Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
དགུང་ལོ་ང་དྲུག་པར་རིན་ཆེན་རྒྱན་ཆ་བའི་སྲོལ་གསར་དུ་བཙུགས་ཤིང་ལྷ་ས་རུ་བཞིའི་སྤྱི་ཚོགས་ནས་རིམས་བཟློག་གི་ཆེད་དུ་སེར་འབྲས་སོགས་དགོན་ཁག་ཞེ་དགུ་ནས་རིམ་གྲོ་དང་། གདན་ཡིག་ཞིབ་མོ་རྣམ་དག་མེ་ལོང་རྩོམ་འབྲི་གནང་བ་བཅས་ཀྱི་སྐོར།
   
   
   


 
previousདགུང་ལོ་ང་དྲུག་པར་རིན་ཆེན་རྒྱན་ཆ་བའི་སྲོལ་གསར་དུ་བཙུགས་ཤིང་ལྷ་ས་རུ་བཞིའི་སྤྱི་ཚོགས་ནས་རིམས་བཟློག་གི་ཆེད་དུ་སེར་འབྲས་སོགས་དགོན་ཁག་ཞེ་དགུ་ནས་རིམ་གྲོ་དང་། གདན་ཡིག་ཞིབ་མོ་རྣམ་དག་མེ་ལོང་རྩོམ་འབྲི་གནང་བ་བཅས་ཀྱི་སྐོར།next

དགུང་ལོ་ང་དྲུག་པར་རིན་ཆེན་རྒྱན་ཆ་བའི་སྲོལ་གསར་དུ་བཙུགས་ཤིང་ལྷ་ས་རུ་བཞིའི་སྤྱི་ཚོགས་ནས་རིམས་བཟློག་གི་ཆེད་དུ་སེར་འབྲས་སོགས་དགོན་ཁག་ཞེ་དགུ་ནས་རིམ་གྲོ་དང་། གདན་ཡིག་ཞིབ་མོ་རྣམ་དག་མེ་ལོང་རྩོམ་འབྲི་གནང་བ་བཅས་ཀྱི་སྐོར།


GLG006_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བྱི་འབྱུང་བ་གཉིས་ལྡན་གནམ་ལོ་ཚེས་པའི་འདོད་ཁམས་དབང་ཕྱུག་མའི་མཆོད་གཏོར་རྒྱས་པར་ཕུལ། བསྐང་བའི་ནང་གི་ཆས་དངོས་སུ་བཟོར་རུང་བ་མཐའ་དག་ལོ་སྔོན་མའི་ནང་དུ་ཟིན་པ་འདིའི་སྐབས་དངོས་འབྱོར་གྱི་མཆོད་པའི་ཆེད་དུ་བཤམས་པ་བྱིན་ཆགས་པར་བྱུང་། དེ་ཉིན་གྱི་བཞུགས་གྲལ་དགའ་སྟོན་ལ་གནམ་སའི་དབང་ཕྱུག་བསྟན་འཛིན་ད་ལའི་རྒྱལ་པོས་གཙོས་གཉུག་མར་གནས་པའི་སོག་པོའི་དཔོན་ཁག་མི་


GLG006_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་། གོང་གི་གསེར་ཡིག་པ་དང་འགྲུལ་སྡེབས་ཀྱིས་སེར་མོ་བ་དྲག་རིམ། བལ་པོ་ཡམ་བུ་རྒྱལ་པོའི་མི་སྣ་སོགས་ཆ་ལུགས་དང་སྐད་རིགས་མི་གཅིག་པས་ཚོམས་ཆེན་ཡོངས་སུ་གཏམས། སྡེ་པ་འདར་པ་ལོ་ཙཱ་དང་གླང་བུ་ནས་འགྱུར་མེད་གཉིས་ཀྱིས་དཀོན་ཅོག་གསུམ་གྱི་ཤིས་བརྗོད་ལས་བརྩམས་ཏེ་ངོ་མཚར་བའི་འཕྲོས་གླེང་དང་བར་བར་དུ་རྒྱ་གར་རྒྱ་ནག་གི་རོལ་ཆ་དང་གར་རིགས་སྣ་ཚོགས་ཀྱི་ཟློས་གར་བསྒྱུར། བོད་འདིར་སྒེར་ལ་ཕྱི་སྒེར་ནང་སྒེར། གྲུབ། ཐོབ་ཀྱི་སྒེར་གསུམ་ལས། ནང་སྒེར་རལ་པ་འཛིན་གྱིས་གྲུ་གུའི་ཡུལ་ནས་གཡུ་རྫིང་བདུན་དྲངས་པར་གྲགས་ཤིང་བོད་ཆོས་རྒྱལ་མེས་དབོན་གྱི་དུས་སུ་གཡུའི་རྣ་རྒྱངས་དང་བླ་གཡུ་སོགས་རིན་པོ་ཆེའི་རྒྱན་ཅི་རིགས་སྤྲོད་སྲོལ་ཡོད་འདུག །བར་སྐབས་སུ་གངས་ལྗོངས་འདི་གསིལ་བུར་སོང་བའི་དབང་གིས་ལུང་པ་སོ་སོར་དབང་ཆེ་བ་རེས་རང་གི་སྣང་བ་ལ་གང་ཤར་བྱེད་པའི་སྤྱོད་ཚུལ་སྣ་ཚོགས་མཆིས་ནའང་གནམ་ཇིང་གིར་གྱི་རྒྱལ་པོས་རྒྱ་ནག་གོང་མ་མང་པོས་བཀུར་བའི་ཁྲི་ལ་ཞབས་ཟུང་བཀོད་པ་ནས་རིགས་ལས་རྒྱལ་པོ་གོ་དན་གྱིས་རྒྱ་སྨན་དང་ཧོར་དོར་རྟ་ནག་པོ་མངགས་ཏེ་བོད་དང་བལ་མོན་སོགས་ཡུལ་ཁམས་ཐམས་ཅད་ཆམ་ལ་ཕབ། གོང་མ་སེ་ཆེན་གྱིས་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེར་བོད་ཆོལ་ཁ་གསུམ་ཕུལ་བ་ནས་བཟུང་། ཀྱའུ་ཞཱ་ལྔ་དང་ཁྲིམས་ལས་རྣམས་རྒྱ་ལུགས་དང་ལས་ཚན་བཅུ་གསུམ་གྱིས་མཚོན་པའི་ཆེན་པོའི་སྒྲིགས་སྲོལ་ཙི་གོས། ལས་ཞྭ། རྒྱན་སྤྲོད་ཡ་རབས་ཆེ་བཙུན་ལ་འོས་པ་དར་ཞིང་། ཁྱད་པར་གནམ་བསྐོས་ཀྱི་རྒྱལ་པོ་


GLG006_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཕག་མོ་གྲུ་པ། གུའི་གུང་དང་ཏཱ་དབེན་གུ་ཤྲིའི་ལུང་ལས་ཀྱི་མངོན་པར་མཐོ་བ་བྱང་པ་རིགས་ལྡན། ཁྲོམ་གེ་སར་གྱི་མག་པ་རྒྱལ་མཁར་རྩེ་པ། སྒེར་རིགས་རིན་ཅེན་སྤུངས་པ་སོགས་སྡེ་དཔོན་ཁུངས་བཙུན་རྣམས་ཀྱི་དུས་གསེར་ག །སོག་རྣ་སོག་སྒོར། རྣ་རྒྱངས། ཤལ་དཀར་དམར། ཙི་གོས། ཙི་བེར། གཙུག་ཞྭ་སྟེ་རིན་ཆེན་རྒྱན་སྤྲོད་དུ་གྲགས་པའི་ཆས་ངོ་མཚར་ཅན་དེ་ཤིན་ཏུ་དར། གསང་སྔགས་རྙིང་མར་འཇིག་རྟེན་དྲེགས་པའི་གསོལ་མཆོད་དུས་ཁ་གཡུ་ཁ་གསེར་བཤད་པ་ཡང་གསེར་སྐྱེམས་པ་ལ་རྣ་གཡུ་མ་འབྱོར་ན་དེ་ཚབ་ཏུ་དགོངས་པ་ཡིན། དེའི་རྒྱུ་མཚན། ཕོ་རྣ་གཡུ་ཅན་ལ་དགྲ་ལྷ་འཁོར། ཞེས་སྲིད་པ་ཆགས་པའི་ལྷ་དགུ། རྗེའི་མགུར་ལྷ་བཅུ་གསུམ། འབངས་ཀྱི་སྲོག་ལྷས་མཚོན་པའི་བོད་ཀྱི་ལྷ་མཐུ་བོ་ཆེ་རྣམས་ཆས་འདི་ལ་དགའ་བ་ཡོད་ཚོད་དུ་སྣང་། དུས་ཕྱིས་སྡེ་སྲིད་གཙང་པས་ཀྱང་རྒྱུན་མ་ནུབ་པའི་སྲོལ་འཛིན་ནའང་ལྕགས་སྦྲུལ་བདེ་གཟར་ནས་བཟུང་མིང་གི་ལྷག་མ་ལྟ་བུར་གྱུར། བསྟན་འཛིན་ཆོས་ཀྱི་རྒྱལ་པོས་ཡུལ་ལུགས་མི་མཁྱེན་པའི་དབང་གིས་མ་དགོངས་པ་མ་གཏོགས་གསེད་བཀྲོལ་བྱེད་མི་བྱུང་ན་ཐུགས་ལ་མི་འཐད་པ་ཡོང་རིགས་མིན་ཅིང་ཁྱད་པར་གུ་ཤྲི་བླ་མ་དེ་ཡ་རབས་ཆེ་བཙུན་གྱི་རྣམ་ཐར་ལ་དགའ་བས་རམ་འདེགས་རིགས་སུ་མཆིས། ས་སྐྱོང་འཕྲིན་ལས་རྒྱ་མཚོའི་དུས་ཕུར་སྒྲུབ་ཀྱི་གདབ་ལས་ཆེན་མོའི་གསེར་སྐྱེམས་པ་རིན་ཅེན་རྒྱན་སྤྲོད་པ་བྱུང་ན་འགབ་འདྲ་གླེངས་པ་གྲ་བསྒྲིག་བརྩིས་ཤིག་མཛད་གསུང་རུང་བསྟན་པ་ཕྱི་དར་གྱི་ཐོག་མའི་དུས་རྩ་བ་དམར་དམར་འདི་འགྲེལ་པ་ནག་ནག་འདིས་འཆད་རྒྱུ་ཨེ་ཡིན་


GLG006_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བ་ཙམ་ལས་ཆོས་ཀྱི་བརྡ་དོན་མ་འཕྲོད་པའི་དཔེ་བཞིན་དབུས་གཙང་གི་དྲུང་འཁོར་ཁྲོད་ནས་བརྡ་ཆད་ཆགས་པའི་ཞུ་བ་འབུལ་མི་མ་བྱུང་བར་བརྟེན་མཛད་ཐབས་མ་རྙེད་པར་ལུས། ཧ་ཅང་གི་རྩོལ་བ་མཛད་པར་ཡང་ཁྲི་འདོན་གྲུབ་པའི་ལོ་བཞུགས་གྲལ་གྱི་ཐུད་སྒྲོམ་སོགས་བོད་ཀྱི་སྲོལ་རྙིང་འགའ་ཞིག་བཏོད་པར་ཕྱི་ནང་གི་དྲུང་འཁོར་མང་པོས་འདི་འདྲ་སུས་ཀྱང་མ་དྲན་ཞེས་གྱ་མ་དོར་བརྩི་བའི་དགོན་པ་ནའང་མ་ཎི་དང་བཅས་སོ་གསོད་པོ་མེད་པའི་སྟབས་མཛད་བདེ་རྒྱུ་ཡང་མ་བྱུང་བ་འདྲ་ཞིང་མ་ནས་ས་གླང་པོ་ཏ་ལར་ཕུར་པ་ཚགས་མ་ཞིག་བཟོ་ཞོར་དུ་སྤོས་མདོང་ཆ་གཅིག་དངུལ་ཚགས་ཁྱུག་ཙམ་རྒྱག་བཅུག་སོང་བ་སྡེ་པ་བསོད་ནམས་རབ་བརྟན་གྱིས་ད་ཆ་ཁྱོད་རང་གི་ལྷམ་གྱི་སྣ་ལའང་ཚགས་རྒྱོབ་ཀྱི་སྒྱུར་སྦྱང་ཚན་པ་ཆེས་སྣ་ཚིག་པ་ལྟ་བུའི་དེ་ག་ནས་བཟུང་བཟོའི་རིགས་ལ་དང་དོད་ཆུང་བ་ཡོད། ལ་ལ་གཙང་ལུགས་ཡིན་ཞེས་སྨྲ་བ་ནི་རྒྱུ་མཚན་མ་གོ་བའི་འོས་ལས་ཅི་ཡོད། འགའ་ཞིག་སྔར་གྱི་སོག་ལུགས་དེ་དག་བབ་ཆགས་ཟེར་བ་སྟོད་ཁོག་སོག་པོ་དང་སྨད་ཁོག་བོད་པ་བྱས་པ་དེ་འདྲ་སོག་པོ་ལ་ཡོད་པ་ནི་མ་ཤེས། མི་བཞི་ལྔ་ཙམ་ཚོགས་པར་རྒྱབ་ལ། བོད་མོན། ཁམས་ཀོང་། ཧོར་འབྲོག །རྒྱ་སོག །མངའ་རིས་པ་སོགས་ཆས་སྣ་དགུ་ཚང་བ་དེ་འདྲ་ངོ་མཚར་ཆས་དགུ་ཡིན་ཤས་ཆེ། གང་ལྟར་སྡེ་པས་དོ་དམ་མཛད་པའི་སྟ་གོན་གྱི་ཚེ་རྒྱུས་ཡོད་ཀྱི་རིགས་ཤིན་ཏུ་དཀོན་པས་རྟ་ནག་འོ་རློན་པ་བོས་ཏེ་ཞིབ་དཔྱད་དེ་སྣེའུ་སྡོང་རྩེ་དང་ལ་སྟོད་བྱང་པའི་ལུགས་ལ་ཙི་གོས་ཡོང་ཡང་གཞིས་རྒྱལ་གཉིས་ཀྱི་ལུགས་ལ་རལ་གུ་སྔོན་པོས་གོ་གཅོད་པས་དེ་དང་བསྟུན་ནས་བསྒྲིགས་པའི་རིན་


GLG006_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་རྒྱན་ཆ་བ་སུམ་ཅུ་རྩ་ལྔ་ཚར་དུ་དངར་ཞིང་སྤོས་འཛིན་པ་གཉིས། གསོལ་དཔོན། ཕྱག་འཐེན་པ། མགྲོན་གཉེར་གྱི་ལས་ཚན་རྣམས་རིན་ཅེན་རྒྱན་ཆ་བས་བྱས་ནས་ཚེས་གཉིས་ཀྱི་ཉིན་རྒྱལ་པོ་སྐོར་བཅས་ཉུང་བསྡུས། སེར་འབྲས་ཀྱི་བླ་ཁག་གོང་གི་གསེར་ཡིག་པ། གྲ་ཚང་། དྲུང་འཁོར་སྐྱ་སེར་ལ་ཁྲི་ཆོག་པང་ཁེབས་སོགས་ཐོབ་རིགས་དང་དེ་མིན་འབྲེལ་མཚུངས་ཀྱི་གདན་གཟོས་དང་བཅས་པའི་བཞུགས་གྲལ་ཐོག་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད་འབུལ་བ་དང་ཤིས་པ་བརྗོད་པའི་ཞལ་འདོན་པ་དབུ་མཛད་དཀོན་ཅོག་རྒྱ་མཚོས་གཙོས་གྲ་ཚང་གི་གྲ་པ་བཅུ་སྐོར་གྱིས་བགྱིས། རིན་ཆེན་རྒྱན་ཆ་བའི་ཁྲོད་ནས་སྡེ་པ་སྒེམ་བུ་བས་བཀྲ་ཤིས་རྫས་རྟགས་བཏེག་པའི་ཚིག་དང་བསྟུན་ཏེ་ལག་ཏུ་གཏད་འདར་ལོ་དང་ས་བ་གྲུ་པ་འཇམ་དབྱངས་དབང་པོས་ཆོས་ཀྱི་འབེལ་གཏམ་དང་གར་དང་རོལ་ཆ་སྣ་ཚོགས་སྤེལ་ཞིང་དཀར་དམར་བཞེས་སྤྲོ་རྒྱས་པར་བསྟར། ས་ཁྱི་བོད་ལུགས་ཀྱི་གྲ་བསྒྲིག་གཞན་མེད་པའི་འདྲེན་པ་བར་ཕུ་ཐུང་རྒྱབ་བསྐྱུར་ཅིག་མཛད་སོང་རུང་དེ་གཅིག་པུ་ལ་ཡ་མཚན་རྒྱུ་མི་འདུག་པས་བར་སྐབས་ལ་བཏང་སྙོམས་སུ་བཞག །འདི་ལོ་ཆ་ལག་ཚང་ཁྱད་དུ་བསྒྲིགས། སྟོད་རྒྱུད་སློབ་དཔོན་ཤར་པ་ཆོས་རྗེས་ཞལ་ཏ་མའི་པང་ཁེབས་ལ་བཟོས་པའི་རས་བེར་གྱི་མཆོར་ཆས་ངོ་མཚར་བ་སྣང་། མཚོ་ཁ་ནས་བོ་ལོད་ཀྱི་དཔོན་མོ་ཡེ་ཤེས་སྒྲོལ་མ་འདས་པའི་བསྔོ་རྟེན་རྟ་བཅུ་བདུན་དང་གོན་པ་སོགས་བསྐྱེལ་བར་ཕོ་ཉ་མངགས། ཚེས་གསུམ་ལ་ལྷོ་བྲག་སྨྲ་བོ་ལྕོག་ཆོས་རྗེ། ཤངས་སྤོ་ཐོག་བླ་མ། འབོག་གོང་མཁར་ལྟག་


GLG006_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཚོན་མང་བ་དང་ཕྲད། སྨོན་ལམ་ཆེན་མོར་འགྲོ་འདུན་ཆེའང་མི་ཚོགས་ཀྱིས་ཆམ་པ་ངེས་པར་ཡོང་ཞིང་དེ་ལ་འཕྲོད་བསྟེན་བྱས་ན་རྐང་ནད་ལ་བབས་དོགས་ཀྱི་གཡེང་བས་རིམ་འགྱངས་སུ་སོང་། འདི་ལོ་ཆོས་སྡེ་ཁག་ནས་རྒྱུ་མཚན་གསུང་བ་དང་རིན་ཅེན་རྒྱན་ཆའི་སྐྱ་རགས་བསྒྲིག་ཁྱད་ནས་ཐོག་མའི་རྟེན་འབྲེལ་དུ་འགྲོ་དགོས་རྒྱུར་འདུག་རུང་ལུས་ལ་གདེངས་མ་ཁེལ་པས་ངོ་ཚབ་ཏུ་སྡེ་པ་འབྱོན་བཅུག །ཚེས་དྲུག་ལ་བྱམས་གླིང་ཨེམ་ཆིས་ཡིད་ཀྱིས་སྤྲུལ་ཏེ་ནམ་མཁའི་ཁམས་གང་བའི་མཆོད་སྤྲིན་སྤྲོས་ནས་གྲ་ཚང་གི་གྲ་པ་བཅུ་སྐོར་དང་བཅས་རིང་འཚོའི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡོན་སྦྱར་ཞིང་རིང་པོར་འཚོ་དགོས་པའི་གཏམ་ཡང་བལྡབ་བསྐྱར་བལྡབ་སྙན་གྱི་བཞེས་སྤྲོ་ཚར་དུ་དངར། ཕོ་བྲང་པེ་ཅིང་སེར་མོ་བ་རྣམས་ཀྱི་ཁ་ཏོན་དུ་ཚིགས་བཅད་དགོས་ཚུལ་བྱུང་བའང་བྲིས། དཔལ་འཁོར་ཆོས་སྡེའི་མཁན་པོ་ཡོན་ཏན་སེང་གེ །རྫིང་ཕྱི་མཁན་ཟུར་པ་བློ་བཟང་སྐྱེས་མཆོག་སོགས་ལ་ཇ་གྲལ་བཏང་། ངེད་རང་ཡང་བརྩམས་འདུན་ཡོད་པའི་ཁར་ཉེ་ཆར་དབུ་མཛད་བློ་བཟང་ཡོན་ཏན་གྱིས་བསྐུལ་བ་ལ་བརྟེན་གཏོར་མ་བརྒྱ་རྩ་མུ་ཐི་ལའི་འཁྲི་ཤིང་བརྩམས། སྡེ་པ་ལྷ་རྒྱ་རི་བའི་སྲས་ཆེ་འབྲིང་ཆུང་གསུམ་དུས་གཅིག་ལ་ཁྲི་འདོན་མཛད་པར་སྐྱར་པོ་བ་བློ་བཟང་ལེགས་ལྡན་དང་ཕོ་བྲང་སྦངས་ཆེ་འཚོ་བྱེད་གཉིས་བཏང་བའི་འདི་དག་དང་སྡེ་པ་སོ་སོ་ནས་སྐྱེས་དཔངས་བསྟོད་པར་མ་སངས་ཨེ་པ་རྣམས་སྤྱན་དབར་དོག་པ་དང་བཅས་དགྱེས་པའི་འཛུམ་ཞལ་ལྷུག་པར་བསྟན་ཏེ་མི་སྣ་གཉིས་ལ་བདག་རྐྱེན་ཆེ་བར་མཛད། སྔོན་ཆད་ཞལ་ངོ་རེ་ལས་ཁྲི་འདོན་


GLG006_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་སྲོལ་མེད་ནའང་ད་ལམ་གསུམ་ལ་གནང་བ་རྒྱུན་ཁྲལ་མི་ཡོང་བའི་མངའ་ཞབས་རྙིང་ཁུངས་རྣམས་ཀྱིས་འདི་སྐབས་ལག་འདོན་ཆེ་བ་དགོས་ཀྱིན་ཡོད་འདུག་པའི་སྤྱན་ཉེ་ཡིན་ནམ་ཟེར། ལ་ལ་བྱ་མ་འདྲོགས་ཤིང་སྒོ་ང་ལོན་པའི་དཔེ་ལེགས་ལེགས་མོར་བྱེད། འགའ་ཞིག་འདི་རིགས་ཀྱིས་ཕུགས་རྣམ་གྲངས་མང་པོར་འགྲོ་ཞེས་མོ་ཟུར་གཏོང་བའང་མཆིས་མོད། ཞབས་དྲུང་འདི་མཁྱེན་དཔྱོད་འཇམ་དཔལ་དབྱངས་དང་མཚུངས་པས་ཟབ་པ་དང་རྒྱ་ཆེ་བའི་གསང་བ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པར་གོར་མ་ཆག །གྲ་ཚང་དུ་ལྷ་མོའི་བསྐང་གསོ་ཉིན་ལྔ་བཙུགས་སྐབས་དར་ཚོན་སྣ་ལྔར་འདོད་དོན་གྱི་ཚིགས་བཅད། ལྷ་ས་གཞིས་ཀ་ཤར་པ་སྤུན་རིགས་བརྒྱུད་དང་བཅས་པ་སྐྱེ་བར་རྗེས་འཛིན་གྱི་གསོལ་འདེབས་དགོས་ཟེར་བ་རང་ལ་རང་དབང་མེད་པར་གཞན་རྗེས་སུ་འཛིན་པའི་རེ་བ་ག་ལ་ཡོད་ཀྱང་ངོ་འཛིན་ཙམ་དུ་རྩོམ་པ་ཤེས་པ་རྒྱུ་མཚན་དུ་བྱས་ཏེ་བྲིས། གྲ་ནས་གཏེར་སྟོན་རིགས་འཛིན་ཆེན་པོ་ཕེབས་པ་ལོ་ནང་འདིར་སྟན་ཆགས། བྱི་གླང་གཉིས་ཀྱི་ལེའུ་ཐོ་ཕུག་པ་མན་ངག་ལུགས་བཞིན་འདར་ལོ་སྐད་གཉིས་སྨྲ་བའི་དབང་པོ་དང་དེའི་སློབ་མ་ཏྲེ་བོ་རིག་བྱེད་པ་ངག་དབང་ནམ་མཁའ་གཉིས་ཀྱིས་བཟོས། ཚེས་བཅོ་ལྔ་ལ་བྱ་ཁྱུང་ཆོས་རྗེས་ཡོན་སྦྱར་ཏེ་གྲ་ཚང་གིས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་ཚེ་ཆོག་བཏང་། དེ་ཐོག་མཁན་པོས་རྔ་མོ་དཀར་པོ་གཅིག་གིས་སྣ་དྲངས་ཉེར་གཅིག་གིས་གཙོས་པའི་བརྒྱ་འབུལ། མེར་གན་ཁོ་ཤུའི་ཆིའི་དགེ་ཚུལ་མ་ཅན་གྱིས་གོས་དར་གསེར་དངུལ་ཇ་རས་ཀྱི་བདོག་པ་མཁན་པོའི་མཛེས་རྒྱན་དུ་འགྲོ་བའི་ཕྱུར་བུར་གཏམས།


GLG006_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

སེ་ཆེན་རྒྱལ་པོའི་བུ་མོ་ན་མ་ཐར་གྱིས་ཟང་ཟིང་གི་དངོས་པོ་རིང་དུ་བརྐྱངས། འབྲུག་པ་ཐམས་ཅད་མཁྱེན་པ་པདྨ་དཀར་པོ་མདོ་སྔགས་རིག་གནས་ཀུན་ལ་མཁྱེན་སྤྱན་མཆོག་ཏུ་ཡངས་པའི་ཡིག་འཇོག་གི་གསུང་འབུམ་ཀྱང་གཏོས་ཆེ་བའི་ཁྲོད་ནས་འཇམ་དཔལ་ཚེ་བདག་ལ་ལས་བྱང་། དབང་ཆོག །བསྙེན་ཡིག །བརྒྱུད་འདེབས། དྲི་ལན་སོགས་ཁ་ཡར་སྣང་བ་ཁུངས་བཙུན་པ་གཞིར་བཅས་རུང་པད་གནུབས་ཀྱི་ལུགས་སྲོལ་དང་མི་མཐུན་པར་སྔ་མོ་ནས་མཐོང་ཡང་ངེད་རང་དཔལ་མཉམ་མེད་རི་བོ་དགའ་ལྡན་པའི་ཁྲོད་དུ་སྡོད་མི་ཞིག་ལ་དེ་འདྲའི་དོགས་སེལ་གྱི་ཁག་ཁུར་མི་འདུག་སྙམ་རྩོལ་བ་མ་བྱས། གསང་སྔགས་སྔ་འགྱུར་གྱི་བསྟན་པ་ནམ་མཁའ་དང་མཉམ་པས་སྐྱེ་བའི་ཟློས་གར་དང་རིགས་ཀྱིས་བསྙེམས་པའི་མཁས་གྲུབ་ཅིག་གི་དོགས་སེལ་མཛད་དུ་རེ་ནའང་། ལ་ལ་པཎ་ཆེན་ཤཱཀྱ་ཤྲཱི་ལྟར་ངུར་སྨྲིག་གོས་ཀྱི་ཧ་ཅང་ཀླུབས་དྲགས་པ། ལ་ལ་རྒྱབ་ཐུར་མདུན་ཐུར་སོགས་བྱ་བྲལ་བློ་ལད་ཅན་གྱི་ངང་ཚུལ་ལ་ཞེན་པ། ལ་ལ་སྒམ་པའི་མཐར་ཐུག་པའི་བརྫུ་བག་གིས་གསུང་བཙུན་པ། ལ་ལ་དགོན་རྙིང་དང་ས་མཁར་གོག་པོ་མ་ཟིན་པའི་འོ་བརྒྱལ་བ། ལ་ལ་རྔ་བརྡུང་དྲིལ་འཁྲོལ་གྱི་གྲོང་ཆོག་ལ་ཁོར་མོར་འབྱམས་པ། ལ་ལ་སྒྲ་སྙན་མཚན་ཉིད་སྒྱུ་མའི་བློ་བྲིད་ཀྱིས་ཕ་ཁྱིམ་དོར་བ། ལ་ལ་ཐུག་པས་ཁ་ཚིག་པ་ལ་ཡང་རྫས་ངན་གསོག་ཅིང་འཁོར་ལོ་འདྲི་བ། ལ་ལ་དེ་འདྲ་མེད་ཁུལ་གྱི་སྡུག་གེ་དང་སྙིང་རྗེའི་གསུང་སྙན་བསྒྱུར་བ། ལ་ལ་མཆིས་བྲང་གི་ཆས་དང་ཕུད་བཞེས་ཀྱིས་དབུ་འཁོར་བས་མཚོན་རྒྱུ་དུ་མའི་སྒོ་ནས་ད་ནི་དོགས་སེལ་ཞིག་མི་ཡོང་བ་འདྲ་


GLG006_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་ཡིག་ཆ་དེ་དག་གི་སྐྱོན་རྣམས་འགོག་བྱེད་རི་ཐང་མཚམས་ཀྱི་ནད་བརྒྱ་འཇོམས་པའི་སྨན་གཅིག་ཅེས་པ་བརྩམས་མོད། བབ་ཐོབ་མེད་པ་འདི་རིགས་ལྐུགས་མའི་མས་གཏམ་དུ་མི་འགྲོ་ལས་ཆེ། ཚེས་བཅོ་བརྒྱད་ལ་སེེ་ཆེན་རྒྱལ་པོས་དཀའ་བཅུ་སངས་རྒྱས་བཀྲ་ཤིས་ཆེད་དུ་མངགས་ཏེ་བདོག་པའི་ཆས་སྦྱར་བར་བརྟེན་གྲ་ཚང་གིས་ཚེ་ཆོག་བཏང་། སང་ཉིན་ནས་བཟུང་གྲ་ཚང་དུ་ཞག་གྲངས་ཀྱི་རིང་ཟངས་ཀྱི་ཁྲབ་རྨོག་རལ་གྲི་སོགས་སྤྱན་གཟིགས་མཆོད་གཏོར་བཤམས་ཏེ་བེག་ཙེའི་བཀང་བཤགས་བཙུགས། དྲེག་གི་ནད་རོ་ཅུང་ཟད་འཕར་བའི་སྟབས་ཉེར་ལྔ་ལ་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོའི་གདན་ས་པ་ཁྲི་རིན་པོ་ཆེ་བློ་བཟང་དོན་ཡོད། བྱང་རྩེ་ཆོས་རྗེ། ལྷ་རིན་པོ་ཆེ། སྡེ་པ་བདེ་ཆེན་པ་ཡབ་སྲས། ཚེར་གསེབ་སྐུ་རྟེན་རྣམས་ངོ་བོ་དང་མཇལ་ཕྲད་བྱས། ཉེར་དྲུག་ལ་གོང་གི་མི་སྣ་ཚོ་འོངས་ཏེ་མཁའ་འགྲོས་རྒྱ་བོད་ཀྱི་མཚམས་སུ་གཞུང་བཤིག་ཚུལ་དང་ཤི་ར་ཐ་ལའི་མཆེར་གྱིས་མཚོན་པའི་རྒྱལ་པོའི་ལུང་རྣམས་བསྒྱུར་བར་གང་ཅིའི་རྒྱུ་མཚན་གྱི་གསེད་བཀྲོལ་གླེངས་པར་གསེར་གྱི་ཁྲིམས་ར་ཆེན་པོ་ནས་ཡོངས་ཉམས་ཀྱིས་དོན་གོ་བའི་འཕྲོས་པ་ལས་རྡོ་ཁབ་བཙུགས་མི་བྱེད་འདུག །ནོ་ཡོན་ཁུ་ཐུག་ཐུ་ལམ་དུ་མ་འཚམས་པའི་སླར་དེ་ཚབ་ཏུ་འདུལ་བ་ཟུར་པ་ཨུན་འདུར་ཆོས་རྗེ་རྫོང་བདའ་བྱས། ནང་སོ་དཀོན་མཆོག་ཅོག་དར་རྒྱས་འབྱོར་བའི་ཐང་པོ་ཆེའི་བཀའ་འགྱུར་ལེ་ཚན་མིག་ལམ་དུ་ཕབ་པ་དངོས་གཙང་བའི་ཚད་ཅིག་བྱུང་། རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ་དཔོན་སློབ་ཁ་ཤས་ཀྱིས་མཛོད་དབུས་མ་ནས་བྱོན་པའི་འཆི་བདག་བཟློག་པའི་ཆོ་ག་རྒྱས་པར་གནང་། ཟླ་བ་གཉིས་པའི་ཚེས་གཅིག་ནས་བཟུང་


GLG006_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་དྲུག་གི་བར་རྡོ་རྗེ་བྲག་རིགས་འཛིན་མཆོག་གི་སྤྲུལ་སྐུ། རྩོད་བྲལ་གྱི་གཏེར་སྟོན་གཏེར་བདག་གླིང་པ་སྐུ་མཆེད། མཆོད་དཔོན། དགེ་སློང་འཇམ་དབྱངས་གྲགས་པ་རྣམས་ལ་ཚེ་དཔག་མེད། མཚན་བརྒྱད། དྲག་དམར། ཡང་གསང་དྲག་པོ། མནྡ་ར། འཚོ་རྒྱལ། ཐུགས་རྗེ་ཆེན་པོ། བཀའ་བརྒྱད་སྤྱི་བྱེ་བྲག །རྟ་མགྲིན། ཕྱག་རྡོར། རེ་མ་ཏཱིའི་སྐོར་སོགས་ཀྱི་དབང་བྱིན་རླབས་ལུང་ཡོངས་རྫོགས་ཕུལ་ཞིང་གཞིས་ཀ་ཤར་ཨ་གུར་བཀའ་བརྒྱད་རིགས་འཛིན་ཞལ་ལུང་གི་དབང་། དེ་དང་དབུ་མཛད་བློ་བཟང་ཡོན་ཏན། ངག་དབང་འཕྲིན་ལས་གསུམ་ལ་ཡང་གསང་ཀརྨ་དྲག་པོའི་དབང་། དགེ་སློང་དོན་གྲུབ་པ་ཅན་གྲ་པ་ཁ་ཤས་ལ་འཆི་མེད་ཚེའི་ལྷ་མོའི་དབང་རྣམས་བསྐུར། ཚེས་བདུན་ལ་ཞ་ལུ་མཁན་པོ་སྐུ་ཞང་རིན་ཅེན་མཁྱེན་བརྩེ་མཆོག་གྲུབ། རྒྱལ་གླིང་མཁན་པོ་སྔ་ཐོག་པ། ཆབ་ནག་པ་དང་བསམ་གྲུབ་དགའ་ལྡན་པའི་བླ་མ་ཅན་དང་ཕྲད། ཞ་ལུ་མཁན་པོར་ཚར་ཆེན་གྱིས་མཛད་པའི་གཤེད་དམར་སྤྲོས་མེད་རྒྱུན་འཁྱེར་གྱི་ཡིག་ཆའི་ལུང་ཕུལ། ཐང་སག་དགའ་ལྡན་ཆོས་འཁོར་སློབ་དཔོན་གྲ་བཅས་ཀྱིས་བདོག་པ་བསྟར་ཞིང་བླ་མ་བློ་བཟང་འཇམ་དབྱངས་ཀྱི་དུས་བློ་བཟོའི་ཆོ་ག་རྒྱ་མ་བོད་ཅིག་འདུག་པའི་སྒོ་ནས་བརྟན་སྡོད་བྱས། ཆུ་ཤུར་དགའ་ལྡན་ཐར་གླིང་པའི་གྲ་པ་བློ་བཟང་ཕུན་ཚོགས་ཀྱིས་འབུམ་དུམ་པ་བཅུ་དྲུག་དང་རྫོང་ཁ་འཕེལ་གླིང་པ་བློ་བཟང་ཆོས་འཛིན་དང་ངག་དབང་བློ་གྲོས་གཉིས་ཀྱིས་གསང་འདུས་དང་འཇིགས་བྱེད་ཀྱི་ཡིག་ཆ་འདྲའི་རྒྱུགས་སྤྲད། ལ་སྟོད་སྒམ་སྨྱོན་སྤྲུལ་སྐུའི་གཙུག་ཕུད་བླངས་


GLG006_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་མཚན་ཨོ་རྒྱན་བསྟན་འཛིན་ནོར་བུ་དང་རིགས་འཛིན་སྟོབས་ལྡན་དབང་པོའི་སྤྲུལ་སྐུར་ལེགས་ལྡན་བསྟན་འཛིན་དཔལ་འབར་དུ་བཏགས། ཨེ་རི་སྒོ་གཟིམས་ཤག་ལྷོ་པ་ནང་སོ་དཀོན་ཅོག་དར་རྒྱས། རབ་འབྱམས་པ། བཙུན་མ། རིགས་ཀྱི་བུ་གཉིས་དང་བཅས་པས། ཚེས་བརྒྱད་ལ་ཡུལ་ལུགས་དང་བསྟུན་པའི་ཚོགས་འཁོར་གསེར་ཞོ་ལྔ་བཅུས་ཐོག་དྲངས་པའི་སྟེར་ཆ། མར་བཙོད་བསེ་མགུའི་འགྱེད་ཀྱི་བདོག་པ་གཟེངས་སུ་མཐོ་བ་བསྟོད་དེ་གྲ་ཚང་ནས་འཆི་མེད་འོད་སྣང་གི་རྡུལ་ཚོན་དང་འབྲེལ་བའི་ཚེ་ཆོག་རྒྱས་པར་བཏང་། དེ་ཐོག་མེར་གན་ཧུང་ཐའི་ཇིའི་དཔོན་མོ་སྐོར་གྱིས་ཀྱང་འཕྲོ་འཐུད་དེ་ཟི་ལིང་ནག་ཇའི་དངོས་པོ་བསྟར། ཚེས་བཅུ་གཅིག་ལ་དབུ་མཛད་བློ་བཟང་ཡོན་ཏན་གྱིས་དངུལ་ལྔ་བཅུ་མ། གོས་ཡུག་ཁ་ཡར་སོགས་སྟེར་ཆ་དང་ཚོགས་དཔངས་བསྟོད། རྒྱ་སྦུག་ཧོར་སྦུག །སྙན་དར་བརྒྱ་ལྷག་གི་སྤྱི་འབུལ། ཇ་འགྱེད་ཚ་ར་རྒྱས་པའི་ཡོན་སྦྱར་ཏེ་གྲ་ཚང་ནས་གསུང་ཆོག་གོང་བཞིན་བཏང་། བར་ཁམས་ནས་གཞི་རྩ་སྡེ་པ་རྣམ་རྒྱལ་བཀྲ་ཤིས་གཞི་རྩ་བའི་མཇུག་གི་ཆོ་ག་ལེགས་པར་གྲུབ་སྟེ་འཇིག་རྟེན་ཕྱི་མའི་ལྟད་མོར་རིངས་སྟབས་སུ་སོང་བའི་བསྔོ་རྟེན་རྟ་བཅུ་གཅིག །དྲེའུ་ཉེར་དགུ །དངུལ། ཁྲབ་རྨོག །མཛོ་གཡག་གི་བདོག་པ་འབྱོར་དོན་བཞིན་བསྔོ་སྨོན་གྱིས་རྒྱས་བཏབ། ཉེ་རིགས་ཤིག་དང་དེ་མོ་བའི་དཔོན་མོ་བསྡེབས་ནས་གཞི་རྩ་བ་རང་བྱོན་ཡོང་དུ་རེ་ཡང་འོད་ཟེར་བླ་མ་ཤི་བའི་གཤིས་ཀྱིས་བརྐོ་ཐུབ་རིགས་སུ་མི་འདུག་རུང་དེ་མོ་དབོན་པོར་གོང་བརྒྱབ་པའི་ས་སྐལ་གཟེངས་བསྟོད་སྡེ་བས་བྱིན་སོང་། ཟངས་རི་དཔོན་


GLG006_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སའི་ཞབས་དྲུང་བསོད་ནམས་ཆོས་བཟང་ཆབ་གཞིས་གྲོངས་པའི་མགྱོགས་བསྔོ་འབྱོར། རྗེས་འཇུག་གི་རིགས་ཀྱང་མེད་པ་དང་བཅས་ཕྱག་རྫས་ཆུད་མི་འཛའ་བར་ཡོང་བའི་འཆར་སྟོན་འདི་ནས་བྱས། དེ་གའི་དོན་གཅོད་དུ་སྡེ་པས་ཞང་ཚ་དཀོན་རྣམ་པ་རྫོང་བདའ་མཛད། ཚེས་བཅུ་གསུམ་ནས་བཟུང་འབྱུང་བ་རིན་ཅེན་ཀུན་བསྡུས་ལ་བརྟེན་པའི་སྲི་གནོན། འཇམ་དཔལ་དམར་པོའི་རླུང་སྒྲུབ། ལི་བྱིན་ཧ་རའི་ལས་སྦྱོར་གྱི་སྒྲུབ་ཁག་གསུམ་གྲ་ཚང་གི་གྲ་པ་གྲངས་བཅས་ལ་བཙུགས་ཤིང་བྱིངས་ཀྱིས་གཤིན་རྗེ་ཐམས་ཅད་འདུས་པའི་དྲགས་སྔགས་བཟློག་པ་དང་བཅས་པ་བཏང་། ཚེས་བཅུ་བཞི་ལ་གསང་བ་འདུས་པའི་དགེ་འདུན་དཀོན་ཆོག་སྟོད་རྒྱུད་བླ་གྲས་འཆི་བདག་ལས་རྒྱལ་བའི་བདེན་བརྗོད་དང་བཅས་མཎྜལ་གྱི་ཚུལ་དུ་བདོག་པ་སྤེལ། སྐྱིད་ཤོད་ཆོས་རྗེའི་སྐུ་སྐྱེ་གཙང་ནས་འཁོར་བ་དང་ཕྲད་ཅིང་བྱ་ཁྱུང་མཁན་པོའི་ཨ་ཁུ་གྲ་ཚང་ཆོས་རྗེའི་སྐྱེ་བ་དགེ་ཚུལ་དུ་བསྒྲུབས། ཚེས་བཅུ་དྲུག་ནས་ཞག་ཤས་ཀྱི་བར་རྡོ་རྗེའི་བྲག་སྤྲུལ་སྐུ་སོགས་ཆོས་གསན་མཁན་རྣམས་ཀྱི་ཐོག་ཤ་གཟུག་པ་ངག་དབང་བཀྲ་ཤིས་རྣམ་རྒྱལ་གྱི་སྐུ་སྐྱེ་དང་བཅས་པར་མངའ་རིས་པཎ་ཆེན་སྐུ་མཆེད་ཀྱིས་བསམ་ཡས་དབུ་རྩེ་རྣམ་སྣང་མི་བཞི་རྒྱབ་སྤྲོད་ནས་སྤྱན་དྲངས་པའི་བླ་མ་རིགས་འཛིན་ཡོངས་འདུས་ཀྱི་ཟླུམ་པོ་བཞི་དབང་། བསྟན་པ་རྨད་བྱུང་མ། སིནྡྷུ་རྒྱ་མཚོ་ཆེ་བ། ཆུང་བ། བསམ་པ་ལྷུན་གྲུབ་མ། ཚེ་དཔག་མེད་འཆི་མེད་འོད་མཆོག །ཙེའུ་དམར་པོའི་སྲོག་དབང་། དྲག་པོའི་དབུ་དགུ་ཡེ་ཤེས་རང་གསལ་གྱི་སྐུ་ལྔ་རྫོགས་པའི་རྩ་དབང་། དཔལ་བཀྲ་ཤིས་སྟོབས་རྒྱལ་གྱིས་མཁའ་འགྲོ་གསང་ཕུག་དྲི་མེད་


GLG006_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཤེལ་གྱི་མཆོད་རྟེན་ནས་གདན་དྲངས་པའི་མ་རྒྱུད་ཁྲག་རླངས་སྙིང་པོ་དོན་གསུམ། བླ་མ་མངའ་བདག་གི་གཏེར་བྱོན་རྒྱལ་པོ་ལི་བྱིན་ཧ་རའི་སྲོག་དབང་། པདྨ་ལས་འབྲེལ་རྩལ་གྱིས་ཁྲ་མོ་བྲག་དང་རིགས་འཛིན་རཏྣ་གླིང་པས་གནམ་སྐས་བྲག་ནས་སྤྱན་དྲངས་པའི་གནོད་སྦྱིན་བཤན་པ་དམར་པོའམ་གཟའ་གདོང་དམར་ནག་གི་སྲོག་དབང་རྣམས་ཕུལ་ཞིང་སྙིང་པོ་དོན་གསུམ་དྲག་པོ་དབུ་དགུའི་ལུང་སོང་ནས་རིགས་འཛིན་ཡོངས་འདུས་ཀྱི་ཕྱེད་ཉེ་བར་སླེབས་པའི་ཚེས་བཅུ་དགུའི་ཞོགས་ནས་མགོ་ན་བའི་ཅུང་ཞིག་མ་བདེའང་ཉམས་སྣང་ཆེ་བ་མ་བྱས། ཚེས་ཉི་ཤུའི་ཉིན་ལུང་བཀླགས་པར་རྐེད་པ་ན་བའི་ངལ་བ་ཙམ་བྱུང་རུང་འཕྲོ་མ་བཞག །མཆོད་དཔོན་པ་མནན་པ་རྒྱག་པར་འགྲོ་བ་དང་དཔོན་པོ་བཀྲ་ཤིས་འདམ་ལ་ཐོན་པའི་བྲེལ་བ་དང་བཅས་དགོངས་ཇ་ཕྱི་ཟུར་ནས་མཚམས་བཞག །དྲུང་འཚོ་བ་གཉིས་ལ་བསྟན་པར་ལྷག་བསམ་གཉན་ཚད་དུ་དོགས་ཤིང་དར་མོ་ནས་རིམས་ཤིག་ཡིན་པ་འདྲ་ཞེས་གླེང་། རིམས་ཀྱི་རིགས་མཐའ་དག་སྐམ་ནད་ཀྱི་དུས་རྩ་ཆུ་དབྱིབས་མཚུངས་པ་ལས་སོ་སོར་དབྱེ་བ་མེད་པས་ཁ་མཚོན་ཆོད་རིགས་སུའང་མི་འདུག །ལོ་སྔ་མ་གཉིས་ཀྱི་ནང་འབྲུམ་པ་འགོ་ལ་རེ་བྱུང་ཡང་ཡེ་མ་འགོས་པས་ད་ཆ་འགོ་རྒྱུ་མིན་འདྲ་སྙམ་པའི་དོགས་པ་ཆེ་བ་མ་ཤར་ནའང་དྲུང་འཚོ་བ་གཉིས་ཀྱིས་སྨིན་བྱེད་ཀྱི་ཐང་བཏང་། དཔོན་ཚང་བྱང་ངོས་ནས་གདན་དྲངས་པར་ཡང་ཕོ་འབྲིང་ཡན་ཆད་བློ་ཁོག་གཅིག་པའི་དཔེས་རིམས་ཡིན་ཚུལ་ལས་འདི་ཡིན་གསལ་བར་མི་གསུང་། ཉེར་གཉིས་ཀྱི་ཉིན་རུས་པའི་གཏིང་ནས་ན་བ་སྐྱུག་པ་སོགས་ན་ལུགས་ཀྱི་བབས་


GLG006_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རྗེས་སོར་ཚ་རོང་དྲང་སྲོང་དཔལ་ལྡན་རྒྱལ་མཚན་གྱི་ཡིག་ཆར་བལྟས་པས་འབྲུམ་པར་ཐེ་ཚོམ་པ་མི་གདའ། ཉེར་གསུམ་ནས་ཐོར་པ་ཕྱིར་ཐོན་པའི་སྐམ་ནད་ཞི་སྟེ་ཟོས་བདེ་བ་ཙམ་བྱུང་། འོན་ཀྱང་ནད་ཆེན་གྱི་གདུག་པས་གཏོར་བསྔོ་དང་མཁའ་སྤྱོད་མའི་ཉམས་ལེན་ཕྲན་བུ་ལས་ལམ་དུས་སོགས་ཆག་མེད་དང་བཟླས་བརྗོད་ཀྱི་རིགས་མཐའ་དག་རང་ཤུགས་ཀྱིས་ལུས། དཔོན་ཚང་བྱང་ངོས་ནས་དང་སློབ་མ་ལྷག་དར་གཉིས་ཀྱིས་རྡོ་སྨན་རྩི་སྦྱོར་གཉན་སྨན་རྣམས་ལྟག་སྤྲོད་དུ་བཏང་། འདི་ལོའི་འབྲུམ་པ་དཀར་པོ་རིགས་གསུམ་གྱི་ནང་ནས་རན་པ་ཙམ་ཡིན་འདུག་རུང་སྡེ་པ་སོགས་ཚང་མས་གསང་བ་འགབ་ཚུལ་བཞིན་ཡན་ལག་གི་ནད་རོ་འཕར་རོ་ཞེས་དྲིལ་བསྒྲགས་མོད། བདེ་ཆེན་རབ་བརྟན་ཕྱོགས་ནས་མཆེད་པའི་སྤྲེའུའི་རྐུན་མ་ཞིག་ནི་བྱུང་བར་གདའ། ནད་འབར་ཆེ་བའི་ཉིན་ཁ་ཤས་ཀྱི་བར་གཉིད་བསྲུང་བ་དང་བཅས་གྲོང་སྨད་ཨ་པར་ཀྱང་བཅར་སྡོད་བྱས། གཞན་མ་ནད་གཡོག་དབུ་མཛད། མཆོད་དཔོན་པ། དགེ་སློང་འཇམ་དབྱངས་གྲགས་པ་གསུམ་ཡིན་པའི་སྟེང་ནད་གཞན་དང་མི་འདྲ་བའི་ཚད་འཁྲུལ་གྱིས་མཚན་ལ་མཆོད་དཔོན་པ་སུན་ཙམ་བྱུང་སོང་། རིམ་གྲོར་རྡོ་རྗེ་བྲག་སྤྲུལ་པའི་སྐུ་དཔོན་སློབ་ཀྱིས་ཉིན་བདུན་གྱི་བར་ཐང་ལྷའི་བསྐང་གསོ། ཁྱབ་འཇུག་གི་མདོས་ནག་མཛད་པས་སྤྱན་ལྟས་དང་བྱིན་རླབས་ཀྱི་མཚན་རྟགས་བཟང་བ་ཆོས་ཀྱི་བཀའ་བབས་པའི་ཉམས་སུ་མཆིས། རྫོང་གི་ཉེ་སྐོར་དུ་རྒོད་བཤུར་པའི་རྣམ་རྟོག་གསོད་བྱེད་ལ་ཁྲོ་རོལ་ཞིག་བཏང་། གཏེར་སྟོན་རིན་པོ་ཆེ་དཔོན་


GLG006_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་ཀྱིས་པད་གླིང་དྲག་དམར་གྱི་གཏོར་བཟློག་དང་གཏེར་གསར་གཤིན་རྗེ་འཇོམས་བྱེད་ཀྱི་སྒྲུབ་པ་མཛད་པ་སྤྱན་ལྟས་འཚུབ་ལྷོངས་ངོས་ལེགས་པ་བྱུང་འདུག །དེ་སྔ་རིམ་གྲོ་གནང་བ་ཚོ་ཡང་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་ཡོད། ཟླ་བ་གསུམ་པའི་ཚེས་གཉིས་ནས་བཟུང་གྲ་ཚང་གིས་ལྷ་མོའི་གསང་མདོས་ཉིན་ལྔའི་བར་གཏོང་མྱུར་བསྔོ་ཚིག་བརྩམས། ཆོས་སྡེ་ཆེན་པོ་ཕན་ཚུན་དུ་ཇ་ཚུལ་བཅོ་ལྔའི་རིང་གདུགས་དཀར་ཤེར་སྙིང་གཉིས་ཀྱི་རིམ་གྲོའི་ཐོག་གསེར་འགྱེད་ཕུལ། དེ་སྐབས་ངེད་རང་གི་རིམ་གྲོར་དམིགས་ཏེ་སེར་འབྲས་གཉིས་དང་ཕ་བོང་ཁའི་བླ་མ། ལས་ཚན། ཁམས་ཚན། མི་ཚན་སོགས་ཀྱིས་རང་སྐྱ་ཕེར་བ་དང་བསྡུ་ཆའི་མང་ཇ་གྲ་ཇ། གྲ་ཚང་གི་གྲ་དམངས་ཀྱི་བསྡུ་ཆའི་སེར་འབྲས་གཉིས་ལ་མང་ཇ་བཞེས་ཐུག་ཁ་ཤས་དང་གྲ་ཚང་དུ་ཇ་དང་ཚ་བ་ཟླ་སྦྲེལ། དེ་མཚུངས་དྲུང་འཁོར་སྐྱ་སེར་ནས་བསྡུ་ཆ་བྱས་པའི་མང་ཇ་གྲ་ཇ་དང་པོ་ཏ་ལའི་དྲུང་འཁོར་རྣམས་ཀྱིས་སླར་འབྲས་སྤུངས་སུ་མང་ཇ་གཉིས་དང་སེ་རར་གཅིག་གི་ཐོག །སྦྲུལ་ལོ་བསྐུལ་བའི་རིང་འཚོའི་ཚིགས་བཅད་དེ་བཙུགས། ལྷ་ས་རུ་བཞི་སྤྱི་ཚོགས་ཀྱིས་བསྡུ་ཆའི་སེར་འབྲས་དགེ་གསུམ་གྱིས་གཙོས་སྐྱིད་ཤོད་སྐོར་གྱི་དགོན་ཁག་ཆེ་ཆུང་བཞི་བཅུ་ཞེ་དགུར་མང་ཇ། དྲུང་འཁོར་ནས་མང་ཇ་སྐོལ་བ་སེར་འབྲས་གཉིས་ལ་གྲོང་སྨད་སྡེ་པ་ཨ་བར། སྟག་རུ་བ་བློ་བཟང་དངོས་གྲུབ། བྱང་གླིང་བསམ་གྲུབ་རྒྱལ་པོ། འབྲས་སྤུངས་སུ་དབུ་མཛད་བློ་བཟང་ཡོན་ཏན། མཆོད་དཔོན་ངག་དབང་ཤེས་རབ། གསོལ་དཔོན་གེ་ར་བ། སྐྱར་པོ་མགྲོན་གཉེར། དར་ཁན་དཀའ་བཅུ།


GLG006_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་གྲོང་པ། ཆོས་རྗེ་ཁ་རག་པ། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན། ཚ་བ་སྐོལ་མཁན་ཆོས་རྗེ་བྲག་སྣ་བ་དང་བློ་གྲོས་རྣམ་རྒྱལ། སེ་རར་དྲུང་ཡིག་ཚེ་དབང་། ཆོས་མཛད་འཇམ་དབྱངས་བསྟན་འཛིན། རྣམ་སྲས་གླིང་པའི་ཆོས་མཛད། ཟུར་ཁང་དགའ་ལྡན་དུ་བཀའ་བརྒྱད་སྦུག་པ། གྲ་ཚང་དུ་གྲ་ཇ་སྐོལ་མི་མང་ཞིང་འགྱེད་གཏོང་བ་རྟ་དཔོན་རྣམས་འཇོམས། ཟུར་ཁང་དོན་གྲུབ་དབང་རྒྱལ། རིན་ཆེན་རྩེ་པ་ལེགས་ལྡན། དྲུང་ཡིག་དར་རྒྱས་བཀྲ་ཤིས། བྱང་གླིང་པ། ཀ་བརྒྱད་སྨད་པ། སྦུས་སྲང་པ་རྣམས་དང་སྦུས་སྲང་པས་དེ་ཐོག་ཏུ་ཇོ་བོ་ལ་རྒྱ་མཆོད་སྣ་ལྔ། སྒེམ་བུ་ནས་ཀྱིས་ཆོས་སྡེ་བ། ཐོད་རི་བ། དཀོན་གཉེར་མགོན་ཁང་རྣམས་སུ་གསོལ་མཆོད་སྙན་དར། སྟག་རུ་བ་ཚེ་དབང་བཀྲ་ཤིས་ཀྱིས་དར་རྒྱས་གླིང་སོགས་ཡར་ཤར་ནུབ་ཀྱི་དགོན་སྡེ་བརྒྱད་ལ་མང་ཇ། ཐང་པོ་ཆེ་དང་སྲོང་བཙན་དུ་གསོལ་ཁ་ཆུ་སྐོར་བར་ནས་རི་བོ་ཆོས་གླིང་། དར་རྒྱས་གླིང་། བཀྲ་ཤིས་ཆོས་སྡེ་གསུམ་ལ་མང་ཇས་མཚོན་སྟོད་སྨད་བར་གསུམ་ནས་ལག་འདོན་བྱེད་མི་མང་དུ་བྱུང་སྣང་། ཚེས་བཅུ་གཅིག་ནས་གྲ་ཚང་སྤྱི་དང་སོ་སོའི་བསྡུ་ཆ་དབུ་མཛད་མཆོད་དཔོན་གཉིས་ཀྱིས་ཉིན་ཐུབ་དང་བཅས་ཉིན་ལྔ་ཁྲོ་རོལ་ཚེ་བདག་གི་སྒྲུབ་ཁག་སྨིན་རྒྱས་སུ་བཙུགས་ཤིང་ཉིན་གསུམ་གྱི་བར་ན་རག་སྐོང་བཤགས་མཛད། གཏེར་སྟོན་རིན་པོ་ཆེས་འཆི་བླུ་དང་གདོན་འགྲོལ་གྱི་ཆོ་ག་གནང་། ཆོས་རྗེ་ཐུབ་བསྟན་པས་ཐོག་དྲངས་ངེས་གསང་རྡོ་རྗེ་གླིང་པའི་གྲ་པ་ཁ་ཤས་ཀྱིས་ལྷ་འདྲེ་སྟོང་དྲའི་མདོས་བཏང་། འབྲུམ་པའི་མཇུག་རྒྱན་ཡན་ལག་གི་ནད་ལ་ཅུང་ཟད་བབས་རུང་ཧ་ཅང་མི་ལྕི་བས་འགྱང་མེད་དུ་བདེ། ཡན་ལག་གི་ནད་ལ་ཕན་རེས་སྟོད་ལུང་རྩྭ་སྒྱེ་མོའི་ཆུ་ཚན་


GLG006_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་ཏེ་ཉིན་གསུམ་གྱི་བར་བསྟེན་ཡང་མི་ཕན་པའི་ཁར་འགྲོ་འདུག་ལ་ཕྲན་བུ་གནོད་པ་ལུས་མ་སོས་པའི་བསོར་མའི་སྐྱོན་དུ་ད་གདོད་གོ་སྟེ་མར་གྱི་བྱུགས་པས་འཕྲོད་ངོ་ཆེ། དྲུང་འཚོ་སྤྱན་གཡས་པ་དང་སྒར་པ་གྲོང་པ་དཔོན་བཟང་ལྟ་བུ་ཡོད་ན་འདི་ནི་འདིའོ་ཞེས་ཐོག་མ་ནས་ལུང་སྟོན་ཚོད་དུ་གདའ། ཉེར་བཞི་ནས་གྲ་ཚང་གི་གྲ་པ་གྲངས་བཅད་ཀྱིས་ལི་བྱིན་ཧ་རའི་སྒྲུབ་པ་བསྐྱར་མ་བཙུགས། ཧོར་ཟླ་བཞི་པའི་ཚེས་གཅིག་ལ་མཚམས་གྲོལ་བའི་འཇམ་དབྱངས་གོང་མ་རྒྱལ་པོར་ཞུ་ཡིག་རྟེན་བཅས་དེབ་བཤར་མ་དང་རྒྱ་སོག་བར་གྱི་གཞུང་ལ་དགོངས་པ་མཐོ་ཡངས་སུ་བསྩལ་བའི་ལེགས་སོའི་འབུལ་བ་བསྟར་བར་ངམ་རིང་བསམ་གྲུབ་དགའ་ལྡན་གྱི་བླ་མ་བློ་བཟང་བསྟན་འཕེལ་དང་ལྕང་ལོ་ཅན་པ་བསྟན་འཛིན་དཔལ་བཟང་བརྫངས་ཤིང་གོང་གི་གསེར་ཡིག་པ་འགྲུལ་སྡེབས་རྣམས་ལ་གཞིས་ལེན་སྟེར་ཆ་སོ་སོས་ཁྱེར་བའི་ཡིག་ལན་ཚོ་འཚེམས་མེད་དུ་བསྲིངས། བྱམས་གླིང་ཨེམ་ཆིས་ཟླ་བ་དང་པོའི་ནང་དུ་བརྟན་བཞུགས་ཕུལ་བའི་འབུལ་བ་ཡིན་ཞེས་སྐྱ་པོད་ཀྱི་བཀའ་འགྱུར་སྟོང་སྐུད་ཁྲ་བོ་ལྷས་མའི་གླེགས་ཐག་ཅན། ཚེ་དཔག་མེད་ཀྱི་གོས་སྐུ། ལྔ་བཅུ་མ་བཞི། གོས་དར་ཁ་ཤས་དང་བཅས་པའི་བདོག་པ་བསྟབ་པ་ནི་ཉི་མ་དེ་རིང་ཤར་བ་ལ་འོད་ཟེར་ནང་པར་འབྱུང་བའི་དཔེར་འདུག་ཅིང་ཨེམ་ཆི་ཚངས་སྤྱོད་ལས་ཉམས་པས་སྡོམ་པ་བསྐྱར་ཟེར་ཡང་ལུས་ཀྱིས་མ་ལྕོགས། འབྲུམ་ནད་ལས་གེགས་མེད་དུ་གྲོལ་བར་ཆོས་འཁོར་རྒྱལ་དུ་ཆོས་སྐྱོང་རྣམས་ལ་བསྐང་གསོ་དང་སྙན་ཤལ་ཞག་ཡིག་མ། གྲ་ཚང་དུ་ཉིན་གསུམ་གྱི་བར་ཆོས་སྐྱོང་སྤྱིའི་བཀང་གསོའི་ཐོག་ཚོགས་འཁོར་སྤྱན་གཟིགས་བཟབས་རྒྱས། དེ་དང་མཚུངས་པར་གནས་


GLG006_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ལྕོག་དང་བསམ་ཡས། ལ་མོ། ཐང་པོ་ཆེར་སྐུ་ཕེབས་དང་བསྟུན་ཚོགས་ཆས་སྤྱན་གཟིགས་གྱ་ནོམ་པ་བསྟར། འབྲས་ཡུལ་སྐྱེད་ཚལ་མཁན་པོ། སེར་འབྲས་ཀྱི་སློབ་དཔོན་ལས་ཚན། ལྷོ་བྲག་གནས་གཞི་ཆོས་རྗེ། ཤ་གཟུག་སྐུ་སྐྱེ། ནང་སོ་དཀོན་དར་བ་ཅན་མང་པོ་དང་ཕྲད། ནང་སོ་དཀོན་དར་བར་རྗེས་གནང་ཁ་ཤས་དགོས་ཟེར་ཡང་ཁོང་གཅིག་པུར་མ་ཟད་སྐྱ་སེར་མང་པོར་ཆོས་བཀའ་དགོས་པ་རྣམས་ལུས་མ་སོས་པའི་བར་དལ་བར་མ་བསྡད་ན་འབྲུམ་ནད་འདི་གདུག་པ་ཆེ་བས་ཕུགས་ལུས་མི་ཐང་བ་འབྱུང་ཉེན་ཡོང་ཟེར་བ་ནས་ཟླ་བ་ཕྱེད་གསུམ་ཙམ་གྱི་བར་ཅི་བདེར་གནས། མེར་གན་ཁོ་ཤོའུ་ཆིའི་དཔོན་མོ་རྫོང་བདའ་བགྱིས། འདི་དུས་ནད་དྲག་པའི་ལེགས་སོའི་འཕྲོས་འཕྲོས་ཡེ་མེད་པ་བྱས་ན་འགབ་བསམ་པ་ཤར་ཡང་ཟུར་ཁང་དོན་གྲུབ་དབང་རྒྱལ་གྱིས་ཐོག་མར་ལེགས་སྐྱེས་ཤིག་བསྟར་བ་སློག་མ་བདེ། དེ་རྗེས་ནང་གི་དྲུང་འཁོར་རྣམས་ཀྱི་མཇལ་དར་དང་སང་ནས་བཟུང་བྱང་གླིང་པ། གཟིམས་ཤག་པ། འབྲང་རྒྱས་ཤག་པ། རིན་ཆེན་རྩེ་བ། དར་ཁན་དཀའ་བཅུ་སོགས་དྲུང་འཁོར་རགས་རིམ་ལ་ནད་ལངས་ཤིང་དེ་ནས་ཆོས་སྡེ་ཁག་དང་དབུས་གཙང་ཕལ་ཆེར་དུ་མགོ་ལ་མདའ་ཕོག་གི་ཁྲལ་ལྟ་བུ་སོང་བ་མཚེར་བ་ཙམ་བྱུང་། དེ་ཞོར་སྡེ་པ་ལ་གསུང་ཆམ་གདངས་ལེགས་ཀྱང་འབུལ་འདུག་པ་ཁོག་ཡངས་པ་ཡིན་ནམ་ཐུགས་སྣང་ཆེར་མི་མཛད། ཚེས་གསུམ་ནས་རིམ་པ་བཞིན་ལེགས་བྱའི་ཚུལ་དུ་གྲ་ཚང་སྤྱི་སོའི་ཚེའི་རྟེན་འབྱུང་སྒྲིགས་མ་དང་འཕར་མ་གཅིག །གྲ་དམངས་ཀྱིས་བསྡུས་པ་གཅིག་སྟེ་སོ་སོར་སྟེར་སྦྱིན་གཟེངས་བསྟོད་དེ་རྡུལ་ཚོན་


GLG006_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྲེལ་བའི་ཚེ་ཆོག་བཏང་། དེ་རྗེས་མཁའ་འགྲོ་སྡེ་ལྔ་ལ་བརྟེན་པའི་བསྡུས་པའང་ཉིན་གསུམ་ཙམ་སྦྲེལ། པོ་ཏ་ལ་དང་ལྷ་སར་དགྲ་ལྷ་དཔངས་བསྟོད་ལ་བརྟེན་ལྷ་ཞལ་མཐོན་པོར་བཏེག །ཚེས་བརྒྱད་ལ་ལྷ་ས་དང་ར་མོ་ཆེར་བརྒྱ་མཆོད་སྣ་ལྔ་དང་འདོད་དོན་བྲིས་པའི་སྙན་དར་ཁ་བྱང་ཅན་ཕུལ། སྟག་རུ་བ་བློ་བཟང་དངོས་གྲུབ་ཀྱིས་བདོག་པ་ཡོན་བཟབས་རྒྱས་སུ་སྦྱར་ཏེ་གྲ་ཚང་གིས་འཆི་མེད་འོད་སྣང་གི་ཚེ་ཆོག་མཛད། སའི་དབང་ཕྱུག་བསྟན་འཛིན་ད་ལའི་རྒྱལ་པོ་དཔོན་བློན་དང་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྤྱི་སོ་དང་བླ་མ་ཁམས་ཚན་སོགས་ཚང་མས་ལེགས་བྱའི་དངོས་པོ་རྒྱ་ཆེར་སྤེལ། ཚེས་དགུ་ལ་དཔལ་ལྡན་འབྲས་སྤུངས་ནས་དགེ་འདུན་བརྒྱ་ཕྲག་གསུམ། སེ་ར་ཐེག་ཆེན་གླིང་ནས་བརྒྱ་ཕྲག་གཉིས་ཀྱིས་ལྷན་དུ་བྱོན་པའི་ཟས་སྣ་བུ་རམ་གྱི་ཟ་མ་ཏོག་མང་པོ་དང་རུང་མཐུན་ཀྱི་གོས། དར་ཟབ་ཇ་རས་ཀྱིས་མཚོན་པ་མཎྜལ་གྱི་ཚུལ་དུ་བཤམས་ཏེ་དགེ་འདུན་མི་ཕྱེད་འདུས་པའི་བདེན་བརྗོད་ཀྱི་བྱིན་རླབས་ཆར་དུ་ཕབ། སེ་ར་སྤྱི་སོའི་ལེགས་བྱ་བརྟན་སྡོད་བསྡེབས་སུ་བྱུང་བའི་སོ་སོར་དབྱེ་བ་ཡོད་འདུག་རུང་གཟིམས་ཁང་དབོན་པོ་བོད་པའི་ཁམས་པར་སོང་བ་དང་མགྲོན་གཉེར་རྣམས་མགོ་བོ་སྦོས་པའི་ཐམས་ཅད་ཆུ་ལ་ཆུ་ཞག་གི་དབྱེར་མེད་རོ་གཅིག་ཏུ་ཐིམ། སྐྱོར་ལུང་མཁན་སློབ། ཡེར་བ་སློབ་དཔོན། སེ་སྟོན་བརྒྱ་མཁར་བ་ཚེ་དབང་རྡོ་རྗེ་ཅན་དང་ཕྲད། སེ་སྟོན་པ་འདི་སྔ་འགྱུར་གྱི་བསྟན་འཛིན་ཆེན་པོར་སོང་བའི་བྱང་པ་རིགས་ལྡན་རིམ་བྱོན་གྱི་བཅའ་ཚེ་བཙན་པར་སྣང་ཡང་ཕྱི་སྐོར་ངམ་རིང་སྐུ་རིམ་པའི་གྲལ་དུའང་མ་ཆུད་པའི་


GLG006_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་སྐུའི་གྲལ་ཞིག་བྱུང་ཚོད་དུ་མཆིས། སེའི་སྔགས་འཆང་མགོན་པོ་བཟང་པོའི་སྐུ་གདུང་རྒྱ་མཁར་ཡས་ལྟག་ལྷ་ཁང་ན་བཞུགས་པ་ལུག་ལོ་བདེ་གཟར་སྐབས་འབྲོག་པས་བཤིག་པའི་དབུ་ཐོད་ཁྲོ་ཞལ་རང་བྱོན་ཡོད་པ་གླ་བའི་མཆེ་བ་ཅན། སེ་སྟོན་ཉི་མ་བཟང་པོའི་ཚེམས། རིགས་འཛིན་རྒོད་ལྡེམ་གྱིས་ཟང་ཟང་ལྷ་བྲག་ནས་སྤྱན་དྲངས་པའི་པད་གཞོང་དྲག་པོ་རྩལ་གྱི་སྒྲུབ་པའི་སྐབས་པད་གཏོར་ཞུ་ནས་ཐིམ་པ། སེ་སྟོན་རིན་ཆེན་རྒྱལ་མཚན་གྱི་གསུང་འབུམ་སྐུ་ཤམ་གདུང་རུས་དམ་རྫས་ཀྱི་རིགས་སོགས་སྟེར་ཆ་དང་ཞུ་རྟེན་བྱུང་བ་སྟོང་པར་མ་ལུས་པའི་ཚེས་བརྒྱད་ཀྱི་ཟླ་བ་ཙམ་གྱི་དོན་སྨིན་བྱུང་སོང་། འདར་ལོ་ལ་སེ་སྟོན་རིན་ཆེན་རྒྱལ་མཚན་གྱི་དབུ་ཞྭ་དང་གསོལ་ཞལ་ཤིང་གི་ཀ་པཱ་ལ་བཅས་བྱིན་པ་འབྱོར་ཞིང་ལན་དུ་གོས་ཡུག་བསྟར། གླང་བུ་ཆོས་རྗེའི་ཕྱག་དཔེ་དམར་པོ་སྐོར་གསུམ། མེ་འབར་པོ་ཏི། སྙན་བརྒྱུད་པོ་ཏི། ཞལ་གྱི་བེའུ་བུམ། ཧ་ལ་ནག་པོ་དང་བཅས་པ་གླང་ཕུ་ནས་འགྱུར་མེད་ཀྱིས་བྱིན་བྱུང་བ་གོས་ཡུག་ཆེ་ལེགས་ཀྱི་བདའ་ལན་དང་རིགས་བརྒྱུད་ལ་ཁའུ་པའི་བསྟན་འཛིན་བྱུང་ན་དཔེ་ཟགས་འཁྱར་མེད་པར་གཏོད་པའི་ཁས་ལེན་བྱས།ཚེས་བཅུ་ལ་ཐོད་རི་བཤད་གྲུབ་གླིང་པ་རྣམས་ཀྱིས་ཟང་ཟིང་གི་ལེགས་སྐྱེས་དང་བཅས་ཆོས་སྤྱོད་ཀྱི་རིམ་པ་དབྱངས་སུ་གྱེར། རྨེ་རུ་བ་བླ་གྲ་རྣམས་ཀྱིས་སྨོན་གྲོང་ལྷ་ཁང་དུ་མཆོད་ཡོན་འཁོར་བཅས་སྤྱན་དྲངས་པའི་ཤའི་ཕུང་པོ་དང་རུས་པའི་གྲམ་ཁྲོང་ཆེན་པོ་སྤུངས་པས་སྔོན་ཆད་འདི་ལྟ་བུ་མ་བྱུང་ཞིང་སླད་ནས་ཀྱང་བྱུང་བར་མི་འགྱུར་རོ་ཞེས་པའི་སྐྱ་སེར་ཐམས་ཅད་དགྱེས་པ་རབ་ཀྱི་རྩེར་སོན་པའི་དུས་དེར་ངེད་རང་ལའང་མགྲོན་བརྡ་


GLG006_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་རུང་རྐང་འཐེང་ལག་ཁྱོག་གི་རིགས་འདི་མྱུག་མྱུག་མངས་པ་མི་འགབ་པའི་གཤིས་དེ་གའི་སྐལ་བ་ཚེས་བདུན་ལ་བསྐྱལ་བའི་དཀར་དམར་གྱི་བཞེས་སྤྲོས་པོ་ཏ་ལའི་སྟེང་འོག་ཐམས་ཅད་ལྷ་ཞི་ཀླུ་ཞིར་བཏང་བ་དང་ལྷན་ཅིག་བདོག་པ་སྤེལ། གྲ་ཕྱི་ནས་དཔོན་ཚང་གནས་ལུགས་སུ་གྲགས་པ་སྟོད་ལུགས་ཀྱི་འཚོ་བྱེད་ཡོན་ཏན་ཆེ་ཞིང་ལྷག་པར་མིག་འབྱེད་ལ་ནང་བྱན་ཆུད་པ་ཞིག་ཡོད་ཟེར་བ་གཏེར་སྟོན་རིན་པོ་ཆེས་འབོད་མི་གནང་བའི་རྒྱུད་དང་གྲུབ་ཆེན་མི་ཏྲ་ཛོ་ཀི་ལུགས་ཀྱི་མིག་འབྱེད་ཕྱག་ལེན་དར་མོ་བ་བསླབ་བཅུག་པའི་དེ་ལོ་མི་བཞི་བཅུར་ཉེ་བའི་མིག་ཕྱེ་བ་སོགས་འགྲོ་ཕན་ལྷག་པར་འཕེལ་ཞིང་ལྷ་རྗེ་ལ་ཕོགས་དང་ཡོན་རྫོངས་རྒྱས་པར་བསྟར། བྱམས་གླིང་མཁན་པོ་ནུབ་སྒོ་སྟེང་པ་སྨད་རྒྱུད་སློབ་དཔོན་གསང་ཡིག་པ་གཉིས་དང་ཕྲད། གསང་བ་འདུས་པའི་རྫོགས་རིམ་ལ་བརྟེན་པའི་དྲི་མལ་མང་དུ་བྱུང་ཞིང་གཉིས་ཀ་ཕྱོགས་དེ་ལ་སྦྱངས་བའི་ལག་རྗེས་སྣང་། མེརྒན་ཧུང་ཐའི་ཇིའི་མ་དཔོན་མོ་ནོར་བུ་སྟེར་ཆ་དང་བཅས་ཕྱིར་ཐོན། སྟོད་རྒྱུད་སློབ་དཔོན་བྱམས་བཀྲས་པ་ཤར་དུ་བསྒྲིལ་བའི་གྲ་ཚང་གི་སློབ་དཔོན་དུ་བློ་གསལ་གླིང་ཞལ་སྔ་ནས་དགེ་འདུན་གྲགས་པ་བསྐོས། སྐྱེད་ཚལ་མཁན་པོས་ཚོགས་སུ་འཛུགས་རྒྱུའི་རིང་འཚོའི་ཚིགས་བཅད་དགོས་ཚུལ་བྱུང་བ་དང་དར་མཁན་དཀའ་བཅུའི་ངོར་བདག་བསྟོད། པོ་ཏ་ལའི་ལི་མ་ལྷ་ཁང་དུ་བཞུགས་པའི་བྲིས་ཐང་རྣམས་ཀྱི་དེབ་ཀྱི་འགོ་བརྗོད་བཅས་བརྩམས། བྱ་ཁྱུང་ཆོས་རྗེ་ལ་རྫོང་བདའ་དང་བླ་མའི་རྣལ་འབྱོར་གྱི་ཆོས་འབྲེལ་བྱས། ཐར་པའི་མཁན་པོ་འོད་མཆོག་སྐུ་སྐྱེ་བདོག་པ་སྤེལ་བར་འོངས་པ་དང་ཕྲད། སྡེ་པ་


GLG006_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་རྒྱ་མཚོ་ལ་ཡར་རྒྱབ་ཀྱི་བླ་གཡུ་ཁྱད་ཅན་མགྲོན་གཉེར་ཞིག་བརྒྱུད་དེ་ཕུལ་བ་གཏོར་མ་གནས་སུ་མ་འཁྱོལ་བའི་ལོ་རྒྱུས་དང་བཅས་ཟབ་ཁོག་ནས་གཡུ་ཞིག་ཕུལ། ཡར་ཀླུངས་སུ་ཀླུའི་སྐུ་ཁོག་འདུག་པ་སྡེ་པས་ཆེད་གཉེར་བོས་པའི་དྲི་མལ་མཛད་པར་ས་ཆ་ཡུལ་དབྱིབས་སོགས་ཁོག་པར་རྒྱུས་མེད་པ་མང་པོ་བཤད་པར་བརྟེན་ཡིད་བརྟན་དུ་རུང་བའི་ལུང་བསྟན་པ་དང་བསྟུན་ཆོས་འཁོར་རྒྱལ་གྱི་ལྷ་མོའི་བླ་མཚོ་དང་ལས་གཤིན་གྱི་བླ་མཚོར་གཞན་གྱི་ངན་གཏད་ཀྱིས་ནུས་པས་མཚོ་སྨན་ལ་འཕོག་ཐུག་བྱུང་བ་སེལ་བྱེད་དུ་ཀླུ་གཏོར། ཀླུ་གཏའ། ཁྲུས་གསོལ། ལྷ་བསངས། དར་ལྕོག །གོས་དར། ཁྲབ། ཇ། དངུལ་གྱི་བུམ་པར་སྨན་སྣ་དང་རིན་པོ་ཆེ་བླུག་པའི་མཚོ་རྫས་སྐྱེལ་བར་དགའ་གདོང་སྔགས་རམས་པ་དོན་གྲུབ་རྒྱ་མཚོ་དང་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན། འཕྱོང་རྒྱས་ཀྱི་བོན་པོ་ཐོག་ལེགས་པ་བཀྲ་ཤིས་ཚེ་བརྟན་དང་སྤྱན་གཡས་པ་བློ་བཟང་ཚད་ལྡན་རྣམས་རྫོང་བདའ་བྱས་ཤིང་ཞར་དུ་བྱམས་ཆེན་ལ་འབུལ་རྒྱུའི་སྙན་དར་ཁ་བྱང་ཅན་བསྐུར། ཡར་ཀླུངས་ཆུ་སྐོར་བར་དང་སྲས་པོ་དར་རྒྱས་ཅན་ཁག་གཉིས་ཀྱིས་ཚོགས་འཁོར་ཟང་ཟིང་གི་དངོས་པོ་དང་བཅས་གྲ་ཚང་ནས་འཆི་མེད་འོད་སྣང་གི་ཆོ་ག་རྡུལ་ཚོན་དང་འབྲེལ་བ་བཏང་། ཚོགས་མགྲོན་དུ་ཆོས་སྡེ་ཁག་གི་བླ་མ་དང་ལས་ཚན་རྣམས་ཀྱང་བསྒྲིགས། ཁོང་ཁག་ལ་བདག་རྐྱེན་སྡེ་པས་མཛད་བདེ་མི་འདུག་པས་ངེད་རང་ནས་གདན་གཟོས་དང་སྟེར་སྦྱིན་གང་ལེགས་བྱས། རྩེ་ཚོགས་མཁན་སྤྱི་ནས་ཚན་གྲངས་ཀྱི་ལེགས་སྐྱེས་པ་མངགས། ཚེས་བཅོ་ལྔ་ལ་འཇམ་མགོན་བླ་མའི་གདན་ས་རི་བོ་དགའ་ལྡན་གྱི་


GLG006_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་སློབ་གྲ་པ་བརྒྱ་སྐོར་དང་བཅས་ཕེབས་པའི་གོས་དར་ཇ་རས་ཀྱི་སྐྱེས་ཚར་དུ་དངར་ཏེ་སྨོན་ལམ་བཀྲ་ཤིས་ཀྱི་ཞལ་འདོན་རྒྱས་པར་གསུངས། སྡེ་པ་ཚལ་པ། དགས་པོ་ལྕང་ར་ནས། དགའ་ལྡན་གསང་སྔགས་གླིང་སློབ་དཔོན་རྣམས་ཀྱིས་དེ་མཚུངས་ཀྱི་ཞབས་སུ་འཐུད། ཨོ་རོད་སེ་ཆེན་རྒྱལ་པོའི་བླ་མར་ཚལ་ཡང་དགོན་ཆོས་རྗེའི་འཚོ་བྱེད་དང་བཅས་པ་བརྫངས། བཀྲ་ཤིས་ལྗོངས་སྤྱི་སོས་རིང་འཚོའི་ཚིགས་བཅད་བསྐུལ་བ་བྲིས། རྨི་རུ་བླ་མ་བྲག་སྒོ་རབ་འབྱམས་པའི་པདྨ་བཀའ་ཐང་གི་རྩོད་ཡིག་ལ་ཀ་ཚལ་ཟུར་པ་རིགས་འཛིན་དཀོན་མཆོག་ལྷུན་གྲུབ་ཀྱིས་དྲི་ལན་མཛད་པ་སྟོན་པ་དང་འབྲུམ་པ་ལས་གྲོལ་བའི་ལེགས་སོ་བརྗོད་པའི་སྙན་ཚིག་དང་བཅས་བསྲིངས་བྱུང་བ་ཁོང་པ་ཤེས་རབ་དང་ཡོན་ཏན་གཉིས་ཀ་ཆེ་གཤིས་ཚིག་སྐྱོན་རྣོན་པོ་དེ་ལ་བལྟོས་པའི་ལན་འདེབས་ལོད་པ་རང་མ་བྱུང་འདུག་པས་ལེགས་སོའི་འཕྲིན་ཡིག་སྙན་ངག་གི་ལམ་ནས་དྲངས། དེ་ཡང་གསེར་མདོག་ཅན་པའི་དགེ་བཤེས་རྒྱ་མ་བཙོད་གཏུན་རོང་པའི་རབ་འབྱམས་པས་ཐང་ཡིག་ལ་དགག་པ་བཏང་བའི་དུམ་བུ་ཞིག་སྔར་མཐོང་མྱོང་བ་ལོ་ཚིགས་སྔ་ཕྱི་སོགས་འགལ་འདུ་བརྡབས་པ་དང་རྟོག་གེ་པའི་རིགས་པ་ནས་དྲངས་པའི་ཚིག་སྐྱོན་ཤིན་ཏུ་སྣང་བ་དངོས་ལན་འདེབས་བྱ་འདེབས་བྱེད་དང་བྲལ་བར་སྣང་། རྒན་གྱི་རྗེས་ཟློས་བྱིས་པས་བྱེད་པ་བཞིན་རྨི་རུ་བླ་མས་དེ་ནས་བསྡུས་པའི་ཤོག་དྲིལ་ཞིག་བྲིས་པས་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ་སོགས་ལན་མཛད་མཁན་དང་སླར་ཡང་མཛད་པའི་སྟ་གོན་འགའ་ཞིག་འདུག་པ་ཐང་ཡིག་གི་ལོ་ཚིགས་རྣམས་ཡེ་བསྒྲིག་ཐེབས་མེད་ཅིང་ཡིག་སྐྱོན་ཤོར་བའང་ཁ་ཡར་ཡོང་གཤིས་


GLG006_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ལན་བཏབ་ཀྱང་བཞེངས་པས་ཆེ་རུ་མི་འགྲོ། རྩེ་ལེ་སྤྲུལ་སྐུས་རྩོད་ལན་དུ་བཏགས་པའི་བདེན་ཁ་བྱིན་པ་དེ་འདྲ་ལས་ངེད་རྙིང་མ་བ་ཚོ་ཆོས་ལོག་ཡིན་གསུང་ན་དོགས་བདེ་བ་ཡོད། རྩོད་པ་པོ་རྣམས་ཀྱིས་ཀྱང་རྩོད་པ་སོང་སྙམ་པའི་རློམ་ནི་མི་འཚལ་ཏེ་དེ་བཞིན་གཤེགས་པའི་མཛད་པར་ཐེག་པ་ཆེ་ཆུང་སོ་སོར་བཤད་པའང་མི་མཐུན་པ་མང་། མདོ་མཛངས་བླུན་དུ་བྱང་ཆུབ་སེམས་དཔའ་ད་སྟེ་ཞག་བདུན་ནས་ལུས་ལ་མར་མེ་སྟོང་འཛུགས་པས་ལྟ་བ་ལ་ཤོག་ཅེས་ཟླ་ལམ་གྱི་བར་ཕོ་ཉ་བཀྱེ་བ་འདུག་པ་སྤྲུལ་པ་ལས་ཐ་མལ་བའི་རྒྱས་མི་ཁེབས་པའི་རྒྱུ་མཚན་ཞག་བདུན་ཏུ་ལུས་ལ་མར་མེ་འཛུགས་པར་ཟླ་ལམ་གྱི་ས་ནས་ལྟ་མཁན་རྣམས་མི་འབྱོར་བ་ལྟ་བུའི་ཚིག་སྐྱོན་ཙམ་ལ་ཁུངས་ཅི་ཡོད། མཽངྒལ་གྱི་བུ་དགྲ་བཅོམ་པ་ཐོབ་ནས་ཀུན་ཏུ་རྒྱུས་སྐུ་ལུས་འདམ་བུ་ལྟར་བཅོམས་ཏེ་བཀྲོངས་པར་བཤད། འཁྲུངས་རབས་སོ་བཞིའི་ལུང་རྒྱུན་ལ་ས་དགེ་བཀའ་བརྒྱུད་མཐའ་དག་ཚད་མར་འཛིན་ཡང་སློབ་དཔོན་གྱིས་བསྟན་བཅོས་མཛད་འཕྲལ་རྟེན་འབྲེལ་གྱི་དབང་ལས་སྟག་གི་སྐུ་ལུས་ཟོས་པ་སུས་ཀྱང་མ་ཚོར་བ་རིང་ཞིག་ནས་དཔེ་རྙིང་པའི་ལེའུ་སོ་བཞི་ཡན་མ་གཏོགས་དེ་ཕྱིན་ཆད་ཆར་ཆུས་ཟོས་ཏེ་མ་བྱུང་བའི་གཏམ་ཁུངས་མར་གྲགས་པས་དཔའ་བོས་ལུང་སུ་ལ་གནང་། ཇོ་བོ་ཡབ་སྲས་ཀྱི་རྣམ་ཐར་བཀའ་གདམས་གླེགས་བམ་དང་ལམ་ཡིག་ན་གསུངས་པ་དངོས་འགལ་ལ་སོང་བ་དུ་མ་ཡོད། དུས་འཁོར་ཤམྦྷ་ལ་ནས་འཕགས་ཡུལ་དུ་ཕེབས་པའི་ལོ་རྒྱུས་རྭ་འབྲོ་གཉིས་ཕྱོགས་ལོག་ཅིང་དེ་བཞིག་གཤེགས་པས་དུས་འཁོར་གསུངས་པའི་ལོ་ཟླ་བ་དང་དྲག་པོ་འཁོར་ལོས་


GLG006_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཀླ་ཀློ་བཏུལ་བའི་ལོ་ཚིགས་སོགས་ལ་མཁས་པ་མང་པོའི་ཡིག་ཆར་ཡང་མ་དག་པའི་ཁུངས་རྡོལ་དང་ལོག་བཤད་ཀྱང་མང་། རྗེ་མི་ལར་རྩམ་པ་ཙམ་ཡང་མ་འབྱོར་བར་ཟྭ་ཚོད་ཀྱི་དཀའ་ཐུབ་ལ་བརྟེན་ནས་གཅིག་པུར་བཞུགས་པའི་དུས་ཀྱི་གསུང་མགུར་རྣམས་ཡི་གེར་འཁོད་འདུག་པའི་སྣག་ཤོག་སམ་ཊ་ཡི་གེ་འདྲི་བའི་རྩོལ་བ་སུས་བྱས། རྗེ་བཙུན་ས་ཆེན་གྱིས་དུས་གཅིག་ལ་བཀོད་པ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་དང་གུང་ཐང་དུ་ཟས་ངན་བྱུང་བས་ཐུགས་ལ་ཡོད་པའི་ཆོས་རྣམས་བསྙེལ་པའི་ལོ་རྒྱུས། སྒམ་པོ་ཟླ་འོད་གཞོན་ནུས་རླུང་ཕྱག་སོར་ལ་བཀྲམ་སྟེ་སྤོས་ཐལ་གཏོར་ནུས་པར་ཞབས་ཀྱི་དྲེག་གི་སྙུང་གཞི་ལ་དངུལ་ཆུར་སྦྱར་བའི་སྨན་འབྱུག་པ། བུ་སྟོན་ཐམས་ཅད་མཁྱེན་པ་བྱམས་པའི་སྤྲུལ་པར་བཤད་པ་ལ་ལས་ཀ་མི་ཡོང་བའི་མི་བསྐྱིལ་ན་ཟས་སྐོམ་གྱི་གྲོན་ཆེན་པོ་ཡོང་བས་མི་གསོ་ཞེས་ཞལ་གདམས་སུ་བྲིས། རྒྱལ་བ་བཙོང་ཁ་པ་ཆེན་པོ་རྡོ་རྗེ་འཇིགས་བྱེད་དངོས་ཡིན་པ་ལ་རྒྱ་འདྲེ་ལྦ་བ་དགུ་བརྩེགས་ཀྱིས་གླགས་བལྟས་པའི་ལོ་རྒྱུས་སོགས་རྒྱ་བོད་ཀྱི་མཁས་གྲུབ་ཐམས་ཅད་ཀྱི་རྣམ་ཐར་གྱི་ཚིག་ལ་འགལ་འདུ་ཡོད་པ་ཤིན་ཏུ་མང་། སློབ་དཔོན་ཆེན་པོ་པདྨ་ཐོད་འཕྲེང་གི་སྡིག་བློན་སོགས་ལས་མ་དག་པ་འགའ་ཞིག་ངོར་བོད་དུ་ཟླ་བ་བཅོ་བརྒྱད་ལས་མ་བཞུགས་པར་མང་ཡུལ་ལ་ཐོག་ནས་སྲིན་པོའི་ཁ་གནོན་དུ་འབྱོན་ཚུལ་བསྟན། མངའ་བདག་གཙོ་བོར་གྱུར་བའི་ལས་ལྡན་ཚོའི་སྣང་ངོར་ཞོ་སྟོད་གཏེར་སྒྲོམ་བྲག་ཏུ་མེ་ཕོ་སྟག་གི་ལོར་མཁར་ཆེན་བཟའ་ལ་མཁའ་འགྲོ་སྙིང་ཏིག་གནང་བ་སོགས་གནས་ཆེན་གངས་བྲག་ཀུན་


GLG006_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཞུགས་ནས་གདུལ་བྱ་རྣམས་སྨིན་གྲོལ་ལ་བཀོད་དེ་གཏེར་ཁ་གྲངས་མེད་སྦས། དུས་ཡུན་རིང་པོ་ཞིག་ནས་མཆོག་དམན་ཀུན་གྱི་སྤྱོད་ཡུལ་དུ་སྐུ་སྣང་བར་མཛད་པས་བདུད་བློན་གྱིས་རྒྱལ་པོ་མཛད་དཀར་བསྟད་ཚེ་བུ་ཚལ་གསེར་ཁང་གླིང་དུ་ལོ་པཎ་ཚོར་མཐོ་འཚམས་པའི་དུས་ཁྲོ་བོའི་སྐུར་བསྟན་ཏེ་ཚར་བཅད་པ་སོགས་བསྐལ་པའང་དུས་མཐའི་སྐད་ཅིག་མར་བསྒྱུར་ནུས་པའི་མཛད་པ་ལ་བྱིས་བློས་ཚད་གཞལ་ག་ལ་ནུས། ཇོ་བོ་ཤཱཀྱ་མུ་ནི་རྒྱལ་བ་ཟས་གཙང་སྲས་པོ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་སངས་རྒྱས་དངོས་ཀྱིས་རབ་ཏུ་གནས་པར་ཡོངས་གྲགས་དང་ས་དགེ་བཀའ་གསུམ་གྱིས་ཚད་མར་འཛིན་པའི་བཀའ་གདམས་གླེགས་བམ་ཡང་ལྷ་པ་སྐུ་སྐྱེའི་རམ་བཏེགས་ནས་བྲག་སྒོ་རབ་འབྱམས་པས་བོད་ལྷ་དང་ཆོས་ལོག་ཏུ་སྨྲ་བའི་ཕྱིར་རྙིང་མ་བ་ཚོར་སྣག་ཚའི་སྒེར་ཉེད་མིན་འདུག་པས་རྙིང་ལུགས་ཀྱི་ཐུགས་སྦུབས་དམ་པོ་རྣམས་མེ་འབར་འཁྲུགས་པས་སྣག་ཤོག་གི་གྲོན་མ་མཛད་པར་མདའ་ཁྲ་གཡས་དང་འཕང་ཁྲ་གཡོན་གྱི་ཕྱགས་ལས་ལ་བརྩོན་པར་ཞུ། ཙ་ཀ་ལི་ཚོ་འཚོལ་བདེའི་དེབ་བསྒྲིག་གི་མགོ་བརྗོད་དང་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ཡན་ཇོ་བོ་བཀའ་གདམས་པའི་རྣམ་པར་ཐར་པ་ཁེ་དང་རྒྱལ་ཁ་གཞན་ལ་གཏོང་ཞིང་གྱོང་དང་བུབ་ཁ་རང་གིས་ལེན་པའི་དམའ་ས་འཛིན་པ་གནང་ལ། རྗེ་བསོད་ནམས་རྒྱ་མཚོ་དཔལ་ཕག་མོ་གྲུ་པ་དང་ཧོར་རྒྱལ་པོའི་ཏི་ཤྲིར་གྱུར་པས་ཅུང་ཟད་སྒྲོབ་ཆེ་བ་དང་། རྗེ་ཡོན་ཏན་རྒྱ་མཚོའི་དུས་གའུ་ལེ་ཞིག་སྣང་བ་ཞིབ་ཆའི་ངེས་ཏིག་ཆེར་མི་འདུག་པས་མི་ཆོས་དང་བསྟུན་པར་སྒྲིགས་བཅུར་


GLG006_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་གང་དྲན་མི་འཕྱ་ཁྱི་དགོད་ཀྱི་རྒྱུར་མི་འགྲོ་བའི་ངེས་པ་མེད་པ་ནས། དེའང་མང་པོས་བཀུར་བ་རྒྱ་ནག་གོང་མའི་རྒྱལ་ཁབ་ཏུ་གང་བཞུགས་རྩོད་པའི་དུས་ཀྱི་འཁོར་ལོས་བསྒྱུར་རྒྱལ་ཡིན་གཤིས་གཟོས་སྒོ་ཤིན་ཏུ་ཆེ་བའི་འོས་ལ་གཞན་གྱིས་འགྲན་ཟླ་མ་མཆིས་ཤིང་དེ་ཕྱིན་བཀུར་གཟོས་ཆེ་བ་གདན་ས་གོང་འོག་གཉིས། དེ་འོག་སྣེའུ་སྡོང་རྩེ། སྟག་ལུང་ལྷ་སྡེ། ཞྭ་དམར་ནག་གཉིས་རྣམས། དེ་འོག་དགའ་ལྡན་ཁྲི་རིན་པོ་ཆེ། བཀྲ་ཤིས་ལྷུན་པོ། སྒམ་པོ། འབྲི་གུང་པ། འབྲུག་པ། མཚུར་ཕུ་དྲུང་པ། འཕགས་པ་ལྷ་རྣམས་ཀྱི་སྤྲུལ་སྐུ། སྒམ་པོ་སྤྱན་སྔ། ཁམས་རི་བོ་ཆེའི་ཆོས་རྗེ་རྣམས། དེ་འོག་རྡོ་རྗེ་བྲག །འབྲོག་བསམ་སྡིངས། སྦྱོར་ར་ཆེ་བ། ལྕགས་ཟམ་པ། དེ་མོ་བ་རྣམས་ཀྱི་སྤྲུལ་སྐུ། གནས་སྙིང་ཞབས་དྲུང་། གེ་རེ་ལྷ་པ་བསླབ་གཙང་རྣམས། དེ་འོག་ཞ་ལུ། ཚོགས་སྡེ་བཞི། གསང་ཕུ་གླིང་སྟོད་སྨད། རྟ་ཚག །གཟིམས་ཁང་གོང་། ངག་དབང་། སི་ཏུ། ཉི་ལྡེ། དྷཱི་ཚ། ཁལ་ཁའི་བྱམས་པ། སྟོང་འཁོར་བ། འཇམ་དབྱངས། རྒྱལ་ཁང་རྩེ་རྣམས་ཀྱི་སྤྲུལ་སྐུ། དགའ་ལྡན་རྩེ་ཤར་སོགས་དབུས་གཙང་གི་མཁན་པོ་སྤྱན་སྔ་ཐོབ་པ་དང་དེ་དང་དབྱིབས་འདྲ་བ་ནཱ་ལནྡཱ་བཅོ་བརྒྱད་པ་ལྟ་བུ། རྒྱལ་སྲས་ཤེར་འཕེལ་བ་སོགས་དང་བབས་མཚུངས་ཀྱི་སྤྲུལ་སྐུའི་རིགས། འུག་པ་ལུང་པས་མཚོན་སྔགས་བརྒྱུད་ཆེ་བ། ལྷ་བྱ་སོགས་སྡེ་དཔོན་ཆེ་ཁ་མངའ་རིས་ལ་དྭགས། རུ་ཐོག །ལྗངས་རྒྱལ་ཕོ་བྲང་གི་རྒྱལ་པོ་དང་སྐུ་རུས་གཅིག་པ། ཆ་ཁར་དང་ཇུ་ནང་གི་དབང་། ཁལ་ཁ་དང་ཨོ་རོད་ཀྱི་རྒྱལ་པོ་རྣམས་ལ་སྒྲོམས་དབྱིབས་མཚུངས་པར་གཟོས་


GLG006_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ཆེ་འབྲིང་ཆུང་གསུམ་ཀ་མ་ཆག་སྐབས་སྦྱར། དེ་འོག་བོད་དང་བོད་ཆེན་པོ། རྒྱ་ཧོར་རྣམས་ཀྱི་ཆོས་སྡེ། གྲ་ཚང་། སྤྱི་སོ། བླ་སློབ་དཔོན། ཐའི་ཇི། དཔོན་ཆེ་ཆུང་། སྡེ་དཔོན་ཆུང་བ། ནང་སོ་རྣམ་པ། དྲུང་འཁོར། དཀྱུས་མ་སོགས་དྲག་ཞན་ཐལ་བྲིས་ཀྱི་སྒོ་ནས་གཟོས་ཆེ་བ་ཐོབ་པ་རྒྱ་བལ་གྱི་རྒྱལ་པོ་དང་གུ་གེ་བདག་པོ་སོགས་དང་། གཞན་ཡང་དྲེགས་པའི་སྡེ་དཔོན་ཁོག་ཏུ་བརླམས་པས་མཚོན་མཆོག་དམན་བར་བ་ཐམས་ཅད་ལ་ཡུལ་དུས་གནས་སྐབས་དང་བསྟུན་པའི་ཞིབ་ཆའི་རེག་ཟིག་ཚིག་དོན་རབས་གསལ་བཀོད། ཉེར་བཞི་ལ་རྒྱལ་པོ་ཡབ་སྲས་ཚོར་ཆེ་མགོན་དང་སྲས་ལྷ་བཟང་ཀླུ་དབང་ལ་ཚེ་དབང་བརྒྱ་རྩ། བསྟན་འཛིན་ད་ཡན་རྒྱལ་པོའི་དབུ་སྒོར་ཆེ་ཆུང་། ལྷ་རྒྱ་རི་བའི་ལེགས་སྐྱེས་པ་དྲུང་འཁོར་ངོ་མ། མས་དྲོ་ཆད་ཀ་སྤྱན་སྔ་ཅན་དང་ཕྲད། ཧོར་ཟླ་ལྔ་པ་སྔོན་མའི་ཚེས་གསུམ་ནས་ཞག་བདུན་གྱི་བར་ཞོ་སྟོད་གཏེར་སྒྲོམ་གྱི་ཁྲུས་རྫིང་ནས་དྲངས་པའི་ཆུ་ཚན་བསྟེན། མངའ་རིས་ལ་དྭགས་ཁྲི་རྩེ་མཁན་པོ་དར་རྒྱས་རྣམ་རྒྱལ་ན་མཐོས་པའི་ནན་ཞུས་ལ་བརྟེན་མཁན་པོར་དགེ་སློང་བློ་བཟང་ཚེ་བརྟན་དང་ལྷན་དུ་དགེ་ལུགས་ཀྱི་དགོན་པ་ལྔ་བཅུ་ང་བརྒྱད། གྲ་གྲངས་སུམ་སྟོང་དགུ་བརྒྱ་ལྷག་བཅས་ལ་གནམ་ཇ་དང་ཡ་ཇུ་ཉག་ཕྱེད་དོ་རེ། གྲ་པ་བཅུ་རེར་དངུལ་སྲང་རེའི་འགྱེད་དང་མང་ཇ་སྐོལ་བར་བཀྲ་ཤིས་རྩེ་ནས་དང་འཕན་པོ་ལྕང་རྒྱབ་པ་སྦྲེལ་པོ་བཏང་། འདི་རེས་སྡེ་པས་ལ་དྭགས་བདེ་ལྡན་ལ་ཡི་གེ་བསྐུར་ཚོད་ཡིན། ངེད་ཀྱིས་ནི་ཁོང་པ་ཞལ་དྲི་ཞིམ་པོ་མི་འདུག་པས་པར་བཀབ་མ་བསྲིངས། ཚེས་དྲུག་


GLG006_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བདག་མོ་དང་མཇལ། སྡེ་པས་ར་མོ་ཆེའི་སྐོར་ཚད་དགོས་ཚུལ་བྱུང་བ་བར་སྐོར་ཕྱི་མའི་ཁྱོན་དང་ཇོ་བོའི་སྐུ་འབྲས་ལ་གཞལ་བའི་ཁ་གྲངས་གཏན་འབེབས་འདར་ལོ་དང་སྤོས་འཛིན་པ་ངག་དབང་ནམ་མཁའ་བྱེད་དུ་བཅུག་པར་འགོ་བརྗོད་དང་སྒྲོམས་བསྒྲིག་བྱས། ཚེས་བརྒྱད་ལ་ཡར་འབྲོག་བསམ་སྡིངས་སྤྲུལ་སྐུ་དང་འབོག་གོང་ཁག །བཅུ་ལ་བཀྲ་ཤིས་ལྷུན་པོའི་ཕྱག་མཛོད་ཕུན་ཚོགས་རབ་བརྟན་གྲ་ཚང་གསུམ། སྔགས་གྲ་དགའ་ལྡན་རབ་རྒྱས་དང་བཅས་པའི་བླ་མ། སྡེ་སྲིད་རི་བོ་བྲག་པ། ཐོན་ཟིལ་གནོན་པ་རྣམས་ཀྱིས་ལེགས་སྐྱེས་ཀྱི་བདོག་པ་བསྟར་ཞིང་ཁྱད་པར་བཀྲ་ཤིས་ལྷུན་པོ་བ་དཔོན་སློབ་ཀྱིས་གོས་དར་སོགས་རྒྱ་སོག་གི་སྐྱེས་དངོམ་ཆེ། སྔོན་ཆད་གདན་ཡིག་སོགས་པར་བཀབ་མི་སྣང་བ་མཐོ་དམའ་ངེས་མེད་བྱུང་ཚེ་བསྙད་དོགས་རེ་འཁང་གི་རྒྱུད་དང་ཤེས་ལྡན་འདྲས་ཁྲེལ་གནས་སུ་མི་བྱེད་པའི་ངེས་པ་མི་འདུག་གཤིས་འདི་གའི་ཁྲི་ལ་ཆ་ལྔར་བྱས་པའི་ཆ་བཞིའི་རྩིས་གདན་ས་གོང་འོག་གཉིས། དེའང་རྩེ་གདོང་གི་ཞལ་ངོ་ཆོས་ཀྱི་རྒྱལ་པོ་འཕགས་པའི་བཞུགས་ཁྲི་པདྨོ་ཅན་དུ་ཁྲི་འདོན་མ་མཛད་པའི་རིགས་ལ་གདན་ས་གོང་ལས་ཅུང་དམའ་བ། ཆ་ཕྱེད་བཞི་པ་སྣེའུ་སྡོང་རྩེ། སྟག་ལུང་ལྷ་སྡེ། ཞྭ་དམར་ནག །ཆ་གསུམ་པ་དགའ་ལྡན་ཁྲི་རིན་པོ་ཆེ། བཀྲ་ཤིས་ལྷུན་པོ། འབྲུག་པ། སྒམ་པོ། མཚུར་ཕུ་དྲུང་པ། འཕགས་པ་ལྷ་རྣམས་ཀྱི་སྤྲུལ་སྐུ། སྒམ་པོའི་གདུང་བརྒྱུད་སྤྱན་སྔར་བཏོན་པ། ཁམས་རི་བོ་ཆེའི་ཆོས་རྗེ། འབྲི་གུང་གདུང་བརྒྱུད་ཡོད་སྐབས་སྟག་ལུང་པ་དང་འདྲ་ཡང་ད་ཆ་འདི་གྲས། དེ་ལས་ཅུང་ཟད་དམའ་བ་སྡེ་པ། ཆ་གཉིས་པ་རྡོ་རྗེ་བྲག །བོ་དོང་


GLG006_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ར་ཆེ་བ། འབྲོག་བསམ་སྡིངས། གཟིམས་ཁང་གོང་། བར་ཁམས་རྟ་ཚག །དེ་མོ་བ། ལྕགས་ཟམ་པ། ཁལ་ཁའི་འཇམ་དབྱངས། བྱམས་པ། རྒྱལ་ཁང་རྩེ། སྟོང་འཁོར་བ་རྣམས་ཀྱི་སྤྲུལ་སྐུ། གནས་རྙིང་ཁྲི་པ་བསླབ་གཙང་ཡིན་མིན་ལ་མ་བལྟོས་པ་དང་གེ་རེ་ལྷ་པ་བསླབ་གཙང་རྣམས། སུམ་སྟན་སྙེ་འབོལ་ཆེ་བ་ཞ་ལུ་དང་ཚོགས་སྡེ་བཞིའི་མཁན་པོ། གསང་ཕུའི་ཆོས་རྗེ་རྣམ་གཉིས། ལྷོ་བྲག་དྷཱི་ཚ། དཔའ་བོ། ཉག་རེ་བྲ་ཡག །སི་ཏུ་བཞིའི་སྤྲུལ་སྐུ། ཏྲེ་བོ་ཧོར་ཚང་ཆོས་རྗེ་རྣམས། སྲབ་ལྔ་བརྩེགས་པ་དགའ་ལྡན་རྩེ་ཤར་དབུར་སྟོད་སེམས་དཔའ། རྒྱལ་སྲས་ཤེར་འཕེལ། ཀར་ལུགས་ཏྲེ་བོ། ལྷོ་གསུང་སྤྲུལ། ཐུགས་སྲས་ཟླ་བ། རས་ཆུང་ཕུག །བར་ཁམས་ངག་དབང་། སྦྱོར་ར་འགྲོ་མགོན། ལྷ་རྩེ་གྲུབ་དབང་རྣམས་ཀྱི་སྤྲུལ་སྐུ། ནཱ་ལནྡཱ་བཅོ་བརྒྱད་པ། བཀྲ་ཤིས་རྩེའི་དབོན། སྟོད་རི་བོ་ཆེ་བ་དང་སྒེར་པ་བའི་མི་ངོའི་རིགས་ཀྱི་ཆོས་རྗེ། ཁམས་རྒྱ་སྟོན་པ། རྒྱལ་ལེགས་བཤད་གླིང་། སྤྱན་སྔར་མ་བཏོན་པའི་སྒམ་པོའི་གདུང་བརྒྱུད། གེ་རེ་ལྷ་གདུང་བརྒྱུད། ངམ་རིང་། མངའ་རིས་ཁྲི་རྩེ། བཟང་ལྡན། སྒྱེ་ཆུ། ཆོས་འཁོར་ལྷུན་པོ། འདར་གྲང་མོ་ཆེ། ལྷུན་རྩེ། གངས་ཅན་ཆོས་འཕེལ། སྣར་ཐང་། ངོར། གསེར་མདོག་ཅན། དཔལ་འཁོར་བདེ་ཆེན། ཐུབ་བསྟན་རྣམ་རྒྱལ། ཐུབ་བསྟན་ཡངས་ཅན། ཤངས་རི་བོ་དགེ་འཕེལ། སྐྱེད་ཚལ་གོང་། གྲ་བྱམས་གླིང་། གྲ་ཐང་། རི་བོ་བདེ་ཆེན། རྩེས་དང་ལྔ་མཆོད་པ། སྤྱན་གཡས་པ། གཉལ་སྡེ་དྲུག །ཐར་པ། འཕགས་སྡེ་བཞི། རྫིང་ཕྱི། སྐུ་རབ་དགའ་ལྡན་རབ་བརྟན། རྭ་སྒྲེང་། སྐྱོར་མོ་ལུང་། གསང་སྔགས་


GLG006_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་རྣམས་ཀྱི་མཁན་པོ། བྱ་ཡུལ། མས་དྲོ་ཆད་ཀ །བདེ་ཆེན་ཡངས་པ་ཅན་གསུམ་གྱི་སྤྱན་སྔ། ཆོས་རྒྱལ་གཏེར་བདག་གླིང་པ། བསམ་ཡས་དཀར་པོ། ཡང་འུག །རྟ་ནག་སྒྲོལ་མ་བ། སྨྲ་བོ་ལྕོག་པ། གནས་གཞི་བ་སོགས་སྔགས་བརྒྱུད་ཆེ་བ་རྣམས། སྲབ་སུམ་བརྩེགས་པ་གྲ་ལྕོག་གྲ་པ། ཨེ་བྲག་སྣ་བ། ལ་སྟོད་སེ་བརྒྱ་མཁར་བ། གོང་དཀར་དཀོན་གཉེར་དཔོན། ཆོས་རྗེ་བཀྲ་བཟང་པ། རྩེས་དང་ཆེན་པོ་བྱང་མ་བ། སྙེ་མདོ་བ་སོགས་བཀའ་གཏེར་གྱི་ཆོས་བརྒྱུད་ཟིན་ངེས། སེར་འབྲས་དགེ་གསུམ། ཆོས་འཁོར་རྒྱལ། བཀྲ་ཤིས་ལྷུན་པོའི་སློབ་དཔོན་པ་རྣམས། རྒྱལ་སྐབས་སུམ་སྟན་སྙེ་འབོལ་དང་། བཅས་བདེར་ས་སྟན་གོས་སྟན་ཁ་གང་མ་ཁ་གདན་ལྟ་བུར་སྣ་དཀར་རྩེ། ལྷ་བྱ། སྐྱིད་ཤོད། སྟག་ལུང་པ་སོགས་གདན་ས་གོང་འོག་གི་བཙུན་མོར་ཁ་གང་མ་བཞི་བརྩེགས། སྣེའུ་སྡོང་རྩེའི་བདག་མོར་སུམ་བརྩེགས་ཁ་གདན། ས་སྟན་སྟེང་གོས་སྟན་ཡུག་པ་ལྷོ་འབོག་མདོང་། ཐོན་པ། གཟིམས་ཤག་ལྷོ་པ། སྡེ་དཔོན་ཆེ་ཁའི་དཔོན་སའི་རིགས་དང་། ནང་སོ་རྣམ་པ་དཀྱུས་མ་ལས་དྲག་ཙམ་ལ་གུང་སྟན་རིགས་གསུམ། ནང་སོ་རྣམ་པ་དཀྱུས་མ། ཀྲེ་ནག་སོགས་འབྲོག་རིགས་ཀྱི་དཔོན། ཞང་སྟོན། དར་སྡིངས། རི་ཞིང་། གྲུ་ཚང་པའི་མི་ངོའི་རིགས་སོགས་ལ་མགོ་སྟན་རིགས་གསུམ། མཇུག་བསྒྲིགས་རིགས་གསུམ། སྟག་གདན་རིགས་གསུམ་རྣམས་གང་འོས། རྒྱ་སྔོ་དམར་པོ་གསུམ་གྱི་གྲུམ་སྟན་འཇགས་ལྡན་སྟེང་གསང་ཕུའི་ཆེན་པོ། དཔལ་རི་སྤྲུལ་སྐུ། རྫོགས་ཆེན་སྤྲུལ་སྐུ། གོང་ར་ངེས་གསང་གླིང་གི་བླ་མ། གྲ་དར་སྡིངས་པ། བླ་ཆེན་


GLG006_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཕྱག་མཛོད། གོང་གསལ་འཇགས་མེད་གསུམ་གྱི་སྟེང་དབུས་གཙང་ས་དགེ་བཀའ་བརྒྱུད་ཀྱི་དགོན་གྲ་གཙང་བའི་སློབ་དཔོན། བལ་པོའི་རྒྱལ་ཁག །རྒྱ་གར་ར་གོ་ཤིང་། འཛུམ་ལང་། མངའ་རིས་སོགས་ཕྱོགས་མཐའི་རྒྱལ་ཁག་གི་མི་སྣ་རྣམས་ལ་དམར་གྲུམ་ཡན། ཉིས་ཚོས། ལྗང་གུ་ནག་པོ་གསུམ་གྱི་སྟེང་བཙན་བཙུན། བྱ་བྲལ་གྱི་བླ་མའི་རིགས། རྐྱོང་གདན་གང་འོས་སྟེང་དྲུང་འཁོར། ལྡིང་དཔོན། ཆོས་སྡེ་ཁག་གི་གཉེར་ལས་འཛིན་སོགས། སྲབ་ལྔ་བརྩེགས་སྟེང་རྒྱ་ནག་གོང་མའི་མི་སྣ་རྒན་གཞོན། གོང་གི་ཐམ་ཁ་འཛིན་པའི་ནང་ཕྱོགས་ཀྱི་ནང་སོ་རྣམས་ཁྲི་མཐོ་དམའ་ཇི་ལྟར་འཚམ་པའི་སྟེང་ཁལ་ཁའི་རྒྱལ་པོ། དེ་ལས་ཅུང་དམའ་བར་བསྟན་འཛིན་ད་ལའི་རྒྱལ་པོ། ཨོ་རོད་སེ་ཆེན་རྒྱལ་པོ་སོགས་རྒྱས་སར་མངའ་གསོལ་བའི་རིགས། ས་སྟན་གོས་འཇབ་ཉིས་བརྩེགས་སྟེང་ཁལ་ཁ་ཨོ་རོད་ཀྱི་དཔོན་པོ། གོས་འཇབ་གཅིག་གིས་དམའ་བར་དཔོན་ཆུང་དང་དཔོན་མོའི་རིགས། གྲུམ་ཙེ་མི་བཟང་དང་མི་སྣ་དྲག་པར་འདིང་བ་སྤྱིར་བཏང་དང་དམིགས་བསལ། ལོ་གསར་སོགས་ཞུགས་གྲལ་ཆེན་མོའི་དུས་ཁྲིའི་ཉེ་སྐོར་དུ་གྲོང་སྨད་ཨ་བར་ལ་ས་སྟན་གོས་འཇའ་ཁ་བཀུག་ཁ་གང་མ་ཁ་སྟན་ཅོག་ཙེ། གཟིམས་དཔོན་མཆོད་དཔོན་སོགས་ལས་ཚན་ཆེ་ཁ་རྣམས་ལ་གྲུམ་འཇག་མགོ་སྟན། རྒྱུད་སྟོད་སྨད་སེར་འབྲས་ཀྱི་སློབ་དཔོན་ལྟ་བུར་སུམ་སྟན་སྙེ་འབོལ་ཆུང་བ་བྱེད་སྐབས་གདན་གཟོས་གོང་མ་རྣམས་ཀྱང་དེ་གའི་འགྲོས་ཀྱིས་འཕར་འགྲོ་ཞིང་གྲུམ་འཇག་ཐོབ་པར་སྲབ་སུམ་བརྩེགས་ལྔ་བརྩེགས་གང་རུང་མི་བབས་དང་བསྟུན་པ། སྐྱིད་ཤོད་སོགས་སྡེ་


GLG006_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཆེ་ཁ་རྣམས་རྒྱུན་དུ་སོག་པོའི་ཐའི་ཇི་ཚོ་དང་ལྷན་དུ་འཚོ་སྐབས་སོག་པོའི་ཆེ་བས་མཉམ་པ་ལ་མི་ཡོང་ཡང་། རིན་ཆེན་རྒྱན་སྤྲོད་ཀྱི་དམིགས་བསལ་ལ་སུམ་སྟན་སྙེ་འབོལ་ཆེ་བ། འབོག་གོང་པ་སོགས་དེ་འོག་མ་ཚོར་སུམ་སྟན་སྙེ་འབོལ་ཆུང་བས་མཚོན་ཡུལ་དུས་གནས་སྐབས་ཀྱི་བསྒྱུར་ལུགས། བླ་བྲེ། པང་ལྕོག །འབྲས་ཤེལ། ཨུཏྤལ། ངང་ཆུང་མ་སོགས་ཧོར་དཀར། ཀརྨ་གན་དཀར། རབ་དཀར་གྱིས་མཚོན་པའི་བྱེ་བྲག་རྣམས་དཔལ་ཕག་མོ་གྲུ་པའི་ལུགས་སྲོལ་ཁུངས་མར་གཞི་བྱས་པའི་ཞིབ་མོ་རྣམ་དག་རབ་གསལ་མེ་ལོང་ཞེས་བྱ་བ་བྲིས། བཀྲ་ཤིས་ལྷུན་པོ་པ་རྣམས་ལ་བཀའ་གདམས་ལྷ་བཞིའི་རྗེས་གནང་ཟུར་བཀའ་དང་ལམ་རིམ་འཁྲིད་ཡིག་གསར་རྩོམ་གྱི་ལུང་བཀླགས། གཙང་གི་ཆོས་སྡེ་ཆེན་པོའི་གོས་སྐུ་སྡེ་པ་གོང་མས་དབུས་སུ་འདྲེན་པ་མཛད་ནས་པོ་ཏ་ལའི་ཤར་སྒོའི་ལྕོག་ཏུ་སྡུད་པ་གནང་བ་འདི་རེས་ཞིག་གསོས་དགོས་པ་གྲུབ་པ་དང་ཐང་པོ་ཆེར་བཞེངས་པའི་གསེར་རྐྱང་དང་ཁྲ་ཆེན་གྱི་བཀའ་འགྱུར་གཉིས། དཔག་བསམ་འཁྲི་ཤིང་། ལམ་རིམ་བརྒྱུད་པ། ཕྲེང་བའི་དཀྱིལ་ཐང་སོགས་ལ་རབ་གནས་རྒྱས་པ་ཞིག་དགོས་ཚུལ་སྡེ་པས་གསུངས་བྱུང་བ་པོ་ཏ་ལའི་ཕོ་བྲང་ལ་སྔར་རབ་གནས་བྱུང་མ་སོང་བས་མ་འགྱངས་པར་ཞིག་གསོས་ཀྱི་སྒོ་ཤར་རིགས་ནས་འཕྱིས་པ་ཙམ་ཡིན་འདུག་རུང་དཔལ་ཆེན་ཕུར་པའི་རས་བྲིས་ཀྱི་དཀྱིལ་འཁོར་ཕུར་ཆ་དང་བཅས་པ་ལ་བརྟེན་ནས་ཚེས་བཅུ་གསུམ་གཟའ་ལྷག་པ་དང་ལས་སྐར་ས་ག །བཅུ་བཞི་རེས་གཟའ་ལྷའི་བླ་མ་དང་ཟླ་སྐར་ལྷ་མཚམས་ཀྱི་འཕྲོད་སྦྱོར་ཤིས་པའི་ཐོག་དངོས་གཞི་གྲུབ་པ་ཚེས་ཀྱི་ཆུ་ཚོད་ཁྱད་ནས་ཐོ་རངས་སྔ་


GLG006_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་ནས་བཙུགས་ཤིང་ཉིན་ཕྱེད་ཡོལ་ངེས་ལ་ཟིན་པ་བྱས། བརྗོད་བྱ་དོན་གི་རབ་གནས་ཇི་ལྟར་ཡང་རྗོད་བྱེད་ཚིག་གི་རབ་གནས་ལོ་ཆེན་རིན་ཆེན་བཟང་པོའི་སྡོམ་ཚིག་ལ་ཆུ་བུན་མ་བྱུགས་ཙམ་གྱི་ལུགས་ཡིན། རབ་ཡོན་གྲ་པ་རེར་ཁ་བཏགས་སྨན་ཙེ་གོས་ཁ་རེ། བཅུ་རེའི་སར་གསེར་ཞོ་རེ་དང་བུར་ལྟང་། ལས་ཚན་སོ་སོར་གོ་བབས་དང་བསྟུན་པའི་ཚན་གྲངས། ཁྱོན་བསྡོམས་ཁ་བཏགས་ཆིག་བརྒྱ་ང་དགུ། གོས་ཁ་ཆིག་བརྒྱ་གྱ་བརྒྱད། སྨན་ཁ་ཆིག་བརྒྱ་གྱ་བདུན་དར་སྣ་ཚོགས་ཁ་བཅོ་ལྔ། གསེར་ཞོ་དང་བུར་ལྟང་སོ་སོར་བཅོ་བརྒྱད། སྔོ་གྲུམ་གཉིས་དང་ཆ་གྲུམ་དྲུག །དྲིལ་ཡུག་བཞི། ལྷོ་རས་ཡུག་དགུ་རྣམས་སོང་། ཚེས་བཅོ་ལྔའི་ཉིན་རབ་སྟོན་ལ་ཚོམས་ཆེན་དུ་དིང་བཏགས་ཀྱི་སྔགས་སྐུ་ཁྱད་མཚར་མང་དག་བཀོད་ལེགས་སུ་བཀྲམ། རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ། ཤེར་འཕེལ་སྤྲུལ་པའི་སྐུ། སྤྱན་གཡས་མཁན་པོ། ཆོས་རྗེ་བཅོ་བརྒྱད་པ། གཏེར་སྟོན་རིན་པོ་ཆེ། བཀྲ་ཤིས་བདེ་ཆེན་དང་ཆོས་འཁོར་ཡང་རྩེའི་བླ་མ། དཔལ་རི་སྤྲུལ་པའི་སྐུ། དར་རྒྱས་ཆོས་སྡིངས་རྒྱལ་སྲས་པ། བཀྲ་ཤིས་ལྷུན་པོ་དང་དཔལ་འཁོར་ཆོས་སྡེའི་སློབ་དཔོན་ཁ་ཤས། སྡེ་སྲིད་རི་བོ་བྲག་པ། བདེ་ཆེན་ཐའི་ཇི། ཐོན་ཟིལ་གནོན་པ། ཕྱག་མཛོད་ཕུན་ཚོགས་རབ་བརྟན། སྟག་ལུང་ཕྱག་མཛོད། གྲ་ཚང་ཡོངས་རྫོགས། དྲུང་འཁོར་སྐྱ་སེར་སོགས་ལ་གཞིས་ལེན་རྒྱས་པར་བསྟར། གོང་དཀར་དཀོན་གཉེར་དཔོན་པ་དེ་ཁྲོད་དུ་དགོས་རྒྱུར་འདུག་རུང་ཟན་ཆེན་རྟིང་པར་སོང་སྐྱོན་གྱིས་མ་བྱུང་། རྡོ་རྗེ་བྲག་སྤྲུལ་པའི་སྐུས་ནད་ལས་གྲོལ་


GLG006_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལེགས་སྐྱེས་དང་རིང་འཚོའི་རྟེན་འབྱུང་སྦྲགས་པར་བླ་མ་མངའ་བདག་ཉང་གིས་འཕྱིང་ངམ་སྟག་རྩེའི་བམ་སོ་དམར་པོ་ནས་སྤྱན་དྲངས་པའི་བྱང་ཆུབ་ལྗོན་ཤིང་ལས་གྲུབ་པའི་བླ་མ་རྡོ་རྗེ་འཆང་གི་སྐུ། རྟ་མགྲིན་དྲེགས་པ་ཟིལ་གནོན་རྒྱུད་ཀྱི་ཤོག་སེར་ཆུ་གླང་གི་རྭའི་སྲོག་ཤིང་ཅན་གྱིས་གཙོས་པའི་ཟང་ཟིང་གི་ཚན་གྲངས་སྟེར་སྦྱིན་མཛད། ཚེས་བཅུ་དྲུག་ལ་ཆོས་སྡེ་རི་བོ་བདེ་ཆེན་པས་ཐོག་དྲངས་སྤྱན་གཡས། དཔལ་རི། འཕྱོས་ཀྱི་དགོན་ཁག་གསུམ། དྲུང་འཁོར། ལྡིང་ཁག་དང་བཅས་པས་ཚོགས་ཆས་ཚན་གྲངས་འགྱེད་ཀྱི་ཡོན་སྦྱར་ཏེ་གྲ་ཚང་གིས་རྡུལ་ཚོན་ལ་བརྟེན་པའི་འཆི་མེད་འོད་སྣང་གི་ཚེ་ཆོག་རྒྱས་པར་བཏང་། དེ་རྗེས་རི་བོ་བདེ་ཆེན་པ་བཞི་བཅུ་སྐོར་གྱི་ཚིགས་བཅད་གདངས་མ་གསུངས། ཁོང་རྣམས་ལ་བྱམས་སྨོན། ལྟུང་བཤགས། བཟང་སྤྱོད། གཏོར་མ་བརྒྱ་རྩ་མུ་ཐི་ལའི་འཁྲི་ཤིང་རྣམས་ཀྱི་ལུང་བཀླགས། སང་ཉིན་ཡོན་སྦྱོར་དང་ཆོ་ག་སོགས་དབྱིབས་འདྲ་བའི་སྐྱིད་ཤོད་བདེ་ཆེན་པ་ཡབ་སྲས་ཀྱིས་སྦྱིན་བདག་མཛད། ཚེས་བཅོ་བརྒྱད་ལ་ཆོས་སྡེ་ཆེན་པོ་ཕན་ཚུན་གྱི་སློབ་དཔོན། ལས་འཛིན། དབོན་ཆོས་མཛད། ཁམས་ཚན། མི་ཚན་གྱི་མི་སྣ། བདག་མོ་རྩེ་ཆེན་མ། ཆོས་རྗེ་ཆུ་མིག་པ། ནང་གི་དྲུང་འཁོར་གྲས་ནས་གྲོང་སྨད་སྡེ་པ་ཨ་བར་དང་བཅས་ལ་རབ་སྟོན་གྱི་བཞུགས་གྲལ་བཏང་། ཚེས་བཅུ་དགུ་ལ་བཀྲ་ཤིས་ལྷུན་པོ་བ་སྐོར་བཅས་ཐོན་པའི་རྫོང་བདའ་རྒྱས་པར་གྱིས། ཕྱག་མཛོད་དང་སློབ་དཔོན་རྣམས་ཀྱིས་བསྐུལ་བའི་ངེད་རང་དང་སྤྲུལ་པའི་སྐུ་རིན་པོ་ཆེའི་བརྟན་བཞུགས། གཞིས་ཀ་ཤར་པ་ཨ་གུར་གྱིས་ལོག་


GLG006_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲིའི་བསྙེན་མཚམས་ཀྱི་དུས་སྐྱབས་སེམས་སྨོན་ལམ་བཀྲ་ཤིས། ཆོས་བློན་བྲན་ཀ་དཔལ་ཡོན་མཚམས་སྦྱོར་ངན་པའི་རྐྱེན་གྱིས་མི་མ་ཡིན་དུ་སྐྱེས་པ་འཕན་ཡུལ་ཐང་སག་གི་གཞི་བདག་ཡིན་པའི་ཁར་ཕྱི་སྐོར་བྱ་བྲལ་གཙོད་རུ་ལག་ཏུ་ཐོགས་པའི་དམ་སྲི་ཞིག་གིས་བླ་མ་སྔ་ཕྱི་དང་གྲ་པ་མང་པོར་བར་ཆད་བྱུང་བ་ལྟས་ངན་གཡང་འགུགས་ཡིན་ཁུལ་གྱི་གསོལ་མཆོད་བྱེད་རྒྱུ་དང་རིང་འཚོའི་ཚིགས་བཅད། རི་བོ་བདེ་ཆེན་གྱི་གྲ་རིགས་འགའ་ཞིག་གིས་བསྐུལ་ནས་རི་བོ་བྲག་བཙན་པའི་གསོལ་མཆོད། བཀྲ་ཤིས་བདེ་ཆེན་དུ་འཛུགས་རྩིས་ཀྱིས་འཕྱོས་པ་དོན་རྒྱམ་པས་བསྐུལ་བའི་ཁ་ཏོན་གསོལ་འདེབས་རྒྱ་སྐད་མ། དགེ་སློང་འཇམ་དབྱངས་གྲགས་པས་གྲ་ཚང་དང་རི་བོ་བདེ་ཆེན་དུ་སྙན་དར་ཕུལ་བའི་ཁ་ཡིག་རྣམས་བྲིས། ཉེར་གཅིག་ལ་ཆོས་རྗེ་བློ་བཟང་བསྟན་འཛིན་གྱིས་གཙོས་བཀྲ་ཤིས་ལྗོངས་པ་གྲ་བཅས་ཀྱིས་ཟང་ཟིང་གི་སྟེར་སྦྱིན་མཛད་དེ་རིང་འཚོའི་ཚིགས་བཅད་གསུང་། བློ་བཟང་ཉི་མ་དགེ་འདུན་བློ་གྲོས་ཅན་རི་བོ་བདེ་ཆེན་དང་བཀྲ་ཤིས་བདེ་ཆེན་གྱི་གྲ་པ་བཅུ་བདུན་བསྙེན་པར་རྫོགས། བྲོ་འཚལ་བ་ལས་གྲོལ་བའི་དགའ་སྟོན་དུ་བྱེ་རི་སྟག་རྩེ་ནས་ཐའི་ཇི་ཡབ་སྲས་ཀྱིས་དཀར་སྤྲོ་དམར་སྤྲོའི་བཞུགས་གྲལ་དང་བདོག་པ་རྒྱས་པར་བྱུང་། ཤངས་དགའ་ལྡན་ཆོས་འཁོར་སློབ་དཔོན་ཅན་ལ་སྨན་བླའི་བརྒྱུད་འདེབས་ཀྱི་ལུང་བྱས། ཧོར་ཟླ་ལྔ་པ་ཕྱི་མའི་ཚེས་གཅིག་ལ་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་རྒྱལ་མོ་བཞི་པ་དང་སྲས་བཀྲ་ཤིས། ཏྲེ་བོ་དཀར་ལྕོག་སྤྲུལ་སྐུ། རྩེ་གདོང་ཕྱག་མཛོད། ཞ་ལུའི་སློབ་དཔོན་སོགས་


GLG006_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སྐྱེས་བསྟབ་པར་འབྱོར། གསང་སྔགས་མཁར་མཁན་སློབ། ལྷ་ས་སྡེ་བཞི་དང་བཅས་པས་དངོས་པོའི་ཚན་གྲངས་ཚར་དུ་དངར་ཏེ་རིང་འཚོའི་རྟེན་འབྲེལ་བསྒྲིགས་པར་སོ་སོའི་ལུགས་ཀྱི་ཞལ་འདོན་རིམ་གྱིས་མཛད་ཁུལ་ལ་སྔགས་མཁར་བ་རྣམས་ཀྱིས་རང་རྐྱ་མ་ཕེར་བར་ལྷ་ས་བ་ཚོར་བབས་ཕུལ་ཏེ་རྗེས་སུ་འབྲངས། ཉང་སྟོད་ནས་གནུབས་ཀྱི་སྔགས་འཆང་བགྲད་པ་མཆེད། གཉོས་ཀྱི་སྔགས་འཆང་གུང་རུ་བ་ཡབ་སྲས། རྩེ་ཚོགས་པའི་གྲ་པ་སོགས་ཕྱོགས་འདུས་མང་བར་ཇ་གྲལ་བཏང་། སྐྱར་པོ་བ་བློ་བཟང་ལེགས་ལྡན་ཚེས་ལྔ་ལ་བར་ཁམས་སོགས་ཀྱི་དོན་གཅོད་ལ་མཚོ་སྔོན་པོར་ཐོན། ཚེས་དྲུག་ལ་ངེད་རང་གིས་མཁན་པོ། ཕ་བོང་ཁའི་སློབ་དཔོན་འཇམ་དབྱངས་གྲགས་པས་ལས་སློབ། དགེ་སློང་འཇམ་དབྱངས་གྲགས་པས་གསང་སྟོན་བྱས་ཏེ་ཏྲེེ་བོ་དཀར་ལྕོག་སྤྲུལ་སྐུ་བསྙེན་པར་རྫོགས། སང་ཉིན་སྟག་ལུང་ཞབས་དྲུང་ཀུན་སྤངས་པ་ཕེབས་པར་ཆིབས་བསུ་ལྡང་བ་མཇལ་དར་བཞུགས་ཁྲིས་མཚོན་པའི་བཀུར་བཟོས་གང་ཆེ་ཞུས་ཤིང་རྟ་དྲུག་ཅུས་གཙོས་པའི་གནང་ཆ་དཔངས་བསྟོད། སྡེ་པ་ནོར་བུའི་སྐུ་རིམ་སྲུང་འཁོར་སྲད་རྒྱུད་སློབ་དཔོན། རོང་པ་རྫོགས་ཆེན་པའི་བུ་ཆེན་ཀརྨ་ཚེ་བརྟན་ནམ་བློ་བདེ་ཧང་སངས་ཅན་སྐྱ་སེར་མང་ཞིག་དང་ཕྲད། གསང་བ་འདུས་པའི་བསྐྱེད་རྫོགས་ཀྱི་ལུས་དབེན་ལུགས་སོགས་ལམ་གྱི་དཀའ་གནད་དུ་མའི་དྲི་བ་བྱས་པར་སྲད་རྒྱུད་སློབ་དཔོན་པ་རྒྱལ་བ་བཙོང་པ་ཁ་ཡབ་སྲས་ཀྱི་གསུང་རབ་དང་མཐུན་པའི་གླེང་མོ་རྣམ་དཔྱོད་དང་ལྡན་པ་སྣང་། དྲུག་ཅུ་པར་ཞ་ལུ་བའི་རྩ་ཚིག་དྲངས་པའི་བཤད་ཡམ་བྱེད་


GLG006_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་རུང་རྙིང་མའི་མདོས་གཏོར་མཐོང་བ་ལ་ཡང་དཔེ་བླངས་རྔམ་རྔམ་འཇིགས་འཇིགས་གཙོ་བོར་བཏོན་པའི་གུ་ཡངས་དཔའ་ཐལ་ལས་ལུགས་སྲོལ་ཁུངས་བཙུན་ཡོད་ཉམས་ཀྱི་གཏམ་མི་སྨྲ། བློ་བདེ་ཧང་སངས་ནི་རྫོགས་ཆེན་གྱི་ཉམས་རྟོགས་ཆེར་མེད་ཀྱང་རྡོ་རྗེ་སེམས་པའི་སྐུ་རྐྱང་པ་ཙམ་འཆར་ཟེར་བ་དེ་ཉམས་གོང་འཕེལ་གྱི་མཇུག་དང་རིག་པ་ཚད་ཕེབས་ཀྱི་སྐབས་ཡིན་རུང་ཆོས་ཉིད་མངོན་སུམ་གྱི་ཐོག་མ་ལྟ་བུར་འཁྲུལ་བའི་བླ་བཙོངས་སོང་བ་རིན་ཅི་བྱུང་ནི་མ་ཤེས། ཚེས་དགུ་ལ་སྟག་ལུང་ཞབས་དྲུང་རིན་པོ་ཆེ་དཔོན་སློབ་དང་རྒྱུད་སྟོད་སློབ་དཔོན་པ་ཅན་ལ་གྲུབ་རྒྱལ་ལུགས་ཀྱི་ལྷ་གཅིག་བུམ་གཅིག་གི་ཚེ་དབང་ཞབས་དྲུང་དང་སློབ་དཔོན་པ། གེ་ར་གསོལ་དཔོན། དར་མོ་འཚོ་བྱེད་བཞིར་བ་རི་ལུགས་ཀྱི་རྣམ་འཇོམས་ལ་བརྟེན་པའི་བཀྲུ་བྱབ་སྲུང་གསུམ་ཕུལ། དེ་གྲུབ་བསྟུན་གསུང་བགྲོས་གནང་ཁྱད་ནས་མི་གཞན་མེད་པའི་གསོལ་ཇ་སྦྱོར་གསུམ་གྱི་རིང་ཞབས་དྲུང་ཆེན་མོ་དག་པའི་ཞིང་དུ་གཤེགས་པ་དང་ཁུ་དབོན་གཉིས་ཐུགས་ཡིད་གཅིག་ཏུ་འདྲེས་པ་ལས་ཚན་འགའི་བི་ན་ཡ་ཀའི་འཕྲུལ་གྱིས་ངོས་མཇལ་མ་བྱུང་བ་བཞུགས་ཁྲི་མཐོ་ལ་ཀུན་གྱིས་བསྙད་པའི་གཞིར་གྱུར་ཚུལ་སོགས་ཀརྨ་ཕྲིན་ལས་པའི་ཐུབ་ཆེན་གདན་ས་དང་འདྲ་བའི་གསུང་གཅོད་ཤིན་ཏུ་ཆེ་བ་འབྱོན་པ་རྒྱས་པས་བྲག་ཐོག་ནས་ཆུ་འབྱོར་བ་ལྟ་བུ་ཉན། བདའ་ལན་གྱི་འབུལ་བ་གཞིས་ལེན་ཆིབས་སྐྱེལ་དང་བཅས་དཔལ་ལྡན་ཐང་པའི་ཆོས་ཀྱི་འཚོ་བའི་བསྟི་གནས་ཆེན་པོར་གླང་ཆེན་དལ་འགྲོས་ཀྱིས་གཤེགས། རིགས་ཀུན་ཁྱབ་བདག་ཞ་ལུ་


GLG006_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ཆེན་ཀུན་སྤངས་པ་གོང་དཀར་ཆོས་སྡེར་ཕེབས་པར་གསོལ་ཕོགས་དང་བཅས་ཟླ་གཅིག་གི་ལྷག་གི་བར་སྟན་ཆགས་མུར་ཚེས་བཅུ་གཅིག་ལ་ཕེབས་པ་དང་མཇལ། ཟླ་གཅིག་ལྷག་ཙམ་བཞུགས་པར་ཀྱེ་རྡོར་ནང་དབང་། ལམ་ཟབ་བིར་སྲུང་། མཁའ་སྤྱོད་མ། ཕྱར་རྡོར་འཆི་བདག་འཇོམས་པ་དང་མི་འཁྲུགས་པ་ལྷ་བཅུ་གསུམ་མ་རྣལ་འབྱོར་རྒྱུད་ཀྱི་ལུགས་བཞིན་ཆོས་རྗེ་ཐམས་ཅད་མཁྱེན་པའི་ཕྱག་ལེན་འཁྲུལ་མེད་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པ་མཚན་ཉིད་དང་ལྡན་པའི་དབང་། ཕྱག་བཞི་པ་ངོར་ཕྱོགས་ནས་བརྒྱུད་པའི་རྗེས་གནང་ཁུངས་བཙུན། སེང་གདོང་མ་དམར་མོ། རྟ་མགྲིན་སྐྱེར་སྒང་ལུགས་སོགས་དབང་བྱིན་རླབས་ཁ་ཡར། བུ་སྟོན་ཐམས་ཅད་མཁྱེན་པའི་གསུང་རབ་མང་པོའི་ལུང་། རྣལ་འབྱོར་རྒྱུད་ཀྱི་ཕྱག་རྒྱ་འཆིང་ཚུལ་གྱིས་མཚོན་ཕྱག་ལེན་གྱི་རིགས་མང་དུ་ཞུས། འདི་སྐབས་སྐུ་ཁོག་གི་བུ་རྒན་པ་དབང་རྒྱལ་རྡོ་རྗེ་ལ་གནས་ཆུང་ཆོས་སྐྱོང་ཆེན་པོ་ཕེབས་ངེས་ལ་བདག་མོར་བརྟེན་པའི་བསྒྱུར་སྦྱང་གི་བཀའ་ལུང་རྩུབ་པར་གྲ་ཚང་གཉེར་པ་སོགས་ཀྱིས་དང་བླངས་མ་ནུས་པས་སྐྱེངས་པ་ཞིག་ཡིན་ནམ། རྗེས་སུ་དོགས་པ་ཟ་བ་གཅིག་ཙམ་མ་གཏོགས་འདྲེ་ཡན་ཞིག་ཞུགས་པར་སྣང་། གེ་ར་གསོལ་དཔོན་གྱི་ནུ་བོ་བློ་བཟང་དགེ་འདུན་འདས་པའི་དོན་དུ་གཙུག་ལག་ཁང་ཡས་མས་ལ་སྙན་ཤལ་ཕུལ་བར་དགོས་ཚུལ་བཞིན་ཁ་ཡིག །སྐྱོར་ལུང་མཚན་ཉིད་པར་དམ་སྲིའི་གནོད་པ་མི་ཡོང་བདེན་བརྗོད། ལེའུ་བདུན་མའི་པར་བྱང་རྣམས་བྲིས། ཚེས་བཅུ་གསུམ་ལ་སྐྱོར་ལུང་ཆོས་སྡེས་གཙོས་ཤུན་དང་དེ་མཚུངས་སྣེའུ་ཁུལ་གྱི་


GLG006_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་འཁོར་མི་སེར་སྤྱི་བསྡུས། གསས་ཁང་དགོན་པ། གསང་ནེའུ་ཐོག་སྤྱི་སོ། ར་བ་སྟོད་པ་སྒེར་དང་བཅས་པ་སོ་སོས་གོས་དར་རས་སྣམ་ཇ་སོགས་ཀ་ཅའི་ཚན་གྲངས་རིང་པོར་བརྐྱང་སྟེ་ཚེའི་རྟེན་འབྲེལ་བསྒྲིགས། ར་བ་སྟོད་སློབ་དཔོན་པས་གསང་ཕུ་བླ་མ་སོ་སོའི་ཤམ་ཐབས་ཁྲལ་དང་ར་བ་སྟོད་སྒེར་གྱི་བླ་མའི་སྟེར་ཆ་མདའ་གཅིག་གིས་ཤྭ་བ་གཉིས་བསད་པས་ཨ་ཁུ་སྟོན་པར་ཐོག་དགྲ་བཏང་། གཞིས་ཀ་རྩེའི་མངའ་ཁུལ་སྤྱི་ཚོགས་ཀྱི་ལེགས་སྐྱེལ་བ། ཁོ་སྤེ་དང་རྣམ་རབ་དྭགས་པོ་གྲ་ཚང་པའི་བླ་མ་རྣམས་དང་ཕྲད། ཚེས་བཅོ་བརྒྱད་ལ་ཐུགས་སྲས་སྤྲུལ་སྐུ། སྒྲོལ་མ་ཕུག་པའི་ཐུགས་སྲས་གཞོན་པ། གྲ་ཚང་གི་གྲ་པ་ཐོར་བུ། འདར་པ་ལོ་ཙཱ། ཞ་ལུ་མཁན་རིན་པོ་ཆེའི་ཕྱག་མཛོད་བསོད་ནམས་རིན་ཆེན་ལ་གཏེར་ཁ་འོག་མའི་སྔགས་རྒོད་ལོག་ཏྲི་པའི་རིག་གཏད་བྱས། དབང་ཡོན་དུ་གྲི་དང་ཁབ་སོགས་འབུལ་སྲོལ་འདུག་པར་མཆོད་དཔོན་པས་ཁབ་བསྡུས་པ་ལ་ཐུགས་སྲས་ཀྱིས་ངས་སྤུ་གྲི་ངར་མ་ཞིག་ཕུལ་གྲུབ་ཅེས་མ་བཅོས་ལྷུག་པ་འདྲ་མོ་ལ་ནང་ལྕགས་སྐུད་ལྟར་གྲིམས་པ་ཞིག་སྣང་། སྒྲོལ་མ་ནས་ཀྱིས་གསང་རྙིང་། རྩ་རྒྱུད་ཀྱི་རྒྱུགས་སྤྲད། ཐུགས་སྲས་སྤྲུལ་སྐུས་གུ་རུ་ལྷ་ཁང་དུ་གྲ་ཚང་གསར་དུ་བཙུགས་ཏེ་རྙིང་བསྟན་གོག་པོ་ལ་ཝ་ཁ་ཐིགས་ཚགས་མཛད་བཞེད་ཀྱི་གྲ་པ་སུམ་ཅུ་སྐོར་དང་རྟོགས་ལྡན་ཆོས་དབྱིངས་རང་གྲོལ་གྱི་སྐྱེ་བས་དགེ་ཚུལ་བསྒྲུབས། ཉེར་གཉིས་ལ་གྲ་ཚང་དུ་ཁྲོ་རོལ་དང་ཚེ་བདག་ཟོར་སྒྲུབ་ཀྱི་རིམ་གྲོ་འཕར་མ་བཙུགས། གནས་བརྟན་འདུལ་བ་འཛིན་པའི་འདུས་སྡེ་ཀུན་གྱི་ཡང་རྩེ་ཆོས་ལུང་ཚོགས་པ་ཞེས།


GLG006_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

སྣེའུ་སྡོང་གོང་མའི་མཆེད་ཟླའི་མཁན་པོར་རྒྱ་ཕྲུག་རབ་འབྱམས་སྨྲ་བའི་སེང་གེ་བཏང་། རྩེ་ཚོགས་ཀྱིས་བསྐུལ་བའི་སྡེ་པའི་བརྟན་བཞུགས། ཀྱེ་རྡོར་བསྐྱེད་རིམ་དང་དབང་ཆུའི་པར་བྱང་། ར་བ་སྟོད་ཀྱི་བླ་བརྒྱུད་ཁ་སྐོངས། དགེ་སློང་ཕུན་ཚོགས་རྒྱ་མཚོས་ལྷ་སར་འཕན་ཕུལ་བའི་ཁ་བྱང་། སྤོས་ཁང་མཁན་པོ་པ་རྣམ་དགེ་སློང་དུ་གྲགས་པའི་གསོལ་འདེབས། ཐུགས་སྲས་སྤྲུལ་སྐུའི་གྲ་ཚང་ལ་ཐེག་མཆོག་རབ་རྒྱས་གླིང་དུ་བཏགས་ཤིང་དེ་དང་མཐུན་པའི་སྨོན་ལམ་རྣམས་བྲིས། སེར་འབྲས་གཉིས་ཀ་ནས་ཕོགས་ཀྱིས་མ་ལྡངས་ཚུལ་གྱི་ནན་ཞུས་སྡེ་པར་བྱུང་བ་ལ་བརྟེན་སྒྲིབ་སྦྱོང་ལ་དམིགས་པའི་དང་དོད་མཛད་བཞེད་དང་བཅས་འབྲས་སྤུངས་སུ་དགོན་པ་སར། སྟག་ལུང་བྲག །ཟ་དམ་སྣ་མོ་གཞིས་ཀ་ཐེམ་འཛིན་སོ་གཉིས། ལག་འབབ་ཆིག་སྟོང་ལྔ་བརྒྱ་ཉེར་གཉིས། སེར་ར་བ་ལང་ཤར། གུང་ར་གཞིས་ཀ་ཐེམ་འཛིན་བཅུ་བདུན། ལག་འབབ་ཆིག་སྟོང་སུམ་རྒྱ་ཞེ་གཉིས། བསམ་ཡས་སྤྲུལ་པའི་ཆོས་སྐྱོང་ཆེན་པོས་དཀར་མེའི་ཐེབས་དགོས་ཚུལ་བྱུང་བ་བཞིན་གྲ་རབ་མི་སེར་ཐེམ་བཅུ་གཉིས། ལག་འབབ་ཆིག་སྟོང་བཞི་བརྒྱ་བཅུ་བཞི་འབྱེད་ཁྲའི་དོན་ལྟར་སྦྱོར་འཇགས་ཞུས། རང་ཉིད་འཆི་བར་འཇིགས་པའི་རྐྱེན་སེལ་ལ་ཚོགས་གསོག་དང་བསྟན་འགྲོའི་དོན་དུ་བཏགས་པའི་མིང་སྙན་པོའི་རིམ་གྲོ་ལ་སྨན་བླ་སྟོང་ཕྲག་གསུམ། མཚན་བརྗོད་འབུམ་ཐེར། འབུམ་བརྒྱ། བཀའ་འགྱུར་ཚར་དྲུག་ཅུ། གཤིན་རྗེ་འདུས་པའི་དྲག་སྔགས་བཟློག་པ་དང་བཅས་པ། སྲོང་བཙན་དུ་བཀང་བརྒྱ། དགྲ་ལྷ་དཔངས་བསྟོད། ས་དགེའི་གཙང་དགོན་རགས་བསྡུས་


GLG006_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་དང་བཅུ་ལ་མང་འགྱེད་ཐོག་ཚེ་གཟུངས་སྒྲོལ་མ་གསུངས། ཉེར་བདུན་ལ་ཆོས་རྗེ་འུག་བྱ་ལུང་པ། གྲ་སྙེ་མདོ་བ་སོ་སྟོན་ངག་དབང་ཤཱཀྱ་དཔལ་འབར། མྱུག་ཆོས་འཁོར་གླིང་གི་བླ་མ་ཅན་མང་བ་དང་ཕྲད། སྙེ་མདོ་བ་འདི་བར་སྐབས་སུ་རྟོགས་ལྡན་བྱེད་སྐབས་ལྷ་ས་སྐོར་དུ་རྡོ་རྗེ་འཆང་ཙམ་ལ་བརྩི་བ་འདུག་རུང་རང་གི་ཕ་ཆོས་གོག་པོ་བྱས་པ་ནས་བཟུང་སོ་སྐྱེ་ཐ་མལ་པ་ཞིག་ཏུ་སོང་བ་ནི་གང་ཡིན་ཆ་མ་ཐེངས་ཆོས་གླིང་སློབ་དཔོན་དང་འཕྲོས་བྱས་པར་གྲ་ཚང་གསར་པ་བསླབ་སྦྱངས་ཐོན་སྐྱེད་ཆེན་པོས་ཡོད་ཚུལ་ཟེར་བས་རྩམ་ཚོས་ཤིག་རྒྱག་པའི་རིགས་སུ་མེད་པར་གདའ། ཨོ་རོད་གཡོན་དུ་དགའ་ལྡན་ཧུང་ཐའི་ཇིས་མི་སྣ་ཆེད་དུ་མངགས་པ་དང་རྩེས་དང་སྐྱ་སེར་གྱིས་ཚོགས་འཁོར་ཚན་གྲངས་འགྱེད་བཅས་གྱ་ནོམ་པའི་སྒོ་ནས་ཧོར་ཟླ་དྲུག་པའི་ཚེས་གཅིག་གཉིས་ལ་རིམ་པ་བཞིན་གྲ་ཚང་གིས་འཆི་མེད་འོད་སྣང་གི་ཚེ་ཆོག་རྒྱས་པར་མཛད། རིན་སྤུངས་དང་ངམ་རིང་ཁུལ་སྐྱ་སེར་སྤྱི་བསྡུས་ཀྱི་ལེགས་སྐྱེས་བསྟར། ཚེས་དྲུག་ལ་མི་བསྐྱོད་རྡོ་རྗེ་གཟུགས་གཞན་དུ་བསྒྱུར་ཏེ་ངུར་སྨྲིག་གོས་ཀྱིས་ཀླུབས་པའི་དཔལ་ལྡན་སྨད་རྒྱུད་གྲ་ཚང་དཔོན་སློབ་ཀྱིས་དངོས་པོའི་ཚན་གྲངས་དང་བདེན་ཚིག་ཤིས་བརྗོད་གནང་། སྟག་ལུང་སངས་རྒྱས་དབོན་གྱིས་རྒྱ་བོ་གདོང་ནས་ཆོས་གཏེར་དང་ལྷན་དུ་བཞེས་པར་གྲགས་པའི་ཨོ་རྒྱན་ཆེན་པོའི་ཕྱག་དྲིལ་སྟག་ལུང་ཞབས་དྲུང་ཟུར་པའི་ཕྱག་ཐམ་རྟེན་ལ་བྱུང་། ཚེས་བཅུ་ལ་བདག་མོ་ཡུམ་སྲས་ལ་རྣམ་འཇོམས་ཀྱི་བཀྲུ་བྱབ་སྲུང་གསུམ། འཆི་མེད་དཔལ་སྟེར་གྱི་ཚེ་དབང་། རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་


GLG006_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་ཕུལ། མཁན་ཆེན་ཞ་ལུ་པའི་དགོངས་བཞེད་ལྟར་གདན་ས་གོང་ཞབས་དྲུང་རིན་པོ་ཆེ་ཡབ་སྲས་ཀྱི་བརྟན་བཞུགས། གེ་ར་ཆོས་མཛད་བློ་བཟང་དགེ་འདུན་གྱི་ཕྱི་རྟེན་ཐང་ཁའི་རྒྱབ་ཡིག །མཆོད་དཔོན་ངག་དབང་ཤེས་རབ་དང་དགེ་སློང་འཇམ་དབྱངས་གྲགས་པ་གཉིས་ཀྱི་ཉམས་ལེན་དུ་ལམ་ཟབ་ཕྱི་མའི་རྣལ་འབྱོར། དཔོན་མོ་ཚེ་དབང་རྒྱལ་མོའི་ཁ་ཏོན་དུ་བླ་མའི་རྣལ་འབྱོར། ཆོས་རྗེ་སྙེ་མདོ་བའི་ངོར་རིང་འཚོའི་ཚིགས་བཅད། ལྐོག་པ་ཕུན་ཚོགས་དབང་པོས་བསྐུལ་བའི་ཐང་ཁའི་རྒྱབ་ཡིག་དང་གསོལ་འདེབས་རིང་འཚོའི་སྨོན་ལམ། སྤོས་འཛིན་པ་ངག་དབང་ནམ་མཁའི་ཁ་ཏོན་དུ་གསོལ་འདེབས་རྣམས་བྲིས། ཚེས་བཅུ་བཞི་ལ་རོང་དགའ་ལྡན་བྱམས་ཆེན་པ་བླ་གྲ་རགས་རིམ་འབྱོར་བའི་མཎྜལ་གྱི་ཚུལ་དུ་སྟེར་བྱིན་གཟེངས་བསྟོད་དེ་གསོལ་བ་བཏབ། པཱ་རས་སྐོར་ལ་སྔར་ནས་འཐེན་འཁྱེར་བྱེད་པ་གཡོན་དུ་དགའ་ལྡན་ཧུང་ཐའི་ཇིས་བསྟན་པའི་ལ་རྒྱར་བསམ་ཤིང་འདི་གར་གོང་བརྒྱབ་ནས་སྦྱོར་འཇགས་སོགས་ལ་བདག་རྐྱེན་གཟེངས་བསྟོད་ཀྱི་ཡུལ་དུ་གོ་བས་ཐམ་ཁ་དམར་པོ་སྒམ་བཅས། ཤལ་དཀར་དམར་སྣམ་ཕྲུག་གིས་གཙོས་ལེགས་རྟེན་བཟང་བ་དང་བཅས་མི་སྣ་ཕྱིར་ཐོན། ཁལ་ཁ་རྒྱལ་ཁང་རྩེ་སྤྲུལ་སྐུའི་མི་སྣ་སླེབས། སྲིད་གསུམ་བདག་མོའི་རྒྱུན་མདོས་གྲོལ་བའི་མུ་འཐུད་དེ་གྲ་ཚང་དུ་བཀང་བ་ཉིན་གསུམ་བཙུགས་སྐབས་ཞལ་བྱང་ཅན་གྱི་དར་ཚོན་སྣ་ལྔའི་སྙན་དར་ཕུལ། ཤེལ་དཀར། ངམ་རིང་། རྣམ་གླིང་། པ་རྣམ་བཞིར་བཀའ་འགྱུར་སྐྱ་པོད་ཚར་རེ་དང་འབྲང་རྒྱས་ཤག་པ་ནང་སོ་དགོས་དགོས་


GLG006_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཀའ་འགྱུར་བཞེངས་པའི་དཀར་ཆག་ཆེ་བརྗོད་བརྩམས། དགའ་ལྡན་ཆོས་འཁོར་ཡང་རྩེའི་གྲ་པ་ཞིག་གིས་གསར་རྩོམ་གྱི་ཕར་ཕྱིན། དཔོན་ཚང་དཀྱིལ་སྤེ་བའི་སློབ་མ་དོལ་པ་ཞིག་དང་རྟེན་ཁང་དཔོན་ཚང་དང་དར་མོ་བའི་སློབ་མ་རྒྱ་དབང་ཕྱུག་རྒྱ་མཚོ་གཉིས་ཀྱིས་རྒྱུད་བཞིའི་རྒྱུགས་སྤྲད། བལ་པོ་དཔའ་ཤིང་། བཀྲ་ཤིས། ཆོས་རྒྱལ། གླང་བུ་ཏྲ། གུ་ཎ་ཙནྡྲ། ཨ་ཧ་ཎ། ཛྱེ་དྷ་ན་སྟེ་བཟོ་བོ་མཁས་པ་བདུན་བཀུག་དོ་དམ་འཚོ་བྱེད་སྒོ་མོ་རབ་པ་རཏྣས་བྱས་ཏེ་བཅོམ་ལྡན་འདས་སྨན་གྱི་བླ་བདེ་བར་གཤེགས་པ་མཆེད་བརྒྱད་ཀྱི་སྐུ་བརྙན་ལི་བརྫུས་ཆེ་ཆུང་ཚར་རེ་བཞེངས་པའི་དཔེ་ཡར་སྟོད་སྤྲུལ་སྐུ་རྫིང་ཁ་བའི་ལག་བཟོའི་སྨན་སྐུ་ཞིག་འདུག་པ་དེ་ལ་བྱས་པས་ལེགས་རབ་བྱུང་། དེ་ཞོར་ཀླུ་དབང་གི་རྒྱལ་པོའི་སྐུ་གཅིག་དང་སྐུ་པར། སྡེ་པའི་བཞེད་པ་ལྟར་ཐུབ་དབང་གི་སྐུ་གཅིག་དང་དུས་གསུམ་སངས་རྒྱས་ཀྱི་སྐུ། འོད་དཔག་མེད་ཀྱི་སྐུ་གཉིས། ཨོ་རྒྱན་རིན་པོ་ཆེའི་སྐུ་གཉིས། ངེད་རང་གི་འདྲ་འབག་གཅིག་དང་བཅས་བཞེང་བའི་ལས་གྲ་བཙུགས། ཚེས་བཅུ་དྲུག་ལ་ཁྱབ་བདག་རྡོ་རྗེ་འཛིན་པ་མཁན་ཆེན་ཞ་ལུ་པ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ། དབོན་ཚང་དཀྱིལ་སྤེ་བ། ཆོས་རྗེ་ན་བཟའ་གླིང་པ། དྲུང་འཚོ་ངག་དབང་ལྷག་བསམ། དར་མོ་ནས་ཀྱིས་མཚོན་འཚོ་བྱེད་ཁ་ཤས། མཆོད་དཔོན་ངག་དབང་ཤེས་རབ། དགེ་སློང་འཇམ་དབྱངས་གྲགས་པ་ཅན་གྲ་ཚང་གི་གྲ་པ་འགའ་ཞིག །སྤོས་འཛིན་པ་ངག་དབང་ནམ་མཁའ་བཅས་པར་རས་བྲིས་ཀྱི་དཀྱིལ་འཁོར་དུ་རིགས་འདུས་སྨན་པའི་རྒྱལ་པོ་


GLG006_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

གཡུ་ཐོག་པའི་སྙིང་ཏིག་གི་དབང་བཞི་མཐའ་བརྟེན་དུ་སྨན་གྱི་དྲང་སྲོང་དང་ཆོས་སྐྱོང་གི་བཀའ་གཏད། ཚེ་དབང་འཆི་བདག་བདུད་འཇོམས། སྨན་གྱི་ལྷ་མོའི་རྗེས་གནང་། གླེགས་བམ་ཡོངས་རྫོགས་ཀྱི་ལུང་རྣམས་ཕུལ། བྱང་ངོས་ཀྱི་སྲས་སྨན་རྒྱལ་ཚེ་དབང་ལ་འཕྲོས་བྱས་ན་བསམ་པ་ཤར་རུང་ཆུ་འབྲུག་པོ་ཏ་ལར་ཟུར་ཐམས་ཅད་མཁྱེན་པ་ལ་དཔོན་ཚང་ཚ་རོང་པས་ཞུས་སྐབས་སྡེ་པ་བསོད་ནམས་རབ་བརྟན་གྱིས་བྱང་ངོས་ནས་ལ་ཨེ་གསན་གསུངས་ཀྱང་མ་བྱོན་འདུག་པ་གཡུ་ཐོག་སྙིང་ཏིག་འདི་ཆོས་གཤའ་མ་མིན་པའི་འཁྱེར་སོ་ཞིག་ཡོད་ན་སྙམ་གླེང་བརྗོད་མ་བདེ། ཞ་ལུ་མཁན་རིན་པོས་ཆེས་བསྟན་རྒྱུན་ལ་དགོངས་ནས་ཐུགས་རྩོལ་ཆེ་བ་གནང་གིན་འདུག་པར་ཚེས་བཅོ་བརྒྱད་ཀྱི་ཉིན་མཁན་རིན་པོ་ཆེས་དབུ་གནང་། གཏེར་སྟོན་རིན་པོ་ཆེ། མཆོད་དཔོན་ངག་དབང་ཤེས་རབ། དགེ་སློང་འཇམ་དབྱངས་གྲགས་པ། སྔགས་རམས་པ་དགའ་བ་གདོང་པ་སོགས་གྲ་ཚང་གི་གྲ་པ་བཅོ་ལྔ་སྐོར་དང་བཅས་པར་མཁས་གྲུབ་རིན་པོ་ཆེས་མཛད་པའི་འཁྲུལ་འཁོར་ཁམས་གསུམ་རྣམ་རྒྱལ་གྱི་སྟེང་ནས་འཁོར་ལོའི་ཕྱག་ཁྲིད། ལྟེབ་ལུགས་ཕྱག་ལེན་མན་ངག་ཞལ་ཤེས་མ་ཡིག་བུ་ཡིག་གི་ལུང་དང་བཅས་པ་རྫོགས་པར་ཕུལ། སྔར་ཁྲི་རིན་པོ་ཆེ་མངའ་རིས་པས་དབུ་གནང་དགེ་བའི་བཤེས་གཉེན་སུམ་ཅུ་སྐོར་ལ་ཕུལ་ཡང་གསང་སྔགས་གསང་བ་ལ་དགོངས་སམ་ཕྱི་མཆེད་ནི་ཡེ་མ་བྱུང་འདུག །ད་ལམ་མཁན་རིན་པོ་ཆེས་སྤེལ་བ་མཛད་ཁུལ་དུ་སྣང་ཡང་ལྕགས་ཀྱུ་དང་ཨ་ལུང་གི་དཔེ་བཞིན་དོན་གཉེར་ཡོང་མི་ཡོང་ནི་ཆ་མ་ཐིངས། ཚེས་བཅུ་དགུ་ལ་ལྷ་རིན་པོ་ཆེ། ཁལ་ཁ་ནས་བྱམས་པ་སྤྲུལ་པའི་སྐུ་གཤེགས་


GLG006_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསྔོ་ཞུས་པ་དགའ་ལྡན་ཁ་དན་པཱ་ཐུར་གྱི་མི་སྣ། བལ་པོ་ཡེ་རང་རྒྱལ་པོའི་སྲས་མོ་རྒན་པའི་མག་པ་སུ་ལང་ཐ་སིདྷ་ཀུ་མཱ་ལ་ཛ་ཧུས་སྐྱབས་འཇུག་དགོས་ཚུལ་གྱི་ཡི་གེ་རྟེན་བཅས་ཁྱེར་བའི་མི་སྣ་ཀ་མ་ལ་ཡན་ཅན་དང་ཕྲད། ཚེས་ཉི་ཤུ་ལ་བྱམས་པའི་གོས་སྐུ་དང་གསེར་སྦྱངས་ལས་གྲུབ་པའི་བཀའ་འགྱུར་གསར་བཞེངས་དངོས་གཙང་བ་འབྲས་སྤུངས་དང་རྒྱལ་རྩེ་བའི་གོས་སྐུ་ནང་མར་གྲགས་པ་དང་སྡེ་པའི་སྡིག་སྦྱོངས་ལ་བཞེངས་པའི་ཁྲ་ཆེན་གྱི་བཀའ་འགྱུར་སེ་ར་ཐེག་ཆེན་གླིང་དུ་ཕུལ་བ་གྲ་པ་བརྒྱ་སྐོར་རེ་བྱོན་ཏེ་སེར་སྦྲེང་དང་བཅས་སོ་སོར་གདན་དྲངས། དེ་ཉིན་དགེ་སློང་གྲུབ་པ་དང་ཆོས་རྗེ་ཁ་རག་པ་གཉིས་ཀྱིས་ཆར་བསྲུངས་པ་ཕྱི་དྲིལ་ལ་སྦངས་ཆེ་བ་བྱུང་ནའང་དངོས་གཞི་ལ་སྐྱོན་མ་བྱུང་གཤིས་རྡུལ་མི་ལྡང་བའི་ཚུལ་དུ་སྲི་ཞུ་བྱས་ཞེས་སྔགས་བན་ཚོའི་འབྲོས་ཁུངས་བཙལ་ན་ཡོང་ངམ་སྙམ། བཀྲ་ཤིས་ལྗོངས་ཆོས་རྗེས་དབེན་ས་སྙན་བརྒྱུད་ཀྱི་ནང་ནས་ཆོ་ག་འཁྱེར་བདེ་བ་ཞིག་དགོས་ཚུལ་ཡང་ཡང་བྱུང་བ་དེ་འདྲའི་སྟབས་བདེ་བ་མི་འདུག་པས་དེ་སྐོར་ཡོངས་རྫོགས་ཆོག་བསྒྲིགས་བྱས་ནས་ཕུལ་ཀྱང་གངས་དཀར་ཏེ་སེའི་ཟླ་བོ་བཞིན་བྱུང་བ་འདྲ་རྗེས་སུ་འཕྲོས་འཕྲོས་མི་མཛད།ཉེར་ལྔ་ལ་མཁན་རིན་པོ་ཆེས་གནང་སྐྱེས་དང་བཅས་རིང་པོར་འཚོ་བའི་བདེན་བརྗོད་མཛད། དཔོན་ཚང་དཀྱིལ་སྦེ་བའི་ངོར་གཡུ་ཐོག་སྙིང་ཏིག་གི་བརྒྱུད་འདེབས་བརྩམས་ཤིང་མཁན་རིན་པོ་ཆེར་ལུང་ཕུལ། ཉེར་བདུན་ལ་རྡོང་རྒྱ་མཚོ་དགོན་གྱི་བླ་མ་འོར་པ་དཀའ་བཅུ། གཏིང་སྐྱེས་མངའ་ཁུལ་གྱི་ལེགས་བྱ་བ་རྣམས་དང་ཕྲད། ཟླ་བ་བདུན་པའི་ཚེས་གཉིས་ལ་ཡར་ཀླུངས་ནས་ཚ་


GLG006_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ཚོགས་པ་མཁན་སློབ་ལྔ་བཅུ་སྐོར་བྱོན་པའི་ཚོགས་འཁོར་ཚན་གྲངས་ཡོན་གྱི་སྦྱིན་བདག་མཛད་དེ་གྲ་ཚང་གིས་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བའི་ཚེ་ཚོག་བཏང་། ཙར་སྟོད་ཇོ་ཞྭ་ཞེ་གཅིག་པའི་གྲལ་རིང་བསྒྲིགས་ཚེ་ཉན་ཐོས་ཀྱི་དགེ་འདུན་འཕྲེང་དུ་བསྟར་བ་ལྟ་བུར་སྣང་། སྒེར་དུའང་ཆོས་སྤྱོད་དང་རིང་འཚོའི་ཚིགས་བཅད་གསུངས། ཚེས་ལྔ་ལ་སྣ་དཀར་རྩེ་ནས་ས་སྐྱོང་བ་གོས་དཀར་ལྕང་ལོའི་ཕྲེང་བ་ཅན། རྫིང་ཕྱི་མཁན་པོ་ཅོ་ནེ་ཆོས་རྗེ། ཕྱོགས་མཐའི་ལེགས་སྐྱེལ་བ་མང་པོ་དང་མཇལ་ཕྲད་བྱས། མཁའ་སྤྱོད་མའི་ཚོམ་བུའི་དཀྱིལ་ཐང་གི་ལྷ་མགྲོན་ལ་ཚར་ཆེན་ཡབ་སྲས་གསུམ་གྱི་ཞལ་གཟིགས་མའི་ཞིང་བཀོད་ཐོར་བུ་ཡོད་པ་གསར་བཞེངས་ཀྱི་རྒྱབ་ཡིག་སྨོན་ལམ། མཆོད་དཔོན་པས་ལས་བཞི་ལྷ་མོའི་བྲིས་སྐུ་བཞེངས་པའི་རྒྱབ་ཡིག་འཕྲིན་འཆོལ། རྒྱལ་ཁང་རྩེའི་སྤྲུལ་སྐུ་ལྕམ་སྲིང་མ་མཁའ་འགྲོ་སྐྱབས་འདས་པར་སྨོན་ལམ་དགོས་ཚུལ་བྱུང་བ་རྣམས་བརྩམས། ཚེས་བདུན་ལ་ཡར་ཀླུངས་བཀྲ་ཤིས་རྩེའི་ཆོས་སྡེ་ནས་རྡོ་རྗེ་འཆང་བཀའ་འགྱུར་བའི་དཔོན་རིན་པོ་ཆེ་དང་ལྕམ་སྲིང་མཁྱེན་རབ་བློ་ལྡན་དཔོན་སློབ་བྱོན་པ་དང་མཇལ། ཁྱབ་བདག་ཞ་ལུ་པར་ཆོས་ཡོན་གྱི་སྲི་ཞུ་གྱ་ནོམ་པ་ཕུལ་ཏེ་གཙང་སྟོད་ཞ་ལུའི་ཆོས་གྲར་ཆིབས་ཁ་བསྐྱོད། འཇོམས་བྱེད་ཉི་ཟླ་ནག་པོའི་བཀའ་གཏད་གཏེར་གཞུང་དང་ཆོས་རྒྱལ་བྱང་པའི་ལྗགས་བསྒྲིགས་གཉིས་ཀ་ཧ་ཅང་གསལ་རྒྱུ་མི་འདུག་གཤིས་ཟུར་རྩ་བའི་བླ་མའི་ཕྱག་ལེན་འཁྲུལ་མེད་ཆོག་བསྒྲིགས་མཐོང་བས་དོན་ལྡན་ནག་འགྲོས་སུ་བཀོད། ཚེས་བཅུ་གཅིག་ལ་ལྷ་རྩེ་མངའ་ཁུལ་སྐྱ་སེར་གྱིས་ནད་ལས་གྲོལ་


GLG006_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བདོག་པ་རིང་པོར་བརྐྱངས། དཔོན་མོ་སའི་ཁན་ཇུའི་སོག་པོ་མཚོ་ཁར་ཡོད་པ་འོངས་ཏེ་མང་ཇ་དང་བསྔོ་རྟེན་གང་ཡོད་ལ་དཔགས་པའི་སྤམས་བསྟོད་བྱེད་ཁུལ་ལ་བན་ཆུང་གིས་རྒྱས་བསྡུས་ཀྱི་དབྱེ་བ་བྱས་པར་དགེ་རྒན་རྣམས་མ་རངས་པ་བྱེད་ནའང་ནོར་གྱིས་བདག་པོ་བྱུང་ན་སླ་ངའི་ལྷན་པ་བཀོག་པར་ལབ་རྒྱུ་མེད་པ་འདྲ། བདག་མོས་གུ་རུ་མཚན་བརྒྱད་ལ་སིནྡྷུ་རྒྱ་མཚོའི་ཞིང་བཀོད་ཀྱིས་བསྐོར་བའི་སྐུ་ཐང་གྲ་ཚར་བཞེངས་པའི་རྒྱབ་ཡིག །ཐོས་བསམ་དར་རྒྱས་གླིང་པས་བསྐུལ་བའི་སྡེ་པའི་བརྟན་བཞུགས། གསོལ་དཔོན་གེ་ར་བས་འདི་གའི་འདྲ་འབག་བཞེངས་པའི་རྒྱབ་ཡིག་རྣམས་བྲིས། སྔར་ཕན་བདེ་ལེགས་བཤད་གླིང་པ་སྤྱི་ཚོགས་ཀྱི་རྣལ་འབྱོར་ཟབ་མོའི་རྟེན་དུ་ཞལ་ཐང་གྲ་ཚར་བྲིས་པ་ཧ་ཅང་ཆེས་པའི་བྱེས་ལ་འདྲེན་པའི་འཕྲལ་བདེར་བེད་ཆུང་སྐྱོན་ལ་བརྟེན་སྨན་ལུགས་ཀྱི་ནག་ཐང་བཀྲག་ཆེན་ཆེ་ཆུང་འཚམ་པ་གྲ་ཚར་ཞིག་དང་དེ་མཚུངས་འབྲས་སྤུངས་གཟིམས་ཆུང་མགོན་ཁང་དུ་ཡང་ཚར་གཅིག་སྡེ་པས་ལེགས་ཚུལ་གསུངས་པ་ལྟར་སྤྲུལ་སྐུ་དཔལ་མགོན་གྱིས་གཙོས་པའི་ལྷ་རིས་པ་ཚོར་མགོན་པོ་ཕྱག་དྲུག་པའི་བྱིན་རླབས་བཟོ་བོ་དང་ཚོན་ལག་ཆ་རྣམས་ལ་བྱིན་རླབས་རྒྱུད་སྡེ་ལས་གསུངས་པ་ལྟར་བྱས། རྗེས་གནང་གིས་འཚུབ་ཆ་དང་བར་ཆད་སེལ་བའི་ཁུངས་ལ་དབུ་མཛད་དཔལ་མགོན་འདས་པ་སོགས་གཞན་དང་མི་འདྲ་བའི་བྱིན་རླབས་བླ་ཆེན་གྱི་བསྟན་པ་ཟིན་ངེས་ཤིག་བྱུང་། ཕོ་བྲང་མངའ་ཁུལ་དྲག་ཞན་གྱི་ཚོགས་ཆས་ཚན་གྲངས་འགྱེད་ཀྱི་སྦྱིན་བདག་བྱས་ཏེ་ཚེས་བཅུ་གཉིས་ལ་གྲ་ཚང་གིས་མཛོད་དབུས་མའི་ཚེ་མཐའ་ཡས་པའི་


GLG006_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་རྒྱས་པར་བཏང་། སང་ཉིན་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ། པཎ་ཆེན་ཤཱཀྱ་ཤྲཱིའི་གདན་ས་བ་རྩེ་ཚོགས་མཁན་ཆེན། སྡེ་སྲིད་སྣ་དཀར་རྩེ་པ། སྐྱིད་ཤོད་ཆོས་རྗེའི་སྤྲུལ་སྐུ། ཞལ་སྔ་ནས་ཕ་བོང་ཁ་པ། དར་གླིང་སློབ་དཔོན། ཕན་བདེ་ལེགས་བཤད་གླིང་པ། རྩེ་ཚོགས། དར་རྒྱས་གླིང་པའི་དགེ་འདུན་རྣམས་ལ་སྨན་བླ་སྤྲུལ་སྐུ་དང་སེང་ལྡེང་ནགས་སྒྲོལ་གྱི་རྗེས་གནང་། སྨན་བླའི་མདོ་ཆོག །རྒྱལ་སྲས་ཐོགས་མེད་པས་མཛད་པའི་བློ་སྦྱོང་དོན་བདུན་མ། ཁ་ཆེ་པཎ་ཆེན་གྱི་སྐྱིད་སྡུག་ལམ་འཁྱེར་འཁྲིད་བརྒྱའི་ནང་ནས་ཕྱུང་བ། བླ་མ་དམ་པས་མཛད་པའི་སྒྲོལ་མ་མཎྜལ་བཞི་པའི་ཆོ་ག །རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་སྨན་བླའི་ལྷན་ཐབས། ངེད་རང་གི་བརྩམས་ཆོས་སྨན་བླ་དང་བློ་སྦྱོང་རྒྱུད་འདེབས། ཀླུ་གཏོར། དཀར་ཆ་བཞི། གཏོར་མ་བརྒྱ་རྩ་མུ་ཐི་ལའི་འཁྲི་ཤིང་། གཡའ་བཟང་ལྷ་མོ་དང་ཤམ་པོའི་གསོལ་མཆོད། དཔལ་ལྡན་དམག་ཟོར་མའི་གཏོར་འབུལ་རབ་འབྱམས་རྒྱལ་བ་མ། རིང་འཚོའི་ཚིགས་བཅད་ཁ་ཤས་ཀྱི་ལུང་ཕུལ། སྒྲོལ་མ་མཎྜལ་བཞི་པ་ཚོགས་པར་ཡོད་མེད་དྲིས་པར་མཁན་པོས་དབུ་ཡོན་ལས་གསུང་མི་འབྱོན་པ་མི་ཕོས་མ་སྨྲས་པ་རྫོང་དུ་འདུག་ཅིང་གྲ་པ་རྒན་པ་འདྲས་གཏོང་སྲོལ་ཡོད་དཀར་ཆ་བཞི་ཆག་མེད་མཛད་ཟེར་བས་དེ་ནང་གི་སྒྲོལ་མར་ངོས་འཛིན་པར་སྣང་། ཡར་ཀླུངས་མཐིལ་གྱི་འདྲེན་པ་ཚོར་འཁྲུལ་པ་མི་མངའ་བས་རྗེ་བཙུན་གོང་མའི་གསུང་ལ་ཞུས་དག་དགོས་པར་གདའ། ཚེས་བཅོ་ལྔ་ལ་ཆོས་འཁོར་ཡང་རྩེའི་བླ་མར་འགྲོ་མཁན་རབ་འབྱམས་པ་ཕུན་ཚོགས་མངོན་ཐོ་ཅན་མི་བཅོ་བརྒྱད་


GLG006_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པར་རྫོགས། ཚེས་བཅུ་བདུན་ལ་རྀ་ཥི་ཤར་བས་ཆུ་ཞུགས་དང་ལྗོངས་རྒྱུ་བ་སྦྲགས་ཏེ་ཕྱིན། སང་ཉིན་འཛུམ་ལང་རྒྱལ་པོའི་མི་སྣ་ཛཱ་ལ་བྷཎྜ་རི་ཅན་འབྱོར་བའི་རྒྱལ་པོའི་ཡི་གེ་དང་རྟེན་བཅས་རྣམས་སྤྲད། ཤག་སྐོར་བས་རིགས་གྲའི་སྐལ་བ་དང་ལྷ་སའི་གནས་ཆེན་དུ་མས་བཞེས་སྤྲོ་བཏེག །དབུས་གཙང་དུ་རྒྱུ་འཁྲུལ་གྱི་ཚེ་གུར་ཆེན་བཀའ་བློ་མི་བདེ་བར་སྡེ་པས་གསར་བཟོ་མཛད་པ་གནམ་སྔོན་གཞོན་པར་གྲགས་པའི་གུར་སྟོན་ཚེས་བཅུ་དགུར་མཛད་པའི་བཞུགས་གྲལ་ལ་རྡོ་རྗེ་བྲག་སྤྲུལ་པའི་སྐུ། བཀྲ་ཤིས་རྩེའི་དབོན་རིན་པོ་ཆེ། གཏེར་སྟོན་རིགས་འཛིན་ཆེན་པོ། ཀ་ཚལ་ཟུར་པ། འབྲོག་ཁྲི་དཔོན། གྲ་ཚང་། དྲུང་འཁོར། འཇུམས་ལང་མི་སྣ་དང་བཅས་གཏོས་ཆེ་བ་ལ་དགའ་སྟོན་བསྟར། དེ་སྐབས་དྲུང་འཁོར་རྒན་གཞོན་ལ་མ་བལྟོས་པའི་ཕུལ་སྐོར་ཡོད་མེད་ཀྱི་གྲལ་བསྒྲིགས་ལ་བརྟེན་ས་བ་གྲུ་པ་བཟོ་བོའི་དོ་དམ་ནས་མ་བོས་པའི་གྲལ་འཕྲོས་ཀྱི་ཕྱེད་ཡ་མ་བྱུང་བར་ངེད་ཀྱིས་བཤད་ཡམ་སྣ་ཚོགས་ཁ་ཐག་གང་རིང་ལ་སྡེ་པ་འདར་ལོས་ལན་ཤིན་ཏུ་རྒྱས་པར་སྤྲོས། ཉི་མ་སྔ་རྟིང་གི་སྔ་དྲོ་འགོལ་སྐབས་རིགས་འཛིན་དཀོན་མཆོག་ལྷུན་གྲུབ་ལ་བྲམ་ཟེ་སྔགས་རྒོད་ཀྱི་དོགས་གཅོད་འཕྲོ་ལུས་རྣམས་ཞིབ་ཏུ་དཔྱད། སང་ཉིན་གུར་དེ་གར་གྲ་ཚང་གིས་ཞབས་ཏོག་ལ་ཡང་ཁ་སང་བཞིན་འཕྲོས་གླེང་བྱས། གུར་གྱི་མིང་འདོད་ཁམས་དཔལ་འབྱོར་དུ་བཏགས་ཤིང་མེ་ཏོག་གཏོར་ནས་རྫོང་དུ་ལོག །ཉེར་གཉིས་ལ་སྟག་རྩེ་ཐའི་ཇི་ཡབ་སྲས་དང་བླ་མ་བཀྲ་བཟང་པ་སོགས་མང་བ་དང་ཕྲད། ཐའི་ཇི་ཡབ་སྲས་ལ་ཕྱག་


GLG006_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པའི་བྱིན་རླབས་བར་ཆད་ཀུན་སེལ་ཕུལ། ཉེར་བདུན་ལ་སོལ་ཐོན་ཐའི་ཤིའི་བུ་མོ། མཁའ་འགྲོ་དགེ་ཚུལ་མ། རུ་ཐོག་དབང་པོའི་སྲས། མེར་གན་ཧུང་ཐའི་ཇིའི་མི་སྣ། མ་གཅིག་ཐའི་ཇིའི་བུ་དཔོན་མོ་བཅས་པ་དང་ཕྲད། ད་ཡན་ཇའི་སང་གིས་རྟ་ཉི་ཤུ་བྱུང་། ཧོར་ཟླ་བརྒྱད་པའི་ཚེས་གཅིག་ལ་བྱམས་གླིང་མཁན་པོ། འབྲོག་དཔལ་དེ་བས་གཙོས་ཀོང་པོ་གཡུལ་རྒྱལ་རབ་བརྟན་གྱི་སྐྱ་སེར་སྤྱི་ཚོགས་ཀྱི་ལེགས་སྐྱེས། མདོ་སྨད་ནས་འགྲུལ་པ་སླེབས་པའི་ཞིང་སྐྱོང་ནང་སོ་ཁུ་དབོན་གྱིས་དངུལ་ལྔ་བཅུ་མ་དྲུག་དང་རྟ་བཅུ་གསུམ་གྱིས་གཙོས་པའི་གོས་དར་ཇ་རས། ཞིང་སྐྱོང་པཎྜི་ཏའི་དབོན་པོས་གོང་གསལ་གྱི་དངོས་པོ་ཆ་ཤས་པའི་ཚན་མི་ཆུང་བ། ཀླུ་འབུམ་དབོན་པོས་རྟ་བཅུ། ཀླུ་འབུམ་ཚེ་བརྟན་གྱིས་རྟ་ཉི་ཤུ་རྩ་གསུམ། བསམ་བློ་གནས་བརྟན་ཅན་གྱིས་རྟ་བཅུ། བློ་བཟང་བསྟན་དར་གྱིས་རྟ་བཅུ་གཉིས་ཀྱིས་མཚོན་ཟང་ཟིང་གི་བདོག་པ་རྒྱ་ཆེར་བསྟབས། གོང་དཀར་དགའ་ལྡན་བཤད་སྒྲུབ་གླིང་པའི་གྲ་པ་ཞིག་གིས་འཕགས་པ་བརྒྱད་སྟོང་པའི་རྒྱུགས་སྤྲད། ཕན་བདེ་ལེགས་བཤད་གླིང་པའི་གྲ་པ་རགས་རིམ་ལ་ཤིང་ལུག་བཀའ་བརྒྱད་བདེ་འདུས་ཀྱིས་གཙོས་པའི་སྔགས་གསར་རྙིང་གི་དབང་ལུང་མང་དུ་ཕུལ་ཞིང་དེ་རྗེས་གསར་འབྱོར་མང་པོར་ས་ཁྱི་ཕུར་པ། འཆར་ཀ་གནུབས་ལུགས། ལྕགས་སྟག་ཐུགས་སྒྲུབ་དྲག་པོ་རྩལ་གྱི་དབང་རྒྱས་འབྲིང་བསྡུས་གསུམ་སོགས་སོང་རུང་རྗེས་སུ་གྲ་གསར་མངས་པ་ལ་བརྟེན་གྲ་ཚང་སྤྱི་སོ་བཀའ་བགྲོས་པའི་དབུ་མཛད་བློ་བཟང་བསྟན་འཛིན་དང་གཉེར་པ་བློ་བཟང་སྦྱིན་པ་གཉིས་


GLG006_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྙན་གསན་ཁ་ཡར་ཟེར་བ་དང་དེའི་མུ་འཐུད་དབུ་མཛད་བློ་བཟང་ཡོན་ཏན། མཆོད་དཔོན་ངག་དབང་ཤེས་རབ།དགེ་སློང་འཇམ་དབྱངས་གྲགས་པ་གསུམ་གྱིས་ནན་ཆེན་པོས་མཚམས་སྦྱར་ཏེ། རྡོ་རྗེ་བྲག་སྤྲུལ་པའི་སྐུར་ཕུར་པ་ཆེ་མཆོག་དང་གཏེར་སྟོན་རིན་པོ་ཆེར་ཚེ་བདག་འབུལ་དགོས་ཀྱིས་ཀྱང་རྐྱེན་བྱས་ཚེས་བདུན་ནས་བཟུང་ཉིན་ཁ་ཤས་ཀྱི་བར་ཕོ་བྲང་ཆེན་པོའི་ཚོམས་ཆེན་དུ་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ། བཀྲ་ཤིས་རྩེའི་དབོན་རིན་པོ་ཆེ། གཏེར་སྟོན་རིགས་འཛིན་ཆེན་པོ། ཆོས་རྗེ་བཀྲ་བཟང་པ། ངེས་གསང་རྡོ་རྗེ་གླིང་གི་གདན་ས་པ་དུང་དགོན་ཆོས་རྗེ། དབོན་མཁྱེན་རབ་བློ་ལྡན། རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་ཡོངས་སུ་རྫོགས་པ། གཞིས་ཀ་ཤར་ཨ་གུར་ཅན་གསུམ། དྲུང་འཚོ་བ་ངག་དབང་ལྷག་བསམ། ངག་དབང་འཕྲིན་ལས་ཕ་བུ། བླ་མ་ཁ་གཅིག་གི་གྲ་པ་ཐོར་བུ་དང་བཅས་ཕྱེད་ཉིས་བརྒྱ་སྐོར་ལ་གསང་བ་ཡོངས་རྫོགས་ཀྱི་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ཏེ་ཐིག་ཚོན་གྱི་ཆོ་ག་ཙམ་མ་གཏོགས་སྔོན་འགྲོ་ནས་བཟུང་དངོས་གྲུབ་ལེན་ཆོག་གི་བར་སྒྲུབ་ཆེན་གྱི་ཕྱག་ལེན་ཆད་ལྷག་མེད་པ་ཕུལ། བུམ་དབང་གི་དུས་མ་རྒྱུད་ཀྱི་དབང་ལ་སྤྲོད་པའི་རུས་པའི་རྒྱན་དྲུག་དེ་བྱེད་རྩིས་ཡིན་རུང་ཤེལ་རྒྱན་གྱི་ཐོག་མའི་རྟེན་འབྲེལ་ལ་ད་ལམ་སྤྲད་པ་འགབ་འདྲ་ཟླ་བོ་རྣམས་ཀྱིས་ཟེར་བས་བཀའ་བརྒྱད་ཁྲོ་བོའི་དབང་ལ་འབྲེལ་ཆགས་རྒྱུ་མི་འདུག་ཀྱང་རྙིང་ལུགས་ལ་ཤེལ་རྒྱན་སྤྲོད་མཁན་དང་སྟོད་ཁོག་རུས་རྒྱན་ལ་སྨད་ཁོག་ཤེལ་རྒྱན་བྱེད་པ་སོགས་གུ་ཡངས་གཤིས་ངེད་རང་


GLG006_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང་བྱེད་པ་ཤར། དབོན་རིན་པོ་ཆེས་ཆོས་སྡེ་ཡས་མས་ཚོར་གསུང་སྒྲོས་མཛད་ན་ཁྲེལ་དགོད་རྒྱབ་མི་ཡོང་ལ་ཆེ། དེ་སྟེང་ཆོས་རྗེ་ཆུ་མིག་པ་ཡང་འབྱོར་བར་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་དབང་བཞི། བྱང་གཏེར་ཕུར་པ་ཆེ་མཆོག་དང་ལྕགས་ཁང་མ་སོ་སོའི་གཏེར་གཞུང་སོར་གནས། འཇམ་དཔལ་རྫོགས་ཆེན་གྱི་དབང་། རིགས་འཛིན་ཆེན་པོའི་གཏེར་གསར་ཚེ་གྲུབ་བདུད་རྩི་འཁྱིལ་པའི་དབང་། གྲུ་གུ་ཡང་ཝང་གི་གཏེར་མའི་འཇོམས་བྱེད་ཉི་ཟླ་ནག་པོའི་བཀའ་གཏད། གནུབས་ལུགས་སྟག་ཞོན་གཏོར་མ་ལ་བརྟེན་པའི་དབང་བསྡུས་པ་གཏེར་གཞུང་སོར་གནས་། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་འཆར་ཀ་གནམ་སྐས་མའི་དབང་ཆོས་རྒྱལ་བྱང་པའི་ཕྱག་བཞེས་དང་ཆོས་རྗེ་དང་མ་བའི་ཕྱག་ལེན་ཅུང་ཟད་མི་འདྲ་བས་སོ་སོར་ཚར་རེ། འཇམ་དཔལ་རྫོགས་ཆེན་དང་ཚེ་གྲུབ་བདུད་རྩི་འཁྱིལ་པ་གཉིས་ཉི་མ་ཕྱི་མ་ཡིན་པས་དེ་སྐབས་ཆོས་རྗེ་གནས་གཞི་བ་དང་བསམ་གྲུབ་དགོན་པ་བ་སྤུན་གཉིས་ཀྱང་སླེབས། གཙང་དུ་སྐུ་རིམ་གློ་བུར་བ་ཞིག་ཚུགས་ནས་བཀའ་བརྒྱད་སྒྲུབ་ཆེན་གྲོལ་མཚམས་བླ་མ་དགའ་རབ་ཐོན་པ་ཆོས་འཕྲོ་ལ་འཕྲེང་བ་ཙམ་བྱས་ཚོད་དུ་འདུག །དབང་སྒྲུབ། འཛབ་ཐུན། དཀྱིལ་འཁོར། དབང་རྫས། མཆོད་གཏོར་ཕྱག་ལེན་མཐའ་དག་གཞུང་དང་བརྒྱུད་པའི་བཞེད་སྲོལ་མ་ཉམས་པའི་ལུགས་ཀྱི་གྲ་འགྲིག་ཅིང་བགེགས་སྐྲོད་སོགས་ལ་མེ་ཐུན། ཆུ་ཐུན། དབྱངས་རོལ། གིང་པའི་ཚམ་ངམ་དང་སྲོག་དབང་། བསྒྲལ་དབང་། ཟོར་དབང་ཚོར་བདུད་ཆས་སུ་ཞུགས་པས་མཚོན་སྔ་འགྱུར་བའི་ཆོས་བརྒྱད་པོ་དེ་ཤིན་ཏུ་འཕེལ་བར་


GLG006_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། འོན་ཀྱང་དྲེགས་པ་དབང་དུ་སྡུད་ཅིང་ལས་ལ་བསྐུལ་བ་ལ་ལྟ་བའི་རྩལ། གཉེན་པོའི་སྟོབས། སྤྱོད་པའི་བརྟུལ་ཞུགས་ཤིག་མེད་ན་གསར་མ་བའི་ངོ་ཞུམ་བག་མ་འདྲ་བ་དེས་ས་ལམ་མི་ཕྱོད་པར་གདའོ། །དབང་རྣམས་གྲུབ་ནས་ཆོས་རྗེ་ཆུ་མིག་པ་དང་བསམ་གྲུབ་དགོན་པ་བ་ཙམ་མ་གཏོགས་གཞན་མ་ཚང་བར་མ་ཏྲཾ་སྐོལ་བྱང་དཔེ་མ་རྙེད། གཞན་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ཆོས་སྐོར་ཆ་ཚང་། གཤིན་རྗེ་ཚེ་བདག་ལྕགས་འདྲ་དང་ལྕགས་སྡིག་གི་སྐོར། བྱང་གཏེར་ཕུར་པ་ལུགས་གསུམ། འཆར་ཀ་གནམ་སྐས་མའི་སྐོར། འཇམ་དཔལ་རྫོགས་ཆེན། ཚེ་གྲུབ་བདུད་རྩི་འཁྱིལ་པའི་སྐོར་སོགས་ཐོབ་ཡིག་གསོར་གནས། བདེ་འདུས་ནས་སྔགས་བཟློག་ཆེན་མོ། མཆོད་པ་ཕུད་སྐོངས། འཆར་ཀའི་བརྐོས་རྗེ་ཞུ་བ་ཞུ་ལན། གསར་རྩོམ་བཀའ་བརྒྱད་ལས་བྱང་གི་ཆོག་སྒྲིགས། ཁྲོ་རོལ་ཆོག་སྒྲིགས། ལས་བྱང་ལེ་བརྒྱད་མ། བསྟན་མ་བཅུ་གཉིས་ཀྱི་མདོས་སོགས་ཁ་ཡར་གྱི་ལུང་རྣམས་ཕུལ་ནས་ཆོས་ཚན་ཉེར་ལྔ་ནས་དབུ་བཙུགས་པའི་རྟེན་འབྲེལ་བསྒྲིགས། ལུང་གི་རྐེད་པ་ནས་རྟ་ནག་སྒྲོལ་མ་བའི་གད྄ུང་བརྒྱུད་གཞོན་པའང་འབྱོར། སྔ་འགྱུར་གྱི་བསྟན་འཛིན་ཚོ་དང་གྲ་ཚང་གི་གྲ་པ་ཉི་ཤུ་སྐོར། གཞིས་ཀ་ཤར་ཕ་བུ་དང་ངག་དབང་འཕྲིན་ལས་བཅས་པ་ལ་མཆོད་རྟེན་བཅས་ཆོག་ལྕགས་འདྲ་ལུགས་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱི་ཕྱག་བཞེས་དང་། ལྕགས་སྡིག་ལུགས་འབྲི་གུང་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱི་ཕྱག་ལེན་བཞིན་དངོས་སུ་མཆོད་རྟེན་བརྩིག་པ་དང་འཁོར་ལོའི་དཔེ་རིས་ངོ་སྤྲོད། འཆི་བདག་ཞལ་དབྱེ། མཆོད་རྟེན་གྱི་གཟུངས་


GLG006_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། རབ་གནས་སྒྲུབ་པའི་བར་དམར་ཁྲིད་མཛུབ་བཙུགས་ཐུགས་ངེས་རྙེད་དུ་ལེགས་པར་ཁྲིད། ཟླ་མཚམས་ཚུན་འཆད་ཉན་འཕེལ་བར་བྱུང་། སྔ་འགྱུར་གྱི་དགོན་གཞིས་མང་པོར་མཆོད་རྟེན་བཅད་ཆོག་འདི་བཞུགས་ནའང་དིང་སང་རྡུལ་དང་མུན་པའི་མལ་དུ་བག་ལ་ཞ་བ་ད་ལམ་གད་བདར་ལེགས་པོ་བྱས་ནས་ལྷ་ངོ་མི་ངོ་འཕྲོད་པའི་ལུགས་སུ་བགྱིས། བླ་མ་ཞིག་གིས་ཤའི་ཉེས་དམིགས་བཤད་ནས་དེ་བཤད་ཚོད་ཡིན་འདི་ཡིན་ཞེས་པའི་དཔེ་ལྟར་གྲ་ཚང་གི་གྲ་པ་རྣམས་ཀྱིས་ཀྱང་འཇིགས་བྱེད་ཀྱི་འཁྲུལ་འཁོར་གྱི་བཤད་ཚོད་དང་མི་འདྲ་བའི་ལག་ལེན་ཉམས་མྱོང་མ་འདི་ཚོ་ལག་ཏུ་བསྟར་ན་དབུ་ཁུག་མ་གཏོགས་དབུ་ཧྲིལ་མཛད་དགོས་མེད་དོ། །ཚེས་བཅུ་གཅིག་ལ་གོན་ཇོ་དཀའ་བཅུ་བློ་བཟང་ཕུན་ཚོགས་ཀྱི་བསྔོ་རྟེན་རྟ་བཞི་བཅུ་ཞེ་དྲུག་དང་དྲེའུ་དྲུག་ཅུ་རེ་ལྔ། པཱ་རས་ནང་སོ་གྲགས་པ་རྒྱལ་མཚན་ཅན་གྱིས་རྟ་བཞི་བཅུ་ཞེ་དགུ། མ་ལའི་མེར་གན་ཐའི་ཇིས་རྟ་བཅུ་གཅིག་རྣམས་བྱིན། བཅུ་བདུན་ལ་སྒྱེ་ཆུ་མཁན་པོ། ཨེ་ཝམ་བླ་མ། ད་ལའི་ཧུང་ཐའི་ཇིའི་མི་སྣ། ཤེལ་དཀར་དང་ངམ་རིང་མངའ་ཁུལ་སྐྱ་སེར་གྱིས་ལེགས་སོའི་ཚན་གྲངས་སྤེལ། འདར་གྲང་མོ་ཆེའི་མཁན་པོ་ཀ་དཔེ་བར་གསུང་ངག་སློབ་བཤད་ཀྱི་བསྟན་པ་སྤེལ་དགོས་ཚུལ་མོལ་ཞིང་འཇམ་དབྱངས་མཁྱེན་བརྩེས་མཛད་པའི་གསུང་ངག་འཁྲིད་ཡིག་རྨི་ལམ་ནས་འཕྲོར་ལུས་པ་གང་ཡོད་ཀྱི་ལུང་ཐོབ་འདུག་རུང་དེ་མན་ལ་ངེད་ཀྱིས་ཟིན་བྲིས་བྱས་པ་དང་ལམ་ཟབ་ནང་མ། ནཱ་རོ་མཁའ་སྤྱོད་ཀྱི་དཔྱད་དོན་དང་སེམས་འཛིན་སྦྲགས་ནས་གཏོང་ཚུལ་གྱི་ལུང་བཀླགས། ཚེས་


GLG006_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དགུ་ལ་བྱ་བྲལ་གྱི་ཁམས་པ་དར་རྒྱས་ཅན་གྱིས་རྟ་བཅོ་ལྔ་བྱུང་། ཉེར་ལྔ་ལ་ཞིང་སྐྱོང་ནང་སོ་ཅན་རྫོང་བདའ་དང་སྣར་ཐང་ཁྲོན་པ་ཁའི་བླ་མ་བཅས་པར་ཕྱག་དྲུག་པའི་བྱིན་རླབས་བར་ཆད་ཀུན་སེལ་བྱས། ཁྲོན་པ་ཁའི་བླ་མ་འདི་བསྟན་པ་ལ་ཞེ་རུས་ཆེ་ཉམས་ཀྱི་འཕྲོས་པ་ཤུགས་དྲག་བྱེད་པར་སྣང་ཞིང་ལྷ་སར་སྐོར་བ་གསོག་རིང་ཟུར་གསོས་ཇ་མར་ཤ་རྩམ་གྱི་མཐུན་རྐྱེན་ཀྱང་སྦྱར། དབུས་གཙང་གི་ཆོས་སྡེ་བཅུ་གཉིས་སོ་སོ་ནས་གྲ་པ་རགས་བསྡུས་བརྒྱ་ཕྲག་གིས་ཉིན་རེར་སྨན་བླའི་མདོ་ཆོག་ཆེན་མོ་ཚར་བཞི་རེའི་རྩིས་ཀྱི་ཟླ་གཅིག་བར་གསུངས་པའི་ཁྱོན་ཆིག་འབུམ་བཞི་ཁྲི་བཞི་སྟོང་། འབྲས་སྤུངས་བདེ་ཡངས་གྲ་ཚང་བ་དགེ་འདུན་བརྒྱས་ལྷ་ས་དཀྱིལ་འཁོར་སྡིངས་སུ་ཉིན་ལྔའི་བར་བརྒྱ་མཆོད་སྣ་ལྔ་ཕུལ་ཐོག་ཞལ་འདོན་དུ་སྤྱན་འདྲེན་ཁྲུས་གསོལ་དང་སྨོན་ལམ་རྣམ་གསུམ། ལྷ་ལྡན། ར་མོ་ཆེའི་རྟེན་རྣམས་ལ་ཞལ་གསེར་སྤྱན་འབྱེད། ས་དགེའི་དགོན་ཆེ་ཆུང་ཉིས་བརྒྱར་མང་ཇ་སྦྱོར་སྦྲེལ་དང་འབྲུ་མཁར་ཁལ་ཕྱེད་གཉིས་བརྩིས་ཀྱི་འགྱེད། ཆོས་སྡེ་ཆེན་པོ་ཕན་ཚུན་དུ་ཞག་བཅོ་ལྔའི་རིང་མང་ཇ་འགྱེད་བཅས་ཀྱི་ཐོག་བཟང་སྤྱོད་གང་འགྲོ། ཆོས་འཁོར་རྒྱལ་དུ་དཔལ་ལྡན་རེ་མ་ཏཱིར་བཀང་བ་ཆིག་འབུམ། ཞལ་དང་བེག་ཙེར་ཆིག་ཁྲི། ཆོས་སྐྱོང་སྤྱིར་སྟོང་། ད་ལམ་གྱི་ཚོགས་གསོག་ཕལ་ཆེར་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ཀྱི་དོན་དུ་བསྔོ་རྒྱུར་ཐུབ་ན་ཕན་ཡོན་ཆེ་རབ་ཡོང་བ་འདུག་རུང་བདག་གཅེས་འཛིན་གྱི་འཆིང་བ་དམ་པོས་ལས་སྒྲིབ་སྲབ་ཏུ་སོང་ན་ནད་གདོན་ལ་ཕན་ནམ་སྙམ་པའི་འདུན་པ་ཡིན་ཡང་དཀོར་ནག་གིས་རྒྱུན་མི་འཆད་པར་འབགས་


GLG006_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒོ་གསུམ་གྱི་སྤྱོད་པས་ཇེ་འཐུག་ཏུ་འགྲོ་འདུག་གཤིས་དགུན་གྱི་བེམ་པོ་ཡིན་ན་འོང་བར་གདའ། ཧོར་ཟླ་དགུ་པའི་ཚེས་གཉིས་ལ་དགའ་ལྡན་ཁྲི་རིན་པོ་ཆེའི་སྐུ་སྐྱེ་ངག་དབང་ཕུན་ཚོགས་སོགས་དགེ་ཚུལ་བཞི། ཐག་རིང་དུ་འགྲོ་མི་དགེ་སློབ་བཞི་བཅུ་སྐོར་བསྒྲུབས། བྲོ་འཚལ་བ་ལས་གྲོལ་བའི་ལེགས་སྐྱེས་སུ་རྭ་སྒྲེང་མཁན་པོས་རྟ་བཅོ་ལྔ། སྤྱི་སོས་དགུ། མཚོ་སྣ། ལྷོ་བྲག་མངའ་ཁུལ་གྱི་ལྷ་སྡེ་མི་སྡེས་བདོག་པ་གྱ་ནོམ་པ་བསྟར། དགའ་ལྡན་དོན་གཉིས་གླིང་གྲ་དམངས་ཀྱིས་རིང་འཚོའི་སྨོན་ལམ་གསུངས། ཉི་ལྡེེ་སྤྲུལ་པའི་སྐུར་སྔར་རྒྱུན་གྱི་བདག་རྐྱེན་གང་ལེགས་བྱས། ཏྲེ་བོ་ཇོ་རོ་དགོན་སྐུ་སྐྱེས་རྟ་བརྒྱད་ཅུ། ཟུང་ཆུ་བསམ་གཏན་ཅན་དང་བཀྲས་རྒྱམ་པ་ཅན་གྱིས་ཉི་ཤུ་རེ། བྲག་ཉི་གཉེར་རྒན་ཅན་གྱིས་བཅོ་བརྒྱད། ཇ་གོས་དར་རས་ཀྱིས་མཚོན་པ་སྤམས་བསྟོད། ཚེས་གསུམ་ལ་ཆོས་རྗེ་ལེགས་བཤད་གླིང་པས་གཙོས་པའི་ཆོས་འཁོར་རྒྱལ་གྲ་སློབ་སུམ་ཅུ་སྐོར། དེ་མཚུངས་དྭགས་པོ་བང་རིམ་ཆོས་སྡེ་བ་སུམ་ཅུ་སྐོར་གྱིས་རིམ་པ་བཞིན་དུ་ཡུལ་ལུགས་དང་མཐུན་པའི་སྐྱེས་བསྟར་ཏེ་སྨོན་ལམ་བཀྲ་ཤིས་མཛད། འདི་ཉིན་ནས་བཟུང་འབྲི་གུང་གཏེར་སྒྲོམ་གྱི་ཆུ་ཚན་ཉིན་བདུན་དང་མས་དྲོ་རུ་ཐོག་གི་ཆུ་ཚན་ཡན་ལག་ཚོར་ཉིན་གཉིས་ཀྱི་བར་བསྟེན་པས་སྔ་མ་འཕྲོད་བཞིན་པར་མ་ཟད་ཕྱི་མ་ཚིགས་ཀྱི་ནད་ལ་འཇམ་དབྱངས་ཧོར་སྒྲ་ཆེ་བ་ཙམ་སྣང་། ཚེས་བཅུ་གཉིས་ལ་དགའ་ལྡན་གསུང་རབ་གླིང་པས་བསྐུལ་བའི་ངེད་རང་དང་སྡེ་པའི་རིང་འཚོའི་ཚིགས་བཅད། རྒྱལ་གླིང་མཁན་པོ་ནུབ་སྒོ་སྟེང་པར་ཉམས་འཆར་ལ་བརྟེན་པའི་འཕྲིན་ཡིག་ཚིགས་བཅད། བསམ་བློ་


GLG006_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བཅུ་ཤེར་རིན་པའི་ངོར་སྨོན་ལམ་རྣམས་བྲིས། ཞོལ་གྱི་ཚེ་ཆོག་པ་བརྗེ་རེས་ཐུག་པའི་ལོག་མིར་ཇ་གྲལ་གྱི་ཐོག་སྒྲོལ་དཀར་གྱི་ཆོ་ག་སུས་མཛད་ཀྱི་དྲི་བ་བྱས་པར་ཤོད་རྒྱུ་མི་འདུག་པ་རྒྱ་མཚོའི་ནང་གི་སྦལ་ལྕོང་གྲལ་བསྒྲིགས་སུ་མངོན་ཞིང་དེ་ཙམ་ཡང་འཆད་རྒྱུ་མེད་པའི་བཞི་སྡེ་བ་ལ་ཆུ་བརྒྱབ་ནས་འབོད་དགོས་རིས་སུ་མི་འདུག །རྨི་རུ་ལྟ་བུ་ནས་བཙལ་ཡང་རྙེད་པར་གདའ་འོ། །དགའ་ལྡན་དོན་གཉིས་གླིང་པའི་གྲ་པ་གསུམ་གྱིས་གསར་རྩོམ་གྱི་ཕར་ཕྱིན་དབུ་མཛོད། དགའ་ལྡན་གསུང་རབ་གླིང་པའི་བློ་བཟང་དར་རྒྱས་ཅན་གཉིས་ཀྱིས་དབུ་མ། བློ་བཟང་མཆོག་ལེགས་ཀྱིས་དབུ་ཕར། བློ་བཟང་བསྟན་འཕེལ་གྱིས་བྱམས་ཆོས་སྡེ་ལྔ་དང་སྨྲ་སྒོ་མཚོན་ཆའི་རྒྱུགས་སྤྲད། དཔལ་འཁོར་ཆོས་སྡེའི་མཁན་ཟུར་པ་ཡོན་ཏན་སེང་གེས་རྟ་བཅོ་ལྔ། འབྲི་གུང་ཕྱག་མཛོད་ཀྱིས་རྟ་བཅུ་བཞི། དེ་མོ་དབོན་པོ་བསོད་ནམས་ནོར་བུས་ལྔ་བཅུ་མ་བཅུ། ཁམས་དངུལ་སྲང་སུམ་བརྒྱ། ཇ་ཁོར་དྲུག་མ་བདུན་བརྒྱ། རྟ་ལྔ། དྲེའུ་མཛོ་སོ་སོར་བརྒྱ་ཕྲག་སྒ་གདན་བཅས་པའི་སྟོང་འབུལ་བཏེག །རྒྱལ་ལེགས་བཤད་གླིང་པ། ཆོས་རྗེ་བཀྲ་བཟང་པ། དཔོན་བསོད་ནམས་བཀྲ་ཤིས། མ་གཅིག་ཐའི་ཇིའི་བུ་ཐོས་པ་དགའ། སེམས་དཔའ་ཆེན་པོའི་དབོན་པོ་སོགས་འཕྲད་མི་མང་དུ་བྱུང་། མཚམས་ཀྱི་བྲེལ་བ་ཡོད་གཤིས་དགའ་ལྡན་གསུང་རབ་གླིང་པའི་བླ་གྲ་རྣམས་འཕྲལ་དུ་ཤོག་གསུངས་པ་ལ་བརྟེན་ཉིན་ཤད་མཚན་ཤད་ཀྱིས་ཡོངས་པའི་ཚེས་བཅུ་གསུམ་གྱི་ཞོགས་གླིང་ཁར་ཀ་ཅ་དང་ཁལ་མ་ཚོ་བསྐྱུར་ཐབས་སུ་


GLG006_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་སྟེ་ར་མདའ་བ་ལྟ་བུའི་རྒྱུགས་བཤར་དང་བཅས་འབྱོར། དགེ་འདུན་རྣམས་ཞལ་དབུགས་གསོས་པོ་མི་འདུག་རུང་བདོག་པའི་སྐྱེས་མཎྜལ་སྨོན་ལམ་བཀྲ་ཤིས་སྙན་པའི་དབྱངས་ཀྱིས་གྱེར། དེ་དགོངས་ནས་བཟུང་བདུན་ཕྲག་གཉིས་ཀྱི་བར་མཆོད་དཔོན་ངག་དབང་ཤེས་རབ། འབྲིང་ལུང་བློ་བཟང་དཔལ་འབྱོར། དགེ་སློང་འཇམ་དབྱངས་གྲགས་པ་གསུམ་རྒྱུན་གྱི་ལས་བྱེད་དང་གཏེར་སྟོན་རིན་པོ་ཆེ་དང་དྲུང་འཚོ་ལྷག་བསམ་གཉིས་དམིགས་འོག་ཏུ་ཆུད་པའི་མི་འགྲུལ་ཉུང་ངུར་བྱས་ཏེ་སྒོ་གསུམ་མི་འདའ་བའི་བཅད་རྒྱ་ཤིན་ཏུ་དམ་པའི་ངོས་རླུང་སྦྱོར་ལ་བརྟེན་པའི་ཉམས་ལེན་ལ་བརྩོན་པར་བགྱིས། བདུན་གཉིས་པའི་ཁོངས་སུ་ལོག་ཏྲིའི་ལུང་དང་རིན་པོ་ཆེ་བཀྲ་བཟང་པ་ནས་བརྒྱུད་པའི་ཐུགས་སྒྲུབ་དྲག་པོ་རྩལ་གྱི་དབང་ལུང་བསྐྱར་ལྡབ་དང་ལ་སྟོད་དམར་པོའི་བདུད་རྩིའི་དབང་། སྒྲོལ་མ་ཕུག་ཏུ་གཏེར་སྟོན་ཡོལ་མོ་བ་ཆེན་པོར་དག་སྣང་དུ་བྱུང་བའི་མཁའ་འགྲོའི་བརྡ་དབང་། དེའི་ཡིག་ཆ། ཡོལ་མོ་སྤྲུལ་སྐུའི་རྣམ་ཐར་རྡོ་རྗེ་སྒྲ་མའི་རྒྱུད་མངས་ཀྱི་ལུང་རྣམས་གཏེར་སྟོན་རིན་པོ་ཆེར་ཞུས། དབོན་རིན་པོ་ཆེ་གཙོ་བོར་གྱུར་པའི་དོན་གཉེར་གནང་མཁན་མང་པོར་ནཱ་རོ་མཁའ་སྤྱོད་ཀྱི་འཁྲིད་རྒྱས་པ་ཞིག་འབུལ་དགོས་ཡོད་རུང་འཕྲལ་དུ་མ་ཐུབ་པར་མཆོད་དཔོན་ངག་དབང་ཤེས་རབ་དང་དགེ་སློང་འཇམ་དབྱངས་གྲགས་པ་ནན་ཆེས་པས་ཐུན་མཚམས་ལ་ཁའུ་པའི་བཞེད་སྲོལ་འཁྲུལ་མེད་ཀྱི་ཉམས་འཁྲིད་སྨིན་རྒྱས་སུ་ཕབ། ཚེས་བཅུ་བཞི་ནས་གྲ་ཚང་གི་གྲ་པ་གྲངས་བཅད་ལ་གཤིན་རྗེ་གཟའ་གདོང་དམར་ནག་དང་འཇམ་དཔལ་གཤིན་རྗེ་རླུང་སྒྲུབ་


GLG006_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་ལས་སྦྱོར་བཙུགས། ཧོར་ཟླ་བཅུ་པའི་ཚེས་གཅིག་ནས་ཞག་ཤས་ཀྱི་བར་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ། དབོན་རིན་པོ་ཆེ། གཏེར་སྟོན་རིན་པོ་ཆེ། རྫོགས་ཆེན་སྤྲུལ་སྐུ་འོད་གསལ་ཀློང་ཡངས། མཆོད་དཔོན་ངག་དབང་ཤེས་རབ། དགེ་སློང་འཇམ་དབྱངས་གྲགས་པ་རྣམས་ལ་དཔྱིད་ཀ་འབུལ་འཕྲོར་ལུས་པའི་རིགས་འཛིན་ཡོངས་འདུས་ཀྱི་པོད་ལོངས། བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱི་བྱ་མང་ཕུག་ནས་གདན་དྲངས་པའི་ཀུན་བཟང་ཐུགས་གཏེར་གྱི་རྩ་དབང་། ཕྱག་རྡོར་གྱི་དབང་དང་པོ་ཏིའི་ལུང་ཡོངས་རྫོགས་གཏེར་ཁ་གོང་མའི་གཉེན་པོ་ལྷ་གསུམ་གྱི་དབང་ལུང་། གཏེར་ཁ་འོག་མ་དང་རིན་ཆེན་གླིང་པ་གཉིས་ཀྱི་འཇམ་དཔལ་ནཱ་ག་རཀྵའི་དབང་ལུང་། འཇོམས་བྱེད་ཉི་ཟླ་ནག་པོའི་བཀའ་གཏད་ཡང་བསྐྱར་དང་ལུང་ཡོངས་རྫོགས། གཏེར་ཁ་འོག་མའི་བསྟན་མ་བཅུ་གཉིས་ཀྱི་སྲོག་དབང་ལུང་། མངའ་བདག་ཉང་གིས་གཏེར་སྒྲོམ་ནས་སྤྱན་དྲངས་པའི་བསྟན་མའི་སྐོར། ཟུང་མཁར་ཨ་ཇོ་དཔལ་བོའི་གཏེར་མའི་རྡོ་རྗེ་དྲག་རྒྱལ་མའི་སྒྲུབ་སྐོར་ཆ་ཚང་བ། དེ་ཡང་ས་དགེ་གཉིས་ཀྱི་ནཱ་ག་རཀྵ་ལ་གསར་མའི་རྗེས་གནང་དཀྱུས་འགྲེའི། བདག་ལ་ནཱ་ག་རཀྵ་ཡི། སྐུ་ཡི་རྗེས་གནང་སོགས་སྦྱར་བའི་སད་མོ་ཆེའི་ནཱ་ག་རཀྵ་དང་རྙིང་རློམ་མང་པོས་གཏེར་གཞུང་སོར་གནས་བསྐུར་ཡང་ཐོད་པ་ཞལ་དབྱེའི་རྣམ་དབྱེ་མ་དོད་པར་ནང་མཆོད་ཀ་པཱ་ལ་ནས་ཀྱིས་བཀང་བའི་དབང་རྫས་བྱེད་པ་ཚོ་དང་མི་འདྲ་བར་ཆོས་རྒྱལ་འབྲི་གུང་ཡབ་སྲས་ཀྱི་ཕྱག་ལེན་འཁྲུལ་མེད་དང་བསྟན་མ་བཅུ་གཉིས་ལ་གཏོར་སྤུངས་བཅས་ནས་


GLG006_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

གསར་མའི་ཆོས་སྐྱོང་གི་རིགས་འགྲེ་སྦྱར་ཏེ་གཞན་མགོ་བསྐོར་བའང་སྣང་མོད། ཕྱག་ལེན་འདི་ནི་ཨོ་རྒྱན་གྱི་མཁན་པོ་ཁ་སྤུ་ཅན་དེའི་བཞེད་པ་མ་ཉམས་པའི་ལུགས་ཡིན། དབོན་རིན་པོ་ཆེས་གཙོ་བོར་གསན་དགོས་བདག་ཆེན་རྡོ་རྗེ་འཆང་ཡན་ལག་ལ་དཔལ་ལྡན་ས་སྐྱའི་ལྕགས་རི་ཕྱིར་མི་འདའ་ཞིང་བར་སྐབས་ཀྱི་ཞལ་ངོ་གཉིས་ཙམ་གྱི་རིང་ཕྱི་ནས་ནང་ལ་ཡང་མི་འདའ། ཁྲི་ཆེན་ཀུན་དགའ་བསོད་ནམས་ནས་སླར་ཡང་བཀག་པོ་ཚང་འཛུད་བྱུང་བ་རྗེ་བཙུན་གོང་མའི་ཟབ་ཆོས་རྣམས་གསན་བཞེད་པར་ཚོགས་བཤད་ཟ་ཟིའི་གཏམ་གྱི་གསན་པ་ནི་ཤིན་ཏུ་མང་། ཨཥྚའི་བསྙེན་ཆེན་མ་སོང་བའི་སྟབས་གསུང་ངག་སློབ་བཤད་ནི་འཕྲལ་དུ་འབུལ་བདེ་རིས་སུ་མི་འདུག་པར་མ་ཟད་གསེར་ཆོས་དང་ཆོས་སྐྱོང་གི་སྐོར་སོགས་མཁའ་འགྲོ་ལྔ་མཉེས་པར་བྱེད་པ་ནས་བརྩམས་པའི་སྙན་རྒྱུད་བཞིའི་རྟེན་འབྲེལ་བསྒྲིགས་ཏེ་བྱེད་པ་ལས་རྐང་ཟིན་ལག་ཟིན་སྟབས་བདེ་དེ་ལུགས་འདི་ལ་སྲོལ་མེད་པས་ནམ་དུས་ཕྱི་མོར་སོང་བ་དང་བཅས་ལོ་རྟིང་མ་ཚོར་འཆད་ཉན་བྱེད་པ་བརླིང་བར་གོ་བས་ད་ལམ་ཚར་ལུགས་དང་རྫོང་ལུགས་ལ་དར་སོ་ཆེ་བ་པདྨ་ཡང་གསང་ཁྲོས་པའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་བླ་ཆེན་ཆོས་དཔལ་བཟང་པོའི་ཡིག་ཆ་ལ་ལྷ་དབང་བསྣན་ཏེ་དབང་ཤིན་ཏུ་རྒྱས་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོའི་ཡིག་ཆའི་སྟེང་ནས་རྫོང་ཆུང་ཚེ་དབང་། རྟ་མགྲིན་བདེ་གཤེགས་སྤྱིར་དྲིལ་གྱི་དབང་། གྱིང་ལྔ་གཟའ་གདོང་གི་སྲོག་གཏད། རྟ་པོད་ཡོངས་རྫོགས་ཀྱི་ལུང་རྣམས་ཕུལ། སེར་བྱེས་ཀྱི་ཐོག་མའི་བླ་མ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་དང་ཐམས་ཅད་མཁྱེན་པ་དགེ་འདུན་


GLG006_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་གཉིས་ནས་རང་ཕྱོགས་ལ་དར་རབ་བྱུང་རུང་ཕྱི་སྐོར་ལུང་རྒྱུན་ཡང་ཆད་ཅིང་བྱེས་ཀྱི་སློབ་དཔོན་འགའ་རེས་གསང་བ་འདུས་པའི་དབང་ཆོག་བཛྲ་ས་མཱ་ཛཿས་སྤྱན་དྲངས་ཏེ་ས་ཕུར་ལྷ་ཁྲ་ལ་ས་ལོས་ཀྱེེ་རྡོར་འབྱིན་འཇུག་གི་སྐུ་ཆེད་ར་གན་གསེར་ཆུས་བྱུགས་པར་བློ་མ་སོང་བས་བསྟན་རྒྱུན་ལ་ཕན་དུ་རེ་བའི་ཕ་བོང་ཁ་པ་ཞལ་སྔ་ནས་འཇམ་དབྱངས་གྲགས་པའང་དབང་ལུང་གཉིས་ཀ་ཉན་པར་བོས། ཁོང་པ་ཐུགས་རབ་དངོས་གཙང་བས་ཆོས་རྒྱུན་ཚད་ལྡན་ཞིག་མཛད་དམ་སྙམ། རྡོ་རྗེ་བྲག་སྤྲུལ་སྐུ་ལ་བྲག་དཀར་ཆུ་བཟང་གི་བླ་མས་གསར་མའི་ཤན་རེ་ཆེ་ཞུགས་པའི་ཡི་གེ་ཞིག་གི་སྟེང་ནས་དཀྱིལ་འཁོར་གྱི་དབང་དང་སློབ་དཔོན་ཆེན་པོའི་ཆེ་བྱང་རྒྱབ་ཏུ་བསྐྱུར་ཏེ་ཚེ་དབང་དཀྱུས་མ་ཞིག་ལ་རྫོང་ཆུང་ཚེ་དབང་གིས་མིང་བཏགས་ཏེ་ཕུལ་འདུག་པ་ད་ལམ་ཆོས་བདག་པོའི་ཕྱག་ཏུ་འཕྲོད་པའི་ཁུལ་ཡིན་རུང་ས་དྲི་ཁ་གསུང་བ་ལམ་དུས་མཛད་པ་ལས་ས་དྲི་ཁ་བ་རང་མེད་ལ་ཆེ། ད་ཆ་པདྨ་ཡང་གསང་འདི་ས་དགེ་གཉིས་ཀྱི་ཁྲོད་དུ་མི་ཚེ་མ་ཕྱིད་ན་རྙིང་མ་བ་ཚོས་བརྒྱ་བུད་དུ་བཏང་ནས་མི་ཆུད་ཐག་ཆོད་དུ་གདའ་འོ། །སྤྲུལ་པའི་སྐུ་དང་གཏེར་སྟོན་རིགས་འཛིན་ཆེན་པོ་གཉིས་ཀྱི་བཞེད་པ་ལྟར་སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གྱི་བྱིན་རླབས་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་ཕྱག་ལེན་ཇི་ལྟ་བ་བཞིན་དང་གཏེར་གཞུང་ཡིག་རྙིང་གི་སྐོར་ཕུལ་ཞིང་ས་དགེ་ཞལ་གསུམ། དྭགས་ཤངས་ཞི་བྱེད་སོགས་ཆོས་ལུགས་ཕལ་ཆེར་ལ་རྒྱལ་བསེན་གྱི་གནོད་པ་བྱུང་ཚེ་འདི་ཉིད་ལ་སྐྱབས་སུ་འཛིན་པ་མང་ཡང་སོ་སོའི་བླ་མས་མཛད་པའི་མངོན་རྟོགས་རྗེས་གནང་ཙམ་ལས་གཏེར་གཞུང་དངོས་


GLG006_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་གྱིས་གཟིགས་པ་ཉུང་ཞིང་འཁོར་ལོའི་དཔེའུ་རིས་ཐོར་བུ་སྣང་བའང་ཞ་ལུ་བ་ཕྱོགས་ཀྱི་གནོད་སྦྱིན་འཁོར་ལོའི་མཆེད་ཟླ་ཁོ་ནར་འདུག་པ་སྔགས་རྒན་རལ་པ་ཅན་རྣམས་ཀྱི་ཕྱག་ལེན་གྱི་འཕྲེང་དུ་བཅུར་བའི་ཕན་ཡོན་ལ་བརྟེན་གཏེར་གཞུང་བཞིན་བཀོད་པ་ལུགས་འདིའི་སྲོག་གི་མེ་རོ་བསླང་བ་ལྟ་བུར་སོང་། གཞན་ཡང་གནུབས་ཀྱི་ཧྲིཿདམར་དང་མཐུ་སྟོབས་དྲེགས་པའི་རྒྱལ་པོ། གཏེར་ཁ་འོག་མའི་གུ་རུ་དར་ནག་བེར་ཆེན། ཚེ་བརྟན་རྒྱལ་མཚན་གྱི་གཏེར་མའི་ཡུལ་འཁོར་སྲུང་གི་དམག་བཟློག །གུ་རུ་ཇོ་ཙེའི་གཏེར་མའི་དབང་ཕྱུག་ནག་པོ། ཆོས་དབང་དང་རྣམ་སྣང་ཐུབ་རྒྱལ་གཉིས་ཀྱི་རྒྱ་ནག་ཏིང་རྫོགས་ཀྱི་གསུང་འབུམ། བླ་མ་དགོངས་འདུས་ཀྱི་སྲུང་འབུམ། བྱང་གཏེར་དུག་དབང་གི་ཡི་གེ །ལས་འབྲེལ་རྩལ་དང་རཏྣ་གླིང་པའི་གནོད་སྦྱིན་བཤན་པ་དམར་པོའི་ཆོས་སྐོར། རྡོ་རྗེ་གླིང་པའི་ཟ་ཡིག་ནོར་བུའི་བང་མཛོད་དང་སེང་གདོང་མའི་ཟ་ཡིག་སོགས་གཏེར་ཁ་སྣ་ཚོགས་ཀྱི་ཟ་ཡིག་གི་སྐོར། ཕར་ཕྱིན་རྒྱལ་བའི་བཀའ་མཐུ་བཀའ་གཏེར་གཉིས། ཟངས་གླིང་གི་གཏེར་མའི་གཏད་རུལ། བྱ་མང་པའི་ཇག་འཆིང་རྭ་རུ་མ། འཁོན་སྤྱོད་གི་སྲུང་བ་ཁ་ཡར། དྲག་སྔགས་སྣ་ཚོགས། ཆོས་རྒྱལ་བྱང་པའི་གསུང་ཁ་ཤས། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ནས་བརྒྱུད་པའི་ཛ་བིར་རླུང་ཁྲིད་ཀྱི་ལག་ལེན་མན་ངག་དང་བཅས་པ། ཆོས་མཚམས་ཀྱི་རྟེན་འབྲེལ་དུ་འཕྲང་འགོ་གཏེར་སྟོན་པའི་འཆི་མེད་སྐུ་གསུམ་འདུས་པའི་དབང་ལུང་རྣམས་ཕུལ། སྤྲུལ་སྐུ་རིན་པོ་ཆེར་འཇོམས་བྱེད་ཀྱི་ཕྱག་ལེན་ཐུགས་ལ་ངེས་པར་འདུག་པ་ཕྱག་འཁྲིད་དོགས་གཅོད་


GLG006_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་ཤིང་གསལ་བྱེད་ཀྱི་ཡི་གེ་ཞིག་ཀྱང་རྗེས་བྱང་དུ་བཏབ། པཎ་ཆེན་སྐུ་མཆེད་དང་ཆོས་རྒྱལ་བྱང་པའི་གཏེར་གསར་གཙོ་བོར་འདོན་དགོས་པའི་གོང་ར་ལོ་ཙཱ་བའི་གནས་ཚུལ་དང་བཅས་རྒྱུ་མཚན་ནི་རྒྱས་པར་ཕུལ་ཞིང་ཐུགས་ལ་རུས་པ་འཇུག་མི་འཇུག་ནི་སླད་ནས་ཟོས་མ་ཟོས་དམར་ཆུང་བྱད་ཀྱི་དཔེར་འདུག །དམག་ཟོར་མའི་གཏོར་འབུལ་དགོས་ཕེབས་པ་བརྩམས། སྤྲུལ་སྐུ་རིན་པོ་ཆེ་དང་དབོན་རིན་པོ་ཆེར་བདོག་པའི་སྐྱེས་དང་བཅས་རང་གནས་སུ་བཏེག །རྫོགས་ཆེན་སྤྲུལ་སྐུས་གཏེར་ཁ་གང་ཡང་རུང་བའི་རྫོགས་ཆེན་གྱི་དབང་ལུང་ཉམས་འཁྲིད་ཆ་ཚང་བ་ཞིག་དགོས་ཚུལ་བྱུང་བ་ཁས་བླངས་ཤིང་ཁོང་དཔོན་སློབ་ཆོས་བསྒུགས་ལ་ཡར་ཀླུངས་ཚོར་བཞུགས་བརྩིས་འདུག་པ་མཐུན་རྐྱེན་ཀྱི་འབྲུ་འཛིན་སྤྲད། ཚོགས་གསོག་ཏུ་རྫོངས་གཞིས་ཁ་ཡར་ནས་ཞབས་ཏོག་བྱས་པའི་བཀའ་འགྱུར་རོ་ཅོག་ཚར་ཉིས་བརྒྱ་བཅུ་གསུམ། ཡིག་དྲུག་དུང་ཕྱུར་བཅུ་གསུམ། ཕ་བོང་ཁར་ཟླ་གཅིག་གི་བར་རིགས་གསུམ་མགོན་པོའི་གཟུངས། དབུས་གཙང་དྭགས་ཀོང་གི་དགོན་རིས་མེད་ལ་མང་འགྱེད་བཏང་། ཨེ་ཆོས་ལུང་དཀར་མོ་ནས་འོད་གསལ་ལྷ་རིགས་འཛིན་པའི་མི་དབང་ཡབ་སྲས་ཕེབས་ཏེ་ཚོགས་འཁོར་ཚན་གྲངས་འགྱེད་ཀྱི་ཡོན་སྦྱར་ནས་ཚེས་བཅུ་གཉིས་ལ་གྲ་ཚང་གིས་འཆི་མེད་འོད་སྣང་གི་གསུང་ཆོག་རྒྱས་པར་མཛད། འདི་ཉིན་ཚོགས་གྲལ་དུ་བཀྲ་ཤིས་སོགས་ཨོ་རོད་ཀྱི་དཔོན་ཁག་ཀྱང་མང་བར་སྣང་། སང་ཉིན་དེ་མོ་དབོན་པོས་ཉིན་སྔ་མ་དང་མཚུངས་པའི་རིང་འཚོའི་རྟེན་འབྲེལ་བསྒྲིགས། རྭ་སྒྲེང་མཁན་ཟུར་བསྟན་པ་དར་རྒྱས་ཨོ་རོད་ནས་འཁོར་ཏེ་དེ་ཉིན་མཇལ་


GLG006_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་ལ་རེས་བཤད་ནས་བྱུང་བ་ཚེ་ཆོག་གི་སྟབས་བྱིན་རླབས་མ་ཐུབ་རུང་ཚོགས་གྲལ་དུ་བསྒྲིགས་པའི་ངོས་ཕྲད་བྱས། ལྕགས་བྱི་རྒྱལ་པོ་སྐུ་མཆེད་ཀྱིས་མ་ག་དྷའི་དོན་སྐོར་ལ་མི་སྣ་གཏོང་དགོས་ཚུལ་བྱུང་བ་དང་དེར་མ་ཟད་ཨོ་རོད་ཚོ་པ་བཞིའི་གཞུང་མཐའ་དག་ལ་གང་ཕན་གྱི་བསླབ་བྱ་དང་བཅས་རྭ་སྒྲེང་མཁན་ཟུར་པ་བཏང་བར་བརྟེན་ལོ་ཡང་བཅུ་གཉིས་ཙམ་ཐོགས་ཤིང་ཅོད་པ་པཱ་ཐུར་ཁྱོ་ཤུགས་བཙོན་ར་ནས་བཏོན་ཏེ་དུད་གྲངས་ལྔ་བཅུ་སྐོར་གྱི་སྐལ་བ་དང་བཅས་པའི་བདེ་ཐབས་བག་ཙམ་ཐུབ་པར་སྣང་། ཁོང་ཚོས་ཚུར་ངན་མི་བྱེད་པའི་ཁག་ཐེག་བྱུང་ཚེ་སྡེའི་ཆ་གསུམ་ཆ་གཅིག་གཏོད་ཅེས་སེང་གེས་སྐོར་ཡང་བཏང་བར་ཏྲེ་བོ་སྐུ་སྐྱེ་ནམ་མཁའ་བསམ་གྲུབ་ཀྱིས་རྫི་གསང་མ་ཕྱེད་པའི་ཁས་ལེན་རྩིས་བྱས་འདུག་རུང་རྭ་སྒྲེང་མཁན་པོས་ཤོལ་བ་སྤུན་གཅིག་གིས་གཅིག་ལའང་ཡིད་ཆེས་མི་ཐུབ་པའི་སྙིགས་མའི་དུས་འདིར་ཤ་འཁོན་དེ་འདྲའི་ཁག་ཐེག་ཅི་ལ་ནུས་པས་སྐད་ཆ་ཐོས་ཙམ་ནས་རྒྱས་བསྡུས་འཚམས་པར་མངོན་ཞིང་རྗེས་ཀྱི་གནས་ཚུལ་ལ་དཔགས་ན་ཏྲེ་པོ་སྐུ་སྐྱེ་ལྟར་བྱས་ཏེ་སྦྱིན་བདག་ལ་ཉེ་རིང་གིས་བསླུས་བརྒྱབ་པ་ལྟ་བུའི་རོ་ས་འོག་དང་གཏམ་ས་སྟེང་ཡོང་བར་མ་ཟད་སླད་ནས་སོག་ཡུལ་ཕྱོགས་སུ་མི་སྣ་གཏོང་ཐེབས་དང་བྲལ་བ་ཞིག་འོང་བ་ལས་འོས་མེད་པར་གདའ། ཆོས་འཁོར་ཡང་རྩེ་བླ་གཉེར་སྤྱི་སོས་བསྐུལ་བའི་འདི་ག་དང་སྡེ་པའི་རིང་འཚོའི་ཚིགས་བཅད། དབོན་པོ་ཆོས་དབྱིངས་ལྷུན་གྲུབ་ཀྱི་ངོར་ངེད་རང་དང་གཏེར་སྟོན་རིན་པོ་ཆེའི་བརྟན་བཞུགས་བརྩམས། ཚེས་བཅུ་དགུ་ལ་འདམ་ནས་གནམ་སའི་དབང་ཕྱུག་བསྟན་འཛིན་


GLG006_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལའི་རྒྱལ་པོ་བཙུན་མོ་སྲས་བཅས། ད་ཡན་རྒྱལ་པོའི་དབུ་སྐོར་ཆེ་ཆུང་། དུ་རི་ཡལ་དགེ་ཚུལ་མ་སོགས་ཨོ་རོད་གཉུག་མར་གནས་པ་ཚོ་དང་ཆ་གན་བར་དང་སེ་ཆེན་ཇི་ནོང་གཉིས་ཀྱི་ཨེལ་ཆི་ཁ་ཡར་འབྱོར་བ་རྣམས་སྡེབས་མཚུངས་སུ་མཇལ་ཞིང་གསུང་གླེང་དང་དྲི་བཤད་རྒྱས་པར་བྱུང་། རྒྱ་གར་ནས་ཀྲིཥྞ་ཨུ་ད་ཡ་ཞེས་པའི་པཎྜི་ཏ་ཞིག་འོངས་པའི་གནས་ཆེན་གྱིས་མཆོད་སྦྱིན་གྱི་རིལ་བུར་བསྒྲུབས་པ་དང་། བྱང་ཆུབ་ཤིང་གི་ལོ་མ་བྱིན་ཞིང་ལེགས་སྦྱར་གྱི་སྐད་ལས་དྲངས་པའི་བསྔགས་བརྗོད་སྨོན་ལམ་བརྩམས་པ་འདར་པ་ལོ་ཙཱས་བསྒྱུར་བ་ནི། མིང་ལྡན་ཐམས་ཅད་སྐྱོང་བའི་དཔལ་མངའ་མཐའ་ཀླས་ཡོན་ཏན་ཚོགས་ཀྱིས་བརྒྱན་བྱས་ས་ཡི་ཟླ་བ་སྟེ། །རིག་དང་ཡེ་ཤེས་རྒྱ་མཚོས་ཡོངས་གང་དཔལ་དང་ལྡན་པའི་དགའ་བ་ལ་འཇུག་ལྷ་མིས་མཆོད་བྱེད་ཅིང་། །ཆ་ཤས་ཡོངས་རྫོགས་དཔག་ཡས་སྐྱེ་འགྲོའི་སྡུག་བསྔལ་མ་ལུས་ལེགས་བཅོམ་ཡང་དག་དོན་ལ་འགོད་མཛད་པ། །ལྷ་ལྡན་གནས་སུ་ཐམས་ཅད་མཁྱེན་ཁྱེད་བྱེ་བ་ཕྲག་བརྒྱར་བཞུགས་གསོལ་བདག་ཅག་རབ་ཏུ་དང་བས་འདུད། །ཀུན་མཁྱེན་ཉིད་དང་མེས་པོ་ཚངས་པ་གཉིས། ། མཐའ་ཡས་ཡོན་ཏན་སྲང་ལ་གཞལ་བ་ན། །བྱེད་པོ་ཡང་བས་མཐོ་རིས་གནས་སུ་སོང་། །མགོན་ཁྱོད་ལྕི་བས་ས་སྟེང་གནས་ཞེས་གླེང་། །ཞེས་ཚིག་སྦྱོར་ཕུན་སུམ་ཚོགས་པ་ཞིག་སྣང་ངོ་། །རྩམ་འཐོར་འདི་ལ་ཐམས་ཅད་དགའ་བ་འདུག་པས་གསེར་སོགས་ཀྱི་སྟེར་ཆ་ལེགས་པ་བྱས། དགའ་ལྡན་གསུང་རབ་གླིང་པ་དང་དགའ་ལྡན་དོན་གཉིས་གླིང་པ་གཉིས་ལ་སྨན་བླའི་མདོ་ཆོག །བཟང་སྤྱོད།


GLG006_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་སྨོན། སྒྲོལ་མ། ཤེར་སྙིང་། ཚེ་གཟུངས་རྣམས་ཀྱི་ལུང་ཕུལ། གསུང་རབ་གླིང་པ་ཚོའི་ཚིགས་བཅད་གསར་པ་དེ་ལམ་དུ་འཛིན་ལོང་མ་བྱུང་བས་འདི་ཉིན་གདངས་འདུར་གྱི་ཞལ་འདོན་མཛད། ཚེས་ཉི་ཤུ་ལ་ས་སྐྱོང་རྒྱ་རི་བ་ཡབ་སྲས་འཁོར་བཅས། དེ་མོ་དབོན་པོ་ཅན་ལ་གྲུབ་རྒྱལ་ལུགས་ཀྱི་ལྷ་གཅིག་བུམ་གཅིག་བསྟེན་པའི་ཚེ་དབང་། ཤངས་ལུགས་ཀྱི་རྟ་མགྲིན་དང་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ། རྣམ་འཇོམས་ལྗང་སྔོན། སྒྲོལ་དཀར་ཡིད་བཞིན་འཁོར་ལོ། སྨེ་བརྩེགས་དུད་ཁ་རྣམས་ཀྱི་རྗེས་གནང་ཕུལ། བདོག་པའི་སྐྱེས་ལན་དང་བཅས་ཁོང་དཔོན་གཡོག་རང་གནས་སུ་བྱོན། ཉེར་གཉིས་ལ་རྟ་ཚག་སྤྲུལ་པའི་སྐུ། རྭ་སྒྲེང་མཁན་ཟུར་པ་བསྟན་པ་དར་རྒྱས། འབྲས་སྤུངས་ཀྱི་སློབ་དཔོན་པ་དྲུག །མཉྫུ་ཤྲཱི་སྐུ་སྐྱེ། ཁལ་ཁ་ཚོ་པ་བདུན་གྱི་མི་སྣ་དང་བཅས་པ། འདར་ནས་བསོད་ནམས་ལྷུན་གྲུབ་རྡོ་རྗེ་སྒེར་གཞིས་ནས་འོངས་པ་ལ་ཇ་གྲལ་བཏང་། འཇམ་དབྱངས་སྤྲུལ་སྐུ་དང་ཐུ་ཤི་ཡེ་ཐུ་རྒྱལ་པོས་གཙོས་ཁལ་ཁའི་དཔོན་ཁག་ཚོ་དང་སྤྱི་བའི་ཡི་གེ་རྟེན་བཅས་སྤྲད་ཅིང་ངག་མ་ཞིབ་པར་གླེང་། ཉིན་གསུམ་གྱི་བར་ལ་དགེ་ཚུལ་དྲུག་བརྒྱ་དྲུག་ཅུ་རེ་གཅིག་དང་དགེ་སློང་སུམ་བརྒྱ་ལྔ་བསྒྲུབས། ཉེར་དགུ་ལ་ཁལ་ཁའི་མི་སྣ་ཚོར་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་རྗེས་གནང་དང་སོ་སོའི་ཡིག་ལན་རྟེན་སྦྲགས་ངག་མ་དང་བཅས་རྫོང་བདའ་བྱས། རྒྱལ་པོའི་གཅུང་སིདྡྷི་ཤྲཱི་ཧུང་ཐའི་ཇིས་སྐུ་གསུང་ཐུགས་གསུམ་གྱི་བསྟོད་པ་དགོས་ཚུལ་མཛད་པ་ལྟར་ལུས་ངག་ཡིད་གསུམ་ཡོད་པ་རྒྱུ་


GLG006_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དུ་བགྱིས་ཏེ་བརྩམས། གནམ་གང་ལ་རུ་བཞིའི་བསྙེན་གནས་མ་རྣམས་ལ་སྡོམ་པ་ཕབ། ཐོར་གོད་མགོན་པོ་ཡེལ་དེང་ཁོ་རང་གི་ཇོ་ཇོ་དང་ཚ་བོ་དགྲར་ལངས་ཏེ་མངའ་ཐང་དང་བྲལ་བའི་ཉམ་ཐག་ཅིང་ན་ཚོད་ཀྱང་སྨིན་པོར་སོང་བ་བོད་དག་པའི་ཞིང་ལྟ་བུའི་མོས་པ་དང་བཅས་ཆེད་དུ་འཆི་བར་འོངས་པ་རྒས་ནད་ཀྱིས་བགྲོད་དཀའ་བར་འདུག་པ་གློ་བུར་དུ་ཚེའི་དུས་བྱས་ན་རེ་བ་མ་རྫོགས་དོགས་འབྱོར་འཕྲལ་ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་ལ་ངོས་འཕྲད་དང་འཕྲོས་པ་ཞིབ་ཏུ་མོལ། དགའ་ལྡན་ཆོས་འཁོར་ཡང་རྩེ་བླ་གཉེར་སྤྱི་ཚོགས་ཀྱིས་ཚོགས་འགྱེད་སྟེར་ཆའི་བདོག་པ་གྱ་ནོམ་པ་བཤམས་ཏེ་གྲ་ཚང་གི་རྡུལ་ཚོན་ལ་བརྟེན་པའི་ཚེ་ཆོག་མཛད། དེ་རྗེས་ཁོང་རང་དཔོན་སློབ་ཀྱང་ཆོས་སྤྱོད་སྨོན་ལམ་བཀྲ་ཤིས་ཀྱི་བདེན་བརྗོད་དབྱངས་སུ་གྱེར། སང་ཉིན་འབྲོང་རྩེ་གསར་མ་འཕྱོང་རྒྱས་སྒེམ་བུ་བ་བསོད་ནམས་དར་རྒྱས་ཀྱིས་ཉིན་སྔ་མ་ཇི་ལྟ་བའི་ཚེའི་རྟེན་འབྲེལ་བསྒྲིགས་ཐོག་རྒྱལ་གླིང་མཁན་པོས་གཙོས་གོང་དཀར་མངའ་ཁུལ་སྐྱ་སེར་རྣམས་ཀྱིས་དངོས་པོའི་ལེགས་སྐྱེས་རིང་དུ་བརྐྱངས། གསུང་རབ་གླིང་གྲ་པ་དཀའ་བཅུ་པ་བསམ་གཏན་ཆོས་འཕེལ་གྱིས་གསར་རྩོམ་འཇུག་པ་དང་མཛོད་ཀྱི་རྒྱུགས་སྤྲད། རྒྱལ་བ་བཙོང་ཁ་པའི་རྣམ་ཐར་རྗེ་འཇམ་དཔལ་རྒྱ་མཚོས་མཛད་པ་སོགས་རྗེས་སུ་བསྐུར་བའི་པར་ཕལ་ཆེར་བརྐོས་ཟིན་པ་ཚོ་སྐྱེལ་བར་པར་ཞུས་རབ་འབྱམས་པ་དགེ་འདུན་ཆོས་འཕེལ་དང་བློ་གྲོས་བརྟན་པ་ཅན་འབྱོར།ངེད་རང་གི་དོན་ལ་གནས་པའི་རྣམ་ཐར་ཡིན་ཁུལ་གྱི་ཐོབ་ཡིག་པོ་ཏི་


GLG006_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པོར་ཞུས་དག་རྐང་མ་སྡེ་པ་འདར་ལོ་དང་དེའི་རོགས་བྱེད་བྱ་སྒོ་ནས། སྤོས་འཛིན་པ་ངག་དབང་ནམ་མཁའ། འདར་གཞོན་ངག་དབང་འཕྲིན་ལས་བཞིས་ལན་གྲངས་མང་དུ་བྱས། རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེས་ལྗགས་ཞུས་ཤིན་ཏུ་ཐེངས་པ་ཚར་གཅིག་དང་གཏེར་སྟོན་རིན་པོ་ཆེས་ཟུར་རྒྱན་བཅས་ཞུས་དག་གྲུབ་པས་འགྱངས་མེད་དུ་རབ་འབྱམས་པ་ཅན་ཐོན་སྐབས་པར་གྱི་མ་དཔེར་བསྲིངས། སྦུས་སྲང་སྨྱོན་པས་ལྟད་མོ་དགོས་ཚུལ་ལྟར་གཡར་པོ་བཏང་བ་ཤོག་རྟགས་དང་མཆན་བུ་འགའ་ཞིག་འདུག་པ་འདི་ག་ནས་ཞིབ་པ་ལྟ་ལོང་མ་བྱུང་རུང་དྲུང་འཁོར་ཞུས་དག་པ་རྣམས་ཀྱི་བརྗོད་རིས་ལ་གསར་དུ་བརྗོད་དོན་ལྷག་པོ་ཐོན་པ་མི་འདུག་ཟེར། ཆོས་འབྱུང་བསྟན་པ་རྒྱས་པའི་ཉིན་བྱེད་དང་ངོ་མཚར་རྒྱ་མཚོ་སོགས་ཀྱི་སྙན་གྲགས་མི་འདུག་ཀྱང་བློ་ལྡན་ཚོས་ཞིབ་མོར་དཔྱད་ན་ཨ་ཕའི་གསོལ་ཞལ་གྱི་ཆོས་འབྱུང་རྣམས་ལས་བོད་ཡུལ་དུ་ཆོས་དར་བའི་རྩ་ཁུངས་ཆོད་ཙམ་ཡོང་ངམ་སྙམ། དེ་མོ་སྤྲུལ་པའི་སྐུ་ངག་དབང་དགེ་ལེགས་རྒྱལ་མཚན་གྱི་སྐུ་སྐྱེ་ཡིན་ནམ་ཟེར་བ་ཁམས་ཀོང་དུ་འགའ་ཞིག་འདུག་པ་ཇི་ལྟར་ཡིན་གྱི་བརྟག་པ་དགོས་ཚུལ་ཁམས་ནས་དབོན་པོས་ཆེད་བསྟད་དྲི་བར་བཏང་བྱུང་སྐབས་རྩ་བ་གསུམ་ལ་མར་མེ་དང་ཆོས་སྐྱོང་ལ་དམོད་བཅོལ་ཕུལ་བ་མཐུན་པར་ཀོང་པོ་ཕྱོགས་ཀྱི་དེ་ཡིན་པའི་ངེས་ཤེས་རྙེད་པར་བྱུང་བས་དེ་གའི་རྒྱུ་མཚན་མོལ་བ་ལྟར་ད་ལམ་ངོས་ཀྱི་འཕྲོས་པ་གླེང་བ་ལ་སྤྲུལ་པའི་སྐུ་སྔ་ཐོག་འཁྲུངས་ཡུལ་དང་སྐྱ་རྩ་ལ་ཡེ་མི་དགྱེས་རུང་ཤིང་འབྲུག་འདི་ནས་ཕྱིར་བྱོན་ཞོར་མར་ལམ་འཁྲུངས་སའི་ཡབ་གཞིས་


GLG006_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཞག་གསུམ་བཞུགས་སྐབས་ཡུལ་དང་གཞིས་ལ་ཆགས་ཉམས་ཆེན་པོ་མཛད་ཅིང་སྐུ་ཆས་ཀྱང་འགའ་ཞིག་བཞག་འདུག་པ་ངེས་འདྲོངས་ཀྱི་གཏན་ཚིགས་སུ་སྣང་། བར་ཁམས་པའི་རིས་འདི་ཕྱི་ལྐུགས་བརྫུ་བཏབ་པའི་མོ་བཅོས་པ་ལ་ནང་གཡོ་འཕྲུལ་ཆེན་པོ་ཞིག་ཡོང་འདུག་པས་ཁམས་ཕྱོགས་ཀྱི་སྐུ་སྐྱེ་དེ་ཚོ་ཕ་མས་དགོས་དབང་གིས་བཅོས་ཚོད་དུ་གདའ། སྙིང་པོ་ཀོང་སྨད་གྲོང་དུ་ཁྱུང་རྒྱལ་མཚན་གྱི་སྲས་པོར་འཁྲུངས་པར་མཚན་དཀོན་ཅོག་བསོད་ནམས་དབང་ཕྱུག་ཏུ་གསོལ། བར་ཆད་སེལ་བྱེད་ཀྱི་རིམ་གྲོས་མཚོན་བསླབ་བྱ་ཞིབ་པར་མོལ་ཞིང་རྫོང་བདའ་རྒྱས་པར་བགྱིས། སྤྲུལ་པའི་སྐུའི་བརྟན་བཞུགས་དགོས་ཚུལ་བྱུང་བའང་བརྩམས། ཉེར་གཉིས་ལ་ཁལ་ཁ་ནས་གསར་འབྱོར་ཨ་ཁའི་དའི་ཆིན་ཞེས་གྲགས་པ་ཅན་དེའི་སྲས་ཆ་གན་བར་གྱིས་གོས་དར་དངུལ་ཇ་སོགས་དང་ཁུན་དུ་ལེན་ཆོས་ཁུར་གྱི་དཔོན་མོ་བསོད་ནམས་རྒྱལ་མོས་གསེར་དངུལ་གྱི་མདོང་མོ། ཀ་ཏོ་ར། གོས་དར། ཇ་རིས་ཀྱི་བརྒྱ་འབུལ། ཨོ་རོད་ནས་དཔོན་མོ་མ་ག་དྷས་རྟ་ལྔ་བཅུ། རྔ་མོ་སུམ་ཅུ་སོ་དྲུག །དགའ་ལྡན་རབ་འབྱམས་པས་རྟ་སུམ་ཅུའི་སྟེར་སྦྱིན་བསྟར། སང་ཉིན་གེ་རེ་ལྷ་པ་བསྟང་ཞལ། ཆོས་འཁོར་ཡང་རྩེ་དང་བྲག་དབར་གྲ་ཚང་གཉིས་ཀྱི་སློབ་དཔོན་གྲ་བཅས། གནས་རྙིང་ཞབས་དྲུང་གི་སྤྲུལ་སྐུ། གཏེར་སྟོན་རིན་པོ་ཆེ། ཆོས་རྗེ་དཀོན་གཉེར་དཔོན། གང་དཀར་ཆོས་སྡེའི་དཔོན་སློབ་གཉིས། དཔལ་དེ་རས་ཆེན་གྱིས་མཚོན་སུམ་བརྒྱ་ལྷག་ལ་སྨན་བླའི་མདོ་ཆོག་ཆེན་མོ་


GLG006_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་འདེབས་དང་བཅས་པ། སྒྲོལ་མ་ཤེར་སྙིང་གི་ལུང་ཕུལ། གྲ་ཚང་གཉིས་སོ་སོ་ནས་མཎྜལ་སྨོན་ལམ་ཤིས་བརྗོད་ཀྱི་ཞལ་འདོན་མཛད། ཨོ་རོད་ཁོད་ཀྱི་དཔོན་པོ་བི་ལིག་ཨེར་ཁེ་ཐའི་ཇི་ནང་ཁུལ་དུ་སྡོད་མ་བདེ་བ་མགོ་དཀར་དུ་ཡུལ་འཁྱར་བ་ཕྱོགས་དེར་ཆོས་མ་དར་བའི་གཤིས་སྡོད་མ་འདོད་པར་བྲོས་སྟབས་སུ་ཡོངས་པ་དང་ཕྲད། ཕའི་བསྔོ་ཞུས་སོགས་བདོག་པ་རྒྱས་པར་བསྟབས། བཀྲ་ཤིས་ལྷུན་པོའི་གྲ་པ་དབུ་མཛད་བླ་མ་ཟེར་བས་ཐའི་ཇི་མགོ་དཀར་ནས་འབྲོས་ཐུབ་པའི་རོགས་རམ་བགྱིས་པར་མིང་འདོད་པར་འདུག་པ་དར་ཁན་ཆོས་རྗེའི་ཆོ་ལོ་བྱིན། གྲ་ཚང་གི་གྲ་པ་བློ་གསལ་བ་མང་ཞིག་ལྷ་ས་རྩེས་དང་གཉིས་སུ་གྲ་སྐོར་བྱེད་འདོད་འདུག་པ་གླང་ལོའི་སྨོན་ལམ་གྲ་སྐོར་ཕུན་ཚོགས་ལེགས་འབྱོར་གྱིས་རྒྱན་ཐོབ་ནས་བསྐུལ་བ་ལྟར་ཡུལ་དུས་རྒྱུད་སྡེ་སོ་སོ་དང་འབྲེལ་བའི་ཚིགས་བཅད་འཕང་འགྲོའི་སྒྲ་དབྱངས་བརྩམས། མགོན་པོ་ཡེལ་དེང་ན་བབ་ལྕི་རུ་སོང་སྟེ་འཕྲད་པར་བྱུང་བ་ལ་མགོན་པོ་ཕྱག་དྲུག་པའི་སྒོ་ནས་བཀའ་བསྒོ་དང་སངས་རྒྱས་ཀྱི་འཕེལ་གདུང་དམ་རྫས་བྱིན། སྨན་བླ་བདེ་གཤེགས་བརྒྱད་ཚར་གཉིས་དང་ཐུབ་དབང་གི་སྐུ་ཟུར་པ་གྲུབ་པར་ཉེ་བའི་ཆེ་གྲ་ལ་ཚིགས་བཅད་བི་ཝརྟ། ཆུང་བ་དང་ཐུབ་དབང་ལ་ཞལ་བྱང་བྲིས། མཎྜལ་ར་བའི་ལྕགས་ཁྲ་ལ་ཞིག་གསོས་དང་ཇོ་ཤཱཀྱ་ཐུགས་རྗེ་ཆེན་པོ་གཉིས་ཀྱི་སྤང་གཅལ་གསར་བརྗེས། དཔལ་ལྷ་ལྕོག་གི་སྒྲོམ་སྐས་རྣམས་བཟོ་བའི་འདུན་པ་ངེད་རང་ལ་ཤར་བ་ཞིག་མ་བྱུང་རུང་སྡེ་པས་དེ་བཞིན་བྱས་ན་འགབ་པའི་འཆར་


GLG006_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ལ་ཤིན་ཏུ་ལེགས་པའི་མཐུན་འགྱུར་བྱས་པ་བཞིན་མཎྜལ་ར་བའི་ལྕགས་ཁྲ་ནུབ་ངོས་དངུལ་ཚགས་དང་རུ་བཞི་ར་མ་ལུག་ལས་བྱས་པའི་མགར་བའི་ལྟོ་དང་སོལ་བ་རྣམས་དབུ་མཛད་བློ་བཟང་ཡོན་ཏན་གྱིས་བཏོན་ཞིང་དགེ་བ་བསྔོ་བའི་ཚིགས་བཅད་བྲིས། དེ་མཚུངས་སྤང་བཅལ་སྒྲོམ་སྐས་ཚོ་གྲུབ་སྐབས་སྦུས་སྲང་གསེར་ཁང་པས་སྡེ་པར་ལེགས་འབུལ་འགོ་ལུང་བཟོ་བོ་རྣམས་ལ་ལྦ་དར་ཚན་གྲངས་ཀྱི་བདོག་པ་བསྟར། ངེད་རང་གི་ཕ་མར་དྲིན་ལན་གསབ་བྱེད་ཀྱི་དགོངས་རྫོགས་རྒྱུན་ཚུགས་ཤིག་བཙུགས་ན་སྙམ་པ་དང་འཆར་སྟོན་བྱེད་མཁན་བྱུང་རུང་སྟབས་མ་འགྲིག་པའི་འགྱངས་གཞིར་སོང་བ་འདི་ལོ་སྡེ་པའི་བསྐུལ་མར་བརྟེན། དེ་གའི་བཅའ་གཞི་ཤར་བ་བྱེད་ཡུལ་འོ་སྐོལ་གྱི་སྟོན་པའི་རྗེས་སུ་འཇུག་པ་གང་ལ་བྱས་ཀྱང་བསོད་ནམས་ཀྱི་ཞིང་དང་རང་རེའི་ངོས་ནས་མཉམ་མེད་རི་བོ་དགའ་ལྡན་པའི་ཕྱོགས་སུ་བྱེད་པ་བབ་འབྲེལ་འདུག་ཀྱང་འཕྱོང་རྒྱས་ཞབས་དྲུང་དེ་ཉིད་ཀྱི་ཐུགས་རྩེ་ཐུན་མོང་མ་ཡིན་པ་སྔ་འགྱུར་ལ་བསྟད་ཅིང་ཁྲི་ལྕམ་དེ་ཉིད་ཀྱི་བཞེས་དང་ལ་ས་ལུགས་མ་གཏོགས་མི་འགྲོ་བ་ཞིག་ཡོད་པས་ལོ་ལོ་བཞིན་ས་ག་ཟླ་བའི་ནང་དུ་ཞབས་དྲུང་བདུད་འདུལ་རབ་བརྟན་གྱི་དགོངས་རྫོགས་ལ་ཨོ་རྒྱན་སྨིན་གྲོལ་གླིང་དུ་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་སྒྲུབ་མཆོད་དང་ཞབས་དྲུང་ཁྲི་ལྕམ་གྱི་དགོངས་རྫོགས་སུ་ཡར་ཀླུངས་བཀྲ་ཤིས་རྩེ་ཆོས་སྡེར་ཀྱེ་རྡོར་མན་ངག་ལུགས་ཀྱི་སྒྲུབ་མཆོད་ཞག་བདུན་གཏོང་བའི་ས་འབྱེད་སོགས་དང་རིམ་གྲོའི་ཆེད་དུ་ཚེ་དཔག་མེད་བདུད་རྩི་འཁྱིལ་པ་དང་སྐུ་གསུམ་རིགས་འདུས་


GLG006_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་སྒྲུབ་མཆོད་སླར་ཤིང་སྟག་ནས་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་བར་འཛུགས་པའི་ས་འབྱེད་ཀྱི་སྒོ་དོད་ཅིང་སྨིན་གྲོལ་གླིང་པ་དང་ལྕོག་སྒར་གཉིས་ཀྱིས་ཆོ་ག་གསར་འཛིན་དང་དབྱངས་རོལ་གྱི་བཅའ་བསྒྲིགས། གཏེར་སྟོན་རིན་པོ་ཆེའི་གསུང་གིས་བསྐུལ་བ་ལྟར་འཁོར་བ་དབྱིངས་སྒྲོལ་གྱི་འཕྲིན་ལས་སྒྲུབ་ཐབས་འཁྲུགས་བསྡེབས་ལས་བྱང་བཀླགས་པས་དོན་གྲུབ་བརྩམས། དགའ་ལྡན་ཁྲི་རིན་པོ་ཆེ་ཟུར་པ་བློ་བཟང་རྒྱལ་མཚན་དག་པའི་གནས་སུ་རྗེ་བཙུན་འཇམ་དཔལ་སྙིང་པོའི་སྤྱན་སྔར་གཤེགས་པའི་ཐུགས་དམ་གསལ་འདེབས་པ་འབྱོར། མགོན་པོ་ཡེལ་དེང་ཇོ་ཤཱཀ་གི་སྐུ་མདུན་དུ་སླེབས་ཏེ་བློ་ཁ་རྫོགས་མུར་འཇིག་རྟེན་ཕ་རོལ་ཏུ་སོང་བའི་བསྔོ་རྟེན་རྣམས་རྫོགས་བྱང་གི་རྒྱུར་བསྔོས། བྱང་བཞུ་བྱས་པར་ལྷ་གནས་སུ་སྐྱེ་བའི་མཚན་མ་ཤར། ཧོར་སོག་འདི་ཤ་ཁྲག་ལ་ལོངས་སྤྱོད་པའི་སྟབས་མཐོ་རིས་སུ་སྐྱེ་དཀའ་བ་འདྲ་ཞིག་འདུག་རུང་སྐྱེ་རྟགས་ལ་ལྷ་མིའི་ཡང་སྲིད་བཟུང་བ་མང་ཙམ་ཡོང་འདུག་པ་དཀོན་མཆོག་གསུམ་ལ་མི་ཕྱེད་པའི་དད་པ་བརྟན་པའི་མཐུ་ཡིན་ནམ་སྙམ། ལྷ་ས་སྨོན་ལམ་གྱི་དུས་གྲ་ཚང་དཀྱིལ་འཁོར་སྡིངས་སུ་འཚོག་ས་ཁུལ་ཤིན་ཏུ་དོག་པ་ཡོད་པ་ནས་སྡེ་པས་བླ་བྲང་དུ་གྲ་ཁང་ཆེ་ལེགས་བརྒྱབ་པའི་ཞལ་སྤྲོར་ཚེས་བཅུ་དགུ་ནས་བཟུང་གྲ་ཚང་ཉིན་གསུམ་གྱི་བར་ཚོགས་པའི་ཆོས་སྲུང་ཚོར་བསྐང་གསོ་རྒྱས་པར་བཏང་། གསེར་བསྒྲིལ་བཏགས་ལས་གྲུབ་པའི་བེར་གྱི་གཙོས་གོས་དམར་སེར་ཚོན་ཁྲ་ལས་བྱས་པའི་གོས་བེར་བཅུ་གསུམ་ཙམ་བཤིག་ནས་མཎྜལ་ར་བའི་སྟེང་ལ་རན་


GLG006_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བླ་བྲེ་བཙེམས། གོས་ཏཱ་ཧུང་ལྟོ་སྦྱར་ཐོག་ལྕགས་རི་དང་ཆལ་བུར་མུ་ཏིག་གི་རྒྱན་ཕྱུག་པའི་སྣམ་སྦྱར་ལ་སྨོན་ལམ་གྱི་ཁ་ཡིག་བྲིས་པ་ཇོ་བོ་རིན་པོ་ཆེར་ཕུལ། དགའ་ལྡན་དོན་གཉིས་གླིང་པའི་གྲ་པ་ཞིག་གིས་གསར་རྩོམ་འཇུག་པའི་རྒྱུགས་སྤྲད། རྣལ་འབྱོར་དབང་ཕྱུག་བིཪྺ་པའི་བཞེད་སྲོལ་ལྟར་གཤེད་དམར་ལྷ་ལྔའི་མངོན་རྟོགས་འཇམ་དཔལ་དགྱེས་པའི་ཞལ་ལུང་དང་དཀྱིལ་ཆོག་མཐོ་རིས་དབང་གི་ཆུ་རྒྱུན་གཉིས་བརྩམས་ཤིང་ཐོག་མར་གྲ་ཚང་དུ་འཛུགས་རྩིས་ཡིན་ནའང་། བྱུང་ན་བདེ་དགྱེས་གང་རུང་ཞིག་ཚུགས་ལ་རེ་ཞིག་ཐེན་ཙམ་བྱས། ཁམས་སྤོང་རི་དགོན་ཕྱོགས་སུ་སྲོག་བླུ་དར་པོ་ཡོད་འདུག་པས་དགའ་ལྡན་ཆོས་འཁོར་བླ་མ་བློ་བཟང་ཆོས་དཔལ་གྱིས་བསྐུལ་ངོར་དགེ་བ་བསྔོ་བའི་ཚིགས་བཅད་བྲིས། སྡེ་པས་ལྗགས་བཀོད་མཛད་ནས་གསེར་དངུལ་ལས་གྲུབ་པའི་ཅོག་ཙེ་རིན་པོ་ཆེའི་ཕྲ་མང་ཞིང་ཕུན་སུམ་ཚོགས་པ་ཞིག་ཆུ་བྱི་ཟླ་བ་དང་པོའི་ནང་དུ་བཟོ་གྲ་བཙུགས་པ་འདི་དུས་ཚར་ནས་མིག་ལམ་དུ་འབེབས་པ་མཛད་བྱུང་བ་ཅོག་ཙེའི་རྐང་ལ་འབྲུག་གིས་འཁྱུད་པའི་འཕྲུལ་ལྷོངས་ཆེ་བ་སོགས་བཟོ་བཀོད་ངོ་མཚར་བར་འདུག་པས་རྐྱེན་བྱས། འདི་འདྲ་བའི་ཇོ་བོ་རིན་པོ་ཆེར་བཞུགས་ཁང་། རྒྱ་ཕིབས། རྒྱབ་ཡོལ་བཟོ་ཐུབ་ན་ཚོགས་གསོག་པར་མཆིས་སྙམ་པ་ལྷན་སྐྱེས་སུ་ཤར་ཏེ་དེ་གའི་གླིང་གཞི་ཡང་བྱས། ཉེར་བདུན་ལ་སེ་རའི་ཕུར་པ་ལ་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་ཞུས་ཤིང་སྙན་དར་ཕུལ། ཟླ་བ་བཅུ་གཅིག་པའི་མཇུག་དང་བཅུ་གཉིས་པའི་སྟོད་ཚོར་རྐང་པའི་དྲེག་ཅུང་ཟད་འཕར་བ་དར་མོ་སྨན་རམས་
པས་འབྱར་དང་གཏེར་སྟོན་རིན་པོ་ཆེས་མཁའ་འགྲོ་གྲིབ་སེལ་དང་ནཱ་ག་རཀྵའི་གདོན་འགྲོལ་གྱི་ཆོ་ག་གནང་བས་གཞི་མེད་དུ་སོང་རུང་འདི་ཉིད་ནས་ལག་པ་གཡོན་མའི་སོར་མོའི་ཚིགས་ན་བའི་འགོ་བརྩམས་ནད་གཡོག་དབུ་མཛད་དང་དགེ་སློང་འཇམ་དབྱངས་གྲགས་པ་གཉིས་ཀྱིས་བྱས། དེ་ལོ་གསར་བཟོས་རྣམས་ཐེ་བའི་རིན་ཆེན་རྒྱན་ཆ་བཞི་བཅུ་ཞེ་ལྔ་གཟིམས་ཆུང་ཁམས་གསུམ་དུ་བསྒྲིགས་ཏེ་སྟོན་པར་མཛད་པ་ཤིན་ཏུ་གྲ་འགྲིག་པའི་ལེགས་པར་བྱུང་བར་སྣང་། ཕུར་སྒྲུབ་དང་ཚེ་བདག་གི་ལས་སྦྱོར་སྔར་འཁྱུད་བཞིན་བཏང་།


previousདགུང་ལོ་ང་དྲུག་པར་རིན་ཆེན་རྒྱན་ཆ་བའི་སྲོལ་གསར་དུ་བཙུགས་ཤིང་ལྷ་ས་རུ་བཞིའི་སྤྱི་ཚོགས་ནས་རིམས་བཟློག་གི་ཆེད་དུ་སེར་འབྲས་སོགས་དགོན་ཁག་ཞེ་དགུ་ནས་རིམ་གྲོ་དང་། གདན་ཡིག་ཞིབ་མོ་རྣམ་དག་མེ་ལོང་རྩོམ་འབྲི་གནང་བ་བཅས་ཀྱི་སྐོར།next