒྲུབ་སྐོར། མཁན་པོས་བསྐུལ་བའི་རིང་འཚོའི་ཚིགས་བཅད་ཀྱི་ལུང་ཕུལ། བསྙེན་རྫོགས་པ་ཞེ་དགུ་དང་དགེ་ཚུལ་བཅུ་དགུ་བསྒྲུབས། ཚེས་བརྒྱད་ནས་གྲ་ཚང་གི་གྲ་པ་གྲངས་བཅད་ཀྱིས་འཇམ་དཔལ་གཤིན་རྗེ་དམར་པོ་རླུང་སྒྲུབ་ཀྱི་ལས་སྦྱོར་བཙུགས། གྲ་ཚང་གི་གྲ་དམངས་ཚོ་གསུམ་དུ་བགོས་ཏེ། ལྷ་ས། ར་མོ་ཆེ། འབྲས་སྤུངས་ཀྱི་རྟེན་གསར་རྣམས་ལ་ཚེས་བཅུའི་ཉིན་རབ་ཏུ་གནས་པའི་རྡོ་རྗེའི་སློབ་དཔོན་ལྷ་སར་ཆོས་རྗེ་ཁ་རག་པ། ར་མོ་ཆེར་དགེ་སློང་འཇམ་དབྱངས་གྲགས་པ། འབྲས་སྤུངས་དབུ་མཛད་བློ་བཟང་བསྟན་འཛིན་གྱིས་བྱས་པའི་ཞབས་ཏོག་ཡོན་སོགས་རྒྱས་པ་བྱུང་ཚོད་དུ་འདུག །ཚེས་བཅོ་ལྔ་ལ་ཆབ་མདོ་རྗེ་དྲུང་རིན་པོ་ཆེའི་སྤྲུལ་སྐུ། བོན་གཡུང་དྲུང་གི་མིག་གཅིག་པུ་སྐུ་མདུན་ལྷུན་གྲུབ། ཨ་མདོ་པའི་རྟ་འབུལ་བ་ཁ་ཤས། ནག་ཚངས་ལྷ་སྐྱབས་ཅན་ཕྲད་མི་མང་། འབྲི་གུང་ནས་རིགས་འཛིན་དཀོན་ཆོག་ལྷུན་གྲུབ་ཀྱིས་གཏན་དུ་གནས་པའི་ཚིགས་བཅད་དགོས་ཚུལ་སྙན་ངག་གི་ལམ་ནས་དྲངས་ཏེ་བྱུང་བར་དེ་དོན་གྱི་ལན་བི་ཝརྟ་ཅན་བསྐུར། ཁམས་ནས་དཔོན་མཁའ་འགྲོས་གངས་དཀར་སྤུན་གསུམ་གནས་ལུགས་ཀྱི་རྒྱུ་མཚན་དང་བཅས་བསངས་མཆོད་ཀྱི་བསྐུལ་མ་མཛད་པ་དཔོན་ཐུགས་རིས་རྒྱས་དྲགས་པའི་རྒྱུ་མཚན་


GLG006_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་བརྫུན་ཇི་ལྟར་ཡང་གང་སྨེད་ལ་སློབ་དཔོན་བཅོལ་ཏེ་ཡི་གེར་བཀོད། གེ་ར་ཆོས་མཛད་བློ་བཟང་དགེ་འདུན་བྲོ་ནད་དམ་པོས་གཙེས་པར་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་བྱིན་རླབས་དང་ཚར་ཆེན་གྱིས་མཛད་པའི་མངོན་རྟོགས་ཀྱི་ལུང་བཀླགས། སྲུང་བ་དང་གཏེར་སྦྱིན་གང་ལེགས་བྱས། འོན་ཀྱང་བཀའ་གདམས་གླེགས་བམ་རིན་པོ་ཆེར་གསུངས་པ་བཞིན་ཕོ་ལྷ་བདུད་བབས་ཀྱིས་མཐའ་ཚེས་མདོག་ཁ་མོ་མི་སྣང་། བསྟན་འཛིན་དཔོན་མོས་རྔ་མོ་དྲུག་ཅུ་རེ་བཞི་དང་། ནག་ཤོད་སྦུས་ན་དེའི་བླ་མས་རྟ་བཅུ་དྲུག་བྱིན། ལར་ནས་ཤི་སོན་གྱི་དོན་དུ་ངལ་བ་ཁྱད་དུ་བསད་ནས་འོངས་པའི་སྟེར་སྦྱིན་ཚན་པོ་ཆེར་བསྔོ་སྨོན་སོགས་གང་ཡོང་གི་ཁུལ་བྱས་ནའང་དཀོར་ནག་འདི་འཇུ་བ་ཞིག་ཡོང་རིས་སུ་མི་འདུག་པས་བླ་ཆེན་ཚོའི་ཕེབས་ལམ་དེ་རྒྱ་བལ་གྱི་དཔྱ་འཕྲང་ལས་ཀྱང་དཀའ་བ་ལས་འོས་ཅི་མཆིས། ད་ལྟ་ནི་ཐམས་ཅད་ཁྲི་མཐོན་པོའི་སྟེང་ན་ཐུགས་བག་དྲོ་བར་སྣང་། ཉེར་བདུན་ལ་འབྲས་སྤུངས་ཧ་སྡོང་ཁམས་ཚན་གྱིས་དཀར་སྤྲོ་དམར་སྤྲོའི་གཞིས་ལེན་སྟེར་ཆ་དང་བཅས་པས་བཟབས། སང་ཉིན་ལྷ་གཟིགས་ཕག་མོ་གྲུ་པའི་བདག་མོ་རྩེ་ཆེན་མ་ང་ལས་ནུ་སུམ་ཅུ་རྩ་གསུམ་གྱི་གནས་ནས་ལྷུང་བ་ལྟ་བུ་དེ་དང་བཀྲ་ཤིས་ལྗོངས་ཆོས་རྗེ། མཚུར་ཕུ་ཕྱག་མཛོད་སོགས་བོད་སོག་ཀྱི་སྐྱེ་བོ་མང་པོར་ཇ་གྲལ་བཏང་། སྟག་ལུང་ཞབས་དྲུང་ངག་དབང་བཀྲ་ཤིས་དཔལ་གྲུབ་ཀྱི་དགོངས་རྫོགས་སུ་དབུ་མ་ཕྱག་མཛོད་བློ་བཟང་ངག་དབང་གིས་བཀའ་འགྱུར་བཞེངས་པའི་དཀར་ཆག་སྨོན་ལམ་བྲིས། ཁོང་པ་བླ་མའི་ཕྱག་གཡོག་ཏུ་འགྱུར་ཆེས་པའི་ཀུན་


GLG006_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བོ་དང་མཚུངས་པའི་བསྔགས་བརྗོད་རྒྱས་པར་བྲིས་པ་ཡིན་ནའང་འོད་སྲུངས་ཆེན་པོས་ཀུན་དགའ་བོ་གནས་ནས་ཕྱུང་བའི་རྟེན་འབྲེལ་ཡིན་ནམ། ཞབས་དྲུང་ཟུར་པའི་དགོངས་ཕོག་ལ་བརྟེན་སྡུག་བསྔལ་འཕགས་པའི་བདེན་པའང་ཅུང་ཟད་མཐོང་བར་སྣང་། བྱ་ཁྱུང་མཁན་པོ་ཡེ་ཤེས་རྒྱ་མཚོ་དང་ཨོ་རོད་གཡོན་རུ་དའི་ཆིན་ཁོ་ཤོའུ་ཆིའི་དགེ་ཚུལ་མ་དང་བུ་དཔོན་མོ་སོགས་འགྲུལ་པ་གཏོས་ཆེ་བ་དང་ཕྲད། དེ་ཉིན་ཏ་འན་མཉྫུ་ཤྲཱི་ཆོས་རྗེ་ཅན་གྱིས་རྒྱ་སོག་གི་དངོས་པོའི་བདོག་པ་བག་དྲོ་ཆིལ་ལེ་བ་བསྟར། རྨི་རུ་བ་བླ་གྲ་རྣམས་ཀྱིས་བཞེས་སྤྲོ་སྟེར་ཆ་དང་བཅས་བླ་མ་བྲག་སྒོ་བས་བརྩམས་པའི་ཚིགས་བཅད་གསུངས། པད་ཆེན་ཆོས་འཁོར་ནས་ཚན་གྲངས་དང་བཅས་ཏེ་རིང་པོར་འཚོ་དགོས་པའི་འཕྲིན་ཡིག་མཛད། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་བཀའ་འབུམ་པར་དུ་མ་འཁོད་པའི་ཐོར་བུ། བློ་སྦྱོང་སྐོར། ཆ་ལག་བཅོ་བརྒྱད་པར་བྱང་དང་བཅས་པ། ངེད་རང་གི་བརྩམས་ཆོས་ཁ་ཡར་རྣམས་དགའ་ལྡན་ཕུན་ཚོགས་གླིང་དུ་བརྐོས་གྲུབ་པ་སྐྱེལ་མི་འབྱོར། ཆ་ལག་བཅོ་བརྒྱད་འདི་སྨན་རྒྱལ་གུ་ཎས་བདུད་རྩིའི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་བཞིའི་དགོངས་དོན་འགྲེལ་པར་མཛད་པའི་མེད་ཐབས་མེད་པ་ཞིག་ཡིན་ནའང་པར་དུ་བརྐོས་དགོས་པའི་དབུས་གཙང་གི་དཔོན་ཚང་ཆེན་པོ་རྣམས་ཀྱིས་བསྐུལ་མ་མི་མཛད་མོད། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་མཚམས་སྦྱར་བའི་རྐྱེན་ལས་བྱུང་བ་གསོ་དཔྱད་ཀྱི་བསྟན་པའི་སྲོག་འཐུད་པ་ལྟ་བུར་སོང་། པར་


GLG006_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེལ་བ་ཡར་འགྲོ་བ་དང་ལྷན་དུ་རྒྱལ་བཙོང་ཁ་བ་ཆེན་པོའི་རྣམ་ཐར་རྟོགས་ལྡན་འཇམ་དཔལ་རྒྱ་མཚོས་བསྒྲིགས་པ། མཁས་གྲུབ་ནོར་བཟང་རྒྱ་མཚོས་མཛད་པའི་དམ་ཚིག་རྣམ་བཤད། བཀའ་དགེ་དགོངས་པ་གཅིག་སྒྲུབ་གསལ་པའི་སྒྲོན་མེ། ལས་ཆེན་ཀུན་རྒྱལ་བའི་དྲི་ལན། ཐམས་ཅད་མཁྱེན་པ་གཙང་ཆུང་ཆོས་ཀྱི་གྲགས་པས་མཛད་པའི་བཟང་སྤྱོད་ཀྱི་ཊཱིཀྐ་ཤིན་ཏུ་ལེགས་ཤིང་དཀོན་པ། སྡེ་པའི་ཐུགས་འདོད་ལྟར་གསོལ་འདེབས་ལེའུ་བདུན་མ་བསམ་པ་ལྷུན་གྲུབ་དང་བཅས་པ། ཆོས་རྒྱལ་བྱང་པས་མཛད་པའི་རྗེ་འབངས་ཉེར་ལྔ་དང་གཏེར་ལྔ་དང་གཏེར་སྟོན་བརྒྱ་རྩའི་གསོལ་འདེབས། གསང་བ་སྙིང་པོར་ཐོས་བསམ་བྱེད་མཁན་བྱུང་ན་འགྲེལ་པ་མང་རབ་བརྐོས་པ་དེས་མི་འཐུས་རྒྱུ་མི་འདུག་རུང་གཏེར་སྟོན་རིགས་འཛིན་ཆེན་པོའི་ཐུགས་བཞེད་བཞིན་ཕྱོགས་བཅུ་མུན་སེལ། རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་ཀྱེ་རྡོར་གྱི་བསྐྱེད་རིམ་ལེགས་བཤད་ཉི་མའི་འོད་ཟེར་དང་དཀྱིལ་ཆོག་གི་ལྷན་ཐབས་ནོར་བུའི་འཕྲེང་བ། ཀུན་མཁྱེན་གོ་བོ་དང་པཎ་ཆེན་ཤཱཀ་མཆོག་གི་ཡིག་ཆ་ལ་ཨ་ཕའི་གསོལ་ཞལ་གཙང་བའི་སྐྱོ་མ་སྔ་བཙན་མང་མོད། ཟུར་གནས་ཤིག་གིས་བརྟགས་ཚེ་ཀུན་མཁྱེན་ཀླུ་སྒྲུབ་རྒྱ་མཚོ་དང་པཎ་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་ཆ་གཉིས་ཚིག་དོན་བཟང་བར་མངོན་པས་མཁན་ཆེན་ངག་ཆོས་པས་མཛད་པའི་སྡོམ་གསུམ་རབ་དབྱེའི་རྣམ་བཤད་ཟླ་འོད་ནོར་བུ། བརྟག་གཉིས་ཊཱིཀྐ་བདུད་རྩིའི་ཆུ་རྒྱུན། སློབ་བཤད་རྩོད་སྤོང་། རྒྱུད་གསུམ་གྱི་ཁོག་འབུགས། དེའི་སྤྱི་དོན་རྒྱུད་གསུམ་ལ་འཇུག་པའི་སྒོ། འདི་གའི་བརྩམས་


GLG006_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དཀར་ཆག །སྙན་དར། ཡིག་བསྐུར། སྨོན་ལམ། བླ་མའི་བསྟོད་ཚོགས་ཀྱི་འཕྲོ་འཐུད། བསམ་གཏན་གླིང་པའི་ཨ་ཏིའི་དཀར་ཆག་རྣམས་པར་གྱི་མ་དཔེར་བསྐུར། ལྷོ་བྲག་དགའ་ལྡན་དོན་གཉིས་གླིང་གི་གྲ་པ་ཞིག་གིས་གསར་རྩོམ་འཇུག་པའི་ཊཱིཀྐ། སྤྱི་དོན། ཐལ་འཕྲེང་གི་རྒྱུགས་སྤྲད། རྒྱའི་ཧྭ་ཤང་སྨན་ཤེས་པ་ཞིག་རྒྱ་བོད་ཀྱི་གནས་རྟེན་མཇལ་བར་དར་རྩེ་མདོ་བརྒྱུད་ཡོངས་པ་གེགས་མེད་དུ་སླེབས་པར་ངོས་ཕྲད་བྱས་ཚེ་ཕྱག་ཁ་ཚུར་བསྟད་དེ་གསུམ་བཙལ། དེ་ནས་ཆོས་སྐྱོང་ལ་འཚལ་ཞེས་ཕྱིར་བསྟད་ནས་གསུམ་འཚལ་བའི་དམངས་དང་མི་མཐུན་པ་ཞིག་གདའ། སྨན་བཏབ་པས་མིག་གི་འགྲིབ་སེལ་བའི་མན་ངག་ཟབ་མོ་འདུག་པ་སེམས་ཅན་མང་པོར་ཕན་ན་སྙམ་པའི་བློས་བསྐུལ་ཏེ་དྲུང་འཚོ་བ་ངག་དབང་ལྷག་བསམ་བསླབ་ཏུ་བཅུག །མི་དེ་ཅ་པོ་ལ་དགའ་ཚོར་ཆེར་མི་བྱེད་ཀྱང་ཡོན་དུ་དངུལ་སྲང་བཅུ་དང་གོན་པ་ཆ་ཚང་བྱིན་པར་དངུལ་ཚུར་སློག་འདུག །རྒྱ་གར་དུ་འགྲོ་བ་ལ་ཕན་གྲོགས་དགོས་པའི་ལམ་ཡིག་འདར་ལོས་རྒྱ་གར་ཕལ་སྐད་དུ་བསྒྱུར་ལྐོག་པ་བས་ནཱ་ག་རའི་ཡི་གེ་བྲིས་ཏེ་གཏད་པས་དགའ་ཚོར་ཆེན་པོ་བྱེད་པར་སྣང་། དྲུང་འཚོ་བས་སྨན་བཏབ་པས་མིག་ཁ་ཤས་བྱེ་བའི་ཕན་ཐོགས་པ་ཡང་བྱུང་བར་མཆིས། ལར་ཡོན་ཏན་གྱི་རིགས་སུ་ཡོད་ཡོད་ལ་མ་བསླབས་ན་ཁེངས་པའི་རི་རྩེར་ཆུ་བོ་གྱེན་ལ་ལྡོག་པར་དཀའ། ཕུར་སྒྲུབ་ཀྱི་རྡོ་རྗེ་སློབ་དཔོན་དང་གདབ་ལས་ཆེན་མོའི་བསྒྲལ་མཆོད་བྱེད་པར་ངེད་རང་འགྲོ་བའི་བབ་འབྲེལ་འདུག་རུང་འབམ་གྱི་རོ་མ་འདི་གཞུང་བཟང་དྲགས་པས་བཅར་སྡོད་བྱེད་ཀྱིན་ཡོད་གཤིས་ཚོགས་ཡུན་རིང་པོ་དང་
གར་འཆམས་མ་ལྕོགས་པས་རྡོ་རྗེ་སློབ་དཔོན་གྱི་ཕྱག་འཐེན། སྤོས་ཕོར་བ། མགྲོན་གཉེན་རྣམས་ལ་རིན་ཅེན་རྒྱན་སྤྲོད་ཀྱི་སྲོལ་ཡོད་པ་དཀྱུས་མ་ལ་བྱས་པ་མ་འགབ་པས་སྒྲུབ་མཆོད་ལ་སྡེ་པ་མ་བཞུགས་པ་སོགས་གང་ཅི་ནས་སྐབས་སུ་མ་བབས་རུང་ངོ་ཚབ་ཏུ་བྱོན་པའི་རྟེན་འབྲེལ་ཙམ་མཛད། གོང་ནས་གསེར་ཡིག་པར་མེ་རིན་ཇང་གི་ཨ་ཇིན་དའི། བོ་ཇི་ཇང་གི །མ་ལུ་རྗར་གོ་ཆི་སོགས་མི་སྐྱ་དྲག་པ་དགུ ། ཆ་གན་ཐི་ཡན་ཆིའི་བསྔོ་ཞུས་པ་ཅན་འགྲུལ་སྡེབས་ཀྱང་མ་ཉུངས་པ་འདུག །བྱམས་གླིང་ཨེམ་ཆི་སངས་རྒྱས་འབྱུང་གནས་ཕོ་བྲང་ནས་ཡོངས་སྐབས་འགྲུལ་སྡེབས་པའི་གྲས་ལ་གདང་ལ་སྐོར་ནས་མི་སྣར་སོང་བ་གང་དུ་ངོས་འཛིན་ནི་དཔྱད་དཀའ་བར་སྣང་། ཚེས་ཉི་ཤུ་ལ་མི་སྣ་རྣམས་ཀྱིས་གོང་གི་བཀའ་ཤོག་དང་གནང་སྦྱིན་སྤྲད་ཅིང་འགྲུལ་སྡེབས་དང་བཅས་པར་གཞིས་ལེན་བཟབས། སང་ཉིན་ནས་སོ་སོས་གོས་དར་གསེར་དངུལ་གྱི་སྟེར་ཆ་དང་ཕྱི་ནང་གི་དབང་བླ་ཁག་དྲག་ཞན་ཚང་མའི་ཡི་གེ་རྟེན་བཅས་རྣམས་རྩིས་བླངས། འཇམ་དཔལ་དུས་དགྲའི་དབང་པོའི་ཟོར་ལས་ཀྱིས་མཚོན་ལོ་མཇུག་གི་རིམ་གྲོ་གྲུབ་ནས།


previousདགུང་ལོ་ང་ལྔ་པར་ར་མོ་ཆེ་གཙུག་ལག་ཁང་ཞིག་གསོའི་ཐོག་ནང་རྟེན་མཆོད་རྫས་རྒྱ་ཕིབས་དང་བཅས་པ་གསར་བཞེངས་དང་། བསྟན་འཛིན་དཱ་ལའི་ཧན་རྒྱལ་པོར་བསྐོས་པ། ཐང་པོ་ཆེ་སོགས་སུ་གསེར་ཆོས་ཀྱི་བཀའ་འགྱུར་བཞེངས་པ་བཅས་ཀྱི་སྐོར།next