Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
དགུང་ལོ་ང་བདུན་པར་ར་མོ་ཆེ་གཙུག་ལག་ཁང་གི་ནང་རྟེན་དང་ལྡེབས་བྲིས་སོགས་ལ་ཚོན་གསོལ་བཞེངས་བཀོད་དང་། འདུས་སྡེ་ཁག་ལ་ཆོས་རྒྱུན་རིམ་གྲོ་བཙུགས་ཤིང་ཞྭ་དམར་སྤྲུལ་སྐུ་སོགས་ཕྱོགས་འགྲུལ་ལྟོས་ཆེར་མཇལ་འཕྲད་མཛད་པ་སོགས་ཀྱི་སྐོར།
   
   


 
previousདགུང་ལོ་ང་བདུན་པར་ར་མོ་ཆེ་གཙུག་ལག་ཁང་གི་ནང་རྟེན་དང་ལྡེབས་བྲིས་སོགས་ལ་ཚོན་གསོལ་བཞེངས་བཀོད་དང་། འདུས་སྡེ་ཁག་ལ་ཆོས་རྒྱུན་རིམ་གྲོ་བཙུགས་ཤིང་ཞྭ་དམར་སྤྲུལ་སྐུ་སོགས་ཕྱོགས་འགྲུལ་ལྟོས་ཆེར་མཇལ་འཕྲད་མཛད་པ་སོགས་ཀྱི་སྐོར།next

དགུང་ལོ་ང་བདུན་པར་ར་མོ་ཆེ་གཙུག་ལག་ཁང་གི་ནང་རྟེན་དང་ལྡེབས་བྲིས་སོགས་ལ་ཚོན་གསོལ་བཞེངས་བཀོད་དང་། འདུས་སྡེ་ཁག་ལ་ཆོས་རྒྱུན་རིམ་གྲོ་བཙུགས་ཤིང་ཞྭ་དམར་སྤྲུལ་སྐུ་སོགས་ཕྱོགས་འགྲུལ་ལྟོས་ཆེར་མཇལ་འཕྲད་མཛད་པ་སོགས་ཀྱི་སྐོར།


GLG006_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པའི་ནད་རིམ་འཕར་དུ་གྱུར་པས་གཉན་ཁ་ཞུགས་དོགས་ཆུ་གླང་གསར་ཚེས་ཀྱི་སྲིད་གསུམ་བདག་མོ་མཆོད་པའི་ཚོགས་གྲལ་འགྲོ་མ་བདེ་རུང་བཞུགས་གྲལ་ལ་འགྲོ་བར་མ་ནུས་ཙམ་བྱུང་བས་ཚེས་གཅིག་གི་ཉིན་བསྟན་འཛིན་ད་ལའི་རྒྱལ་པོས་གཙོ་མཛད་ཨོ་རོད་ཀྱི་དཔོན་ཁག་གསར་སླེབས་དང་གཉུག་མར་གནས་པ། ཁལ་ཁ་དའི་བུང་ཧུང་ཐའི་ཇི། བཟོད་པ་ཡེལ་དེང་། ཆ་གན་བར་སོགས་ཁལ་ཁ་ཨོ་རོད་བསྡོམས་པའི་དཔོན་ཆེ་བ་བརྒྱད། དེ་འོག་བདུན་ཅུ་དོན་ལྔ། སོ་སོའི་དཔོན་མོ། ཇའི་སང་། མི་བཟང་ཕོན་ཆེ་བ་ཕྱོགས་མཐའི་ལོ་གསར་འབུལ་མི་བཅས་པར་བཞུགས་གྲལ་གྱི་དགའ་སྟོན་ཐོག་འདར་ལོ་དང་གླང་བུ་ནས་གཉིས་ཀྱིས་དམ་པའི་ཆོས་ལས་བརྩམས་པའི་འབེལ་གཏམ་བཏང་། རོལ་ཆ་བ་རྙིང་པའི་སྟེང་རྒྱལ་རྩེ་ནས་གསར་པ་མཁས་བསྒྲུགས་སླེབས་པ་དང་བཅས་པས་རོལ་གར་གྱིས་མཚོན་བཀྲ་ཤིས་པའི་རྣམ་འགྱུར་སྣ་ཚོགས་བྱས། ལོ་སྔ་མའི་ནང་དུ་སྡེ་དཔོན་དང་ནང་སོ་རྣམ་པ་ཚོར་རིན་ཆེན་རྒྱན་ཆ་རང་


GLG006_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

གོན་གྲ་བསྒྲིག་དགོས་པའི་བརྡ་འགྲེམས་སོང་བ་ལྟར་རྒྱ་རི་བ། སྟག་རྩེ་བ། ཚལ་པ་གསུམ་གྱི་གཏོགས་ཚང་མས་གྲ་འགྲིག་པའི་ཚེས་གཉིས་ཀྱི་ཉིན་རྩིས་འཁྲིའི་རིན་ཆེན་རྒྱན་ཆ་བ་བཞི་བཅུ་ཞེ་ལྔའི་ཐོག །སྡེ་སྲིད་རི་བོ་བྲག་པ། བདེ་ཆེན་ཞབས་དྲུང་། བྱ་ཞབས་དྲུང་། ཐོན་ནས། ནང་སོ་དཀོན་མཆོག་དར་རྒྱས། འབོག་གོང་ཁག་གཉིས། མདོ་མཁར་ནས། སྙེ་མོ་དགོན་པ་བ། དཔལ་དེ་བ། སྣ་དཀར་རྩེ་ཞབས་དྲུང་གི་སྐུ་ཚབ་གཉིས་དང་བཅས་ཀུན་དྲིལ་ལྔ་བཅུ་ང་བདུན་གྱིས་མདུན་བདར། གྲ་ཚང་གི་གྲ་པ་རྣམས་ཀྱིས་ཚིགས་བཅད་གསུང་བ། གྲལ་འཕྲོས། རོལ་ཆ་སོགས་དུས་སྟོན་གྱི་དགའ་སྟོན་རྒྱ་ཆེར་སྤེལ། གནས་གསར་རྗེ་དྲུང་མཁྱེན་རབ་རྣམ་རྒྱལ་གྱིས་ཛྷི་ཀྵིཾ་ལས་གྲུབ་པའི་རྡོ་རྗེ་ཞིག་བྱིན། སྦྱོར་ར་ནས་དང་མདོ་མཁར་ནས་གཉིས་སུམ་སྟན་སྙེ་འབོལ་གྱི་གྲས་ཙམ་ཡིན་འདུག་རུང་སྟོབས་འབྱོར་གྱི་དབང་ལས་གཟོས་རིམ་འགྲོས་བྱུང་ཞིང་གཟིམས་ཤག་ལྷོ་པ་ཕ་མེས་ནས་དགེ་ལུགས་ཀྱི་བསྟན་པར་དད་ཞེན་འགྱུར་མེད་ཀྱི་རྔ་མ་ནག་པོའི་ཚོས་མདོག་དང་དིང་སང་སྡེ་དཔོན་གྱི་ཚུགས་ཀ་བཟང་བ་ཐབས་ཤེས་ཟུང་འཇུག་ནས་གཟེངས་བསྟོད་འབྲེལ་ཆགས་སུ་མངོན། ལྕགས་སྦྲུལ་ཕན་གྱི་རང་བསྟན་འཆད་ཉན་གྱིས་གཏན་ལ་འབེབས་པ་དེ་གའི་མུས་བྱུང་ན་འདི་རིགས་ཀྱི་རྣམ་གཡེང་ལ་ཡ་མཚན་རྒྱུ་ཅི་ལ་ཡོད་རུང་དིང་སང་ཆོས་ལས་སྲིད་གཙོ་ཞིང་ཐམས་ཅད་དེ་ལ་དགྱེས་རྩེར་སོན་པའི་ལེགས་སོ་བརྗོད་སྐབས་འདིར་ཆེན་པོའི་ཁུངས་དང་འབྲེལ་བའི་དོན་སྤྱི་ཡོད་པ་ཞིག་མ་བྱུང་ན་སེང་གེ་རལ་པ་བྱས་


GLG006_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཉེན་སྣང་། དེ་ཉིན་སྡེ་དཔོན་ཁག་དང་རྫོང་དཔོན་འགའ་ཞིག་ལ་ཇ་གྲལ་བཏང་། ལོ་མ་གསར་གོང་ཙམ་དུ་རྨི་ལྟས་ལ་བརྟེན་གཏེར་སྟོན་རིན་པོ་ཆེས་རྫོངས་གནང་བས་ནང་ཟོར་ཡང་བ་འདྲ་མོ་མཆིས་རུང་ཚེས་གསུམ་ནས་བཟུང་ཞག་ཤས་ཡན་ལག་བྲོ་འཚལ་བཟོ་ཆུན་གྱི་ཁྱུད་མོ་ལྟ་བུ་ལ་དྲུང་འཚོ་བ་ལྷག་བསམ་དང་དར་མོ་བ་གཉིས་ཀྱིས་བཅོས་ཀ་བགྱིས་པ་འཕྲོད་ངོ་ཆེ་བ་བྱུང་། ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་དབུ་ཐོག་ཏུ་གསེར་ཟངས་ཀྱི་བླ་བྲེ་དང་རྒྱབ་ཡོལ་བཞེང་བའི་བཟོ་ཐབ་བཙུགས་པའི་བླ་བྲེ་དཀྱིལ་མ་ལ་རྒྱལ་པོ་བཀའ་འབུམ་གྱི་ཐུགས་རྗེ་ཆེན་པོ་དང་མངའ་བདག་ཉང་གི་འགྲོ་འདུལ་ཡིད་བཞིན་ནོར་བུ་གཉིས་ཞུས་དག་ཕེར་བས་གང་ལའང་ངོས་གཟུང་ཆོག་པ། གཡས་སུ་འགྲོ་བ་ཀུན་སྒྲོལ། གཡོན་དུ་འཁོར་བ་དབྱིངས་སྒྲོལ་གྱི་དཀྱིལ་འཁོར་གསུམ་འཕུལ་བའི་ཤོག་དཔེར་འགོད་པའི་ངག་བཀོད་བྱས་ཏེ་སྔགས་འཆང་གཞིས་ཀ་ཤར་པ་ཕ་བུས་བྲིས། དེ་ཡང་འཕྱོང་རྒྱས་སུ་རིམ་གྲོ་ཆོས་སྡེ་རེས་བསྐོར་ཡོད་པ་རྣམས་མེ་ཤིང་གིས་མ་སྡངས་པའི་མི་སེར་ལ་ཆ་སྙོམས་ཁྱད་དང་བཅས་རྒྱལ་རྩེར་སྤོས་པའི་ལོ་འཁོར་དུ་ཟླ་རེར་གྲ་པ་བརྒྱ་དང་དྲུག་རེ་འཕོ་ལེན་བྱས་པའི་ཟླ་བ་དང་པོའི་ཚེས་བཞི་ནས་བཟུང་དཔལ་འཁོར་ཆོས་སྡེ་དགེ་ལུགས་གྲ་ཚང་ཚོ་བསྡུས་ཀྱིས་སྨན་བླ་ཆིག་ཁྲི་ལྔ་སྟོང་དགུ་བརྒྱ། ཟླ་བ་གཉིས་པར་ས་ལུགས་གྲ་ཚང་ཚོ་བསྡུས་ཀྱིས་སྨན་བླ་གོང་འདྲ། ཟླ་བ་གསུམ་པར་བུ་ལུགས་གྲ་ཚང་ཚོ་བསྡུས་ཀྱིས་ཚེ་དཔག་མེད་ལྷ་དགུའི་ཚེ་ཆོག་མཇུག་འཆི་བླུ་དང་བཅས་པ། ཟླ་བ་བཞི་པར་གནས་རྙིང་པས་འབུམ་བརྒྱ། ཟླ་བ་ལྔ་པར་མཚན་སྒྲོགས་པས་བཟང་སྤྱོད་ཆིག་


GLG006_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་བཞི་ཁྲི་སུམ་སྟོང་། ཟླ་བ་དྲུག་པར་ངོར་པ་ཁག་གཉིས་སུ་བགོས་པའི་བསྙེན་སོང་ཕྱེད་ཀྱི་ཧྲཱིཿཁྱོན་ས་ཡ་བརྒྱད་དྲུག་འབུམ་དགུ་ཁྲི་བཞི་སྟོང་། ཡ་མ་རཱ་ཛ་ས་ཡ་གཅིག་བརྒྱད་འབུམ་དགུ་ཁྲི། ཡ་མཱནྟ་ཀ་ས་ཡ་གཅིག་ལྔ་འབུམ་ཆིག་ཁྲི་ཉིས་སྟོང་སོང་བའི་མཇུག་དྲུག་ཅུ་པའི་གཏོར་བཟློག །ཕྱེད་ཀྱིས་སེང་གེ་སྒྲའི་ཆོ་ག་མཇུག་གདོན་འགྲོལ་དང་བཅས་པར་སྙིང་པོ་བྱེ་བ་གཅིག་ས་ཡ་དྲུག་ཆིག་འབུམ་བཞི་ཁྲི་དྲུག་སྟོང་། ཡུམ་གྱི་སྙིང་པོ་བདུན་སྟོང་དགུ་བརྒྱ། གཟུངས་རིང་སུམ་ཁྲི་བདུན་སྟོང་བརྒྱད་བརྒྱ་ལྷག་བཅས། ཟླ་བ་བདུན་པར་ཞ་ལུ་རི་མཐིལ་ནས་བསྡུས་པའི་རྣམ་རྒྱལ་སྟོང་མཆོད། ཟླ་བ་བརྒྱད་པར་འབྲས་ཡུལ་སྐྱེད་ཚལ་པས་བརྒྱད་སྟོང་པ་ཆིག་སྟོང་ལྔ་བརྒྱ་དགུ་བཅུ། ཟླ་བ་དགུ་པར་རོང་བྱམས་ཆེན་པས་གདུགས་དཀར་ཆིག་འབུམ་བརྒྱད་སྟོང་བརྒྱད་བརྒྱ། ཟླ་བ་བཅུ་པར་དཔལ་འཁོར་ཆོས་སྡེ་རང་གི་དགེ་ལུགས་ཚོ་བསྡུས་ཀྱིས་བརྒྱད་སྟོང་པ་ཆིག་སྟོང་ལྔ་བརྒྱ་དགུ་བཅུ། ཟླ་བ་བཅུ་གཅིག་པར་བྱམས་ཆེན་པ་གྲ་གྲངས་དྲུག་ཅུ་རེ་གསུམ་དང་། ངེས་གསང་རྡོ་རྗེ་གླིང་པ་ཞེ་གསུམ་གྱིས་མཚན་བརྗོད་འབུམ་ཐེར། ཟླ་བ་བཅུ་གཉིས་པར་དཔལ་འཁོར་ཆོས་སྡེའི་ས་ཞལ་ཕྱེད་ཁྱེར་གྱིས་སྒྲོལ་མ་ཤེར་སྙིང་ཚེ་གཟུངས་འགྲོ་གང་ཆེ་ཡོང་རྩིས་ཀྱིས་བཙུགས། ཚེས་ལྔ་ནས་གྲ་ཚང་དུ་གཤིན་རྗེ་ཐམས་ཅད་འདུས་པའི་སྔགས་རིང་རྡོ་རྗེ་ཕ་ལམ་གྱི་བཟློག་པ་དང་བཅས་པ་བསྟར། ཚངས་པ་དུང་ཐོད་ཅན་གྱི་སྐུ་ཁོག་ན་ཚོད་སྨིན་པ་ནས་དུས་ཀྱི་ཆོད་ཉིད་དུ་གྱུར་ཚེ་སྐུ་ཕེབས་འགྱངས་གཞིར་སོང་ན་ནམ་མཁའི་མཛུབ་རིས་བཞིན་གཟུགས་མེད་ལ་རྒྱུ་མཚན་བྱེད་ཐེབས་མི་འདུག་གཤིས་སླར་ཚ་


GLG006_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བོར་ཁོག་ཞུགས་མུ་འཐུད་དགོས་པའི་འཕྲིན་ཡིག་ཚིགས་བཅད་མ་ཚོགས་འཁོར་སྤྱན་གཟིགས་སྤམས་བསྟོད་དང་བཅས་ཁང་གསར་རབ་བརྟན་ཚེས་བརྒྱད་ལ་སྐུ་ཕེབས་ཞུ་བར་བཏང་བ་ཇི་བཞིན་ཐོག་ཏུ་ཕེབས་པའི་ལན་བྱུང་། ཀླུ་དབང་གི་རྒྱལ་པོར་གཟུངས་བཞུགས་དབྱར་སྟོད་ནས་གྲུབ་རུང་བདེ་གཤེགས་བརྒྱད་ཚར་གཉིས་དང་ཐུབ་དབང་གི་བཟོ་ཕུད་ལ་སངས་རྒྱས་ཀྱི་འཕེལ་གདུང་ཁ་ཤས་སྐུ་གདུང་སྐུ་བལ་ཆོས་སྐུའི་རིང་བསྲེལ་གྱི་གཟུངས་བཞུགས་ངེད་རང་གིས་བཀོད་པ་དང་དགེ་སློང་འཇམ་དབྱངས་གྲགས་པས་ལག་ལེན་དངོས་གཙང་བ་ལོ་མཇུག་ལ་གྲུབ་པ་ཆོ་འཕྲུལ་གྱི་དུས་བཟང་དང་བཅས་ཚེས་བཅུ་བཞི་ལ་གཏེར་སྟོན་རིན་པོ་ཆེས་བླ་མ་ནོར་བུ་རྒྱ་མཚོའི་སྒོ་ནས་རབ་གནས་དང་ཉིན་གཉིས་ཀྱི་བར་གྲ་ཚང་གི་གྲ་པ་བཞི་གྲས་མཆོད་པ་གྱ་ནོམ་པའི་ཐོག་མདོ་ཆོག་བཏང་། འདི་ལོ་སྨོམ་ལམ་ཆེན་མོ་ཚོགས་ཤིན་ཏུ་ཆེ་བ་ཁྲིར་ཉེ་བ་ལ་དགེ་འདུན་རེའི་ཕྱག་ཏུ་ཇ་ཉག་གསུམ་རེ་ཡོང་རྩིས་ཀྱི་པཎ་ཞྭ་ཉེར་གཉིས། རྩེ་ཞྭ་བཅོ་ལྔ། བླ་གོས་སུམ་ཅུ་སོ་ལྔ། རྔུལ་གཟན་སུམ་ཅུ་སོ་བཞི། མཐང་གོས་ཉི་ཤུ་རྩ་བརྒྱད། ཤམ་ཐབས་གསུམ། རིང་འགག་ཉི་ཤུ་རྩ་གཅིག་སྟོད་འགག་གཉིས། སེར་རྐེད་བཞི། གདིང་བ་བཅུ། གོས་བེར་དགུ། འགན་སྦྱར་བཞི། སྦྱར་མ་ལྔ། ཞྭ་ཐུལ་བཞི། རྒྱ་ལྷམ་མུ་ཏིག་གི་རྒྱན་ཡོད་མེད་བསྡོམས་པས་དྲུག་དང་སོག་བོད་ཀྱི་བཞི། སྙེ་འབོལ། སྟན་དམར། གོས་སྟན་གསུམ། གསར་ཆས་ཆ་འགྲིག་གཉིས། གསེར་སྒ་བརྒྱད། ར་མ་ལུག་བརྒྱད། དངུལ་སྒ་དྲུག །སྒ་དམར་དངུལ་ཤར་མ་བདུན། རྟ་གསར་མ་


GLG006_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང་རྒྱུགས་མ་ཉི་ཤུ་རྩ་དགུ །དཀར་ཡོལ། དངུལ་སྟེགས། རྒྱན་དྲུག །བཟེད་ཞལ། སྤོས་ཕོར། བླ་བྲེ་གཉིས། གོས་དང་འགང་གི་ཡོལ་པ་རེ། དངོས་པོ་གཞན་གྱིས་ཚུར་བླུས་པ་ཤེལ་རྒྱན་གྱི་སེ་རལ་ཁ་གདུ་བུ། ཧོར་དྲིལ། ཐོད་རྔ། རྟ་གསར་མ་སྒ་ཆས་ཆ་འགྲིག་གཉིས་རྣམས་ཀྱི་སྤོང་དག་ཕུལ། འཕྲུལ་སྣང་གཙུག་ལག་ཁང་དུ་བླ་བྲེ་མཐོངས་གོས་སྔོན་སྤྲིན་རིས་ཐོག་ལཱཉྪའི་ཡིག་དྲུག་སིའུ་མ། ཟུར་བཞི་པདྨ། མཐའ་གོས་སྔོན་བར་སྣང་མཛོད་རིས། ཤམ་བུ་ལིང་དམར་སེར་ལྗང་གུ་བརྩེགས་པ། རྒྱབ་ཤ་གོས་དམར་སྤྲིན་རིས་མ་ཐོབ་ཆིན་དབང་གིས་བྱིན་པ། འཕན་རྒྱ་བཟོ་མགོ་གོས་སྔོན་འབྲུག་རིས་མས་བྱས་པ་བཞི་དང་ལུ་ཧིས་བྱས་པ་གཉིས་བཅས་པའི་ལག་སྐུ་གཟུགས་འཕན་དུ་གྲགས་པ་གོས་གསེར་མ་སྣ་ཚོགས། མཚམས་སུ་དར་རྦོད་དང་གཡེར་ཁ་ཡོད་པ་ཆ་གསུམ། ཇོ་བོ་ཤཱཀྱ་མུ་ནེ། ཇོ་བོ་མི་བསྐྱོད་རྡོ་རྗེ། རང་བྱོན་ལྔ་ལྡན། བྱམས་པ་ཆོས་འཁོར། རྒྱལ་བ་བཙོང་ཁ་པ་ཆེན་པོ། དུང་སྐྱོང་རྒྱལ་མོ་རྣམས་ལ་ཞལ་བྱང་བཀོད་པའི་སྙན་ཤལ་ཕུལ། ཇོ་ཤཱཀ་གི་སྤྱན་སྔར་དངུལ་གྱི་མཎྜལ་ཆེ་ཚད་ཅིག་བཞེང་བའི་གླེང་གཞི་ཡོད་རུང་དེའི་སྔོན་དུ་ཇོ་བོ་རིན་པོ་ཆེའི་བཞུགས་ཁང་རྒྱབ་ཡོལ་དང་བཅས་པ་དངུལ། རྒྱབ་ཡོལ་ལ་སྨན་བླའི་མདོ་ཆོག་ཆེན་མོ་ལས་བྱུང་བའི་ལྷ་ཚོགས། བཞུགས་ཁང་སྟེང་དུ་གསེར་གྱི་རྒྱ་ཕིབས་རྣམས་བཞེང་བའི་ལས་གྲ་ཚེས་བཅོ་བརྒྱད་ནས་བཙུགས། རྒྱལ་ཁང་རྩེ་སྤྲུལ་པའི་སྐུ་ཁལ་ཁ་ནས་བྱོན་པ་ལམ་དུ་སྐུ་མ་འཚོ་བའི་བསྔོ་རྟེན་སྐྱེལ་མི་འབྱོར། གཤེགས་གདོང་མི་དཀར་པོ་སྨ་ར་ཅན་ཅིག་གིས་བདེ་བ་ཅན་


GLG006_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཤོག་ཟེར་བ་བྱུང་ཞེས་སྤྲུལ་སྐུས་གསུངས་པའི་གནས་ཚུལ་ལྟར་ན་རེ་ཞིག་སྐུ་སྐྱེ་འབྱོན་མི་འབྱོན་ཐེ་ཚོམ་གྱི་གཞིར་འདུག་རུང་མྱུར་འབྱོན་གྱི་ཚིགས་བཅད་དགོས་ཚུལ་བྱུང་བ་བརྩམས། ཉེར་བཞི་ལ་དགའ་ལྡན་ཆོས་འཁོར་ཡང་རྩེའི་གྲ་པ་ཞིག་གིས་གསར་རྩོམས་དབུ་མའི་རྒྱུགས་སྤྲད། འདོད་ཁམས་དབང་ཕྱུག་མའི་གསང་མདོས་ཀྱི་བཀང་བ་གསར་དུ་བསྒྲིགས་ནས་མཆོད་གཏེར་སྤྱན་གཟིགས་བཤམས་ཏེ་གྲ་ཚང་དུ་འབུམ་ཐེར་བཏང་བའི་ཐོག་མ་ཉེར་གསུམ་གྱི་ཉིན་རླུང་འཚུབ་ཆེ་བར་མ་ཟད་དམར་པོ་རི་རང་ལ་སྒེར་དུ་རླུང་གི་གུར་ཕུབ་པ་ལྟ་བུ་བྱུང་བ་ལས་ཚོགས་བརྟག་ཡིག་གི་དབང་དུ་བྱས་ན་རེ་མ་ཏཱི་དགྱེས་པའི་མཚན་མར་མངོན། རིམ་གྲོ་རྣམས་དང་རིགས་འཛིན་ཆེན་པོས་གདོན་འགྲོལ་གྱི་ཆོ་ག་མཛད་པ་སྨན་གྱི་རྒྱབ་ཆོས་སུ་སོང་བའི་ཟུག་རྔུ་ལས་རྣམ་པར་གྲོལ་ཏེ་ཉེར་དགུ་ལ་ཁལ་ཁ་དའི་བུང་ཧུང་ཐའི་ཇིས་དངུལ་ལྔ་བཅུ་མ་དགུ། མདོང་མོ་ཐ་ཕག་གིས་མཚོན་སྤྱད་པ་སྣ་ཚོགས། གོས་དར་དངོས་གཙང་། ཇ་རས། རྔ་མོ་ལྔ་བཅུ་ང་བརྒྱད་དང་བཅས་པའི་བརྒྱ་འབུལ། བཟོད་པ་ཡེལ་དེང་གིས་གསེར་སྲང་དྲུག་ཅུའི་མཎྜལ། དངུལ་གྱི་ཐ་ཕག །མདོང་མོ། དུང་ཆེན། དཀར་ཡོལ་སྟེགས་བཅས། ཇ་གོས་དར། དྲེའུ་བརྒྱ་དང་བཞི། རྔ་མོ་ལྔ་བཅུ་སྐོར་སོགས་ཀྱི་སྟོང་འབུལ། ཏྲེ་བོ་ནོ་མོན་ཁན་གྱི་དངུལ་གྱི་མཎྜལ། གོས་དར་རྟ་སྒ་མ་གཉིས། རྔ་མོ་ཉི་ཤུ་རྩ་གསུམ། གཞན་ཡང་དཔོན་ཆུང་། སེར་མོ་བ་རྣམས་ཀྱིས་ཟང་ཟིང་གི་བདོག་པ་རིང་དུ་བརྐྱངས། རྒྱལ་མོ་བསོད་ནམས་ཆོས་འཛོམ་སྲས་བཅས། སྟག་རྩེ་ཐའི་ཇི་ཡབ་སྲས། བི་ལིག་ཨེར་


GLG006_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཁེ་ཐའི་ཇི། མཱ་མོད་པཱ་ཐུར་ཐའི་ཇི། མ་ལའི་མེར་གན་ཐའི་ཇི། མགོན་པོ་ཡེལ་དེང་གི་དགེ་ཚུལ་མ་ཅན་སོགས་ལོག་མི་ཁ་ཡར་དང་ཕྲད། ཧོར་ཟླ་གཉིས་པའི་ཚེས་གཉིས་ནས་ཉིན་གསུམ་གྱི་བར་མས་དྲོ་རུ་ཐོག་དང་བཞིའི་རིང་གཏེར་སྒྲོམ་གྱི་ཆུ་ཚན་བརྒྱབ། བྷྲུཾ་མཚན་རྡོ་རྗེའི་རྭ་གདེངས་ཐོག་མདའི་རྒྱ་ཅན་གྱི་ནང་ཚན་རྡོ་རྗེ་གྲོ་ལོད་ཀྱི་ཆོག་བསྒྲིགས་གནམ་ལྕགས་འབར་བ་དང་དེར་མ་གཏོགས་པའི་རྡོ་རྗེ་རྭ་གདེངས་ཐོག་མདའི་རྒྱ་ཅན་གྱི་འཕྲིན་སྒྲུབ་སྨིན་གྲོལ་གྱི་ཆོག་བསྒྲིགས་བརྩམས། འཛུམ་ལང་རྒྱལ་པོར་འཕྲིན་ལན་གྱི་རྟེན་གསེར་དངུལ་གོས་དར་གྱི་སྐྱེས་དང་བཅས་མི་སྣ་ཛཱ་ལ་བྷཎྜ་རི་ཅན་རྫོང་བདའ་བྱས། ཚེས་གསུམ་ནས་ངེད་རང་གི་རིམ་གྲོར་དབུས་གཙང་གི་རྫོང་གཞིས་ཁག་ཚོར་དགེ་ལུགས་གཙོར་བཏོན་གྱི་དགེ་འདུན་བསྡུས་ནས་བཀའ་འགྱུར་ཚར་བརྒྱ་དང་ཉི་ཤུ། འབུམ་བརྒྱ། སྨན་བླ་ཁྲི། ཕྱག་འཚལ་ཉེར་གཅིག་དང་ཚེ་གཟུངས་ས་ཡ་རེ་མཚན་བརྗོད་དང་གདུགས་དཀར་སུམ་འབུམ་རེ། ཕྱིར་བཟློག་འཁོར་ལོ་འབར་བ་ས་ཡ་གཉིས། དུང་དགོན་པ་གྲངས་བཅས་ཀྱིས་ལྷ་འདྲེ་སྟོང་དྲའི་མདོས། ཉ་ས་ཡའི་སྲོག་བླུ། སྲོང་བཙན་དུ་དཔལ་རི་བ་གྲངས་བཅད་ཀྱིས་ཉིན་བཅུའི་རིང་མ་ནིང་གི་བསྐང་གསོ། ཐང་པོ་ཆེར་ཉིན་བཅུར་བཟབ་གསོལ། ཕོ་བྲང་དུ་བཀྲ་ཤིས་ཆོས་སྡེ་བ་གྲངས་བཅད་ཀྱིས་དམར་ཆེན་གཏོར་བཟློག །རྒྱལ་དུ་བེག་ཙེའི་བསྐང་བ་ཁྲི། འབྲས་སྤུངས་སྔགས་ཁང་དུ་སྟོད་རྒྱུད་པ་གྲངས་བཅད་ཀྱིས་ནག་པོ་སྐོར་གསུམ་གྱི་བསྐང་བ་གཏོར་བཟློག་དང་བཅས་པ། གནས་ཆུང་ལྕོག་ཏུ་ཉིན་བདུན་གྱི་རིང་


GLG006_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བཟབས་གསོལ། གོང་དཀར་དུ་ཆོས་སྡེ་བ་གྲངས་བཅས་ཀྱིས་ཞལ་གྱི་གཏོར་སྐྱོང་། ལོ་དུས་ཀྱི་མང་འགྱེད་དགོན་ཨངྐི་དང་པོར་གཤོར་ཁལ་གསུམ་རེ། གཉིས་པར་གཉིས་རེ། གསུམ་པར་ཁལ་རེར་དཔུས་ཆ་ཁམས་དངུལ་དང་འབྲུ་སྣ་ཚོགས། བརྟག་པར་ཤར་བའི་སྡེ་པའི་རིམ་གྲོར་བཀྲ་ཤིས་ཁང་གསར་དང་འཕྱོང་རྒྱས་ལུ་མའི་ས་སྐོར་དུ་ཀླུ་གཏའ། གཉན་གྱི་ཡོ་བཅོས། ཉིན་བཅུའི་རིང་ཀླུ་གཏོར་བཏང་། སྔོན་གྱི་གཙུག་ལག་ཁང་རྙིང་པར་སྲི་ཞུ་དཀོན་པ་དགུང་གྲངས་ལ་མཆོད་པ། སཱཙྪ་ཁྲི། འཕན་ཡུལ་ཁུལ་གྱི་མཆོད་རྟེན་ལ་སྐུ་དཀར་དང་ཅོད་པན། ཞག་གཅིག་གི་རིང་མར་མེ། ཤེར་སྙིང་དང་གདུགས་དཀར་སུམ་ཁྲི་རེ། ལོ་མ་གྱོན་མའི་གཟུངས་ཆིག་འབུམ། རྒྱལ་དུ་རྣམ་སྲས་ཀྱི་བསྐང་བ་ཁྲི། དཔལ་རི་བ་གྲངས་བཅས་ཀྱིས་ཁྲོ་རོལ། བསྟན་སྲིད་སྤྱི་རིམ་ལ་མང་ཇ་གཉིས་རེའི་མཐུན་རྐྱེན་དང་བཅས་དགེ་ལུགས་སྔགས་དགོན་དང་གཞིས་དགོན་ཐམས་ཅད་ནས་གཏོར་བཟློག །མདོ་པ་རྣམས་ཀྱིས་མདོ་སྒྲུབ། རྫོང་མགོ་ཚོར་དགྲ་ལྷ་དཔངས་བསྟོད། གྲ་ཚང་དུ་ཉིན་གསུམ་གྱི་རིང་བརྒྱ་བཞི་རྣམས་བཏང་། ཚེས་བཅུ་གཅིག་ལ་ཆོས་རྗེ་བཅོ་བརྒྱད་པ་ཁུ་དབོན་མཆེད་བཅས་དང་ཕྲད་ཅིང་ཀྱེ་རྡོར་གྱི་ས་ཆོག་སྐོར་ལ་དྲི་བ་ཁ་ཡར་བྱས། དགའ་ལྡན་ཆོས་འཁོར་ཡང་རྩེའི་གྲ་པ་དགེ་ལེགས་འབྱུང་གནས་ཀྱིས་ཕར་ཕྱིན་གསར་རྩོམ་གྱི་རྒྱུགས་སྤྲད། ས་བ་གྲུ་པ་ཕ་མེས་ནས་གྲུབ་མཐའ་གཙང་ཞིང་བསམ་གྲུབ་རྒྱལ་པོ་ལུགས་གཉིས་ཀྱི་ཡོང་ཕེར་ཆེ་བར་བརྟེན་དོལ་རྣམ་རྒྱལ་ཞལ་ཕུ་གཞིས་ཀ་ཐེམ་འཛིན་ཆེ་ཆུང་བསྡོམས་པ་ཉེར་བརྒྱད། ལག་འབབ་


GLG006_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཆིག་སྟོང་དྲུག་བརྒྱ་ཞེ་བཞི་སྤྲད། ཚེས་བཅུ་གཉིས་ལ་ཁལ་ཁའི་དཔོན་ཁག་དང་ཨོ་རོད་ཨེར་ཁེ་དའི་ཆིན་དུར་ཁེ་ཆེ། ཐོས་པ་དགའ། དུར་བོད་ཆོག་ཐུ་བུ་བཅས། དཔོན་མོ་བསོད་ནམས་ཚེ་དབང་། མཽ་ཇ་རག་གི་དཔོན་མོ་དང་ནུ་བོ་གཉིས། སྤོས་ཁང་མཁན་པོ། ཚལ་དབུས་གླིང་བླ་མ། སྡེ་པ་ཕོན་མདོ་བ་བསྟང་ཞལ། སྟག་ལུ་རྩེ་པའི་ཕྱག་མཛོད་འཚོ་བྱེད། མདོ་པ་ནང་སོ། བར་ཏ་བློ་བཟང་། ཀོང་པོ་བཅོས་མི་དང་གྲུས་སྨད་ཨ་བོ། ནང་སོ་དཀོན་དར་བ་སྤུན་མཆིས་བྲང་། ཕག་རིའི་སྤེལ་དཔོན་བརྒྱད་རྣམས་དང་ཁལ་ཁ་ཨོ་རོད་ཀྱི་སོག་དམངས་དང་བཅས་པར་བྱིན་རླབས་བྱས། གླིང་སྟོད་ཆོས་རྗེ་ལྷ་རྗེ་བློ་བཟང་རྒྱ་མཚོའི་སྐུ་སྐྱེའི་གཙུག་ཕུད་བླངས་ཤིང་མཚན་ངག་དབང་གཞོན་ནུར་བཏགས། ཚེས་བཅུ་གསུམ་ལ་རྭ་སྒྲེང་མཁན་ཟུར་བསྟན་དར་བས་དངུལ་ལྔ་བཅུ་མ་ཉེར་གཅིག་དང་གོས་དར་དངོས་གཙང་བའི་སྟེར་སྦྱིན་ཚོགས་འགྱེད་དཔངས་མཐོ་བའི་སྒོ་ནས་གྲ་ཚང་གི་རྡུལ་ཚོན་དང་འབྲེལ་བའི་ཚེ་ཆོག་མཛད། འགྲུལ་སྡེབས་ཨེར་ཁེ་དབོན་པོས་གོས་དར་ཚན་གྲངས་དང་སྨན་ཙེའི་འགྱེད་བྱས། ཚེས་བཅུ་བཞིར་གཡོན་རུའི་མི་སྣ་སྔུན་འབྱོར་སྨོན་ལམ་རྒྱ་མཚོས་ཚོགས་འགྱེད་སྟེར་ཆ་བསྒྲིགས་པའི་གྲ་ཚང་ནས་གསུང་ཆོས་སྔོན་བཞིན་བསྟར། ཆོས་རྗེ་ངག་དབང་ཐུབ་བསྟན་པས་གཙོས་ངེས་གསང་རྡོར་གླིང་པའི་གྲ་པ་ཁ་ཤས་ཀྱིས་བདོག་པའི་སྐྱེས་དང་བཅས་ཚེ་དཔག་མེད་བདུད་རྩི་འཁྱིལ་བའི་སྒོ་ནས་ཚེའི་རྟེན་འབྲེལ་དང་བླ་མས་གསར་རྙིང་གི་ལུང་འདྲེན་དུ་མས་བསྐལ་པར་སྡོད་དགོས་


GLG006_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་སྨེད། དེ་ཞོར་ལྷ་འདྲེ་སྟོང་དྲ་དང་མ་མོ་གླིང་བཞིའི་མདོས་ཞག་གྲངས་ཀྱི་བར་བཏང་། ཚེས་བཅོ་ལྔ་ལ་གཡོན་རུ་དགའ་ལྡན་ཧུང་ཐའི་ཇིའི་མི་སྣ་ཚོགས་གསོག་རབ་འབྱམས་པ་ཅན་གྱིས་དངུལ་ལྔ་བཅུ་མ་བཅུ་བཞི་དང་སྲང་དོན་ལྔའི་མདོང་མོ་གསེར་དང་གོས་དར་དངོམ་ཆེ་བའི་སྟེར་སྦྱིན་ཚོགས་འགྱེད་དང་བཅས་གྲ་ཚང་ནས་ཚེ་དཔག་མེད་ལྷ་བཅུ་གསུམ་མའི་ཚེ་ཆོག་མཛད། རྭ་སྒྲེང་མཁན་ཟུར་གྱིས་གསེར་དངུལ་གོས་དར་པགས་རས་ཀྱིས་གཙོས་པའི་ཁྲི་འབུལ། ཨེར་ཁེ་དབོན་པོའི་སྟོང་འབུལ། ཁལ་ཁ་བཟོད་པ་ཡེལ་དེང་གི་སྲས་ལྷ་བཙུན་འགྲོ་མགོན་དུ་གྲགས་པ་འབྲས་སྤུངས་སུ་སློབ་གཉེར་དུ་སྡོད་པའི་མཐུན་རྐྱེན་རྟེན་དང་བཅས་དངོས་པོ་རྒྱ་ཆེར་བསྟར། རྭ་སྒྲེང་ཟུར་པས་ཁྲིད་ཡོངས་པའི་མི་གཉིས་ཀྱི་ཕུ་ཞིག་བཏབ་པས་སྐད་མང་པོ་འདོན་པའི་རོལ་མོ་དང་གར་གྱི་རྩེད་སྣ་བསྟན། ལྡིང་དཔོན་ཆུ་མིག་ཁ་པ་ཅན་ཁམས་ནས་འཁོར་བའི་མཁའ་འགྲོ་བློའི་འཆར་སྒོ་མཁའ་ལ་འཇའ་ཚོན་ལྟར་བཀྲ་ཡང་དྲེགས་པའི་སྡེ་དཔོན་ཚོགས་ཀྱི་མཐུས་འདི་བྱ་འདི་བྱེད་དང་བྲལ་བའི་ངང་ནས་ད་ལའི་ཧུང་ཐའི་ཇིས་གཙོས་པའི་དཔོན་ཁག་རྣམས་ཀྱི་ལག་ཏུ་འབྱོར་བས་ཐོག་མའི་གཏམ་སྙན་གྱི་སྒོ་ཕྱེ། ཆུ་ཤུར་ཐར་གླིང་པས་ཚོགས་ཡོན་སྟེར་སྦྱིན་སོགས་སྦྱར་བའི་གྲ་ཚང་ནས་ཚེ་ཆོག་གི་རམ་འདེགས་ལ་ཁོར་དུ་དཔོན་སློབ་ལྷན་དུ་ཚོགས་ཤིང་སྒེར་དུའང་ཞལ་འདོན་གསུངས། གྲ་ཚང་གི་གྲ་པ་དོན་གཉེར་ཅན་ཁ་ཤས་ལ་ལྕགས་འདྲ་ནས་བྱུང་བའི་བྱད་འགྲོལ་གྱི་ལག་ལེན་ཞིབ་པར་ཁྲིད། ཚེས་བཅོ་བརྒྱད་ལ་ཁལ་ཁ་དའི་བུང་ཧུང་ཐའི་


GLG006_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཇི། ཆ་གན་བར། ཨུ་ཁ་རེས་ཐའི་ཇིས་གཙོས་དགེ་བསྙེན་དགེ་ཚུལ་བསྡོམས་པ་དྲུག་ཅུ་རེ་གསུམ་དང་དགེ་སློང་བདུན་ཅུ་བསྒྲུབས་ཤིང་དའི་བུང་ལ་ལྷ་བཙུན་ངག་དབང་བསྟན་འཛིན་དུ་མཚན་གསོལ། ཚེས་བཅུ་དགུ་ལ་གྲ་ཚང་གིས་སྦྱིན་བདག་དང་ཆོ་ག་བ་སྦྲགས་ནས་རྟེན་འབྲེལ་བསྒྲིག་པ་མཛད། ཉེར་གཅིག་གཉིས་ཀྱི་རིང་རྡོ་རྗེ་བྲག་རིགས་འཛིན་སྤྲུལ་པའི་སྐུ་མཆོག །གཏེར་སྟོན་རིན་པོ་ཆེ། གྲ་ཚང་ཡོངས་རྫོགས་དང་བཅས་པར་རྡོ་རྗེ་གྲོ་ལོད། ཀརྨ་གུ་རུ། ཡང་གསང་དྲག་པོ། དངས་མ་བཅུད་འདྲེན་བཞིའི་དབང་ཕུལ། ཉེར་གསུམ་ལ་ཞལ་སྔ་ནས་དགེ་འདུན་གྲགས་པས་གཙོས་སྟོད་རྒྱུད་མཁས་འདུས་གྲ་ཚང་ཡོངས་རྫོགས་ཀྱི་བདོག་པ་བཞེས་སྤྲོ་བསྟར་ཏེ་ཚེའི་རྟེན་འབྲེལ་མཛད། རྟ་ཚག་རྗེ་དྲུང་། སྤོས་ཁང་མཁན་པོ། རྒྱ་ཕྲུག་རབ་འབྱམས་པ། གུ་རུ་ཆོས་དབང་དང་སྙིང་རི་བའི་གདུང་བརྒྱུད་ད་ཡན་རྒྱལ་པོའི་དབུ་སྒོར་ཆེ་ཆུང་སོགས་སོག་པོ་འདམ་དུ་འགྲོ་མི་མང་བ་དང་ཕྲད་ཅེས་སྤོས་ཁང་མཁན་པོས་ལང་ལབ་བྱང་ཆུབ་རྡོ་རྗེའི་ཞུན་ཐིགས་ལས་གྲུབ་པའི་རྡོ་རྗེ་གཞོན་ནུའི་སྐུ་སྟེར་བར་མཛད། ཉེར་ལྔ་ནས་བཟུང་ཉིན་གསུམ་གྱི་བར་འབྲོག་རྒན་འདྲའི་ཆུ་ཚན་བླངས་ཏེ་རྐང་ནད་ལ་ཕན་ནམ་སྙམ་པའི་རེ་དོགས་ཀྱི་འཁྲུལ་འཁོར་ཅི་ཡང་བསྐོར་མོད། འདི་ཕན་མེད་པའི་སྟོད་མི་བདེ་ཙམ་པའི་དངོས་གྲུབ་ཀྱང་གསར་དུ་བྱུང་། རྡོ་རྗེ་བྲག་སྤྲུལ་པའི་སྐུ་དང་གཏེར་སྟོན་རིན་པོ་ཆེར་གཟའ་པོད་འབུལ་རྩིས་ཡིན་རུང་རྡོ་རྗེ་བྲག་ཏུ་སྨན་སྒྲུབ་གནང་བའི་དུས་ཀྱིས་གཏུགས་ནས་ཉེར་བདུན་ལ་ཕེབས་


GLG006_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

རྫོངས་ཞུས། གོང་དཀར་བློ་བཟང་བསོད་ནམས་ཀྱིས་དགའ་ལྡན་གསང་སྔགས་གླིང་དུ་འཛུགས་རྒྱུའི་རིང་འཚོའི་ཚིགས་བཅད། འདར་ལོ་འཁོར་ཞག་ལ་འགྲོ་ཞོར་དུ་སྒོ་རུམ་དང་ཁའུར་གོས་ཡུག །པུ་ཏྲ་ཁང་དང་བྲག་རམ་གཉིས་ལ་གོས་བཅད། ཐུབ་བསྟན་དགེ་འཕེལ་དུ་རྟགས་བརྒྱད་ཁ་བཏགས་རྣམས་ལ་ཞལ་བྱང་བཀོད་པའི་སྙན་ཤལ་ཕུལ་ཅིང་ཁོང་རང་གི་ཐུབ་བསྟན་དགེ་འཕེལ་དུ་འབུལ་རྒྱུའི་ཁ་བྱང་རྣམས་བྲིས། ཉེར་དགུར་ཆ་གན་བར་གྱིས་གཙོས་ཁལ་ཁ་ཚོ་དང་ཐོས་པ་དགའ་ཅན་ལ་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་བསྐུར་ཞིང་བདོག་པའི་སྟེར་སྦྱིན་དང་བཅས་རྫོང་བ་བྱས། ཐོས་པ་དགར་ཇོ་རིག་ཐུ་ཨེར་ཁེ་དའི་ཆིན་གྱི་ཆོ་ལོ་བཏགས། དགའ་ལྡན་རབ་འབྱམས་པ། མ་ག་དྷ། མཽ་ཇ་རག་གི་དཔོན་མོ་སོགས་ཀྱིས་གོས་དར་ཇ་ཀོ་དྲ་ཚན་ཆེ་བའི་བདོག་པ་བཏེག །ཧོར་ཟླ་གསུམ་པའི་ཚེས་གཅིག་ལ་སྤོས་ཁང་མཁན་པོས་སྨན་བླ་ཚོགས་སུ་འཛུགས་རྩིས་ཀྱི་དྲི་སྨེད་མཛད། སེར་བྱེས་པ་བློ་གྲོས་ཕུན་ཚོགས་ཀྱིས་བརྒྱད་སྟོང་པའི་རྒྱུགས་སྤྲད། འདི་ཉིན་ནས་བཟུང་ར་མོ་ཆེའི་ཀུན་དགའ་ར་བའི་གཙང་ཁང་སྦུག་གི་རྗེ་བཙུན་བཙོང་ཁ་པ། ཉེ་སྲས་བརྒྱད། ཕྱག་རྡོར། དབྱུག་སྔོན་ཅན། སྒོ་བད་སྟེང་སངས་རྒྱས་རབས་བདུན། གཡས་གཡོན་དུ་རྒྱལ་ཆེན་བཞི། ཕྱི་རོལ་གྱི་ཕྱག་རྡོར་དང་བཅས་པའི་འབུར་སྐུ་ལ་ཚོན་གསོལ། འདུ་ཁང་དངོས་གཞིའི་ལྡེབས་ལྷོ་བྱང་དང་སྒོ་འགྲམ་བྱང་གི་ཤར་གསུམ་མཁས་མཆོག་དཔའ་བོས་མཛད་པའི་འཁྲུངས་རབས་གཤམ་ལ་སྦྱིན་བདག་གི་ཚུལ་དུ་རྒྱལ་པོ་མཆོད་ཡོན་


GLG006_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

སྦུག་གི་སྒོ་འགྲམ་གཡས་གཡོན་གྱི་ཕྱིའི་ལོགས་ལ་སྨན་བླ་བདེར་གཤེགས་བརྒྱད། ནང་སྐོར་ལྷོའི་ཕྱི་སྐྱ་འབུར་དོད་བྱང་ལྟར་ཇོ་བོ་རྗེ་ལ་སངས་རྒྱས་མར་མེ་མཛད། ཁུ་རྔོོག །ཀ་བ། ནག་ཚོ་རྣམས་ཀྱིས་བསྐོར་བ། ཤར་ལྟར་རྒྱལ་བ་བཙོང་ཁ་པ་ཆེན་པོ་ལ་འཇམ་དབྱངས། རྒྱལ་ཚབ། མཁས་གྲུབ། འདུལ་འཛིན་པ། འཇམ་དབྱངས་ཆོས་རྗེ། བྱམས་ཆེན་ཆོས་རྗེ་རྣམས་ཀྱིས་བསྐོར་བ། བྱང་གི་འབུར་དོད་ལྷོ་ལྟར་འབྲོམ་ལ་སྒྲོལ་དཀར། སྐུ་མཆེད་གསུམ། དགོན་པ་བ། སྣེའུ་ཟུར་པ་རྣམས་ཀྱིས་བསྐོར་བ། ཤར་ལྟར་འདྲ་འབག་ལ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ། དགེ་འདུན་རྒྱ་མཚོ། བསོད་ནམས་རྒྱ་མཚོ། ཡོན་ཏན་རྒྱ་མཚོ། རྗེ་ཕ་བོང་ཁ་པ། མཆོད་ཡོན་གཉིས་རྣམས་ཀྱིས་བསྐོར་བ། མཆོད་འབུལ་ཁང་གི་སྐྱ་ཆུང་ཁ་བྱང་ལྟ་ལ་མཆོད་ལྷ། ཐོག་མཚམས་ཀྱི་ས་སྟོང་ཚོར་མཁན་སློབ་ཆོས་གསུམ། ཀླུ་དབང་། སྤྱན་རས་གཟིགས་སེང་གེ་སྒྲ། ཕྱག་རྡོར། སྒྲོལ་དཀར། ས་སྐྱའི་གོང་མ་ལྔ་རྣམས་དང་སེང་གཡབས་ལ་སངས་རྒྱས་ཤཱཀྱ་ཐུབ་པ། མཁན་སློབ་གཉིས། ཇོ་བོ་རྗེ། རྗེ་བཙུན་བཙོང་ཁ་པ། འབྲོམ་སྟོན་པ། རྗེ་བཙུན་གྲགས་པ། ཕག་མོ་གྲུ་པ། ཁ་ཆེ་པཎ་ཆེན། མངའ་བདག་ཉང་ཤོང་ལོ། བུ་སྟོན་རིན་པོ་ཆེ། བླ་མ་དམ་པ། རྒྱལ་ཚབ་དར་མ་རིན་ཆེན། རྗེ་དགེ་འདུན་གྲུབ་རྣམས། བསེ་གདོང་མགོན་ཁང་གི་ཤར་ལ་བེང་། བྱང་དུ་ཀླུ་རྒྱལ། བར་ཁྱམས་བྱང་ལྡེབས་ལ་དཔལ་ལྷ། གཡུ་སྒྲོན་མ། གཙང་ཁང་སྦུག་གི་ཕྱོགས་བཞི་དང་ནང་སྐོར་བར་


GLG006_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་གྱི་ལྷོ་ནུབ་བྱང་གསུམ་བཅས་ལ་སྒྲོལ་དཀར། ཚེ་དཔག་མེད། རྣམ་རྒྱལ་མ། སྒྲོལ་ལྗང་བཞི་པོ་སོ་སོར་སྟོང་སྐུ། བར་སྐོར་ཤར་གྱི་ཕྱི་སྐྱ་ནང་ལྟ་ལ་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ། ཇོ་བོ་ལུགས་ཀྱི་སྒྲོལ་མ་ཉེར་གཅིག །བར་སྒོའི་འགྲམ་གཡས་གཡོན་ཤར་ལྟར་དཀར་ཆག །སྐོར་ཚད། སྲིད་པ་འཁོར་ལོ་རྣམས་འདྲི་བའི་དོ་དམ་འདར་པ་རྗེ་དྲུང་། ཀོང་པོ་གུར་བཟང་པ་བསོད་ནམས་དར་རྒྱས། བྲིས་པའི་དབུ་ཆེན་གོང་དཀར་ཆོས་སྡེ་གསང་སྔགས་མཁར་ཆོས་མཛད་གཞོན་ནུ་དང་འབྲས་སྤུངས་སློབ་དཔོན་ངག་དབང་འཕྲིན་ལས། དབུ་འབྲིང་གྲ་ནང་སྤུས་ཁྱིམ་པ་ངག་དབང་སྲི་ཆོད། ཞོ་ར་རྒྱལ་པོ། གསང་མཁར་ཚེ་འཕེལ། དབུ་ཆུང་སྤུས་ཁྱིམ་པ་ནོར་དབང་། བྱིངས་གྲས་བདེ་ཆེན་ཆོས་འཁོར་བ་ཛམ་བྷ་ལ་དང་དོལ་བྱམས་པ་རྒྱལ་མཚན་སོགས་མི་གྲངས་ཞེ་དགུ། འཇིམ་བཟོ་བ་ཨེ་ནས་དབུ་ཆེན་བག་དྲོ། དབུ་ཆུང་ཆོས་འཕེལ། བྱིངས་མི་གྲངས་བཅོ་ལྔའི་དོ་དམ་ཕོད་དཀར་བ་བསོད་ནམས་རྣམ་རྒྱལ་དང་རྒྱས་སྨན་བཀྲ་ཤིས་ཁ་པ་གཉིས་ཀྱིས་བྱས་ཏེ་སྒོ་ཁང་དུ་རྒྱལ་ཆེན་བཞིར་འཁོར་འགྲོགས་གནས་མཆེད་ལྔས་བསྐོར་བ། ལྷ་སའི་བར་ཁང་གི་ལྷོར་ནང་སྒོ་ཁ་བྱང་ལྟར་སྨན་བླ་བདེ་གཤེགས་བརྒྱད། ཉེ་སྲས་བརྒྱད། ཆོས་རྒྱལ་ལྷ་ཁང་གི་གཡོན་སྒོ་ཤར་ལྟའི་ནང་དུ་ཐུགས་རྗེ་ཆེན་པོར་ཐུབ་པ་དྲུག་གིས་བསྐོར་བ། གཡུང་དྲུང་ཁུག་སྒོ་ཤར་ལྟའི་ནང་དུ་སངས་རྒྱས་ལ་གཏད་རབས་བདུན་གྱིས་བསྐོར་བ། ཤོད་གཡུང་དྲུང་ཁུག་ཏུ་ཚེ་དཔག་མེད་ལྷ་དགུ་རྣམས་བཞེང་བའི་དབུ་བཙུགས། ཚེས་


GLG006_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ལ་གཏེར་སྟོན་རིན་པོ་ཆེར་རྒྱ་སྦུག་གོས་དར་སོགས་ཕེབས་རྫོངས་རྒྱས་པར་བསྟར་ཏེ་རང་གི་བསྟི་གནས་སུ་གཤེགས། སེང་ལྡེང་ནགས་སྒྲོལ་ལ་བརྟེན་པའི་མདོས་ཆོག་མཐོང་བས་དོན་གྲུབ་དང་དབུ་མཛད་ངག་དབང་བཟོད་པས་བསྐུལ་བའི་ངོར་གཏེར་སྟོན་རིན་པོ་ཆེའི་བརྟན་བཞུགས་ཚིགས་བཅད་བྲིས། ཚེས་བརྒྱད་ཀྱི་དཔའ་བོ་དགའ་སྟོན་གྱི་ཚེ་དཔལ་རྡོ་རྗེའི་ཆོས་སྐྱོང་ཆེ་ཆུང་ལས་མཁན་དང་བཅས་པར་གཏོར་ཆོག་ཐུགས་དམ་སྐོང་བའི་གྲ་ཚང་གི་རྡོ་རྗེ་སློབ་དཔོན་དུ་ཕྱིན་ཐོག་སྡེ་པས་གོ་དཀར་ལྡེམ་གཉིས། སག་ཐག་གཉིས། མེ་སྒྱོགས་བདུན། གོས་བཟང་བསྒྲིགས་ཀྱི་འཕན་ལ་ཚེམས་རིས་ཀྱི་ཕྱི་རྟེན་རྣམས་རྔམ་བརྗིད་ཆགས་པ་བསྟར། བར་ཁམས་ཕྱོགས་སུ་རང་བསྟན་སེང་གེའི་ཁོག་པ་འབུས་ཟོས་ཀྱི་རྣམ་པ་མི་བདེ་བའི་རྩ་རྐྱེན་དྲུང་ནས་ཕྱུངས་པའི་སྔོན་འགྲོའི་བྱ་དགའ་མདོང་གསོལ་སྤེལ་བར་དར་རྒྱས་བཀྲ་ཤིས་རྫོང་བདའ་བྱས། ཇུས་ཡགས་ཀྱི་གཏང་རག་ལ་ཆོས་སྐྱོང་སྤྱི་དང་དམག་ཟོར་མར་འཕར་མ་དང་བཅས་ཉིན་བཞིར་བཟབས་རྒྱས་གྲ་ཚང་གིས་བཏང་སྐབས་གོ་མཚོན་སྤྱན་གཟིགས་རྒྱ་ཆེར་ཕུལ།ཚེས་བཅུ་ལ་འབྲི་གུང་དང་བཀྲ་ཤིས་ལྷུན་པོའི་ཕྱག་མཛོད། དྭགས་པོ་བང་རིམ་པ་སོགས་དང་ཕྲད། ཤིང་སྟག་གི་ལེའུ་ཐོ་ལྐོག་པ་ཕུན་ཚོགས་དབང་པོས་བཟོ་བཅུག་པའི་འགོ་བརྗོད་བརྩམས། སྔོན་ཆད་གོས་སྐུའི་རིགས་བཟོ་བ་བྱུང་མ་སོང་བ་ད་ལམ་ངེད་རང་གི་འདོད་མཐུན་བཞིན་སྡེ་པས་ཁུར་བླངས་ཏེ་བུམ་སྟན་མ་དྲུག །ཧོར་གོས་ཁ་ཞེང་ཆེ་ཆུང་འདྲེས་པའི་ཡུག་


GLG006_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བཅོ་ལྔ་དང་ཡུག་བཅད་བཞི། གསེར་གཞི་མ་ལེགས་པ་ཡུག་བརྒྱད། ཁ་ཐི་རྙིང་མ་ཡུག་བཅུ་དྲུག །སྒྲིལ་བཏགས་རྒྱ་ཡིག་དང་རྒྱན་གཞི་ཚོན་ཁྲ་སྣ་ཚོགས་ཡུག་བཅོ་བརྒྱད། ཡུག་བཅད་བཅུ་གཉིས། གསེར་མ་ཚོས་ཁ་སྣ་ཚོགས་ཡུག་བཅུ་དགུ་དང་ཡུག་བཅད་བཅུ་བཞི། བཟང་གོས་ཚོས་གཅིག་མ་དམར་པོ་ཡུག་དགུ་དང་ཡུག་བཅད་དགུ། སེར་པོ་ཡུག་ལྔ་དང་ཡུག་བཅད་ལྔ། ལྗང་གུ་ཡུག་ཉེར་བདུན་དང་ཡུག་བཅད་བཞི། སྔོན་པོ་ཡུག་ཞེ་བརྒྱད་དང་ཡུག་བཅད་བརྒྱད། ལི་ཧང་ཡུག་དྲུག་དང་ཡུག་བཅད་གཅིག །ཇ་ཁ་ཡུག་གསུམ་དང་ཡུག་བཅད་གཅིག །མཆིན་ཁ་ཡུག་བཅོ་བརྒྱད་དང་ཡུག་བཅད་ལྔ། གཡུ་ཁ་ཡུག་གཅིག་དང་ཡུག་བཅད་གཅིག །ན་རོས་ཡུག་གསུམ་དང་ཡུག་བཅད་གཉིས། སྟག་ཤུན་ཡུག་བཅད་གཉིས། གོས་ཕྲུག་སྣ་ཚོགས་སིའུ་ཡོ་མེད་འདྲེས་པ་ཡུག་དགུ་དང་ཡུག་བཅད་གཅིག །གོས་དཀར་བཅུ་གཉིས། ལྷོ་རས་ཡུག་བཞི་བརྒྱ་དང་བཅུ་གཅིག །ཁོམ་བུ་རྣམ་གཉིས་བུབས་བཅུ། ལིང་། ཆོར། དར་སོགས་ཚོས་ཁ་སྣ་ཚོགས་འདྲེས་པའི་ཡུག་བཅོ་བརྒྱད་དང་ཡུག་བཅད་བརྒྱད་རྣམས་ལས་གཙོ་བོ་རྗེ་བཙུན་བྱམས་མགོན་ལ་ཇོ་བོ་རྗེ། རྒྱལ་བ་བཙོང་ཁ་པ། རྗེ་ཕ་བོང་ཁ་པ། འདྲ་འབག །སྤྲིན་གསེབ་ཏུ་ཨོ་རྒྱན་རིན་པོ་ཆེ་དང་རྗེ་བཙུན་གྲགས་པ། སྨན་བླ་བདེར་གཤེགས་བདུན། བཀའ་གདམས་ལྷ་བཞི། གནས་ཆུང་ཆོས་སྐྱོང་ཆེན་པོ་རྣམས་ཀྱིས་བསྐོར་བ་དཔངས་ལ་རྒྱུག་འདོམ་ཉི་ཤུ་རྩ་ལྔ་དང་ཞེང་འདོམ་བཅུ་བདུན་ཡོད་པའི་སྔོན་མེད་ཆེ་ལེགས་ཀྱི་དབུ་བཙུགས་པ་ཟླ་བ་


GLG006_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པའི་ཉེར་གསུམ་ལ་རྫོགས་པར་གྲུབ་པའི་དཀར་ཆག་ཆེ་བརྗོད་བརྩམས་ཤིང་བཟོ་བོ་ནི། རི་མོའི་དབུ་མཛད་རིན་སྤུངས་ཚེ་དབང་རིག་འཛིན། དབུ་ཆུང་རག་ཁ་འཇམ་དབྱངས་དབང་པོ། གོས་བཟོའི་དབུ་མཛད་རི་ནང་ཕུན་ཚོགས་དང་ལྷ་ས་རག་རྩེ་ཤག་ཨོ་རྒྱན། ཚངས་ལྡན། པ་རྣམ་བརྟན་པ། ཚེ་བརྟན། དབུ་ཆུང་རྒྱལ་རྩེ་པདྨ་ཚེ་རིང་། གཞིས་རྩེ་དར་རྒྱས་བཀྲ་ཤིས། གོང་དཀར་ཕུན་ཚོགས། བྱིངས་གྲས་སུམ་ཅུ་སོ་དགུ། དོ་དམ་པ་དར་ཁན་དཀའ་བཅུ། ལྷ་ཁང་པ་རྡོ་རྗེ་ནོར་བུ། བཀྲས་རབ་པ་དཀོན་མཆོག་གསུམ་གྱིས་བྱས་ཏེ་བསྒྲུབས་པ་ལ་རབ་གནས་རྟ་ཐོག་མ་བྱས་ཏེ་བཀྲ་ཤིས་མེ་ཏོག་ཆར་ཆེན་པོ་ཕབ། ཚེས་བཅོ་ལྔར་དགེ་སློང་འཇམ་དབྱངས་གྲགས་པས་བསྐུལ་ནས་གཏེར་གསར་འཇོམས་བྱེད་ཀྱི་ལས་བྱང་བདུད་ལས་རྣམ་པར་རྒྱལ་བ་ཚངས་པའི་རྔ་ཆེན་དང་ལོག་ཏྲིའི་རིག་གཏད། ཐུགས་ཐིག་སྙིང་བུམ་གཡས་འཁྱིལ། སྒྲུབ་ཁག་བཙུགས་སྐབས་དབུ་མཛད་བློ་བཟང་བསྟན་འཛིན་སོགས་དང་རྗེས་སུ་མཆོད་དཔོན་ངག་དབང་ཤེས་རབ། དགའ་གདོང་སྔགས་རམས་པ་དོན་གྲུབ་རྒྱ་མཚོ། བྱང་འདྲེན་དཀོན་མཆོག་རྒྱ་མཚོ་གསུམ་གྱིས་བསྐུལ་ནས་ལས་བྱང་གནམ་ལྕགས་རྡོ་རྗེ་དྲག་འབེབས་བསྐུལ་བ་པོར་མ་བལྟོས་པར་གྲ་ཚང་གི་མཁོ་བྱེད་དུ་སྲུང་བཟློག་ཐུན་མོང་བ་ཉམས་སུ་ལེན་ཚུལ་བཙན་མཁར་བསྲུང་བའི་འཕྲུལ་སྒྱོགས་དང་བཟློག་བསད་ལས་སྦྱོར་གྱི་གསལ་བྱེད་གླང་སྨྱོན་སྣ་རྩེར་བཀོད་པའི་མཚོན་འཁོར་རྣམས་བྲིས། ཕོ་བྲང་བློ་བཟང་སྐྱེས་མཆོག་གི་འདོན་ཆ་ཡོངས་སུ་རྫོགས་པ་ཤོག་བུ་ལྔ་


GLG006_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱར་ཉེ་བའི་རྒྱུགས་སྤྲད། འཕན་ཡུལ་སྨན་ཙེར་རིགས་འཛིན་རཏྣ་གླིང་པའི་རྟ་ཕག་ཡབ་ཡུམ་ཡོད་འཕྲོས་ཐོས་པ་སྡེ་པས་རྩད་གཅོད་བཏང་བ་འཁྱར་བ་བཞིན་ཡིན་ནམ་མ་བྱུང་བའི་ཚབ་གུར་ཞལ་ཡབ་ཡུམ་གྱི་སྐུ་བྱིན་ཅན་འབྱོར། རི་བོ་བདེ་ཆེན་མཁན་ཟུར་བློ་བཟང་མཁས་བཙུན་གྱིས་ད་ཆ་ཡུན་རིང་སྡོད་མདོག་མ་ཁ་འདུག་པ་མི་ཚེ་ཆོས་ལ་དྲིལ་ཁུལ་ཡིན་ཀྱང་ལག་ཡོད་རྩ་བ་བཞི་ལ་མ་འབགས་པའི་གདེངས་ལས་མེད་ཚུལ་གསུང་བ་འཕྲལ་ཅ་ཞན་མདོག་ཁ་པོ་ལ་མྱངས་ན་ལས་འབྲས་མཁྱེན་པའི་དགེ་བའི་བཤེས་གཉེན་གྱི་གསུང་དུ་སྣང་། རིང་པོར་མ་ལོན་པར་ཁོང་པ་དང་གྲ་ཐང་མཁན་པོས་ཀུན་དགའ་གསང་སྔགས་གཤེགས་པའི་བསྔོ་རྟེན་བྱུང་བ་སྲས་བཅས་རྒྱལ་བར་མཆོད་སྤྲིན་སྤྲོས་ཏེ་བསྔོ་སྨོན་གྱིས་རྒྱས་བཏབ། ཉེར་གཉིས་ལ་ཡེར་པ་དགའ་ལྡན་གསང་སྔགས་ཡང་རྩེ་བས་བདོག་པའི་སྐྱེས་སྤེལ་ནས་རིང་འཚོའི་རྟེན་འབྲེལ་བསྒྲིགས། རྒྱལ་པོ་སྲས་ཡུམ་བློན་པོར་བཅས་པ། རྫིང་ཕྱི་དང་བཟང་ལྡན་མཁན་པོ། ཚལ་བ་ཡུམ་སྲས། དཔལ་རི་སྤྲུལ་སྐུ་སོགས་ལ་ཇ་གྲལ་བཏང་ཐོག་དུར་བོད་ཆོག་ཐུ་ཁྱོ་ཤུགས་ཀྱིས་གོས་དར་གསེར་དངུལ་གྱིས་གཙོས་སྟེར་ཆ་དཔངས་མཐོ་བ་བཏེག །གྲ་ཚང་གི་གྲ་པ་ཁ་ཤས་ལ་རྡོ་རྗེ་གྲོ་ལོད། ཡང་གསང་ཀརྨ་དྲག་པོ། གཤིན་རྗེ་འཇོམས་བྱེད་གསུམ་གྱི་དམིགས་སྐོར་ལག་ལེན་དང་བཅས་པ་ཁྲིད་ནས་མཚམས་བསྡམས། རྭ་སྒྲེང་མཁན་ཟུར་བས་དགོས་ཚུལ་དུ་བྱུང་བའི་ཟླར་གཡོན་རུ་སྐུ་སྐྱེ། ཞལ་སྔ་ནས་ཕ་བོང་ཁ་པ། གཟིམས་ཤག་ལྷོ་པའི་རབ་འབྱམས་པ། མདོ་པ་ནང་སོ། གྲ་ཚང་གི་གྲ་པ་འགའ་


GLG006_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བཅས་པར་སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ། འཇམ་དབྱངས་ཨ་ར་པ་ཙ་ན། གཉན་སྒྲོལ་ཡན་ལག་དྲུག་པ། ཕྱག་རྡོར་འབྱུང་འདུལ་བཞིའི་རྗེས་གནང་། མགོན་པོའི་གཏོར་དབང་བར་ཆད་ཀུན་སེལ། ཚེ་རྟ་རྣམས་བསྐུར། གདུགས་དཀར། ཤེར་སྙིང་། ཕྱག་འཚལ་ཉེར་གཅིག །སྤྱོད་འཇུག་བསྔོ་ལེ། ལས་ཀྱི་སྒྲིབ་པ་སྦྱོང་བའི་གཟུགས། བློ་བཟང་རྒྱལ་བ་མ། རབ་འབྱམས་སྐྱོབ་པ་མ། རང་རྩོམ་རིང་འཚོའི་ཚིགས་བཅད་རྡོ་རྗེའི་སྐུ་བརྙེས་མ། བདེ་ཆེན་ཞིང་མགོན་མ། བདེར་གཤེགས་གཙུག་ཏོར་མ་སོགས་ཀྱི་ལུང་བཀླགས། སྟག་རྩེ་ནས་ལྕམ་ངག་དབང་གྲོངས་པའི་བསྔོ་རྟེན་འབྱོར་དོན་ལྟར་བྱང་ཆུབ་ཀྱི་རྒྱུར་རྒྱས་བཏབ། ཉེར་ལྔ་ལ་སྡེ་པ་བསྙུན་པར་ཁམས་གསུམ་དུ་དྲུང་འཚོ་ལྷག་དར་གཉིས་ཀྱིས་གཏར་ཁ་བྱས་པའི་སྲུང་འཁོར་ལ་ཕྱིན། ཉེར་བརྒྱད་ལ་སྡེ་པའི་གཉིད་བསྲུང་བར་ཕྱིན་པ་སྡེ་པར་ཆོས་སྐྱོང་འདྲ་འཁུ་བའི་མཁྲེན་ཡིན་ནམ་གྲ་ཚང་གྲ་པ་ཐར་རྒྱན་དོལ་གནས་བརྟན་པས་ཁྱེར་བའི་གདོན་གྲིབ་ཇི་ལྟར་ཡང་རྐང་པ་གཡས་པའི་འབམ་འཕར་བའི་ནད་གཡོག་དབུ་མཛད། མཆོད་དཔོན། དགེ་སློང་འཇམ་དབྱངས་གྲགས་པ་དང་སྨན་པ་དྲུང་འཚོ་ལྷག་དར་གཉིས་ཀྱིས་བྱས། སྣང་སྲིད་ཀྱི་དྲེགས་པ་རང་སེམས་སུ་ངོ་མ་ཤེས་པར་ཕྱི་རོལ་ཏུ་ཁ་གདངས་མཆེ་བ་གཅིག་པ་ཞིག་ཡོད་པར་འཁྲུལ་ནས་ལ་མོ་གཉེར་པ་བློ་བཟང་སྦྱིན་པ། བསམ་ཡས་དང་ཚོང་འདུས་སུ་སྤུན་བདུན་ནས། ཐང་པོ་ཆེར་གཙང་དོན་ཆེན་པ་སོ་སོར་སྤྱན་གཟིགས་ཚོགས་འཁོར་བཟབས་རྒྱས་


GLG006_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ཡིག་ཚིགས་བཅད་དང་བཅས་རྫོང་བདའ་བགྱིས་ཤིང་གནས་ཆུང་དུའང་མཆོད་པ་སྤྱན་གཟིགས་བསྐྲུན། ཚང་མས་ཡང་ནས་ཡང་དུ་བརྟན་བཞུགས་བྱེད་རྒྱུ་ཡིན་ཞེས་ངེད་དག་ཞིང་དུ་འགྲོ་བར་རིངས་པའི་ཉམས་ཙམ་བྱེད་འདུག་ཀྱང་ལས་ཉོན་གྱི་དབང་གིས་འཁོར་བའི་འཁོར་ལོ་བསྐོར་བའི་རིགས་ལ་དེ་འདྲའི་དོགས་གནས་ག་ལ་དགོས། ད་ལམ་ཀྱང་འཆི་བས་འཇིགས་ཏེ་རིམ་གྲོར་དབུས་ཁུལ་གྱི་དགོན་ཁག་ཆེ་ཁ་རྡོག་བསྒྲུགས་བརྒྱ་དང་བཅོ་ལྔར་མང་ཇ་བསྔོ་རྟེན་འགྱེད། སེར་འབྲས་གཉིས་ལ་དགེ་འདུན་ལྔ་རེ་གསེར་ཞོ་རེ། དེ་ཕྱིན་དགེ་འདུན་དྲུག་རེར་རྒྱ་དངུལ་སྲང་རེ་རྣམས་བསྡོམས་པར་གསེར་ཞོ་བདུན་བརྒྱ་དང་བཞི་བཅུ། དངུལ་སྲང་ཉིས་སྟོང་ལྔ་བརྒྱ་སུམ་ཅུ་སོ་བརྒྱད་སོང་བའི་ཞལ་འདོན་དུ་མཚན་བརྗོད། གདུགས་དཀར། ཕྱག་འཚལ་ཉེར་གཅིག །ཚེ་གཟུངས་རྣམས་གང་འཚམ། ཆོས་འཁོར་རྒྱལ་དུ་དམག་ཟོར་མའི་བསྐང་བཤགས་འབུམ། བེག་ཙེ། གུར་ཞལ། པུ་ཏྲ་མགོན་ཆོས་ཚོར་ཁྲི། མངོན་དགའ་ལྕོག་ཏུ་སྒྲོན་དར་སྤྱན་གཟིགས་གསོལ་མཆོད། དོལ་ཆུ་མིག་དཀར་རྒྱལ་གྱི་ཚ་ངད་ཆེར་སོང་བ་དང་གཞན་ཡང་མི་བསྲུན་འགོང་པོའི་ཆོ་འཕྲུལ་སྣ་ཚོགས་སྣང་བར་དམིགས་གྲ་ཚང་དུ་རྡོ་རྗེ་སློབ་དཔོན་བྲག་སྣ་ཆོས་རྗེས་བྱས་པའི་ཨར་གཏད་བྱ་བ་མཇུག་ཏུ་སྲེག་པ་ཧོམ་གྱི་ལས་ལ་སྦྱར། འབྲས་སྤུངས་སྔགས་ཁང་དུ་སྟོད་རྒྱུད་པ་ལྔ་བཅུས་ཞག་བདུན་གྱི་རིང་ཤྭ་ས་ན་གཙོ་བོར་བཏོན་པའི་མཐར་གཏོར་བཟློག །ཐང་པོ་ཆེར་ཞག་ལྔའི་བར་བཟབས་གསོལ། སྲོང་བཙན་དུ་དཔལ་རི་བ་བརྒྱད་ཀྱིས་ཞག་ལྔར་སྤྱན་


GLG006_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་དང་བཅས་བསྐང་བཤགས། འཕྱོང་རྒྱས་རྫོང་དུ་དཔལ་རི་སྤྲུལ་སྐུ་གྲ་བཅས་ཉི་ཤུས་བདུན་གཅིག་གི་རིང་རིགས་འཛིན་སྲོག་སྒྲུབ་ཀྱི་ཚེ་སྒྲུབ། བཀྲ་ཤིས་བདེ་ཆེན་པས་སྨན་བླ་ཁྲི། ཕོ་བྲང་རྫོང་དུ་བཀྲ་ཤིས་ཆོས་སྡེ་པ་ལྔ་བཅུས་སྒྲོལ་དཀར་གྱི་ཚེ་སྒྲུབ་རྣམས་ཀྱི་ཡོན་ཐོབ་ལ་གོས་ཆེན་ཁ་དྲུག་བརྒྱ་དང་དགུ་བཅུ། དབུས་གཙང་རྫོང་འགོ་རགས་བསྡུས་བརྒྱད་ནས་བཀའ་འགྱུར་བརྒྱ་ཉི་ཤུ་དང་སཱཙྪ་ས་ཡ་ཕྱེད་གཉིས་བཏབ་པའི་ཡོན་ལ་བརྒྱ་དངུལ་སྲང་སུམ་བརྒྱ་བཅུ་གཉིས། གོས་ཁ་བརྒྱད་བརྒྱ་རེ་གསུམ། མང་འགྱེད་སྔོན་སོང་གི་དགོན་ཁག་བརྒྱ་བཅོ་ལྔ་ཕུད་དེ་ཕྱིན་དབུས་གཙང་གི་རིས་མེད་དགོན་ཨངྐི་གཉིས་པ་ཡན་ལ་མང་ཇ་བསྔོ་རྟེན་སྔར་རྒྱུན་དང་འགྱེད་དབུས་ཁུལ་གྱི་གྲ་བཙུན་བཅོ་ལྔར་དངུལ་སྲང་རེ་དང་གཙང་དུ་ཉི་ཤུར་སྲང་རེ་བཅས་ཁྱོན་དྲིལ་སྲང་ཉིས་སྟོང་ཉིས་བརྒྱ་སོ་བཞི་རྣམས་སོང་བར་སྐབས་སྦྱར་གྱི་རིམ་གྲོ། དབུས་གཙང་གི་མི་སེར་གཞུང་རྒྱུག་སྒེར་མཆོད་གཞིས་ཐམས་ཅད་ལ་དུད་ཆེ་ཆུང་གཤོར་ཁལ་གཅིག་ནས་གསུམ་རིམ་འགྲོས། ཧོར་ཟླ་བཞི་པའི་ཚེས་གཅིག་ལ་རྫོང་གཞིས་ཁ་ཡར་དུ་བཙུགས་པའི་བཀའ་འགྱུར་ཆིག་བརྒྱ་ཉི་ཤུ། སྨན་བླ་ཁྲི། དཔལ་རི་སྤྲུལ་སྐུ་གྲ་བཅས་ཉི་ཤུས་བདུན་ཕྲག་གི་བར་ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་ཚེ་སྒྲུབ་རིགས་འཛིན་སྲོག་སྒྲུབ། བཀྲ་ཤིས་ཆོས་སྡེ་བ་ལྔ་བཅུས་སྒྲོལ་དཀར་གྱི་ཚེ་སྒྲུབ། སཱཙྪ་ས་ཡ་གཅིག་དང་ལྔ་འབུམ། རྒྱལ་མཐིལ་གྱི་མགོན་ཁང་དུ་ཆོས་སྐྱོང་སྤྱིར་བསྐང་བཤགས་སྟོང་། དགེ་ཚལ་དུ་དམག་ཟོར་མར་ཆིག་འབུམ། གུར་


GLG006_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་བེག་ཙེ་པུ་ཏྲར་ཁྲི། ཆོས་སྐྱོང་གཞན་ཚོར་སྟོང་། མངོན་དགའ་ལྕོག་ཏུ་བཟབས་གསོལ། འབྲས་སྤུངས་སྔགས་ཁང་དུ་རྒྱུད་སྟོད་པ་ལྔ་བཅུས་ཤྭ་ས་ནའི་སྔགས་རྒྱུན་གྱི་མཐར་གཏོར་བཟློག །ཐང་པོ་ཆེར་ཞག་ལྔའི་བར་གསོལ་མཆོད་རྒྱས་པ། སྲོང་བཙན་དུ་ཞག་ལྔར་མ་ནིང་གི་བསྐང་བཤགས། དབུས་གཙང་གི་རིས་མེད་དགོན་ཨངྐི་གཉིས་པ་ཡན་ལ་མང་སྐོལ་འཕར་མའི་ཐོག་སེར་འབྲས་ཀྱི་དགེ་འདུན་ལྔར་གསེར་ཞོ་རེ། དགའ་ལྡན་གྱིས་གཙོས་པའི་དགོན་ཆེ་ཁ་ཆིག་བརྒྱ་བཅུ་གསུམ་གྱི་དགེ་འདུན་དྲུག་རེར་ཞོ་རེ། དེ་ཕྱིན་དབུས་ཁུལ་གྱི་དགེ་འདུན་བཅོ་ལྔར་དངུལ་སྲང་རེ། གཙང་དུ་ཉི་ཤུར་སྲང་རེ་རྣམས་བསྡོམས་པ་གསེར་ཞོ་བདུན་བརྒྱ་དང་བཞི་བཅུ། རྒྱ་དངུལ་སྲང་བཞི་སྟོང་བདུན་བརྒྱ་དོན་གཉིས། གཞུང་རྒྱུག་མི་སེར་ཁྲལ་འཐེན་རྐང་རེར་གཤོར་ཁལ་གསུམ་རེ། དུད་ཆུང་དང་སྒེར་མཆོད་གཞིས་ཀྱི་ཐེམ་འཛིན་ཆེ་བ་རེར་ཁལ་གཉིས་རེ་དང་ཆུང་བ་ཚོར་ཁལ་རེ། ས་རིམ་ལམ་ཕོག་ཆེ་བའི་སར་སོ་ཧྲུག་ཤ་པགས་ཀྱི་འཕར་ཆ། ཉ་བཞི་འབུམ་སུམ་ཁྲི་བརྒྱད་སྟོང་གོ་ལྔའི་སྲོག་བླུ། མཆོད་རྟེན་དང་ལམ་འཕྲང་ཞིག་གསོས་ཀྱི་འུ་ལག་གི་ཆས་ཐེབས་ཁྱོན་ཁལ་ཆིག་འབུམ་བརྒྱད་ཁྲི་ཉིས་སྟོང་སུམ་བརྒྱ་གོ་བཞི། རྟ། ཚྭ། བལ། ཤ་པགས། རེ་སྣམ་སོགས་གོང་རྒྱབ་ཁལ་བཞི་ཁྲི་སུམ་སྟོང་ཉིས་བརྒྱ་སོ་གཅིག་རྣམས་སོང་བའི་ཚོགས་གསོག་རྒྱ་ཆེར་བསྒྲུབས། ཚེས་བདུན་ལ་སྡེ་པས་ཐུགས་ཁུར་བཞེས་ནས་ལྷ་ས་སྨོན་ལམ་གྱི་ཚོགས་ཁྲོ་ཆེ་བ་གཉིས་བླུག་པར་འཐོར་ནས་ལུགས་ཁྲོད་དུ་སོང་བའི་ནས་ཁྲོ་ཆུས་གཏུམས་པ་དང་ཕྱེད་དོན་པ། མཐིལ་ལ་ནོར་བུ་སོགས་རི་མོ་


GLG006_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་མཚན་ཅན་འདུག་ཟེར་བ་དགེ་འདུན་མི་ཕྱེད་འདུས་པའི་བྱིན་རླབས་ཡིན་ནམ་སྙམ། དེའི་ཁ་བྱང་། དར་མོ་སྨན་རམས་པས་གསང་ནེའུ་ཐོག་གི་སྒྲོལ་མ་རྩོད་རྒྱལ་མ་དང་ཞང་བློན་ལ་འབུལ་རྒྱུའི་སྙན་དར་ཁ་ཡིག །མཆོད་དཔོན་པའི་ངོར་ལྷ་བཙུན་ཀུན་བཟང་རྣམ་རྒྱལ་གྱི་དག་སྣང་ཨ་ཏི་ཧྲིཿགཅིག་མའི་མཆན་འགྲེལ། མཚོ་སྣ་སྐུ་སྐྱེའི་དོན་དུ་གྲ་རིགས་ཀྱིས་བསྐུལ་ནས་སྨོན་ལམ། དགེ་སློང་ཕུན་ཚོགས་རྒྱ་མཚོས་བདེ་བ་ཅན་གྱི་ཞིང་བཀོད་བཞེངས་པའི་རྒྱབ་ཡིག །དགེ་སློང་འཇམ་དབྱངས་གྲགས་པ་སྤུན་གྱིས་གྲ་ཚང་དུ་སྙན་དར་ཉིས་བརྒྱ་སྐོར་ཕུལ་བའི་ཁ་བྱང་། རབ་འབྱམས་པ་དགེ་འདུན་ཆོས་འཕེལ་གྱི་ངོར་ཞུས་རྐོས་པ་རྣམས་ཀྱི་ཁ་ཏོན་དུ་རིང་འཚོའི་ཚིགས་བཅད། ཞི་གནས་སློབ་དཔོན་བྲ་ཞི་སྐུ་སྐྱེ་ངག་དབང་བཀྲ་ཤིས་ཀྱིས་རྒྱལ་བའི་བཀའ་འགྱུར་རོ་ཅོག་བཞེངས་པའི་སྨོན་ལམ། དེ་དང་དབུ་མཛད་བློ་བཟང་ཡོན་ཏན། བྲག་སྣ་ཆོས་རྗེ་བློ་བཟང་ངག་དབང་། རྒྱལ་རི་ཁྲོད་པ་དགེ་སློང་ཆོས་འཕེལ་གསུམ་གྱི་ངོར་གསུར་བསྔོ་རྣམས་བྲིས། ཚེས་དགུ་ལ་ཚངས་པ་དུང་ཐོད་ཅན་ལ་དྲི་བ་ཞུ་བར་ཚོགས་འཁོར་སྤྱན་གཟིགས་དང་བཅས་གྲ་ཚང་གཉེར་པ་བཏང་བར་འཚུབ་ཆེ་ཚུལ་བཟློག་ཐབས་ཀྱི་རིམ་གྲོ་རྣམ་གྲངས་མང་ཙམ་ཕབ་པའི་དེ་རྣམས་གྲུབ་ནས་ངོ་སོ་མ་བྱུང་ན་སླར་དྲི་བ་དང་བྱུང་ན་གཏང་རག་བཏང་ཆོག་པ་གྱིས་ཤིག་པའི་ལུང་བསྟན་མཛད། རིམ་གྲོར་གཏེར་སྟོན་རིགས་འཛིན་ཆེན་པོ་གདན་དྲངས་པ་ཚེས་བཅུ་གཅིག་ལ་ཕེབས། སློབ་དཔོན་ཆེན་པོས་དུས་ཀྱི་མཐར་རྒྱལ་པོ་དང་ཀླུའི་གདོན་སྡེ་བརྒྱད་གཞན་


GLG006_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འཚུབ་ཆེ་ཚུལ་ཇོ་མོ་འཚོ་རྒྱལ་ལ་གསུངས་པའི་ལོ་རྒྱུས་འཁྲུལ་པ་མེད་པའི་སྟེང་དིང་སང་རྒྱལ་གསར་སྤང་ལ་ཤ་མོ་ལྟ་བུར་རྡོལ་བའི་ཀུན་རྟོག་གི་རི་མོ་ཡིད་ལ་ཅི་ཡང་འཆར་བ་ནས་གཏེར་སྟོན་རིན་པོ་ཆེས་དབུ་མཛད་གྲ་ཚང་གི་གྲ་པ་ཁ་ཤས་ཀྱིས་འབྱུང་པོ་དེ་དག་མཐུན་རྫས་དང་བཅས་རྫོངས་སུ་བཏབ། དབུ་མཛད་བློ་བཟང་ཡོན་ཏན་དང་བློ་བཟང་བསྟན་འཛིན། མཆོད་དཔོན་ངག་དབང་ཤེས་རབ། དགེ་སློང་འཇམ་དབྱངས་གྲགས་པ། དར་མོ་སྨན་རམས་པ་ལྔ་སོ་སོའི་གོས་དར་སོགས་བདོག་པ་བཅས་ཡུན་དུ་འཚོ་དགོས་པའི་གསོལ་བ་འདེབས་པར་བློ་བྲིད་ཙམ་དུ་ཁས་བླངས། ངེད་རང་བྲོ་འཚལ་བར་དམིགས་ནས་དབུ་མཛད་བློ་བཟང་བསྟན་འཛིན། བྲག་སྣ་ཆོས་རྗེ། དགེ་སློང་འཇམ་དབྱངས་གྲགས་པ་གསུམ་གྱིས་སེར་འབྲས་གཉིས། སྔགས་རམས་པ་བསོད་ནམས་རྒྱལ་མཚན། དགེ་སློང་བློ་བཟང་ཀུན་དགའ། དགེ་སློང་རྣམ་རྒྱལ་དཔལ་བཟང་། བྱང་འདྲེན་དཀོན་མཆོག་རྒྱ་མཚོ། གྲམ་པ་བློ་བཟང་ངག་དབང་། ངག་དབང་བསྟན་འཛིན། རྣམ་གླིང་ཆོས་མཛད། ངག་དབང་ནམ་མཁའ་རྣམས་ཀྱིས་འབྲས་སྤུངས། དར་མོ་སྨན་རམས་པ་དང་དྲུང་ཡིག་འཇམ་དབྱངས་བསྟན་འཛིན་གཉིས་ཀྱིས་འབྲས་སྤུངས་དང་གསང་ཕུ། བློ་གྲོས་ལེགས་བཤད་དང་ཆོས་མཛད་ངག་དབང་བྱམས་པ་གཉིས་ཀྱིས་སེ་ར་རྣམས་སུ་མང་ཇ། བློ་གྲོས་རྣམ་རྒྱལ་གྱི་འབྲས་སྤུངས་སུ་ཐུག་པ། བློ་བཟང་བཟོད་པས་འབྲས་སྤུངས་སུ་མང་ཇ་དང་གྲ་ཚང་དུ་མི་བཅུ་རེར་དངུལ་སྲང་རེ། འདི་གར་བཅུ་གཅིག་


GLG006_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་དང་གཤིན་རྗེའི་དགྲ་མནན། གཞིས་རྩེར་ངོར་པས་འཇིགས་བྱེད་དྲུག་ཅུ་པའི་གཏོར་བཟློག །སྙིང་རི་བས་བེག་ཙེའི་གཏོར་བཟློག་དང་དགྲ་མནན། འུག་བྱ་ལུང་པས་མགོན་པོ་གཡུལ་བཟློག་དང་དགྲ་མནན། བོན་པོ་དར་སྡིངས་པས་གཏོར་བཟློག་དང་དགྲ་མནན། རིན་སྤུངས་སུ་གསང་སྔགས་གླིང་པས་འཆར་ཀའི་གཏོར་བཟློག་དང་དགྲ་མནན། གོང་དཀར་དུ་ཆོས་སྡེ་བས་ཞལ་གྱི་གཏོར་བཟློག །དཀོན་གཉེར་བས་ཕྱག་བཞི་པའི་མདོས། དུང་དགོན་པས་ལྷ་འདྲེ་སྟོང་དྲའི་མདོས་དང་དགྲ་མནན། འཕྱོང་རྒྱས་སུ་ཨོ་རྒྱན་སྨིན་གྲོལ་གླིང་པས་གཏེར་མགོན་ཕྱག་བཞི་པའི་མདོས་དང་ཀི་ཀང་གི་དགྲ་མནན། ཕོ་བྲང་དུ་བཀྲ་ཤིས་ཆོས་སྡེ་བས་གུར་གྱི་དམར་ཆེན་གཏོར་བཟློག །ཁྲ་འབྲུག་ཏུ་དཔལ་རི་བས་ནག་པོ་སུམ་དྲིལ་གྱི་གཏོར་བཟློག་དང་དགྲ་མནན། རྩེའི་དཀོན་གཉེར་བས་ཕྱག་བཞི་པའི་མདོས། བསམ་ཡས་སུ་གྲ་སྙེ་མདོ་བས་གཏེར་གསར་འཇོམས་བྱེད་ཀྱི་གཏོར་བཟློག་དང་ཀི་ཀང་གི་དགྲ་མནན། རྡོ་རྗེ་བྲག་ནས་འཆར་ཀའི་མདོས་དང་འཇོམས་བྱེད། དོ་བོ་རྫོང་དུ་སྨྲ་བོ་ལྕོག་པས་གཏེར་མགོན་ཕྱག་བཞི་པའི་གཏོར་བཟློག་དང་གཤིན་རྗེའི་དགྲ་མནན། ཆོས་འཁོར་རྒྱལ་མཐིལ་ནས་ཕྱག་དྲུག་པ། དགའ་ཚལ་ནས་བེག་ཙེ་དང་དམག་ཟོར་མའི་གཏོར་བཟློག །ལྷ་སར་རྒྱུད་སྟོད་སྨད་སོ་སོ་ནས་དྲུག་ཅུ་པའི་གཏོར་བཟློག །ཞང་སྟོན་པས་མདོས་དང་དགྲ་མནན། འབྲི་གུང་སྤྲུལ་སྐུ་རིན་པོ་ཆེས་མེའི་སྤུ་གྲིའི་སྒྲུབ་པ་ལས་སྦྱོར། རིགས་འཛིན་དཀོན་མཆོག་ལྷུན་གྲུབ་དང་སྔགས་འཆང་བན་གྲོང་པ་གཉིས་


GLG006_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཀ་ཚལ་དུ་ཁྲོ་ཆུའི་གཏོར་བཟློག་རྣམས་སྨིན་རྒྱས་སུ་བསྒྲུབས་པས་རྟགས་མཚན་ཀྱང་སྣ་ཚོགས་བྱུང་ཚོད་དུ་འདུག །གྲོང་སྨད་ནས་མཆོད་ཡོན་ལ་བསྙེན་བཀུར་བའི་སྐལ་བ་ཧོར་ཟླ་བཅུ་གཉིས་པའི་ཚེས་གཉིས་ལ་དཀར་སྤྲོ་དམར་སྤྲོ་བཟབས་རྒྱས་སུ་བསྟར་ཞིང་འགན་སྦྱར་སོགས་ཀྱི་སྟེར་སྦྱིན་བྱས། སྟག་རྩེ་སྡེ་པ་ཐའི་ཇིས་བསམ་ཡས་ཀྱི་ཞིག་གསོས་ལྕགས་ཁྱི་ཚུན་མཛད་པ་པེ་དཀར་ལྕོག་གིས་མཐའ་བརྟེན་པའི་ངེད་རང་གི་བྱེད་སྒོ་རྣམས་ཟིན་པ་ཡིན་པས་དཀར་ཆག་དགོས་ཚུལ་བྱུང་བ་རྒྱས་པར་བྲིས། རབ་བརྟན་ཧུང་ཐའི་ཇིའི་དཔོན་མོས་སླར་ཡང་རྟ་ཉེར་གཉིས་དང་རྔ་མོ་བདུན་སྤྲད། འདི་གའི་རིམ་གྲོར་ཚེས་གསུམ་ནས་ཆོས་སྡེ་ཆེན་པོ་ཕན་ཚུན་དུ་ཇ་ཚུལ་བཅོ་ལྔའི་ཐོག་གདུགས་དཀར་བདུན་འབུམ་དྲུག་སྟོང་ཆིག་བརྒྱ་སོང་བའི་ཡོན་གྲ་པ་ལྔ་རེར་རྒྱ་དངུལ་སྲང་རེ་ཁྱོན་སྲང་ཆིག་བརྒྱ་བརྒྱད་ཅུ། མངའ་དྭགས། ཤེལ་བྲག །བོ་དོང་། ཀོན་ནེ་མ། བཞད་རི་བོ་གྲུ་འཛིན་རྣམས་སུ་མ་ཎི་དུང་ཕྱུར་ལྔའི་ཡོན་སྦྱར། འདར་པ་བསོད་ནམས་ལྷུན་གྲུབ་རྡོ་རྗེ་གཞིས་རྩེའི་རྫོང་སྡོད་ཐོག་གློ་བུར་དུ་མ་འཚོ་བར་བསྔོ་བྱང་གི་རྟེན་རྒྱས་པར་འབྱོར་དོན་བཞིན་བསྔོ་སྨོན་བྱང་བཞུ་ཡང་དག་བགྱིས་ཤིང་དགེ་ཐེབས་ཀྱི་མཐུན་རྐྱེན་ཀྱང་བྱིན། དཔོན་ཚང་བྱང་ངོས་ནང་སོ་དར་རྒྱས་ན་ཚོད་སྨིན་ཆེ་ཞིང་གཅོང་གིས་བསྙུན་ནས་ཡུན་རིང་སོང་བ་གྲོངས་པའི་བསྔོ་རྟེན་རྒྱས་པར་འབྱོར་ཞིང་དགེ་འཐུད་སྤམས་མཐོ་བ་བསྟར། བྱང་རྟགས་ཀྱང་དགོས་ཚུལ་བྱུང་བ་ཡན་ལག་མ་བདེ་གཤིས་འཕྲལ་དུ་མ་ཐུབ་རུང་འཁྲུལ་སྣང་ལ་ཁོང་བྱད་དབྱིབས་ཤིན་ཏུ་གསལ་


GLG006_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཐེབས་སུ་ཡར་ཀླུངས་བཀྲ་ཤིས་རྩེ་ཆོས་སྡེར་ཚེ་མཁར་བ་གཞོན་པས་འཛིན་ཤུལ་དང་ཕན་ཐད་བོགས་འཁྱར། ལྡུམ་ར་ཁང་གསར་གྱི་ཁང་པ་རྩི་ཤིང་རྩ་རིགས་ཀྱི་བདག་ཐོབ་མི་སེར་སྡད་གྲོང་རྐང་གཅིག་དང་དུད་ཆུང་གཅིག་གི་བོགས་ཤས་ལག་འདེབས་ཀྱི་ཐོན་བསྡོམས་པར་མཁར་རུའི་འབྲུ་ཁལ་ལྔ་བརྒྱ་རེ་དྲུག །དམག་རྐང་གཅིག་གི་ཚབ་ཏུ་བོགས་འོས་འཚམ་འགེལ་རྩིས་དང་། སྨིན་གྲོལ་གྱི་གླིང་དུ་ཞབས་དྲུང་བདུད་འདུལ་རབ་བརྟན་དེ་ཉིད་ཀྱི་དགོངས་རྫོགས་སུ་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་སྒྲུབ་མཆོད་ཐེབས་ལ་རྒྱང་སྒོ་སྦུག་པ་ཅན་ཐེམ་རྐང་བཞིའི་ཡོང་སྒོ་བོགས་འཁྱར་དང་བཅས་བསྡོམས་མཁའ་རུའི་ཁལ་སུམ་བརྒྱ་གོ་བརྒྱད་རྣམས་སྦྱོར་འཇགས་བགྱིས། ཉེར་གསུམ་ནས་བཙུགས་པའི་གྲ་ཚང་གིས་ཁྲོ་རོལ་དང་འཇམ་དཔལ་དུས་དགྲའི་དབང་པོའི་གཏོར་བཟློག་མཛད། ཉེར་བདུན་ནས་བྲོ་འཚལ་བ་ལས་རྣམ་པར་གྲོལ། ཧོར་ཟླ་ལྔ་པའི་ཚེས་གཅིག་ལ་ལྷ་ཆེན་ཚངས་པ་དུང་ཐོད་ཅན་ལ་ཚོགས་འཁོར་སྤྱན་གཟིགས་འཕྲིན་ཡིག་ཚིགས་བཅད་དང་བཅས་གཏང་རག་འབུལ་མི་བཏང་། ཇོ་བོ་ཤཱཀྱ་མུ་ནིའི་བཞུགས་ཁང་འགྲུབ་ཏུ་ཉེ་བར་བོད་ཡུལ་དུ་འདོད་དགུ་རྒྱ་ཆེར་སྤེལ་བའི་ཆེད་ཛམ་ལ་དང་ཀླུའི་ནོར་གཏེར་ཟབ་གཏེར་སྣ་ཚོགས་ལས་བྱུང་བ་བཞིན་ལག་ལེན་ལྟར་ཁྲིར་བཞུགས་རྒྱུའི་བུམ་གཏེར་གྱི་རིམ་པ་བཟབས་རྒྱས་སུ་བཟོས། ཆོས་འཁོར་ཡང་རྩེའི་གྲ་པ་ཆོས་སྐྱོང་རྒྱ་མཚོས་གསར་རྩོམ་ཕར་ཕྱིན་གྱི་རྒྱུགས་སྤྲད། ཞོ་སྟོད་གཏེར་སྒྲོམ་བྲག་གི་རང་བྱུང་ཁྲུས་ཆུ་བདུན་ཕྲག་གི་བར་བསྟེན། ཚེས་དགུའི་ཉིན་ཕྱེད་ཡོལ་ལ་སྔར་མ་གྲགས་ལྟ་བུའི་


GLG006_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སེར་བས་ནེ་ལེ་དང་ཕོ་རོག་སོགས་ཀྱང་བསད་པ་སྲུང་མའི་འཁུ་ལྡོག་གམ་སྡེ་བརྒྱད་ཀྱི་འཚུབ་ལྷོངས་ཤིག་ཏུ་དོགས་ཤིང་ལ་ལ་ཞ་དམར་ནག་གང་དུ་ཕེབས་སར་མི་ཤེས་པ་རེ་ཡོད་གིན་ཡོད་འདུག་པས་ཁོང་དཔོན་སློབ་ཞལ་ཕྱོགས་ཡར་གཟིགས་པའི་སྔ་ལྟས་ཡིན་ནམ་ཟེར། ཚེས་བཅུ་ལ་གྲ་ཚང་གིས་ཚེས་བཅུ་ཆེན་མོའི་གར་འཆམས་ཀྱི་སྟངས་སྟབས་ཅི་ཡང་བསྒྱུར། ཚེས་བཅུ་གཅིག་ལ་བརྟག་བགྱིས་སྡེ་པའི་རིམ་གྲོར་དབུས་གཙང་གི་དགོན་ཨངྐི་གཉིས་པ་ཡན་ལ་མང་ཇའི་ཐོག་ཤེར་སྙིང་། ཚེ་གཟུངས། ཡར་ལྷ་ཤམ་པོར་གསོལ་མཆོད། སྤྲང་པོ་བརྒྱར་ཐུག་པ་རྩམ་མདའ་ཟོ་རེ་དང་སོ་ཧྲུག་ལག་པ་རེ། གོས་སྦྱིན་འོས་འཚམ། ཁྱི་ཡན་བརྒྱར་ཟན་སྦྱིན། བསྟན་སྲིད་སྐུ་རིམ་དུ་དགེ་ལུགས་གཞིས་དགོན་དང་སྔགས་དགོན་ནས་གཏོར་བཟློག །མཚན་ཉིད་པའི་རིགས་ནས་དགུ་བཟློག །ཟན་གཡང་དུ་མདོ་སྡེ་མཆོད་པའི་དུས་ཆོས་སྐྱོང་ཆེན་པོ་དཔོན་བློན་ལ་འཕྲིན་ལས་གསོལ་བའི་ཚིགས་བཅད་སྤྱན་གཟིགས་དང་བཅས་ཁ་རབ་གོང་པ་བརྫངས། ཚེས་བཅུ་བཞིའི་ཞོགས་སྟག་རུ་བ་བློ་བཟང་དངོས་གྲུབ་འདས་པའི་བསྔོ་རྟེན་འབྱོར་དོན་བཞིན་བྱང་ཆུབ་འགྲུབ་པའི་རྒྱུར་བསྔོས་ཤིང་དགེ་ཐེབས་རྒྱ་ཆེར་བྱིན། ཚེས་བཅུ་དྲུག་གི་ཉིན་མངའ་རིས་གྲ་ཚང་ཡོངས་རྫོགས་དང་རྒྱང་རོ་གསེར་སྡིངས་གྲ་ཚང་དྲིལ་བ་འཕན་ཡུལ་གསས་ཁང་བླ་མ་གྲ་བཅས། རྒྱ་མདའ་ཁུལ་གྱི་ལྷ་སྡེ་མི་སྡེ་སོགས་སོ་སོས་དངོས་པོ་སྤམས་མཐོ་བ་མཎྜལ་དུ་བཀོད་དེ་རིང་པོར་འཚོ་བའི་སྨོན་ལམ་མཛད། མངའ་རིས་གྲ་ཚང་པར་ཡིག་དྲུག་གི་བཟླས་ལུང་དང་གདུགས་དཀར་མཆོག་གྲུབ་མའི་བསྟོད་པ་དང་བཅས་པའི་ལུང་བཀླགས། བོ་དོང་སྦྱོར་ར་སྤྲུལ་སྐུ། ཐུགས་སྲས་སྤྲུལ་


GLG006_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ། འཆད་ཀ་སྤྱན་སྔ་གསུམ་དང་ཕྲད། ཁལ་ཁ་ལྷ་བཙུན་ངག་དབང་བསྟན་འཛིན། བཟོད་པ་ཡེལ་དེང་སྐོར་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ། སེང་ལྡེང་ནགས་སྒྲོལ་གྱི་རྗེས་གནང་བསྐུར་ཅིང་རྗེ་བཙུན་བཙོང་ཁ་པ་ཆེན་པོའི་སྐུ་བརྙན། ངེད་རང་གིས་ལོངས་སུ་སྤྱད་པའི་གོས། སྣམ་ཕྲུག་གིས་གཙོས་དངོས་པོ་དང་བཅས་རྫོང་བདའ་བཟབས་པར་བསྟར། མངའ་བདག་སྨྲ་བོ་ལྕོག་པ་ལུང་བསྟན་བཞིན་དུ་གདུང་བརྒྱུད་རྫོགས་པའི་སྐུ་མག་དགོས་ཚུལ་བྱུང་བ་གཏེར་ཁ་འོག་མ་ཆོས་དབང་གི་གདུང་བརྒྱུད་བྲག་སྣ་བའི་སྲས་ལེན་བཅུག་པ་ཕྱོགས་མཐུན་དུ་བྱོན་པ་དང་ཕྲད་ཅིང་མཚན་མངའ་བདག་ངག་དབང་ཆོས་རྒྱལ་དུ་གསོལ། དབེན་ས་སྤྲུལ་སྐུ་གོང་མའི་གཟིམས་དཔོན་ཨེར་ཁེ་ཆོས་རྗེ་འདས་པའི་དགེ་རྩ་གཏོང་མི་ཆེད་གཉེར་འབྱོར་བའི་བསྔོ་རྟེན་དཔངས་མཐོ་བ་བྱུང་བ་དགེ་བ་རྫོགས་པའི་སངས་རྒྱས་ཀྱི་སར་རྒྱས་བཏབ། དར་རྒྱས་ཆོས་སྡིངས་པའི་གདུང་བརྒྱུད་ལོ་ཆེན་ངག་དབང་ཆོས་དཔལ་གྱིས་ཐོག་དྲངས་པའི་བསྙེན་རྫོགས་ཞེ་ལྔ་དང་། ཞང་སྟོན་པའི་སྲས་སོགས་དགེ་ཚུལ་ཉེར་གཅིག་བསྒྲུབས། ཚེས་བཅུ་དགུ་ནས་སྲིད་གསུམ་བདག་མོ་མདོས་ཀྱི་མཆོད་པས་མཉེས་པར་བྱས། གཏེར་སྟོན་རིན་པོ་ཆེའི་གསུང་གིས་བསྐུལ་བའི་རྣོན་པོ་ནང་གཅོད་དབང་གི་ཆོག་སྒྲིགས་ཉ་རྒྱས་ཟླ་བའི་དཀྱིལ་འཁོར་བྲིས། སྡེ་དྲུག་དང་སྐྱོར་ལུང་པའི་མཁན་པོ། གཡུལ་རྒྱལ་ལྷུན་རྩེ་ནས་ཞང་མཁར་དབང་འཛིན་པས་གཙོས་ལེགས་སྐྱེས་པ་རྣམས་དང་ཕྲད། གཡོན་རུའི་མི་སྣ་ཚོགས་གསོག་རབ་འབྱམས་པ་ཡོངས་སྐབས་མདོ་པ་ཟི་སྣ་སོགས་ལུང་ཚོ་ལྔ་སྦྱོར་འཇགས་བྱུང་


GLG006_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལེགས་སོ་རྒྱས་པར་བསྟར་ཅིང་ལྷ་འདྲེའི་གནོད་པ་བསྲུང་བའི་ཚིགས་བཅད་བསྲིངས་ཏེ་རྫོང་བདའ་བྱས། ཆོས་འཁོར་ཡང་རྩེའི་གྲ་པ་གཞོན་ནུ་བློ་གྲོས་དང་བློ་བཟང་ཆོས་གྲགས་གཉིས་ཀྱིས་གསར་རྩོམ་ཕར་ཕྱིན་གྱི་རྒྱུགས་སྤྲད། ཞྭ་དམར་སྤྲུལ་པའི་སྐུ་གོང་མའི་ལུང་ལ་བརྟེན་ཕིང་སིང་དབང་གིས་མས་ཆགས་པ་དང་འབུམ་ཐང་བསོད་དབང་ལ་རྩིས་སྤྲད་དོན་ལྟར་གདན་དྲངས་པར་ཐབ་བསུ་དང་ཆིབས་བསུ་སོགས་མཛེས་ལམ་གང་ཆེའི་སྒོ་ནས་ལྷ་སར་བྱོན། སྔོན་ཆད་གནང་སྒོ་སྣ་ཚོགས་པ་བྱུང་བའི་ཐུགས་གནོང་ལྟ་བུས་ཡ་ང་བའི་སྐུ་དང་གསུང་གི་བཀོད་པ་ཇི་སྙེད་པ་སྟོན་བཞིན་པའི་ངང་ནས་མཆོད་ཡོན་དུ་དགོངས་སངས་ཀྱི་འབུལ་བ་གཟེངས་བསྟོད་པ་དང་བཅས་བླ་བྲང་དུ་ཕེབས་སྐབས་སྡེ་པས་ཨེ་ཝཾ་ཕོ་བྲང་གི་མདོར་མཇལ་དར་དང་རྒྱལ་པོས་ནང་དུ་ལྡང་བ། མཆོད་ཡོན་གཉིས་ལས་ཁད་ཀྱིས་མཐོ་བའི་བཞུགས་ཁྲིས་མཚོན་བཀུར་གཟོས་དང་གཞིས་ལེན་རྒྱས་པར་བསྟར་བས་ཐུགས་ཀྱི་ཁྱེའུ་ཀུན་རྟོག་གི་ཞགས་པ་དམ་པོས་བཅིངས་པ་ལས་གྲོལ་ཏེ་གར་གྱི་དབང་པོ་རང་གནས་བདེ་བ་ཅན་དུ་བྱོན་པའི་ཉམས་ཤར། ངེད་ལུས་ཅུང་ཟད་མ་བདེ་ཙམ་ཡོད་པས་སླར་ངོས་མཇལ་གྱིས་བཅད་ཞུས་ནས་མཚུར་ཕུར་ཤར་རྒྱག་ཐེགས། ཧོར་ཟླ་དྲུག་པའི་ཚེས་བཞི་ལ་ཡར་འབྲོག་སྡེ་པ་རི་བོ་བྲག་པས་བསངས་ཡིག་ཆུང་ངུ་དང་གསོལ་འདེབས་ཚིགས་བཅད་དགོས་ཚུལ་ཕེབས་པ། སྟག་རུ་བ་བློ་བཟང་དངོས་གྲུབ་ཀྱི་ཕྱི་རྟེན་རྣམ་སྣང་རྒྱ་ཐང་བཞེངས་པའི་རྒྱབ་ཡིག་རྣམས་བྲིས། ཐང་ཆེན་བཤན་པ་ལག་དམར་ལ་སྤྱན་གཟིགས་ཚོགས་རྫས་འཕྲིན་ཡིག་ཚིགས་བཅད་དང་བཅས་མངགས། རྒྱ་ནག་ནས་ཞྭ་དམར་སྤྲུལ་པའི་སྐུ་བོད་དུ་ཕེབས་


GLG006_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་པ་སོགས་ས་མཚམས་བདེ་འཇགས་བྱུང་བར་གྲ་ཚང་གིས་ཉིན་གསུམ་གྱི་རིང་རྡོ་རྗེའི་ཆོས་སྲུང་ཚོགས་ལ་གཏང་རག་ཕུལ། ཁལ་ཁ་ལྷ་བཙུན་ངག་དབང་བསྟན་འཛིན་དང་བཟོད་པ་ཡེལ་དེང་སོགས་ཀྱིས་སོག་པོའི་གཞུང་བསྟན་ལ་ཕན་པའི་བླ་མ་ཞིག་དགོས་ཚུལ་བྱུང་བ་སྡེ་དྲུག་མཁན་པོ་བློ་བཟང་དར་རྒྱས་རྫོང་བདའ་བྱས། བྱང་ཕྱོགས་ཀྱི་ཡུལ་གྲུ་འདི་ཧ་ཅང་ཐག་རིང་བས་མཁན་པོ་གསར་བསྐོས་འགབ་གྲས་སུ་འདུག་རུང་ཁོང་རང་ཡར་བྱོན་བསྟུན་གནས་མལ་འདྲ་མ་རྙེད་དོགས་པའི་ཉེས་དམིགས་དང་དགོན་ཁག་རྣམས་ཀྱང་རྒྱ་སོག་གི་འདོད་ཡོན་ཆར་དུ་བསྙིལ་ལ་རེའི་བླ་མ་བསྒུག་པར་ངན་སོང་པ་སྤྱི་རྫས་ལ་བགོ་བཤའ་རྒྱག་ན་ནི་མཆོད་རྟེན་ཡིན་ཀྱང་འཇིག་པར་ཉེ། གཞན་དུ་ངམ་ཤོད་བྱེད་མ་གསེར་དང་རྒུན་འབྲུམ་འབྱུང་ཉེན་ཆེ། སྐྱིད་ཚལ་ཀླུ་སྡིངས་ཀྱི་སྒྱེད་བུ་ཁ་དྲོའི་སྐལ་བ། དེ་མཚུངས་གཞིས་ཀ་ཤར་དང་ནང་པ་ལོ་པ་གཉིས་ཀྱིས་དཀར་སྤྲོའི་ཟ་མ་ཏོག་རིང་དུ་བསྒྲིགས། ཚེས་དགུ་ནས་མེའི་སྤུ་གྲི་དང་རླུང་སྒྲུབ་སོགས་ཁག་གསུམ་བཙུགས། ཚེས་བཅུ་གཉིས་ལ་བསྟན་འཛིན་ད་ལའི་རྒྱལ་པོ་ཡབ་ཡུམ་སྲས་འཁོར་དང་བཅས་པར་ཚེ་དབང་གྲུབ་རྒྱལ་མ་ཕུལ་ཏེ་འདམ་དུ་བཏེག །དགའ་ལྡན་ཁྲི་རིན་པོ་ཆེ་ཟུར་པ་དཀོན་ཅོག་ཆོས་བཟང་དག་པའི་ཞིང་དུ་གཤེགས་པའི་ཐུགས་དམ་གསོལ་འདེབས་ཀྱི་བདོག་པ་རྒྱས་པར་བྱུང་བ་ལྟར་འགྲོ་བ་འདྲེན་བཞེད་ཡོངས་སུ་འགྲུབ་པའི་བསྔོ་སྨོན་བགྱིས། ཞ་ལུའི་སློབ་དཔོན་གཉིས་ལ་བྱམས་པས་དམ་བཅས་པ། སྒྲིབ་པ་རྣམ་སེལ། མཆོད་པའི་སྤྲིན་གྱི་གཟུངས་གསུམ་པོའི་ལུང་བཀླགས། གེ་རེ་ལྷ་རིན་པོ་ཆེ། ཆོས་རྗེ་སྒྲོལ་ཕུག་པ། མང་ར་མཁན་པོ། ཕ་བོང་ཁ་གདན་


GLG006_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ས་བ། མས་ཆགས་པ་ཅན་དང་ཕྲད། ཚེས་བཅུ་བཞིར་དཔལ་གསང་ནེའུ་ཐོག་གི་ཆོས་རྗེ་རྣམ་གཉིས། དྲུང་ཆེན། གཞུང་ལས་པ་སོགས་དཔོན་སློབ་བཞི་བཅུ་སྐོར་གྱིས་ཚན་གྲངས་ཀྱི་མཎྜལ་དང་བཅས་ཡན་ལག་བདུན་པ་དང་འབྲེལ་བའི་ཡུན་འཚོའི་རྟེན་འབྱུང་མཛད། རྟ་ཚག་རྗེ་དྲུང་། ཚ་མིག་མཁན་ཟུར། སེ་ར་ཐེག་ཆེན་གླིང་གི་ལས་སྣེ་བ། ཀོང་པོ་རྒྱལ་སྐོར་བ། གུང་ཐང་གཟིམས་ཁང་ཤར་དང་རྨི་རུ་བླ་མ། ཨོ་རོད་ནས་གསར་འབྱོར་གངས་ཅན་མཁན་པོ་དཀོན་ཅོག་རིན་ཆེན་རྣམས་དང་ཕྲད། ར་མོ་ཆེའི་འདུ་ཁང་གི་འཁྲུངས་རབས་སོ་བཞི་པ་བྲིས་པའི་ཁ་བྱང་། དགའ་ལྡན་ཐར་གླིང་བླ་རབས་གསོལ་འདེབས་དང་གདན་ས་པའི་བརྟན་བཞུགས། ཨེ་གཟིམས་ཤག་ལྷོ་པ་ནང་སོ་དཀོན་ཅོག་དར་རྒྱས་ཀྱིས་གསེར་གྱི་བཀའ་འགྱུར་བཞེངས་པ་ངེད་རང་ཚོ་ལ་དཔགས་བའི་བྱ་བ་རླབས་པོ་ཆེ་ཡིན་ཚུལ་དང་བཅས་བསྐུལ་བ་ལྟར་དཀར་ཆག་ཆེ་བརྗོད་སྨོན་ལམ། རྒྱུད་སྨད་དཔོན་སློབ་ཀྱིས་གསང་བ་འདུས་པའི་ལམ་དང་འབྲེལ་བའི་རིང་འཚོའི་ཚིགས་བཅད་དགོས་གསུང་བ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་འདིའི་དགོངས་དོན་རྟོགས་པར་དཀའ་ཞིང་སྟོང་རྩ་ཟ་བར་མ་ཕྱིན་པའི་གཤིས་ཚད་ལྡན་མ་བྱུང་དོགས་ནའང་བསྐྱེད་རྫོགས་ཀྱི་དགོངས་དོན་ལ་ཆུ་བུན་མ་བྱུགས་ཙམ་ཞིག་དང་། དཔལ་དེ་ནས། བསྟན་པ་དར་རྒྱས་གཉིས་ཀྱི་ངོར་རིང་འཚོའི་ཚིགས་བཅད་རེ་སྤུན་བདུན་པ་ལྷུན་གྲུབ་རྒྱ་མཚོས་བསྐུལ་བའི་རྗེ་བཙུན་བཙོང་ཁ་པ་དང་བདག་བསྟོད་ཐུན་མོང་། བར་ཏ་ཆོས་མཛད་ཀྱིས་རྒྱལ་བ་བཙོང་ཁ་པ་དང་ངེད་རང་གི་འདྲ་འབག །གདོང་ནས་ཀྱིས་མི་གཡོ་བ། མདོ་བཙུན་ངག་དབང་ལྷུན་གྲུབ་ཀྱིས་བདག་ཅག་གི་སྟོན་པ་དང་རྒྱལ་བ་བཙོང་ཁ་པ།


GLG006_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱམ་པ་ངག་དབང་ཆོས་འཛིན་གྱིས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་འཁྲུངས་རབས། འཇམ་དབྱངས་ཀྱིས་བརྒྱ་ཐང་། ཚེ་བདག །བྲག་སྣ་ཆོས་རྗེ་བློ་བཟང་ངག་དབང་གིས་བླ་མ་གསང་འདུས་ཀྱི་བརྒྱ་ཐང་། སྤོས་འཛིན་པ་ངག་དབང་ནམ་མཁས་འཇམ་དཀར་གྱིས་བྲིས་སྐུ་བཞེངས་པ་རྣམས་ཀྱི་རྒྱབ་ཡིག །ངག་དབང་བཟང་པོའི་ངོར་བླ་མ་དང་རྡོ་རྗེ་དྲག་པོ་རྩལ་དབྱེར་མེད་དུ་གསོལ་འདེབས་རྗེས་འཛིན་སྨོན་ལམ། གྲ་ཚང་དཀོན་གཉེར་གསུམ་གྱིས་རྣམ་རྒྱལ་མར་སྙན་དར་ཕུལ་བའི་ཁ་བྱང་། གནང་བྱུང་ཆོས་མཛད་ཀྱིས་བསྐུལ་བའི་ཀརྨ་དྲག་པོར་གསོལ་འདེབས་དང་ཟངས་མདོག་དཔལ་རིར་སྐྱེ་བའི་སྨོན་ལམ་རྣམས་བྲིས། ཚེས་ཉི་ཤུར་བོད་ཁམས་སྤྱིའི་ནད་ཡམས་བཟློག་ཐབས་སུ་བསྟན་མ་བཅུ་གཉིས་ཀྱི་མདོས་རྫོངས་ཁག་ལྔ། རྫོང་མགོ་ཚང་མ་ནས་དགེ་འདུན་བཞི་སྡེས་རྣམ་འཇོམས་དང་སྨེ་བརྩེགས་གང་རུང་གི་བུམ་པ་བསྒྲུབས་ནས་ཉིན་གསུམ་གྱི་བར་ཁྲུས་གསོལ། སྔགས་བོན་གྱིས་དགྲ་ལྷ་དཔངས་བསྟོད་བཟབས་རྒྱས། བླ་མ་བཀྲ་བཟང་པས་ནད་བདག་སྟོབས་འཇོམས་བཏང་བའི་ཡས་རྣམས་གངས་ཏེ་སེའི་འོག་ཙམ་དུ་བསྐྱལ། ཚེ་དཔག་མེད། རྡོ་རྗེ་གྲོ་ལོད། ཡང་གསང་ཀརྨ་དྲག་པོ། གཤིན་རྗེ་དྲེགས་པ་འཇོམས་བྱེད་བཞིའི་སྒྲུབ་པ་ཉིན་ལྔར་བཙུགས་པའི་འཛུགས་སྟོན་གཞུང་དང་གྲ་ཚང་གཉིས་ཀ་ནས་བཏང་། ཧོར་ཟླ་བདུན་པའི་ཚེས་ལྔ་ལ་གོང་གི་མི་སྣ་བསྟན་འཛིན་བླ་མ་དང་བསམ་བློ་ཨ་ཞང་ཨེར་ཏེ་ནི་རབ་འབྱམས་ཆོས་རྗེ་གཉིས་ཀྱིས་གཙོས་འགྲུལ་ལྡེབས་ཤན་ཏ་པའི་ལིའི་བླ་མ་མངའ་རིས་རབ་འབྱམས་པ། ཨེར་ཁེ་དབང་གི་བླ་མ་འབྲོང་རྩེ་རབ་འབྱམས་པ་སོགས་


GLG006_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཚན་ཆེ་བར་འབྱོར་བའི་བཀའ་ཤོག་གནང་སྦྱིན་སྤྲད་ཅིང་སོ་སོའི་མཇལ་དར་བཏང་བའི་བཞུགས་གྲལ་གྱི་དགའ་སྟོན་རྒྱས་པར་བཤམས། རྒྱལ་པོའི་འཚམ་འདྲིའི་བཀའ་ཕེབས་བསྒྱུར་བྱུང་ཞིང་ཡུལ་དུས་དང་བསྟུན་པའི་འཕྲོས་གླེང་རྒྱས་པར་བྱུང་། ཏྲེ་བོ་དཀར་ལྕོག་སྤྲུལ་སྐུ་དང་གུ་ཡེང་ཇའི་སང་ཅན་དང་ངོས་ཕྲད། སྡེ་པའི་ཞབས་ཅུང་ཟད་བསྙུང་བར་དཔལ་ལྡན་དམག་ཟོར་མའི་རྗེས་གནང་བསྐུར། རྒྱལ་པོའི་བཀའ་ཤོག་སྤྲོད་སྐབས་སོ་སོའི་དོན་གཅོད་བྱེད་མི་ནུས་པའི་ཁྲིམས་བཙན་གཤིས་སང་ཉིན་མི་སྣ་འགྲུལ་སྡེབས། འདི་ནས་བཏང་བའི་མི་སྣ་བསམ་གྲུབ་དགའ་ལྡན་བླ་མ་དང་ལྕང་ལོ་ཅན་པ་སོགས་ཀྱིས་གོས་དར་གསེར་དངུལ་ཇ་རས་ཀྱིས་ཐོག་དྲངས་བདོག་པ་དཔངས་བསྟོད་པ་བསྟར། མཆོད་རྟེན་བླ་མ། འོར་དུས་སུ་རྒྱལ་མཚོ་གུན། ཚེ་རིང་ཐའི་ཇི། དར་རྒྱས་ཐའི་ཇི། ཨེ་ཏེ་ནི་ཐའི་ཇི་རྣམས་ཀྱི་བསྔོ་རྟེན་རྒྱ་ཆེར་བསྟབས་པ་བྱང་ཆུབ་མཆོག་གི་རྒྱུར་བསྔོས། རྒྱ་སོག་གི་ཡུལ་ནས་ཡིག་བསྐུར་རྟེན་བཅས་གཏོས་ཆེ་བ་སྔར་ལུགས་ལྟར་འདུག་པ་ཉིན་གྲངས་སུ་སྤེལ་ཏེ་རྩིས་ལེན་པའི་བཀོད་པ་བྱས། ཨུ་ཁེ་རེས་ཐའི་ཇིའི་བུ་དཀའ་བཅུ་བློ་བཟང་བསྟན་འཛིན་ལ་ཨེར་ཏེ་ནི་དར་ཁན་ཆོས་རྗེའི་ཆོ་ལོ་འཕགས་ཡུལ་གྱི་ལི་མས་གཙོས་བྱིན་རྟེན་སྣམ་ཕྲུག །དཔོན་པོ་ལ་ཕྱིར་སང་ཚུལ་གྱི་ཧུང་རྒྱ་དང་བཅས་རྫོང་བ་བྱས། གངས་ཅན་མཁན་པོས་ཨོ་རོད་ནས་འཁོར་བའི་བདོག་པ་བསྟར། ཚེས་བདུན་ལ་ལྷ་ས་ཟུར་ཁང་པས་མཁའ་འགྲོ་སྡེ་ལྔར་བརྟེན་པའི་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་གྲ་ཚང་དུ་ཇ་སྦྱོར་གཉིས་ཀྱི་ཐོག་སྟེར་སྦྱིན་འགྱེད་སོགས་བཏང་ཞིང་དེ་གྲོལ་མཚམས་ཆོས་འཁོར་ལྷ་ས་བ་སྤྱི་ཚོགས་ཀྱིས་བུ་རམ་བཞེས་སྤྲོ་སྟེར་ཆ་


GLG006_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

སྤམས་མཐོ་བ་དང་བཅས་རིང་འཚོའི་རྟེན་འབྱུང་བསྒྲིགས། བདག་མོ་ཡུམ་སྲས་ལ་ཚེ་དབང་གྲུབ་རྒྱལ་མ་ཕུལ། བྱམས་གླིང་མཁན་པོ། རོང་ཁང་གསར་བླ་མ། གླིང་དགེ་སློང་གི་ཚ་བོ་བཅུད་འབུམ་རྣམས་དང་ཕྲད་ཅིང་ཞལ་སྔ་ནས་དཔོན་དར་བའི་སྐུ་སྐྱེའི་གཙུག་ཕུད་བླངས་ནས་མིང་ངག་དབང་དཔལ་འབྱོར་དུ་བཏགས། ཚེས་བརྒྱད་ལ་བྱམས་ཁང་རྒྱབ་ཆོས་སྐྱོང་དམག་དཔོན་གངས་ལ་ཉི་ཤར་གྱིས་ཚིགས་བཅད་བརྩམས་ཤིང་ཁོག་པར་བསླབས་པའི་རིང་འཚོའི་རྟེན་འབྱུང་ཟུར་ཁང་པ་དང་དབྱིབས་འདྲ་བ། སྨད་རྒྱུད་གསང་བ་འདུས་པའི་དགེ་འདུན་དཀོན་ཅོག་དཔོན་སློབ་ཀྱིས་བདོག་པ་མཎྜལ་ཚུལ་དུ་བཏེག་ནས་ཚེའི་རྟེན་འབྲེལ་བསྒྲིགས་ཤིང་སྨོན་ལམ་གསར་རྩོམ་གྱི་ལུང་ཕུལ། གཡོན་རུ་སྐུ་སྐྱེ། སྟག་རྩེ་ཐའི་ཇི་ཡབ་སྲས། འབྲས་སྤུངས་ཀྱི་སློབ་དཔོན་དགེ་སྐོས་དབུ་མཛད་གཉེར་པ། དུར་བོད་ཆོག་ཐུ་སོགས་དང་ངོས་ཕྲད། ཚེས་དགུ་ནས་སྡེ་པ་སྙུན་གདངས་པའི་བྲག་དམར་ལུ་གུ་རྒྱུད་ཀྱི་བྱིན་རླབས་བསྐུར། ཚེས་བཅུ་ལ་གྲ་ཚང་ཡོངས་རྫོགས་ལ་ལོག་ཏྲིའི་གསར་རྩོམ་ཆོས་ཚན་བཞིའི་ལུང་བཀླགས། ཚེས་བཅུ་གཅིག་ལ་ཀླུ་འབུམ་མེརྒན་ཆོས་རྗེའི་སྦྱིན་བདག་དབང་གི་བསྐུར་མ་དང་ཁོང་རང་གི་ལྔ་བཅུ་མ་བདུན་གྱིས་གཙོས་པའི་གསེར་དངུལ། ཤེལ་སྤྱད། གོས་ཡུག་སུམ་ཅུ་སྐོར། རྒྱ་སྒམ། མེ་ཏོག་སོགས་རྒྱ་ཟོག་དངོམ་ཆེ་བ་བསྟར། ནག་ཚང་ཚེ་སྐྱབས་སྤུན་གྱིས་སྲིང་མོ་ཤི་བའི་བསྔོ་རྟེན་ལ་གསེར་ཞོ་བརྒྱ་སྐོར་དང་ཁྲབ་ཀྱིས་ཐོག་དྲངས་དངོས་པོ་ཚན་ཆེ་བ་བྱུང་བར་བསྔོ་བ་སྨོན་ལམ་གྱིས་རྒྱས་བཏབ། ཤེལ་དཀར་ཆོས་སྡེའི་གྲ་པ་ངག་དབང་དཔལ་སྐྱོང་དང་ངག་


GLG006_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕུན་ཚོགས་གཉིས་ཀྱིས་གསར་རྩོམ་ཕར་ཕྱིན་གྱི་རྒྱུགས་སྤྲད། སྡེ་པ་སྒེམ་བུ་ནས་ཀྱིས་བཀའ་འགྱུར་རིན་པོ་ཆེ་བཞེངས་པའི་དཀར་ཆག་ཆེ་བརྗོད་སྨོན་ལམ། གཡོན་རུ་སྐུ་སྐྱེས་གཅུང་འདས་པ་རྣམས་ཀྱི་དོན་དུ་རྗེ་དགེ་འདུན་གྲུབ་ཀྱི་འཁྲུངས་རབས་དང་འབུར་སྐུ་ཁ་ཡར་བཞེངས་པའི་ཚིགས་བཅད་གསུམ་བརྩམས། ཚེས་བཅུ་བདུན་ལ་རྒྱལ་བ་སློབ་དཔོན་བན་ཆུང་གིས་རིགས་གྲའི་སྐལ་བའི་དཀར་སྤྲོ་དམར་སྤྲོ་སྟེར་སྦྱིན་རྒྱ་ཆེ་བ་སྤྲོས། ཚེས་བཅུ་དགུར་དུར་བོད་ཆོག་ཐུ་སྐོར། ཧོར་ལྷ་རྒྱལ་དར་གྱི་ནུ་བོ་སོགས་ལ་མགོན་པོའི་རྗེས་གནང་བར་ཆད་ཀུན་སེལ་བསྐུར་ཞིང་ཡུལ་དུས་དང་བསྟུན་པའི་སྟེར་ཆ་དཔངས་བསྟོད་པ་བྱས་ཏེ་རང་ཡུལ་ལ་བཏེག །རྫོང་མགོ་ཁ་ཤས་ནས་བཙུགས་པའི་བཀའ་འགྱུར་ཆིག་བརྒྱ། སྨན་བླ་ཆིག་ཁྲི་བཏང་། ཉེར་དྲུག་ལ་ཏྲེ་བོ་ཤིར་ལ་ཐུ་ཆོས་རྗེ་དང་སྐུ་སྐྱེ། མང་ཡུལ་ལོ་ཙཱ་བའི་དབོན་པོ། མཚོ་ཁ་ནས་གསར་འབྱོར་གྱི་མི་སྣ་ཁ་ཤས་རྣམས་དང་ཕྲད། གནམ་གང་ནས་བཟུང་དྲང་སྲོང་ཆུ་ལྷའི་བུས་དལ་འགྲོའི་དུག་ཐམས་ཅད་དབྱུང་སྟེ་ཡན་ལག་བརྒྱད་ལྡན་གྱི་ཆུར་བསྒྱུར་བའི་ཚེ་ཉིན་ལྔའི་བར་ཆུ་བླངས་ནད་ཀྱི་དྲི་མ་བཀྲུ་བའི་ཆོ་ག་བསྟར། སློབ་དཔོན་ཆེན་པོའི་སྒྲུབ་གནས་ཀུན་གྱི་རྒྱལ་པོ་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ཅེས་ཨོ་རྒྱན་ཧེ་རུ་ཀའི་གནས་དང་མཚུངས་པའི་གཟིམས་ཕུག་ཏུ་མཆོད་མེ་སྡོང་རྐང་གཅིག་ཁོར་ཡུག་ཆད་མེད་དུ་ཡོང་བའི་འཐེབས་སུ་བཙན་ཐང་སྐོར་ནས་ཤས་བོགས་འཁྱར་པ་ཁྱོན་དྲིལ་མཁའ་རུའི་ཁལ་དྲུག་ཅུ་སྦྱར། ཧོར་ཟླ་བརྒྱད་པའི་ཚེས་ལྔ་ལ་བསྟན་འཛིན་ད་ལའི་རྒྱལ་པོར་གོང་ནས་གནང་སྦྱིན་སྩལ་བ་ལེན་པར་རྟེན་འབྲེལ་གྱི་སྟབས་བསམ་གྲུབ་


GLG006_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་བྲང་དུ་བྱོན་པ་དང་མཇལ། འབྲས་སྤུངས་ཚོགས་ཆེན་ནས་བླ་གྲ་རགས་བསྡུས་ཀྱིས་བདོག་པའི་སྐྱེས་མཎྜལ་གྱི་ཚུལ་དུ་བཏེག་ནས་ཡུན་དུ་འཚོ་བའི་རྟེན་འབྲེལ་མཛད། གཉལ་སེ་ཀུན་པ་གཏེར་ཁ་འོག་མ་ཆོས་དབང་གི་གདུང་བརྒྱུད་དུ་བརྫུ་བ་ཞིག་ཀྱང་སྣང་། དེས་ཡར་སྟོད་ཀྱི་མཆོད་རྟེན་ནང་ནས་སཱཙྪ་རྙེད་པ་གཏེར་ཡིན་མིན་འདྲི་བ་སོགས་ཟོག་རྫུན་ཅི་ཡང་བྱེད་འདུག་པ་ར་ཐང་འདི་དྭགས་ལྷ་སྒམ་པོ་དང་གསལ་བ་སྒང་ཁམས་ཀྱི་སྤོ་བོ་གསུམ་ན་མིན་པ་མེད་སྙམ་ནའང་དེ་ནི་མང་པོ་སླེབས་འདུག་པས་མཆོག་དམན་མཐའ་དག་གྲུང་པོ་མ་བྱས་ན་མགོ་ལ་གཡོག་པར་ཚེགས་མི་སྣང་ངོ་། །གོང་གི་གསེར་ཡིག་པ་གཉིས། སློབ་དཔོན་ངག་དབང་བཀྲ་ཤིས། འབྲི་གུང་སྤུ་ལུང་བླ་མ། ཞང་སྟོན་སྐུ་མདུན་ཕུན་ཚོགས་རྣམ་རྒྱལ། ཧོར་རྒྱ་མཚོ། ཨ་ཅོག་གི་ནུ་བོ་སོགས་དང་ཕྲད། འདི་གའི་རིམ་གྲོར་བརྒྱད་སྟོང་པ་ཉིས་སྟོང་། འབུམ་ཆིག་བརྒྱ་ཉེར་ལྔ། སངས་རྒྱས་ཀྱི་མཚན་ལྔ་སྟོང་བཞི་བརྒྱ་ང་གསུམ་པ་བཞི་སྟོང་ལྔ་བརྒྱ་རྣམས་བཏོན། ཚེས་དྲུག་ལ་རྟ་ཚག་སྤྲུལ་སྐུ། ཚ་མིག་མཁན་ཟུར་པ། སེ་ར་ཐེག་ཆེན་གླིང་གི་དཔོན་སློབ་ཕྱེད་སུམ་བརྒྱ་སྐོར་དང་གོང་དཀར་དཀོན་གཉེར་བ་རྣམས་ཀྱིས་ཚན་གྲངས་རིང་པོར་བརྐྱངས་ཏེ་སོ་སོའི་ལུགས་ཀྱི་རིང་འཚོའི་རྟེན་འབྲེལ་བསྒྲིགས། ཆོས་རྗེ་ངག་དབང་ཐུབ་བསྟན། འདར་ལོ་རྒན་གཞོན། སྣར་ཐང་གི་བླ་མ་གཉིས། གནས་གསར་ནས་ལྷ་ས་ཀརྨ་ཤག་པའི་མག་པར་བསྐྱལ་བའི་ལེགས་སྐྱེས་པ་སོགས་དང་ཕྲད། ཚེས་བདུན་ལ་དགའ་ལྡན་གསང་སྔགས་གླིང་པ་དང་ཚེར་གསེབ་དགོན་པ་བ་གཉིས་ཀྱིས་རང་རང་གི་ལུགས་ཀྱི་ཆོ་ག་དང་བདོག་པ་བཏེག་སྟེ་ཡུན་


GLG006_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

འཚོའི་སྨོན་ལམ་བཏབ། ཚེས་བརྒྱད་ལ་འཇམ་མགོན་བླ་མའི་གདན་ས་རི་བོ་དགའ་ལྡན་ནས་ཁྲི་རིན་པོ་ཆེ། སློབ་ཆུང་། གྲ་པ་དྲུག་ཅུ་སྐོར་གྱིས་གོས་དར་ཇ་རས་ཀྱི་དངོས་པོ་དང་བཅས་ནམ་ཡང་གཡོ་བ་མེད་པའི་བདེན་ཚིག་གི་མེ་ཏོག་འཐོར་བར་མཛད། སྤྱོད་བསྡུས། ལམ་སྒྲོན། བདེན་པ་གཉིས་ལ་འཇུག་པ་གསུམ་གྱི་ལུང་ཕུལ། ཚེས་དགུ་ལ་རྒྱ་ནག་མི་སྣ་རྣམས་ཀྱི་ཞར་དུ་བསམ་གྲུབ་དགའ་ལྡན་དང་གསང་སྔགས་བྱང་ཆུབ་གླིང་གི་བླ་མ་སོགས་ལ་ལྷ་གཅིག་བུམ་གཅིག་ལ་བརྟེན་པའི་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། རྟ་མགྲིན་གསང་སྒྲུབ་ཀྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ། ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ། ལས་གཤིན་ཕྱི་སྒྲུབ། གོང་སྟེང་དུ་གསང་སྔགས་བྱང་ཆུབ་གླིང་གྲ་དམངས་ལ་སྒྲུབ་རྒྱ་ནས་བཤད་པའི་སྤྱན་རས་གཟིགས་ཁ་སཪྤཱ་ཎི་དང་སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ། གུར་ནས་གསུངས་པའི་ཕྱག་རྡོར་འབྱུང་འདུལ། སོ་སོར་འབྲང་མ། གསེར་གདུགས་ཅན་གྱི་འཇམ་དཀར་ཤེས་རབ་འཁོར་ལོ་རྣམས་ཀྱི་རྗེས་གནང་བསྐུར། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ་ནང་གི་མགོན་པོ་སྙིང་ཞུགས་ཀྱི་ཕོ་བ། གསར་རྩོམ་ཀླུ་གཏོར། དཀར་ཆ་བཞི། མཁན་ཆེན་ཞ་ལུ་པས་མཛད་པའི་འབྱུང་བཞིའི་གཏོར་མ་སོགས་ཀྱི་ལུང་དང་། དམིགས་བརྩེ་མར་བརྟེན་པའི་བླ་མའི་རྣལ་འབྱོར་ཕུལ། བྱང་ཆུབ་གླིང་པ་སྒེར་ལ་གྲ་ཚང་གི་ཚོགས་འདོན་གྱི་རིང་འཚོའི་ཚིགས་བཅད་ནས་སྣོད་བཅུད་བདེ་ལྡན་མ། རྡོ་རྗེ་བྲག་སྤྲུལ་སྐུས་མཛད་པའི་རྒྱལ་ཀུན་ཐུགས་རྗེ་མ་མ་གཏོགས་ཡོངས་རྫོགས་དང་འགྲོ་ལ་རྗེས་བརྩེ་མ་རྣམས་ཀྱི་ལུང་ཕུལ། གོང་


GLG006_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གི་མི་སྣ་གཉིས། འགྲུལ་སྡེབས་ཀྱི་བླ་མ་གསུམ། གསང་སྔགས་གླིང་གི་བླ་མ་སོགས་ཉུང་བསྡུས་ལ་གསེར་ཆོས་འཇམ་ནག་གི་རྗེས་གནང་བསྐུར། ཚེས་བཅུ་ལ་རྒྱ་ནག་གི་གསེར་ཡིག་པ་འགྲུལ་སྡེབས་དང་བཅས་ཕྱོགས་ཐག་རིང་ནས་ཆེད་གཉེར་ཡོངས་པ་སོགས་དགེ་ཚུལ་གོ་དགུ། དགེ་སློང་ཆིག་བརྒྱ་དང་བཞིར་སྡོམ་པ་ཕབ། ཚེས་བཅུ་གསུམ་གོང་གི་མི་སྣ་གཙང་ལ་འགྲོ་གདོང་ངོས་ཀྱིས་ཕྲད། གོང་དཀར་ཆོས་སྡེའི་བླ་མ་ཆོས་འཆད། གྲ་རིགས་སུམ་ཅུ་སྐོར་འབྱོར་བར་སྔ་འགྲོས་སུ་བརྒྱད་སྟོང་པའི་གསུང་སྒྲོག་བཙུགས། སེ་སྟོན་རིན་ཆེན་རྒྱལ་མཚན་གྱི་ཞབས་ངར་བརྒྱ་མཁར་གདུང་བརྒྱུད་དང་དེའི་དབུ་ཞྭ་དབུ་མཛད་བློ་བཟང་ཡོན་ཏན་གྱི་ལག་ཏུ་བྱུང་བ་ཡང་འབྱོར། ཚེས་བཅུ་དགུར་ཉི་ལྡེ་སྤྲུལ་སྐུ། མཁའ་འགྲོ་དགེ་ཚུལ། གསར་འབྱོར་ཨེར་ཁེ་ཐའི་ཇི་སྤུན་དང་ཕྲད། རྭ་སྒྲེང་མཁན་ཟུར་གྱི་གྲ་པ་རྣམས་ཀྱི་ངོར་མཁན་པོའི་བརྟན་བཞུགས་ཚིགས་བཅད། སྨོན་ལམ་ཆེན་མོར་ཉིན་གྲངས་ཀྱི་པར་བཀབ་མེད་ནའང་རིང་མཐའ་ཞག་བཅོ་ལྔ་ཙམ་ཡོང་བའི་དབང་དུ་བཏང་ནས་ཉིན་སྟར་གྱི་ཆོས་རའི་ཡོལ་བ་བླ་བྲེ་གདན་རྣམས་རེ་རེ་བཞིན་གསར་བརྗེས་བྱེད་རྩིས་ངེད་རང་གི་བློར་མ་ཤར་ཡང་སྡེ་པས་གཙོར་འདོན་མཛད་སོང་བ་རྣམ་པ་གཅིག་ཏུ་འཇིག་རྟེན་ཆོས་བརྒྱད་དུ་སོང་བས་ཧ་ཅང་གི་དགོས་པ་མི་ཆེ་མོད། འོན་ཀྱང་བླ་ཆེན་ཐམས་ཅད་ཀྱི་ངོམ་གཅིག་མར་སོང་གཤིས་གྲ་བསྒྲིགས་འདི་ཚོའི་ཐོག་སྨོན་ལམ་དུ་འགྲོ་ཐུབ་པ་ཞིག་དགོས་རྒྱུ་ཡིན་ཀྱང་སྔོན་བསགས་རྣམ་པར་སྨིན་པའི་ནད་གཅོང་གིས་ཟིན་སྟབས་སླེབས་མ་ཐུབ། སྔར་སྤུས་སྲང་དྲུང་འཚོ་བས་གདུགས་བྱིན་པ་སོགས་ཀྱི་གླེང་བརྗོད་ལྟར་སྒོ་དུ་མ་ནས་ལོ་རེ་ནས་ལོ་རེ་མདོར་


GLG006_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཀྱི་ཚེ་རྒྱ་རྒྱུག་རྒྱུག་བྱས་པའང་རྗེ་བཙུན་མི་ལས། ཕ་ཡོད་ཙ་ན་བུ་ཡང་མེད། བུ་ཡོད་ཙ་ན་ཕ་ཡང་མེད། ཅེས་པའི་དཔེར་སོང་མོད་གང་ལྟར་བཤད་མ་ཐག་པའི་ཡོལ་བ་བླ་བྲེ་གདན་ཆས། ངེད་རང་དང་སྡེ་པའི་རྟའི་གསར་ཆས་རྒྱུག་ཆས། རིན་ཆེན་རྒྱན་ཆའི་དུས་དྲུང་འཁོར་རྣམས་ལ་གཏོང་རྒྱུའི་གསར་ཆས། རིན་ཆེན་རྒྱན་ཆ་དངོས་གཞི། སྤྱི་བཀའ་དང་སྒོས་བཀའི་དབང་བྱིན་རླབས་རྗེས་གནང་རིག་གཏད་རབ་གནས་སོགས་ཀྱི་ཡོ་བྱད། ལོ་གསར་དུས་རིམ་ཆེན་མོ་དང་གཞན་ཡང་མདོས་བསྐང་ཚེས་བཅུ་ཁྲོ་རོལ་སོགས་ཀྱི་སྤྱན་གཟིགས་གར་འཆམས་རྣམས་ཀྱི་དེབ་ཀྱི་འགོ་བརྗོད། སྔགས་ཐང་ལེ་ཚན་གྱི་རྒྱབ་ཡིག་སོགས་བྲིས། ཉེར་གཅིག་ལ་གྲ་ཚང་གི་ལྷ་སར་ཞི་ཁྲོ་ཡོངས་རྫོགས་ཀྱི་སྒོ་ནས་སྐོང་བཤགས་ཉིན་ལྔ་བཏང་། ཉེར་གཉིས་ལ་སྡེ་པ་ལྷ་རྒྱ་རི་བའི་དཔོན་ས་ཡུམ་སྲས། དོལ་དུམ་བུ་ཆོས་འཁོར་གྱི་སློབ་དཔོན་མངོན་དགའ་རབ་འབྱམས་པ། དཔོན་མོ་བསོད་ནམས་ཚེ་དབང་སོགས་དང་ཕྲད། རྒྱ་རི་ལྕམ་གྱི་གཙུག་ཕུད་བླངས་ཤིང་མཚན་བློ་བཟང་ཆོས་སྒྲོན་དུ་གསོལ། གཉལ་རྫོང་སྡོད་ཞང་མཁར་ནས་ལ་ལབས་པ་ལྟར་འཚོ་བྱེད་དཀར་པོ་བཏང་བྱུང་བ་མན་ངག་དང་ཕྱག་ལེན་ཟུར་ཁྱད་མང་ཙམ་ཡོང་འདུག་པ་རྣམས་དར་མོ་བ་ཉན་དུ་བཅུག་པའི་བདག་རྐྱེན་གང་ལེགས་དང་བཅས་ཕྱིར་སློག །ཧོར་ཟླ་དགུ་པའི་ཚེས་གཉིས་ལ་གོང་དཀར་རྡོ་རྗེ་གདན་པ་རྣམས་ཀྱིས་ཚན་གྲངས་དང་བཅས་ཚེ་དཔག་མེད་ཀྱི་ཆོ་ག་དང་འབྲེལ་བའི་རིང་འཚོའི་རྟེན་འབྱུང་མཛད་ཐོག་ཆབ་ནག་བླ་མ་དཔོན་སློབ་ཀྱིས་སྣམ་ཕྲུག་གིས་གཙོས་ཡུལ་ལུགས་ཀྱི་སྐྱེས་དཔངས་མཐོ་བའི་མཎྜལ་བརྟན་སྡོད་ཀྱི་ཆེད་དུ་བསྟར། ཨ་མདོ། འ་ཤུར་ཕྱོགས་ནས་རྟ་འབུལ་བ་


GLG006_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་བའི་བཞི་བརྒྱ་ལྷག་བཅས། རྭ་སྒྲེང་མཁན་པོ་མངའ་རིས་པས་རྟ་སྒ་བཅས་བཞི་བཅུས་ཐོག་དྲངས་དངོས་པོ་གཏོས་ཆེ་བ་བོད་ཀྱི་མཁན་པོ་ཞིག་ལ་གཏོང་བའི་ཕྱག་རིང་པོར་རྐྱོང་ནུས་པའི་སྟེར་སྦྱིན་མཛད། འབྲས་སྤུངས་ཀྱི་སློབ་དཔོན་རྣམས་ལས་ཚན། ཤངས་སྤོར་ཏོག་དང་ཀོང་པོ་རྙིང་ཕུ་བླ་མ་རྣམས་དང་ཕྲད། གོང་དཀར་ཆོས་སྡེར་ཡང་དག་གི་སྒྲུབ་མཆོད་མི་འདུག་པ་འཛུགས་པའི་མཐུན་རྐྱེན་སྦྱར་སྐབས་ཡིག་ཆའི་ཆོག་སྒྲིགས་ཀྱི་བསྐུལ་མ་བྱུང་བ་དཔལ་ལྡན་བླ་མ་དམ་པའི་ཕུར་པའི་མངོན་དཀྱིལ་རྙིང་མ་བཀའ་མའི་དགོངས་དོན་འཁྲུལ་མེད་ལ་སོང་གཤིས་ལྷ་ཁ་སྤོས་ཀྱང་བཏུབ་ཙམ་ཡོང་ནའང་ཧ་ཅང་གི་རིགས་འགྲེར་སོང་དོགས་ཤིང་། བདག་པོ་ཀུན་རིན་པས་མཛད་པ་ཞིག་སྣང་བ་དབྱར་ཚད་པ་ཆེ་སྐབས་གྱོ་མོ་སྤུངས་པའི་བསིལ་གྲིབ་ཙམ་ཡོང་ཤས་ཆེ་ཡང་འཁོན་སྟོན་གོང་མའི་བཞེད་པ་ལ་ཆུ་བུན་གྱི་ཚོས་ཆེན་པོ་རྒྱབ་འདུག་པས་ཕུགས་ཀྱི་བསྟན་རྒྱུན་ལ་ཕན་རེའི་སློབ་དཔོན་ཧཱུྃ་ཀཱ་རའི་མངོན་དཀྱིལ་རྩ་བར་བཟུང་སོ་ཟུར་གནུབས་གསུམ་གྱི་ཡིག་ཆ་དང་རྒྱབ་བརྟེན་རྙིང་མའི་རྒྱུད་རྣམས་ལ་ཞིབ་མོར་དཔྱད་ནས་དཔལ་ཡང་དག་ཟླ་གམ་དགུ་པའི་འཕྲིན་ལས་རྒྱུད་དོན་སྣང་བྱེད་དང་དཀྱིལ་ཆོག་ཧཱུྃ་མཛད་ཞལ་ལུང་གཉིས་གསར་རྩོམ་འདི་རེས་གྲུབ་པ་ཆོས་སྡེ་པ་དཔོན་སློབ་ལ་ལུང་ཕུལ། ཡིག་ཆ་འདི་ལ་གསང་འདུས་ཀྱེ་རྡོར་གཉིས་ཀྱི་ལྷད་འཇུག་རྒྱུ་མ་བྱུང་བས་ས་དགེའི་ཁྲོད་དུ་ར་ཕོ་དཀར་པོ་ལུག་ཁྱུར་མ་འདྲེས་དོགས་མི་དགོས་པར་སྣང་། རྩྭ་སྒྱེ་མོའི་རང་བྱུང་ཁྲུས་ཀྱི་རྫིང་བུ་ནས་ཆུ་བླངས་ཏེ་ཉིན་བདུན་གྱི་བར་ནད་རོར་ཕན་རེའི་འབད་པ་ཆེན་པོས་བསྟེན་པ་ཆུ་ཚན་ལ་ནུས་པ་མེད་པ་ག་ལ་ཡིན་ཀྱང་སྐྱེ་བ་མང་


GLG006_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

པོར་རྩོལ་བས་བསྒྲུབས་པའི་ལས་ངན་གྱི་འབྲས་བུ་འདི་ཧ་ཅང་ཤུགས་ཆེས་པས་དེ་ལ་སྟོབས་བཞི་སོགས་ཀྱི་སྒོ་ནས་སྦྱོང་ཐབས་ཤིག་མ་བྱུང་ན་ཐབས་གཞན་གྱིས་ཕན་པར་དཀའ་ཚོད་དུ་འདུག་པས། བཤགས་སྟོད་དུ། དེ་ཡང་རྒྱུན་དུ་སེམས་ནི་རྣམ་རྨོངས་ལ། །ཡུན་རིང་དུས་སུ་ནད་གཞི་བསྟེན་བྱེད་ཅིང་། །མཛེ་ཅན་རྐང་པ་ལག་པ་ཆད་པ་ལ། །ཐང་འགའ་སྨན་བསྟེན་པ་ཡིས་ཅི་བགྱིར་མཆིས། །ཞེས་པའི་དོན་དུ་མངོན། དགེ་སློང་བློ་བཟང་ཀུན་དགའ་སྨོན་ལམ་གྲ་སྐོར་གཏོང་བའི་སྔོན་བགྲོད་གྲ་ཚང་གི་ཞལ་འདོན་ཡོངས་རྫོགས། དགའ་ལྡན་ཆོས་འཁོར་ཡང་རྩེའི་གྲ་པ་དཀའ་བཅུ་བློ་བཟང་བཀྲ་ཤིས་ཀྱི་གསར་རྩོམ་མཛོད། བློ་བཟང་ལྷུན་གྲུབ་ཀྱིས་ཕར་ཕྱིན། དཀའ་བཅུ་བློ་བཟང་ལེགས་ལྡན་གྱིས་དབུ་མའི་རྒྱུགས་སྤྲད། དེ་སྐབས་ཕྱོགས་མཐའི་བགེགས་རིགས་ལ་དམིགས་ཏེ་ཚེས་བཅུ་གཅིག་ནས་གྲ་ཚང་གིས་ཁྲོ་རོལ། སེར་འབྲས་སུ་ཞག་བཅོ་ལྔའི་ཇ་ཚུལ་ཐོག་གདུགས་དཀར་ཤེར་སྙིང་། ཞང་སྟོན་པས་མོ་ཕྱྭ་བརྩིས་ནས་བཟློག་བསྒྱུར་བཏང་། གོང་གི་གསེར་ཡིག་པ་གཞོན་པའི་ངོར་དམིགས་བརྩེ་མའི་ཊཱིཀྐ་དང་འཛམ་ནག་གི་སྒྲུབ་ཐབས། མངའ་རིས་གྲ་ཚང་གི་སློབ་དཔོན་བློ་བཟང་ནོར་བུའི་ངོར་མ་ཎི་རིལ་སྒྲུབ། མྱུག་ཆོས་འཁོར་གླིང་པའི་ངོར་ཡུན་འཚོའི་ཚིགས་བཅད། ཆ་ཁར་ཐེ་ཡན་ཆིའི་ཚབ་དགེ་འདུན་གྲགས་པའི་ངོར་རིང་འཚོའི་སྨོན་ལམ། མཚན་སྒྲོག་མཁན་པོ་ངག་དབང་འཕྲིན་ལས་ཀྱི་གསུང་གིས་བསྐུལ་ནས་མཎྜལ་འབུལ་ཚིག་དང་འབྲེལ་བའི་སྨོན་ལམ། ཤེས་རབ་རྒྱ་མཚོས་བསྐུལ་བའི་སྨོན་ལམ། ཨུ་ཆུ་མུ་ཆུ་ཆེ་ཆེན་ཆིང་དབང་གི་འདོད་པ་ཙམ་དུ་འབྲལ་མེད་རྗེས་འཛིན་


GLG006_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྨོན་ལམ། ར་མོ་ཆེའི་རྟེན་དེབ་ཀྱི་འགོ་བརྗོད། རི་རྒྱ་བ་དབང་རྒྱལ་རྡོ་རྗེས་གྲ་ཚང་དུ་ཞལ་ཐང་གྲ་ཚར་བཞེངས་ཏེ་ཕུལ་བའི་རྒྱབ་ཡིག་དང་སྙན་དར་བརྒྱ་དོན་ལྔ་ཕུལ་བའི་ཁ་བྱང་། བྱིང་པ་བློ་བཟང་ཆོས་ལྡན་གྱི་ངོར་གནས་བརྟན་བཅུ་དྲུག་ལ་བརྟེན་པའི་རིང་འཚོའི་ཚིགས་བཅད། ཤེས་རབ་བཟང་པོས་བསྐུལ་པའི་བླ་མ་བློ་བཟང་འཕྲིན་ལས་ཀྱི་གསོལ་འདེབས། སྟག་རུ་བ་བློ་བཟང་དངོས་གྲུབ་ཀྱི་དོན་དུ་འོལ་དགའི་ནང་མི་རྣམས་ཀྱིས་ཉི་ཁྲི་དང་བརྒྱད་སྟོང་པ་བཞེངས་པའི་སྨོན་ལམ་རྣམས་བརྩམས། འ་ཤུར་ཆོས་བཟང་། དགེ་སློང་ཤེས་རབ་ཅན་གྱིས་རྟ་ཉེར་བདུན། ཧ་སྡོང་མགོན་ནེ། ལྷུན་གྲུབ་བཀྲ་ཤིས། བསྟན་པ། དགེ་འདུན། ཕུར་རྩ་ངག་དབང་། ར་ཁོས་བསྟན་པ་སོགས་ཀྱི་རྟ་སྒ་མ་ཉེར་ལྔ་ཐེ་བའི་ཉིས་བརྒྱ་དང་བརྒྱད། རོང་པོ་རབ་འབྱམས་པ་བསྟན་པ་གྲགས་པ། ཟུང་ཆུ་རྒྱལ་མཚན། བློ་བཟང་དགེ་འདུན། མཆོག་གྲུབ་བཅས་པས་རྟ་ཉེར་ལྔ། ད་ཡན་ཆོས་རྗེའི་དབོན་པོ། མཛོ་དགེ་དཀའ་བཅུ། ཐང་ཁ་རི་ཇའི་སང་བླ་མ་སོགས་ཀྱིས་རྟ་ཉེར་བདུན། ཨེར་ཏེ་ནི་ཆོས་རྗེས་རྟ་ཞེ་ལྔ། བྱ་བྲལ་རྒྱལ་མཚན་ཅན་གྱིས་རྟ་དོན་གཅིག་རྣམས་བྱིན། ཟ་ཟིའི་འཁྲུལ་རྟོག་རྫུན་ཡིག་སྒྱུ་མའི་འཁྲུལ་འཁོར་སོས་ཀྱི་ཉི་རིང་འཕུལ་བའི་ཐབས་སུ་ཚར་གཉིས་འདྲི་བའི་རྒྱུས་ཡོད་པ་སྔགས་འཆང་གཞིས་ཀ་ཤར་པ། དོ་དམ་བྱ་སྒོ་ཆོས་མཛད་བློ་བཟང་དབང་ཕྱུག །རི་མོ་བ་དབུ་འབྲིང་ཕོ་བྲང་ཕུན་ཚོགས། དབུ་ཆུང་ཆོས་མཛད་བཀྲ་ཤིས། དམངས་ཉེར་བཞི་སྐོར་གྱིས་བྱས་པའི་དགོས་ཆ་ཚོ་ཕྱག་མཛོད་དང་ཞོལ་གཉེར་ཚང་ནས་སྤྲད། ཉེར་ལྔ་ལ་གོང་གི་མི་སྣ་འགྲུལ་སྡེབས་དང་བཅས་པར་ཐོན་གདོང་


GLG006_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

གི་བཞུགས་གྲལ་སྟེར་ཆ་དང་གོང་གི་ཞུ་ཡིག་འབུལ་བར་སྤོས་ཁང་མཁན་པོ་རྒྱ་ཕྲུག་པ་དང་སྐྱིད་སྟོད་པ་གཉིས་ཀྱང་འདེགས་རྩིས་ཀྱི་འབུལ་བ་སོགས་སྤྲད། ཤེར་འཕེལ་སྤྲུལ་སྐུ། བྱ་ཡུལ་མཁན་པོ། ངམ་རིང་མཁན་པོ། ཆབ་ནག་གསང་གླིང་། རོང་དགའ་ལྡན་བྱམས་པ་གླིང་། ཐང་སག་བཞིའི་སློབ་དཔོན། གསེར་ཏོག་ཐོ་ཡོན། སྡེ་སྲིད་ལྷུན་པོ་རྫོང་པ་བསྟང་ཞལ་རྣམས་དང་མཇལ་ཕྲད་བྱས། ལྷུན་པོ་རྫོང་པའི་སྲས་ལ་ངག་དབང་ཚངས་པར་གསོལ། ས་ལུགས་ཕྱོགས་ལ་འགངས་ཆེ་བའི་རིགས་ཚོ་གསུང་ངག་གི་གྲུབ་མཐའ་སྙོག་པའམ་རྣལ་འབྱོར་གསང་མཐའི་ལམ་ལ་བརྟེན་ནས་དག་ཞིང་མྱུལ་བ་ལས་སྐུ་སྐྱེའི་སྲོལ་ཆེར་མི་འདུག་རུང་འཇམ་མགོན་གྲུབ་པའི་དཔའ་བོ་ཀླུ་སྒྲུབ་རྒྱ་མཚོ་ས་ལུགས་སྤྱི་དང་བྱེ་བྲག་ཁའུ་བྲག་རྫོང་པའི་བསྟན་པའི་ཉི་མ་ཆེན་པོ་ཡིན་པར་ཀླུ་སྒྲུབ་ཆོས་ཀྱི་རྒྱ་མཚོར་གྲགས་པའི་སྐུ་སྐྱེ་བྱུང་བ་མཁས་གྲུབ་ཀྱི་ཆ་ནས་གོང་མའི་ཞབས་ལ་ཐག་པ་མ་བཏགས་ཀྱང་རྟག་བརྟན་སྤྲུལ་སྐུ་སོགས་མི་དགེ་བའི་བཤེས་གཉེན་གྱིས་དབྱེན་བཅོས་ཏེ་ནད་པ་སྨན་གཞུང་ལྟར་ན་བ་མ་བྱུང་། སྔགས་པ་ཞིག་གི་བུར་ཁོང་གི་སྐུ་སྐྱེ་ཡིན་ཟེར་འདིར་བྱུང་བ་བཏང་སྙོམས་ལས་བཟང་ངན་གསལ་ཁ་མ་བྱས་རུང་མ་བྱུང་བྱུང་བརྫུའི་འབག་གཡོར་གྱིས་བྱ་རྒོད་གཤོངས་ཀྱི་ཁྲོད་དུ་བསྟན་པ་འཇིག་གྲབས་བྱུང་འཕྲོས་འདུག་པ་ཀར་འབྲུག་གྲ་རིགས་ཁ་གསོ་རྟེན་ལ་ཡང་ཤི་ཡང་ལོག་གི་ནད་དེ་དུས་ཕྱིས་རང་ཕྱོགས་དགེ་ལུགས་པ་ལ་ཡང་འགོས་ཤིང་ད་ནི་ས་སྐྱ་པར་ཡང་འགོས་དོགས་འདུག་གོ །མཚུར་ཕུ་ནས་ཞྭ་དམར་མཆོག་གི་སྤྲུལ་སྐུ་འདིར་ཕེབས་པའི་སྒོ་དོད་པར་ཕྱི་ནང་ཚང་མ་ནས་ཁོང་དཔོན་སློབ་དབང་མེད་ཀྱི་མི་འབྱོན་ཀ་མེད་ལ་བཀུར་གཟོས་ཀྱི་རིགས་ཆེར་


GLG006_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགོས་གླེང་བ་སྔར་དཔལ་དེར་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དང་མཇལ་འཛོམས་སྐབས་ཀརྨ་པ་དབང་ཕྱུག་རྡོ་རྗེས་ལྡང་བ་ཙམ་ཡང་མ་གནང་། ཞྭ་དམར་དཀོན་མཆོག་ཡན་ལག་གིས་བཞེང་བ་ཙམ་མཛད་འདུག་ཅིང་ཁོང་རང་དཔོན་སློབ་ནས་གནང་སྟབས་བདེ་སྐབས་སུ་ལའང་སྤྱན་མས་འགེབས་ཁོ་ནའི་རྒྱུན་མཆིས་པ། གང་གང་བ་ཡི་ལས་བྱས་པ། །འབྲས་བུ་དེ་ལྟ་ཉིད་དུ་སྨིན། །ཞེས་པའི་དོན་བཞིན་རྣམ་པ་གཅིག་ཏུ་མ་འོས་རྒྱུ་མི་སྣང་རུང་དབང་ཆེན་དབང་མེད་ཀྱི་དུས་དྲེའུ་རྔོག་ཙམ་པའི་སྟེང་དུ་བཞུགས་སུ་གསོལ་ཡང་དེ་ལྟར་ལགས་སོ་ལས་རྩོད་པ་ཡོང་དོན་ཅི་ལ་ཡོད་ཀྱང་ཡོངས་གྲགས་ཀྱི་བླ་ཆེན་ལ་གཟོས་མ་ཕུལ་ན་རང་གི་ནང་ཆ་སྟོན་པར་མ་ཟད་ངེད་འཕྱོང་རྒྱས་སྟག་རྩེར་བཅས་པ་སྐྱེ་སས་མ་ཁྱོགས་པའི་གདོང་ཁྲག་མེད་པ་མ་ནུས་པའི་གཤིས་ཆིབས་བསུ། འབྲི་སྟག་དང་ཆ་མཚུངས་པའི་བཞུགས་ཁྲི་ལྡང་བ་གཞིས་ལེན་སོགས་དམངས་ཀྱི་བློར་མི་ཤོང་བཞིན་དུ་གང་རྒྱས་བསྟར། ཚུར་གནང་སྐྱེས་ཀྱང་དིང་སང་དབུས་གཙང་དུ་གྲུ་བཞི་ལམ་མེར་བཞུགས་པའི་བླ་ཆེན་རྣམས་ལས་ཁོང་དཔོན་སློབ་བཀག་པོར་ཕེབས་ནའང་ལྷ་ཆེན་པོའི་རོའི་དཔེ་ལྟར་སྤྱན་བབས་མཐོ་བར་འདུག་ཅིང་ཕར་འབུལ་ཡང་གཟེངས་བསྟོད། གསུང་འཕྲོས་ནི་ཆོས་འཇིག་རྟེན་གཉིས་ཀ་ནས་ཆེར་མི་གནང་བ་རྗེ་གོང་མ་ཆོས་ཀྱི་དབང་ཕྱུག་གིས་ལྷག་མ་ལུས་པར་བསྣམས་ཚོད་དུ་མཆིས། ལར་ནས་སྒོ་ཡངས་ན་མཁས་པའི་ཚུལ་དང་སྦུབས་ཐུམས་ན་གྲུབ་པའི་ཚུལ་འདི་བླ་ཆེན་ཚོའི་སྒྲིབ་ཤིང་ལ་ཉེ་བར་མཁོ་བས་ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱི་བྱིན་རླབས་ངམ་ངམ་ཤུགས་ཀྱིས་འབྱུང་བར་གདའ་འོ། །དེ་ཞོར་བསམ་ཡས་ནས་རིགས་འཛིན་དཀར་པོ་བའི་གདུང་བརྒྱུད་ཀུན་དགའ་ཆོས་


GLG006_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རྒྱ་མཚོ་དང་ཕྲད་ཅིང་ཁོང་དཔོན་སློབ་ཟབ་བུ་ལུང་གི་ཞིག་གསོས་ལ་འབྱོན་རྩིས་ཀྱི་གུ་རུ་མཚོ་སྐྱེས་རྡོ་རྗེ་དྲངས་འདུག་པ་འཇལ་ནས་བྱིན་རླབས་ཞུས་ཤིང་སྨོན་ལམ་བཏབ། དཀར་ཆེན་ཀུན་གྲགས་པ་དེ་བསམ་ཡས་ལ་མཛད་པ་ཆེ་བ་ཡིན་ནའང་དིང་སང་གི་རྗེས་འཇུག་རྣམས་ཟན་གོང་ཆེན་པོའི་རྟིང་པ་མ་ཞིམ་དོགས་པར་སྣང་། གོང་གི་གསེར་ཡིག་པ་ཕལ་ཆེར་གྱིས་གྲ་ཚང་དུ་ཚེ་ཆོག་རྒྱས་པའི་སྦྱིན་བདག་བྱས་པ་མང་གཤིས་ད་ལམ་ཡང་རྒྱས་བསྡུས་ཇི་ལྟ་བུ་ཡོང་སྙམ་པའི་རེ་དོགས་ཀྱི་ངང་ནས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པའི་རྒྱུ་སྦྱོར་བ་བྱམས་གླིང་ཨེམ་ཆི་ལས་ཁྱད་ཀྱིས་དྲག་པ་བྱུང་། མི་སྣ་རྣམས་དང་ཕྱོགས་མཚུངས་སུ་སྤོས་ཁང་མཁན་པོ། ཤེར་འཕེལ་སྤྲུལ་སྐུ། སེ་རའི་སློབ་དཔོན་གསུམ། ཆབ་ནག་དང་གསང་གླིང་བླ་མ་སོགས་ལ་འོད་ཟེར་ཅན་མའི་རྗེས་གནང་དང་གསར་རྩོམ་དམིགས་བརྩེ་མའི་འགྲེལ་པ་གཉིས་ཀྱི་ལུང་བཀླགས། སང་ཉིན་མཁན་པོ་གཉིས། མི་སྣ་གཞོན་པ། ཕ་བོང་ཁ། ཆབ་ནག །གསང་གླིང་སློབ་དཔོན་གསུམ། འདར་ལོ་རྒན་གཞོན། ལྐོག་པ་ཕུན་དབང་རྣམས་ལ་ཕ་དམ་པ་ལུགས་ཀྱི་འཇམ་དབྱངས་སྨྲ་སེང་གི་རྗེས་གནང་དང་། དེ་གའི་སྒྲུབ་ཐབས་རྗེས་གནང་རིལ་སྒྲུབ་གསུམ་སྒྲུབ་ཁང་པས་མཛད་པའི་ལུང་། སྤྱན་རས་གཟིགས་སེང་གེ་སྒྲའི་རྗེས་གནང་དང་གསར་རྩོམ་མ་ཎི་རིལ་སྒྲུབ། འཇམ་ནག་སྒྲུབ་ཐབས་ཀྱི་ལུང་བཀླགས། འབྲོག་རྒན་འདྲའི་ཆུ་ཚན་སྡེ་པའི་འཕྲོད་བསྟེན་ལ་བླངས་འདུག་པའི་ཕུད་ནས་ལག་པར་ཕན་རེའི་ཉིན་གསུམ་གྱི་བར་ལྡིང་ཟངས་ནང་དུ་བརྒྱབ། ལྷ་ཆེན་ཚངས་པའི་སྤྱན་སྔར་ཞུ་འཕྲིན་སྤྱན་གཟིགས་ཚོགས་འཁོར་དང་བཅས་བླང་དོར་གྱི་དྲི་སྨེད་ལ་གྲ་ཚང་གཉེར་པ་མངགས།


GLG006_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཧོར་ཟླ་བཅུ་པའི་ཚེས་གཅིག་ནས་གྲ་ཚང་གི་ཤིན་རྗེ་ཐམས་ཅད་འདུས་པའི་སྔགས་རིང་བཟློག་པ་དང་བཅས་པ་བྱེ་བ་རེ། ཀ་ཚལ་བླ་མ་རིགས་འཛིན་དཀོན་ཅོག་ལྷུན་གྲུབ་ཀྱི་འཕྲིན་ལན་སྙན་ངག་གི་ལམ་ནས་དྲངས་པ་བསྲིངས། པ་རྣམ་མཚན་སྒྲོག་མཁན་པོ་གྲ་བཅས་དང་མྱུག་ཆོས་གླིང་གྲ་ཚང་པ་རྣམས་ཀྱིས་སོ་སོས་མཎྜལ་གྱི་ཚུལ་དུ་ཚན་གྲངས་རིང་པོ་བརྐྱངས་ཏེ་ཡུན་དུ་འཚོ་བའི་རྟེན་འབྲེལ་བསྒྲིགས་ཤིང་སྨན་བླ་སྤྲུལ་སྐུའི་རྗེས་གནང་། གསར་རྩོམ་མདོ་ཆོག་བརྒྱུད་འདེབས། གཏོར་མ་བརྒྱ་རྩ་མུ་ཐི་ལའི་འཁྲི་ཤིང་། དཀར་ཆ་བཞི། གསུར་བསྔོ། མཁན་པོའི་ངོར་རིང་འཚོའི་ཚིགས་བཅད་དང་མཎྜལ་སྨོན་ལམ་སྟེ་དྲུག །བྱམས་པས་དམ་བཅས་པ། ཤེས་རབ་བསྐྱེད་པ། སྟོང་འགྱུར་ཏེ་གཟུངས་ཕྲན་བུ་རྣམས་ཀྱི་ལུང་ཕུལ། ཚངས་པ་དུང་ཐོད་ཅན་ལ་སྤྱན་གཟིགས་ཚོགས་ཆས་ལུང་བསྟན་གསོལ་བའི་འཕྲིན་ཡིག་དང་བཅས་གྲ་ཚང་གཉེར་པ་བཏང་། རིགས་གྲ་བའི་མཆོད་གཞིས་རག་མ་བ་ཚོས་མར་ཕྱུར་ལ་བརྟེན་པའི་བདོག་པ་བསྟར། མངའ་རིས་སུ་བཀྲ་ཤིས་རྩེ་པ་ཅན་བཏང་བ་ཕྱིར་འཁོར་བའི་ཟླར་པུ་རངས་བླ་མ་ཡེ་ཤེས་རྒྱལ་མཚན་ཟེར་བའི་གསེར་མདོག་ཅན་པ་ཞིག་དང་ཡེ་ཤེས་དྲི་མེད་གཉིས་ཀ་རྒྱུན་མང་བ་དང་བཅས་འབྱོར་བའི་གུར་ཀུམ་གཙོ་བོར་གྱུར་པའི་སྟེར་སྦྱིན་བྱས། དེ་ཞོར་གནས་རྙིང་སྐུ་སྐྱེ། གཡོན་རུ་སྐུ་སྐྱེ། འབྲུག་པ་ཕྱག་མཛོད་ལྷ་ཁང་པ་སོགས་དང་ཕྲད། དཔོན་མཁའ་འགྲོའི་སྙིང་ལ་བདུད་ཞུགས་པའི་བྱེད་ངན་གྱི་ཕུང་ཞོར་ལ་བརྟེན་སྒར་ཆེན་རྒྱལ་ཐང་ཕྱོགས་སུ་བཞུགས་ཐེབས་དང་བྲལ་བའི་ད་ལའི་ཧུང་


GLG006_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཐའི་ཇིས་སོག་པོའི་མི་བཟང་དཔུང་བཅས། ཞལ་དཔོན་འགྲོ་ཕན། དར་རྒྱས་བཀྲ་ཤིས་རྣམས་གདན་འདྲེན་ལ་མངགས་ཏེ་དབུས་ཕྱོགས་སུ་ཕེབས་དགོས་ཤར་བའི་ལྷ་སར་ཕེབས་གདོང་ཆིབས་བསུ་དང་ཐབས་སུ་གང་རྒྱས་ངོས་མཆོད་ཡོན་གཉིས་དང་མཇལ་ཕྲད་ཞྭ་དམར་སྤྲུལ་པའི་སྐུ་དང་ཕྱོགས་མཚུངས་པར་བྱུང་བར་སྣང་། ཚེས་དྲུག་ལ་པོ་ཏྭ་ལར་ཕེབས་ཉིན་བཀུར་གཟོས་རྗེ་ཞྭ་དམར་བ་དང་ཕྱོགས་འདྲ་ཙམ་ཞུས། དེའི་རྒྱུ་མཚན་ཡང་ཞྭ་དམར་ཆོས་དཔལ་ཡེ་ཤེས་ཡན་ལ་ཀརྨ་པའི་བུ་ཆེན་གྱི་གྲས་ཡིན་ཀྱང་རྗེ་སྤྱན་སྔ་ཐམས་ཅད་མཁྱེན་པ་ཆོས་ཀྱི་གྲགས་པས་དཔལ་ཕག་མོ་གྲུ་པའི་གོ་ས་བཟུང་བ་ནས་ཞྭ་དམར་ནག་གཉིས་ལ་སྤང་རྟོགས་ཆེར་མི་སྣང་། རྗེ་བཅུ་པ་ཆོས་དབྱིངས་རྡོ་རྗེ་འདི་བ་རྒྱལ་ཚབ་གྲགས་པ་མཆོག་དབྱངས་མན་གྱི་ཀར་ལུགས་པ་ཡོད་དོ་ཅོག་གི་བསྟན་པའི་རྩ་བ་སོ་སོར་ཐར་པའི་མཁན་པོ་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་གནས་བརྟན་འདུལ་བ་འཛིན་པ་བསྟན་པའི་བདག་པོ་ཆེན་པོར་གདོན་མི་ཟ་ནའང་དབུས་རལ་དང་སྟོད་ཧོར་གྱི་ན་བཟའ་ཇོ་མོ་དང་སྲས་ཕོ་མོ་སོགས་འཁོར་གྲངས་མེད་པ་དང་ཆབས་ཅིག་ཏུ་ཕེབས་པར་མི་གུས་པའི་བསམ་པ་ཅན་རྣམས་ཀྱང་བློ་འགྱུར་བ་བྱུང་འཕྲོས་འདུག་པ། འདག་མ་རྡོ་བསྲེགས་མཚོན་གྱི་ཆར་པ་དག །དེང་ནས་བཟུང་སྟེ་མེ་ཏོག་ཆར་པར་གྱུར། །ཞེས་པའི་དོན་ནམ་སྙིང་རྗེ་གྱེན་ལ་སྐྱེས་པ་ཡིན་ཆ་མ་འཚལ། གནང་སྐྱེས་ནི་ཆོས་རྗེ་སྒར་པའི་བརྟུལ་ཞུགས་ཀྱིས་ཤིན་ཏུ་དཔངས་མཐོ། དྲིལ་ཡུག་ལ་ཕྱག་འདར་འདར་སིལ་སིལ་མཛད་མཁན་རྣམས་དང་མ་འདྲ། གསོལ་ཇའི་ཐོག་


GLG006_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ངལ་མི་ངལ་བས་མཚོན་སྐྱེས་ཆེན་དམ་པའི་རྣམ་ཐར་དང་མཐུན་པའི་དྲི་བ་ཞུས་ཀྱང་དྲུང་རམས་པས་ལན་ཕུལ་གསུངས་སོང་བ་བཞིན་འཕྲོས་གླེང་མང་དུ་བྱུང་། ལྷ་ཐོ་ཐོ་རིའི་ཕྱག་ཏུ་དཔང་སྐོང་ཕྱག་རྒྱ་པ་བབས་ནའང་རྒྱལ་པོ་སྐུ་ཚེ་རིང་བ་སོགས་ཀྱི་རྟེན་འབྲེལ་ལས་བཤད་ཉན་མེད་པས་བསྟན་པའི་གོ་མི་ཆོད་པ་ལྟར་རྙིང་མ་བའི་ས་ཆོས་རྡོ་ཆོས་ཀྱིས་ཆོས་ཀྱི་གོ་མི་ཆོད་པའི་ཟུར་ཟ་མང་དུ་གླེང་བ་ཁོ་རང་དཔོན་སློབ་ཚོ་ལ་རྨོངས་དད་བྱེད་མཁན་རྣམས་ཀྱིས་ཕྱག་འཚལ་གྱི་མགོ་ལ་རྡོ་རྗེ་འདུག །རྒྱལ་བ་ཀརྨ་པའི་ཕྱག་གིས་ངེད་ཀྱི་ཕྱོགས་སུ་སྤོས་ཕོར་འདེགས་པའི་མི་ཆོས་མཁས་ཤིང་སྐུ་ན་ཕྲ་མོ་ནས་དབུས་གཙང་གི་སྡེ་པའི་བླ་མ་མཐའ་དག་དང་ཐུགས་འདྲིས་པའི་ཕྲ་ལག་སྦོམ་གསུམ་གྱི་གནང་སྒོ་གཞན་དང་མི་འདྲ་བར་མཆིས། རྗེ་ཀརྨ་པའི་སྐུ་སྐྱེ་ལུང་ཟིན་ཡོངས་སུ་གྲགས་པ་དད་པའི་ཡུལ་ཡིན་པར་མ་ཟད་གསང་སྔགས་པ་རྣམས་སྣང་བ་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་འཁྱེར་བ་འདི་གནད་ཟབ་པས་སྐུར་ཞུས་བྱེད་མི་ཁ་ཡར་འདུག་ཀྱང་རང་ངོས་ལོག་ལྟ་ཡེ་མ་ཤོར་བ་བྱས། ཕྱགས་ཕྱིར་དཔའ་བོ་དང་རྩེ་ལྷ་སྒང་སྐུ་སྐྱེ་སོགས་ཀྱིས་ཕྲད་རྟེན་གྱི་དངོས་པོ་སྤེལ། དཔོན་སློབ་ཚང་མར་གཞིས་ལེན། འབུལ་བ་དང་སྐྱེས་ལེན་གྱིས་མཚོན་གང་ལ་གང་འཚམ་བསྐྲུན། འབྲས་སྤུངས་ཤག་སྐོར་བ། ཀོང་པོ་ཆབ་ནག་དགའ་ལྡན། གོང་ར་ངེས་རྡོར་གླིང་པ། ར་བ་སྟོད་པ་རྣམས་ཀྱི་བླ་མ། ཁལ་ཁའི་མི་སྣ་གསར་འབྱོར་མང་བ་ལ་ཇ་གྲལ་ཐོག་ཕྲད། ཚེས་དྲུག་ལ་མཚོ་སྔོན་མོའི་གཞིས་མ་རིན་ཅེན་དབོན་པོ། བློ་བཟང་ལེགས་ལྡན་


GLG006_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བསྙེན་རྫོགས་གྱ་དྲུག །དགེ་ཚུལ་དྲུག་རྣམས་བསྒྲུབས། རྒྱལ་གྲོང་སྟག་རྩེ་ཕྱོགས་བཞི་བླ་མས་རྟ་ཉེར་ལྔ། ཆུ་བཟང་སྐུ་སྐྱེ་དང་ཞང་སྟོན་སྒར་པས་རྟ་ཉི་ཤུ་རེ། ཟུང་ཆུ་སོག་པོའི་རབ་འབྱམས་པ་ཆོས་རྒྱ་མཚོ། རབ་འབྱམས་པ་ཆོས་གྲགས་ཅན་ལྔས་རྟ་ཞེ་བཞི། པཱ་རས་གྲགས་པ་ཤེས་རབ་ཅན་གྱིས་རྟ་དྲུག་ཅུ། ཨ་མདོ་དར་ཁན་ཆོས་རྗེ། རྒྱལ་སྲོང་དཀའ་བཅུ་ཆོས་གྲགས་ཅན་གྱིས་རྟ་ཉེར་བཞི་རྣམས་བྱིན། རྭ་སྒྲེང་མཁན་ཟུར་པའི་ཚོང་པ་རྗེས་རེས་ཚོ་སླེབས་པས་གཟིམས་ཆུང་བརྟན་བཞུགས་སུ་མིང་བཏགས་པའི་རིང་འཚོའི་རྟེན་ལ་སྟེར་ཆ་དང་མང་འགྱེད་སྤམས་མཐོ་བར་སྣང་། དེ་ནུབ་ནས་ཉིན་གསུམ་གྱི་བར་བཅད་རྒྱ་བགྱིས། བློ་གསལ་གླིང་གི་ཚོགས་ཁྲོ་དབུ་མཛད་བློ་བཟང་ཡོན་ཏན་གྱིས་གསར་དུ་བླུག་པའི་ཁ་བྱང་། འབྲི་ལུང་པ་བློ་བཟང་དཔལ་འབྱོར་གྱི་ངོར་སྨོན་ལམ། བློ་བཟང་ཆོས་འཕེལ་གྱིས་བསྐུལ་བའི་དགའ་ལྡན་ཐོས་བསམ་གླིང་སློབ་དཔོན་དགེ་འདུན་དོན་གྲུབ་ཀྱི་གསོལ་འདེབས་བརྟན་བཞུགས། བཀྲ་ཤིས་ཆོས་འཕེལ་གྱི་ངོར་བླ་མའི་སྐུ་གསུང་ཐུགས་ལ་བསྟོད་པ། སྡེ་པས་ཐུགས་ཁུར་བཞེས་ནས་སྐུ་དང་གསུང་གི་རྟེན་གཙུག་ལག་ཁང་གསེར་ཏོག་སོགས་དང་རིན་ཆེན་རྒྱན་ཆས་མཚོན་ལུགས་གཉིས་དང་འབྲེལ་བའི་བཟོ་བཀོད་བགྱིས་པའི་རྒྱུ་སོང་དེབ་ཀྱི་འགོ་བརྗོད་རྣམས་བྲིས། ཚེས་བཅུ་ལ་ཞིང་སྐྱོང་ཤི་རལ་ཐུ་ཅོ་ནེ་ཡེར་པ་ཆོས་རྗེ་རིན་ཆེན་འབྱུང་གནས། ཅོ་ནེ་ཤི་རལ་ཐུ། ནང་སོ་སྡེ་བདག་སོགས་ཀྱིས་དངུལ་དང་ཤེལ་ལས་གྲུབ་པའི་སྤྱད་པ། ཇ་གོས་དར་རྟས་གཙོས་པའི་དངོས་


GLG006_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རིང་པོར་བརྐྱངས་ཏེ་བཏེག་པར་བསྔོ་སྨོན་གྱིས་རྒྱས་བཏབ། ཁལ་ཁ་གཡོན་རུ་དར་ཁན་ཧུང་ཐའི་ཇིའི་དགེ་རྩར་གསེར་དངུལ་གོས་དར་དངོས་གཙང་ཞིང་གཏོས་ཆེ་བ་བསྟར་བ་ལ་ཀུན་ཏུ་བཟང་པོའི་སྨོན་ལམ་དང་མཚུངས་པའི་རྒྱས་འདེབས་ཡང་དག་བྱས་ཤིང་མེར་གན་ཧུང་ཐའི་ཇིའི་མི་སྣ་བསམ་ཡས་པ་ཟུང་དུ་བླ་མ་ཅན་དང་ཕྲད། ཚེས་བཅུ་ཕྱི་མར་དྲུང་འཁོར་སྤྱི་ཚོགས་ནས་བདོག་པའི་ཚན་གྲངས་ཚོགས་འགྱེད་དཔངས་བསྟོད་པའི་ཡོན་སྦྱར་ཏེ་གྲ་ཚང་ནས་འཆི་མེད་འོད་སྣང་གི་ཆོ་གར་བརྟེན་པའི་རིང་འཚོའི་རྟེན་འབྱུང་བསྟར། ཆུ་བོ་རི་ནས་མཁན་ཆེན་ཁྱབ་བདག་ཞ་ལུ་པ་ཆེན་པོ་སྙུན་ལས་རྣམ་པར་གྲོལ་ནས་ཕེབས་པ་དང་མཇལ་ཞིང་རེ་ཞིག་རྫོང་དུ་བཞུགས། རྭ་སྒྲེང་མཁན་ཟུར་གྱི་གྲ་པ་རྣམས་ཀྱིས་བསྐུལ་ངོར་ངེད་རང་དང་མཁན་པོའི་བརྟན་བཞུགས་ཀྱི་ཚིགས་བཅད་བརྩམས། མཁན་རིན་པོ་ཆེའི་སྐུའི་གེགས་སེལ་དུ་བྱད་འགྲོལ། ཆུ་བཟློག །ཁ་འབར་མ་དཀར་མོའི་འཆི་བླུ་གསུམ་བགྱིས། ཚེས་བཅུ་གསུམ་ལ་ཁལ་ཁ་གཡོན་རུའི་དུར་གྱི་ཆིའི་བླ་མ་ནོ་མོན་ཁན། ཤེས་རབ་དར་ཁན་བླ་མ། ས་སྦུག་རབ་འབྱམས་པ། ཚེ་བརྟན་དུར་ཁིའི་བསྔོ་རྟེན། ཇ་སང་དགེ་ཚུལ་རྣམས་ཀྱིས་རྒྱ་སོག་གི་སྤྱད་དངོམ་ཆེ་བ་དང་། གསེར་ཁ་འཇམ་དབྱངས་བླ་མའི་སྐུ་སྐྱེ། མདོ་སྔགས་རབ་འབྱམས་གཉིས་ཀྱི་དབོན་པོ་ཅན་གྱིས་གསེར་སིལ་མ་ཕྱུར་བུར་སྤུངས་པའི་ཕྱག་རྟེན། དུང་དཀར་སྐུ་སྐྱེ་སོགས་མང་བ་དང་ཕྲད། རྭ་སྒྲེང་མཁན་ཟུར་གྲ་བཅས། ཞིང་སྐྱོང་ཤི་རལ་ཐུ། སྒོ་མང་། ཆབ་ནག་


GLG006_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཐང་གསུམ་གྱི་སློབ་དཔོན་པས་གཙོས་བརྒྱད་ཅུ་སྐོར་ལ་ཤེར་ཕྱིན་ཡི་གེ་གཅིག་མ། འདའ་ཁ་ཡེ་ཤེས། རྣམ་འཇོམས། བཟང་སྤྱོད། གཙུག་ཏོར་རྣམ་རྒྱལ་རྟོགས་པ་དང་བཅས་པ། འོད་ཟེར་ཅན་མའི་གཟུངས། གཟའ་ཡུམ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན། ཕྱོགས་བཅུ་མུན་སེལ། བཀྲ་ཤིས་བརྩེགས་པ། བཀྲ་ཤིས་དོན་གྲུབ་པ། རྡོ་རྗེ་མཆུ། གནམ་ལྕགས་མཆུ། འཕགས་པ་ལྕགས་མཆུ། ལྕགས་མཆུ་ནག་པོ། ནོར་རྒྱུན་མ། དེའི་གཟུངས། ལོ་མ་གྱོན་མ། ཚོགས་བདག་གི་སྙིང་པོ། སྒྲོལ་མས་དམ་བཅས་པའི་གཟུངས། ས་པཎ་གྱིས་མཛད་པའི་ཨ་ར་པ་ཙ་ན་དང་གསར་རྩོམ་ནས་སྒྲོལ་ལྗང་གི་སྒྲུབ་ཐབས། བླ་མའི་རྣལ་འབྱོར་སེམས་དཔའ་སུམ་བརྩེགས། སྤྲུལ་སྐུ་བློ་བཟང་ཡེ་ཤེས་ཀྱི་བརྟན་བཞུགས། དཔལ་ལྷ་ལྕོག་ཏུ་གཏོང་བའི་བསྐང་བའི་ཆོ་ག་དོན་གཉིས་ལྷུན་གྲུབ། ཞང་བློན་གྱི་གཏོར་འབུལ་ལེ་ཚན། རྒྱལ་གསོལ་རྒྱལ་ཀུན་མཁྱེན་བརྩེ་མ། བསེ་ཁྲབ་པའི་གཏོར་བསྔོ། དམིགས་བརྩེ་མའི་ཊཱིཀྐ་ཚིག་དོན་རབ་གསལ། མི་གཡོ་བའི་སྒྲུབ་ཐབས། རྭ་སྒྲེང་མཁན་ཟུར་གྱི་བརྟན་བཞུགས། ཛམ་དཀར་གྱི་སྒྲུབ་ཐབས་རྣམས་ཀྱི་ལུང་བཀླགས། རྭ་སྒྲེང་མཁན་ཟུར་པ་ད་ཆ་བོད་དུ་རི་ཁྲོད་ལྟ་བུ་བྱས་ཆོག་པ་དགོས་ཚུལ་ཟེར་བ་བྱེས་སུ་ཆས་བཞིན་པའི་མགྱོགས་ཐོན་སྟབས་ནས་ཁལ་ཁ་ཨོ་རོད་ཀྱི་གཞུང་ལ་ཕན་རེའི་སྐྱེས་ལན་སོགས་རྒྱས་པར་བགྱིས་པའི་རྫོང་བདའ་བྱས་ཤིང་ཤི་རལ་ཐུ་ནོ་མོན་ཁན་གྱི་ཆོ་ལོ་བཏགས། གྲ་ནས་གཏེར་སྟོན་རིགས་འཛིན་ཆེན་པོ་ཕེབས། ཚེས་བཅོ་ལྔར་ཁྱབ་བདག་ཞ་ལུ་པ་ཆེན་པོ། གཏེར་


GLG006_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་རིགས་འཛིན་ཆེན་པོ་མཆེད། ཀོང་པོ་རྙིང་ཕུ་སྐུ་སྐྱེ་རྣམས་ལ་ཉང་གི་དྲག་པོ་རྡོ་རྗེ་སྤྱི་བླུགས་དང་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་དབང་དང་ཐང་ལྷའི་རིགས་གཏད་ཕུལ། སང་ཉིན་མཁན་རིན་པོ་ཆེར་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་མཛད་པའི་འཇིགས་བྱེད་དྲུག་ཅུ་པའི་ལུང་ཕྱག་ལེན་དང་དྲག་པོའི་སྦྱིན་སྲེག་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ལྷག་བསམ་རབ་དཀར་གྱི་དྲི་ལན་གྱི་ལུང་ཞུས། སྔ་དྲོ་ཁྱབ་བདག་ཞ་ལུ་པ་ཆེན་པོས་དངོས་འབྱོར་གྱི་བདོག་པ་མཚོན་བྱེད་དང་གཙོ་བོར་ལྷ་སྔགས་ཡེ་ཤེས་ཀྱིས་ཚེ་མཐའ་ཡས་པའི་ཆོ་ག་ལ་བརྟེན་ནས་ཉི་བུའི་གཡུལ་ལས་རྒྱལ་བའི་རྟེན་འབྲེལ་མཛད། ཕྱི་དྲོ་ཀླུ་འབུམ་ཆོས་རྗེ། ཚལ་དབུས་གླིང་ཟུར་པ། འཕྱོས་པ་རབ་འབྱམས་པ། ཁྲོ་ཕུ་བླ་མ་རིག་བྱེད་སྨྲ་བ་ངག་དབང་བསྟན་འཛིན། མགྲོན་གཉེར་དར་དར་ཨོ་རོད་ནས་འཁོར་བའི་སྡེབས་སུ་ཡོངས་པ་སེ་ཆེན་རྒྱལ་པོའི་མི་སྣ་དགེ་ལེགས་དགེ་སློང་། དགའ་ལྡན་ཧུང་ཐའི་ཇིའི་མི་སྣ་དར་གོ་ཆོས་རྗེ། ཨལ་དར་ཐའི་ཇིའི་མི་སྣ། ཁལ་ཁ་ཨུ་རང་ཁང་ཨེར་ཁེའི་མི་སྣ་སོགས་དང་ཕྲད། སྡེ་པར་སྨེ་བརྩེགས་ཀྱི་བྱབ་ཁྲུས་བྱས། ཚེས་བཅུ་བདུན་ལ་སྡེ་པས་ལྷ་སར་ཀོང་ཕུལ་བའི་ཞལ་བྱང་དང་གྲོང་སྨད་ཨ་བར་གྱིས་སེ་ར་དང་གྲ་ཚང་དུ་འཛུགས་རྒྱུའི་ཚིགས་བཅད། མཆོད་དཔོན་བསྐུལ་ནས་ཇ་མཆོད་ལྗོན་ཤིང་ཕུར་མ་དང་བཅས་བྲིས། བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱི་ཀུན་བཟང་ཐུགས་གཏེར་ནས་སྔར་མ་ཐོབ་པ་ཡང་དག་གི་དབང་དང་ཐུགས་སྒྲུབ་ཀྱི་ཏིང་ངེ་འཛིན་དབང་


GLG006_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་གི་བཟང་གཏད། ཚེས་བཅུ་དགུ་ལ་མཁའ་འགྲོ་གྲིབ་སེལ་དང་གདོན་འགྲོལ་གྱི་རྐྱེན་སེལ་གཏེར་སྟོན་རིགས་འཛིན་ཆེན་པོས་གནང་། ཚེས་ཉི་ཤུར་སྟག་ལུང་ཞབས་དྲུང་ངག་གི་དབང་པོས་སྨོན་ལམ་ཚིགས་བཅད་དགོས་ཚུལ་ཕེབས་པ་བཞིན་ཕུལ། འདི་ཉིན་ནས་བཟུང་དྲི་ཟའི་རྒྱལ་པོའི་སྒྲུབ་པ་ལ་བརྟེན་པའི་བཅད་རྒྱ་དམ་པར་བྱས་ཤིང་གྲོལ་གདོང་གྲོང་སྨད་ཨ་བར་ལ་བཀའ་གཏད་བགྱིས། ཉེར་ལྔ་ལ་གཏེར་སྟོན་རིན་པོ་ཆེ་ལྷོ་ཁར་ཕེབས་རྫོངས་བསྟར། གླིང་མེའི་འཕྲེང་བ་ཤིན་ཏུ་གསལ་ཞིང་དངས་པ་རླུང་བསེར་བུ་ཙམ་གྱིས་འགུལ་བསྐྱོད་མེད་པ་བྱུང་། ལོ་དུས་ཀྱི་རིམ་གྲོར་དབུས་གཙང་རིས་མེད་ཀྱི་དགོན་ཨངྐི་གཉིས་པ་ཡན་ལ་མང་ཇ་བསྔོ་རྟེན་དེབ་གསལ་དང་འགྱེད་ཨངྐི་དང་པོར་གཤོར་ཁལ་གསུམ་རེ། གཉིས་པར་གཉིས་རེའི་རྩིས་ཀྱི་དཔུས་ཆ་ཁམས་དངུལ། རྟ། ཁོམ་བུ། བརྟག་པར་ཤར་པའི་སྡེ་པའི་རིམ་གྲོར་འཕར་མ་མང་ཇ་རེ། བོད་ཁམས་སྤྱིའི་བདེ་ཐབས་ལ་རྫོང་མགོ་རྣམས་ནས་དགྲ་ལྷ་དཔངས་བསྟོད། སྨེ་བརྩེགས་དང་རྣམ་འཇོམས་གང་རུང་གི་ཁྲུས་གསོལ་བྱས། གྲོང་སྨད་ནས་ཧོར་ཟླ་བཅུ་གཅིག་པའི་ཚེས་གསུམ་ལ་དངོས་པོའི་ཚན་གྲངས་དང་ཚོགས་ཡོན་གཟེངས་བསྟོད་དེ་གྲ་ཚང་གིས་འཆི་མེད་འོད་སྣང་གི་ཆོ་ག་རྒྱས་པར་མཛད་ཅིང་ཞལ་འདོན་དུ་སྣོད་བཅུད་བདེ་ལྡན་མ་བཙུགས། དེ་ནུབ་ནས་བཟུང་སླར་ཡང་བཅད་བརྒྱ་དམ་དུ་བྱས། ཚེས་བརྒྱད་ནས་སྡེ་པ་གཉེན་ཚད་ཀྱིས་སྙུང་བར་བྱང་ངོས་ནས་ཡབ་སྲས། དར་མོ་བ་གསུམ་གྱིས་བལྟས་པར་ཐོག་མར་མཐུན་གྲུབ་ཀྱི་ནད་འདི་ཡིན་ཞེས་ཁ་དམར་འདོགས་དཀའ་བའི་ངང་ནས་


GLG006_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲུ་སྨན་མ་ནུས་པ་དང་ལྷ་འདྲེའི་འཁུ་ལྡོག་གི་རྣམ་པ་འདོམ་པ་ལྟ་བུས་ཤིན་ཏུ་ཉེན་ཆེ་བ་བྱུང་བར་འདི་ག་ནས་བྱིན་རྟེན་དུད་རྫས་ཀྱིས་གཙོས་སྲུང་བ་ནན་ཏན་དུ་བྱས་ཤིང་གཏེར་སྟོན་རིགས་འཛིན་ཆེན་པོ་ཆེད་དུ་གདན་དྲངས་པའི་མཚན་བཅས་མཚན་མེད་སྲུང་འཁོར་སྐུ་རིམ་དང་དར་མོ་བས་སྙན་སྙན་མཛེས་མཛེས་ཀྱི་སྨན་དུ་མ་སོང་བའི་བདུད་རྩི་བུམ་པ་སོགས་ཀྱི་མན་ངག་ལ་བརྟེན་པའི་ཐབས་ཅི་ཤེས་བྱས། ཁྱབ་བདག་ཞ་ལུ་པ་ཆེན་པོས་ལྕགས་སྡོང་མའི་ཚེ་དབང་བརྒྱ་རྩ། གཏེར་སྟོན་རིན་པོ་ཆེས་འཆི་བླུ། གདོན་འགྲོལ། བྱབ་ཁྲུས། ཕྱག་རྡོར། གུར་དྲག །ཡང་བཟློག །རྟ་མགྲིན། ལོག་ཏྲི། ཚེ་དབང་རྣམས་སྩལ། འདི་གའི་བརྟག་པ་དང་བསམ་ཡས་ལ་མོའི་ལུང་བསྟན་ཞུས་པ་རྣམས་ཕྱོགས་གཅིག་ཏུ་རིམ་གྲོ་ལ་ཡར་ཀླུངས་ཀྱི་སྐྱེས་ལྷ་ཡུལ་ལྷ་ཚོར་གསོལ་མཆོད། དགོན་ཁག་ལྔ་བཅུ་ང་གསུམ་ལ་མང་སྐོལ་དང་ཡ་ཇུ་ཉག་རེའི་འགྱེད། ལྷ་སར་སྒོ་འགྱེད་དུད་སུམ་ཅུ་རེར་ཇ་སྦག་རེ། ལྷ་གདོང་ཤན་ཁ་དང་གདོང་དཀར་བུད་མཚམས་སུ་ཆ་གསུམ་བརྒྱ་རྩ་རེ། དགོན་ཁག་ཉིས་བརྒྱར་མང་སྐོལ། དགེ་འདུན་ཉི་ཤུར་ཁམས་དངུལ་སྲང་རེ་བཏང་ཐོག་ཤེར་སྙིང་། ཚེ་གཟུངས་གང་འགྲོ། རྒྱལ་དུ་དམག་ཟོར་མ་དང་བེག་ཙེར་བསྐང་བཤགས་སྟོང་། ཆོས་སྐྱོང་སྤྱིར་བརྒྱ། གཞིས་རྩེར་འུག་བྱ་ལུང་པས་མགོན་པོ་གཡུལ་བཟློག །རྫོང་གཞིས་ཁ་ཡར་འབྲེལ་མཚུངས་ཀྱི་ཆོས་སྡེ་ནས་བརྒྱད་སྟོང་པ་དགུ། འབུམ་ང་ལྔ། གསེར་འོད་ཆིག་བརྒྱ། རྒྱལ་བཙན་གྱི་མདོས། བདུད་ཀྱི་ཁ་བསྒྱུར། ཕྱུགས་ལུག་ལྔ་བརྒྱ་བརྒྱད་ཅུའི་སྲོག་བླུ། ཉེས་ཅན་


GLG006_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དོང་ཐར། ཕུར་བཟློག །དྲི་མེད་བཤགས་རྒྱུད་ཆིག་བརྒྱ། གཟའ་ཡུམ་ཉིས་བརྒྱ་དོན་གཅིག །ལྷ་ས་བར་ཁང་དང་བསམ་ཡས་སུ་རོལ་མོ་དུང་སོགས་གསོལ་མཆོད་བཟབས་རྒྱས། བརྒྱད་སྟོང་པ། བསྐལ་བཟང་། གསེར་འོད་གསུམ་ཆིག་བརྒྱ་རེ། དཀོན་བརྩེགས་དང་ཕལ་ཆེན་ཉིས་བརྒྱ་བརྒྱད་ཅུ་རེ། མདོ་མང་ཚར་བདུན། ལྷ་སར་སྒོ་འགྱེད་ནས་གཤོར་ཁལ་རེ། དཔལ་ལྷ་ལྕོག་ཏུ་ཉིན་བདུན་གྱི་བར་གསོལ་མཆོད་གོ་མཚོན་སྤྱན་གཟིགས་གང་རྒྱས། བར་ཁང་། བྱ་རུང་ལྕོག །དབུ་བཞི་ཤག །བྱམས་ཁང་རྒྱབ། འབྲས་སྤུངས། སེ་ར། དགའ་ལྡན། གནས་ཆུང་ལྕོག་རྣམས་སུ་བསྐང་གསོ་གསོལ་མཆོད། རྒྱུད་སྟོད་སྨད་དུ་མགོན་ཆོས་ཀྱི་བསྐང་གསོ། གྲ་ཚང་ནས་བརྒྱ་བཞི། ཚེ་གཟུངས་ས་ཡ། ཚེ་ཆོག་ཁག་བཅུ་གཅིག །མཆོད་རྟེན་སུམ་ཅུར་ཅོད་པན་དང་སྐུ་དཀར། ལྷ་ཁང་རྙིང་པ་མཆོད་པ་དཀོན་པ་བཅུ་ལ་མཆོད་པ་སྣ་ལྔ་རེ། སྤྲང་སྟོན་རྣམས་བྱས་པས་བདེ་བསྐྱེད་ཤིན་ཏུ་ཆེ་བའི་གཞི་མེད་དུ་སོང་། འདི་གའི་རིམ་གྲོར་དགོན་ཁག་ཆེ་བ་ལོ་གྲངས་ལ་མང་སྐོལ་ཐོག་དགེ་འདུན་བཅུར་རྒྱ་དངུལ་སྲང་རེའི་རྩིས་བསྡོམས་པར་སྲང་ཆིག་སྟོང་ཉིས་བརྒྱ་དྲུག་ཅུ། སེར་འབྲས་སོ་སོར་ཇ་ཚུལ་བཅོ་ལྔར་གདུགས་དཀར་ཆིག་འབུམ་བརྒྱད་ཁྲི། ཤེར་སྙིང་དགུ་ཁྲི་སོང་བའི་ཡོན་དུ་འགྱེད་གསེར་ཞོ་བརྒྱད་བརྒྱ་བཞི་བཅུ། རྫོང་གཞིས་ཚང་མ་ནས་མཆོད་རྟེན་ལ་ཞིག་གསོས་དང་སྐུ་དཀར་ཅོད་པན་མང་བ། སྤྲང་སྟོན་རྒྱ་གང་ཆེ། ལྷ་སར་སྤྲང་པོ་བདུན་ཅུ་སྐོར་ལ་ཐུག་པ་རྩམ་མཁའ་རུའི་ཁལ་ལྔ་བཅུ། སོ་ཧྲུག་ཆུང་ཁོག་བརྒྱ་དང་བརྒྱད་ཅུ། སྣམ་འདོམ་ཉིས་སྟོང་ཆིག་བརྒྱ་


GLG006_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བསྟར། ཚེས་དགུར་འདམ་ནས་བསྟན་འཛིན་ད་ལའི་རྒྱལ་པོ་སྲས་ཡུམ་བློན་འབངས་གཉུག་མར་གནས་པའི་སོག་པོ་བརྒྱ་ཕྲག་དུ་མས་བསྐོར་བ་དང་། ཨོ་རོད་ནས་གསར་འབྱོར་སོལ་ཐོན་ཐའི་ཤི་འཁོར་བཅས། ཁུན་འདུ་ལེན་ཨོ་པ་ཤིའི་སྲས་ཨེར་ཁེ་དའི་ཆིན། རྟ་ཚག་རྗེ་དྲུང་། ཚ་མིག་མཁན་པོ། སེ་ར་སློབ་དཔོན་ལས་སྣ་བ། ཨོ་རོད་གཡས་རུ་གཡོན་རུའི་མི་སྣ་སོགས་སྟོང་ཕྲག་ལྷག་བཅས་དང་མཇལ་ཕྲད་བྱས་ཤིང་དར་དར་གྱིས་ཨོ་རོད་ནས་ཡོངས་པའི་སྐྱོས་མ་བྱུང་། སྲས་རིན་ཆེན་རྩེ་པ་ལྷ་བསངས་རྭ་ཐང་ཆེན་པོ་ཞིག་ནམ་མཁའི་མཐོངས་སུ་འཕྱར་བའི་སྔོན་འགྲོའི་ཚན་གྲངས་སྤེལ། ཨེར་ཁེ་དའི་ཆིན་གྱིས་བུ་མཚེ་མ་གཉིས་འདུག་པ་ཆོས་འཆོལ་ལམ་ཇི་ལྟར་བྱེད་ཀྱང་སྟེར་ཟེར་བ་ཆོས་བྱེད་དུ་བཅུག །ཚེས་བཅུར་ཁལ་ཁ་དར་ཁན་ཐོ་ཡོན་གྱི་བུ། ནོམ་ཆི་ཧུང་ཐའི་ཇི། ཨར་ས་ལང་ཐོའི་ལའི། ལྷ་བཙུན་གསུམ། པཎྜི་ཏ་ཆོས་རྗེ། ཅོ་ནེ་དང་དབོན་འདུར་གྱི་འཚམ་འདྲི་བྱེད་མི་རྣམས་འབྱོར་བའི་སོ་སོས་རྒྱ་ཟོག་ལ་བརྟེན་པའི་བདོག་པ་གྱ་ནོམ་པ་བསྟར། སྤོས་ཁང་མཁན་ཟུར་པ་པ་རྣམ་དགེ་སློང་། ཡངས་པ་ཅན་མཁན་པོ། སྡིངས་པོ་ཆེ་སྤྲུལ་སྐུ། ཆོས་རྗེ་སྙེ་མདོ་བ། གསང་ཕུ་མཆོད་ཁང་བླ་མ། ལྷོ་བོད་ཀྱི་ཆིངས་པ་བཞི། ཞང་སྟོན་བསྟན་རྒྱལ་གྱི་སྲས་རྣམས་དང་ཕྲད་ཅིང་ཁལ་ཁ་དར་ཁན་ཐོ་ཡོན་གྱི་ཆེད་དུ་དམིགས་པའི་སྲས་ཡོན་མཆོད་ཀྱིས་སྟེར་ཆ་སྤངས་མཐོ་བ་བཏེག །ཁྱབ་བདག་ཞ་ལུ་པ་ཆེན་པོས་འོལ་དགར་སྐུའི་འཕྲོད་བསྟེན་ལ་བྱོན་པ་ཆབ་ཚན་སྐུ་ལ་ཤིན་ཏུ་འཇུག་ངོས་ཟླ་ཤས་ཀྱི་བར་དཔལ་གྲོར་གསོལ་ཕོགས་སོགས་ཕུལ་ཏེ་སྐུ་མཚམས་གནང་། ཚེས་


GLG006_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཅིག་ལ་དཔོན་མོ་མ་ག་དྷ་བསོད་ནམས་ཚེ་དབང་། ཨོད་ཁོན་གྱི་བུ་རབ་འབྱམས་པ་ཡུམ་སྲས་གསུམ། བསྟན་འཛིན་དང་ཚེ་དབང་རབ་བརྟན་གྱི་དཔོན་མོ། ཁལ་ཁ་ཐོ་ཤི་ཡེ་ཐུ་རྒྱལ་པོའི་མི་སྣ་རྣམས་དང་ཕྲད་ཅིང་ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ་བསྐུར། གཡོན་རུ་ཇོ་རིག་ཐུ་ཁོ་ཤོའུ་ཆིའི་བུ་སྡེ་སྐྱོང་དགོས་ནས་བན་ལོག་ཆོག་པ་དགོས་ཚུལ་ལྟར་སྡོམ་པ་བླངས་པའི་ཁྱིམ་པར་བཀོད་དེ་མིང་ཨེར་ཏེ་ནི་ཧུང་ཐའི་ཇིར་བཏགས། ཚེས་བཅུ་དགུ་ནས་སྲི་གནོན་དང་ཡང་བཟློག་གི་སྒྲུབ་ཁག་གཉིས་བཙུགས། མཆོད་དཔོན་པ་དང་དགེ་སློང་འཇམ་དབྱངས་གྲགས་པ་གཉིས་ཀྱི་ངོར་རྒྱ་ཅན་གྱི་ནང་ཚན་རྟ་ཞལ་ཡིད་བཞིན་རྒྱ་ཅན་སྒྲུབ་འཕྲིན་དབང་ཆོག་བསམ་དོན་ལྷུན་གྲུབ་ཀྱི་ཆོག་བསྒྲིགས་བྱས། སྨན་བླའི་མདོ་ཆོག་འདི་མངའ་བདག་གི་སྐུ་རིམ་ལ་མཁན་པོ་བོ་དྷི་ས་ཏྭས་ཆོག་བསྒྲིགས་གནང་བ་ནས་བཟུང་གངས་ཅན་གྱི་ལྗོངས་འདིར་དར་རྒྱས་ཤིན་ཏུ་ཆེ་ནའང་དཔལ་འཁོར་ཆོས་སྡེ་བ་དང་ཚ་མིག་པ་སོགས་སྤྱན་འདྲེན་མཆོད་འཕྲེང་གི་རིགས་སྣ་ཚོགས་ནས་ཁ་བཀང་བའི་ཁ་ཐག་རིང་བ་གཙོ་བོར་བཏོན་ཞིང་ལ་ལ་དག་གིས་གཤིན་པོ་རྗེས་འཛིན་གྱིས་མཚོན་སྔགས་ཀྱི་ལྷན་ཐབས་ཀྱང་མང་དུ་སྦྱར། དྲུང་པ་གྲགས་པ་དོན་གྲུབ་ཀྱིས་ཐོག་དྲངས་བླ་མ་མང་པོས་ཤོག་ལྡེབས་བཞི་ལྔར་ཚང་བའི་ཤེར་སྙིང་ཤློ་ཀ་གཅིག་ལ་བསྡུས་པའི་དཔེ་མཛད་དེ་བདག་བསླུས་གཞན་བསླུས་ཀྱི་གནས་ལ་སྦྱོར་བ་དང་། མདོ་སྔགས་ཀྱི་ལུགས་སྲོལ་འདི་ཡིན་ཞེས་ངོས་བཟུང་དུ་མེད་པའི་སྣང་ཚུལ་མཐའ་ཡས་ཤིང་མདོ་བརྒྱད་བརྒྱ་པ་བྱ་རྒྱུད་ཀྱི་དེ་བཞིན་གཤེགས་པའི་རྒྱུད་དུ་སྔོན་བྱོན་གྱི་མཁས་


GLG006_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཕལ་ཆེར་བཞེད་པ་བཞིན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་སྔགས་ཕྱོགས་དང་འབྲེལ་པའི་ཡིག་ཆ་མཛད་པ་ལྟར་ལག་ཏུ་ལོན་ན་མ་ལེགས་པ་མ་ཡིན་ཀྱང་རིགས་གསུམ་སྤྱིའི་དབང་ཐོབ་པ་ཉུང་གཤིས་གསང་སྔགས་འཇོལ་ཉོག་ཏུ་སྤྱོད་པ་ལས་མཁན་པོའི་དགོངས་པའང་མདོ་ལུགས་གཙོ་ཆེ་ཞིང་རིག་པའི་གནས་ཐམས་ཅད་ལ་འཁྲུལ་པའི་དྲི་མ་ཙམ་ཡང་སྤངས་པ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་ཡིག་ཆ་མཐོང་བ་སོགས་ལ་བརྟེན་རང་ཉིད་འདྲི་བའི་འདུན་པ་ཡོད་པར་མ་ཟད་དོན་གཉེར་ཅན་དུ་མས་བསྐུལ་བ་ལ་བརྟེན་ནས་ཆོག་སྒྲིགས་ཡིད་བཞིན་དབང་རྒྱས་བརྩམས་པ་འདིས་སྨན་བླའི་མདོ་ཆོག་གི་སྲོལ་གཉིས་པ་ཞིག་གསར་དུ་ཕྱེའམ་སྙམ། ཇོ་བོ་རིན་པོ་ཆེའི་བཞུགས་ཁྲི་གྲུབ་པར་ཉེ་བས་དཀར་ཆག་བྲིས། དགའ་ལྡན་ཕུན་ཚོགས་གླིང་གི་གྲ་པ་ནོར་བཟང་རྒྱ་མཚོས་མཛོད་རྩ་འགྲེལ་དང་བློ་བཟང་མང་ཐོས་ཀྱིས་དབུ་མ་རྩ་འགྲེལ་གཉིས་ཀྱི་རྒྱུགས་སྤྲད། རྒྱལ་བ་ཀརྨ་པ་ཡུམ་སྲས་རྣམས་ཀྱི་གསོལ་སྐལ་དུ་སྒྲགས་རྒྱལ་གྲོང་། ཞ་ལྡན་གཞིས་ཀ་ཐེམ་འཛིན་ང་བརྒྱད། ལག་འབབ་ཉིས་སྟོང་དྲུག་བརྒྱ་བཅོ་ལྔ། རྟ་དཔོན་རྣམ་འཇོམས་ཀྱི་སྐྱོར་ལུང་གཟིམས་ཁང་གོང་གི་ས་ཚབ་དང་ས་སྣོན་སྦྲགས་པར་དངོས་གཞི་ཤར་པས་འཛིན་ཤུལ་གཞིས་ཀ་ཐེམ་འཛིན་བཅུ་གསུམ། ལག་འབབ་ཆིག་སྟོང་བརྒྱད་བརྒྱ་ཉི་ཤུ། འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོ་རྒྱ་བོད་ཀྱི་ཡིག་རིས་དང་རྩིས་སོགས་ལག་གཡོག་ཏུ་འགྱུར་བ་བྱུང་བས་སྒྲུབ་རྟེན་དུ་ལྕང་གླིང་པའི་འཛིན་ཤུལ་ཁང་པ་ལེ་ཚན། ཐེམ་འཛིན་ཕྱེད་བརྒྱད། ལག་འབབ་ཆིག་སྟོང་ཆིག་བརྒྱ་སོ་བཞི་རྣམས་སྤྲད། ཧོར་


GLG006_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བཅུ་གཉིས་པའི་ཚེས་གསུམ་ལ་ཚ་མིག་སྤྱི་སོས་བསྐུལ་བའི་ཇ་མཆོད་པད་རཱག་མདངས་འཕྲོག་མ། དགེ་སློང་འཇམ་དབྱངས་གྲགས་པའི་ཉལ་སྒོམ་གྱི་དམིགས་རྟེན་རྒྱབ་ཡིག །དགེ་སློང་ཕུན་ཚོགས་རྒྱ་མཚོ། དགེ་སློང་ཡོན་ཏན་དཔལ་བཟང་། འཇམ་དབྱངས་རྒྱལ་མཚན་གསུམ་གྱིས་དཀོན་གཉེར་ལས་ཐོག་བྱས་སྐབས་ཞལ་ཐང་བཅོ་ལྔའི་ཙནྡན་གྱི་ཏོག་དང་གོང་གཤམ་ཞིག་གསོས་མཛོ་སྣ་ཨ་ལུང་དང་བཅས་པ། ཀ་པཱ་ལ་གཉིས་ཀྱི་ནང་ཤ་དང་ཁ་གཅོད་ལ་དངུལ་སྲང་བཅོ་བརྒྱད། གཏོར་སླང་གཅིག །ལྕགས་སྡེར་གསུམ། ཏིང་ཆུང་གསུམ། པད་སྡེར་གཉིས། འཇོན་དམར་གྱི་ཡ་མགུ་མ་མགུ། དཀར་རྩིས། དམར་རྩི། ནག་རྩི་གསུམ་བཞུ་བའི་ཟངས་སྣོད་ཁ་གཅོད་དང་བཅས་པ། ཀྲོ་ལེ་མ་ཉི་ཤུར་བཟོས་པའི་མེ་སླང་། ཟངས་ཀྱི་སྒྲོན་སྐྱོགས་བཞི། སྒྲོན་སྐམ་གསུམ། ཟངས་རྐྱན་གཅིག །ལི་དང་ལྕགས་ཀྱི་མེ་ལོང་ལེགས་པ་གཉིས། རྔ་གདན་བཅུ། ཟངས་ཀྱི་ཕུང་ཕོར་སྟེགས་བཅས། གི་གུ་ཤེལ་གྱི་ཕུད་ཕོར་ནང་ཤ །ལྕགས་ཀོང་དྲུག །རྣམ་རྒྱལ་འཇོམས་ཀྱི་བུམ་སྟན། རྣམ་རྒྱལ་མའི་སྟེགས་བུ་དང་མདུན་ཅོག་གསུམ། དུང་ཆེན་ཆ་དང་རྒྱ་གླིང་ཆའི་ཤུབས། སྤོས་མདོང་ཆ། སྤོས་གཞོང་ཆ། སྒོ་ལྕགས་དགུ། རྒྱུན་རྣམས་ཀྱི་པགས་པ་གསར་བརྗེས། སྒོམ་གྲིལ་ཚས་ཇ་ལུང་སོགས་ཉེར་མཁོ་མང་དུ་བཟོས་ཤིང་རྙིང་པའི་ཞིག་གསོས་ཀྱིས་མཚོན་པའི་འཇོག་ལས་སྣ་བ་གཞན་ལས་དཔངས་མཐོ་བ་བགྱིས་དུས་བླ་མ་གསང་འདུས་དང་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་དཀྱིལ་ཐང་བཞེངས་ཚེ་དགོས་ཚུལ་ལྟར་རྒྱབ་ཡིག་སྨོན་ལམ། རྡོ་དགོན་པ་བློ་བཟང་དོན་


GLG006_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཞལ་ཐང་ཁ་ཡར་བཞེངས་པའི་རྒྱབ་ཡིག་རྣམས་བརྩམས། འདི་གའི་རིམ་གྲོར་རྫོང་གཞིས་ཁ་ཤས་ཀྱི་ཆོས་སྡེ་འབྲེལ་མཚུངས་སུ་བཀའ་འགྱུར་ཉིས་བརྒྱ། དཀོན་བརྩེགས། ཕལ་ཆེན་གྱིས་གཙོས་མདོ་མང་བརྒྱ། སྨན་བླ་ཆིག་འབུམ། ཆོས་འཁོར་རྒྱལ་ཚོགས་ཆེན་དུ་ཇ་ཚུལ་སུམ་ཅུའི་ཐོག་སྨོན་ལམ་རྣམ་གསུམ་འགྲོ་གང་ཆེ། དམག་ཟོར་མ་དང་བེག་ཙེའི་བསྐང་བ་ཁྲི། གུར་ཞལ་དང་མཐིལ་མགོན་ཁང་གི་ཆོས་སྐྱོང་སྤྱིར་སྟོང་། ཆོས་འབྱུང་སྟེང་གི་ཆོས་སྐྱོང་བྱིངས་ལ་བརྒྱ། དབུས་གཙང་གི་དགོན་ཨངྐི་གཉིས་པ་ཡན་གྱི་དབུས་ཁོག་ལ་དགེ་འདུན་བཅོ་ལྔར་རྒྱ་དངུལ་སྲང་རེ། གཙང་དུ་ཉི་ཤུ་རེར་སྲང་རེ་བཏང་བའི་ཁྱོན་བསྡོམས་སུམ་སྟོང་ལྔ་བརྒྱ། ལྷ་སར་ཕྱུགས་ལུག་སུམ་བརྒྱ་ཉེར་བརྒྱད་ཀྱི་སྲོག་བླུ་སོགས་ཚོགས་གསོག་སྒྲིབ་སྦྱོང་ཆེད་དུ་གང་རྒྱས་བསྒྲུབས། ཚེས་བཅུ་གཅིག་ལ་རྡོ་རྗེ་བྲག་ནས་རིགས་འཛིན་སྤྲུལ་སྐུ་རིན་པོ་ཆེས་གཙོས་ཨེ་ཝཾ་ལྕོག་སྒར་བའི་གྲ་པ་བཞི་བཅུ་སྐོར་ལ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱི་ཟབ་གཏེར་ཡང་ཟབ་རྡོ་རྗེ་གྲོ་ལོད་ཀྱི་དབང་ལུང་ཡོངས་རྫོགས་ཕུལ་ཞིང་དེ་ཞོར་གྲོང་སྨད་ཨ་བར་ལ་ཡང་བསྐུར། ཚེས་བཅུ་གཉིས་ལ་རྡོ་རྗེ་བྲག་པ་དཔོན་སློབ་ཀྱིས་དགོངས་འདུས་ལུགས་ཀྱི་མཁའ་འགྲོ་བསུ་བཟློག་དང་ལུག་གཟུགས་ལ་བརྟེན་པའི་འཆི་བླུ། ཁྲི་སྲོང་ཡོན་ཏན་གྱི་རྣམ་སྤྲུལ་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་གཏེར་གསར་འཆི་མེད་སྐུ་གསུམ་རིགས་འདུས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་འཆི་བདག་གི་གཡུལ་ལས་རྣམ་པར་རྒྱལ་བའི་ཚེའི་རྟེན་འབྲེལ་མཛད་པའི་སྔོན་འགྲོར་ཟང་ཟིང་གི་


GLG006_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ཡང་རིང་དུ་བརྐྱངས། རིགས་འཛིན་སྲོག་སྒྲུབ་ཀྱི་ལུང་བསྟན་དུ། པདྨའི་ཡང་སྤྲུལ་རྒོད་ཀྱི་ལྡེམ་ཕྲུ་ཡིས། །འཛམ་གླིང་རྒྱལ་བརྒྱུད་བདེ་བའི་རྒྱལ་ཁབ་རྩེར། །བར་ཆོད་སེལ་བའི་རྟེན་འབྲེལ་བསྒྲིག་པ་གནང་། །ཅེས་རྒྱལ་ཁབ་པོ་ཏ་ལར་རིགས་འཛིན་ཆེན་པོ་འདི་ཉིད་ཀྱིས་རྟེན་འབྲེལ་བསྒྲིག་དགོས་པ་གསལ་བར་བྱུང་ཞིང་། བྱང་སེམས་སྤྲུལ་པ་རྒྱལ་གྱི་མིང་ཅན་ལ། །རང་ལོ་མཐུན་པས་བརྟན་བཞུགས་བརྒྱ་རྩ་དང་། །ཞེས་པའི་ངོས་འཛིན་ཡུལ་བྱང་ཆུབ་སེམས་དཔའ་ཞིག་ཡིན་འདུག་པས་དེ་འདྲའི་ཁྲོད་དུ་ཞུགས་མ་དགོས་ཀྱང་རི་བོང་ཅལ་སྒྲོག་གིས་གླེང་བ་ལྟར་ན་ལོ་སྙིང་གཅིག་པའི་རིགས་ཀྱིས་བྱས་པ་ཕན་ཡོན་ཆེ་བར་བསྟན་པའི་ནང་ཚན་རིགས་འཛིན་ཆེན་པོའང་དགུང་སྙིང་སོགས་ནས་ཤིན་ཏུ་འགྲིག་གོ །སྡེ་པར་ཐང་སྟོང་རྒྱལ་པོའི་ཚེ་དབང་བརྒྱ་རྩ་དང་དཔལ་ལྷའི་རྗེས་གནང་བསྐུར། ཚེས་བཅུ་བཞིར་རྩེས་དང་ལྔ་མཆོད་སྤྱི་སོས་བསྐུལ་ནས་ངེད་རང་དང་སྡེ་པའི་བརྟན་བཞུགས། ས་དགེ་བཀའ་གསུམ་ལ་ལོ་བའི་ཇ་མཆོད་རྣམས་བྲིས། མཆོད་ཁང་དུ་རིགས་འཛིན་སྤྲུལ་པའི་སྐུ་ཉིད་ཀྱིས་རྡོ་རྗེ་སློབ་དཔོན་མཛད་པའི་དཔོན་སློབ་རྣམས་ཀྱིས་འཇམ་དཔལ་དུས་དགྲའི་དབང་པོ་ཕྱག་རྒྱ་ཟིལ་གནོན་གྱི་དྲག་པོ་ཟོར་གྱི་སྒྲུབ་པ་བདུན་གཅིག་མཛད། སྐུ་རིམ་བྱིན་ཆགས་ཤིང་ཟོར་བཀྲ་སོགས་ལེགས་པར་བྱུང་། ཉེར་གཅིག་ལ་གཏེར་སྟོན་རིགས་འཛིན་ཆེན་པོར་ཕེབས་རྫོངས་རྒྱས་པར་བགྱིས་ཏེ་རང་གནས་སུ་ཐེགས། འདི་ལོ་ཕྱོགས་མཐའི་ནད་རིམས་མཆེད་དོགས་དང་རྒྱ་བོད་ཀྱི་འདྲེ་ངན་གདུག་པའི་ཆོ་འཕྲུལ་


GLG006_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཀྱི་འཚུབ་ལྟས་བྱུང་བར་ནད་བདག་སྟོབས་འཇོམས་དང་རྒྱལ་རྫོངས་ཉེར་ལྔར་བཏང་བའི་ནད་བདག་སྟོབས་འཇོམས་ཀྱི་སྔོན་འགྲོར་ལྷ་སྲིན་དམ་འདོགས་ཤིག་དགོས་པ་བོང་བུ་གཟིགས་ལྤགས་གྱོན་པའི་ཚུལ་གྱིས་དཔལ་ཨོ་རྒྱན་ཆེན་པོའི་ཆས་སུ་ཞུགས་ཏེ་ཆེ་མཆོག་པདྨ་ཐོད་འཕྲེང་གི་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པའི་སྒོ་ནས་གནམ་ལྕགས་རྡོ་རྗེ་འབར་བའི་མཚོན་ཆ་སྤྱི་བོར་འགོད་པའི་སྟང་ཀ་ཙམ་བྱས། དཔེ་ནང་དུ་བཤད་པ་མཐའ་དག་ལག་ཏུ་མི་ཁེལ་བའི་སྔགས་པ་དབུ་ཡོན་མང་ནའང་ལྟ་སྒོམ་སྤྱོད་གསུམ་གྱི་གདེངས་མེད་བཞིན་དུ་སྔར་ཕན་སྔགས་པའི་ཨ་ཟོབ་བྱས་པ་ཐམས་ཅད་ཚབས་སུ་སོང་བ་རླུང་རྟའི་རྒྱུ་ཕྱོགས་ནི་ཡིན་ཤས་ཆེ། ཇོ་བོ་ཤཱཀྱ་མུ་ནིའི་བཞུགས་ཁང་རྒྱབ་ཡོལ་ལ་སྨན་བླ་བརྒྱུད་པའི་ལྷ་ཚོགས། རྒྱ་ཕིབས་སྟན་ཁྲི་རྣམས་གསེར་དངུལ་ལས་གྲུབ་པའི་རྒྱུར་གསེར་ཞོ་ཉིས་སྟོང་དགུ་བརྒྱ་སོ་གཉིས། དངུལ་སྲང་བདུན་སྟོང་ཉིས་བརྒྱ་ལྔ་བཅུ། དངུལ་ཆུ་སྲང་ཆིག་སྟོང་བཞི་བརྒྱ་དོན་བདུན། ཟངས་བཟོ་མ་མཁར་ཁལ་ཆིག་བརྒྱ་ཉེར་དགུ། བཤའ་དཀར་ཉག་ལྔ། ཏི་ཚ་ཁལ་ཕྱེད་ལྔ། སྤོས་དཀར་ཁལ་ཉི་ཤུ། ཛ་ཏི་ར་ཚོན་པ། ཕྲ་རྒྱན་གསེར་པད་བཅོ་ལྔ། གཡུ་པད་ཆུང་བ་བཅུ་གཅིག །གསེར་ག་གསུམ། སྤྱི་གཡུ་གཅིག །མར་པའི་ཡུམ་བདག་མེད་པའི་བླ་གཡུས་གཙོས་གཙུག་གཡུ་སྣ་ཚོགས་བཅུ་གསུམ། གཡུ་རྡོག་སོ་བརྒྱད། གཡུ་སྤྱང་གཅིག །ནས་འདྲ་ཆིག་བརྒྱ་རེ་བདུན། བྱུ་རུ་སྣ་ཚོགས་ཆིག་སྟོང་ཉིས་བརྒྱ་བཅོ་ལྔ། སྤོས་ཤེལ་གྱི་རྡོ་རྗེ་ཆེ་ཆུང་གསུམ། ཁ་ཆེ་སྦུར་ལེན་སྤུས་


GLG006_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཆེ་ངེས་དྲུག་དང་སྣ་ཚོགས་ཆིག་བརྒྱ་བཞི། ཕོར་པ་བཞི། ཧོར་ཤེལ་བདུན། ཐ་ན་མུ་ཏིག་བཅུ་དྲུག །རྒྱ་མུ་ཏིག་བྱ་སྒོང་དང་མཐེབ་མགོ་ཙམ་གྱིས་གཙོས་སྣ་ཚོགས་ཆིག་སྟོང་ལྔ་བརྒྱ་གོ་ལྔ། མུ་ཏིག་ཨ་མ་ཆེ་ཆུང་བཅུ་བཞི། མ་ན་ཧོ་དང་གཡང་ཊིའུ་བསྡོམས་ཕ་གུ་སྣ་ཚོགས་ཉིས་བརྒྱ་ང་བདུན། ཧྲིལ་མོ་བདུན་བརྒྱ་ང་བདུན། ཨ་ལུང་བཅོ་ལྔ། གཡང་ཊིའི་འཕན་མགོ་གསེར་གྱི་ཉག་ཐག་གཅིག །མུ་མེན་བཅུ་གསུམ། མཆོང་སྣ་ཚོགས་དགུ་བཅུ། བཻ་ཌཱུཪྻ་སེར་པོ་གསུམ། པད་རཱག །སུ་གནྟི། ན་ལ། ཀེ་ཀེ་རུ། བཞུ་ཤེལ། བསྒྱུར་ཤེལ་སྣ་ཚོགས་ཆིག་སྟོང་ཉིས་བརྒྱ་གྱ་དགུ། ཤེལ་རིལ་ཉིས་བརྒྱ་ཉེར་བདུན། རྡོ་ལྗང་གཉིས། གསེར་ལྗང་བརྡུངས་ཀྱི་གའུ་དྲ་ཧྲིལ་གཅིག །འཕན་མགོ །ཕ་གུ། བབ་གཟུགས། སྐྲ་རྒྱན། མེ་ཏོག །ལྕེ་ལེ་རྣམས་ཀྱི་ཐོག་རིན་པོ་ཆེ་སྣ་ཚོགས་པའི་ཕྲ་རྒྱན་ཆིག་བརྒྱ་ཉེར་གཉིས། མུ་ཏིག་ཆུང་བསྒྲིགས་ཀྱི་དྲ་ཧྲིལ་གཅིག །གསེར་གྱི་ཨ་ལུང་བརྒྱད། གའུ་གཡུ་ཕྲ་མ་གཅིག་རྣམས་ཀྱིས་སྤྲས་པ་སྡེ་པ་བློ་བཟང་མཐུ་སྟོབས་ཀྱིས་ཁུར་བཞེས། སྟག་ལུང་ཕྱག་མཛོད་པ་ཅན་བཞིས་དོ་དམ། བལ་པོ་མཁས་པ་སིདྡྷིས་གཙོས་ལྔ་བཅུ། ཟངས་བཟོ་དབུ་མཛད་རྣམ་སྲས་སོགས་བཅུ་དྲུག །ཤིང་བཟོའི་དོ་དམ་སྒེར་ལོགས་ཨ་དར། དབུ་མཛད་གནས་གསར་ཆོས་སྐྱོང་དང་རྩེ་དགའ་ཆོས་སྐྱོང་། སྨན་བླའི་དཔེ་སྔགས་འཆང་གཞིས་ཤར་ཕ་བུ། ངག་དབང་འཕྲིན་ལས། བྲིས་ཡིག་པ་འཇམ་དབྱངས་དབང་པོ་དང་ངག་དབང་ཕུན་ཚོགས། དགོས་ཆ་སྤྲོད་མི་བྱང་གླིང་བསམ་གྲུབ་རྒྱལ་པོས་བགྱིས། དེ་ཡང་


GLG006_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ས་བསམ་ཡས་ཀྱིས་གཙོས་པའི་གནས་ཆེན་ཚོའི་རྟེན་གྱི་ཁྲི་འོག་ཏུ་མནན་པའི་རིགས་ཕན་ཡོན་ཆེ་བར་གསུངས་པ་ལྟར་ཆོས་རྗེ་རྐན་ཕུ་བས་རྡོ་རྗེ་སློབ་དཔོན་བྱས་ཏེ་གྲངས་བཅད་ཀྱིས་གཤིན་རྗེ་རླུང་སྒྲུབ་ཀྱི་སྒོ་ནས་དགྲ་བགེགས་ཀྱི་མནན་པ་བརྒྱབ་ཅིང་མཆོད་དཔོན་པ་མནན་པའི་ཕྱག་ལེན་ལ་ཡོང་བ་ཆར་ཅན་ཡིན་པར་མ་ཟད་བུམ་གཏེར་གྱི་རིམ་པ་རྣམས་འཇུག་པའི་ལག་ལེན་དངོས་གཙང་བར་བྱས། ཉེར་དྲུག་ལ་ཁལ་ཁ་ནོམ་ཆི་ཧུང་ཐའི་ཇི་སྤུན། འདུལ་བ་ཟུར་པ་དབོན་འདུར་ཆོས་རྗེ་སོགས་སུམ་ཅུ་སྐོར་ལ་སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ། ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ་བསྐུར་ཞིང་དཔོན་པོ་གཉིས་ལ་ཤལ་སྣམ་ཕྲུག་གི་བྱིན་རྟེན་གྱིས་ཐོག་དྲངས་རྫོང་བདའ་རྒྱས་པར་བྱས། ནོམ་ཆི་ཧུང་ཐའི་ཇིའི་གཅུང་ལྷ་དབང་གིས་གཙོས་དགེ་ཚུལ་དང་རབ་བྱུང་བསྡོམས་པ་བཅོ་ལྔར་སྡོམ་པ་ཕབ། བར་ཁམས་ཕྱོགས་སུ་མཁའ་འགྲོ་དང་སྒར་པ་སྐུ་ཉེར་འབྲེལ་བ་སོགས་སྐྱེ་འདོད་བྲག་ལ་ཤུག་པའི་དཔེས་རང་ཕྱོགས་ཞྭ་སེར་ཅོད་པན་འཛིན་པ་རྣམས་ཀྱི་བསྟན་པའི་སྐུ་ཆགས་བདོ་བའི་མི་སྲིད་པ་སྲིད་པ་ལྟ་བུ་རྣམ་པ་གཅིག་ཏུ་ཉི་མའི་གཉེན་གྱི་བརྒྱུད་དྲི་མ་མེད་པ་ཆོས་རྒྱལ་མེས་དབོན་གྱི་གདུང་ལ་གླང་དར་མ་འུ་དུམ་བཙན་བྱུང་བ་བཞིན་ཤེས་བྱ་མཐའ་མ་བཀག་པའི་དུས་ཀྱི་ཆད་པ་འབྱུང་བར་ཉེ་བར་གཙོ་བོར་དཀོན་ཅོག་གི་ཐུགས་རྗེ་དང་དམ་ཅན་རྒྱ་མཚོའི་མཐུ་སྟོབས་རྡོ་རྗེ་མི་བཟད་པའི་སྟེངས་གནས་སྐབས་སུ་ད་ལའི་ཧུང་ཐའི་ཇིའི་དཔའ་མཛངས་བརྟུལ་ཕོད་པ་རྟ་རྨིག་གི་རྡུལ་གྱིས་ནམ་མཁའ་འགེང་བ་ལྟ་བུའི་


GLG006_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་ཆེན་པོའི་དམག་དཔོན་གྱི་ཁུར་གཟུང་། དགའ་ལྡན་དར་རྒྱས། ཚེ་དབང་རབ་བརྟན། ཐར་པ། ཨེར་ཁེ་ཇི་ནོར། སེ་ཆེན་ཐའི་ཇི། བསྟན་འཛིན། གཉེར་པ་རྣམས་ཀྱིས་ཡོངས་སུ་བསྐོར་ཏེ་བར་ཁམས་ཀྱི་ལྟེ་བར་འབྱོར་བ་ཙམ་གྱིས་ཕ་རོལ་མ་རུངས་པའི་མི་མཐུན་ཕྱོགས་ཀྱི་ངན་དགྲ་མཐའ་དག་ནགས་མེ་རླུང་གིས་བསྐྱོད་པ་བཞིན་མཐུན་པའི་གཡང་དུ་ཁུགས་ནས་དྲེགས་ལྡན་ཐམས་ཅད་གདོང་པ་སྨད་དེ་རང་ཞབས་སུ་འདུས། ཤར་ཕྱོགས་ཀྱི་འཛིན་མའི་མཐར་ཐུག་པ་འཇམ་དར་ཡུག་གཅིག་ལ་བཏང་སྟེ་དཔུང་ཆེན་མཚོ་སྔོན་ཕྱོགས་ལ་ལོག་ནས་དཔོན་གཡོག་རགས་བསྡུས་སུ་འབྱོར་བའི་ཉེར་བདུན་གྱི་ཉིན་ངོས་ཕྲད་དང་སེར་བྱེས་ཀྱི་གཏེར་ཕུར་བྱིན་ཅན་དུ་གྲགས་པའི་བྱིན་རླབས་བཟབས་རྒྱས་བྱས། སྟག་ལུང་ཆོས་རྗེས་གློག་རྒྱབ་པར་འབྲུག་ཡོང་ཚུལ་ལས་མ་བྱུང་བས་སྒྲ་མི་སྙན་དུ་སོང་གསུངས་པའི་མཆེད་ཟླའི་མོ་ཕྱྭ་རྩིས་བསྡུར་ལ་རྒྱུ་ཐུགས་དམ་མེད་པར་འབྲས་བུ་བརྟག་པའི་གྲགས་སྐམ་ལ་བརྟེན་རྒྱལ་པོ་བཏེག་ནས་ཕྱིར་མ་འབྱོར་བར་དགེ་སྐྱོན་ཡོད་མེད་དྲི་བར་བཏང་བྱུང་བ་ལ་སྐུ་རིམ་དམིགས་བསལ་རྣམས་མཛད་རྗེས་ཚོ་བ་བདུན་གྱི་གཞུང་བསྟན་ལ་སྐྱོན་མི་ཡོང་བའི་རྒྱུ་མཚན་མེད་པར་ཡིད་བརྟན་མཛད་དེ། ཁལ་ཁ་གཡོན་རུའི་རྒྱལ་པོ་ཐུ་ཤེ་ཡེ་ཐུ། རྒྱལ་མོ། སྲས་ཐའི་ཇི། ཐ་བུ་ནད་ཇའི་སང་། བླ་མ་སེར་མོ་བའི་རིགས་སྐྱ་སེར་གཏོས་ཆེ་བའི་འགྲུལ་པས་ནོར་འཛིན་དཔལ་མོའི་མངལ་ཁུར་དུ་ལྕི་བ་འབྱོར་བའི་དཔོན་གཡོག་ཉུང་བསྡུས་དང་མཇལ་ཏེ་ལུགས་གཉིས་དང་འབྲེལ་བའི་མོལ་མཆིད་རྒྱས་པར་བྱུང་། སྡེ་སྲིད་སྣ་དཀར་རྩེ་བའི་


GLG006_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་དྲུང་གཞུང་ཟིལ་གནོན་དབང་རྒྱལ་རྡོ་རྗེ་ཐུགས་བློ་ཆོས་སུ་གཞོལ་བའི་ཆོས་སྡེ་འཛུགས་པས་མཚོན་རྣམ་དཀར་གྱི་དགེ་བ་རྒྱ་ཆེ་བ་ཆོས་ཟབ་དང་བདུད་ཟབ་ཀྱི་དཔེ་བཞིན་སྐུ་གཅོང་གིས་ཟིན་པའི་འཕྲོད་བསྟེན་ལ་རྒན་འདྲར་ཕེབས་པ་སྙུན་རོ་རྙིང་པ་དང་ཆབ་བསགས་འདོམས་ནས་སྐུ་གཤེགས་པའི་དགོངས་རྫོགས་ཀྱི་རྟེན་འབྱོར་དོན་ལྟར་བཞེད་པ་འགྲུབ་པའི་བསྔོ་སྨོན་ཅི་ནུས་སུ་བྱས་ཤིང་དགོངས་རྫོགས་ཐེབས་ཀྱི་འབུལ་བ་གཏོས་མི་ཆུང་བ་བསྟར། ཆུ་བྱི་ལོ་ངོས་ཕེབས་སྡེ་པས་དྲི་བ་མཛད་པར་ཟུར་སྲས་མེད་གསུངས་འདུག་པས་ཞལ་མ་བཞུགས་པའི་རྗེས་སུ་གདུང་བརྒྱུད་སྤང་ཤ་རྡོལ་བ་ལྟ་བུ་འོང་དོན་མི་འདུག་གཤིས་ཞུ་བའི་ལྕེ་ཆད་འདུག་ནའང་སྲས་ཡོད་ཟེར་བ་ཕྱགས་ཕྱི་རྣམས་ཀྱིས་དག་པ་བཏོན་རྗེས་རྩེ་སྟག་རང་འཇགས་ཀྱི་བཀའ་གྲོས་ལ་མཐུན་འགྱུར་བྱས་པར་རྗེས་སུ་ཡི་རང་དགོས་རྒྱུ་ཡིན་ནའང་ཁྱུང་པོ་དོ་བཞེས་པ་སོགས་ཀྱིས་འགྲོ་ཁར་སྐྱོས་མའི་ཨང་ཉན་བྱུང་བ་འདྲ། ཕུར་སྒྲུབས་རིམ་གྲོ་རྣམས་ཀྱང་དུས་ཐོག་བཏང་། སྡེ་པ་ད་ལའི་ཧུང་ཐའི་ཇི་ཐོག་མར་བྱོན་པའི་དགའ་སྟོན་དང་བཅས་མཆོད་ཡོན་གསུམ་ག་གདན་འཛོམ་ཡང་དེ་ཉིན་བཞུགས་གྲལ་ཡུན་རིངས་པའི་གྲང་ངད་ཀྱིས་བསྐྱེད་པ་ལྟ་བུའི་སྲིན་ནད་ཀྱི་རོ་མ་འཕར་བའི་པོ་ཏ་ལར་འཕྲོད་བསྟེན་ལས་བཞུགས་གྲལ་ལ་འབྱོན་མ་ཐུབ། ཁལ་ཁ་དང་ཨོ་རོད་རྒྱལ་པོའི་མཇལ་ཕྲད་ཤར་བར་ཁལ་ཁ་ནི་གནམ་ཆིང་གིར་གྱི་བརྒྱུད་ལས་ཆད་པ་སོགས་སྔར་གྱི་སོག་པོའི་གོ་བབས་ཀྱི་རྒྱུ་མཚན་གླེང་། ཨོ་རོད་ནི་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་དབུས་
གཙང་ཁམས་གསུམ་དབང་དུ་བསྡུས་པའི་རྒྱལ་སར་གང་ཡོད་སྲོང་བཙན་སྒམ་པོའི་ཁྲི་གནོན་མཁན་ཡིན་པའི་སྒྲུབ་བྱེད་སྣ་ཚོགས་འདུག་པ་བསྟན་གཞུང་གི་རྒྱུན་ལ་ཕན་ཚུན་ལུགས་ལེགས་གལ་ཆེ་བའི་གཤིས་གསེད་བཀྲོལ་བཏང་བའི་བབས་འབྲེལ་དང་མཚུངས་པའི་མཇལ་ལུགས་སྟན་གྱི་མཐོ་དམའ་སོགས་ཕན་ཚུན་ཐམས་ཅད་རེ་ཁོན་མི་ཡོང་བའི་བཅའ་བསྒྲིགས།


previousདགུང་ལོ་ང་བདུན་པར་ར་མོ་ཆེ་གཙུག་ལག་ཁང་གི་ནང་རྟེན་དང་ལྡེབས་བྲིས་སོགས་ལ་ཚོན་གསོལ་བཞེངས་བཀོད་དང་། འདུས་སྡེ་ཁག་ལ་ཆོས་རྒྱུན་རིམ་གྲོ་བཙུགས་ཤིང་ཞྭ་དམར་སྤྲུལ་སྐུ་སོགས་ཕྱོགས་འགྲུལ་ལྟོས་ཆེར་མཇལ་འཕྲད་མཛད་པ་སོགས་ཀྱི་སྐོར།next