Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

25 occurrences of བྱམས་པ་གླིང་
[Clear Hits]


  
 
 
 
 
  
 
 
 
 
 
དགུང་ལོ་ང་བརྒྱད་པར་རྫོགས་པ་ཆེན་པོའི་འཁྲིད་ཡིག་རིག་འཛིན་ཞལ་ལུང་དང་། ལུགས་ཟུང་གི་བླང་དོར་མུ་ཐི་ལའི་འཁྲི་ཤིང་མཛད་ཅིང་འབྲས་སྤུངས་མཆོད་ཁང་ཆེན་མོར་བཀའ་འགྱུར་སོགས་རྟེན་མཆོད་གསར་བསྒྲིགས་གནང་བ་བཅས་ཀྱི་སྐོར།
 


25 occurrences of བྱམས་པ་གླིང་
[Clear Hits]

 
previousདགུང་ལོ་ང་བརྒྱད་པར་རྫོགས་པ་ཆེན་པོའི་འཁྲིད་ཡིག་རིག་འཛིན་ཞལ་ལུང་དང་། ལུགས་ཟུང་གི་བླང་དོར་མུ་ཐི་ལའི་འཁྲི་ཤིང་མཛད་ཅིང་འབྲས་སྤུངས་མཆོད་ཁང་ཆེན་མོར་བཀའ་འགྱུར་སོགས་རྟེན་མཆོད་གསར་བསྒྲིགས་གནང་བ་བཅས་ཀྱི་སྐོར།next

དགུང་ལོ་ང་བརྒྱད་པར་རྫོགས་པ་ཆེན་པོའི་འཁྲིད་ཡིག་རིག་འཛིན་ཞལ་ལུང་དང་། ལུགས་ཟུང་གི་བླང་དོར་མུ་ཐི་ལའི་འཁྲི་ཤིང་མཛད་ཅིང་འབྲས་སྤུངས་མཆོད་ཁང་ཆེན་མོར་བཀའ་འགྱུར་སོགས་རྟེན་མཆོད་གསར་བསྒྲིགས་གནང་བ་བཅས་ཀྱི་སྐོར།


GLG006_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སྟག་གནམ་ལོ་གསར་ཚེས་ཀྱི་སྲིད་གསུམ་བདག་མོ་མཆོད་པ་དང་ཉིན་དང་པོ་ཁལ་ཁ་ཨོ་རོད་ཀྱི་རྒྱལ་བརྒྱུད་བློན་འབངས་གཙོ་བོར་གྱུར་པ། ཉིན་གཉིས་པར་སོག་པོ་རགས་བསྡུས་དང་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ། སྡེ་པ་ལྷུན་པོ་རྫོང་པ། ལྷ་བྱ། སྐྱིད་ཤོད་ཁག །དབུས་གཙང་གི་ནང་སོ་རྣམ་པ་དྲག་གྲས་སོགས་རིན་ཆེན་རྒྱན་ཆ་རང་ཆས་པ་ཉེར་བདུན། གཞུང་གི་ལྔ་བཅུ་བཅས་ཆོས་བཟང་ལྷའི་བདུན་ས་ལྟར་བརྗིད་ཆགས་པ། ཉིན་གསུམ་པར་རྒྱུད་སྟོད་པ་སེར་འབྲས་སོགས་གཉུག་མར་གནས་པའི་མཁན་སློབ། དབོན་ཆོས་མཛད། ལས་སྣ་བ། སྒར་གྲ་ཚང་བླ་མ། ཕན་བདེ་ལེགས་བཤད་གླིང་པ་ཡོངས་རྫོགས་ལ་དགའ་སྟོན་རྒྱ་ཆེར་སྤེལ། འདར་ལོ་དང་རྣམ་གླིང་པཎ་ཆེན་གཉིས་ཀྱིས་བཀྲ་ཤིས་པའི་ཚིག་སྔོན་དུ་འགྲོ་བའི་འབེལ་གཏམ་རྒྱས་པར་བསྟར། ཚེས་བཞི་ལ་ནོམ་ཆི་ཐའི་ཇི་སྤུན་འགྲོ་གདོང་དུའང་སྟེར་ཆའི་ཚན་གྲངས་བཟབས། གཟེར་ཆེན་པ་རྣམ་རྒྱལ་ཚེ་རིང་སོགས་བསྙེན་རྫོགས་ཉེར་བདུན་དང་དགེ་ཚུལ་བཅུ་གཉིས་བསྒྲུབས། ལྷ་མདོངས་ལོ་ཙཱ་བའི་དབོན་བརྒྱུད་ཐ་མ་གྲོངས་པའི་བསྔོ་རྟེན་དུ་སྒྲ་སྙན་གཙོ་བོར་གྱུར་པའི་དཔེ་ཆ་དངོས་གཙང་ཞིང་གཏོས་ཆེ་


GLG006_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བ་འབྱོར། སྔར་རིག་གནས་ཀྱི་སློབ་གཉེར་བྱེད་སྐབས་དཔེ་ཚན་རེ་རེ་ཙམ་ལའང་ཐབས་དུ་མའི་སྒོ་ནས་བླུ་དགོས་པའི་བལ་པོ་གསེར་མཐོང་ཁོ་ན་ཡོང་། དིང་སང་ཐོས་བསམ་གང་ཡང་མི་ནུས་པའི་སོ་གསོད་ལྐོག་ཉལ་བགྱིད་དུས་དཔེ་ཆ་འབད་མེད་ལྷུན་གྲུབ་འདི་ནི་འཇིག་རྟེན་གྱི་བྱེད་པོས་ཁྱོད་ལ་འདི་འདྲ་ཨེ་མཁོས་ཟེར་བ་འདྲ་ཞིག་འདུག་རུང་ཚེ་རབས་གཞན་དུ་ད་ལམ་ལུགས་ལ་མ་སོང་བའི་མི་ཁོམ་པའི་གནས་དང་བྲལ་བའི་རྟེན་ཐོབ་ནས་ཐོས་བསམ་བྱར་ཡོད་པའི་རྟེན་འབྲེལ་ལྟ་བུ་ཨེ་ཡིན་སྙམ་པའི་རྗེས་སུ་ཡི་རང་བ་བྱུང་། ཚེས་ལྔར་རྩེས་དང་ལྔ་མཆོད་པ་སྤྱི་སོས་བདོག་པ་རྒྱས་པ་བཏེག་ནས་རིང་འཚོའི་རྟེན་འབྱུང་བསྒྲིགས་ཤིང་ལས་ཆེན་པ་གཞོན་པས་རིང་དུ་གནས་དགོས་ཚུལ་ལུང་རིགས་ནས་དྲངས་པའི་ལེགས་པར་བཤད། ཁོང་རང་རྣམས་ཀྱིས་བསྐུལ་བའི་གསར་རྩོམ་ལེ་ཚན་གྱི་ལུང་བཀླགས། དགའ་ལྡན་ཁྲི་རིན་ཆེ་ལ་ངོས་ཀྱིས་མཇལ་ཞིང་ཕྱག་དྲུག་པའི་བཀའ་བསྒོ་བར་ཆད་ཀུན་སེལ་ཕུལ། སྡེ་པའང་སྙུན་ལས་གྲོལ་བའི་ཚེས་བརྒྱད་ལ་ལྷ་སར་སྐྱ་རགས་ཀྱི་མགོན་དུ་འབྱོན་ཐུབ་པ་བྱུང་། ཚེས་བཅུ་བཞིར་ཤར་ཕྱོགས་བསྟན་པའི་སྒྲོན་མེ་དྭགས་པོ་གྲ་ཚང་པ་དཔོན་སློབ་བཞི་བརྒྱ་སྐོར་གྱིས་གསེར་དང་ཐེར་མ་སོགས་བདོག་པ་དཔངས་མཐོ་བའི་མཎྜལ་བཏེག་ནས་ཡུན་དུ་འཚོ་བའི་སྨོན་ལམ་མཛད། གནས་བརྟན་བཅུ་དྲུག་ལ་བརྟེན་པའི་བདེན་ཚིག་གི་ཚེ་འཕགས་པའི་གནས་བརྟན་འཁོར་བཅས་མངོན་སུམ་དུ་མདུན་གྱི་ནམ་མཁར་བྱོན་ཡོད་དམ་སྙམ་པའི་བྱིན་ཆགས་པ་ཞིག་སྣང་། ཁལ་ཁ་རྒྱལ་པོས་ལྷ་སར་


GLG006_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཡོང་དགོས་ཚུལ་བྱུང་ཡང་ལུས་ཀྱིས་མ་ལྕོགས་པའི་འདི་གའི་ཚོམས་ཆེན་དུ་ཁ་བཏགས་གོས་ཕྱི་ནང་གསེར་དངུལ་ཇ་རྟ་སོགས་ཁྲི་འབུལ་གྱི་དངོས་པོ་དངོམ་ཆེ་བ། རྗེས་འབྲང་གི་སེར་མོ་བ་ཐའི་ཇི་མི་བཟང་ཐམས་ཅད་ཀྱིས་ཀྱང་ཇི་ལྟར་རིགས་པའི་ཚན་གྲངས་ཕྱུར་བུར་སྤུངས་པ་དགེ་བ་བྱང་ཆུབ་མཆོག་གི་རྒྱུར་བསྔོས་ཤིང་སོག་བོད་བསྡོམས་པའི་ཉིས་སྟོང་ལྷག་ཙམ་གྱིས་མགོར་ལག་པའི་འདེགས་འཇོག་བླ་ཆེན་ཚོའི་མཛད་པའི་གཙོ་བོ་དེ་བྱས་པས་མི་ཀུན་ལ་བྱིན་རླབས་ཇི་ལྟར་བྱུང་ཡོད་ཀྱང་ཉི་མ་ཕྱི་མོར་སོང་སྟེ་དགུ་ཚིགས་ལ་ཕཊ་ཡིན་ངེས་ཐེངས་ཤིག་བརྒྱབ། གཏེར་སྟོན་ཆོས་ཀྱི་རྒྱལ་པོ་ཉི་ཟླ་འོད་ཟེར་གྱིས་རང་གཏེར་རྣམས་ལ་འཆད་རྩོམ་གསོ་བ་སོགས་གྱིས་ཤིག་པའི་འཁྲུལ་སྣང་འདྲ་བྱུང་བ་རྒྱུན་དུ་མ་རིག་པས་འཁྲུལ་བཞིན་དུ་ཉིང་འཁྲུལ་གྱི་རིགས་ལ་ཡིད་བརྟན་དེ་བས་ག་ལ་ཡོད། འོན་ཀྱང་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་གང་ཡིན་དྲང་པོར་བཤད་པའི་དམའ་ས་བཟུང་ན་དམན་པར་བརྩི། མ་བྱུང་བྱུང་དང་མ་མཐོང་མཐོང་གི་ཨོ་ཟོབ་བྱས་ན་སྐྱེས་བུ་དམ་པར་འགྲོ་བར་ཚེགས་མི་འདུག་གཤིས་ཉིང་འཁྲུལ་ལ་ཚད་མར་བཟུང་བའི་ཁ་ཕོའི་དོ་ཀེར་དང་བཅས་རྫོགས་ཆེན་ལ་མོས་པའི་བློ་ཅན་དགེ་སློང་འཇམ་དབྱངས་གྲགས་པ་དང་གཡུ་ཐོག་སྙིང་ཐིག་པ་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་གཉིས་ཀྱིས་བསྐུལ་བས་མཚམས་སྦྱར་ཏེ་རང་ནོར་རང་གིས་སྤྱོད་པའི་ཚུལ་གྱིས་འཁོར་བ་དབྱིངས་སྒྲོལ་གྱི་ཁྲིད་གཞུང་ཤིན་ཏུ་རྒྱས་པ་རིགས་འཛིན་ཞལ་ལུང་བྲིས། སྔར་བྱང་ཆུབ་ལམ་རིམ་གྱི་ཁྲིད་རྒྱལ་བ་བཙོང་ཁ་པའི་དགོངས་པར་འགྲོ་ཁུལ་དེ་བརྩམས་པས་དགེ་


GLG006_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་པའི་གྲལ་དུ་ཆུད་པོ་རང་མ་བྱུང་། ད་ཆ་རྙིང་མ་བའི་གྲལ་དུ་མི་ཆུད་ངེས་པ་ནས་ཟབ་མོ་སློབ་བཤད་པའི་གྲལ་དུ་དོགས་འཚངས་བྱེད་དགོས་པ་འདྲ། དབུ་མཛད་བློ་བཟང་བསྟན་འཛིན་གྱི་ཕྱི་རྟེན་ཡུམ་ཆེན་མོའི་སྟོང་ཐང་གི་རྒྱབ་ཡིག །ཟུར་མངས་ཆོས་རྗེ་དང་སྐུ་སྐྱེ་བློ་བཟང་བསྟན་འཛིན་གྱིས་བསྐུལ་བའི་རིང་འཚོའི་ཚིགས་བཅད་གསུམ། རྩེས་དང་ལས་ཆེན་པ་བློ་བཟང་ཆོས་གྲགས་ཀྱི་ངོར་བདག་བསྟོད། ཁལ་ཁ་སྐུ་སྐྱེ་བློ་བཟང་འཕྲིན་ལས་ཀྱིས་བསྐུལ་བའི་འཇམ་དབྱངས་སྤྲུལ་སྐུ་དང་ཐུ་ཤེ་ཡེ་ཐུ་རྒྱལ་པོ་གཉིས་ཀྱི་བརྟན་བཞུགས། པནྜི་ཏ་ཨེར་ཏ་ནི་ཐའི་ཇི་དང་བི་ལིག་ཐུ་ཇའི་སང་གཉིས། གུ་ཡེ་དར་ཁན་ནང་སོ། བྲེ་པ་བླ་ཆེན་ཆོས་རྒྱལ་རྡོ་རྗེ། ཐོས་བསམ་དར་རྒྱས་གླིང་སྤྱི་སོ་རྣམས་ཀྱིས་བསྐུལ་བའི་རིང་འཚོའི་ཚིགས་བཅད་རེ་རྣམས་བྲིས། ཉེར་གསུམ་ནས་བདུན་གཅིག་གི་བར་ཕྱི་ནང་གི་དོན་བགེགས་འབྱུང་པོའི་གཉེན་པོར་རྡོ་རྗེ་གྲོ་ལོད། ཡང་གསང་དྲག་པོ། གཤིན་རྗེ་དྲེགས་འཇོམས། ཚེ་དཔག་མེད་དངས་མ་བཅུད་འདྲེན་བཞིའི་སྒྲུབ་ཁག་བཙུགས། ཇོ་བོ་ཤཱཀྱ་མུ་ནེའི་སྤྱན་སྔར་སྒོ་མངས་བདེ་ཡངས་དྲིལ་བ་བརྒྱས་ཞག་བརྒྱད་ཀྱི་བར་སྤྱན་འདྲེན་ཁྲུས་གསོལ། ཀུན་ཏུ་བཟང་པོའི་སྨོན་ལམ་ཉི་ཁྲི་ཉིས་སྟོང་བཞི་བརྒྱ། ལྟུང་བཤགས་ཉི་ཁྲི་བཞི་སྟོང་། ལྷ་སར་ཕྱུགས་ལུག་སུམ་བརྒྱའི་སྲོག་བླུ། ཡེར་པར་སཱཙྪ་ཆིག་འབུམ་ཆིག་ཁྲི་ཆིག་སྟོང་ལྔ་བརྒྱ། དགའ་ལྡན་གསང་སྔགས་གླིང་དུ་གཤིན་རྗེ་འདུས་པའི་དྲག་སྔགས་བཟློག་བཅས་བྱེ་བ་གཉིས་རྣམས་ཀྱི་ཚོགས་གསོག་བགྱིས། ཉེར་ལྔ་ནས་འོལ་དགའི་ཆུ་ཚན་ཉིན་གསུམ་


GLG006_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རིང་ཡན་ལག་ལ་ཕན་རེའི་བསྟེན། ཉེར་བདུན་ལ་ཞང་ཚ་དཀོན་ཅོག་རྣམ་རྒྱལ་གློ་བུར་དུ་འདས་པའི་གོས་སྣ་སོགས་བསྔོ་རྟེན་མང་བར་རྒྱས་འདེབས་དང་དགེ་འཐུད་བྱས། སྔར་བྲག་སྣ་ཆོས་རྗེས་བསྐུལ་བའི་ཚེ་བདག་གི་ལས་བྱང་ཤིན་ཏུ་བསྡུས་པ་དེ་གྲ་ཚང་ལ་སྟབས་འགྲོས་སུ་བཙུགས་པ་གང་ས་ནས་ཡིན་མདོག་ཁ་བ་མ་བྱུང་བ་ཤིང་བྱ་རྡོ་རྗེ་བྲག་གི་ཕྱག་ལེན་སྒྲ་ཇི་བཞིན་པ་ཨེ་ཡོང་སྙམ་པའི་ལས་བྱང་ལ་བཅོས་རྒྱག་པའི་འགོ་བཙུགས་ཚེ་ཨཱཪྻ་པ་ལོའི་གླིང་གི་ཀླུས་ལྷ་འདྲེ་གཞན་རྣམས་སྦྲན་ནས་བསམ་ཡས་ཉིན་མོ་བརྩིགས་པ་མཚན་མོ་བཤིག་པའི་དཔེ་ལྟར་དགེ་བཤེས་དགེ་དར་བས་ཁོ་རང་ཕྱག་ལེན་དཀའ་ལས་ཆེན་པོ་བྱེད་དགོས་བྱུང་དོགས་པ་ཁོངས་སུ་བཅུག་པའི་འཕྲལ་ཐུགས་རྩོམ་ལས་གནངས་ཆེ་བ་མི་ཡོང་ཡང་རོང་པ་སྐུ་མདུན་གྱི་རང་འདོད་ཁར་འཚངས་ཀྱི་བཅོས་བརྒྱབ་བོ་སྐད་དྲག་ཞན་ཚང་མའི་སར་རི་བསྒུལ་མཚོ་སྐྱོམས་བྱས་པར་བརྟེན་སྔར་གྱི་དེ་ལས་དོན་སྤྱི་དོད་ཙམ་ལས་བཟོ་བསྐྱར་ཚང་བ་མ་ཐུབ། དེ་རྗེས་ཁ་སྐོང་འདྲ་རིམ་གྱིས་བྱས་རུང་བློ་ཁ་རྫོགས་པ་ཞིག་མ་བྱུང་བ་འདི་དུས་ཞིབ་ཆའི་ཕྱག་ལེན་རིགས་འཛིན་སྤྲུལ་པའི་སྐུ་མཆོག་ཉིད་ལ་དོགས་བཅད། ལས་བྱང་སྲིད་གསུམ་རྣམ་རྒྱལ། ཟོར་ལས་གནམ་ལྕགས་ཐོག་མདའ། སྔོན་འགྲོའི་ཆོ་ག་ཉུང་ངུ་རྣམ་གསལ། རེག་ཟིག་ཞིབ་མོ་རྣམ་དག་བཞི་གསར་དུ་བསྒྲིགས་ཏེ་གྲ་ཚང་དུ་ཚུགས་པ་བསྒུགས་ཡུན་རིང་ན་ཡི་དམ་གྱི་ལྷ་དང་མཇལ་བའི་དཔེར་སོང་། ཧོར་ཟླ་གཉིས་པའི་ཚེས་གཅིག་ལ་སྡེ་པ་ཐོན་པས་སྟེར་ཆ་ཚོགས་འགྱེད་ཀྱི་ཡོན་སྦྱར་ནས་གྲ་ཚང་གིས་འཆི་མེད་འོད་སྣང་གི་ཚེ་ཆོག་བཏང་། ཚེས་བཞི་ལ་ད་ལའི་


GLG006_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཧུང་ཐའི་ཇིར་འཆི་མེད་དཔལ་སྟེར་གྱི་ཚེ་དབང་བརྒྱ་རྩ་བསྐུར་བའི་ཡོན་དུ་གསེར་སྲང་བརྒྱར་ཉེ་བ་བྱིན། དཔོན་ཆུང་མི་བཟང་སུམ་ཅུ་སྐོར་ལ་ཚེ་དབང་གྲུབ་རྒྱལ་མ། ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ། ཁལ་ཁ་རྒྱལ་བློན་རགས་བསྡུས་ལ་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོ་དང་ཆག་ལུགས་ཚེ་དཔག་མེད་ཀྱི་ཚེ་དབང་རྣམས་ཕུལ། སྟག་རྩེ་ཡབ་སྲས། སོག་དམངས་གཏོས་ཆེ་བ་སོགས་དང་ཕྲད། ཚེས་བདུན་ལ་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་གོས་སྣ་ཆ་ཚང་གོས་ཡུག་བཅུ་དྲུག་དར་ཡུག་ཉི་ཤུ་རྩ་གསུམ་གྱིས་ཐོག་དྲངས་པའི་དགུ་ཚན་བཅུ་དྲུག་གི་སྟེར་སྦྱིན་གྲ་རྐྱང་ལ་བལྟོས་པའི་སྤམས་མཐོ་བ་དང་ཚོགས་ཆས་འགྱེད་ལེ་ཚན་ལྔ་སོགས་ཀྱི་ཡོན་སྦྱར་ནས་འཆི་མེད་འོད་སྣང་ལ་བརྟེན་པའི་ཚེའི་རྟེན་འབྲེལ་བསྒྲིགས་ཤིང་གྲ་ཚང་ལ་སྦུག་ཆོལ་ལེགས་པའི་སྤྱི་འབུལ་བྱས། ཚེས་བཅུ་ལ་ཁལ་ཁ་རྒྱལ་པོ། རྒྱལ་མོ། སྲས། བློན་འབངས་དང་བཅས་པ། རྟ་ཚག་རྗེ་དྲུང་། རྒྱུད་སྟོད་སློབ་དཔོན་སོགས་ལ་ཐུགས་རྗེ་ཆེན་པོ་སྐྱེར་སྒང་ལུགས་ཀྱི་རྗེས་གནང་དང་ཚེ་དབང་གྲུབ་རྒྱལ་མ་རྣམས་ཕུལ། མངའ་བདག་སྨྲ་བོ་ལྕོག་པས་ཉང་རིན་པོ་ཆེས་ལྷོ་བྲག་མཁོ་མཐིང་ལྷ་ཁང་ནས་གདན་དྲངས་པའི་ཨ་ཐམ་མའི་སྣོད་ཁྱད་འཕགས་ཀྱི་རྟེན་དང་བཅས་སྨྲ་བོ་ལྕོག་མཆོད་ཁང་གི་སྟེང་དུ་གཉྫི་ར་འཛུགས་རྒྱུར་མཐུན་རྐྱེན་དགོས་ཚུལ་བྱུང་བ་ལྟར་གསེར་ཞོ་བཞི་བཅུ་ཐམ་པ་བསྲིངས། སཱན་ཧུང་ཐའི་ཇིའི་སྲས་དང་ཨེར་ཏེ་ནི་ཕྱག་མཛོད་པ་གཉིས་ཀྱིས་རྒྱལ་ཁང་རྩེའི་སྐུ་སྐྱེའི་དགོངས་རྫོགས་ཀྱི་དངོས་པོ་དཔངས་


GLG006_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་བ་དང་ཨོ་རོད་དཔོན་རྒྱུད་མ་ལས་ཀྱི་བསྔོ་རྟེན་བྱུང་བ་ལྟར་བྱང་ཆུབ་མཆོག་གི་རྒྱུར་རྒྱས་བཏབ། རྣམ་སྲས་གླིང་ནས་གཞོན་པ་ཆོས་ལ་བློ་གཞོལ་པའི་འཁོར་བ་ལས་ངེས་པར་འབྱུང་འདོད་བཞིན་དགེ་ཚུལ་གྱི་དངོས་པོར་བསྒྲུབས་ཤིང་མིང་དཀོན་ཅོག་ཆོས་གྲགས་སུ་བཏགས། ཁོང་པ་གཞུང་ལུགས་དང་ཐ་སྙད་ལ་སྦྱངས་སྟོབས་ཤིན་ཏུ་ཆེ་བའི་འཕྲོས་གཏམ་དང་ཞུས་དག་སོགས་ལ་མཁོ་བར་བྱུང་བས་གཞོགས་སུ་བསྐྱིལ། ཚེས་བཅོ་ལྔ་ལ་ཁལ་ཁ་རྒྱལ་པོ་སྲས་ཡུམ་སོགས་ཉི་ཤུ་རྩ་ལྔ་དང་རྟ་ཚག་རྗེ་དྲུང་། མང་ར་མཁན་པོ། ཕ་བོང་ཁ་པའི་གདན་ས་པ། གཡོན་རུ་སྐུ་སྐྱེ། ཁལ་ཁ་སྐུ་སྐྱེ། འབྲས་སྤུངས་བློ་གསལ་གླིང་། བདེ་ཡངས་པ། སྔགས་པ་གསུམ་གྱི་སློབ་དཔོན་པས་ཐོག་དྲངས་དབང་ཆ་གཉིས་ལ་ཛེ་ཏཱ་རི་ལུགས་ཀྱི་ཚེ་དཔག་མེད་ལྷ་དགུའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ཕུལ། དེ་ཁྲོད་ནས་འགྲོ་དོན་སྐྱོང་བཞིན་པ་འགས་དཀྱིལ་འཁོར་ལ་མེ་ཏོག་འདོར་བ་སོགས་ཀྱི་དོན་སྤྱི་མ་དོད་སྣང་བ་གཞན་ལ་དབང་བསྐུར་དུས་ཇི་ལྟར་མཛད་ནི་མ་ཤེས། འདུལ་བ་ཟུར་པ་དབོན་འདུར་ཁལ་ཁ་ནས་འཁོར་བའི་ནོ་མོན་ཨེ་ཇེན་གྱི་བུ་ཚ་བརྒྱུད་ཀྱི་དོན་སྐོར་རས་ཆུང་པའི་མཛེ་ལ་ལན་དེ་བཅུ་གསུམ་གྱི་དཔེ་ལྟར་དོན་སྨིན་ཆེར་མ་བྱུང་འདུག །ཁལ་ཁ་རྒྱལ་པོ་རང་གི་འདི་གའི་ཡི་གེ་བསྣམས་ནས་ཁེབས་གང་ཆེ་བྱེད་གསུང་ཡང་སྔར་ཕན་ནི་གནས་ཚུལ་མ་འབྱོར། ཚེས་བཅོ་ལྔ་ལ་ཁལ་ཁ་རྒྱལ་པོ་ཡུམ་སྲས་བཞི་ལ་མགོན་པོ་བཅུ་གསུམ་མའི་ནང་གི་མགོན་པོ་ཚེ་བདག་གི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་ཕུལ་ཞིང་


GLG006_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་དཔོན་གཡོག་གི་སྡེབས་སུ་རྟ་ཚག་རྗེ་དྲུང་གིས་གཙོས་གོང་གི་བླ་མ་བདུན། གསང་གླིང་སློབ་དཔོན། འདུལ་བ་ཟུར་པ། བཀྲ་ཤིས་བདེ་ཆེན་སློབ་དཔོན། གྲ་ཚང་གི་གྲ་པ་ཁ་ཤས་རྣམས་ལ་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་དང་གསར་རྩོམ་མདོ་ཆོག །གཞན་ཡང་ལྟུང་བཤགས། ཤེར་སྙིང་། འདའ་ཁ་ཡེ་ཤེས། རྣམ་འཇོམས། བཟང་སྤྱོད་བཅས་པའི་ལུང་ཕུལ། སྒྲགས་སུ་རྗེ་ཀརྨ་པ་ཞིང་འདིའི་སྐུའི་བཀོད་པ་བསྡུས་པའི་དགོངས་པ་རྫོགས་ཐབས་ཀྱི་བདོག་པའི་ཚན་གྲངས་འབྱོར་དོན་ལྟར་ཞིང་ཁམས་རྒྱ་མཚོར་འགྲོ་དོན་མཐའ་ཀླས་མཛད་པའི་བཞེད་པ་གེགས་མེད་དུ་འགྲུབ་པའི་མཆོག་གསུམ་དམ་པར་གསོལ་འདེབས་དང་དགོངས་རྫོགས་ཐེབས་སུ་ཟང་ཟིང་གི་དངོས་པོ་རྒྱ་ཆེར་ཕུལ། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་སྐྱེས་བུ་ལ་ལ་དག །ཙནྡ་དག་ནི་འདི་འདྲ་སྟེ། །སྤོས་ཀྱི་རྣམ་པ་ཡིད་འོང་ཞེས། །ཙནྡ་དག་གི་ཡོན་ཏན་བརྗོད། །དེ་ནས་མི་གཞན་ལ་ལ་ཡིས། ། དེ་ལྟར་བསྔགས་པ་བརྗོད་པ་ཡི། །ཙནྡ་ཅུང་ཟད་བསྲེལ་ཏམ་ཞེས། །སྐྱེས་བུ་ལ་ལས་དེ་དྲིས་ན། །སྐྱེས་བུ་དེ་ལ་སླར་སྨྲས་པ། །གང་གིས་འཚོ་བར་བྱེད་པ་ཡི། །སྤོས་ཀྱི་བསྔགས་པ་བརྗོད་པ་དེ། །སྤོས་དེ་ང་ལ་མེད་ཅེས་སྨྲ། །ཞེས་པ་ལྟར་རང་ཐོག་ཏུ་བླང་དོར་གང་ཡང་མི་ཡོང་བའི་ནེ་ཙོའི་སྨྲ་བ་བཞིན་གཞན་དག་ཁྲེལ་རྒྱུར་སྣང་ཡང་། ཁལ་ཁ་རྒྱལ་པོས་གསུང་གིས་བསྐུལ་བ་བཞིན་ལུགས་ཟུང་བླང་དོར་མུ་ཐི་ལའི་འཁྲི་ཤིང་དང་རིག་སྔགས་འཆང་བའི་དབང་ཕྱུག་དཀོན་ཅོག་ལྷུན་གྲུབ་ཀྱི་འཕྲིན་ལན་བརྩམས། བཀྲ་ཤིས་ལྗོངས་ཆོས་


GLG006_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ། སྐྱེད་ཚལ་མཁན་པོ། འཆད་ཀ་སྤྱན་སྔ། དཀར་པོ་ཐུགས་སྲས། དྭགས་པོ་སྒྲོམ་མདའ་བ་རྣམས་དང་ཕྲད། ཉེར་གཉིས་ནས་དམ་གྲིབ་ལ་བརྟེན་པའི་ལག་པའི་ནད་རོ་འཕར་ཚབས་ཆེ་བ་ལངས་པའི་འཕྲོད་བསྟེན་སུམ་དགའ། དར་མོ་བ་དང་དབུ་མཛད་མཆོད་དཔོན་དགེ་སློང་འཇམ་དབྱངས་གྲགས་པ་གསུམ་གྱིས་ནད་གཡོག་བྱས། གཏེར་སྟོན་རིན་པོ་ཆེ་ཆེད་དུ་གདན་དྲངས་པའི་གདོན་འགྲོལ། ཉང་ལུགས་ཀྱི་ཕྱག་རྡོར། སྨེ་བརྩེགས་ཀྱི་བྱབ་ཁྲུས། འཆི་བླུ་རྣམས་གནང་ཞིང་བར་ཆད་ལམ་སེལ་རྩ་འགྲེལ་གྱི་ལུང་ཞུས། རིམ་གྲོར་བཀའ་འགྱུར་ལྔ། སྒྲོལ་མ་ཤེར་སྙིང་གདུགས་དཀར་གསུམ་ཆིག་འབུམ་རེ། སེར་འབྲས་སུ་ཇ་ཚུལ་ཉི་ཤུའི་ཐོག་སྒྲོལ་མ་ས་ཡ་དྲུག་འབུམ་སུམ་ཁྲི་དྲུག་སྟོང་། ཤེར་སྙིང་དྲུག་འབུམ་བརྒྱད་ཁྲི། ཚེ་གཟུངས་བྱེ་བ་བདུན་ཉིས་འབུམ་རྣམས་སོང་བའི་ཡོན་གྲ་པ་རེར་དངུལ་ཞོ་རེ་འབབ་རྩིས་ཀྱི་ཉེར་སྤྱད་ཀྱི་གོས། རྟ་སྒ་འཁོར་སོགས་སྤོང་དག །སྔགས་ཁང་དུ་གྲ་པ་སུམ་ཅུས་ཉིན་བདུན་དང་སེ་རར་གྲ་པ་སོ་ལྔས་ཉིན་བདུན་བསྐང་གསོ། གནས་ཆུང་ལྕོག་ཏུ་སྤྱན་གཟིགས་ཚོགས་བཅས་བཟབས་རྒྱས། ལྷ་སར་སོག་དམངས་ཉིས་སྟོང་སྐོར་ལ་ཡ་ཇུ་སྨར་འདེགས་ཁལ་གོ་ལྔ། མར་ཁལ་ཆིག་བརྒྱ་དགུ་བཅུ་རྣམས་དང་བརྟག་པར་བབས་པའི་སྡེ་པའི་རིམ་གྲོར་བསྐལ་བཟང་། གཟུངས་བསྡུས། གསེར་འོད་གསུམ་བརྒྱ་རྩ་རེ། གྲ་ཚང་ནས་དམག་ཟོར་མ་དང་རྣམ་སྲས་སེར་ཆེན་གྱི་བསྐང་བ་སྟོང་། རྒྱལ་ཐང་ཕྱོགས་སུ་དུས་གཟིངས་བྱུང་བའི་སྐུ་རིམ་ལ་སེར་འབྲས་དགེ་གསུམ་གྱིས་གཙོས་པའི་དགེ་ལུགས་


GLG006_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་ཆེ་ཁ་སྔགས་གྲ་སུམ་ཅུར་མང་སྐོལ་དང་བཅས་པའི་གཏོར་བཟློག །བསྟན་སྲིད་སྤྱི་རིམ་དུ་བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་བརྒྱ་ཐང་། ཆོས་རྗེ་སྒྲོལ་མ་བས་ཁྲོ་རོལ། ཞ་ལུ་པས་གདུགས་དཀར་མདོས་ཆེན། ངོར་པས་འཇིགས་བྱེད་དྲུག་ཅུ་རྣམས་བཏང་། ཧོར་ཟླ་གསུམ་པའི་ཚེས་གསུམ་ལ་ངེད་རང་གི་རིམ་གྲོར་ཚེ་གཟུངས་དུང་། བཀྲ་ཤིས་ཆོས་སྡེ་བ་གྲ་པ་སུམ་ཅུས་སྒྲོལ་དཀར་གྱི་ཆོ་ག་དང་འབྲེལ་བའི་གཟུངས། འུག་བྱ་ལུང་པས་གཡུལ་བཟློག །རྡོ་རྗེ་བྲག་ནས་འཆར་ཀ །དཔལ་རི་བས་ཁྲོ་རོལ། སེར་འབྲས་སུ་ཇ་ཚུལ་བཅོ་ལྔའི་ཐོག་གདུགས་དཀར་ཉིས་འབུམ་བཞི་ཁྲི། ཤེར་སྙིང་བྱེ་བ་གཅིག་དང་ས་ཡ་ཕྱེད་གཉིས་རྣམས་སོང་བར་སེ་ཧྲུག་སྦག་བཞི་སྟོང་དྲུག་བརྒྱ་ང་གསུམ། དབུས་གཙང་གི་དགོན་ཨངྐི་གསུམ་པ་ཡན་ལ་མང་ཇ། འགྱེད་དབུས་ཁུལ་གྱི་ཨངྐི་དང་པོར་དགེ་འདུན་བཅུར་སྲང་རེ། གཉིས་པར་བཅོ་ལྔར་སྲང་རེ། གསུམ་པར་ཉི་ཤུར་སྲང་རེ། གཙང་གི་ཨངྐི་དང་པོར་ཅུ་གསུམ་རེར་གསེར་ཞོ་རེ། གཉིས་པར་བཅོ་བརྒྱད་རེར་ཞོ་རེ། གསུམ་པར་ཉེར་བཞིར་ཞོ་རེ་བཏང་བའི་ཁྱོན་དངུལ་སྲང་སུམ་སྟོང་བརྒྱད་བརྒྱ་ཞེ་ལྔ་དང་གསེར་ཞོ་ཉིས་སྟོང་བཞི་བརྒྱ་དོན་གཅིག་རྣམས་སོང་། གནས་ཆེན་ཁག་བཅུ་བཞིར་མཆོད་འབུལ། ཨངྐི་གཉིས་པ་ཡན་ལ་ལོ་དུས་ཀྱི་མང་ཇ་བསྔོ་རྟེན་དེབ་གསལ་དང་འགྱེད་ཨངྐི་དང་པོར་འབྲུ་གཤོར་ཁལ་ཕྱེད་གཉིས་རེ། གཉིས་པར་ཁལ་རེ་མའི་དཔུས་ཚར་རྟ། ལྕགས་ཆ་སོགས། གཞུང་སྒེར་ཆོས་གཞིས་དང་བཅས་པའི་མི་སེར་


GLG006_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བྱིངས་ལ་ཁྱད་མེད་ཀྱི་རྐང་ཕྱེད་ཡན་ལ་ཁལ་ཕྱེད་གཉིས་མ། སུམ་ཟུར་དང་དུད་ཆུང་ཡན་ལ་ཁལ་རེ་མ། སྤྲང་སྟོན་བཏང་བ་རྣམས་ཁྱོན་དྲིལ་བ་འབྲུ་ཁལ་ཆིག་འབུམ་ཆིག་ཁྲི་བདུན་སྟོང་དོན་བཞི། ཚྭ་བུལ་ཁལ་བཞི་སྟོང་བཞི་བརྒྱ་སོ་བརྒྱད་དངུལ་སྲང་གྱ་དྲུག །སྤུ་ཇ་སྦག་སོ་གཅིག །ཡ་ཇུ་ཁོར་དྲུག་མ་དོན་བཞི། སོ་ཧྲུག་ཆེ་བ་ཤ་བུབས་སུམ་སྟོང་སུམ་བརྒྱ་སུམ་ཅུ། ཆུང་ཤ་ཁོག་ཆིག་ཁྲི་ཆིག་སྟོང་བཞི་བརྒྱ་གྱ་གསུམ། ཀོ་པགས་བཞི་སྟོང་ཆིག་བརྒྱ་དོན་བཞི། ལྷ་སར་ཕྱུགས་ལུག་བརྒྱའི་སྲོག་བླུ་སོགས་རིམ་གྲོ་རྒྱ་གང་ཆེ་བསྒྲུབས། ཚེས་བརྒྱད་ལ་གྲ་ཚང་ནས་ཆོས་སྐྱོང་ཆེ་ཆུང་གི་བསྐང་གསོ་བཟབས་རྒྱས་དང་དེ་འཕྲོས་ཉིན་ལྔའི་བར་ཆོས་སྐྱོང་སྤྱིའི་བསྐང་གསོ་དང་ཁྱབ་འཇུག་གི་གསང་མདོས་མཛད། ཚེས་བཅུ་བཞིར་དཔལ་གྲོང་ཆོས་མཛད་ངག་དབང་དགེ་ལེགས་ཀྱིས་གྲ་ཚང་གི་ཞལ་འདོན་ཡོངས་སུ་རྫོགས་པར་ཤོག་བུ་ལྔ་བརྒྱར་ཉེ་བའི་རྒྱུགས་སྤྲད། དྲུང་འཚོ་ལྷག་བསམ་དང་དར་མོ་བ་གཉིས་ཀྱིས་རྩ་ལྟོ་སྦྲགས་པའི་ཁྲུས་བཏང་བ་འཕྲོད་ངོ་ཤིན་ཏུ་ཆེ་ཞིང་མཆོད་དཔོན་པས་ཉིན་མཚན་གཉིས་ཀ་བཅར་སྡོད་དང་ཆོས་རྗེ་ཁ་རེག་པས་ཉིན་མོའི་བར་གཉིད་བསྲུང་བའི་རོགས་བྱས། ཚེས་བཅུ་བདུན་ནས་གྲངས་བཅད་ཀྱིས་གཤིན་རྗེ་མེའི་སྤུ་གྲིའི་སྒྲུབ་པ་བདུན་གཉིས་དང་ཚེས་བཅུ་དགུ་ནས་ཚོགས་སུ་འགོང་པོ་ཨར་གཏད། དམག་ཟོར་མའི་གསང་མདོས། ཆོས་སྐྱོང་སྤྱིའི་བསྐང་བ་ཉིན་གསུམ་གྱི་བར་བཙུགས། ཉེར་དགུ་ལ་སྒོམ་སྡེ་ནང་ཆེན་གུ་རུ་དབང་དྲག་གིས་རྟ་བཅོ་ལྔ། བཱ་སུའི་རྟ་ཉེར་བཞི་བྱུང་། གནམ་


GLG006_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་ཚོགས་གསོག་ཏུ་འཕྲུལ་སྣང་། རྒྱ་བཏབ་བཅས་པར་མར་ཁལ་ཉིས་བརྒྱའི་དཀར་མེ། སྙན་ཤལ་ཁ་བཏགས་ཉེར་གསུམ། དུང་སྐྱོང་དབང་མོར་གསོལ་མཆོད་བདུན་བརྒྱ། ལྷ་སར་སྒ་འགྱེད་ལ་ཡ་ཇུ་ཁོར་དྲུག་མ་ཉེར་ལྔ། སྤྲང་པོ་ཕྱེད་དྲུག་བརྒྱར་སྟོན་མོ་ལ་རྩམ་མཁར་རུའི་ཁལ་ཞེ་བདུན། སོ་ཧྲུག་བརྒྱ་བཞི་བཅུ། ཇ་ཁལ་བཅུ་བཞི་རྣམས་བཏང་། ཧོར་ཟླ་བཞི་པའི་ཚེས་གསུམ་ལ་འདི་གའི་རིམ་གྲོར་འབྲས་སྤུངས་སུ་ཇ་ཚུལ་བཅུ་ལ་གདུགས་དཀར་ཉིས་འབུམ། ཤེར་སྙིང་ཆིག་འབུམ་སུམ་ཁྲི་བདུན་སྟོང་སུམ་བརྒྱ་བདུན་ཅུ། གཞན་ཡང་གྲ་ཚང་ཆོས་སྡེའི་རིགས་ནས་ཡུམ་རྒྱས་པ་ཉིས་བརྒྱ་ལྔ་བཅུ། སྨན་བླ་ཆིག་ཁྲི་ཉིས་སྟོང་རེ་བཞི། ཚེ་གཟུངས་བྱེ་བ་དྲུག་ས་ཡ་དྲུག །འབུམ་ཕྲག་བརྒྱད། བདུན་ཁྲི་སུམ་སྟོང་བརྒྱད་བརྒྱ་དགུ་བཅུ། ཕྱག་འཚལ་ཉེར་གཅིག་ཆིག་འབུམ་བཞི་ཁྲི་བཞི་སྟོང་སོ་གཉིས། བཛྲ་གུ་རུ་དུང་གཉིས། མཆིམས་ཕུའི་གནས་སྲུང་རྣམས་དང་ཁྲ་འབྲུག་ཆོས་སྐྱོང་། གཡའ་བཟང་ལྷ་མོ། སྲོང་བཙན། ཐང་པོ་ཆེ། ཤེལ་བྲག །རྫོང་བཙན་པ་སོགས་ལ་བསྐང་བ་བརྒྱ་ཚར་དང་སྒྲོན་དར་། ཡར་ལྷ་ཤམ་པོར་གསོལ་མཆོད་དང་དར་འཛུགས། བསམ་ཡས། མཆིམས་ཕུ། ཁྲ་འབྲུག །ཡུམ་བུ། ཤེལ་བྲག་ཏུ་དཀར་མེར་མར་ཁལ་ཆིག་བརྒྱ་ཉེར་གཅིག །སྙན་དར་ལྔ་བཅུ། ལྷ་སར་སྒོ་འགྱེད་ལ་སྤུ་ཇ་སྦག་བརྒྱ་བཅོ་བརྒྱད་རྣམས་ཀྱིས་ཕན་པ་བསྒྲུབས། སྣང་དཀར་རྩེར་ཕྱག་དཔེ་གསར་བཞེངས་གཏོས་ཆེ་བ་ཡོད་འདུག་པ་ཕྱགས་ཕྱི་རྣམས་ཀྱི་བརྗོད་རིགས་སྣ་དཀར་རྩེ་པར་བབས་འབྲེལ་ཡོད་པའི་གྲུབ་མཐའ་


GLG006_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལུགས་ཡིན། དིང་སང་དགེ་ལུགས་མཛད་ན་སྐབས་སུ་མ་བབས་པ་ཅི་ལ་ཡོད་རུང་རྙིང་མ་གནང་བས་ཤིས་རྒྱུ་མ་བྱུང་། དཔེ་འདི་ཚོ་ལུས་ན་སྲས་ཀྱང་ཐུགས་བློ་བསྒྱུར་དོགས་འདུག་པས་ཚང་མ་བཞེས་དགོས་ཚུལ་ནན་ཞུས་ལ་བརྟེན་དྲངས་པར་གསར་བཞེངས། རྙིང་པ་གཞན་གྱིས་ཕུལ་བ། གཡར་པོ་ཡུན་རིང་བདག་ཏུ་བཟུང་བ་སོགས་རྣམ་གྲངས་མང་བའི་ཁྲོད་ནས་རྡོ་རྗེ་བྲག་དང་གཏེར་སྟོན་རིན་པོ་ཆེར་ཉེར་མཁོའི་པོ་ཏི་བཅོ་ལྔ་སྐོར་རེ། བཀྲ་ཤིས་ཆོས་སྡེ་བ་ཚོར་ཁོང་རང་རྣམས་ཀྱིས་གཡར་པོའི་སྙན་བརྒྱུད་པོ་ཏི། འདི་གར་ཚགས་བྱེད་འོས་ཁ་ཤས། གྲ་ཚང་དང་དྲུང་འཁོར་ནས་དཔེ་ཆར་ཤེས་འདོད་ཡོད་པ་རྣམས་ལ་འདོད་སྦྱར་དང་གསང་སྔགས་ཆོས་གླིང་པ་རྣམས་ཀྱིས་དཔེ་ལྷག་བྱུང་ན་དགོས་ཚུལ་ལྟར་མ་ཉུང་ཙམ་དང་ལྷག་ཏུ་ཁམས་པ་བདུད་འདུལ་གྱི་ཟོག་གཏེར་དེ་ཚོ་མེད་པ་ས་གཙང་བས་ཕྱིར་སློག །སྡེ་པའི་སྡིག་སྦྱོང་ལ་དམིགས་ཏེ་བྱ་ས་ལྷ་ཁང་གི་རྣམ་སྣང་སྐུ་མདུན་དུ་འདི་ནས་བཟུང་ཇི་སྲིད་བར་བཀྲ་ཤིས་རྩེ་ཆོས་སྡེ་ནས་དགེ་འདུན་བཞི་སྡེས་ཉིན་སྟར་ཀུན་རིག་ཚར་གཉིས་རེ་གཏོང་བར་མཆོད་རྫས་ཕོགས་ཡོན་སོགས་དཔྱད་ཁྲ་ཐོ་གཞིར་འཁོད་པ་བཞིན་འབྲུ་ཆར་བཀུག་པ་མཁར་ཁལ་ལྔ་བརྒྱ་གོ་དགུ་ཐོབ་པའི་ཐེབས་སུ་བྱ་སའི་མཆོད་ཐེབས་མཚན་སྒྲོག་ཚོགས་པས་འཛིན་བདག་བྱེད་པ་རྣམས་ལ་བརྗེ་མར་གཤོར་འདེབས་སྤྲད་པའི་ས་རིས་རྙིང་ཁུངས་ཐོག་ཡར་མདའ་ཉེ་སྐོར་ནས་བགས་མནན་ཏེ་ཆག་མེད་ཚུགས། ས་ག་ཟླ་བའི་ནང་དུ་ཇི་སྲིད་བར་རྡོ་རྗེ་བྲག་གྲ་ཚང་ནས་ཕྱེད་འཁྱེར་གྱིས་


GLG006_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིགས་འཛིན་རྗེས་འབྲས་མོ་ལྗོངས་ནས་སྤྱན་དྲངས་པའི་ཚེ་དཔག་མེད་བདུད་རྩི་འཁྱིལ་པ་དང་ཆོས་ཀྱི་རྒྱལ་པོ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱིས་ལྷང་ལྷང་བྲག་ནས་གདན་དྲངས་པའི་ཚེ་དཔག་མེད་སྐུ་གསུམ་རིགས་འདུས་ཀྱི་ཆོ་ག་ཞག་བདུན་གྱི་རིང་ཆག་མེད་དུ་འཛུགས་རྒྱུའི་ཐེབས་སུ་སྒྲགས་ཞ་ལྡན་གྱི་ས་ཚབ་ཏུ་སོང་འཕྲོས་ཀྱི་མཁར་ཆུ་ནས་བསྡད་གྲོང་ཐེམ་འཛིན་བཅུ་དྲུག །ལག་འབབ་ཆིག་སྟོང་ལྔ་བཅུ། བསམ་དར་ནས་ཀྱིས་ས་སྤྲེལ་བདེ་གཟར་གྱི་སྐབས་ཉེ་གནས་སྟག་ལུང་ཐང་པའི་རྣམ་ཐར་བཟུང་ནས་ས་རིས་མངའ་ཐང་ཐམས་ཅད་བཛྲ་མུཿས་གཤེགས་སུ་གསོལ་བའི་ལྟོ་རྟེན་དུ་སྣེའུ་སྡོང་ཆིབས་ར་དང་བཀྲ་ཤིས་མཐོང་དགའི་ཁང་པ། ལག་འདེབས་བོགས་འཁྱར་ཤས་བཅས་ལ་དྲུག་བརྒྱ། ཚོགས་རྒྱལ་previous hit གླིང་དཀའ་བཅུ་བྱམས next hit་པ་ཆོས་འཕེལ་སྔར་ནས་གུས་ཞབས་ཆེ་བ་དང་ཚོང་དཔོན་ཚེ་འཛིན་བྱེད་སེམས་འཇུག་པ་སོགས་ནས་བྱང་སྲིབས་ཐེམ་འཛིན་བརྒྱད་ལག་འབབ་ཆིག་སྟོང་བདུན་བརྒྱ་དོན་དྲུག་རྣམས་སྦྱོར་འཇགས་བྱས། ཚེས་ལྔར་གཏེར་སྟོན་རིན་པོ་ཆེས་ཀླུ་སྦུག་ཏུ་ཕྱག་རྡོར་དྲེགས་འདུལ་གྱི་ལས་མཐའ་ཀླུའི་གཏའ་བསྡམ་དང་གཏེར་གཞུག་གནང་། ཞ་ལུ་མཁན་རིན་པོ་ཆེ་དཔལ་གྲོར་བཞུགས་པ་གཟིམས་ཁང་ལེགས་རྒྱུ་མི་འདུག་པ་ནས་བཞུགས་ཡུལ་སྤྲོ་ཁྱད་དང་བཅས་ལྷོ་མོས་སུ་ཕེབས་པའི་སྣོད་ལྡན་གྱི་ཚོགས་ལ་གསང་ཆེན་ཆོས་ཀྱི་བདུད་རྩིས་ཐར་པ་བླ་ན་མེད་པའི་སྲོག་འཚོའི་བཅུད་ལེན་རྒྱ་ཆེར་སྩལ་མོད།


GLG006_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་རྣ་ཅན་རྣམས་ནི་རང་དང་རིགས་མཐུན་པའི་ཁྱུ་ཆེན་པོར་འདུས་ཏེ་ཤིན་ཏུ་མངར་བའི་རོ་ལ་སྤྱོད་པར་མཆིས། རྒྱལ་རྩེ་ཞབས་དྲུང་བྱམས་པ་ངག་དབང་བསོད་ནམས་རྒྱལ་མཚན་གྱི་ཐུགས་དམ་གསལ་འདེབས་རྟེན་རྒྱལ་བ་བྲག་ཕུག་པའི་ཕྱག་ཏིང་སོགས་བྱུང་བར་དགོངས་པ་རྫོགས་པའི་སྨོན་ལམ་བྱས། འདི་ཉིད་ཐུགས་དམ་སྨིན་ཆེས་པས་མཁའ་སྤྱོད་ཧེ་རུ་ཀའི་གྲོང་ཁྱེར་དུ་གཤེགས་པར་མ་ཟད་འགྲོ་བའི་མིག་ངོར་གདུང་རུས་ལ་རྗེ་བཙུན་རྣལ་འབྱོར་མ་སོགས་རང་བྱོན་ངོ་མཚར་ཅན་མང་དུ་བྱུང་བར་སྣང་། ཚེས་བཅུ་བདུན་ལ་གཏེར་སྟོན་རིགས་འཛིན་ཆེན་པོས་མཁའ་འགྲོ་གྲིབ་སེལ་དང་ཚེས་བཅུ་དགུར་མཁའ་འགྲོ་བསུ་བཟློག་གནང་། དེ་ཡང་སྐྱེ་རྒུ་ཀུན་ལ་དུས་ཀྱི་ཆད་པ་ལྟ་བུས་འཇམ་དཔལ་དབྱངས་གོང་མ་རྒྱལ་པོ་དང་བཀའི་ཁྲིམས་ཀྱི་བྱེད་པོ་མདུན་ན་འདོན་ཕིང་སིང་ཆིང་དབང་རྒྱལ་བློན་ཐུགས་ཀྱི་འཛིན་སྟངས་མ་གཅིག་པའི་མ་ཧཱ་ཙི་ནའི་རྒྱལ་ཁམས་ཆེན་པོར་གཡུལ་འཁྲུག་རླབས་པོ་ཆེ་བྱུང་སྐབས་གོང་ནས་བཀའ་ཤོག་བཀའ་ངག་བསྒྱུར་བར་མཁར་སྔོན་ཇོ་རཱའི་ཆི་བླ་མ། ལ་དུ་རྗར་གོ་ཆི། གུ་རུ་བི་ཡེ་ཆི་སོགས་རྫོང་བདའ་གནང་བ་བླ་མ་འཕན་ཡུལ་མདར་མ་འཚོ་ཞིང་རྗར་གོ་ཆི་ཅན་གྱིས་བཀའ་ཤོག་རྟེན་ལྡན་སྤྲད་པ་བླངས་ཤིང་གང་ཅིའི་གནས་ཚུལ་ཐམས་ཅད་ཞིབ་པར་ཉན། སྤྱིར་རིས་སུ་མ་ཆད་པའི་ལུས་ཅན་མཐའ་དག་དྲིན་ཅན་གྱི་ཕ་མ་ཤ་སྟག་ཡིན་ནའང་ཕྱོགས་འཛིན་གྱི་འཆིང་བ་འདི་ཧ་ཅང་དམ་དྲགས་པས་རང་གཞན་གྱི་ཆོས་པ་ཀུན་ཇོ་བོ་བཀའ་གདམས་པའི་རྣམ་ཐར་ཟིན་པའི་རེ་བ་ག་ལ་ཡོད་གཤིས། སུ་


GLG006_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་ཕ་མའི་དཔེ་ལྟར་བོག་ཏོ་རྒྱལ་པོའི་དུས་ཡི་གེ་རྟེན་བཟང་པོ་མི་སྣ་དང་བཅས་མངགས་པའི་འདྲིས་རྒྱུས་ཐོག་གནམ་གྱི་ལྷ་ཤུན་ཙི་རྒྱལ་པོ་མང་བཀུར་གྱི་ཁྲི་ལ་བཞུགས་པ་ནས་བཟུང་ད་ལྟའི་བར་བདག་རྐྱེན་བཟང་པོ་ཚད་མེད་པ་ཐུགས་ལ་བཏགས། ངེད་རང་ངོས་ཀྱིས་གསེར་གྱི་ཕོ་བྲང་དུ་ཕྱིན་གསེར་ཞལ་མཐོང་ཞིང་ལུང་ལས་གནང་བ་སོགས་ནས་གོང་མའི་ཆབ་སྲིད་བརྟན་ཅིང་རྒྱ་ནག་གི་རྒྱལ་ཁམས་ཐམས་ཅད་བདེ་བར་འགྱུར་བའི་རྣམ་དཀར་དང་འབྲེལ་བའི་ཚོགས་གསོག་ཅི་ནུས་བགྱིས། བོད་གླིང་དགུའི་རྒྱལ་ཁམས་པའི་དཔུང་གིས་རྒྱ་ཧོར་གྱི་ཡུལ་དུ་རྔོ་ཐོགས་པ་ནི་ག་ལ་སྲིད་སོག་པོ་ཨོ་རོད་ཀྱི་དཔུང་གིས་ཕྱིན་ཚེ་དགྲ་ནུས་ཆེ་ཡང་རང་དབང་འདུ་དཀའ་བ་དང་ཚད་པ་དང་འབྲུམ་པ་སོགས་ལ་འཛེམ་བག་དགོས་པའི་སྟབས་གོང་གི་ཞབས་ཏོག་ཏུ་འདི་འགྱུར་གྱི་ཁས་ལེན་དཀའ་རུང་མཆོད་ཡོན་ཚང་མ་བཀའ་བགྲོས་པའི་ཡས་ཕྱིན་རྣམས་ཁེབས་གང་ཆེའི་ཁྱད་ནས་ད་ལའི་ཧུང་ཐའི་ཇི་ཡང་མགྱོགས་ཙམ་འདེགས་པའི་བཅའ་གཞི་ཤར་ཞིང་། རྒྱལ་ཐང་ཕྱོགས་སུ་མི་སྲུན་པའི་སྐྱེ་བོའི་ཚོགས་ཀྱི་རྒྱབ་རྩ་ལྗངས་སོགས་སུ་ཡིན་ཐིངས་དཀའ་ནའང་རང་ཇུས་དང་ཐུན་མོང་གི་ཆེད་དུ་ཚེས་ཉི་ཤུར་རྒྱལ་སྲས་བཀྲ་ཤིས་ལ་ཚེ་དབང་ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ་བསྐུར་ཞིང་ཨུལ་ཇོའི་ཐུ་པཱ་ཐུར་ཐའི་ཇིའི་ཆོ་ལོ། བདོག་པའི་སྐྱེས་དང་བཅས་དམག་དཔོན། དམག་ལས་པར་བཀའ་བརྒྱད་ནོར་བུ། མས་ཆགས་པ་ཅན་རྫོང་བདའ་མཛད་སོང་། ཉེར་གཅིག་ལ་


GLG006_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྟོན་རིགས་འཛིན་ཆེན་པོས་དངོས་པོའི་མཎྜལ་དང་བཅས་རིང་འཚོའི་རྟེན་འབྱུང་མཛད་ཅིང་ཕྱགས་ཕྱིར་མཆོད་དཔོན་ངག་དབང་ཤེས་རབ། དགེ་སློང་འཇམ་དབྱངས་གྲགས་པ། ཆོས་རྗེ་ཁ་རག་པ་བཅས་པར་མངའ་བདག་གི་གཏེར་བྱོན་སྲིད་པའི་གཏེར་ཁྱིམ་དང་གསར་རྩོམ་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་འཁྲིད་ལུང་བཀླགས། རི་བོ་བདེ་ཆེན་སྤྱི་སོའི་ངོར་ངེད་རང་དང་སྡེ་པའི་བརྟན་བཞུགས། གྲ་ཚང་གྱི་གྲ་རྒྱུན་རྣམས་ཀྱིས་བསྐུལ་བའི་འདི་གའི་རིང་འཚོའི་ཚིགས་བཅད། མཎྜལ་གསར་པའི་ཁ་བྱང་བི་ཝརྟ་ཅན། གཏེར་སྟོན་རིགས་འཛིན་ཆེན་པོའི་གསུང་གིས་བསྐུལ་བའི་དམག་ཟོར་མའི་བསྐང་བ་འཁྱེར་བདེ་སོགས་བརྩམས། རྒྱ་ནག་པོའི་རྒྱལ་ཁམས་ཀྱི་འཐབ་རྩོད་ཞི་ཞིང་ལེགས་ཚོགས་སྤེལ་བའི་ཆེད་དུ་སེར་འབྲས་སུ་ཇ་ཚུལ་བཅོ་ལྔ་རེ་དང་དགའ་ལྡན་དུ་བརྒྱད་ཀྱི་ཐོག་བདུད་བཟློག །ལྷ་སར་གྲ་ཚང་གིས་ཉིན་བདུན་གྱི་བར་ཁྲོ་རོལ་རྣམས་བཏང་། ཉེར་ལྔར་གཏེར་སྟོན་རིགས་འཛིན་ཆེན་པོར་ཕེབས་རྫོངས་དང་བཅས་རང་གནས་སུ་ཐེགས། རྒྱལ་དབང་པདྨའི་དྲག་པོའི་གནས་ཆེན་ཞོ་སྟོད་གཏེར་སྒྲོམ་བྲག་གི་རང་བྱུང་ཁྲུས་ཀྱི་རྫིང་བུ་ནས་ཆུ་བླངས་ཏེ་ཞག་བདུན་གྱི་རིང་འཕྲོད་བསྟེན་བྱས། ཁལ་ཁ་རྒྱལ་པོས་བདོག་པའི་སྐྱེས་དངོམ་ཆེ་བ་དང་ཚོགས་འགྱེད་ཀྱི་ཡོན་སྦྱར་བའི་ཧོར་ལྔ་ཟླ་བའི་ཚེས་གཉིས་ལ་གྲ་ཚང་ནས་རིང་འཚོའི་རྟེན་འབྱུང་བསྒྲིགས། དཔལ་འཁོར་ཆོས་སྡེ་སྤྱི་སོའི་ངོར་རིང་འཚོའི་ཚིགས་བཅད་བརྩམས་ཤིང་ཁལ་ཁ་རྒྱལ་སྲས་ཀྱིས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་མཛད། འུར་དུ་སུའི་


GLG006_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ནོང་ཐུབ་པ་ཐའི་ཇི་བྱོན་སྐབས་དྲག་ཞན་དང་མཚུངས་པའི་ཆོ་ལོ་སོགས་ཚོ་ཆེན་དྲུག་གི་གཞུང་མ་ཞིག་པའི་སྔ་དུས་བཟང་པོའི་སྲོལ་རྒྱུན་སྣང་བ་དུས་ཀྱིས་འགྲིབས་ནས་མི་འདུག་པ་རྒྱས་པར་བྱེད་འདོད་རུང་རྒྱ་བོད་ཧོར་གསུམ་གྱི་དྲག་ཞན་མཐའ་དག་སྙིགས་མར་སྤྱོད་པའི་ཤུགས་ཀྱིས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་མདོར་བསྡུས་གཙོ་བོར་བཏོན་པའི་གཤིས་རྒྱལ་པོའི་ཐུགས་ལ་མ་བསྟད། ལོ་ཙཱ་བས་ཟེར་ཀྱང་རྗེས་སུ་བྱས་ཚེ་རྒྱལ་པོར་ཐུགས་རྒྱུས་མེད་པའི་སྐྱོན་ཡིན་འདྲ་ཚུལ་ལྟར་ན་སྔར་གྱི་དཔེ་སྲོལ་ཞིབ་མོར་མོལ་ན་མཛད་ཤས་ཁ་ཡང་བརྡ་མ་འཕྲོད་པའི་སྐྱོན་གྱིས་རྒྱལ་པོར་དད་སྟོབས་ལྡན་པ་ཐུ་ཤི་ཡེ་ཐུ་རྒྱལ་པོ། སྲས་བགྲེས་པར་པཎྜི་ཏ་ཨེར་ཏེ་ནི་ཐའི་ཇི། རྒྱལ་མོར་པུ་ཎྱ་དྷ་ར་ཛུང་གེན་དུ་ཚེ་ལོ་ཙམ་ལས། མི་བཟང་རྣམས་ལ་འདོགས་མ་ཐུབ། རྒྱལ་པོའི་མཚན་ཐཱ་སུན་ཨལ་ཁན་ལྟ་བུ་བཏགས་ན་སྙམ་པ་ཤར་ཡང་ཡབ་མེས་ཀྱི་མཚན་དེ་ག་བྱུང་ན་མ་བྱུང་དགོས་གསུང་བ་ཨ་ཏིར་ཕུག་པ་དེ་ས་སྐྱོང་བསོད་ནམས་རབ་བརྟན་ཐུགས་བཅག་ཐག་དྲགས་ནས་ཕོ་བྲང་འདི་གའི་ཐེམ་མི་འདའ་ཡིན་བསམས་ཀྱང་སོག་ཡུལ་དུ་སླེབས་འདུག །དེ་ཉིན་ཁོར་མོས་སོགས་ཀྱི་ན་བཟའ་སྒྲོན་པས་མི་མདོག་སྣལ་མས་བསྒྱུར་བའི་དཔེར་སོང་ཞིང་སག་ཐག་རལ་གྲིས་ཐོག་དྲངས་བདོག་པ་ཚར་དུ་དངར་བ་བསྟར། དེ་དོན་དང་མཐུན་པའི་འཇའ་སའི་ཡི་གེ་བྱས། ཚུར་ཡང་ལེགས་སོའི་ཚན་གྲངས་བཏེག །རྒྱལ་པོ་མགྱོགས་ཙམ་འབྱོན་རྩིས་འདུག་པ་ནས་དེ་བཞིན་གཤེགས་པའི་འཕེལ་གདུང་། ཐུབ་དབང་གི་སྐུ་


GLG006_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་མཛད་པ་དང་གནས་བཅུའི་ཞལ་ཐང་གྲ་ཚར། ལོངས་སྤྱད་པའི་རུང་མཐུན་གྱི་གོས་ཆ་ཚང་། ཤལ་དཀར་དམར། སྣམ་ཕྲུག་གཏོས་ཆེ་བ། སྒམ་གྱི་རིགས། ཤེལ་དཀར་བུ་རམ་གྱི་ལྟང་ཙེ་མང་བས་གཙོས་དངོས་པོའི་རྫོང་བ་ཕྱུར་བུར་སྤུངས། གནས་རྙིང་ཞབས་དྲུང་། དཔལ་འཁོར་ཆོས་སྡེའི་མཁན་སློབ་རགས་བསྡུས། རྩེ་ཆེན་ཆོས་སྡེའི་སློབ་གྲ། རྒྱལ་རྩེ་ཁུལ་གྱི་དྲུང་འཁོར་ཐོར་བུ་དང་བཅས་བདོག་པའི་ཚན་གྲངས་འཕྲེང་བར་བསྒྲིགས་ཏེ་ཡུན་འཚོའི་རྟེན་འབྱུང་བསྒྲིགས། ཁལ་ཁའི་ཁྲོད་ནས་དགེ་བསྙེན་ཕ་མ་ལྔ་ཕྲག་གཅིག་བསྒྲུབས། ཚེས་བཞིར་བཀྲ་ཤིས་བདེ་ཆེན་པ་བླ་གྲས་ཚན་གྲངས་སྔོན་དུ་འགྲོ་པའི་རིང་འཚོའི་སྨོན་ལམ་མཛད། དེ་དག་དང་རི་བོ་ཆོས་གླིང་པ་ལྷན་ཅིག་པར་དམིགས་བརྩེ་མའི་བླ་མའི་རྣལ་འབྱོར་གྱི་སྒོམ་ལུང་ཕུལ། ད་ལའི་ཧུང་ཐའི་ཇི་དཔོན་གཡོག་སུམ་ཅུ་སྐོར། རྟ་ཚག་རྗེ་དྲུང་སོགས་ལ་ཚེ་དབང་གྲུབ་རྒྱལ་མའི་དབང་། རྟ་མགྲིན་གསང་སྒྲུབ་ཀྱི་བྱིན་རླབས། ཕྱག་དྲུག་པའི་བྱིན་རླབས་བར་ཆད་ཀུན་སེལ་བསྐུལ། ཚ་མིག་མཁན་ཟུར། སེར་འབྲས་ཀྱི་ལས་སྣ་བ། གྲངས་ཅན་མཁན་པོ། ལ་ཐོག་ཟུར་མཁར་བས་ཐོག་དྲངས་པའི་ཀོང་པོའི་དཔོན་ཁག་ཁ་ཤས། འབའ་རྫོང་སྡོད་མཛེས་གྲོང་པ་ཅན་རྣམས་དང་ཕྲད། མཚོ་ཁྲི་ཤོག་རྒྱལ་མོ་འདི་རྒྱ་བོད་ཧོར་གསུམ་གྱི་ས་འདུས་ཆེ་ཞིང་བསྟན་ཇུས་ལ་རྒྱའི་འགོ་སྡུད་ལ་དཔོན་པོ་རྒན་པ་ཞིག་གལ་ཆེ་བར་མ་ཟད་རྒྱ་ནག་ཕྱོགས་ཀྱི་ཉེ་ལེན་དང་བཅས་མགྱོགས་ཐོན་དགོས་གཤིས་ད་ལའི་ཧུང་ཐའི་ཇི་ལ་ཤལ་སྣམ་ཕྲུག་གཙོ་བོར་བཏོན་པའི་རྫོང་བདའ་བྱས་ཤིང་ཐའི་ཇི་ཚེ་


GLG006_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རབ་བརྟན་ལ་ཨེར་ཁེ་དའི་ཆིན་གྱི་ཆོ་ལོ་དང་ཐམ་ཀ །དཔོན་མོའི་མིང་པོ་གཉེར་པར་ཐུ་ཤི་ལེ་ཐུ་ནོ་ཡོན་དང་དེའི་ནུ་བོ་བསྟན་འཛིན་ལ་ཨེར་ཏེ་ནི་པཱ་ཐུར་གྱི་ཆོ་ལོ་བཏགས། ཚེས་ལྔར་གོང་ནས་གསེར་ཡིག་པ་ལ་དུ་རྗར་གོ་ཆི། གུ་རུ་བི་ཆི་ཡེ་ཆི། སྦྱོར་རཱ་ཆི་བླ་མའི་དབོན་པོ། སྦོ་ཤོ་ཁོ་གཉིས་བཅས་སུམ་ཅུ་སྐོར་ལ་སྤྱན་གཟིགས་གཙོ་རྐྱང་གི་རྗེས་གནང་དང་བཞུགས་གྲལ་གྱི་ཐོག་ད་ལམ་མགྱོགས་འགྲོའི་གཤིས་མི་སྣ་ངོ་བོ་ཚོར་ཡང་ཆས་ཀྱི་སྟེར་ཆ་ཤལ་དཀར་དམར། གོང་དུ་ཞུ་ཡིག་འབུལ་བར་ཁང་གསར་རབ་བརྟན་དང་འབུམ་ཐང་བསོད་དབང་གཉིས་བཏང་བའི་ཁོ་པ་གཉིས་དང་གསེར་ཡིག་པའི་གཡོག་རྣམས་ལ་དངུལ་གྱི་སྟེར་སྦྱིན། གོང་དུ་སྐུ་རིམ་གྱི་རིགས་གང་རྒྱས། རྒྱལ་པོའི་ཆེ་བ། ལས་སྒོས་མཚོན་ཚང་མ་རྒྱ་ནག་རྙིང་མའི་དུས་ལྟ་བུའི་སྤྲོས་པ་གང་ཆེ་རྟེན་འབྲེལ་གྱི་སྟབས་ནས་གནང་དགོས་པའི་སྙན་འབུལ་ཕུལ། ཀོང་པོ་བཅོས་མི་སོགས་སྐྱ་སེར་མང་དག་དང་ཕྲད། ཚེས་བདུན་ལ་རི་བོ་བདེ་ཆེན་པ་གྲ་སློབ་ཉིས་བརྒྱ་སྐོར་གྱིས་སྣམ་ཕྲུག་གཙོ་བོར་གྱུར་བའི་བདོག་པའི་མཎྜལ་དང་བཅས་ཡུན་འཚོའི་རྟེན་འབྲེལ་བསྒྲིགས། རྒྱལ་སྲས་སྤྲུལ་པའི་སྐུས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་རྗེས་སུ་བཟུང་བ་ཡིན་ཚུལ་གྱི་ཤེས་རབ་འཕེལ་བའི་སྐུའི་སྐྱེ་བར་ཞལ་གྱིས་བཞེས་སོང་ཞིང་ངེད་ལ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་སྔོན་གནས་རྗེས་དྲན་དོགས་པ་ཙམ་ཡང་མེད་ན་ཡང་མདའ་ཞོར་སྒོ་འདྲོངས་ཡོང་བ་ལས་འོས་མ་མཆིས། ད་ལམ་བླ་མ་མཆོད་པའི་སྒོ་ནས་བརྟན་བཞུགས་ཡིན་ཚུལ་རྒྱས་པར་


GLG006_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། ཁལ་ཁ་རྒྱལ་པོ་དཔོན་གཡོག་རགས་བསྡུས་དང་མ་ཐོན་བར་ཉིན་སྟར་ཕྲད། རྒྱལ་རྩ་མཁན་པོ་དང་ས་ཞལ་བུ་གསུམ་སློབ་དཔོན་པར་དགེ་སློང་འཇམ་དབྱངས་གྲགས་པས་སྨན་བླའི་ཕྱག་ལེན་ཞིབ་ཏུ་ཁྲིད། ཚེས་བརྒྱད་ཀྱི་ཞོགས་ཁལ་ཁ་རྒྱལ་པོ་དང་ཧུང་ཐའི་ཇིའི་སྲས་ཨེར་ཁེ་དའི་ཆིན་གྱིས་གཙོས་སུམ་ཅུ་སྐོར་ལ་ཡན་ལག་བརྒྱད་པའི་སྡོམ་པ་ཕབ། བར་སྐབས་སུ་ཁམས་མ་བདེ་བའི་བརྟག་པའི་རིགས་མང་ཙམ་ཕུངས་འདུག་པ་གནས་སྐབས་ཀྱི་གེགས་སེལ་དང་ཕྱི་མ་མཐོ་རིས་ཐོབ་པའི་ཐབས་ཀྱི་རིམ་པ་སུམ་བརྒྱ་ཙམ་གྱི་གསལ་ཆ་བྱས་པས་མོ་སྟོན་ཕག་མགོ་བ་ཡང་ཁ་སྐྱེངས་ནས་ད་ཆ་མྱུག་མྱུག་བྱེད་མདོག་མ་ཁ། ཚེས་བཅུ་གཅིག་གི་ཉིན་ཁལ་ཁ་ཨོ་རོད་ཀྱི་རྒྱལ་པོ་གཉིས་ཧུང་ཐའི་ཇི་སོགས་དཔོན་ཡོག་རགས་རིམ་ལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ་གྱི་སྒོ་ནས་དམ་ཚིག་སྦྲེེལ་ཏེ་བྱང་ཕྱོགས་ཀྱི་སྐྱེ་རྒུའི་བདེ་སྐྱིད་དང་ཞྭ་སེར་ཅོད་པན་ཅན་གྱི་བསྟན་པ་བླ་ནས་བླར་འདེགས་པའི་ཚུལ་ལ་སྙིང་སྟོབས་གཅིག་ཏུ་དྲིལ་བའི་སྲིད་སྡེ་ལུ་གུ་རྒྱུད་ཀྱིས་བསྡམས། སང་ཉིན་དགའ་སྟོན་གྱི་ཚུལ་དུ་སྡེ་པས་ཁལ་ཁ་ཨོ་རོད་ཡོངས་རྫོགས་ལ་ཤ་ཆང་གཙོ་བོར་གྱུར་པའི་སྟོན་མོ་བཏང་། འཇམ་མགོན་བླ་མའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རྣམ་འདྲེན་ཤཱཀྱ་སེང་གེ་ལ་རྒྱལ་བ་བཙོང་ཁ་པ། འཇམ་དབྱངས་དཀོན་ཅོག་ཆོས་འཕེལ། སྨན་བླ་བདེ་གཤེགས་བདུན། ཀླུ་དབང་གི་རྒྱལ་པོ། སྒྲོལ་དཀར། ལས་གཤིན། ཛམྦྷ་ལ་རྣམས་ཀྱི་སྐུ་རྒྱུར་གོས་ལུ་ཧི། མཆིན་ཁ། གོས་དཀར་གསེར་མ། ལྗང་གུ།


GLG006_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

སྔོ་སངས། དམར་པོ། གཡུ་ཁ། ཟི་ཧུན། སེར་ནག །ཡ་ཤེར། ལྭ་དམར། གོས་ཕྲུག་སིའུ་མ། ཁ་ཐི། ན་རོས། མི་ཤ་ཁ། སྨད་ཤམ། མཆིན་སྨུག་སོགས་སྣ་ཚོགས་པ་ཡུག་ཆིག་བརྒྱ་དང་དྲུག །འགང་དཀར། ཆོར། ལིང་གསུམ་ཚོས་ཁ་སྣ་ཚོགས་པ་ཡུག་ཞེ་བཞི་ལས་གྲུབ་པའི་དོ་དམ་དང་བཟོ་བོ་འབྲས་སྤུངས་ཀྱི་གོས་སྐུ་དང་མཚུངས་པར་བཞེངས་པའི་ཚེ་དཀར་ཆག་སྨོན་ལམ་དང་བཅས་ཏེ་འབུལ་བར་མངགས། རྒྱུད་སྨད་དབུ་མཛད་ཀྱིས་བསྐུལ་བའི་ཞལ་སྔ་ནས་བྱང་རྩེ་ཆོས་རྗེ་བློ་གྲོས་རྒྱ་མཚོའི་གསོལ་འདེབས་བརྩམས། ཚེས་བཅུ་གཉིས་ལ་གྲ་ཚང་གི་སྟེར་ཆ་ཚོགས་སོགས་ཡོན་སྦྱར་ཏེ་ཡུན་དུ་འཚོ་བའི་རྟེན་འབྲེལ་མཛད། ཚོགས་མགྲོན་དུ་གངས་ཅན་མཁན་པོ། ཐར་གླིང་སློབ་དཔོན། རྩེ་ཚོགས་པ། རི་བོ་ཆོས་གླིང་པ། བཀྲ་ཤིས་སྡེ་ཆེན་པ། ལམ་རིམ་པ། རི་བོ་རྣམ་རྒྱལ་བ། བསམ་གཏན་རྩེ་པ་རྣམས་ཀྱི་ལས་སྣ་བ་དང་གྲ་རྒན་ཁ་ཤས་གྲ་ཚང་གིས་བོས། དེ་ཉིན་ནས་ཆུ་བོ་རིའི་སྨན་ཆུ་འཕྲོད་ཚུལ་སྒེམ་བུ་ནས་དང་བླ་མ་ཁྲོ་ཕུ་བས་ཟེར་བ་ལྟར་བླངས་ཏེ་ཉིན་བདུན་གྱི་བར་བསྟེན་པས་ཁྲག་དང་ཚ་བ་སོགས་ལ་འཕྲོད་ཉམས་ཆེ་བ་བྱུང་ཞིང་ཚེ་ཆུ་ནས་ཀྱང་དྲངས། འདི་ལོ་སྨན་བླའི་ཆོག་བསྒྲིགས་དབུས་གཙང་གི་ཆོས་སྡེ་ཤིན་ཏུ་མང་བས་འཛུགས་པའི་རྩོལ་བ་འདུག་པ་བཞིན་ཕྱག་ལེན་གྱི་རིམ་པ་དང་ལུང་ཕལ་ཆེར་དགེ་སློང་འཇམ་དབྱངས་གྲགས་པ་དང་ཐོར་བུར་སྔགས་རམས་པ་བློ་བཟང་སྐྱེས་མཆོག །གནས་གསར་འཇམ་དབྱངས་བསྟན་འཛིན་གྱིས་བྱས། ར་དར་བླ་མས་


GLG006_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་བཅོ་བརྒྱད། བསོད་ནམས་དབང་རྒྱལ་གྱིས་རྟ་དྲེལ་སོ་སོར་བཅུ་རེ། དཔལ་འཁོར་མཁན་ཟུར་དབོན་པོའི་རྟ་བརྒྱད་ཅུ་རྣམས་བྱུང་། གདན་ས་ཆེན་པོ་རི་བོ་དགའ་ལྡན་ནས་ཁྲི་རིན་པོ་ཆེ། རྩེ་ཤར་སློབ་ཆུང་སོགས་དཔོན་སློབ་ཁ་ཤས་ཕེབས་གོས་དར་གསེར་དངུལ་གྱིས་མཎྜལ་རིང་དུ་བརྐྱངས་ཏེ་ཡུན་དུ་འཚོ་བའི་བདེན་ཚིག་གནང་། ད་ལའི་ཧུང་ཐའི་ཇིར་བསྟན་གཞུང་ལ་རྒྱ་སྟོད་སྨད་ཚང་མར་ཁེབས་གང་ཆེ་དགོས་པའི་འཕྲོས་གླེང་ཞིབ་ཏུ་མོལ་ཏེ་མཚོ་ཁྲི་ཤོག་རྒྱལ་མོ་ཕྱོགས་སུ་ཐོན། ཁོང་རང་གི་སྒེར་འཛིན་གོ་འཇོའི་སྡེ་ཡོངས་རྫོགས་འབུལ་ཡིག་དང་བཅས་བྱིན། རང་ལོ་མཐུན་པས་བརྟན་བཞུགས་ཕུལ་ན་ཕན་ཡོན་ཆེ་བའི་ལུང་བསྟན་ལ་བརྟེན་བྲག་སྣ་ཆོས་རྗེ་བློ་བཟང་ངག་དབང་། ཨ་གླིང་ཆོས་མཛད་དངོས་གྲུབ་རྒྱ་མཚོ། བློ་བཟང་དོན་ཡོད་དང་བསླབ་གསུམ་རྒྱ་མཚོ་ལེ་ཚན་གསུམ་པོས་རུང་མཐུན་གྱི་གོས་སྣ་དང་ཚན་གྲངས་གྲ་ཚང་དུ་འགྱེད་སོགས་རྒྱས་པར་སྦྱར་ནས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པའི་རིང་འཚོའི་རྟེན་འབྲེལ་བསྒྲིགས། ཁལ་ཁ་རྒྱལ་པོར་ལུགས་ཟུང་བླང་དོར་གྱི་ལུང་དང་ནང་རྟེན་གྱི་མཇལ་ཁ། རྒྱ་ཧོར་གྱི་བསྟན་གཞུང་ཁྱབ་ཆ་གང་ཆེ་མཛད་དགོས་པའི་སྙན་སྒྲོན་ཕུལ་ཞིང་རྒྱལ་པོ་འཁོར་བཅས་ས་ཆེན་པོར་རྟ་རྨིག་གི་རྡུལ་གྱིས་ནམ་མཁའ་འགེངས་པ་ཙམ་དང་བཅས་རང་ཡུལ་ཕྱོགས་སུ་བཏེག །དགའ་ལྡན་ཆོས་འཁོར་ཡང་རྩེའི་གྲ་པ་དཀའ་བཅུ་བློ་བཟང་མཁྱེན་བརྩེ། དཀའ་བཅུ་བཤེས་གཉེན། དཀའ་བཅུ་སངས་རྒྱས་རྒྱལ་མཚན་གསུམ་གྱིས་འཇུག་པ་རྩ་འགྲེལ་གྱི་རྒྱུགས་སྤྲད། ཚེས་ཉི་ཤུར་རྒྱལ་གླིང་མཁན་


GLG006_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

པོ། པཎྜི་ཏ་ཨེར་ཏེ་ནི་ཐའི་ཇི། ཀོང་པོ་བཀྲ་ཤིས་རབ་བརྟན་བླ་མ། གསང་གླིང་སློབ་དཔོན་རྣམས་དང་ཕྲད། སན་ཧུང་ཐའི་ཇིའི་སྲས་བཀྲ་ཤིས་ལ་ཨུལ་ཇོའི་ཁ་དན་པཱ་ཐུར་གྱི་ཆོ་ལོ་དང་སྡེ་འཐོར་བ་གཏོད་དགོས་པའི་ཡི་གེ་བྱིན་ནས་རྒྱལ་ཁང་རྩེའི་ཕྱག་མཛོད་དང་བཅས་པར་སྣམ་ཕྲུག་སོགས་རྫོང་བདའ་བགྱིས། ཁལ་ཁ་རྒྱལ་པོས་བསྐུལ་བའི་མཆོག་དམན་གང་ལའང་སྦྱར་ཆོག་པ་མདོ་དང་འབྲེལ་བའི་བརྟན་བཞུགས། ཐུགས་རྗེ་མྱུར་འཇུག །པཎྜི་ཏ་ཨེར་ཏེ་ནི་ཐའི་ཇིའི་ངོར་བླ་མ་སངས་རྒྱས་བཀྲ་ཤིས་ཀྱི་གསོལ་འདེབས། རྒྱས་སྲས་ཤེར་འཕེལ་སྤྲུལ་སྐུའི་གསུང་གིས་བསྐུལ་བའི་བླ་མའི་བཀའ་དྲིན་དྲན་པའི་གསོལ་འདེབས། དགེ་སློང་འཇམ་དབྱངས་གྲགས་པ་སྤུན་གྱིས་རྡོ་རྗེ་གྲོ་ལོད། ཡང་གསང་ཀརྨ་དྲག་པོ། དངས་མ་བཅུད་འདྲེན། གཏེར་གསར་འཇོམས་བྱེད་བཞིའི་བྲིས་ཐང་གཏེར་སྟོན་རིགས་འཛིན་ཆེན་པོའི་ལྗགས་བཀོད་ལྟར་བཞེངས་པར་སོ་སོར་སྙན་དར་ལྔ་རེ། ལྷ་ཙཀ་ཉེར་ལྔ། བུམ་པའི་མགུལ་ཆིངས། གཏོར་གདུགས་དང་བཅས་གྲ་ཚང་གི་ཆོག་གྲ་སོ་སོའི་སྒྲུབ་རྟེན་དུ་ཕུལ་བའི་རྒྱབ་ཡིག་རྣམས་བརྩམས། ཁྱབ་བདག་བཀའ་འགྱུར་བའི་དབོན་རིན་པོ་ཆེ། གསང་སྔགས་གླིང་དང་ཐར་གླིང་སློབ་དཔོན། རྫོགས་ཆེན་སྤྲུལ་སྐུ། ཆོས་རྗེ་ངག་དབང་ཐུབ་བསྟན། ཞི་གནས་སློབ་དཔོན། ཀོང་པོ་བྲག་ཞི་བ། དྲུག་བརྒྱ་བ་བློ་བཟང་དཀོན་ཅོག །འཚོ་བྱེད་ལྷག་བསམ། གཞིས་ཀ་ཤར་ཨ་གུར་སོགས་ཕྱོགས་འདུས་ཀྱི་དོན་གཉེར་ཅན་ཁ་ཤས་དང་གྲ་ཚང་ཡོངས་སུ་རྫོགས་པར་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་


GLG006_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་། ཆོས་སྐོར་ཡོངས་སུ་རྫོགས་པའི་རྒྱབ་རྟེན་གྱི་ལུང་། ཉེར་ལྔ་ནས་ཟླ་བ་ཕྱི་མའི་ཉི་ཤུའི་བར་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ཉམས་འཁྲིད་ཤིན་ཏུ་སྨིན་པ་དང་རྗེ་བཙུན་ས་སྐྱ་པའི་ཟབ་ཆོས་ཉལ་སྒོམ་གྱི་འཁྲིད། མཇུག་ཏུ་རྟེན་འབྲེལ་གྱི་ཁྱད་ནས་ཆག་ལུགས་ཀྱི་ཚེ་དཔག་མེད་དཀར་པོའི་རྗེས་གནང་རྣམས་ཕུལ། དབུ་མཛད་བློ་བཟང་ཡོན་ཏན་གྱི་སྙན་དར་ཁ་ཤས་ཀྱི་ཁ་བྱང་བྲིས། ཉེར་བརྒྱད་ལ་ད་ཡན་རྒྱལ་པོའི་དབུ་སྐོར་ཆུང་བ། རྒྱལ་སྲས་བསོད་ནམས་བཀྲ་ཤིས་ཡུམ་སྲས་སོགས་འདམ་དུ་འདེགས་གདོང་བྱིན་རླབས་དང་མི་ངོ་ཚོར་མདུད་པ་བྱས། རྟ་ཚག་སྤྲུལ་སྐུ། ཤེར་འཕེལ་སྤྲུལ་སྐུ། མང་ར་མཁན་པོ། གཡོན་རུ་སྤྲུལ་སྐུ། བཀྲ་ཤིས་རྩེ་དབོན་རིན་པོ་ཆེ། ཞལ་སྔ་ནས་ཕ་བོང་ཁ་པ། ཐར་གླིང་། གསང་གླིང་། ཞི་གནས་པ་གསུམ་གྱི་སློབ་དཔོན་པ། དྲུག་བརྒྱ་བ། དཔོན་མོ་ཕུན་ཚོགས་སྒྲོལ་མ་སོགས་དོན་གཉེར་ཅན་སུམ་ཅུ་སྐོར་ལ་སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ་དང་ཇོ་བོ་ལུགས་ཀྱི་ཛམ་ལ་དཀར་པོའི་རྗེས་གནང་འདྲ་བཅོས་རྒྱས་བཀབ་མ་ཡིན་པའི་ཡིག་རྙིང་དང་མཐུན་པ་ཞིབ་རྒྱས་སྒྲུབ་སྐོར་རྙིང་པ་དང་ཤེའུ་ལོ་ཙཱ་བས་མཛད་པའི་ཡིག་ཆ། ངེད་རང་གི་གསར་རྩོམ་འཇམ་དབྱངས་ལུས་དཀྱིལ་གྱི་ལུང་རྣམས་ཕུལ་ཞིང་ཤེར་འཕེལ་སྤྲུལ་སྐུར་སྒེར་དུ་བཀའ་དྲིན་དྲན་པའི་གསོལ་འདེབས་ཀྱི་ལུང་བཀླགས། རྒྱལ་ཐང་གི་ཇུས་རིམ་ལ་ལྷ་སར་གྲ་ཚང་གིས་ཁྲོ་རོལ་བདུན་གཅིག་བཙུགས་པ་ཉེར་དགུར་གཏོར་ཟོར་འཕངས་པ་ཟོར་བཀྲ་


GLG006_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས། ཧོར་ཟླ་དྲུག་པའི་ཚེས་གཅིག་ལ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ནས་སློབ་གྲ་ཉིས་བརྒྱ་སྐོར་བྱོན་ཏེ་ཟང་ཟིང་གི་བདོག་པ་དང་བཅས་ཡུན་དུ་གཞོམ་ཞིག་མི་འབྱུང་བའི་བདེན་པའི་ཚིག་གིས་བཀྲ་ཤིས་མེ་ཏོག་ཆར་དུ་ཕབ། དཔལ་ནཱ་རོ་པའི་ཐུགས་དམ་རྟེན་ཕམ་ཐིངས་པ་ནས་བརྒྱུད་དེ་དཔྱལ་ལོའི་ཕྱག་ཏུ་བྱུང་བ་ཐར་པའི་ནང་རྟེན་བྱང་ཆུབ་ལྗོན་ཤིང་ལས་གྲུབ་པའི་ཀྱེ་རྡོར་མན་ངག་ལུགས་ཀྱི་སྐུ་ཁྱད་པར་ཅན་གཙང་སྡེ་སྲིད་ཀྱི་ཆོས་སྡེ་ཆེན་པོ་ནས་དམག་དུས་འཁྱར་བ་ཐར་པ་ནང་སོ་གཟི་བརྗིད་སྙིང་པོས་བྱིན་བྱུང་བར་བདའ་ལན་བཟབས་པར་བྱས། ཚེས་གཉིས་ལ་སེ་ར་ཐེག་ཆེན་གླིང་གི་ཐོག་ལྷོ་ཁ་ནས་རིམ་གྲོར་བྱོན་པའི་སྤྱན་གཡས་པ། རི་བོ་རྣམ་རྒྱལ་བ། བྱིང་བསམ་གཏན་རྩེ་པ་གསུམ་གྱིས་ཞབས་འཐུད་དེ་སོ་སོས་ཡུལ་ལུགས་དང་བསྟུན་པའི་ཚན་གྲངས་བསྟར་ནས་རིང་པོར་གནས་པའི་རྟེན་འབྲེལ་གྱི་སྒོ་འཕར་བསྒྲིགས། གྲ་ཚང་གསུམ་པོར་བླ་མའི་རྣལ་འབྱོར་གྱི་དམིགས་རིམ་ཕུལ། ཞིང་བཀོད་ཀྱི་ཐང་ཁ་རྣམས་གྲུབ་པའི་རས་དང་བསེ་པགས་ལ་དབང་དང་སྒྲུབ་པའི་ཚེ་ཉེར་མཁོ་ཙཀ་ལི་གཏོས་ཆེ་བའི་དབུ་བཙུགས། ཚེས་གསུམ་ལ་གངས་རིའི་ཁྲོད་ཀྱི་རྡོ་རྗེ་འཆང་ངུར་སྨྲིག་གི་ཟློས་གར་ཅན་རྒྱུད་སྟོད་སྨད་གཉིས་ནས་རིམ་པ་བཞིན་ཟང་ཟིང་གི་སྐྱེས་དང་བཅས་འོག་མིན་ཞིང་གི་མགོན་པོ་ལྟར་མི་གཡོ་བའི་བདེན་བརྗོད་རྒྱ་ཆེར་མཛད། ཡར་ཀླུངས་བཀྲ་ཤིས་རྩེ་ནས་རྣམ་རྒྱལ་སྒྲུབ་མཆོད་ལ་བྱོན་པ་རྣམས་དང་ཕྲད་ཅིང་ཇ་གྲལ་གྱི་ཐོག་རིང་འཚོའི་ཚིགས་བཅད་གསུངས། དེ་ཉིན་


GLG006_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

རྨོག་ལྕོག་སྐུ་སྐྱེ་བྱུང་བ་ཟལ་མོ་བྲག་སྐུ་སྐྱེ་ལ་དབང་ཆོས་མང་པོ་ཞུས་པའི་འཕྲོས་བྱེད་འདུག་པ་བླ་བརྒྱུད་ཀྱང་ཤོད་རྒྱུ་མེད་པའི་རྫུན་ཟོག་རབ་རིབ་ཁོ་ན་གླེང་བ་ཕ་སྨྱོ་བུ་སྨྱོ་བརྒྱུད་པ་སྨྱོ། བརྒྱུད་པ་རྡོ་རྗེ་འཆང་ཆེན་སྨྱོ་བའི་དཔེར་སྣང་། ལྷ་ལྡན་རུ་བཞིས་གསེར་དངུལ་གོས་དར་གྱི་བདོག་པ་གཅིག་ཏུ་བསྡུས་ཏེ་སྐྱེ་བོ་ཕོ་མོ་རགས་བསྡུས་ཚོགས་པའི་གསོལ་འདེབས་རིང་འཚོའི་ཚིགས་བཅད་ཀྱི་སྒོ་ནས་རྟེན་འབྲེལ་གྱི་སྒོ་འཕར་བརྒྱ་ཕྲག་ཕྱེ། འདི་ལོ་རྒྱ་ལྗངས་ཀྱི་ཐུགས་བྲེལ་སྟབས་ནས་རྒྱལ་པོ་བྱང་དུ་ཕེབས་པ་འཕྱིས་པའི་དབྱར་ཐོག་འབྱོན་པའི་སྒོ་དོད་པར་ཞལ་ངོ་བློན་འབངས་དྲག་རིགས་ལ་ཚེ་དབང་གྲུབ་རྒྱལ་མ་དང་སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གྱི་བྱིན་རླབས་ཕུལ་བའི་ཚེ་རྒྱལ་པོས་ག་ཛ་མུ་ཏིག་སྒོ་ང་ཙམ་པའི་ཁྱད་ནོར་བསྟར། ཞལ་ངོ་ཚོར་བཀྲ་ཤིས་ཁ་བཏགས་ཀྱི་མདུད་པ་དང་དམངས་སྟོང་དུ་ཉེ་བར་ལག་པ་མགོ་བོར་བཞག་པར་བྱིན་རླབས་སུ་གྲགས་པའི་ཆེན་པོའི་རྣམ་པར་བསྐྱངས། ཁལ་ཁ་རྒྱལ་པོའི་སྲས་པཎྜི་ཏ་གནས་རྙིང་རྒྱལ་པོར་དོགས་པའི་ནད་དྲག་པོས་བཏབ་ནས་རྗེས་སུ་ལུས་པ་ཟུག་རྔུ་ལས་གྲོལ་ཏེ་འགྲོ་བའི་སྔོན་འགྲོ་རིང་འཚོའི་ཚིགས་བཅད་བརྩམས་པའི་ལུང་བཀླགས་ཤིང་ཆོས་སྐྱོང་ལ་བཀའ་བསྒོ་སོགས་འདོད་དོན་རྣམས་བསྒྲུབས་པའི་ཡབ་རྒྱལ་པོའི་བཤུལ་རྗེས་ཟིན་པར་སོང་། ཚེས་དྲུག་ལ་གྲ་ཚང་དབུ་མཛད་དཀོན་ཅོག་རྒྱ་མཚོ་དང་ངག་དབང་དཀོན་ཅོག་གཉིས་ཀྱིས་གྲ་པ་སྔོན་མ་རྣམས་དང་དབྱིབས་མཚུངས། ངག་དབང་དཀོན་ཅོག་གིས་གོས་སྣ་མང་བ་ཤོག་སེར་ཁྱད་ཅན་བྱིན་བྱུང་ཞིང་གྲ་


GLG006_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་དུ་སྙན་ཤལ་བརྒྱ་ལྷག་གི་སྤྱི་འབུལ་བྱས། དཔོན་མོ་བསོད་ནམས་ཚེ་དབང་ཅན་མང་དག་ཡན་ལག་བརྒྱད་པའི་ཁྲིམས་ལ་བཀོད། རྒྱ་ནག་ཏུ་དཔོན་བློན་ནང་འཁྲུག་གི་མུར་ཕིང་སིང་དབང་གིས་ཡི་གེ་སྐྱེལ་མི་ཤེའུ་པེའི་ལི་ཆཱེང་ཀུའི་ཅན་ཆེད་བསྟད་ཀྱིས་མངགས། མི་སྣའི་སྣེ་ལེན་བྱས་པ་འགབ་མི་འགབ་སོགས་ཤར་ཚོད་ཀྱི་བརྗོད་རིགས་སྣ་ཚོགས་བྱུང་ཡང་བོད་ལུགས་ལ་ཕྱོགས་ཀྱི་གསེར་ཡིག་པར་སྣེ་ལེན་བྱེད་པ་སྔར་སྲོལ་ཡོངས་གྲགས་ཡིན་གཤིས་དེ་དོན་བཞིན་བགྱིད་པར་སྡེ་པ་དང་གྲོས་ཐག་བཅད། མི་སྣ་ལ་ཇི་ལྟར་འོས་པའི་བདག་རྐྱེན་དང་ཡིག་དག་བླངས། ཡིག་ལན་དང་ངག་མར་ཁྱེད་དཔོན་བློན་ཧེ་བག་བྱུང་བ་མངའ་འབངས་ཀྱི་ཚོགས་སྡུག་བསྔལ་གྱི་རྒྱུར་སོང་བས་མ་ལེགས་པའི་ཚུལ། མན་ཇུའི་རྒྱལ་པོ་གཅིག་དང་གོང་གི་རྒྱལ་རབས་གཉིས་ཏེ་རྒྱལ་རབས་གསུམ་གྱི་བར་བོད་ཀྱི་མཆོད་ཡོན་དང་འབྲེལ་ཟབ་ཆེ་ཞིང་ངེད་རང་གིས་གོང་དུ་ཕྱིན་པའི་བདག་རྐྱེན་མཐའ་ཀླས་མཛད་ཚུལ་དབང་རང་ལ་རྒྱུས་ཡོད་པས་གོང་དུ་བསམ་སྦྱོར་ལོག་པ་ནི་རྨི་ལམ་ཙམ་དུ་ཡང་མི་བྱེད། བྱས་ན་དཀོན་མཆོག་ཐུགས་ཁྲེལ་བར་མ་ཟད་ཁྱེད་རང་ཡང་ཞེ་ཁྲེལ་བ་ལས་འོས་ཅི་མཆིས། དབང་དང་སྔོན་ཆད་འདྲིས་མེད་ནའང་ད་ལམ་གསར་དུ་ངོ་ཤེས་ཐོགས་པ་དང་རྣམ་འདྲེན་ཤཱཀྱ་སེང་གེའི་རྗེས་སུ་ཞུགས་པ་རྣམས་འགྲོ་བ་མཐའ་དག་ལ་མཉེས་གཤིན་པར་བྱེད་པ་ཁྱད་ཆོས་ཡིན་པས་འཁོར་བཅས་ལ་བསམ་པ་རྣམ་དག་མ་གཏོགས་ལོག་སྒྲུབ་བྱེད་རྒྱུ་མེད། ལར་ནས་བོད་པས་ཕན་ཚུན་གཉིས་


GLG006_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཤོགས་ནུས་མི་ཐོན། སོག་པོ་ཨོ་རོད་ནི་དྲག་ཤུལ་ཆེས་པས་ཚང་མར་བསྡབས་གསིགས་ལས་སྤྲོས་པའི་ལེགས་ཚོགས་མེད་ཚུལ་སོགས་མཆོག་གསུམ་ཐུགས་མི་ཁྲེལ་བའི་རྒྱུ་མཚན་གྱི་ཡིག་ངག་དང་བཅས་གསེར་ཡིག་པ་རྣམས་རྫོང་བདའ་བྱས་པས་དབང་དེ་བློ་གྲོས་དཀྱིལ་ཆེ་བའི་ཉམས་ཀྱིས་མགུ་ཞེ་ཁྲེར་དང་མ་མགུ་ཡིད་ཆེས་ཀྱི་དཔེར་སོང་། དཔལ་འཁོར་ཆོས་སྡེའི་མཁན་ཟུར་ཡོན་ཏན་སེང་གེ །སེ་རའི་སློབ་དཔོན་གསུམ། ཧོར་ཨ་མདོ་བ་མང་དག་དང་ཕྲད། ཚེས་བཅུར་དཔོན་མོ་བསོད་ནམས་ཚེ་དབང་གིས་བེར་ཟླམ་གྱིས་གཙོས་པའི་གོས་སྣ། གསེར། གོས་ཡུག་གཏོས་ཆེ་བ། ཇ་ཀོ་དྲ་ཉི་ཤུ་སོགས་བདོག་པ་དངོམ་ཆེ་བར་བཏེག །གྲ་ཚང་དུ་གྲ་ཇ་གོས་ཆེན་གྱི་འགྱེད་ཀྱི་ཐོག་མཁའ་འགྲོ་སྡེ་ལྔར་བརྟེན་པའི་རྟེན་འབྱུང་བསྒྲིགས། མནྜལ་ཞིང་ཁམས་རྒྱ་མཚོ་ལྷ་མིའི་འདོད་ཡོན་གཡས་འཁྱིལ་གང་འདིའི་རྒྱུར་གསེར་བཙོ་མ་ཞོ་དྲུག་བརྒྱ་ཞེ་གསུམ། དངུལ་སྲང་སུམ་སྟོང་བརྒྱད་བརྒྱ་གྱ་གཉིས། དངུལ་ཆུ་སྲང་བཞི་བརྒྱ་གྱ་གསུམ། ཟངས་ཁལ་ཆིག་བརྒྱ་བཅུ་གསུམ། ཞ་ཉེ་ཁལ་གཅིག །ཕྲ་རྒྱན་སུ་གནྟི་རྡོག་གཅིག །རྒྱ་ནག་པད་རཱག་རྡོག་ཆེ་ཆུང་རེ་བཞི། ཛ་ཏ་རུ་པ་རྡོག་གཉིས། ཨིནྡྲ་ནཱི་ལ་རྒྱ་སྲན་ཆུང་ཙམ་གཉིས། བཞུ་ཤེལ་སྣ་ཚོགས་བདུན་བརྒྱ་རེ་གཉིས། བུམ་གཟུགས་གསུམ། གཡུ་ལྗང་བྲག་གཟུགས་དཔངས་སོར་ཕྱེད་གསུམ་གསེར་གར་བླུགས་ཀྱི་ལྗོན་ཤིང་རྒྱ་བཟོ་མ་ཉིས་འབྱར་གཅིག །གཙུག་གཡུ་དྲུག །གཡུ་ཆེ་ཆུང་འདྲེས་པ་དྲུག་བརྒྱ་ཞེ་གཅིག །མུ་ཏིག་ཆེ་ཆུང་བསྡོམས་པ་བརྒྱ་སོ་བརྒྱད། བཻ་ཌཱུཪྻ་རྡོག་གཅིག །བྱུ་རུ་བཞི་བརྒྱ་


GLG006_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་དང་ནར་མོ་ཉེར་བདུན། རྒྱལ་ལག་བཞི། མུ་མེན་རིལ་མོ་གཉིས་དང་ནས་འདྲ་སོ་གསུམ། སྤོས་ཤེལ་ནར་མོ་བཅུ་དྲུག །ཟུར་གསུམ་གཅིག །རིལ་མོ་ཆིག་བརྒྱ་གོ་བདུན། ནལ་ཆེ་ཙམ་ནར་མོ་གཅིག་དང་རྡོག་ཆིག་བརྒྱ་དང་གཅིག །མཆོང་གཉིས། གཟི་ཧྲིལ་བཞི། མ་ན་ཧོ་མགྲོན་གཟུགས་གཅིག །ཤེལ་རྡོག་བཅུ་དགུ། མགྲོན་གཟུགས་གཅིག །ནར་མོ་གཅིག །ར་ཤེལ་ཤིང་འབྲས་གཟུགས་གཅིག །མཆིང་བུ་པུ་ཤེལ་རྡོག་གསུམ། ནཱི་ལ་ཚ་ལི་རྡོག་གཅིག །བསྒྱུར་ཤེལ་རྡོག་བཞི་བརྒྱ་བཅུ་དགུ། ཤེལ་མཐོངས་བཅུ་གཉིས་རྣམས་ལས་གྲུབ་པ་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་ཁུར་བཞེས་ཏེ་འགོ་ལུང་པ་སྟག་ལུང་ཕྱག་མཛོད་བློ་བཟང་ངག་དབང་སོགས་ལྔ། རི་མོ་བ་གཏིང་སྐྱེས་ཚེ་དབང་ལྷུན་པོ། བལ་པོ་དབུ་མཛད་ཨ་མ་ར་སིདྷ། དྷ་ན་ཤིང་། བྱིངས་གྲས་ཞེ་དྲུག །ཟངས་བཟོ་དབུ་མཛད་རྣམ་སྲས་ལྷས་བྱིན། དངོས་གྲུབ། བྱིངས་གྲས་བཅུ་བཞི། ཤིང་བཟོའི་དོ་དམ་སྒེར་ལོགས་ཨ་དར། དབུ་མཛད་ལམ་རྙེད། གནས་གསར་འཇམ་དབྱངས། བྱིངས་གྲས་ཁ་ཤས། རྒྱ་བོད་ཀྱི་ཡི་གེ་པ་འཇམ་དབྱངས་དབང་པོ། དགོས་ཆ་སྤྲོད་མི་བྱང་གླིང་བསམ་གྲུབ་རྒྱལ་པོས་བགྱིས་པ་འཛམ་བུ་གླིང་གི་རྒྱན་གཅིག་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་སྨོན་ལམ་རྣམ་དག་གིས་མཚམས་སྦྱར་ནས་ཕུལ། ཚེས་བཅོ་ལྔའི་ཞོགས་དཔོན་མོ་ཕུན་ཚོགས་སྒྲོལ་མར་བསྙེན་གནས་ཀྱི་སྡོམ་པ་ཕབ་ཅིང་གནས་བཅུའི་གོས་ཡོལ་ཆེ་ལེགས་གླིང་གསུམ་ཡོད་པ་ཞིག་བྱིན་བྱུང་། གངས་རིའི་ཁྲོད་ཀྱི་རིགས་པར་སྨྲ་བ་རྣམས་ཀྱི་འབྱུང་ཁུངས་


GLG006_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་མ་དྲོས་པ་ལྟ་བུ་དཔལ་གསང་ཕུ་སྣེའུ་ཐོག་གི་ཆོས་རྗེ་རྣམ་གཉིས། ལས་ཆེན། གཞུང་ལས། གྲངས་སུམ་ཅུ་སྐོར་དང་བཅས་པས་ཀུན་ཏུ་བཟང་པོའི་སྨོན་ལམ་གྱི་ཡན་ལག་བདུན་པ་དང་འབྲེལ་བའི་ཡུན་འཚོའི་རྟེན་འབྱུང་གི་སྔོན་འགྲོར་བདོག་པའི་ཡོན་སྦྱར། དེ་མཚུངས་སྟག་ཚང་ར་བ་སྟོད་པ་གྲ་ཚང་ཡོངས་རྫོགས་དང་ཉི་ཐང་གྲ་ཚང་སོ་སོས་ཆོས་སྤྱོད་སྨོན་ལམ་གྱི་རིམ་པ་རྒྱས་པར་གསུངས། ཉི་ཐང་སློབ་དཔོན་སོག་པོ་ངག་དབང་ཤེས་རབ་དེ་པྲཛྙ་ཤིན་ཏུ་ཆེ་བ་ཞིག་ཡོད་ཚོད་ནས་ཁོང་རང་གིས་བརྩམས་པའི་ཚིགས་བཅད་མང་ཙམ་སྣང་བ་ཚིག་དོན་གཉིས་ཀ་མཚན་ཉིད་དང་ལྡན་པར་གོ །ལྷ་ས་བྱང་གླིང་པས་རིང་འཚོའི་སྟེར་ཆ་བྱུང་། ཚེས་ཉི་ཤུར་བདག་མོ་ཡུམ་སྲས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་ཕུལ། ཚངས་པ་དུང་ཐོད་ཅན་གྱི་སྐུ་ཁོག་སངས་རྒྱས་ཕུན་ཚོགས་ད་ཆ་ངེད་ན་ཚོད་ཀྱང་མཐོན་པོར་སླེབས་གཤིས་ཡང་ཡང་མཇལ་བ་མི་འཆར་བས་ད་ལམ་ནང་མི་ཡོངས་རྫོགས་དང་བཅས་ཅིས་ཀྱང་འགྲོ་བ་འགབ་ཅེས་གཞུང་ཀོ་ཕབ་ནས་འབྱོར་པ་དང་ཕྱོགས་མཚུངས་སུ་སྒྲགས་སྔགས་གྲའི་བླ་སྤྱི་སོགས་ཁ་ཤས་དང་ཕྲད། སྐུ་ཁོག་འབྱོར་བས་རྐྱེན་བྱས་སྐུ་ཆས་ལེན་པར་བཏང་ནས་སྤྱན་འདྲེན་ཞུས་ཞིང་མཐུན་རྫས་ཀྱི་སྤྱན་གཟིགས་རྒྱས་པར་སྤེལ། ཚ་བོ་དེ་ལ་སྐུ་ཕེབས་ཞུས་པ་ཨེ་འགབ་ཁོག་པར་དྲིས་པ་ལེགས་ཕྱོགས་བྱུང་ཡང་ཆོས་སྐྱོང་ཕེབས་པའི་དུས་ཁོག་གསར་གྱི་རིགས་ལ་འཕྲལ་འཇུག་དཀའ་བས་རྟེན་འབྲེལ་འགྲིག་མི་འགྲིག་ཡོང་རྗེས་སོར་ཁོག་ཞུགས་བྱེད་གསུང་བའི་ཞལ་ལེན་མཛད་ཅིང་ལེགས་


GLG006_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་བླང་དོར་དྲི་ལན་རྒྱས་པར་སྩལ། ཧོར་ཟླ་བདུན་པའི་ཚེས་བཞིར་མདའ་དཔོན་གནས་གསར་བས་གྲ་ཚང་དུ་ཡོན་དང་བདོག་པའི་ཚན་གྲངས་ཀྱི་མཎྜལ་སྤེལ་ཏེ་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པའི་རིང་འཚོའི་རྟེན་འབྲེལ་བསྒྲིགས། གཞིས་རྩེ་མངའ་ཁུལ་ནས་གངས་ཅན་ཆོས་འཕེལ། ངོར། ཐུབ་བསྟན་ཡངས་ཅན། མཚན་སྒྲོག །གསེར་མདོག་ཅན་ལྔའི་མཁན་པོ། ཡང་འུག །སྒྲོལ་མ་ཕུག་པ། བཀྲ་ཤིས་ལྷུན་པོའི་ཕྱག་མཛོད། རི་སྦུག་དབུ་མཛད། རིན་ཅེན་རྩེ་ནས། ཚ་རོང་ནས། གནས་གསར་ཚེ་དབང་། དོན་གྲུབ། དབང་རྒྱལ་སོགས་ལྔ་བཅུ་སྐོར་དང་ཕྲད་ཅིང་གང་འཚམ་གྱི་དྲི་མེད་བགྱིས། ཕིང་སིང་ཆིང་དབང་གི་མི་སྔན་མ་ཐོན་གདོང་རྗེས་མ་ཤེའུ་པེའི་ཞའུ་ཆི་ཏཱེ་དང་ཆཱེན་ཝའི་ཀུ་ཝེ་གཉིས་འབྱོར་པས་བདག་རྐྱེན་སྟེར་ཆ་དང་བཅས་ལྷན་ཅིག་པར་སོང་། ཚེས་ལྔར་ཚེ་དཔག་མེད་འཆི་མེད་འོད་སྣང་གི་དཀྱིལ་འཁོར་ལ་བརྟེན་ནས་ཡུན་འཚོའི་རྟེན་འབྲེལ་བསྒྲིག་པའི་ཚོགས་འགྱེད་སྟེར་སྦྱིན་གྱི་དངོས་པོ་གྱ་ནོམ་པ་དྲུང་འཁོར་སྐྱ་སེར་སྤྱི་བསྡུས་ཀྱིས་ཡོན་སྦྱར་བའི་སྒོ་ནས་གྲ་ཚང་གིས་ཕུན་སུམ་ཚོགས་པའི་སྒོ་འཕར་ཕྱེ། གཞིས་རྩེ་རྫོང་སྡོད་ཀྱིས་དོ་དམ་བྱས་པའི་མངའ་ཁུལ་རྣམས་ཀྱིས་སོ་སོའི་འབྱོར་པ་དང་བསྟུན་པའི་བདོག་པའི་ཚན་གྲངས་ཁྱད་པར་བཀྲ་ཤིས་ལྷུན་པོའི་ཕྱག་མཛོད་ཀྱིས་གསེར་དངུལ་གོས་དར་དངོམ་ཆེ་བ། ཚོགས་ཆས། བཀྲ་ཤིས་ལྷུན་པོ་ནས་དངུལ་སྲང་རེས་གཙོས་པའི་སུམ་ཚན། སྤྱི་བསྡུས་ཀྱིས་ཁ་བཏགས་དང་དྲིལ་ཡུག་རེའི་ཡོན་སྦྱར་ཏེ་མཛོད་དབུས་མ་ལས་བྱོན་པའི་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་


GLG006_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྒོ་ནས་རྟེན་འབྱུང་བསྒྲིགས། དེ་ཉིན་གདན་ཡིག་ལྟར་གོ་བབས་ཀྱི་བཟོས་སྒོ་ལ་བརྟེན་གསང་སྔགས་གླིང་པ་རློམ་པ་སྐྱེས་ནས་རྫོང་སྡོད་ལ་སྦུད་ཤར་བརྒྱབ་པའི་གྲགས་པའང་བྱུང་། ཞག་གསུམ་གྱི་བཅད་རྒྱ་གྲོལ་ནས་སྦས་ཏི་དགྲ་བཅོམ་པའི་དགོན་གནས་སྐྱོར་ལུང་ཆོས་སྡེའི་མཁན་སློབ་རགས་བསྡུས། མར་ཁུ་སྦུས་སྐྱུའི་བཙུན་མ་དང་བཅས་པས་ཟང་ཟིང་གི་སྐྱེས་སྔོན་དུ་འགྲོ་བའི་རྟེན་འབྲེལ་བསྒྲིགས་ཤིང་མཆོད་འཕྲེང་གི་གདངས་སོགས་ཤིན་ཏུ་སྙན་པའི་སྒྲ་སྐད་བཞག །འོན་ཀྱང་དེ་ཕྱོགས་རྒྱལ་འགོང་མངས་པའི་སྟབས་ཡིན་ནམ་དེ་ནུབ་སེར་དྲག་སོགས་ནམ་མཁའ་ཅུང་ཟད་འཚུབ། མང་ར་མཁན་པོ་ཐང་སྐྱར་བསྐོས་པའི་ཕྱག་དཀར། འཕགས་སྡེ་མཁན་པོ། དཔལ་རི་སྤྲུལ་སྐུ། ཆོས་འཁོར་ཡང་རྩེའི་སློབ་དཔོན། སྙེ་ཐང་བཀྲ་ཤིས་སྒང་གི་དྲུང་ཆེན་དང་གཉེར་པ། ཆོས་རྫོང་དང་མྱུག་ཆོས་གླིང་གཉེར་པ། རག་ཤུལ་དབོན་པོ། མཁར་ལྡན་ནོར་བུ་བསམ་གྲུབ། ས་ཁུད་པ། སྦུས་སྲང་ཨ་བོ་སྨྱོན་པ། ཤིང་བཟོ་གྲ་ས་བ་རྣམས་དང་ཕྲད། ཕིང་སིང་ཆིང་དབང་གི་མི་སྣ་གསུམ་པ་ཤེའུ་བེའི་ཕན་ཡུལ་ལོང་དང་ཏོང་མིང་ཀའུ་ཅན་འབྱོར་བའི་དབང་གི་ཡི་གེ་རྟེན་སྦྲགས་སྤྲོད་ཚུལ་རྒྱ་ལུགས་ཀྱི་བསྒྲིགས་མ་དམ། ཇ་གྲལ་ཐོག་གང་ཅིའི་གནས་ཚུལ་དང་སྒེར་དུ་ངག་མ་ཞིབ་ཏུ་ཉན་ཅིང་སྔར་ཡོང་མི་དང་འདྲ་བའི་དམག་དཔོན་གྱི་ལས་འཛིན་ཡིན་འདུག་པས་དེ་རྩིས་ཀྱི་བདག་རྐྱེན་གང་ལེགས་བྱས། ཚེས་བཅུ་གཉིས་ལ་འཕྱོང་རྒྱས་སྟག་རྩེ་མངའ་ཁུལ་སྐྱ་སེར་རྣམས་ཀྱིས་ཡུལ་ལུགས་དང་བསྟུན་པའི་ཡོན་རྒྱས་པར་སྦྱར་ཏེ་གྲ་ཚང་ནས་མཁའ་འགྲོ་སྡེ་ལྔའི་བརྟན་བཞུགས་སུ་གྲགས་


GLG006_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟེན་འབྲེལ་བསྒྲིགས། དབུས་འགྱུར་སྨན་ལྗོངས་ཀྱི་གསང་ཆེན་སློབ་བཤད་ཀྱི་སྔགས་གྲ་བཀྲ་ཤིས་ཆོས་སྡེ་བ་གྲ་པ་བརྒྱ་སྐོར་དང་ངོར་མཁན་པོ། མཚན་སྒྲོག་མཁན་པོ་སོགས་ལ་དཔལ་ལྡན་ས་སྐྱ་པའི་གསེར་ཆོས་བཅུ་གསུམ་དང་ཀླུ་པའི་གཅིག་སྟེ་བཅུ་བཞིར་གྲགས་པའི་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་རྗེས་གནང་ཕུལ་ཤིང་མངོན་རྟོགས་ཀྱང་ངོར་ཆེན་དཀོན་ཅོག་ལྷུན་གྲུབ་ཀྱི་དེས་གོ་མི་ཆོད་པ་མིན་ཀྱང་ཚར་ལུགས་ཀྱི་ཡི་གེ་ཚིག་ཟུར་མ་ཉམས་པ་བྱས་ཏེ་ཕུལ། འབྲས་ཡུལ་སྐྱེད་ཚལ་དང་ཐར་པ་མཁན་པོ། ཤངས་དགའ་ལྡན་ཆོས་འཁོར། འུ་ཡུག་བྲག་དཀར། རྟ་ནག་རྡོར་གདན་གསུམ་གྱི་སློབ་དཔོན། གཟིམས་ཤག་ལྷོ་པའི་ཆོས་མཛད། རིན་སྤུངས་རྫོང་སྡོད་སྦངས་ཆེ་བ། ཤངས་བདེ་ཡངས་པ། བྲག་དཀར་བ། བཀྲ་ཤིས་གླིང་དོན་ཆེན། བསམ་previous hit གླིང་དཀྱིལ་ཁང་། སྒོ་མོ་རབ་་སྐྱ་སེར། དགའ་བདེ་བ། བྱམས next hit་ཆེན་དང་མཚན་སྒྲོག་གཉེར་པ་སོགས་དང་ཕྲད། བཀྲ་ཤིས་ལྷུན་པོའི་ཕྱག་མཛོད་ཕུན་ཚོགས་རབ་བརྟན་གྱིས་ཁུར་བླངས་ཏེ་གངས་ཀྱི་ར་བས་བསྐོར་བའི་རྒྱལ་ཁམས་སུ་འགྱུར་རོ་ཅོག་གི་འཕགས་ཡུལ་ཁ་སྤུ་ཅན་གྱིས་མཛད་པའི་བསྟན་བཅོས་པུ་སྟ་ཀཿཉིས་བརྒྱ་ལྷག་བཅས་བཞེངས་པའི་སྨོན་ལམ་ཆེ་བརྗོད་དང་བཟང་པོའི་བསྐལ་པ་འདིའི་རྣམ་འདྲེན་སྟོང་གི་སྣང་བརྙན་བཞུགས་པའི་གནྡྷོ་ལའི་དེབ་ཀྱི་འགོ་བརྗོད། སྟག་རུ་བ་བློ་བཟང་དངོས་གྲུབ་ཀྱི་དོན་དུ་ཆ་དབང་བཀྲ་ཤིས་ཀྱིས་སྨན་བླ་བདེ་གཤེགས་བརྒྱད་སོ་སོར་བརྒྱ་ཐང་བཞེངས་པའི་རྒྱབ་ཡིག་སྨོན་ལམ། ཚ་མིག་གྲ་རིགས་


GLG006_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངོར་མཁན་སྐྱོ་ང་བའི་གསོལ་འདེབས། སེ་ཆེན་དབོན་པོས་ཚེ་རིང་བསམ་གྲུབ་ཀྱི་དོན་དུ་རྣམ་སྣང་གི་བརྒྱ་ཐང་བཞེངས་པའི་རྒྱབ་ཡིག །བསམ་བློ་ཨ་ཞང་རབ་འབྱམས་པ་བློ་བཟང་འཇམ་དབྱངས་ཀྱི་ངོར་བླ་མ་སངས་རྒྱས་ཀུན་འདུས་ཀྱི་གསོལ་འདེབས་སྨོན་ལམ་རྣམས་བརྩམས། དགའ་ལྡན་ཆོས་འཁོར་ཡང་རྩེའི་གྲ་པ་དཀའ་བཅུ་བློ་བཟང་ལེགས་ལྡན་གྱིས་གསར་རྩོམ་མཛོད་དང་དཀའ་བཅུ་ལེགས་ལྡན་རྒྱ་མཚོ་དང་བློ་བཟང་ལྷུན་གྲུབ་གཉིས་ཀྱིས་འཇུག་འགྲེལ་གྱི་རྒྱུགས་སྤྲད། ཟླ་ཤས་ཀྱི་བར་ལྷོ་མོས་སུ་ཕྱི་འཁྲིད་རྡོ་རྗེ་བྲག་རྫོང་དང་ནང་གསང་གི་འཁྲིད་སོགས་སྙན་བརྒྱུད་ཚད་མ་བཞི་ལྡན་གཙོ་བོར་བཏོན་པའི་ཆོས་འཁོར་ཁྱབ་བདག་ཞ་ལུ་པ་ཆེན་པོས་བསྐོར་བའི་ཚེ་གནས་གསར་དབོན་རིན་པོ་ཆེ་དང་འདར་པ་ཆོས་མཛད་གཉིས་ལ་ཕོགས་དང་ཆོས་རྗེ་བཅོ་བརྒྱད་པར་ཟུར་གསོས་ཡང་དག་བྱས། དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ་ལ་ཆོས་རྒྱལ་བྱང་པ་ངག་གི་དབང་པོ་དང་སྤྲུལ་པའི་གཏེར་སྟོན་ཡོལ་མོ་བ་ཆེན་པོས་མཛད་པའི་ཡིག་ཆ་ཁ་ཡར་འདུག་པ་ཤིན་ཏུ་ཁུངས་བཙུན་ནའང་ཆ་ལག་ཚང་མི་ཚང་ཅི་རིགས་ནས་དེ་དག་གི་དགོངས་དོན་འཁྲུགས་བསྡེབས་སུ་བྱས་པའི་འཕྲིན་ལས་བརྒྱ་ཕྲག་ཉིད་ངོས་འཛིན་པའི་སྣང་གསལ། མདོས་ཆོག་རྒྱ་འབག་མིག་གི་རྣམ་འཕྲུལ། དེའི་ལག་ལེན་དྲན་པའི་གསལ་འདེབས། སྲེག་གཏད་རྗེས་གནང་མུ་ཐི་ལའི་འཕྲེང་བ་བཞི་པོ་ཚེས་གཅིག་ནས་བཅུ་གསུམ་གྱི་བར་ལ་གྲུབ་པར་བཀོད། ཚེས་བཅུ་བཞིར་མཚན་སྒྲོག་མཁན་པོ་དང་དར་མོ་སྨན་རམས་པར་སྨྱུང་གནས་ཀྱི་དུས་ཁྲིམས་ཕབ་སྟེ་རྐྱང་ཁུག་གཏོང་


GLG006_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཅུག །ལྷ་ས་བྱང་གླིང་པས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པའི་རིང་འཚོའི་རྟེན་འབྱུང་ལ་མཆིས་བྲང་གི་ལུས་རྒྱན་གྱི་རིན་པོ་ཆེ་ཁ་ཤས་སོགས་ཀྱི་སྟེར་སྦྱིན་དང་གྲ་ཚང་དུ་ཡོན་སྦྱར། ཚེས་བཅོ་ལྔའི་སྔ་དྲོ་ཕྱག་མཛོད་ཕུན་ཚོགས་རབ་བརྟན། ཁལ་ཁ་སྐུ་སྐྱེ། ཁུན་དུ་ལུ་ཨ་པ་ཤིའི་ཐོ་ཡོན་ངག་དབང་དོན་གྲུབ་སོགས་ལ་ཚེ་དབང་གྲུབ་རྒྱལ་མ། སྨན་བླ་སྤྲུལ་སྐུ་དང་སྒྲུབ་ཐབས་རྒྱ་མཚོའི་ནང་གི་རྣམ་རྒྱལ་མ་གཙོ་རྐྱང་གི་རྗེས་གནང་བསྐུར་ནས་ཕྱག་མཛོད་ཕུན་ཚོགས་རབ་བརྟན་ལ་སྒེར་གྱི་སྟེར་ཆ་དང་མཐུན་པའི་སློག་སོགས་རྫོང་བདའ་གང་ལེགས་བྱས། སྤྲུལ་པའི་སྐུ་ད་ལོ་དབུས་ཕྱོགས་སུ་ཕེབས་ན་ཨེ་ཡོང་གི་དྲི་བར་མཚན་ཉིད་ཀྱི་ཐུགས་གཉེར་སྐབས་ཕྱོགས་ཕེབས་འདི་གནོད་པོ་ཡོང་བས་རེ་ཞིག་གསན་སྦྱོང་གང་སྨར་འགབ་ཚུལ་མོལ། ཨེར་ཏེ་ནི་ཆོས་རྗེ། དཔོན་མོ་བསོད་ནམས་ཚེ་དབང་ཡུམ་སྲས་བཅས་པར་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། མ་ཎི་དང་ཨ་ར་པ་ཙ་ནའི་བཟླས་ལུང་དང་ཤལ་སྣམ་ཕྲུག་གིས་ཐོག་དྲངས་པའི་རྫོང་བདའ་རྒྱས་པར་བགྱིས། ཨོ་རོད་གཡས་རུ་དའི་ཆིན་ནང་སོ་སོགས་གསར་འགྲུལ་བརྒྱ་སྐོར་གྱིས་རྒྱ་ནག་དང་སྟོད་ཧོར་ལ་བརྟེན་པའི་དངོས་པོ་ཚན་ཆེ་བ་བསྟར། ཕིང་སིང་ཆིང་དབང་གི་མི་སྣ་ལ་ཡིག་ལན་རྟེན་སྦྲག་ངག་མ་སྟེར་ཆའི་རྫོང་བ་བྱས། དབང་གིས་འདི་གའི་འདྲ་འབག་དང་མདུད་པ་ཁ་ཤས་དགོས་ཚུལ་བྱུང་བ་བསྲིངས། སྤོར་ཐོག་བླ་མ། ལྷ་ལུང་ནས་གཉིས་དང་ཕྲད་ཅིང་ཞང་སྟོན་སྐུ་མདུན་ཕུན་ཚོགས་རྣམ་རྒྱལ་ལ་ཚེ་དབང་གྲུབ་རྒྱལ་མ་བསྐུར། ཚེས་བཅུ་བདུན་ལ་ཐར་པ་མཁན་པོ། རྫོགས་ཆེན་སྤྲུལ་སྐུ། དཔལ་རི་


GLG006_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་གསུམ་ལ་བླ་མ་བདེ་ཆེན་དབང་ཕྱུག་གི་བྱིན་རླབས་དབང་བཞི་ཕུལ། མཚན་སྒྲོག །སྐྱེད་ཚལ། ཐར་པ་གསུམ་གྱི་མཁན་པོ། ཤངས་དགའ་ལྡན་ཆོས་འཁོར་དང་ཞི་གནས་པའི་སློབ་དཔོན་སོགས་ཉི་ཤུ་སྐོར་ལ་སྨན་བླ་སྤྲུལ་སྐུ་དང་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་རྗེས་གནང་ཕུལ། སྐྱེད་ཚལ་མཁན་པོ་སྨན་བླའི་སྐོར་ལ་དོན་གཉེར་ཆེ་བར་མ་ཟད་དམ་པའི་ཆོས་ཁོ་ནར་ཞོལ་བའི་དགེ་བའི་བཤེས་གཉེན་ཆེན་པོར་སྣང་། མཚན་སྒྲོག་མཁན་པོས་འདི་ག་དང་སྐྱེད་ཚལ་མཁན་པོས་སྡེ་པའི་བརྟན་བཞུགས་བསྐུལ་མ་མཛད་པ། རིགས་ཀུན་བདག་པོ་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ་ཀྱི་ཐུགས་དམ་དུ་འཕགས་པ་བརྒྱད་སྟོང་པ་བཞེང་བ་གནང་བ་དང་ཡར་འབྲོག་བསམ་སྡིངས་སྤྲུལ་སྐུས་རྒྱལ་བའི་བཀའ་འགྱུར་རོ་ཅོག་བཞེངས་པའི་སྨོན་ལམ། ངག་དབང་ནམ་མཁའ། ཀླུ་འབུམ་ཆོས་རྗེ་རིན་ཆེན། ངག་དབང་མཁས་བཙུན་གསུམ་གྱིས་འདི་ག་དང་ཆོས་རྗེ་བཅོ་བརྒྱད་པས་ངེད་རང་དང་ཞ་ལུ་མཁན་རིན་པོ་ཆེའི་བརྟན་བཞུགས། མདོ་བཙུན་གྱིས་འཇིགས་བྱེད་དང་ཕྱག་དྲུག་པའི་ཐང་ཁ། བློ་གྲོས་རྒྱ་མཚོས་བཀའ་གདམས་གླེགས་བམ་གྱི་འཁྲུངས་རབས། བདེ་བ་ཅན་གྱི་ཞིང་བཀོད། མཉན་ཡོད་ཀྱི་ཆོ་འཕྲུལ། མཛད་བཅུ། གནས་བཅུ། ལམ་རིམ་བརྒྱུད་པ། སྒྲོལ་མ་རྣམས་བཞེངས་པའི་རྒྱབ་ཡིག །ལྷ་ས་ཟུར་ཁང་པ་ཁྱོ་ཤུགས་ཀྱི་ཁ་ཏོན་དུ་དྲག་དམར་དང་ཚེ་དཔག་མེད་ཀྱི་སྒྲུབ་ཐབས། ཁྱབ་བདག་ཞ་ལུ་པ་ཆེན་པོས་རྩོམས་ཤིག་པའི་གནང་བ་ཐོབ་པ་ལ་བརྟེན་ནས་རྟ་མགྲིན་ཤྭ་ན་བཞི་སྐོར་གྱི་སྒྲུབ་ཐབས་དང་རྗེས་གནང་གི་ཆོ་ག་འཁྲུལ་མེད་ཡིད་


GLG006_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་སུམ་ལྡན། ཛ་བྷིར་གྱི་ཞལ་ཤེས་རྣམས་བྲིས། བཀྲ་ཤིས་རྩེ་ཆོས་སྡེ་བས་ཚེ་ཆོག་གྲུབ་མཚམས་ཨེ་ཝཾ་ཕོ་བྲང་དུ་ཉིན་བཅུའི་བར་གུར་ཞལ་གྱི་བསྐང་བ། དབུས་གཙང་གི་རྫོང་གཞིས་ཁ་ཤས་སུ་བཀའ་འགྱུར་ཉིས་བརྒྱ། ཐང་ཡིག་ལོ་གྲངས། མཚན་བརྗོད་འབུམ་ཐེར། ཕྱག་འཚལ་ཉེར་གཅིག་ས་ཡ། ཨྱཱཻ་རིང་བྱེ་བ་གཉིས། ཤེར་སྙིང་ལྔ་འབུམ། ཚེ་གཟུངས་ས་ཡ་གཉིས། སེར་འབྲས་སོ་སོར་ཇ་ཚུལ་ཉི་ཤུའི་ཐོག་དམིགས་བརྩེ་མ་གང་འགྲོ། རྒྱལ་དུ་དམག་ཟོར་མའི་བསྐང་བ་འབུམ། ཞལ་དང་བེག་ཙེའི་བསྐང་བ་ལྔ་སྟོང་རེ། ཕྱག་དྲུག་པ། ལས་གཤིན། གུར། རྣམ་སྲས་རྣམས་ལ་སྟོང་རེ། ཆོས་སྐྱོང་བྱིངས་ལ་བརྒྱ་རེ། སྲོང་བཙན་དུ་མ་ནིང་དང་ཐང་པོ་ཆེར་གསོལ་མཆོད་བརྒྱ་རྩ། ལྷ་སར་ཕྱུགས་ལུག་བརྒྱའི་སྲོག་བླུ་སོགས་ཚོགས་གསོག་རྒྱ་ཆེར་བསྐྲུན། ཚེས་བརྒྱད་ལ་སོལ་ཐོན་ཐའི་ཇི་ཕ་བུ་ལ་ཐོན་རྫོངས་བྱས། ཚེས་ཉི་ཤུ་ནས་བཙུགས་པའི་རྒྱལ་ཐང་ལྗངས་ཕྱོགས་ཀྱི་ཇུས་རིམ་དུ་དབུས་གཙང་གི་སྔགས་རྙིང་མའི་སྡེ་ཁ་ཤས་ནས་ཁྲོ་རོལ་གསུམ། ཟིལ་གནོན་ཁྲོ་ཆུ་འཆར་ཀ་སོགས་ཀྱི་སྒོ་ནས་དགྲ་མནན་དགུ། འཆར་ཀའི་གླང་ཆེན་སྣ་བསྒྱུར་དང་ཟོར་ལས་གནམ་ལྕགས་ཐོག་མདའ། ཚེ་བདག །ནག་པོ་གསུམ་དྲིལ། ཁྲོ་ཆུའི་གཏོར་བཟློག །སེར་འབྲས་དགེ་གསུམ་དུ་ཇ་ཚུལ་གྱི་ཐོག་ཤེར་སྙིང་གི་མདོ་སྒྲུབ་རྣམས་བསྟར། འབྲས་སྤུངས་བདེ་ཡངས་པའི་རིགས་གྲའི་སྐལ་བ་སྐྱེལ་བར་སློབ་དཔོན་ངག་དབང་བསྟན་འཛིན། དགའ་ལྡན་རབ་འབྱམས་པ། བསམ་ཡས་རབ་བྱུང་བླ་མ། དོ་ནང་


GLG006_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

པད་གླིང་པ་རྣམས་དང་ཕྲད། ཉེར་གསུམ་ལ་རིན་སྤུངས། ཤངས། པ་རྣམ་སྟེ་རྫོང་ཁག་གསུམ་གྱི་འགོ་མིར་སྦངས་ཆེ་བ། སྟོང་ར་བ། མེ་དོ་བས་གཙོས་སྐྱ་སེར་རྣམས་གཅིག་ཏུ་བསྡོམས་ནས་ཚོགས་འགྱེད་སྟེར་ཆ་དང་བཅས་གྲ་ཚང་ནས་འཆི་མེད་འོད་སྣང་གི་དཀྱིལ་འཁོར་ལ་བརྟེན་ནས་རྟེན་འབྲེལ་བསྒྲིགས། དམིགས་བརྩེ་མའི་ཊཱིཀྐ་ཚིག་དོན་རབ་གསལ་གཟིམས་ཤག་ལྷོ་པས་པར་དུ་བརྐོས་པ་སྐྱེལ་བ་དང་ལྷན་དུ་སེ་མདོ་དཀའ་ལྡན་རྣམ་རྒྱལ་དུ་འཛུགས་རྒྱུར་རིང་འཚོའི་ཚིགས་བཅད་དགོས་ཚུལ་བཞིན་བསྲིངས། ཉེར་བཞིར་གཏེར་སྟོན་རིན་པོ་ཆེའི་གཅུང་གཏེར་གསར་གྱི་ཆོས་བདག་ཏུ་འདུག་པ་ལྟར་སྔ་འགྱུར་གྱི་རིང་ལུགས་ཁོ་ན་ཉམས་སུ་བླངས་ན་ལེགས་རྒྱུར་མཁས་རློམ་ལ་ལས་དབྱེན་བཅོས་པའི་སྒྲ་སྙན་གྱིས་མཚོན་གཞུང་ལུགས་མང་པོའི་ཐོས་བསམ་དང་འདུལ་བའི་བཅའ་ཁྲིམས་ཀྱང་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་ལྟ་བུར་སོང་བས་སྲུང་མ་འཁྲུགས་པ་སོགས་རྟེན་འབྲེལ་འཕྱུགས་ནས་གློ་བུར་དུ་གཤེགས་པའི་བསྔོ་རྟེན་འབྱོར་ཞིང་དངུལ་ལྔ་བཅུ་མས་གཙོས་པའི་དགེ་འཐུད་ཀྱི་བདོག་པ་རྒྱས་པར་སྦྱར། འཕགས་ཡུལ་ནུབ་ཕྱོགས་རཱ་ཎ་དེ་བའི་ཡུལ་གྲུ་ནས་འོངས་པའི་སེ་ཎྱཱ་སི་ཡསྨ་གི་རི་དང་གོརྡ་ན་གཉིས་ཀྱིས་ཆུ་བོ་གངྒཱའི་ཆུ་ཀ་ལཱ་ཤ་ལག་པའི་གྲངས་ལྡན་བྱུང་བའི་བདའ་ལན་དུ་གསེར་ཞོ་ལྔ་སོགས་སྟེར་ཆ་བྱས། ཉེར་དགུར་དབོན་འདུར་ཚང་གི་འགྲུལ་པ་གསར་འབྱོར་ཁ་ཡར་དང་ཕྲད། ཧོར་ཟླ་བརྒྱད་པའི་ཚེས་གཅིག་ལ་དགའ་ལྡན་ཆོས་འཁོར་ཡང་རྩེའི་གྲ་པ་དཀའ་བཅུ་བློ་བཟང་བརྩོན་འགྲུས་ཀྱིས་གསར་རྩོམ་འཇུག་པའི་


GLG006_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུགས་སྤྲད། ཚེས་གཉིས་ལ་ཡར་ཀླུངས་བཀྲས་རབ་པ་སྤུན་གྱིས་ཡོན་སྦྱར་ནས་གྲ་ཚང་གིས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པའི་རྟེན་འབྲེལ་བསྒྲིགས། ཚེས་དྲུག་ལ་གསང་ཆེན་རྒྱུད་སྡེ་བཞིའི་འབྱུང་ཁུངས་གོང་དཀར་རྡོ་རྗེ་གདན་པ་མཁས་གྲུབ་དགེ་བའི་དབང་པོས་ཐོག་དྲངས། སློབ་དཔོན། ཆོས་འཆད། དགེ་འདུན་བརྒྱ་ལྷག་གིས་ཚེ་དཔག་མེད་ཀྱི་ཆོ་ག་དང་འབྲེལ་བའི་ཡུན་འཚོའི་རྟེན་འབྲེལ་བསྒྲིགས་པའི་སྔོན་འགྲོར་བདོག་པ་མཎྜལ་གྱི་ཚུལ་དུ་བཏེག །སློབ་དཔོན་རྣམ་མཁྱེན་གྲོང་པས་ལུང་སྦྱོར་གྱི་བཤད་པ་སོགས་གཅིག་ཏུ་བསྡོམས་ཏེ་མཚུངས་མེད་ཆོས་ཀྱི་ཞལ་སྔ་ནས་བསྐལ་བརྒྱར་བཞུགས་པའི་བཀའ་བཞེས་ཞུ་ལགས་ཞེས་པའི་ཀོང་པོ་ཁ་ཐག་ཅིག་མཛད། ཆོས་རྗེ་དགེ་བའི་དབང་པོས་གཙོས་ཁ་ཤས་ལ་ཆིག་ལུགས་ཚེ་དཔག་མེད་ཀྱི་རྗེས་གནང་ཕུལ། ནཱ་ལནྜ་ཆོས་རྗེ་བཅོ་བརྒྱད་པ། བྲག་དབར་སློབ་དཔོན། པོ་ཏི་བླ་མ་དང་ཚ་རོང་བླ་མ། འབྲི་གུང་སྤོ་བོ་བན་གྲོང་པ། རག་ཤུལ་དགེ་སློང་། བེ་ལིག་ཨེར་ཁེ་ཐའི་ཇི། ཐོད་རི་བཤད་སྒྲུབ་གླིང་གི་སློབ་དཔོན། སེ་ར་ཐེག་ཆེན་གླིང་ནས་བྱ་བྲལ་དང་ཧ་གདོང་གི་དགེ་རྒན་རིགས་གྲའི་སྐལ་བ་སྐྱེལ་མི་སོགས། མང་དག་དང་ཕྲད། ཆོས་རྗེ་བཅོ་བརྒྱད་པར་རྒྱུད་སྡེའི་སྐོར་ལ་དོགས་གཅོད་བྱས་པ་རྣམས་ལ་ལན་ཞིབ་པར་བྱུང་ཞིང་མ་ནས་ཆོས་རྗེ་འདི་པ་དཀྱིལ་འཁོར་རེ་གཉིས་ཀྱིས་གསོལ་གྲོད་སྦོོས་པ་དང་སྐྱེས་ཚད་མཐོང་ཚད་སྨན་དུ་གྱུར་པའི་དབང་བསྐུར་མཁན་པོ་ཚོ་དང་མི་འདྲ་བའི་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ཏུ་སྣང་། བི་ལིག་ཨེར་ཁེ་ཐའི་ཇིར་སྐྱེར་སྒང་ལུགས་


GLG006_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྟ་མགྲིན་གྱི་བྱིན་རླབས་བསྐུར། རྒྱལ་བ་བཙོང་ཁ་པ་ཆེན་པོས་ཚ་ཁོ་དབོན་པོར་གདམས་པའི་ལམ་གྱི་གཙོ་བོ་རྣམ་གསུམ་འདི་རྗེ་བླ་མའི་བཞེད་པ་ཐུན་མོང་མ་ཡིན་པ་ནས་འཇམ་དབྱངས་དཀོན་ཅོག་ཆོས་འཕེལ་གྱི་དྲུང་དུ་གསུང་བཤད་ལན་མང་དུ་ནོས་པས་རང་ལོ་ཉེར་གཉིས་པའི་དུས་ཞལ་དཔོན་སྦྱིན་དཔལ་གྱི་ངོར་མཆན་འགྲེལ་ཞིག་བརྩམས་ཀྱང་དྲུང་རམས་པ་དོམ་ཉག་གིས་ཞིབ་འཇུག་མཛད་པ་ལས་ཕལ་ཆེར་ཇི་མི་སྙམ་པའི་དཔེ་མ་འཕེལ། དུས་ཕྱིས་ཁམས་ཕྱོགས་ནས་དོན་གཉེར་ཅན་འདྲས་བསྐུལ་བ་དང་ཉེ་ཆར་དགེ་སློང་འཇམ་དབྱངས་གྲགས་པས་མཚམས་སྦྱར་བར་བརྟེན་དགོངས་འགྲེལ་ལུང་རིགས་གཏེར་མཛོད་བཀོད་པ་ཕྱག་རྒྱ་བའི་ཆོས་ཀྱི་མ་བསླད་པའི་དགེ་ལུགས་པ་གཙང་སིང་ངེ་བ་ཚོའི་ཐུགས་ལ་འཐད་རྒྱུའི་རེ་བ་ནི་ཡོད་མོད་དུག་སྨན་དུ་འགྱུར་བ་དང་སྨན་དུག་ཏུ་འགྲོ་བར་ངེས་པ་ནི་མི་སྣང་། ཚེས་བདུན་ལ་དབྱངས་ཨི། རེ་གཟའ་ལྷའི་བླ་མ། རྒྱུ་སྐར་ལྷ་མཚམས། འཕྲོད་ཀུན་དགའ། སྦྱོར་བ་ཤ་འཁོན། རྟེན་འབྲེལ་སྐྱེ་བ། སྟག་གི་ཉི་མ་རྣམས་ཡོད་པའི་འཕྲོད་སྦྱོར་དགེ་བའི་ཉིན་ཕོ་བྲང་ཆེན་པོའི་ཚོམས་ཆེན་དུ་གསར་བསྐྲུན་གྱི་བཀའ་འགྱུར་རོ་ཅོག་ཚར་བཞི་སོགས་སྐུ་གསུང་ཐུགས་ཀྱི་རྟེན་མང་པོར་རྡོ་རྗེ་སློབ་དཔོན་དགའ་གདོང་སྔགས་རམས་པ་དོན་གྲུབ་རྒྱ་མཚོས་བྱས་པའི་ཕན་བདེ་ལེགས་བཤད་གླིང་པ་ཡོངས་རྫོགས་ཀྱིས་ལྷ་བྲག་གཏེར་བྱོན་ཕུར་པ་ལྕགས་ཁང་མའི་དཀྱིལ་འཁོར་ལ་བརྟེན་ནས་རབ་ཏུ་གནས་ཏེ་བཀྲ་ཤིས་དགའ་སྟོན་གྱི་ཆར་ཆེན་པོ་ཕབ། གསེར་ཞོ་རེ་


GLG006_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཚན་གྲངས་ཀྱི་ཡོན་དང་བསྙེན་བཀུར་གྱ་ནོམ་པ་བསྟབས། ཚེས་བརྒྱད་ལ་ཞྭ་དམར་མཆོག་གི་སྤྲུལ་སྐུའི་མཆོད་གཞིས་ལ། སྟོད་ལུང་རམ་པ་མདའ་སྒྲོའི་གཞིས་ཀ་ཐེམ་འཛིན་ཉེར་དྲུག་ལག་འབབ་ཆིག་སྟོང་སུམ་བརྒྱ་གྱ་བདུན། རྫོགས་ཆེན་སྤྲུལ་སྐུ་ངག་དབང་ཀུན་བཟང་འཇིགས་མེད་ལ་ཕོ་བྲང་ཐར་པ་གླིང་སྟོད་ཀྱི་སྤྱིལ་པོ། མདོ་པ་སྐུ་སྐྱེའི་འཛིན་ཤུལ་ཐེམ་འཛིན་བརྒྱད། ལག་འབབ་སུམ་བརྒྱ་གོ་དྲུག །ཁྱིམ་ཆུང་པ་དབང་ལྡན་གྱི་སྒྲུབ་རྟེན་དུ་གཞིས་རྩེ་ཁུལ་གྲོ་ཁུད་གཞིས་ཀ །ཐེམ་འཛིན་བཅུ་གཉིས། ལག་འབབ་བརྒྱད་དང་གསུམ་རྣམས་སྤྲད། ཚེས་དགུ་ལ་ཁལ་ཁ་ཨུ་རང་ཁང་ཐང་པ་ཨོ་པ་ཤི། སེ་ར་བྱེས་འཕྲིན་ལས་ལྷུན་གྲུབ་ཀྱི་སྐུ་སྐྱེའི་བསྔོ་རྟེན་སྐྱེལ་མི་ཇོ་རིག་ཐུ་ཧུང་ཐའི་ཇི་རྣམས་དང་ཕྲད་ཅིང་དངོས་པོ་གྱ་ནོམ་པ་བསྟར་པར་བྱང་ཆུབ་ཐོབ་པའི་རྒྱས་འདེབས་ཡང་དག་བགྱིས། ཕྱི་དྲོ་འདུལ་བ་ཟུར་པར་ས་ལུགས་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་དང་རྫོང་བདའ་བྱས། དྲང་སྲོང་ཨཱ་གསྟྱས་ཆུའི་དུག་དབྱུང་བའི་ཡན་ལག་བརྒྱད་ལྡན་ཚེ་ཆུ་བོ་རིའི་སྨན་ཆུ་ཞག་ལྔའི་བར་བསྟེན། གྲ་ས་ཆེན་པོ་སེར་འབྲས་གཉིས་ཀྱི་རྟེན་དེབ་ལེ་ཚན་གྱི་འགོ་བརྗོད། རབ་འབྱམས་པ་ཚུལ་ཁྲིམས་རྒྱ་མཚོ་དང་མགོན་པོ་དོན་གྲུབ་གཉིས་ཀྱི་ངོར་གསོལ་འདེབས་སྨོན་ལམ། ལྷ་ས་ཁང་གསར་བ་དགེ་བསྙེན་གྱི་དོན་དུ་བདེར་གཤེགས་བརྒྱད་ཀྱི་སྐུ་བརྙན་བཞེངས་པའི་རྒྱབ་ཡིག་བྱང་གླིང་བསམ་གྲུབ་རྒྱལ་པོས་དགོས་ཚུལ་བཞིན་དང་རྨེ་རུ་བླ་མ་རིན་ཅེན་རྒྱ་མཚོས་གསུང་རབ་དགོངས་འགྲེལ་དང་


GLG006_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་གླེགས་བམ་བརྒྱ་དང་སུམ་ཅུ་སྐོར་པར་དུ་བཏབ་ཅིང་གསེར་གྱི་སྨན་མདོ་བརྒྱད་བརྒྱ་པ་དང་སྤྱི་སོས་བདེ་གཤེགས་བརྒྱད་ཀྱི་ལྷ་ཚོགས་སྨན་འདམ་ལས་གྲུབ་པ་བཞེངས་པའི་སོ་སོའི་སྨོན་ལམ། སྔ་སོར་དཔྱད་པ་གསུམ་གྱིས་དག་པའི་འཇམ་དཔལ་ཚེ་བདག་གི་ཆོག་བསྒྲིགས་དང་ཕྱག་ལེན་རྣམས་གྲ་ཚང་དུ་ཚེས་བཅོ་བརྒྱད་མིག་དམར་དབྱུ་གུའི་འགྲུབ་སྦྱོར་ཐོག་བཙུགས་པའི་ཚེ་སྙན་དར་སྣ་ལྔར་ཁ་བྱང་བཏབ་སྟེ་ཕུལ། འཁོར་ལོ་སྡོམ་པ་ལཱུ་ཧི་པ་དང་དྲིལ་བུ་ལུས་དཀྱིལ་གཉིས་ལ་ཐམས་ཅད་མཁྱེན་པ་བཙོང་ཁ་པ་ཆེན་པོས་གནང་བའི་ཡིག་ཆ་ཟླ་མེད་པ་བཞུགས་ནའང་། དྲིལ་བུ་ལྷ་ལྔར་རང་བསྟན་ལ་ཡིག་ཆ་ཁུངས་ཐུབ་ཅིག་མི་སྣང་བས་རྩོམ་པའི་འདུན་པ་ཡོད་པའི་སྟེང་དུ་དབུ་མཛད་བློ་བཟང་ཡོན་ཏན་གྱིས་དོན་གཉེར་ཆེན་པོས་བསྐུལ་བ་ལ་བརྟེན་ནས་སྒྲུབ་ཐབས་ལོ་པཎ་ཞལ་ལུང་དང་དཀྱིལ་ཆོག་དཔའ་བོ་གྲོང་འཇུག་རྣམས་བརྩམས་ཤིང་མཁན་ཆེན་ཞ་ལུ་པ་ཆེན་པོའི་སྤྱན་ལམ་དུ་འབེབས་པར་དགེ་སློང་འཇམ་དབྱངས་གྲགས་པ་བཏང་བའི་ཐེ་ཚོམ་གྱི་དྲི་མ་བསལ། ཁྱབ་བདག་ཞ་ལུ་པ་ཆེན་པོ་བསྟན་འགྲོའི་ཉེར་འཚོར་རྡོ་རྗེའི་ཁྲི་ལ་གཡོ་བ་མེད་པའི་ངོས་ཆོས་འཁོར་རྒྱ་ཆེར་སྐོར་བའི་རྟེན་འབྲེལ་དུ་བརྟན་བཞུགས་ཚིགས་བཅད་སྟན་དཀར་ན་བཟའ་ཆ་ཚང་། བཟང་ཇ་བར་ཁག་དང་བཅས་འབུལ་བར་དར་མོ་སྨན་རམས་པ་མངགས། ཉེར་བཞི་ལ་ཆ་དཀར་ནོ་མོན་ཁན་གྱི་ཇོ་རིག་ཐུ་ནང་སོ་ཅན་གྱིས་རྟ་སོ་གཅིག་བྱུང་། ཉེར་ལྔར་ཡར་ཀླུངས་བཀྲ་ཤིས་རྩེ་ཆོས་སྡེའི་མཁན་པོ་རྗེ་དབོན་ནམ་མཁའ་བསོད་ནམས་དབང་གིས་རྒྱལ་པོ། ཀ་ཚལ་བླ་མ་ཁྲི་ཟུར་


GLG006_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། ར་བ་སྟོད་བླ་མ་ཁྲི་ཟུར་གཉིས་གསང་ཕུ་རྣམ་རྒྱལ་གསེར་ཁང་དང་ཁུ་པེ་གྲ་ཚང་གི་སློབ་དཔོན། མཁའ་འགྲོ་དགེ་ཚུལ་མ། ཁལ་ཁ་གཡས་རུའི་ཐར་པ་ཨོ་པ་ཤི། ཨ་མདོ་དང་སོག་པོ་གཏོས་ཆེ་བ། ཚུར་ཕུའི་ཕྱག་མཛོད། ཀོང་པོ་བཅོས་མི་ཨ་བོ། སྡེ་པ་རག་པ་མ་བུ། ཁྲོམ་ས་བ་ཁུ་ཚན། དགུ་གཏོར་གྱི་ཚོང་དཔོན་བྲག་གདོང་པ་དང་རྣམ་རྒྱལ་སྒང་པ་སོགས་སྐྱ་སེར་རྣམས་ལ་ཇ་གྲལ་བཏང་། ཕྱིམ་རེད་ཁལ་ཁར་ལོག་མི་དགེ་སློང་དང་དགེ་ཚུལ་བདུན་རེ་བསྒྲུབས། ཀ་ཚལ་ཟུར་པ་རིགས་འཛིན་དཀོན་ཅོག་ལྷུན་གྲུབ་ལ་གཤིན་རྗེ་ལོག་ཏྲི་སོགས་ཀྱི་མོལ་མཆིད་རྒྱས་པར་བགྱིས་ཤིང་གོས་སྣ་ཆ་ཚང་གི་སྟེར་ཆ་བསྟར། འབྲི་གུང་ཕྱག་མཛོད་དཀོན་ཅོག་རྒྱལ་མཚན་འབྱོར་བའི་རྟ་བཅོ་བརྒྱད་བྱིན། ཉེར་དྲུག་ལ་བཀྲ་ཤིས་རྩེའི་དབོན་རིན་པོ་ཆེར་ཁའུ་བྲག་རྫོང་པའི་རིང་ལུགས་གཙོ་བོར་བཏོན་པའི་རིས་མེད་ཀྱི་རྒྱུད་སྡེ་རྒྱ་མཚོ་ཆེན་པོར་གསན་བསམ་མཛད་དགོས་པའི་རྒྱུ་མཚན་མོལ་ཏེ་དངོས་པོའི་ཚན་གྲངས་དང་བཅས་རྫོང་བདའ་བྱས། ཉེར་བརྒྱད་ལ་རྒྱལ་ཚབ་གྲགས་པ་མཆོག་དབྱངས་ཀྱི་སྤྲུལ་སྐུའི་དོན་སྐོར་ལ་ཕྱག་མཛོད་དགོན་སྟོད་པ་ཅན་གྱིས་སྡེ་པར་ཆོས་ཀྱི་རྒྱལ་པོ་འཕགས་པའི་སྐུ་བེར་དིང་ཕོན་སྲབ་བཏགས་མ་བྱུང་བ་ནང་རྟེན་ཁྲོད་དུ་ཡོད། སློབ་དཔོན་ཆེན་པོ་པདྨའི་རྣམ་སྤྲུལ་འཕགས་ཡུལ་གྲུབ་ཆེན་ཛ་ཧ་བྷིར་གྱི་དངོས་སློབ་བཛྲ་ནཱ་ཐས་ཆོས་རྒྱལ་འབྲི་གུང་པར་གནང་བའི་རླུང་སྦྱོར་གྱི་སྐོར་ཆ་ལག་ཚང་བ་དང་མ་ནི་ཀ་བཛྲ་གྱིས་ཐམས་ཅད་མཁྱེན་པ་མཁྱེན་


GLG006_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེའི་དབང་ཕྱུག་ལ་གནང་བ་གཉིས་ཀ་ཐོབ་ནའང་ཕྱི་མའི་ཕྱག་ལེན་བཞིན་ཧོར་ཟླ་དགུ་པའི་ཚེས་གཅིག་ནས་ཞག་བདུན་གྱི་རིང་མཆོད་དཔོན་པས་གྲོགས་བྱས་ཏེ་བྷྲུ་རླུང་གི་ཉམས་ལེན་ཆིག་དྲིལ་དུ་བགྱིས། ལ་ལ་ཉིན་ཞག་རེ་ལ་ཇ་ཕོར་པ་རེ་ཙམ་འཐུང་བའི་རྩིང་སྤྱོད་ཡོད་འདུག་རུང་ཆུ་ཐིགས་པ་གཅིག་དང་ཟས་ནས་འབྲུ་གཅིག་ཀྱང་མ་བཏང་བའི་ཉམས་ལེན་ལ་བརྟེན་རླུང་གིས་ནུས་པས་ལྟོགས་སྐོམས་ཀྱི་སྣང་བ་ནི་ཅུང་ཟད་ཙམ་ཡང་མ་བྱུང་། ཆོས་རྒྱལ་རིན་ཆེན་ཕུན་ཚོགས་དང་རྗེ་མཁྱེན་བརྩེའི་ཞབས་ལ་མངོན་མཁྱེན་དང་སྙུན་ལས་གྲོལ་བ་སོགས་ཀྱི་རྟགས་ཡ་མཚན་པ་བྱུང་བ་བཞིན་ནི་ག་ལ་ཡོང་། འོན་ཀྱང་རྒྱུ་མེད་ཀྱི་འབྲས་བུ་ལྟར་ཞག་རེ་ལ་དྲི་ཆུ་དཀར་ཚད་ཕྱེད་དོ་རེ་བྱུང་བ་ནད་རང་འཁྲུས་སུ་མངོན་། མཆིམས་ཕུར་དཔལ་རི་སྤྲུལ་སྐུ་གྲ་བཅས་བཅོ་ལྔས་འཆི་མེད་སྐུ་གསུམ་འདུས་པ་དང་གཡའ་མ་ལུང་དུ་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ་གྲ་བཅས་བཅོ་ལྔས་ཚེ་དཔག་མེད་བདུད་རྩི་འཁྱིལ་བ་སྒྲུབ་ཞག་བདུན་རེ་བཙུགས། ལྷ་སར་སྒོ་འགྱེད་ལ་ཡ་ཇུ་ཁོར་དྲུག་མ་ང་བཞི། སྤྲང་སྟོན་ཇ་འདུར་སྒེ་དོ་རྣམས་བཏང་། འབྲི་ལུང་གཞོན་ཚང་ལེགས་ལྡན་གྱི་ཞི་དྲག་སྒྲུབ་རྟེན་དུ་འོད་ཟེར་གྱང་པའི་འཛིན་ཤུལ་ཆུམ་པ་ཤོ་གོང་ནས་ཐེམ་འཛིན་བདུན། ལག་འབབ་ཆིག་སྟོང་སུམ་བརྒྱ་གྱ་དྲུག་བྱིང་བསམ་གཏན་རྩེ་པར་ས་སྣོན་དུ་རྩེས་དང་ལག་འདེབས་ཐོག་ནས་ལག་འབབ་སུམ་བརྒྱ་སྐོར་ཐོན་རྩིས་ཀྱི་ཞིང་བཅོ་ལྔ་སྤྲད། མཆོད་དཔོན་པས་ཞིང་བཀོད་གྲ་ཚར་སོ་ལྔ་བཞེངས་པའི་རྒྱབ་ཡིག་བྲིས། འདར་པ་ལོ་ཙཱ་བ་ཕ་བུ། ཕུ་ལུང་


GLG006_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་། བཀྲས་རབ་ཕུན་ཚོགས་དབང་པོ། རྡོ་དགོན་བློ་བཟང་དོན་ལྡན་ལྔས་ཕུག་པ་མན་ངག་ལུགས་ཐུན་མོང་མ་ཡིན་པའི་ལེའུ་ཐོ་ལོ་ལྔའི་བར་བཟོས། ཚེས་བཅོ་ལྔར་འདར་གྲང་ཆེན་མཁན་པོ་ཀ་སྤེ་བ་བློ་གསལ་བསྟན་པ་རབ་རྒྱས། ངོར་ཐར་རྩེའི་བླ་མ། དོན་གཉིས་གླིང་དང་དཔལ་འཁོར་ཆོས་སྡེའི་རྐྱང་འདུར་བདེ་བ་ཅན་གྱི་སློབ་དཔོན་ཟུར་པ། བྲ་ཡག་བླ་མ་སངས་རྒྱས་བཀྲ་ཤིས་ཀྱི་སྐུ་སྐྱེ། རྒྱལ་སྲས་བསོད་ནམས་བཀྲ་ཤིས་དཔོན་མོ་བཅས་པ། ལྕམ་ནོར་བུ་ཁྲ་སྒོར། ཞང་སྟོན་རི་ཁྲོད་པ། ཕིང་སིང་ཆིང་དབང་གི་མི་སྣ། སྣར་ཐང་མཁན་པོ་མ་ཡུམ་ལོ་ཆེན་གྱི་དབོན་པོ། མཆོད་རྟེན་བླ་མའི་གྲ་པ་དགེ་སློང་། བཀྲས་གཤོངས་རབ་འབྱམས་པའི་དབོན་པོ་རིན་ཅེན། སེ་ཆེན་ཁན་གྱི་ཤོག་ནས་མེརྒན་ཆོས་རྗེ། ཇའི་སང་རྗར་གོ་ཆའི་བུ་ཚེ་རིང་། རྒྱལ་པོའི་ཤོག་ནས་ཨེར་ཁེ་པག་ཤི །གནམ་བདེ་ལེགས་པའི་དཔོན་པོ་ཆོས་མཛད། བྱ་བྲལ་ཤེས་རབ་རྒྱལ་མཚན་སོགས་མང་དག་ལ་ཇ་གྲལ་དང་འཕྲོས་གླེང་བྱས། ཤངས་རྒོད་ཚང་རི་ཁྲོད་པ་སུམ་ཅུ་སྐོར་ལ་ཡི་གེ་དྲུག་པའི་སྒོམ་བཟླས་ཕབ། ཚེས་བཅུ་བདུན་ལ་ཐོས་བསམ་དར་རྒྱས་གླིང་གྲ་སློབ་སུམ་བརྒྱ་སྐོར་གྱིས་ཟང་ཟིང་གི་བདོག་པའི་མཎྜལ་དང་བཅས་རིང་པོར་གནས་པའི་སྨོན་ལམ་ཚིགས་བཅད་ཀྱི་རིགས་མང་དུ་གསུངས། འཇམ་དཔལ་ཟིལ་གནོན་གྱི་ཆོག་བསྒྲིགས་གསར་པའི་སྟེང་ནས་སྒྲུབ་ཞག་གསུམ་གྱི་བཅུ་དགུ་ལ་གདབ་ལས་རྒྱས་པ་སོགས་ཟོར་ལས་ཚང་བར་མཛད། ཨ་རིག་སངས་རྒྱས་དང་དབོན་པོ་དོན་


GLG006_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཀྱིས་རྟ་དོན་བརྒྱད་བྱིན། རི་བོ་བདེ་ཆེན་གྱི་མཁན་ཟུར་ཏྲེ་བོ་ཆོས་རྗེ་ངག་དབང་དཔལ་བཟང་ཁམས་ནས་བྱོན་པའི་དབོན་སྐྱ་སེར་གཡོག་སུམ་བརྒྱ་སྐོར་འབྱོར་བའི་རྟ་བརྒྱ་བཅུ་བདུན། དྲེའུ་རེ་གསུམ་གྱིས་གཙོས་པའི་སྟེར་ཆ་སྤམས་མཐོ་བ་བྱུང་བར་དགེ་བ་རྫོགས་པའི་སངས་རྒྱས་ཀྱི་རྒྱུར་བསྔོས། ཞིང་སྐྱོང་ནང་སའི་དབོན་ཆུང་གིས་གསེར་དངུལ་ཇ་གོས་དར་མང་བ་བསྟར་ཞིང་དེ་ཞོར་སྤང་གཤོངས་ཧ་རི་ཁའི་བླ་མ། ཐའི་ཇི་ནོར་བུ། རྭ་སྒྲེང་གི་ལས་སྣེ་བ། རི་བོ་ཆོས་གླིང་གི་གཉེར་གསར་རྙིང་། ཨ་མདོ་བ་ཉིས་བརྒྱ་སྐོར་རྣམས་དང་ཕྲད། ཉེར་གཅིག་ལ་མཁར་རྒྱ་རྣམ་སྒོམ་ཅན་གྱིས་རྟ་བཅོ་བརྒྱད། ཨ་རིག་བྱ་ཕྲལ་བློ་བཟང་ཅན་དང་རོང་པོ་བློ་བཟང་ཅན་གྱིས་རྟ་ཉེར་གསུམ་རེ། ནགས་ཤོད་སྦུས་མདའ་བླ་མས་རྟ་ཉི་ཤུ་རྣམས་ཀྱི་སྟེར་ཆ་བྱུང་། ཞག་བདུན་གྱི་རིང་དབུས་སྟོད་གཏེར་སྒྲོམ་གྱི་ཆུ་ཚན་བསྟེན། དིང་སང་སྔགས་འཆང་ཕལ་ཆེར་ཐུན་དང་ཕུར་པ་ཞོར་སྒྲུབ་ལས་མི་མཛད་པ་མང་ཡང་རྗེ་འབྲི་གུང་པས་དམག་བཏེག་ནས་ལག་ཆ་བཟོ་དགོས་བྱུང་ན་མདའ་ཐུངས་འགྲོ་བར་དགོངས་ཏེ་པད་གནུབས་བརྒྱུད་པའི་ཕྱག་བཞེས་བཞིན་ཐོག་མ་ནས་སྒྲུབ་པ་མཛད་པ་ལྟར་དགེ་སློང་འཇམ་དབྱངས་གྲགས་པས་རྡོ་རྗེ་སློབ་དཔོན་བྱས་ཏེ་གྲངས་བཅད་ཀྱིས་ཉེར་བདུན་ནས་ཐུན་ཕུར་སྒྲུབ་ཞག་བཅུར་ནུས་ལྡན་དུ་བསྟར། གནམ་གང་གི་དགོངས་ནས་དགའ་གདོང་སྔགས་རམས་པ་དོན་གྲུབ་རྒྱ་མཚོས་རྡོ་རྗེ་སློབ་དཔོན་བྱས་ཏེ་གྲངས་བཅད་ཀྱིས་གཤིན་རྗེ་


GLG006_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

མེའི་སྤུ་གྲིའི་སྲུང་བའི་དབུ་བཙུགས། ཟླ་བ་རྟིང་མའི་ཉེར་དགུ་ལ་མནན་ཟོར་གྱིས་མཐའ་བསྡུས་པའི་པུ་རི་དཀར་ནག་གི་ལས་སྦྱོར་པད་གནུབས་བརྒྱུད་པའི་མན་ངག་རྗེ་གནམ་ལྕགས་མེ་འབར་གྱི་ཕྱག་ལེན་ལྟར་གྲ་ཚང་གྱི་གྲ་པ་གྲངས་བཅད་ཀྱིས་ལག་ཏུ་བླངས་པས་ཁ་མ་རྡུགས་པའམ་སྟབས་འགྲིག་པ་ཇི་ལྟར་ཡང་རྒྱལ་ཐང་དུ་ཟླ་བ་བཅུ་གཅིག་པའི་ཚེས་ལྔའི་ཉིན་ཨུལ་ཇོའི་ཐུ་པཱ་ཐུར་གྱིས་གཙོས་པའི་བོད་སོག་གི་དམག་གིས་རྒྱབ་བྱ། མོ་བཀག །རབ་བརྟན། རྩི་བཞག །ཁང་གསར། ཨ་སྤོང་འགོ །རྩ་ཉེ་བ་སོགས་རྒྱལ་ཐང་ཡང་ཐང་གི་སྐྱ་སེར་ཚང་མ་བཅོམས་པར་སྣང་། ཧོར་ཟླ་བཅུ་པའི་ཚེས་ལྔར་དབུས་གཙང་གི་རྫོང་གཞིས་ཁ་ཡར་ནས་སྨན་བླ་བདུན་ཁྲི་དྲུག་སྟོང་སུམ་བརྒྱ་ཉི་ཤུ། མཚན་བརྗོད་སུམ་འབུམ། གཤིན་རྗེ་འདུས་པའི་དྲག་སྔགས་བྱེ་བ་གཉིས། དབུས་གཙང་གི་རིས་མེད་དགོན་ཨངྐི་གཉིས་པ་ཡན་ལ་ལོ་དུས་ཀྱི་མང་ཇ་བསྔོ་རྟེན་དེབ་གསལ་དང་འགྱེད་ཁམས་དངུལ་སྲང་ཉིས་སྟོང་དྲུག་བརྒྱ་རེ་དྲུག་རྣམས་སོང་། ཚེས་བརྒྱད་ལ་ལྷ་སའི་བསྙེན་གནས་མ་ཚོར་ཡན་ལག་བརྒྱད་པའི་སྡོམ་པ་ཕབ། དགའ་ལྡན་ཤར་པ་ཆོས་རྗེ། ཉང་རོང་གྲ་ཚང་དང་ལྔ་མཆོད་པ་གཉིས་ཀྱི་བླ་མས་ཐོག་དྲངས་སྣེ་མོ་བ་ཁ་ཤས་ཨྱོན་མཚོ་མོ། རས་ཆུང་ཕུག་སྤྲུལ་སྐུ། རི་ཁྲོད་དགའ་ལྡན་ཟུར་པ་སྤྱན་གཡས་པ། དྭགས་ཟེ་མོ་དགོན་བླ་མ། ལྷ་རི་བླ་མ། སེམས་དཔའ་ཆེན་པོའི་དབོན་པོ། སེ་ཆེན་རབ་འབྱམས་པ། ཀོང་པོ་སྨན་སྒོམ་བླ་མ། མདོ་པ་སྐུ་སྐྱེ། འཛམ་གླིང་ཆོས་འཁོར་བའི་དབོན་


GLG006_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

པོ། བཀྲ་ཤིས་རབ་བརྟན་པའི་རྟེན་འབྱུང་བསྒྲིག་མི་གཉིས། ཕག་མོ་ཆོས་སྡེའི་ལས་སྣ་བ། ལྷ་རྩེ་ཆོས་སྡེ་དང་ངོ་རྫོང་ཆོས་སྡེ་གཉིས་ཀྱི་སྨན་བླའི་ཕྱག་ལེན་འཁྲིད་མི། ནགས་ཤོད་སྦུད་མདའ་བླ་མའི་རྟ་སྟེར་མི། གཞིས་མགྲོན་རྟག་འདུ་སེ་སྐོར་བ། ཉན་པོ་ཕྱུག་པོ། སྟག་ལུང་སྦ་ཡན། དཀོན་ཅོག་བློ་གྲོས། གླིང་སྟོད་སྐུ་སྐྱེ། རི་བོ་ཆེ་བའི་པདྨ་སྐུ་སྐྱེ། བང་རིམ་ཆོས་སྡེའི་གཉེར་པ། ཆོས་འཁོར་ཡང་རྩེའི་གྲྭ་པ་བརྒྱ་ལྷག །བསོད་ནམས་བཀྲ་ཤིས་ཀྱི་མ་དང་དཔོན་མོ་འཁོར་བཅས། སྒོ་མངས་པའི་འབུལ་སྡུད་དཀའ་བཅུ་ཆོས་བློ་བཟང་། སེ་ཆེན་ཁན་གྱི་ཤོག་ནས་ཨེར་ཏེ་ནི་དབོན་པོ། ཨེར་ཁེ་དབོན། མེརྒན་ཆོས་རྗེ། ནགས་ཆུ་བླ་མ་བློ་གྲོས་རྒྱལ་མཚན། སེ་ཆེན་ཐའི་ཇིའི་མི་སྣ་ཨུ་ལང་པཱ་ཐུར་ཨེར་ཏེ་ནི་དའི་ཆེན་གྱི་མི་སྣ་ཆོས་མོས། སེ་ཆེན་ཞབས་དྲུང་གི་གྲྭ་པ་དའི་ཆེན་ནང་སོ། ཐར་པའི་སྲས་ཚེ་རིང་རྒྱ་མཚོ། ཨ་མདོ་བྱ་བྲལ་དཀའ་བཅུ་དགེ་འདུན་རིན་ཆེན། ཁ་རག་རྐན་ཕུ་བ་ཆོས་རྗེ་བསྟན་འཛིན་སོགས་ལྔ་བརྒྱ་སྐོར་དང་ཕྲད། རས་ཆུང་ཕུག་སྤྲུལ་སྐུས་ཀར་འབྲུག་ལ་མ་བལྟོས་པའི་རས་ཆུང་ལུགས་ཡིན་པའི་ཤེས་བྱེད་རྡོ་རྗེ་འཆང་ཏཻ་ལོ་ན་རོ་པ་ནས་བརྒྱུད་པའི་བཀའ་བབས་ལོ་རྒྱུས་ཡིག་འཕྲེང་གསུམ་གྱི་ཚོད་ལ་འོག་འོག་མིན་མིན་ཞེས་ཚིག་ལྷད་བཅུག་པའི་རྟ་རིང་མཛད་པས་ཇ་འདེབས་གཉིས་ཀྱི་ཡུན་འགོར། པདྨ་རྒྱལ་པོའི་སྐུ་སྐྱེ་ལ་སྟག་ལུང་ཕྱག་མཛོད་པ་ཅན་དོ་གལ་ཆེ་བ་འདུག་པ་ཝས་གཞུ་རྒྱུད་ཟོས་པས་མཆོག་སྣར་འཕོག་པའི་ཚོད་ཙམ་ཡིན་ཀྱང་རྔ་མོའི་འགྲམ་རུས་


GLG006_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

མུར་བ་འདྲ། ཚེས་བཅུ་གཅིག་ལ་རྟ་ནག་ཐུབ་བསྟན་རྣམ་རྒྱལ་གྱི་གྲ་པ་ཆོས་བཟང་པོས་བྱམས་ཆོས་སྡེ་ལྔ། རྩེ་གདོང་དྲུང་ཡིག་པ་དགེ་སློང་ཆོས་འཕེལ་གྲགས་པས་པདྨ་བཀའ་ཐང་། ཚ་རོང་དཔོན་ཚང་གི་སློབ་མ་ལྷ་མོ་ཚེ་རིང་གིས་གསོ་དཔྱད་རྒྱུད་བཞི་རྣམས་ཀྱི་རྒྱུགས་སྤྲད། ཁལ་ཁ་སྐུ་སྐྱེའི་ངོར་ངེད་རང་། ཤེས་རབ་བཟང་པོའི་ངོར་བཀྲ་ཤིས་ལྷུན་པོའི་སྤྲུལ་སྐུ་རིན་པོ་ཆེ། གྲགས་པ་ཤེས་རབ་ཀྱི་ངོར་རྒྱལ་སྲས་ཤེར་འཕེལ་སྤྲུལ་སྐུ་གསུམ་གྱི་བརྟན་བཞུགས། གཞིས་ཀ་ཤར་པས་མཚན་བརྒྱད་དང་བྱང་གླིང་བསམ་གྲུབ་རྒྱལ་པོས་སངས་རྒྱས་རབས་བདུན་གྱི་ཐང་ཁའི་རྒྱབ་ཡིག །སྔགས་བན་ངག་དབང་འཕྲིན་ལས་ཀྱིས་བུ་མོའི་དོན་དུ་ཞི་ཁྲོའི་སྐུ་བརྙན་བཞེངས་པའི་རྒྱབ་ཡིག །དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་ངེད་རང་གི་འདྲ་འབག་བཞེངས་པའི་སྨོན་ལམ། རང་གི་ཁ་ཏོན་དུ་དམིགས་ཏེ་ཉང་ལུགས་དྲག་པོ་བདེར་གཤེགས་འདུས་པའི་སྒྲུབ་ཐབས་ཐོག་མདའི་ཚ་དབལ་རྣམས་བརྩམས། ཚེས་བཅུ་བདུན་ལ་རོང་པོ་བློ་བཟང་དོན་གྲུབ་ཅན་གྱིས་རྟ་སུམ་ཅུ་དང་ཨ་བསམ་པཱ་ཐུར་གྱིས་རྟ་དོན་དྲུག་བྱིན། རྩེ་གདོང་ནས་ཞབས་དྲུང་ཁྲི་རིན་པོ་ཆེ་བསོད་ནམས་བསྟན་འཛིན་དབང་པོ་ནཱ་ལནྜར་ཕེབས་རྩིས་ཀྱིས་ཆིབས་ཁ་བསྐྱོད་པ་ཤར་རྒྱག་སྟོད་ལུང་ཕུ་བརྒྱུད་ལྷ་སར་བྱོན་པར་ཆིབས་བསུ། ཚེས་ཉི་ཤུར་པོ་ཏ་ལར་ཕེབས་སྐབས་ངེད་རང་ནས་བསུ་བ་དང་ཕྱག་ལན་གྱི་རྣམ་པ། མཇལ་དར་བཞུགས་གདན་སོགས་ཆོས་ཀྱི་རྒྱལ་པོ་འཕགས་པའི་


GLG006_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དབོན་པོར་གོང་བརྒྱབ་ཀྱི་བཀུར་གཟོས་གང་ཆེ་ཕུལ། ཞལ་ངོ་ཁུ་དབོན་ཚང་མ་གསུང་སྒྲོས་ལ་ཐུགས་སྦུབས་འཐུམ་པ་ཞིག་སྣང་བས་དྲི་མལ་ཉང་ཉུང་འདྲ་ཞུས་པར་དེ་ལན་གྱི་ཕེབས་སྒོ་དང་གསུང་ངག་ཚོགས་སློབ་གསེར་ཆོས་ཆོས་སྐྱོང་གི་སྐོར་ལ་རྒྱུ་མཚན་ཕུལ་བར་སྲིད་གསུམ་རྣམ་རྒྱལ་སློབ་དཔོན་པར་ཞུ་ལན་ཕུལ་ཞིག་པའི་སྐབས་དབྱེ་སོང་བར་བདེ་བར་གཤེགས་པས་ཀྱང་རྗེས་སུ་གནང་བའི་བཀའ་ལ་དགོངས་པ་བསྟད་པ་འདྲ། མ་ནས་འཇམ་དབྱངས་འཁོན་གྱི་རིགས་སུ་འཁྲུངས་པའི་གསུང་ངག་དང་དབང་རྗེས་གནང་རེ་མང་གནང་རྒྱུ་ཡོད་ཚོད་དུ་འདུག་རུང་ཁྲི་ཆེན་གོང་མ་ཀུན་དགའ་བསོད་ནམས་ལྷུན་གྲུབ་དེ་རྒྱུད་སྡེ་རྒྱ་མཚོར་མཁྱེན་པ་ཆེ་བར་མ་ཟད་གནས་ལྔ་རིག་པའི་པཎ་ཆེན་ངག་དབང་ཆོས་གྲགས་ལ་སློབ་བཤད་སོགས་ཡབ་ཆོས་མཐའ་དག་གསན་ནས་བསྟན་པའི་སྒྲོན་མེ་སྤར་བར་བཞེད་ཀྱང་ཁམས་པ་ངག་དབང་བསྟན་པའི་རྡོ་རྗེར་གྲགས་པའི་མཁས་རློམ་གཡག་ཞར་བའི་བརྟུལ་ཞུགས་འཛིན་པ་ཞིག་གིས་འཕྲིན་ལས་ཀྱི་སྒོ་བཀག་པའི་སྐྱོན་གྱིས་ཞལ་ངོ་ཕྱི་མ་རྣམས་གདུགས་དཀར་སྔགས་ཀྱི་དཔེ་བཞིན་གསེར་ཆོས་ཀྱིས་གཙོས་པ་གཟིམས་ཁང་གི་ཐེམ་པའི་ནང་དུ་འདའ་ཡིན་མེད་པ་འདྲ། ཚེ་བདག་གི་དབང་གིས་མཚོན་ཆོས་བཀའ་ཁ་ཤས་དགོས་ཚུལ་ཕེབས་ཁ་ནམ་དུས་དང་དབང་ཆོག་རྗིབས་པས་འཕྲལ་འབུལ་མ་ཐུབ་པར་མ་ཟད་ཛེ་ཏཱ་རིའི་ལྷ་དགུ་དང་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་སོགས་ལ་དབང་གྲལ་དུ་ཡང་ངེད་འགྲོ་མ་ལྕོགས་པས་ཆག་ལུགས་ཚེ་དཔག་མེད་དཀར་པོའི་རྗེས་གནང་ཕུལ།


GLG006_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

གཞིས་ལེན་ཟུར་གསོས་ཚུར་གནང་གི་སྐྱེས་ལན་གང་རྒྱས་བསྟར་བས་དངར་མོ་དང་སྐྱུར་མོའི་དཔེ་བཞིན་ཐུགས་དགྱེས་པ་བསྐྱེད་པའི་འཕྲོས་ཤིག་སྣང་། མ་འགྱངས་པར་རོང་སྟོན་ཆེན་པོའི་གདན་སར་ཐེགས། ཁམས་བྱ་མོ་ནང་བླ་མ་དཔལ་ལྡན་གྲགས་པ། བོན་པོ་རྒྱལ་བ་ཡེ་ཤེས་ཀྱི་ཚ་བོ། དྭགས་པོ་གྲ་ཚང་གི་གཉེར་པ། གླིང་དགེ་སློང་བློ་བཟང་ཕུན་ཚོགས། འོན་དགོན་གོང་བླ་མ་ཉང་རོང་རབ་འབྱམས་པ་བློ་བཟང་བཀྲ་ཤིས། ད་ལའི་ཧུང་ཐའི་ཇིའི་མི་སྣ་མན་དུ་སྐྱབས། ཨེར་ཏེ་ནི་པཱ་ཐུར་ཐའི་ཇིའི་མི་སྣ་ཨོལ་མུད་གན། ཆེ་ཆེན་ཁན་གྱི་མག་པ་པཱ་ཐུར་ཐའི་ཇིའི་མི་སྣ་སུ་ཇུག་ཐུ་བླ་མ་དང་བཱ་ཁན་ཁུ་ཐུག་ཐུ། ཤས་བསོད་གླིང་སྟོད་པ། མང་ར་མཁན་པོ། བཟོད་པ་ཡེལ་དེང་གི་ལྷ་བཙུན། ཞང་སྟོན་བསྟན་རྒྱལ་ཡབ་སྲས། དགའ་ལྡན་ཚ་ཁོ་རབ་འབྱམས་པ། ར་ལ་ནོ་མོན་ཁན་གྱི་ནུ་བོ། ཨ་མདོ་སྟག་ལུང་དགེ་སློང་ལྷུན་གྲུབ་ཤེས་རབ། མཁས་པ་རྒྱ་མཚོའི་ཚ་བོ་འཇམ་དབྱངས། ཐར་པའི་མི་སྣ་བསམ་གཏན་དགེ་སློང་། ཁལ་ཁ་གཡས་རུ་བཟོད་པ་ཡེལ་དེང་དང་ནོམ་ཇི་ཧུང་ཐའི་ཇིའི་མི་སྣ་ཇའི་སང་དགེ་སློང་། གྲ་ཚང་ཆོས་རྗེའི་སྐུ་སྐྱེ་སོགས་སུམ་བརྒྱ་སྐོར་ལ་ཇ་གྲལ་བཏང་། རྒྱལ་བ་བཙོང་ཁ་པ་ཆེན་པོ་དགའ་ལྡན་དུ་གཤེགས་པའི་དུས་ཆེན་ལྷ་མཆོད་ཆེན་མོའི་ཉིན་དངུལ་སྐུ་མཐོང་བ་དོན་ལྡན་གྱི་དྲུང་དུ་མཆོད་པ་བཟབས་རྒྱས་དང་མཎྜལ་བརྒྱ་རྩ་ཕུལ་ཞིང་གསོལ་འདེབས་སྨོན་ལམ་ནན་ཏན་དུ་བཏབ། ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་ལ་འཕྱོང་


GLG006_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ངག་དབང་བསྟན་འཛིན་གྱིས་གྲ་ཚང་དུ་དུང་གོས་དང་སྙན་ཤལ་འབུལ་རྩིས་ཀྱི་ཁ་བྱང་། ཁྱབ་བདག་ཞ་ལུ་པ་ཆེན་པོའི་བཀས་བསྐུལ་བར་བརྟེན་ནས་ཞ་ལུར་བཀའ་དྲིན་ཆེ་བའི་བླ་མ་རྣམས་ཀྱི་བསྟོད་པ་པདྨ་རཱ་གའི་འཕྲེང་བ། མཁན་བརྒྱུད་གསོལ་འདེབས་ཁ་སྐོང་། ཞ་ལུའི་མ་ཧེའི་སྐད་གཏོང་བའི་ལམ་ཡིག །ལྷ་ལྡན་གྱི་བསྙེན་གནས་མ་ཚོའི་ངོར་བླ་མ་དང་སྤྱན་རས་གཟིགས་དབྱེར་མེད་དུ་གསོལ་འདེབས་སྨོན་ལམ་དང་བཅས་པ་རྣམས་བྲིས། གདན་ས་གོང་ནས་འདི་ལོ་ཕེབས་བཞེད་ཀྱི་ཁྱབ་བདག་ཞ་ལུ་པ་ཆེན་པོ་བརྒྱུད་བཀའ་ཤོག་བྱུང་བར་ནམ་ཟླ་འཕྱིས་པ་ནས་ལོ་རྟིང་མ་ཙམ་འགབ་འདྲ་བསམ་རུང་སྡེ་པས་འདི་ལོ་རང་ཕེབས་པ་འགབ་ཚུལ་ནན་ཆགས་མཛད་པ་བསམ་ཡས་ནས་ཆོས་སྐྱོང་དཔོན་བློན་གྱིས་ལོ་སྔོན་མ་ཚོར་ཕེབས་གསུངས་པ་རིམ་འགྱངས་སུ་སོང་འདུག་པ་ད་ལམ་སྡེ་པའི་ཐུགས་རྒྱུད་བསྒུལ་བ་འདྲ། ཁོང་དཔོན་སློབ་ལ་ཀྱའུ། ཀྱ་རགས། ཀྱ་དར། རྒྱ་གླིང་སོགས་སྔ་ཐོག་གི་ལས་ཚན་ཐམས་ཅད་བསྒྲིགས་ཏེ་ཕེབས་དགོས་ཚུལ་ཞུས་རུང་དབུ་གདུགས་སྒིར་མཁན་རྐང་ཐང་པ་དང་རྒྱ་གླིང་པ་ཡང་ཆ་མ་འགྲིག་པས་གཏོང་མ་ཐུབ་པ་སོགས་ཐུགས་གྲ་འགྲིག་རྒྱུ་མ་མཆིས། གདན་ས་གོང་འོག་གཉིས་ལ་དངོས་གཞི་འགངས་ཆེ་ཆུང་མི་འདུག་ནའང་རྩེ་གདོང་གི་ཞལ་ངོ་ཕྱི་མ་གཉིས་འཕགས་པ་རིན་པོ་ཆེའི་བཞུགས་ཁྲི་པད་མ་ཅན་དུ་ཁྲི་འདོན་མ་མཛད་པ་ནས་ནང་གསེས་ཀྱི་ཁྱད་པར་ཅུང་ཟད་འདུག་པ་ཆིབས་བསུ་སོགས་ཤིན་ཏུ་རྒྱས་པ་དང་བཅས་ཆོས་འཁོར་དཔལ་གྱི་ལྷ་


GLG006_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སར་ཕེབས། ཚེས་ལྔའི་ཉིན་ཞབས་དྲུང་ཁྲི་ཆེན་ངག་དབང་བསོད་ནམས་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། རིགས་ཆོས་ཀྱི་སྲས་ཁྲི་ཐོག་པ་ངག་དབང་ཀུན་དགའ་བཀྲ་ཤིས། རྡོ་རྗེ་བཙུན་མོ་ལྷ་གཟིགས་རིགས་ཀྱི་སྲས་མོ་བཀྲ་ཤིས་ལགས་དང་བཅས་པ་དཔོན་སློབ་རྣམས་དང་མཇལ་བའི་བཞུགས་སྟན་བསུ་ཕྱག་སོགས་བཀུར་གཟོས་གདན་ས་འོག་ལས་ཆེ་ཙམ་ཕུལ། གསེར་ཞོ་བརྒྱ་ཕྲག་ཤལ་དཀར་དམར་གྱིས་གཙོས་པའི་གནང་སྐྱེས་རྒྱས་པར་སྩལ། ཞབས་དྲུང་ཆེན་མོ་གསུང་སྟོད་སྐད་དམ་པ་ལྗགས་དིབ་ཀྱང་ཅུང་ཟད་སྣང་བས་ཡབ་རྗེ་སྔགས་འཆང་སེམས་དཔའ་ཆེན་པོ་དང་མི་འདྲ་བའི་ཐུགས་གུ་དོག་པ་ཙམ་འདུག་རུང་རྒྱུད་སྡེ་སྤྱི་དང་བྱེ་བྲག་ངོར་རྫོང་ཚར་གསུམ་སོགས་ཟབ་ཆོས་ཀྱི་སྐོར་ལ་དྲི་བ་ཞུས་པ་རྣམས་ལ་རྗེས་སུ་གནང་བའི་བཀའ་མཛད་མི་དགོས་པའི་ཞབས་དྲུང་ཉིད་ནས་གསུང་སྒྲོས་ཤིན་ཏུ་སྨར་བ་བྱུང་། གཞིས་ལེན་རྒྱས་པར་ཞུས་པའི་འཛུགས་ཆེན་ལྔའི་ནང་གི་ཐུད་སྒྲོམ་སྐུ་སྐྱོས་ཁྲོད་དུ་མགྲོན་གཉེར་གྱིས་ཐེན་པ་ཕྱོགས་དེར་སྲོལ་མེད་པའམ་བདག་ཉིད་ཆེན་པོ་བཟང་པོ་དཔལ་བའི་དུས་ཀྱི་སྣང་ཚུལ་གྱི་རི་མོ་ཡལ་བ་གང་རུང་གི་ཚོད་དུ་མཆིས། ཚར་ལུགས་སྙན་བརྒྱུད་པོ་ཏི་ནས་མདོ་ཁམས་པ་རྡོ་རྗེ་བཀྲ་ཤིས་ཟིན་བྲིས་ཀྱིས་མཚོན་ལུང་མ་གསན་པ་ཁ་ཡར་དང་བྲམ་ཟེའི་མངགས་གཏད་སོགས་འགའ་ཞིག་དགོས་ཕེབས་པ་ཆོས་ཀྱི་བདག་པོར་འབུལ་བ་སྤྲོ་བ་ཆེ་ཡང་ནམ་དུས་དང་ལུས་གཅོང་གིས་འཕྲལ་དུ་འབུལ་མ་ཐུབ་པའི་སླར་


GLG006_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་རྩིས་དང་ད་ལམ་སྐུ་ཚེའི་རྟེན་འབྲེལ་དུ་ཆག་ལུགས་ཚེ་དཔག་མེད་དཀར་པོའི་རྗེས་གནང་ཕུལ། གདན་ས་གོང་འོག་གཉིས་ཀ་དང་ཐོག་མར་མཇལ་ཉིན་པུ་ཏྲ་མིང་སྲིང་གིས་འཁྲུལ་སྣང་ཆེ་བ་རེ་ཡོང་འདུག་པ་འཇམ་དབྱངས་འཁོན་གྱི་རིགས་ལ་སྲུང་མ་འདི་ངེས་པར་འཁོར་བ་ཞིག་ཡོད་པར་སྣང་། སང་ཉིན་ཞབས་དྲུང་ཡབ་སྲས་ཁྱབ་བདག་ཞ་ལུ་པ་དང་བཅས་དཔོན་སློབ་གསུམ་ལྷན་ཅིག་པར་ཇ་སྦྱོར་ལྔའི་རིང་ཕལ་ཆེར་ཆོས་ཕྱོགས་དང་འབྲེལ་བའི་གསུང་སྒྲོས་ཤིན་ཏུ་ཞིབ་ཅིང་ཞབས་དྲུང་གོང་མའི་གསན་རྒྱ་དང་དབྱིབས་མཚུངས་པ་སྣང་བར་ལེགས་སོ་དང་སླད་མར་ཡང་གདུང་བརྒྱུད་རིམ་པ་ཆིག་བརྒྱུད་དུ་བྱོན་པ་ཚར་ལུགས་གཙོ་བོར་གྱུར་པའི་རྗེས་འབྲང་མཁས་གྲུབ་རྣམས་ཀྱི་ཟབ་ཆོས་དང་བསྟན་པ་སྤྱི་བྱེ་བྲག་ལ་གསན་བསམ་འཆད་ཉན་སོགས་དིང་སང་སྐུ་ན་གཞོན་དུས་འདིར་གནང་དགོས་ཚུལ་དང་དེ་མཚུངས་ཞབས་དྲུང་ཁྲི་ཐོག་པར་ཡང་སྙན་སྒྲོན་ཕུལ། ལོ་ཆེན་རིན་ཅེན་བཟང་པོས་རྒྱ་གར་ནས་སྤྱན་དྲངས་པའི་ཡོན་ཏན་གྱི་རྟེན་མགོན་པོ་ཤིང་དྲུང་མ་དང་ཐུགས་རྟེན་གནམ་ལྕགས་ཀྱི་རྡོ་རྗེ་དཔལ་ལྡན་བླ་མ་དམ་པའི་སྐུ་གསུང་ལ་གདན་དྲངས་པའི་རྗེས་སུ་སྣེའུ་སྡོང་རྩེར་བཞུགས་པའི་ཁུངས་བཙུན། རྗེ་བཙུན་རིན་པོ་ཆེ་གྲགས་པ་དང་ཆོས་ཀྱི་རྒྱལ་པོ་འཕགས་པའི་དབུ་ཐོད། ཟུར་པ་ཤི་ཤཱཀ་འོད་ཀྱིས་བྲག་རྡོ་རྗེའི་ཚེ་བརྟན་ནས་ཚེ་ཆུ་དང་ལྷན་དུ་སྤྱན་དྲངས་པའི་སློབ་དཔོན་ཆེན་པོའི་ཕྱག་གི་པད་ཕུར་ཁམས་གསུམ་རྣམ་རྒྱལ། གཞན་ཡང་བསྙེན་ཕུར་ཆུ་བོ་གྱེན་བཟློག །མཁར་ཆེན་


GLG006_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བཟའི་ཕྱག་རྡོར། ས་པཎ་གྱི་ཞུན་ཐིགས་ལས་གྲུབ་པའི་འཇམ་དབྱངས། ཚར་ཆེན་ཆོས་ཀྱི་རྒྱལ་པོའི་སྐུ་ཤམ་ལ་སྐུ་བརྙན་བྲིས་པ་སོགས་ནང་རྟེན་ཁ་ཤས་ཀྱི་མཇལ་ཁ་ཕུལ། ཚེས་བཅུ་ལ་དྲིལ་བུ་བརྒྱ་དང་སུམ་ཅུ་སོ་གསུམ་གྲ་ཚང་དུ་སྦྱོར་འཇགས་བྱས། ཚེས་བཅུ་གཉིས་ལ་གདན་ས་གོང་ནས་སྦྱིན་བདག་གནང་སྟེ་ཚོགས་ཆས་འགྱེད་གསེར་ཞོ་བརྒྱས་གཙོས་པའི་གནང་སྐྱེས་དང་བཅས་གྲ་ཚང་ནས་མགོན་པོ་ཚེ་དཔག་མེད་འཆི་མེད་འོད་སྣང་གི་དཀྱིལ་འཁོར་ལ་བརྟེན་ནས་ཆོ་ག་རྒྱས་པར་མཛད། ཞབས་དྲུང་ཁྲི་ཆེན་གྱིས་གཙུག་ཏོར་རྣམ་པར་རྒྱལ་མའི་སྐུ་བརྙན་ལག་ཏུ་གཏོད་པ་གནང་བ་དང་སྦྲགས་རིང་པོར་གནས་དགོས་པའི་རྒྱུ་མཚན་ཞིབ་ཏུ་སྩལ་བ་སྐྱེས་ཆེན་དམ་པའི་བདེན་ཚིག་འགྲུབ་པ་གཞིར་བཅས་པས་རྟེན་འབྲེལ་ལྷུན་གྱིས་གྲུབ། ཚེས་བཅུ་བཞིར་ས་སྐྱ་ཞབས་དྲུང་ཡབ་སྲས་ལ་གསེར་དངུལ་ཤེལ་སྤྱད་ཇ་རས་གོས་དར་རྟ་སྒ་ཆས་སོགས་ཕྱིར་འབུལ་གྱ་ནོམ་པ་དང་ཕེབས་གདོང་ན་བཟའ་ཆ་སྐོར་ཞལ་དཀར་དངུལ་གྱི་སྟེགས་བཟེད་ཞལ་གྱིས་གཙོས་གཟིམས་ཆུང་འབུལ་བའི་ཚུལ་དུ་བཏེག །ནཱ་ལནྜ་ཆོས་རྗེ་བཅོ་བརྒྱད་པ་དབོན་བཅས། བསྟན་འཛིན་ད་ལའི་རྒྱལ་པོ་སྲས་འཁོར་དང་བཅས་པ་སུམ་བརྒྱ་སྐོར། རི་བོ་ཆོས་གླིང་བར་མཆོད་གཞིས་གསར་ཆོད་ཀྱི་ལེགས་སྐྱེལ་བ་རྒྱལ་སྲས་ཤེར་འཕེལ་བའི་དབོན་པོ་ཅན་དང་ཕྲད་ཅིང་ཁལ་ཁ་ནས་གསར་སླེབས་ཨུ་རང་ཁང་བིང་ཐུ་དའི་ཆིང་སྤུན་འཁོར་བཅས་ཀྱི་གསེར་དངུལ་ཇ་གོས་དར་གྱིས་ཐོག་དྲངས་དངོས་པོ་ཚན་ཆེ་བ་བསྟར་ཏེ་དགེ་བ་སངས་རྒྱས་ཐོབ་པའི་རྒྱུར་བསྔོས། ཆོས་སྡེ་


GLG006_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དཔལ་ལྡན་འབྲས་སྤུངས་སྤྱི་སོས་མཆོད་ཡོན་ལ་བསྙེན་བཀུར་བའི་སྐལ་བར་ཚེས་བཅོ་ལྔའི་ཉིན་གཉུག་མར་གནས་པའི་ཚོགས་དང་ཁྱབ་བདག་ཞ་ལུ་བ་ཆེན་པོ་ཕེབས། འདར་ལོ་དང་རྣམ་སྲས་གླིང་ནས་གཉིས་ཀྱིས་རིགས་གནས་ལྔར་སྤྱི་བཤད་ཀྱི་འཕྲོས་གཏམ་བྱས་ཐོག་དཀར་སྤྲོ་དམར་སྤྲོའི་གཞིས་ལེན་བཟབས་རྗེས་སློབ་དཔོན་རྣམས་དང་བློ་གསལ་གླིང་པའི་འབུལ་དཔོན་པས་བདོག་པའི་སྐྱེས་བཏེག་པར་ཇ་གྲལ་བཏང་། ཚེས་བཅུ་དགུར་བསྟན་སྲིད་སྤྱི་རིམ་དུ་དགེ་ལུགས་སྔགས་དགོན་ཚོ་ནས་གཏོར་བཟློག་ཉིན་ཆོག་མ་དང་མདོ་གྲ་ནས་མདོ་སྒྲུབ་མཛད་དགོས་པའི་བརྡ་འགྲེམས་ཐོག་ཇ་སྦྱོར་སྦྲེལ་ཞུས། ཆབ་མདོ་ནས་འཕགས་པ་ལྷའི་སྤྲུལ་སྐུ་རིན་པོ་ཆེས་ཆོས་རྗེ་ངག་དབང་འཕྲིན་ལས་བཟང་པོའི་སྐུ་སྐྱེའི་སྐོར་ལ་དོགས་དཔྱོད་བྱུང་བར་བརྟག་པའི་ཚུལ་གྱིས་མོ་ཕྱྭཱ་ལ་ང་ཕོད་པ་བསྟན་འཛིན་རྡོ་རྗེའི་བུར་དོགས་གནས་ཙམ་ཡང་མ་བྱུང་། གླང་གྲོང་ནས་ཚེ་རིང་བསམ་གྲུབ་གྱི་བུ་ཆོས་གྲགས་དང་བཀྲ་རི་ནས་སྔགས་རྙིང་མ་བ་ཡེ་ཤེས་ལྷུན་གྲུབ་ཀྱི་བུ་བསྟན་འཛིན་ཆོས་རྒྱལ་གཉིས་ཀ་གསལ་མཉམ་ལྟ་བུར་གཅིག་འདྲ་མིན་ལས་འོས་མེད་པས་ཁ་མཚོན་མ་ཆོད་གཤིས་བླ་མ་སྔོན་མའི་ཉེར་སྤྱད་ཀྱི་སྐུ་གསུང་ཐུགས་རྟེན་ཕྱག་འཕྲེང་དཀར་ཡོལ་བཅས་པར་ངོས་འཛིན་བྱུང་ན་དང་མ་བྱུང་ན་བུ་ཆུ་ལྷ་ཁང་དུ་ཟན་རིལ་སུ་ཐོན་ལ་ངོས་འཛིན་ཅིང་མཚན་ངག་དབང་བསྟན་འཛིན་ལྷུན་གྲུབ་ཏུ་གསོལ། ཉེར་གཅིག་ལ་ཁྱབ་བདག་ཞ་ལུ་པ་ཆེན་པོར་ཀླུ་སྒྲུབ་ལུགས་ཀྱི་བཅུ་གཅིག་ཞལ་ལྷ་སོ་བདུན་མ། འཇིགས་བྱེད་རྭ་ལུགས་ཡིག་རྙིང་དང་ཚར་ཆེན་ཡབ་སྲས་ཀྱི་


GLG006_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ཆའི་སྟེང་ནས་སྔར་དབང་ཚར་གཅིག་ཐོབ་རུང་ཡང་བསྐྱར་གྱི་ཚུལ་དུ་ཉེར་གཉིས་ལ་སྟ་གོན་དང་གསུམ་ལ་དངོས་གཞི་ཞུས་ཤིང་། འདི་ལོ་ཕྲུག་པོ་ཆེ་བས་རྟག་བརྟན་རྟེན་དྲག་ཁྲོད་ནས་ལུས་པ་ཁྱེར་ཡོངས་པའི་རྭ་ལོའི་ཕྱག་དྲིལ་ཁུངས་བཙུན་དེ་རྟེན་འབྲེལ་གྱི་ཁྱད་ནས་དབང་རྫས་ལ་བླངས། ཉེར་བཞིར་རྣམ་སྲས་སྙན་གྲགས་སྒྲུབ་པའི་དུང་འབུད་ཀྱི་རྗེས་གནང་ཞུས། རྣམ་སྲས་སྐོར་ལ་སྟག་ལུང་ངག་དབང་རྣམ་རྒྱལ་གྱི་ཡིག་ཆ་ཞིག་འདུག་པ་མཁན་ཆེན་ངག་དབང་ཆོས་གྲགས་དང་ཁྱབ་བདག་བཀའ་འགྱུར་བའི་ཆོག་སྒྲིགས་རྣམས་དང་བསྟུན་ཚེ་དབུ་ཧ་ཅང་ཚོས་མདོག་མ་ཁ་ཡང་རྣ་བ་འདྲེག་སྔ་བ་འདི་བཀའ་བརྒྱུད་པའི་སྤྱི་སྲོལ་ཡིན་པས་ལོག་རྟོག་ཏུ་མི་སེམས། གོང་ནས་ཁང་གསར་རབ་བརྟན་དང་འབུམ་ཐང་བསོད་དབང་གཉིས་རྒྱལ་པོའི་བཀའ་ཤོག་རྟེན་སྦྲགས། མཁར་མཚོར་འགྲེམ་རྒྱུར་བཀའ་ཤོག་སྨྱུག་མདོང་གཉིས་ཁྱེར་བྱུང་བ་བླངས། སོ་སོའི་ཕྱག་རྟེན་ཚན་གྲངས་དང་ལྷག་ཏུ་བསོད་ནམས་དབང་པོས་གནང་སྦྱིན་གྱི་གསེར་སྒ་བྱིན། ཁོང་གཉིས་མཚོ་ཁ་ནས་ཐོན་པའི་སྐད་ཆ་སྔ་པ་ལ་དུས་ལ་མ་འབྱོར་བ་ཁང་གསར་རབ་བརྟན་ལྷ་ས་པའི་བརྟུལ་ཞུགས་ཀྱི་ཚོང་ཟོག་མངས་པས་ལན་འཕྲོས་སྣང་ཡང་སྡེ་པས་ཁྱབ་བདག་བླ་མའི་དབོན་པོར་གོང་བརྒྱབ་ཀྱིས་བརྗོད་མེད་དུ་བཞག་སོང་བས་ལེགས་ཐོག་ཏུ་འཁྱོལ། ཉེར་དྲུག་ལ་ལྷ་རི་བླ་མ་དང་མངའ་རིས་གྲ་ཚང་གཉེར་པ། ཚེ་དབང་རྒྱལ་མོའི་ལོག་མི་བཅས་དང་ཕྲད། ས་སྐྱ་ཞབས་དྲུང་ཡབ་སྲས་ནས་བཀའ་སྩལ་གནང་


GLG006_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཞིན་བྱང་ཆུབ་བར་དུ་འབྲལ་བ་མེད་པའི་སྨོན་ལམ་དང་རིང་འཚོའི་ཚིགས་བཅད། དཔལ་རི་སྤྲུལ་སྐུས་བསྐུལ་བའི་སྨོན་ལམ་རྣམས་བརྩམས། ཆུ་གླང་ཟླ་བ་ལྔ་པ་ནས་ཟླ་བ་འདིའི་ཉེར་དགུའི་བར་ལྷ་ས་ཁྱམས་ར་ཆེན་མོར་གྲ་ཚང་རེས་སྐོར་གྱིས་འདི་གའི་རིམ་གྲོར་དཀོན་ཅོག་བརྩེགས་པ་ཉིས་བརྒྱ་དང་བཅུ། འབུམ་ཆིག་སྟོང་དང་གསུམ། བརྒྱད་སྟོང་པ་ལྔ་སྟོང་བདུན་བརྒྱ་དོན་གསུམ། ཏིང་འཛིན་རྒྱལ་པོ་ཆིག་བརྒྱ། གཟུངས་བསྡུས་ཆིག་བརྒྱ། གསེར་འོད་སུམ་བརྒྱ་སོ་གཉིས། བསྐལ་བཟང་བཞི་བརྒྱ་ཞེ་གཉིས། སྨན་བླ་བརྒྱད་ཁྲི་དྲུག་སྟོང་དྲུག་བརྒྱ་དང་བཅུ། མཚན་བརྗོད་ཆིག་འབུམ་བདུན་ཁྲི་ཆིག་སྟོང་དྲུག་བརྒྱ། ཚེ་གཟུངས་ལྔ་འབུམ་ལྔ་ཁྲི་བདུན་སྟོང་དྲུག་ཅུ། ཚེ་དཔག་མེད་ལྷ་དགུའི་ཆོ་ག་དང་རྣམ་རྒྱལ་སྟོང་མཆོད་སོ་སོར་དགེ་འདུན་བརྒྱས་ཟླ་གཅིག་བར་བཏང་བ་ངེད་རང་ནས་ཆེད་བསྟད་བྱེད་པ་མ་ཤར་ཡང་སྡེ་པས་དོ་དམ་མཛད། ཁྱབ་བདག་ཞ་ལུ་པ་ཆེན་པོར་ཆོས་ཡོན་གྱི་སྐྱེས་བཟང་བར་དབུལ་ནས་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་གཙང་ཕྱོགས་སུ་ཆིབས་ཁ་བསྐྱོད། མས་དྲོ་ཆད་ཀ་སྤྱན་སྔ། ལྷོ་བྲག་གདང་དགོན་གསར། ཁམས་ལྡན་མ་ས་དཀར། ནུབ་དགོན། ཀོང་པོ་ནགས་ཕུ་བཞིའི་བླ་མ། སྡེ་པ་ཕོན་མདོ་བ། ཀོང་པོ་འབྲུག་ཆོས་སྡིངས་པའི་གཉེར་པ། རྨི་ཕུ་དགོན་གྱི་རིང་འཚོའི་རྟེན་འབྱུང་བསྒྲིག་མི། ཨུ་ཁེ་རེའི་བུ་དབོན་ཆུང་གི་མི་སྣ་བོས་བོས་ཆེ། དུར་གེ་ཆེའི་མི་སྣ་ཤེས་རབ་དགེ་སློང་། བང་རིམ་སྙེ་ཐང་གི་


GLG006_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཨེམ་ཆི། ལུང་ནག་དར་ཁན་ནང་སོ་སོགས་དང་ཕྲད་ཅིང་སོག་ཡུལ་ནས་འོངས་པ་རྣམས་ཀྱིས་སྟེར་ཆ་མང་བར་བྱས། ཨོ་རོད་དགའ་ལྡན་ཧུང་ཐའི་ཇིའི་མི་སྣ་ཨུའི་ཆིང་དར་ཁན་ནང་སོ་མངགས་ཏེ་ཚོགས། འཁོར་སྟེར་སྦྱིན་འགྱེད་སོགས་བཟབས་པར་བསྟར་ནས་གྲ་ཚང་གིས་དཀྱིལ་འཁོར་དང་འབྲེལ་བའི་རྟེན་འབྱུང་བསྒྲིགས་པའི་ཞར་བྱུང་དུ་བསྟན་འཛིན་ཧུང་ཐའི་ཇིའི་མི་སྣ་སེ་ཆེན་ཆོས་རྗེ། ཨུ་ཁེ་རེའི་ཐའི་ཇིའི་ཤོག་ནས་རབ་འབྱམས་ཆོས་རྗེ། མཁས་པ་རྒྱ་མཚོའི་ནུ་བོ་འཇམ་དབྱངས་རྣམས་ཀྱིས་ཀྱང་དངོས་པོའི་ཚན་གྲངས་སྤམས་མཐོ་བ་བྱིན། དགའ་ལྡན་ཧུང་ཐའི་ཇིས་གཙོས་པའི་ཡི་གེ་རྟེན་སྦྲགས་ཆེས་མང་བ་དང་བསྟན་འཛིན་ཧུང་ཐའི་ཇིའི་རྟེན་དུ་སྟོད་ཧོར་གྱིས་གོས་ཆེན་དངོམ་ཆེ་བ་མེར་བསྲེགས་ན་ཕལ་ཆེར་གསེར་དུ་འགྱུར་ཟེར་བའི་ཁྱད་མཚར་ཡང་བྱུང་། སྐྱར་བོ་བ་བློ་བཟང་ལེགས་ལྡན་མཚོ་སྔོན་པོ་ཕྱོགས་སུ་མི་སྣར་འགྲོ་བའི་གེགས་སེལ་ལ་འཆི་མེད་དཔལ་སྟེར་གྱི་ཚེ་དབང་ལོ་གྲངས་དང་ཕྱག་དྲུག་པའི་རྗེས་གནང་བསྐུལ། མངའ་རིས་གྲ་ཚང་གྲ་པ་འགའི་འདོད་པ་ལྟར་འཁོར་གསུམ་གྱི་ཚེ་མཆོད་ཡར་རྦད་བཅས། མངའ་བདག་བསྟན་འཛིན་ཆོས་རྒྱལ་གཤེགས་པའི་བསྔོ་རྟེན་ཉང་རིང་པོ་ཆེའི་གཏེར་སྣོད་ཟངས་སྒྲོམ་དུ་གྲགས་པས་གཙོས་པའི་ཁྱད་མཚར་འབྱོར་དོན་བཞིན་ས་ལམ་གྱི་གེགས་སེལ་བའི་བསྔོ་སྨོན་གྱིས་རྒྱས་བཏབ་ཅིང་སྤང་སྟོན་ངག་དབང་ཆོས་རྒྱལ་སོགས་ཀྱི་ངོར་བླ་མའི་དགོངས་པ་རྫོགས་པའི་སྨོན་ལམ། དཔལ་ལྡན་ཡཾ་གྷ་བཟའ་ལ་གཏེར་


GLG006_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་གི་ཟིན་སོར་མདོས་ཀྱི་གསལ་ཁ་ཡོད་ནའང་ཆོག་བསྒྲིགས་ཁྱེར་བདེ་ཞིག་མི་འདུག་པ་དང་བྱས་ན་ལེགས་སམ་སྙམ་པའི་འཁྲུལ་སྣང་ཡང་བྱུང་བར་བརྟེན་འཕྲིན་ལས་ཡིད་བཞིན་གཏེར་མཛོད་རྣམས་བྲིས། ཚེས་བརྒྱད་ནས་བཟུང་བདུན་གཅིག་གི་བར་མཚན་ཉིད་དང་ལྡན་པའི་བཅད་རྒྱའི་སྒོ་ནས་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་བསྙེན་པའི་ཁ་གསོ་བྱས། ཚེས་བཅོ་བརྒྱད་ལ་མངའ་རིས་ཁྲི་རྩེ་མཁན་ཟུར་པ། རྒྱས་ཤོད་བན་མཁར་བླ་མ། སྟོང་གཤོངས་པ་ཕ་བུ། བརྟུལ་མི་མིང་སྲིང་། ཨོ་རོད་ནས་སེ་ཆེན་རྒྱལ་པོའི་རྒྱལ་མོ་རྡོ་རྗེ་རབ་བརྟན། ཁ་དན་ནོ་ཡོན་གྱིས་གཙོས་དཔོན་ཆུང་བདུན། རབ་འབྱམས་པ་སངས་རྒྱས་བཀྲ་ཤིས། སྦྱོར་རཱ་ཆི་དགེ་སློང་། ཨེར་ཏེ་ནི་ཆོས་རྗེ། བྲག་པ་ཤ་བ་ཁ་པ་དཀོན་ཅོག་བཀྲ་ཤིས་སོགས་སུམ་བརྒྱ་སྐོར་དང་ཕྲད་ཅིང་ཤ་བ་ཁ་པས་དངུལ་གྱིས་ཐོག་དྲངས་བདོག་པའི་སྐྱེས་བསྟར། བྲག་དབར་གྲ་ཚང་ནས་གྲ་པ་བརྒྱ་རྩ་དང་ཁོ་ཤོའུ་ཐའི་ཇིར་ཇ་གྲལ་བཏང་། ཉེར་གསུམ་ལ་བདེ་ཡངས་དང་སྡིངས་ཁ་སློབ་དཔོན་དུ་བསྐོ་རྒྱུའི་ཚག་ཁུར་རབ་འབྱམས་པ་དང་དཀའ་བཅུ་དཔལ་འབྱོར་ཅན་དགེ་སློང་བརྒྱད་དང་དགེ་ཚུལ་གཉིས་བསྒྲུབས། ཐོབ་ཡིག་པོ་ཏི་ཕྱི་མ་གཉིས། ལམ་གྱི་གཙོ་བོ་རྣམ་གསུམ་གྱི་མཆན་འགྲེལ་དང་འགྲེལ་ཊཱིཀ །ལས་ཆེན་ཀུན་རྒྱལ་བའི་བཀའ་དགེ་དགོངས་པ་གཅིག་སྒྲུབ་ཀྱི་དྲི་ལན་མཁས་གྲུབ་ནོར་བཟང་རྒྱ་མཚོས་མཛད་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ཀྱེ་རྡོར་དབང་གི་ལྷན་ཐབས། གསེར་འོད་རྔ་སྒྲ་རྣམས་ཀྱི་པར་འབྱོར།བོད་ཁམས་


GLG006_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ནད་རིམས་བཟློག་ཐབས་སུ་རྫོང་ཁག་ཁ་ཤས་ནས་མགོན་པོ་གཡུལ་བཟློག །ཁྲོ་རོལ། བསྟན་མའི་མདོས་ཁག་གསུམ་རེ། ངེས་གསང་རྡོར་གླིང་པས་མ་མོ་གླིང་བཞིའི་མདོས་རྣམས་བཏང་། འབྲས་སྤུངས་མཆོད་ཁང་ཆེན་མོར་བཀའ་འགྱུར་ཁང་གསར་བསྒྲིགས་བྱས་པའི་དབུས་སུ་རྟེན་གཙོ་ཡུམ་ཆེན་མོ་སྨན་སྐུ་མི་ཚད་མ། དེའི་གཡས་གཡོན་རྟེན་སྟར་བདུན་གྱི་དང་པོར་ཐུགས་རྟེན་དྲུག་ཅུ་རེ་གསུམ། དེ་འཕྲོས་དྲུག་ལ་འཕགས་བོད་ཀྱི་ལི་རིགས་དང་རྒྱ་ནག་གསར་རྙིང་། བཀའ་གདམས་མ་སོགས་རག་སྐུ་སྣ་ཚོགས་ཀྱི་སངས་རྒྱས་བྱང་སེམས་ཡི་དམ་ཆོས་སྲུང་གི་སྣང་བརྙན་འདྲེས་པ་བརྒྱ་དོན་དགུ། དེའི་གཡས་གཡོན་དུ་སྔ་སོར་གྱི་ཐང་པོ་ཆེར་བཞེངས་པའི་བཀའ་འགྱུར་དེ་དང་། མཚལ་པར་མ་ཚར་ཉིས་ཁྲི་བཅས། མཆོད་རྫས་མདུན་ཅོག་བཞི་ཚར་སྟེང་དུ་གསེར་དངུལ་གྱི་མཎྜལ་ཆེ་ཆུང་དྲུག །གི་གུ་ཤེལ། ད་ཁབ། རག་གསུམ་གྱི་མཎྜལ་ལྔ། དུང་དཀར་གསུམ། གཡང་ཊིའི་དམ་ཕོར་གསུམ། ཁྲི་རྡོ་དང་ཉ་ཕྱིས་ཀྱི་ཕོར་སྡེར་ཉེར་དགུ། གི་གུ་ཤེལ་གྱི་བྱ་མ་བུམ་དམ་གཟུགས་སོགས་སྤྱད་པ་སོ་གཅིག་དང་དཀར་ཡོལ་གྱི་དགུ་བཅུ་གོ་དྲུག །བླུག་ཤེལ་གྱི་སོ་བདུན། ལི་རག་འཁར་གསུམ་གྱི་ཏིང་དྲུག་ཅུ་རེ་དྲུག །མེ་དམ་བརྒྱད། སྤོས་འཛིན་སྤོས་ཕོར་བཅས་པ་དགུ། ཡེ་ཕ་འུའི་པར་བུ་སྣོད་བཅས་གསུམ། བསེ་རུའི་རྭ་གསུམ། ཁྲོ་རག་གི་ཀོང་དྲུག །བཟང་གོས་ཁྲ་བསྒྲིགས་ཀྱི་གནམ་རྒྱན་སྦྱིབ་ཁེབས། གདུང་ཁེབས་གསེར་མ་དམར་སེར་
སྔོ་གསུམ་ཁྲ་སྤེལ་ལ་ཁ་བཏགས་ཀྱི་ལྕེ་ལ་བཞི་བསྒྲིགས་བཏགས་པ་རྣམས་དང་། འཁྲུངས་རབས་ལྷ་ཁང་དུ་ལྷོ་ནས་བྱང་གཟིགས་རྟེན་སྟར་དྲུག་གི་དང་པོའི་རྟེན་གཙོ་ཐུབ་དབང་ལི་དམར། གཉིས་པ་རྡོ་རྗེ་འཆང་ཆོས་ལི། གསུམ་པ་བྱམས་པ་ལི་བརྫུས། བཞི་པ་ཐུབ་དབང་ལི་དཀར། ལྔ་པ་འཇམ་དབྱངས་བཀའ་གདམས་མ། དྲུག་པ་སྒྲོལ་མ་ལི་བརྫུས་རྣམས་ཀྱི་གཡས་གཡོན་དུ་ལི་རིགས་སྣ་ཚོགས་དང་རྒྱ་ནག་བཀའ་གདམས་མ་སོགས་ཀྱི་སངས་རྒྱས་བྱང་སེམས་ཀྱི་སྣང་བརྙན་བརྒྱ་དང་ཉེར་བཞི། མདུན་ཅོག་བང་རིམ་གཉིས་ཀྱི་སྟེང་དངུལ་གྱི་མཎྜལ་གཉིས་དང་རག་གི་གཅིག །དཀར་ཡོལ་དང་བླུག་ཤེལ་གྱི་ཕོར་སྡེར་དམ་གཟུགས་སོགས་སོ་བརྒྱད་རྣམས་བསྒྲིགས་ཤིང་མཆོད་ཁང་ཆེན་མོའི་སྟེང་ཤོད་ཀྱི་ལྷ་ཁང་བཅུ་སོ་སོར་ཞལ་ཟས་དང་མཆོད་མེ་སྡོང་རྐང་གསུམ་རེའི་མཆོད་སྤྲིན་གྱི་རྒྱུན་ཇི་སྲིད་ཀྱི་བར་དུ་བཙུགས་པར་ལོ་རེར་རྩམ་མཁར་ཁལ་ཅིག་བརྒྱ་བརྒྱད་ཅུ་དང་མར་ཁལ་ལྔ་བརྒྱ་བདུན་ཅུ་རེ། དེ་མཚུངས་སྔགས་ཁང་གི་མཆོད་ཁང་སྟེང་ཤོད་གཉིས་ལ་ཞལ་ཟས་གསུམ་རེ་དང་མཆོད་མེ་སྡོང་རྐང་གཉིས་རེའི་རྒྱུན་ལ་ལོ་རེར་རྩམ་མཁར་ཁལ་སོ་དྲུག་དང་མར་ཁལ་ཞེ་ལྔ་རེ་འགྲོ་བར་སྣང་།


previousདགུང་ལོ་ང་བརྒྱད་པར་རྫོགས་པ་ཆེན་པོའི་འཁྲིད་ཡིག་རིག་འཛིན་ཞལ་ལུང་དང་། ལུགས་ཟུང་གི་བླང་དོར་མུ་ཐི་ལའི་འཁྲི་ཤིང་མཛད་ཅིང་འབྲས་སྤུངས་མཆོད་ཁང་ཆེན་མོར་བཀའ་འགྱུར་སོགས་རྟེན་མཆོད་གསར་བསྒྲིགས་གནང་བ་བཅས་ཀྱི་སྐོར།next