Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
དགུང་ལོ་རེ་ལྔ་པར་ལྷ་རྩེ་ཆོས་སྡེ་དང་། དགའ་ལྡན་བདུད་འཇོམས་གླིང་། མཚོ་སྣ་དགའ་ལྡན་འགྲོ་དོན་གླིང་སོགས་ཆོས་སྡེ་མང་པོ་གསར་འཛུགས་མཛད་སྐོར།


 
previousདགུང་ལོ་རེ་ལྔ་པར་ལྷ་རྩེ་ཆོས་སྡེ་དང་། དགའ་ལྡན་བདུད་འཇོམས་གླིང་། མཚོ་སྣ་དགའ་ལྡན་འགྲོ་དོན་གླིང་སོགས་ཆོས་སྡེ་མང་པོ་གསར་འཛུགས་མཛད་སྐོར།no next

དགུང་ལོ་རེ་ལྔ་པར་ལྷ་རྩེ་ཆོས་སྡེ་དང་། དགའ་ལྡན་བདུད་འཇོམས་གླིང་། མཚོ་སྣ་དགའ་ལྡན་འགྲོ་དོན་གླིང་སོགས་ཆོས་སྡེ་མང་པོ་གསར་འཛུགས་མཛད་སྐོར།


GLG007_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ངན་ཞེས་པ་ལྕགས་བྱ་གནམ་ལོ་གསར་དུ་ཚེས་པའི་སྲིད་གསུམ་བདག་མོ་མཆོད་པ་དངོས་བཤམས་ཡིད་སྤྲུལ་རྒྱས་པར་སྤྲོས། དགའ་སྟོན་ཉིན་དང་པོར་བསྟན་འཛིན་ད་ལའི་རྒྱལ་པོ་སོགས་བྱང་པ་སྦྱིན་བདག །ཁལ་ཁ་གཡོན་རུའི་མི་སྣ། རྟ་ཚག་རྗེ་དྲུང་སོགས་གཉུག་མར་གནས་པའི་དྲུང་འཁོར། ཆོས་སྡེ་ཆེན་པོ་གཉིས་ཀྱི་སློབ་དཔོན་ཁྲི་གདན་ཟུར། དབུ་ཆོས་སོགས་ལས་སྣེ་བ། དབོན་ཆོས་མཛད། གནས་ཆུང་སྐུ་རྟེན་པ། རྩེ་ཚོགས་མཁན་ཟུར། སྣེའུ་སྡོང་། ས་སྐྱ་གོང་འོག་སོགས་ཕྱོགས་ཐམས་ཅད་ནས་ལོ་གསར་སྐྱེེས་སྤྲོོ་མི་བཅས་པར་བསྙེན་བཀུར། གྲལ་འཕྲོས་རོལ་གར་སུམ་རྩེན་གནས་ལ་ཅོ་འདྲི་བའི་དགའ་སྟོན་གྱི་མཇུག་ཀུན་དགའ་རབ་བརྟན་སོགས་དབོན་མོ་ཚོར་ཇ་གྲལ། དམངས་སྟོང་ཕྲག་སྐོར་ལ་མེ་ཏོག་གཏོར། དགའ་སྟོན་ཉིན་གཉིས་པར་བསྟན་འཛིན་ད་ལའི་རྒྱལ་པོ་སོགས་སྦྱིན་བདག །གྲ་ཚང་ཡོངས་རྫོགས། རིན་ཅེན་རྒྱན་ཆ་བ་སུམ་ཅུ། བཀྲ་ཤིས་རྫས་


GLG007_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས། རིན་ཆེན་བདུན། མཆོད་སྤྲིན་རྣམ་བརྒྱད། གྲལ་འཕྲོས། རོལ་གར་སོགས་སྔར་རྒྱུན་བཞིན་བསྟར། ངེད་རང་གི་བསམ་ངོ་དང་བྱ་བྱེད་གང་གི་སར་ཡང་སློབ་དཔོན་སངས་རྒྱས་གཉིས་པ་སོགས་རྩ་བ་གསུམ་གྱི་ལུང་བསྟན་རྣམས་ནས་བསྟན་འགྲོར་གནོད་བྱེད་ཆོས་གོས་འོག་ནས་དུག་མདའ་འཕེན་པའི་ཚུལ་འཆོས་མཁན་གྱི་གྲལ་དུ་ཚུད་པ་རང་ནི་མིན་ནམ་སྙམ་ཡོད། འོན་ཀྱང་དེ་དག་ནས་བཟང་པོར་བསྟན་པའི་ཁྲོད་ན་ཡོད་སྙམ་པ་ནི་རྨི་ལམ་དུའང་མེད་ཀྱང་རཏྣའི་གཏེར་ལུང་སོགས་གཏེར་རྙིང་ནས་ཁ་ཤས་བྱུང་བ་མཆོག་དམན་བར་མ་སོགས་མང་པོས་ངོས་འཛིན་བྱེད་པར་སྣང་། གཏེར་གསར་ཐུགས་ཐིག་ལུང་བསྟན་གབ་སྦས་ཡེ་ཤེས་སྒྲོན་མེར། དུས་དེར་བདག་དང་ལས་ལྡན་རྗེ་འབངས་རྣམས༔ སྨོན་ལམ་ལྷན་ཅིག་བཏབ་པའི་མཐུ་བཙན་པས༔ བོད་འབངས་གངས་རིའི་ཁྲོད་དུ་འཛོམ་པར་འགྱུར༔ ཁྱད་པར་གཡུ་རུ་གྲ་ཞེས་བྱ་བའི་ཕུར༔ ད་ལྟའི་ལོ་ཙཱ་བཻ་རོ་ཙ་ན་ཡི༔ སྐུ་ཡི་སྤྲུལ་པ་ལས་ལྡན་སྙིང་གི་བུ༔ ཞེས་པ་ནས་ཆོས་བདག་ལྔའི་ནང་ཚན་དང་། ལུང་བསྟན་རབ་གསལ་མེ་ལོང་ལས། དེ་ཚེ་སྐྱོང་བྱེད་མཚོ་ཡི་མིང་འཛིན་དང་༔ ཐུགས་རྗེའི་ཟེར་ལྡན་ཤར་ཕྱོགས་ཟབ་གཏེར་བདག༔ བར་ཆད་མ་སོང་རྟེན་འབྲེལ་འགྲིག་པ་ན༔ བོད་ཡུལ་འགྲོ་རྣམས་སྤྲིན་དབར་ཉི་བཞིན་བདེ༔ ཞེས་པ་དང་བློན་པོ་ཐང་ཡིག་ཏུ་འཕྲིན་ལས་སྤྲུལ་པ་ཟུར་ཙམ་བསྟན་པ་ཡིན་ནོ་སོགས་མང་པོའི་རྒྱུ་མཚན་བྱུང་ཡང་བསྟན་འགྲོའི་ཕན་བདེ་སྤེལ་བའི་ལྷག་


GLG007_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཡོད་པར་བསྙད་འདྲ་ཞིང་། དེ་ལྟར་ན་ཡོལ་མོ་བའི་ཟབ་གཏེར་དུ་འཇམ་དབྱངས་དང་འདིར་ཐུགས་རྗེ་ཆེན་པོ་བྱུང་བ་བཀའ་གདམས་གླེགས་བམ་ལེའུ་དགུ་པར་མཁན་བརྒྱུད་བྱང་ཆུབ་སེམས་དཔའ་དེ་རྣམས་ནི་ང་ཁོ་ན་ཡིན་གྱི་གཞན་དུ་མ་སེམས་ཤིག །ཅེས་པ་མཐུན་ནམ། གཞན་ཡང་། ཤ་འུག་ལུང་བསྟན་དུས་གསུམ་གསལ་བྱེད་ལས། མངའ་བདག་ཉིད་ཀྱི་སྨོན་ལམ་མཐུ་བཙན་པས༔ སྤྱན་རས་གཟིགས་སྤྲུལ་བྱང་སེམས་བཟང་པོའི་མིང་༔ རྟ་སྦྲུལ་ལོ་པ་འབྲེལ་ཚད་དོན་ལྡན་འབྱུང་༔ སྐལ་ལྡན་ཆོས་བདག་དེ་ལ་གཏད་རྒྱ་གྱིས༔ ཞེས་དང་། མུ་ཁྲིའི་སྤྲུལ་པ་བློ་ཆེན་བཟང་པོའི་ཚུལ༔ བུདྡྷའི་མིང་ཅན་ཁྲིམས་ཀྱི་ཁ་ལོ་འཛིན༔ ཞེས་དུས་འཛོམ་པ་དང་། དེ་ཉིད་ལས། པུར་རྒྱལ་ས་ཡི་མེ་ལོང་དབུས༔ ལས་ཅན་འདི་ཡི་རྟེན་འབྲེལ་མཐུས༔ སྤྲིན་མཐོང་ཉི་བཞིན་རེ་ཞིག་བདེ༔ ཁྱད་པར་གདུག་པ་སྤྲེའུའི་ལོར༔ བར་ཆད་བདུད་ཀྱི་གཡོ་ཐབས་ཀྱིས༔ ཕྱི་བཤོལ་ལེ་ལོར་མ་སོང་བར༔ ཟབ་མོའི་གཏེར་འདི་ཐོན་པ་ན༔ མཐའ་དམག་དུས་ཀྱི་འཁྲུགས་པ་ཞི༔ རྒྱལ་བློན་ཆབ་སྲིད་མངའ་ཐང་རྒྱས༔ འཕུང་བྱེད་འགོང་པོའི་གཉའ་གནོན་བྱེད༔ བདེ་སྐྱིད་དཔལ་དང་བཀྲ་ཤིས་ཤིང་༔ བོད་ཀྱི་འགྲོ་བ་བསོད་ནམས་ཆེ༔ ཨ་ལ་ལ་སྟེ་སྐལ་བ་བཟང་༔ ཞེས་རྟེན་འབྲེལ་བསྒྲིག་པའི་གནད་ཀྱིས་འདི་ཉིད་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཁང་གིས་མགོ་དཀར་གྱི་ཡུལ་གྲུ་རྣམས་རང་ཞབས་སུ་བསྡུས་ཏེ་ཡེར་ཁེན་གྱིས་གཙོས་གྲོང་ཁྱེར་ཕྱེད་ཉིས་སྟོང་། མི་ཁྱིམ་ས་ཡ་


GLG007_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བཅས་སྟེར་བྱིན་བྱེད་པར་བློ་བཟང་ཤེས་རབ་ཅན་གྱིས་སྔོན་ཆིང་གིར་གྱི་དུས་འོག་ཏུ་ཚུད་པ་ཙམ་ནས་ད་ལྟའི་བར་རྒྱལ་པོ་སུས་ཀྱང་ལུང་མ་སོང་བ་ད་ལམ་ཚེམས་མེད་ཀྱིས་དབང་དུ་བསྡུས་པ་འཕངས་པ་མེད་པར་འབུལ་ཞེས་དྲིལ་བསྒྲགས་ཐོ་གཏད་པ་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ལས་འཕྲོས་ཏེ་བསྔགས་བརྗོད་ཀྱི་སྒོ་ཕྱེ་ནས་ལེགས་སོའི་ལན་བཏབ། མཆོད་ཡོན་གསུམ་ནས་མི་སྣར་སྤ་དར་བཏགས། རྟ་ཚག་རྗེ་དྲུང་རིན་པོ་ཆེ། སྟར་སྡོང་པ། སྒྱིད་ཐང་ནོར་བུ་བཅས་པས་ལེགས་བྱའི་སྐྱེས་རིང་པོར་སྤེལ། སྟོན་མོ་གྲོལ་ནས་ཕོ་བྲང་ཆེན་པོའི་རྩེ་ཤོད་ལྷ་ས་སོགས་ནས་དར་འཕྱར་གྱི་ལྡ་ལྡི་ཕྱོགས་ཀུན་གཡོ་ཞིང་རོལ་ཆ་གནམ་ས་འགུལ་བ་ཙམ་དུ་བསྒྲགས། འདི་ལྟ་བུ་མི་འཕྲོག་པའི་དད་པ་བརྟན་པོས་འདི་ཕྱིའི་དོན་དུ་རང་ལ་ཚམ་ཚོམ་མེད་པར་སྟེར་བ་བཀའ་བསྟན་རྣམས་ནས་སྤངས་རྟོགས་ཀྱི་ཡོན་ཏན་མངའ་བ་བསོད་ནམས་གསོག་པའི་ཞིང་བླ་ན་མེད་པ་དང་དེར་མ་ཟད་ངེས་འབྱུང་ཀུན་བླངས་ཀྱིས་སྡོམ་པ་དང་ལྡན་པ་ལའང་བཀུར་འོས་པ། མདོ་རྩར། མྱ་ངན་ལས་འདས་པའི་བསམ་པས་རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པ་ལ་ནི་གོས་སྟོང་ཕྲག་བརྒྱ་པ་དང་། ཟས་རོ་མཆོག་བརྒྱ་པ་དང་། ཁང་པ་བརྩེགས་པ་ལྔ་བརྒྱ་པ་ཡང་འོས་སོ། །ཞེས་བཤད་པ་རང་ངོས་ནས་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་སོགས་སོ་ཐར་བྱང་སེམས་གསང་སྔགས་ཀྱི་སྡོམ་པ་རྣམས་ལ་མཉམ་མེད་དཱི་པཾ་ཀ་རས། སོ་སོར་ཐར་པའི་ཉེས་པས་གཏན་ནས་མ་གོས་པ་བྱར་རུང་། བྱང་ཆུབ་སེམས་དཔའི་བསླབ་


GLG007_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཉེས་པ་ཅོ་ལེ་ཙམ་གྱིས་གོས། གསང་སྔགས་ཀྱི་དམ་ཚིག་ལ་ཉེས་པ་ཅ་ལེ་ཉ་རེ་བརྒྱབ་སྟེ་ཉེས་པ་དང་ཞག་ཏུ་འགྲོགས་མ་མྱོང་གསུང་བ་སྐྱེས་ཆེན་དམ་པའི་རྣམ་ཐར་ཚད་བཟུང་དང་བྲལ་བས་དེ་ལྟ་ག་ལ་ཞིག །འོན་ཀྱང་བྱ་སྤྱོད་ཐམས་ཅད་ཀྱི་སར་ངོ་ལྐོག་མེད་པ་ཟླ་བོ་རྣམས་ལ་རྒྱུས་ཡོད་པ་ལྟར་ད་ལམ་ཡང་རྩོལ་བར་མ་བལྟོས་པའི་རྙེད་པ་ཆེ། ལས་དཀར་ནག་གི་རྒྱུ་འབྲས་ཅུང་ཟད་ཀྱང་མི་འཆོལ་བ། མདོར། ལུས་ཅན་དག་གི་ལས་རྣམས་ནི། ། བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། ། ཞེས་པ་དང་། དཔལ་ལྡན་ཟླ་བས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ་ཞེས་པའི་དོན་ཐོག་ཏུ་བབ་ན་བློ་བདེ་རུང་སླར་འཇལ་དགོས་རང་ནི་མིན་ལས་ཆེ་སྙམ་འཕྱང་མོ་ཉུག་ཏུ་མཆིས། ཚད་ལྡན་རང་ཞིག་གི་བློ་རྩེ་གཏོད་པ་ནི། ཇོ་བོ་བཀའ་གདམས་པ་རྣམས། ཆོས་ཚུགས་གཏམ་ལ་མ་སྐུར། །ལོངས་སྤྱོད་ལོག་འཚོས་མ་སྒྲུབ། །བསྙེན་པ་འདྲེར་མི་བསྐྱེལ། །ཏིང་འཛིན་ཙབ་མོས་མི་འཚོལ། །ཤོར་རྒྱལ་མཛའ་བོར་མི་གཏོང་། །ཟས་ཕྱིར་གཏམ་མི་འཚོལ། །ནོར་ཕྱིར་ཆོས་མི་གཏོང་། །མི་ནུས་པའི་ཡས་བབ་མི་བྱེད། ། ནུས་བཞིན་དུ་གཞན་དོན་མི་སྤོང་། །ཆོས་ཀྱིས་གཏམ་མི་ཉོ། ཟེར་བ་ལག་ལེན་ལ་བཏབ་ན་འཕྲལ་ཡུན་གྱི་ལེགས་ཚོགས་ལགས་ཀྱང་རང་གཞན་ཀུན་བྱེད་པར་མི་གདའ། ཚེས་གསུམ་ལ་ཞ་ལུ་དང་མང་ར་མཁན་པོ། བན་གྲོང་པ་ཕ་བུ། སྨོན་ལམ་ཆེན་མོའི་མཆོད་དབྱངས་པ། ཞ་ལུ་མཁན་ཟུར།


GLG007_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་རྩེ་པ། བཅོ་བརྒྱད་ཆོས་རྗེའི་མགྲོན་གཉེར་སོགས་ལ་ཇ་གྲལ་དང་ངག་དབང་བཟོད་པས་རིང་འཚོའི་ཚན་གྲངས་ཚིགས་བཅད་ཀྱང་བཏོན། འགའ་རུ་དཀའ་བཅུ་འཇིག་རྟེན་ཕ་རོལ་དུ་སོང་བའི་བསྔོ་རྟེན་ཚ་བོས་གོས་ཡུག །ཏཱ་ཚཱ་དྲུག་ཇ་བརྒྱད། ཁོར་དྲུག་གཉིས། རྟ་བཞི་བཅས་བྱུང་བ་མི་བཟད་པའི་དུ༔ཁ་ལས་གྲོལ་ཞིང་བྱང་ཆེན་ཐོབ་པའི་བསྔོ་བ་སྨོན་ལམ་གྱིས་རྒྱས་བཏབ། ཚེས་བཞིར་དགའ་ལྡན་ཁྲི་རིན་པོ་ཆེ། རྩེ་གདོང་ཕྱག་མཛོད། དཔོན་ཚེ་རིང་གི་བུ། འབྲས་སྤུངས་དགེ་སྐོས་སོགས་དང་མཇལ་ཞིང་ཕྲད། ཚེས་ལྔར་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཁང་གིས་ཚོགས་འཁོར་རྒྱས་པར་བཤམས་ཤིང་མགོ་དཀར་གྱི་ཞྭ་གསེར་རྐྱང་ལས་གྲུབ་པ་རྡོ་རྗེ་ཕ་ལམ། ཨིནྡྲ་ནཱི་ལ། མརྒད། པདྨ་རཱ་ག །མུ་ཏིག །སུ་གནྟི་སོགས་ཕྲ་རེ་རེ་ལའང་གསེར་ཞོ་བརྒྱ་ཕྲག་དུ་མ་རི་བའི་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་མང་པོ། གསེར་དངུལ། སྟོད་ཧོར་གྱི་དངོས་དཔྱད་དངོམ་ཆེ་བ་གཙོ་གྱུར་གྱི་གོས་ཕྱི་ནང་སོགས་སྤམས་ཤིན་ཏུ་མཐོ་བ། གྲ་པ་རེར་ཁ་བཏགས་གསེར་པར་མ་རེ། གསེར་ཞོ་ལའང་སེ་བ་ཉེར་བརྒྱད་ཙམ་ལ་བཏགས་པ་རེ། སྨན་ཙེ་ཡུག་རེའི་ཡོན་སྦྱར་གྲ་ཚང་ནས་འཆི་མེད་འོད་སྣང་གི་རྡུལ་ཚོན་དང་འབྲེལ་བར་མི་ཤིགས་རྡོ་རྗེ་ལྟར་བརྟན་པའི་རྟེན་འབྱུང་གི་སྒོ་འཕར་ཕྱེ། དབུ་མཛད། མཆོད་དཔོན། དགེ་སློང་འཇམ་དབྱངས་གྲགས་པ། དར་མོ་སྨན་རམས་པ། དཔལ་གྲོང་སྔགས་རམས་པ། གྲ་ཚང་གཉེར་པ་རྣམས་ཀྱིས་ཚན་གྲངས་དང་གྲ་པ་སོ་


GLG007_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

སོས་ཀྱང་རྩེ་ཤོད་དུ་འདོམ་འཁོར་མ་རེའི་ལེགས་བྱ་བྱུང་། ཚེས་དྲུག་ལ་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་རྒྱལ་པོས་དངོས་གཞི་ཉིན་དང་པོ་ལྟར་ལ་གསེར་ཞོའི་ཚབ་ཁ་བཏགས་རེ་སྟེ་གསུམ་ཚན་དང་བཅས་རིང་འཚོའི་ཆོ་ག་མཛད་པའི་མུ་མཐུད་སྟག་རུ་བ། དར་རྒྱས་བཀྲ་ཤིས། དར་ཁན་དཀའ་བཅུ། རིན་ཅེན་རྩེ་པ། བྱང་ངོས་པ། རྟ་ར་མདོ་པ། དར་བྱུང་པ། ཆང་ཁྱིམ་པ། བསྟན་འཇིན་དབང་པོ་སོགས་ཀྱིས་ལེགས་བྱ་བསྟབ། ཚེས་བདུན་ཆད་པའི་བརྒྱད་ལའང་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཁང་གིས་ཚོགས་འཁོར་སོགས་ཉིན་གཉིས་པ་དང་མཐུན་པའི་སྟེར་བྱ་ཡོན་འདྲ་བའི་ཡུན་འཚོའི་བདེན་བརྗོད་རྒྱས་པའི་རྗེས་འཕྱོས་པ་སྐུ་སྐྱེ། མཁར་ལྡན་པ། རག་པ། བྱང་གླིང་པ། ཟུར་ཁང་པ། ཀ་བརྒྱད་སྨད་པ་རྣམས་ཀྱིས་ལེགས་བྱ་བསྟར། ཚེས་དགུར་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་པའི་སློབ་དཔོན་ཁྲི་གདན་ཟུར། དགེ་སྐོས། སྤྱི་གཉེར་སོགས་ཀྱི་ལེགས་བྱ་བླངས་ཤིང་སྨོན་ལམ་ཆེན་མོ་འདི་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོས་བསྟན་འགྲོའི་བདེ་སྐྱིད་སླད་བརྗོད་བྲལ་གྱི་མཛད་པ་འདིར་གཙོ་བོར་གྲ་ས་ཕན་ཚུན་གཉིས་ཐུགས་མཐུན་མི་མཐུན་ཀྱང་ཕལ་ཆེར་དགེ་སྐོས་ཀྱི་བྱེད་ལས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་ཡིན་པས་ཉེ་སྙོམས་ཤིང་ཚ་གྲང་རན་པར་བརྟེན་བསྙེན་བཀུར་བའི་རྒྱུའང་འབྲས་བུ་བཟང་པོར་སྨིན་པ་དང་ལྷག་པར་རྗེ་རིན་པོ་ཆེའི་དགོངས་པ་རྫོགས་ཚུལ་ལས་འཕྲོས་པའི་བསླབ་བྱ་བགྱིས། ལོ་སྔོན་མ་ཟླ་བ་བཅུ་གཉིས་པའི་ཚེས་གསུམ་ལ་སྟག་རྩེ་ས་སྐྱོང་རྡོ་རྗེ་རྣམ་རྒྱལ་མཁན་ཚང་པ་བཅས་པར་སྤྱིར་དུས་ངན་སྙིགས་


GLG007_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལྔ་བདོ་བ་དང་ལྷག་པར་རྒྱུ་སྐར་འོད་ཅན་ཤར་བའི་སྐབས་གཞལ་ཡས་ཁང་གི་གནམ་ལྷ་བྱང་ཆུབ་ཀྱི་ཚུལ་འཛིན་འདིའི་ལུས་ལ་འཇོལ་བེར་ནག་པོ་དང་། རྒྱ་ཞྭ་ནག་པོ་ཞིག་གྱོན་དགོས་ཡོད་དེ་དེ་བཞིན་མི་འགབ་འདུག་པས་ལོ་གསར་ལྷ་ཚེས་གསུམ་ནས་གནམ་ལྷ་བྱང་ཆུབ་ཀྱི་ཚུལ་འདིའི་ལུས་ལ་རྒྱ་གོས་དཀར་པོ་ཞིག་དང་། རྒྱ་ཞྭ་དཀར་པོ་གྱོན་ཆོག་པ་ལྷ་བདག་གིས་བཟོ་བའི་དོ་དམ་གྱིས་གསུངས་ཟེར་བའི་གནས་ཚུལ་སྡེ་པ་ཐའི་ཇིས་བྱུང་བ་དང་། གསུང་བ་བཞིན་བཟོས་ནས་གྱོན་པ་དེ་ལ་དགོས་པ་གང་ཡིན་གྱི་ལན་དགོས་ཚུལ་ཞུས་པར་གནོད་སྦྱིན་ཆེན་པོས་ཆས་འདི་སྟག་ཡོས་ཙམ་ནས་དགོས་པ་ཡོད་དེ་ལྷོ་ཕྱོགས་མཚོན་ཆའི་བཀོད་པ་སོགས་ཀྱིས་རིམ་འགྱངས་སུ་སོང་། ད་ཆ་སྒོ་གསུམ་དམ་ལ་འདོགས་ཚུལ་སོགས་མང་ཙམ་དང་། ཁྱད་པར་མདོ་སྡེ་ལོ་གསར་གཉིས་ལ་མ་གཏོགས་མི་ཡོང་། གལ་ཏེ་འབོད་པར་ཤར་ན་ང་དཀྱུས་མའི་རིགས་ཀྱིས་མི་འབོད། དགེ་བཤེས་མཁས་བཙུན་དང་གཟུགས་ཅན་བཙན་པོ་རྣམས་ཀྱིས་ཀྱང་འབོད་ཚེ་རྒྱ་ཇ་ཀོ་བ་མ་ཉམས་པ་དང་། དེ་རྒྱབ་མར་སོགས་དགོས་ཚུལ་གསུངས་ཤིང་། ལྷ་ཚེས་གསུམ་གྱི་ཉིན་སྔོན་ལ་གནམ་ལྷ་བྱང་ཆུབ་ཀྱི་སྐུ་རྟེན་པར་སྐུ་ཕེབས་ཡོང་རྒྱུ་བོས་ཚར་བ་གྱིས་གསུང་བ་ལྟར་བུད་མེད་ལ་ཕབ་གྲུབ་པར་ཆས་གོས་རྣམས་བསྒྱུར་ཟིན་ཐོག་དོན་དམ་ངེས་པའི་གནམ་ལྷ་བྱང་ཆུབ་ནི་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་ནས་མེད། ཀུན་རྫོབ་བཅོས་མའི་གནམ་ལྷ་བྱང་ཆུབ་ཀྱི་ཚུལ་འཛིན་དེ་ནི་ད་ནས་ཁོག་ལ་ཡོང་རྒྱུ་མེད། ད་ལམ་ཁོག་ལ་ཡོང་བ་འདིའི་ཕ་ནི་ལྷ་བུ་ཚངས་


GLG007_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

པ་དཀར་པོ་ཡིན། མ་ནི་སྲིན་མོ་ནག་མོ་ཡིན། བུ་ནི་དགེ་བསྙེན་དཀར་པོ་ཡིན་པས་སེམས་ཅན་ཀུན་ལ་གནོད་འཚེ་དང་། གདུག་རྩུ་བ་ཤིན་ཏུ་ཆེ་བ་ཞིག་ཡོང་རྒྱུ་ཡིན། མདོ་སྡེ་ལོ་གསར་གཉིས་ལས་སྔར་ལུགས་བཞིན་སྣང་བར་གང་ཤར་གྱིས་བོས་ཡོང་ཆོག་རྒྱུ་མིན། མིང་ལའང་དགེ་བསྙེན་དཀར་པོ་ལས་གཟུགས་ཅན་གཟུགས་མེད་ཀུན་གྱིས་གནམ་ལྷ་བྱང་ཆུབ་དང་ཆོས་རྒྱལ་ཆེན་པོ་སོགས་ཟེར་དབང་ཡོང་གིན་མིན། ཞེས་སོགས་གསུངས་ཚུལ་གྱི་སླར་ཡང་ཐའི་ཇིའི་ཡི་གེ་འབྱོར། དེ་དག་ལ་མཆོག་དམན་བར་མ་ཀུན་ཡིད་གཉིས་སུ་གྱུར་ཅིང་། མ་ནས་ཕལ་ཆེར་ཆོས་སྐྱོང་ཆེན་པོར་ཕྲག་དོག་གིས་ཕེབས་ས་མེད་པ་དང་། ལ་ལ་གཞུང་ལ་ཅུང་ཟད་འཁངས་ཏེ་རྟེན་འབྲེལ་སློག་ཐབས་ཡིན་འདྲ་སོགས་བརྗོད་རིགས་སྣ་ཚོགས་བྱུང་བ་དང་། སྣེའུ་སྡོང་རྩེ་ནས་སྡེ་པ་བློ་བཟང་སྦྱིན་པས་ཆོས་སྐྱོང་རང་ལ་དྲི་བ་དང་། གཞན་ཡང་ལྷོ་རྒྱུད་ཀྱི་ལྷ་འདྲེ་ཕལ་མོ་ཆེར་དྲི་བ་རེ་མཛད་འདུག་ཀྱང་འདི་ཡིན་གྱི་གསལ་ཆ་མ་བྱུང་བར་སྣང་། གནས་ཆུང་ཆོས་སྐྱོང་ཆེན་པོ་དང་ཚངས་པ་དུང་ཐོད་ཅན་ལ་སྡེ་པས་དྲི་བ་མཛད་པར་གཉིས་ཀ་མཐུན་པར་གཟུགས་མེད་དེ་གར་དྲི་བ་གྱིས་དང་གསལ་ཡོང་གསུངས་འདུག །དེ་སྐོར་ལ་སྡེ་པས་ངེད་ལའང་བརྟག་པ་དགོས་ཟེར་བ་ལྷ་འདྲེའི་བརྟག་པ་འདི་འཁྲུགས་པའི་གསལ་དཀའ་གཤིས་མ་བྱས། དེ་ལྟར་པེ་ཀར་ཆོས་དབྱིངས་སུ་ཐིམ་ནས་ཚབ་མ་བྱུང་ན་རྒྱལ་པོའི་སྐྱེ་རྒྱུས་སོགས་གཏེར་ཁ་རེ་མང་ན་བཞུགས་པར་དེ་བཞིན་འབྱུང་འགྱུར་གྱི་གསལ་ཁ་མི་སྣང་། དེ་བདེན་ན་དཔལ་འཛིན་སོགས་ཀྱིས་མ་དྲེགས་དྲག་གསུམ་བོད་མར་སྨྲ་བའི་གྲོགས་སུ་སོང་བ་


GLG007_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མངའ་རིས་པཎ་ཆེན་སྐུ་མཆེད་སོགས་སྔ་འགྱུར་བ་ཕལ་ཆེར་ངེས་ངོར་བདེ་གཤེགས་རིགས་ལྔ་ལ་རྣམ་པ་གདུལ་བྱ་གདུག་པ་ཅན་འདུལ་བའི་ཕྱིར་འཇིག་རྟེན་དྲེགས་པའི་ཚུལ་བཟུང་བར་བཤད་པས་ན་གདུལ་བྱ་མ་རྫོགས་བར་ཡལ་བ་ག་ལ་སྲིད་ལྟ་བུའི་བློར་ཆུད་དཀའ་བའི་མི་སྲིད་པ་དང་། ཡང་ཆོས་དབང་རིན་པོ་ཆེའི་གཏེར་བྱོན་མཁའ་རིའི་ཞུས་ལན་སོགས་ཀྱི་དབང་དུ་བཏང་ན། ཁྱོད་དང་གང་བཟང་དཔལ་དང་གསུམ༔ ལོ་ནི་ད་དུང་བརྒྱད་བརྒྱ་ཐུབ༔ དེ་ནས་ཟངས་མདོག་དཔལ་རིའི་རྩེར༔ སྲིན་ཕྲུག་གསུམ་དུ་སྐྱེས་ནས་བྱང་ཆུབ་ཐོབ༔ ཡང་ཕྱི་རི་བོ་པོ་ཏ་ལར༔ བྱང་ཆུབ་ཐོབ་པར་གདོན་མི་ཟ༔ སོགས་དང་མཚུངས་པར་ངོ་བོ་རིགས་ལྔའང་སྣང་ངོར་སྤྲུལ་པའི་རིགས་སུ་འབྱོན་པ་དང་འདྲ་བར་ཡལ་བ་སོགས་མེད་པའི་ངེས་པའང་མེད་ཙམ་ཨེ་ཡིན་སྙམ་པའི་ཐེ་ཚོམ་གྱི་དྲ་བར་ཆུད་ཅིང་གང་ལྟར་དཔྱད་དཀའ་བའི་དུས་རྟགས་ཁྱད་པར་ཅན་ཞིག་ཡིན་པར་སེམས། ཚེས་བཅུར་བྱམས་པ་སྐལ་བཟང་སྨོན་ལམ་གྲལ་སྐོར་བྱེད་པའི་སྔོན་འགྲོར་གྲ་ཚང་གི་འདོན་ཆ་ཡོངས་རྫོགས་ཀྱི་རྒྱུགས་སྤྲད། ཚེས་བཅུ་གཅིག་ལ་ཞ་ལུ་མཁན་ཆེན་འཇམ་དབྱངས་བསྟན་འཛིན་གྱིས་བདོག་པའི་སྐྱེས་འགྱེད་དང་བཅས་གྲ་ཚང་ནས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པའི་མཇུག་སྡེ་པ་དང་དམག་ཟོར་ཚངས་དབང་ལ་ཆུ་བཟློག །བྱད་འགྲོལ། བཀྲུ་བྱབ་སྲུང་གསུམ་བྱས། ཚེས་བཅུ་གཉིས་ལ་ཕ་བོང་ཁ་གདན་ས་པའི་ལེགས་བྱ་བཏེག །ཚེས་བཅུ་བཞིར་བཅོ་བརྒྱད་པ་དང་། བྱང་རྩེ་ཆོས་རྗེ། ཁྲི་རིན་པོ་ཆེའི་དབོན་སོགས་གདན་ས་རི་བོ་དགའ་ལྡན་གྱི་སློབ་དཔོན། སྐུ་སྐྱེ། ལས་


GLG007_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

སྣེ་བ། སྐམ་དགོན་བླ་མ། རྡོ་རྗེ་བྲག་ཕྱག་མཛོད། གསང་སྔགས་བྱང་ཆུབ་གླིང་བཅས་པས་ལེགས་བྱ་བྱུང་། ཚེས་བཅོ་ལྔར་དགེ་སློང་དཔལ་འབྱོར་རྒྱ་མཚོས་དགེ་སྐོས་འཇོག་ལ་དངུལ་སྲང་བཅུ་བཞིའི་པད་སྡེར། རྗེ་བཙུན་བཙོང་ཁ་པ་དང་འདྲ་འབག་གི་རྒྱབ་ཡིག །རྒྱུད་སྡེ་རྒྱ་མཚོའི་མངའ་བདག་བཅོ་བརྒྱད་ཆོས་རྗེས་བསྐུལ་མ་མཛད་དེ་དབུས་གཙང་གི་གྲུབ་མཐའ་རིས་མེད་ཐམས་ཅད་ཀྱི་ངག་འདོན་རིང་འཚོ། སྒམ་པོ་སྤྲུལ་སྐུའི་གསུང་བཞིན་རྩེ་ཤོད་ཐུན་མོང་བའི་རིང་འཚོའི་མཇུག་སྐྱེ་བར་རྗེས་འཛིན་གྱི་སྨོན་ལམ་གསུང་བ་རང་གར་འགྲོ་མེད་པར་གཞན་དོན་དཀའ་ནའང་སྙན་ངག་ཤེས་པ་རྒྱུ་མཚན་དུ་བྱས་པ། རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེས་ལེགས་བྱར་ཚིགས་སུ་བཅད་པའི་ཆབ་ཤོག་ལན་སྙན་ཚིག་གི་ལམ་ནས་དྲངས་པ། གཞིས་ཀ་བ་བློ་བཟང་ཆོས་ལྡན་གྱི་ངོར་རིང་འཚོ། བློ་བཟང་ཐོགས་མེད་ཀྱིས་སྔགས་རམས་པ་བྱས་དུས་གྲ་ཚང་དུ་ཉེར་གསུམ་གྱི་དངུལ་ཀོང་ཕུལ་བའི་ཁ་བྱང་རྣམས་བཀོད། ཚེས་བཅུ་དགུར་སྡེ་པ་བློ་བཟང་སྦྱིན་པས་སྨོན་གྲུབ་པ་རིན་ཅེན་བཀྲ་ཤིས་བཏང་སྟེ་ལེགས་བྱ་རྒྱས་པར་བྱུང་། དེ་བཞིན་བདེ་ཆེན་ཐའི་ཇི་སྐུ་མཆེད། སྟག་རྩེའི་ཚབ་མ། རྨེ་རུ་བླ་མ། ལྷ་སའི་སྐུ་གཉེར་སྤྱི་བསྡུས། འབྲས་སྤུངས་ཧ་སྡོང་དགེ་རྒན། རྒྱལ་གཉེར་པ། པད་རྡོར་སོགས་ཀྱི་ལེགས་བྱ་དང་། རྒྱལ་ཕུར། ཀོང་དགའ་ཆགས་པ། རྟུལ་མི། རྒྱལ་རྩེ་གསེར་ཁང་གོང་། ཁམས་པ་རྫོགས་ཆེན་པདྨ་རིགས་འཛིན། ཉང་པོ་ཆོས་རྗེ་སོགས་ལ་ཇ་གྲལ་བགྱིས། ཚེས་ཉི་ཤུར་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་སྤྱི་སྒེར་གྱི་གོས་སྣ་ཚང་ཞིང་དངོས་པོའི་སྟེར་བྱིན་བཟང་པོ་ཚོགས་འཁོར་རྒྱ་ཆེ་བ་དང་བཅས་ཚེ་ཆོག་རྡུལ་ཚོན་དང་འབྲེལ་


GLG007_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྔོན་འགྲོ་མཁའ་འགྲོ་བསུན་བཟློག་སོང་ནས་རིང་འཚོ་མཛད་མུར་སྡེ་པ་ཟངས་རི་བའི་ལེགས་བྱ་བསྟར། ཉེར་གསུམ་ནས་ཆོག་གྲ་བཞི་བཙུགས་ཤིང་མཚལ་ཞབས་དྲུང་གྲགས་པ། ལྕམ་ཨ་སྙིང་། གཏེར་སྟོན་རིན་པོ་ཆེའི་གཅུང་ཀུན་དགའ་ཚུལ་ཁྲིམས། མངའ་དྭགས་རི་བོ་ཆོས་གླིང་རྣམས་ཀྱི་གཉེར་པ། མདོ་མཁར་ཆོས་སྡེའི་བླ་མ། རྒྱལ་སྲས་ཤེར་འཕེལ་བ་རྣམས་ཀྱི་ལེགས་བྱ་བརྐྱང་། དཔལ་ལྡན་ལྷ་མོའི་མདོས་ཀྱི་མཆོད་པར་སྙན་ཤལ་སྣ་ལྔ་འདོད་གསོལ་དང་བཅས་ཕུལ་ཞིང་བསྐང་བ་ཆིག་འབུམ་ཆིག་ཁྲི་དགུ་སྟོང་། ལྷ་ས་སྨོན་ལམ་ཆེན་མོར་གྲ་པ་རེར་དངུལ་ཞོ་རེའི་རྩིས་ཀྱི་རུང་མཐུན་གྱི་གོས་སོགས་སྤོང་དག །དེ་བཞིན་ཞོ་རེའི་མུ་ཏིག །ཡང་ཞོ་རེའི་རྟ་གོས་དར་སོགས་ཀྱི་འགྱེད་ཕུལ་ནས་ཚོགས་བསགས། ཆོས་སྐྱོང་དང་མི་རྩིས་སོགས་གོ་བསྟུན་ངེད་ཀྱི་རིམ་གྲོར་གཞིས་རྩེ་དང་པ་ནམ་སོགས་རྫོང་གཞིས་བཅོ་ལྔར་དགེ་དགོན་ཚོ་བསྡུས་འབྲེལ་མཚུངས་རྫོང་འགོ་ཆེ་བར་གྲ་པ་སུམ་བརྒྱ་རེ་དང་། ཆུང་བར་བརྒྱ་རེ་བཅས་བསྡོམས་བཀའ་འགྱུར་ཉིས་བརྒྱ། འབུམ་དྲུག་བརྒྱ་ཞེ་དྲུག །བཟང་སྤྱོད་དང་མཚན་བརྗོད་ཆིག་འབུམ་རེ། གདུགས་དཀར་ཆིག་ཁྲི་དྲུག་བརྒྱ། ཤེར་སྙིང་ཆིག་འབུམ་ཆིག་ཁྲི་ཆིག་སྟོང་བརྒྱད་བརྒྱ་དགུ་བཅུ། སྒྲོལ་མ་ཆིག་འབུམ་བཞི་སྟོང་བདུན་བརྒྱ་ལྔ་བཅུ། ཚེ་གཟུངས་ལྔ་ཁྲི་བརྒྱད་སྟོང་དགུ་བརྒྱ། རྒྱལ་དུ་དམག་ཟོར་མར་བསྐང་བ་ཁྲི། ཆོས་སྐྱོང་གཞན་རྣམས་ལ་སྟོང་རེ། ལུག་ཉིས་བརྒྱ་དང་ཉ་འབུམ་གྱི་སྲོག་བླུས། སྡེ་པའི་སྐུ་རིམ་ལ་རིན་སྤུངས་སོགས་རྫོང་གཞིས་དྲུག་ཏུ་དགོན་འབྲེལ་མཚུངས་གྲ་྄པ་བརྒྱ་ལྷག་རེ་བསྡོམས་བཀའ་འགྱུར་བརྒྱ། བསྐལ་བཟང་། བརྒྱད་སྟོང་པ། གསེར་


GLG007_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

འོད། ཐང་ཡིག་རྣམས་ཆིག་སྟོང་རེ། མཚན་བརྗོད་སུམ་སྟོང་། གདུགས་དཀར་དགུ་སྟོང་། ཤེར་སྙིང་བརྒྱད་ཁྲི་བདུན་སྟོང་། སྒྲོལ་མ་བདུན་ཁྲི་ལྔ་སྟོང་། ཚེ་གཟུངས་ཉིས་འབུམ་ལྔ་ཁྲི་ཉིས་སྟོང་། ལྷ་ས། བསམ་ཡས། ཡུམ་བུ། ཁྲ་འབྲུག་བཅས་པར་བཞི་གྲ་རེས་ཁྲུས་གསོལ། གསེར་ཆབ། སྙན་དར། མཆོད་པ་སྣ་ལྔ་བརྒྱ་རེ། ལུག་བརྒྱ་དང་ཉ་འབུམ་གྱི་སྲོག་བླུས། ལག་གི་ནད་རོར་དམིགས་བྱབ་ཁྲུས་དང་གདོན་འགྲོལ་ངེད་ཀྱིས་བྱས། གྲོང་སྨད་དུ་ཕ་བོང་ཁ་པས་ལན་ཆགས་གཏོར་མ་འབུམ། ལྷ་སར་གྲ་ཚང་ནས་གྲངས་བཅད་ཀྱིས་རྒྱལ་པོ་རྩེ་མདོས་དང་གོང་དཀར་དཀོན་གཉེར་དཔོན་གྱིས་གདུགས་དཀར་མདོས་འདི་ལོ་ནས་སྟར་ཆགས་ཀྱི་རྒྱུན་བཙུགས། རྒྱབ་ཆོས་སུ་སེ་རར་གདུགས་དཀར་འབུམ་ཐེར་ལྷག་བཅས། འབྲས་སྤྲུངས་སུ་ལྟུང་བཤགས་ཆིག་འབུམ། རྩེ་ཤོད་ཐུན་མོང་གིས་མལ་དྲོ་གཟི་ཆེན་གྱི་འགྲམ་བཞི་གྲས་ཀླུ་དབང་རྒྱལ་པོའི་བསྒོམ་བཟླས་དང་འབྲེལ་བའི་གཟུངས་འབུམ། གྲ་པ་གཉིས་ཀྱིས་ཀླུ་འབུམ། ཀླུ་གཏོར། གཟུངས་འདུས་བཏོན། བོན་པོས་ཀླུ་རྟེན་འཛུགས་པ་དང་། གཏད་རུལ། ཀླུ་བཅོས་ཀྱི་རིགས་མང་དུ་བྱས། སེར་འབྲས་གཉིས་དང་དགེ་དགོན་བཅུ་ནས་བཀའ་འགྱུར་ཉིས་བརྒྱ། བརྒྱད་སྟོང་པ། བསྐལ་བཟང་རེ། གདུགས་དཀར་ཆིག་ཁྲི་ཉིས་སྟོང་། སྒྲོལ་མ་བརྒྱད་ཁྲི་བཞི་སྟོང་། ཤེར་སྙིང་སུམ་འབུམ་བཞི་ཁྲི་ལྔ་སྟོང་། ལོ་མ་གྱོན་མའི་གཟུངས་དྲུག་འབུམ། མངའ་རིགས་ཀྱི་ཇུས་རིམ་ལ་གཞིས་རྩེར་འུག་པ་ལུང་པ་དང་། གོང་དཀར་དུ་རྡོ་རྗེ་བྲག་པས་མགོན་པོ་གཡུལ་བཟློག །པ་ནམ་དུ་བྲག་ལ་བ་དང་། རིན་སྤུངས་སུ་ངེས་གསང་


GLG007_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་གླིང་པས་འཆར་ཀའི་མདོས། ཕོ་བྲང་དུ་དཔལ་རི་བ་དང་གོང་དཀར་དུ་རྡོ་རྗེ་བྲག་པས་བསྟན་མའི་མདོས། རྒྱབ་ཆོས་སུ་སྒྲོལ་ཤེར། གསང་ཕུར་དབྱར་ཆོས་ཐོག་མང་ཇ་ལྔ། དགེ་དགོན་ལྔ་བཅུར་བཤད་གྲ་རྣམས་ཀྱིས་མང་ཇ་སྦྱོར་སྦྲེལ་ཐོག་མདོ་སྒྲུབ། སྔགས་པ་རྣམས་ཀྱིས་ཇ་ལྔར་གཏོར་བཟློག །རྒྱལ་དགའ་ཚལ་དུ་གྲྭ་པ་བཅོ་ལྔས་ཞག་བདུན་བེག་ཙེ་དང་། མགོན་ཁང་བར་དུ་རེ་མ་ཏཱིར་གྲ་ཞག་གོང་འདྲའི་བསྐང་མཇུག་སོ་སོར་གཏོར་འཕེན། ཤིང་གཅོད་ཚན་ཆེས་པའི་ཉེས་སེལ་དུ་སྐྱིད་ཤོད། འཕན་ཡུལ། སྙེ་གཡག །ལྷོ་ཁ་བཅས་པའི་རྫོང་གཞིས་ནས་ཡུལ་ལྷ། གཞིས་བདག་ལ་བསངས། བརྒྱགས་རྔན། ཀླུ་གནས་གྲགས་ཆེ་ས་དང་ཤིང་ཕོན་ཆེན་བཅད་སར་ཀླུ་གཏོར། ཆབ་གཏོར། རྣམ་འཇོམས་དང་སྨེ་བརྩེགས་ཀྱི་བུམ་ཁྲུས། སྔགས་བོན་སུ་རིགས་ཀྱིས་ཀླུ་དང་ས་བདག །རྒྱལ་བཙན་མ་མོ་རྣམས་ཀྱི་མདོས། བུམ་གཏེར་སྦ་བ་བཅས་ཐབས་བཅོས་སྨིན་རྒྱས་བགྱིས། ཉེར་བཞིར་སྤོས་ཁང་མཁན་པོ། །མཚལ་ཡང་དགོན་བླ་གཉེར། དབུས་གླིང་གཉེར་པ། བཀྲ་ཤིས་ལྗོངས་ཆོས་རྗེ། རག་པ། སྦྱར་ར་བ་སོགས་ཀྱི་ལེགས་བྱ་འདུག །སྒོམ་བདེ་བློ་བཟང་བསམ་གྲུབ་དང་། ཅོ་ནེའི་མི་སྣ་དང་ཕྲད། ཉེར་དགུར་བཀྲ་ཤིས་པཱ་ཐུར་ཐའི་ཇི། གཡོན་རུ་སྐུ་སྐྱེ། ལྷུན་རྩེ་འགྲམ་སྐུད་གྲྭ་ཚང་བླ་མར་འགྲོ་མི་རབ་འབྱམས་པ་བསྟན་པ་རིན་ཅེན་སོགས་ལ་བྱིན་རླབས་དང་། གུང་ཐང་ཆོས་ཁྲི། གཟིམས་ཁང་ཤར། ཉི་ཐང་། རྣམ་རྒྱལ་གསེར་ཁང་རྣམས་ཀྱི་བླ་གཉེར། ལ་མོ་སྐུ་རྟེན་པ། ཚག་གུར་


GLG007_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

པ། ལྷ་སའི་གཉེར་པ་གསུམ་དང་བཅས་པའི་ལེགས་བྱ་བླངས། གནམ་གང་ལ་སྒོམ་བདེ་ལྷོ་པ་བླ་མ། ཤ་གཟུག་བླ་མ་སྤུན། སྐྱོར་ལུང་ཕུག་ཁང་བླ་མ་སོགས་ཀྱིས་ལེགས་བྱ་བྱུང་། ལྷོ་པ་བླ་མས་སྐུ་གསུང་ཐུགས་རྟེན། རྟ་ལྔ་བཅུ། གསེར་དངུལ་ཇ་རས་སོགས་སྟེར་བྱིན་དང་རིགས་ལྔར་བརྟེན་པའི་ཡུན་གནས་ཀྱི་བདེན་པ་བརྗོད། ཡེར་པ་བླ་སྤྱི། གོང་དཀར་དཀོན་གཉེར་དཔོན། སེ་ར་ཧ་སྡོང་དགེ་རྒན། ཡར་འབྲོག་ལྷུན་པོ་རྫོང་པ་དང་ཆུ་ཤུར་བླ་མའི་ངོ་ཚབ་རྣམས་ཀྱིས་ལེགས་བྱ་བསྟར། ཧོར་ཟླ་གཉིས་པའི་ཚེས་བཞི་ནས་གྲ་ཚང་དུ་ཨྱཻ་རིང་བཙུགས་པར་བྱེ་བ་གཅིག་སུམ་ཁྲི་ཉིས་སྟོང་ལྔ་བརྒྱ། དྲག་སྔགས་སོ་དྲུག་པ་བྱེ་བ་གཅིག་དང་ཆིག་འབུམ་དྲུག་ཁྲི་ཉིས་སྟོང་བདུན་བརྒྱ་སོང་། ཚེས་བཅུར་ནང་པ་ལོ་པའི་དཀར་དྲོ་བཏེག །ཚེས་བཅུ་གཅིག་ལ་གླིང་སྟོད་སྐུ་སྐྱེ་ངག་དབང་གཞོན་ནུས་ཚེས་བདུན་ནས་འདི་ཉིན་བར་རྩ་བཤད་ཕྱི་གསུམ་གྱི་རྒྱུགས་བྱུང་། ཀླུ་དབང་རྒྱལ་པོའི་སྒྲུབ་ཐབས། ལྷ་བཟོ་བ་ཆོས་སྐྱོང་གིས་དཔལ་ལྷའི་དོན་དུ་གནས་བཅུ་དང་བྱམས་པའི་བརྒྱ་ཐང་རྒྱབ་ཡིག །འཇིགས་བྱེད་སྒྲུབ་ཐབས་བཀླགས་ཆོག་མ། མཆོད་དཔོན་པས་གྲ་ཚང་། འབྲས་སྤུངས། རི་བོ་ཆོས་གླིང་གསུམ་དུ་འཛུགས་རྒྱུར་རིང་འཚོ། ཁྲི་ལྕམ་དངོས་གྲུབ་དཔལ་འཛོམ་གྱི་ངོར་ཆོས་རྒྱལ་གཏེར་བདག་གླིང་པའི་གསོལ་འདེབས། འཕྱོས་པ་སྐུ་སྐྱེས་བསྐུལ་བའི་སྙན་དར་ཁ་བྱང་རྣམས་བྲིས། ཨྱོན་གླིང་པའི་བཀའ་ཐང་ལས། ཆོས་ལོག་ཁྲིམས་རལ་དམ་ཉམས་ལུང་པ་གང་ཿ ལྷ་མིའི་གནས་སུ་གཏམ་ངན་གྲགས་པས་ཁྱབ༔ ཤ་འུག་སྟག་སྒོར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་


GLG007_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་དེར་བསྟན་ནས་བྱུང་༔ ཨྱོན་གཏེར་བདག་གླིང་པ་ཞེས་བྱ་འབྱུང་༔ ཞེས་པ་ལྟར་ལུང་བསྟན་དུས་ལ་བབ་སྟེ་ཟབ་གཏེར་གེགས་མེད་བཞེས་པའི་གཏམ་སྨན་ཆབ་ཤོག་དང་བཅས་ཆོས་མཛད་འཕྲིན་ལས་འབྱོར་བར་ལྦ་དར་སོགས་ལེགས་སོ་བགྱིས། ས་མཚམས་སུ་རང་བསྟན་གྱི་གཞི་མ་ཚུགས་ན་ལེགས་པར་ཤར་བས་རྟ་ཝང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་ཆོས་སྡེ་གསར་བཙུགས་ལ་གཏོང་སྒོ་དྲི་གཙང་དུ་མཆོད་པ་ལྔ་ཚར། བླ་སློབ་གཉིས། གཉེར་པ། ཉེར་གནས། གྲ་དམངས་བཅས་ཁྱོན་བརྒྱ་དང་བཅུ་གཉིས་སྐོར་ལ་ཆོས་ཐོག་ཟླ་བ་བརྒྱད་ཀྱི་བར་ཕོགས། ཇ་ཐུག་གཉིས་རེ། ཆོས་མཚམས་ཟླ་བ་བཞིར་ཇ་ཐུག་རེ། ཟླ་བ་དང་པོའི་ཚེས་གཅིག་ལ་ལོ་གསར། ཆོ་འཕྲུལ་ཆེན་མོའི་སྨོན་ལམ་ཉིན་བརྒྱད། ལྔ་མཆོད་སོགས་སྐུ་མཆོད་ཉིན་ལྔ། ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅུར་དཔལ་ལྡན་ལྷ་མོའི་བསྐང་བ། ཚེས་བཅོ་ལྔར་གསང་བ་འདུས་པའི་ཆོ་ག །ཟླ་བ་བཅུ་གཅིག་པའི་ཉེར་བདུན། བརྒྱད། དགུ་གསུམ་ལ་ལྷ་མོ་གཙོ་གྱུར་གྱི་བསྐང་གསོ་དང་གཏོར་འཕེན། དེ་ཕྱིན་ཟླ་བ་བྱུང་ངོ་ཅོག་གི་ཉེར་དགུ་བྱུང་རེས་ཀྱི་བསྐང་གསོ་རྣམས་ལ་འཕར་བཅས་མཆོད་ཆས་སོགས་གཏོང་སྒོ་ཁྱོན་བསྒྲིལ་འབྲུ་ཁལ་ལྔ་སྟོང་ཉིས་བརྒྱ་བཞི་བཅུ། ཕྱུར་ཁལ་ཉིས་བརྒྱ་ཉེར་ལྔ་སོགས་ལྷུན་རྩེ་དང་མཚོ་སྣ་རྫོང་། ཇ་གོས་དར་སོགས་ལྷ་ས་ནས་རིམ་སྤྲོད་བྱེད་རྒྱུ་དང་། རུ་ཁག་གཅིག་གསར་དུ་བཙུགས།སངས་རྒྱས་གཉིས་པ་དཔལ་ཨྱོན་ཆེན་པོའི་ཐུགས་ཀྱི་གནས་ལྷོ་བྲག་མཁར་ཆུར་གནས་འཛིན་རྣམ་དག་ཅིག་དགོས་རྒྱུར་སྔ་སོར་གྲུབ་པ་ཕོ་མོ་མང་ཙམ་འདུག་པ་གྲུབ་མཐའི་འཇུག་སྒོ་


GLG007_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཅིག་རུང་ཆོས་ཚུགས་ཚུལ་བཞིན་བྱས་ན་རྒྱལ་པོ་ཀྲྀ་ཀྲིའི་རྨི་ལྟས་བཞིན་ཐར་པ་བགྲོད་པའི་འབྲས་བུ་ཤ་སྟག་ཏུ་མངོན་པས་སྡངས་ཞུགས་བགྱིད་པར་མི་རིགས་མོད། འོན་ཀྱང་ཕྱིའི་ཀུན་སྤྱོད་རྣམས་ཀྱང་ནག་ཕྱོགས་ཀྱིས་ཡིད་བརླམས་ཏེ་ཁྱིམ་པའི་སྤྱོད་ཚུལ་ཁོ་ནས་བསྟན་པའི་ཆོམ་རྐུན་དུ་མ་ཟད་རང་གཞན་གྱི་བདེ་སྐྱིད་གཞུང་ལ་རེ་བཞིན་དུ་བསམ་སྦྱོར་ལོག་པའི་མི་ཡན་བསྟེན་བསྐྱིལ་མཆོད་ཡོན་གྱི་ཕྱོགས་འགལ་ལྷོ་འབྲུག་དང་དགྲ་བསྡོངས་ལག་སྦྲེལ་བའི་བྱ་ལེན་ཚང་སྐྱེལ་སོགས་བྱེད་ངན་སྣ་ཚོགས་བྱུང་བར་བརྟེན་གནས་ནས་མི་དབྱུང་མཐུ་མེད་བྱུང་ཞིང་། དགོན་གནས་འདི་གཞན་དང་མ་འདྲའི་གཤིས་བསྟན་འགྲོ་སྤྱི་དང་བྱེ་བྲག་གངས་ཅན་ཕན་བདེའི་རྩ་ལག་ཆེད་ཆོས་སྡེ་གསར་དུ་དགའ་ལྡན་བདུད་འཇོམས་གླིང་བཙུགས་ཏེ་ལྷ་ཁང་དང་སྒྲུབ་ཕུག་ཏུ་མཆོད་པ་སྣ་ལྔ་རེ། དགེ་བཅུ་རབ་བརྟན་གླིང་གི་མཆོད་རྒྱུན། མགོན་ཁང་དུ་གཏོར་གསོས། ཚོགས་པ་བརྒྱད་ཅུ་སྐོར། གཉེར་ལས་བྱེད། རྫི་བོ། ཚོང་པ་སོགས་ཀྱི་ཕོག་ཇ་ཐུག །ཟླ་བ་བྱུང་ངོ་ཅོག་གི་ཚེས་གསུམ་ལ་བརྒྱགས་རྔན། ཚེས་བརྒྱད་ལ་མི་འཁྲུགས་པ། བཅུར་བླ་མ་གསང་འདུས། བཅོ་ལྔར་ཡང་དག །ཉེར་དགུར་ནག་པོ་སྐོར་གསུམ། རྣམ་སྲས། ལྷ་མོ། ཕྱག་བཞི་པ། དུད་སོལ་མ་རྣམས་ཀྱི་བསྐང་བ། ཟླ་བ་དང་པོའི་ཚེས་གཅིག་ལ་སྲིད་གསུམ་བདག་མོའི་གཏོར་ཆེན། སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུར་བླ་མ་གསང་འདུས་རྣམས་ཀྱི་ཆོ་ག །གནས་མཇལ་བར་ཚོགས་འཁོར། སྦྱིན་བདག་ལ་སྣེ་ལེན། བཅུ་པའི་ཉེར་ལྔ་མཆོད་པ། བཅུ་གཅིག་པར་གཏོར་གཞི་སྤོ་བ། ཉེར་དགུར་བསྟན་སྲིད་སྤྱི་རིམ་གཏོར་བཟློག །


GLG007_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་གནས་མཇལ་དང་གནས་འབྲེལ་སྡོད་མིར་ཇ་ཐུག་སྟེར་ཞིང་དར་ཆེན་འཛུགས་པ་སོགས་གཏོང་སྒོ་བསྡོམས་མཁར་ཁལ་ལྔ་སྟོང་དགུ་བརྒྱ། གཞིས་ཀ་རབ་བརྟན་གླིང་མ་ལག །འཆམས་ཆས། སྦུག་སིལ། ཐབ་གདན་ཆས། བསྡད་གྲོང་དུད་ཆིག་བརྒྱ་ཉེར་གསུམ། རུ་བ་དང་ཚོང་པ་གསར་བཙུགས། ལྷ་ཁང་དང་སེང་རྫོང་ཕྱོགས་སུ་གཞན་ལུགས་ཀྱི་དགོན་མང་ཙམ་འདུག་པ་ཆོས་ཚུགས་མ་དོར་ཞིང་སྙོམས་ཆུང་སྡོད་མཁས་བྱུང་ན་སངས་རྒྱས་ཀྱི་བསྟན་པའི་ཆོས་སྒོར་ཞུགས་གྲས་ཡིན་པས་ཀུན་སློང་ངན་པ་མི་རིགས་ནའང་ཕྱིའི་ཀུན་སྤྱོད་དང་ནང་གི་ཉམས་ལེན་གང་ལའང་ལྟ་རྒྱུ་མེད་པར་སྒྲུབ་གནས་འགངས་ཆེ་སར་ཆོས་མེད་ཟོག་འཁྱམས་བྱེད་མང་རྣམས་འདུ་ཁུང་དུ་གྱུར་པ་མ་འགབ་པས་བདུད་འཇོམས་གླིང་དང་ཕྱོགས་མཚུངས་སུ་བར་གླིང་དང་། དུར་ཁྲོད་ལ་ཁའི་བཙུན་མ་རྣམས་རང་ལུགས་སུ་བསྒྱུར་བའི་ཐོག་བཙུན་གསར་ཁ་ཤས་བསྣན་པ་དང་བཅས་དགེ་བཅུ་དགའ་ལྡན་བཀྲ་ཤིས་གླིང་དུ་བཙུན་མའི་དགོན་གསར་བཙུགས་ཀྱི་གཏོང་སྒོ་དྲི་གཙང་ཁང་དུ་མཆོད་པ་སྣ་ལྔ་གསུམ་རེ། མགོན་ཁང་དུ་མཆོད་པ་ལྔ་རེ། བླ་ཚབ་དཀོན་གཉེར་ཉིས་ལྕོགས་གཅིག་བཅས་དྲུག །བྱང་འདྲེན། དགེ་སྐོས། དུང་པ། ཆབ་རིལ་བ། ཆུ་མ། བ་རྫི། ཚོགས་པ་རྣམས་ཁྱོན་བདུན་ཅུ་སྐོར་ལ་ཟླ་བ་བརྒྱད་ཀྱི་བར་ཉིན་སྟར་ཇ་ཐུག་རེ། ཚེས་བཅུ་བྱུང་རེས་ཀྱི་བླ་མ་མཆོད་པ། བཅོ་ལྔ་ནམ་བྱུང་ལ་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་སྲིད་ཞིའི་གདུང་སེལ། ལྔ་མཆོད་ཆེན་མོར་དམིགས་བརྩེ་མ། བློ་བཟང་རྒྱལ་བ་མ། མཁྱེན་


GLG007_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེ་ནུས་མངའ་མ། སྒྲོལ་ཤེར། གཏོར་མ། སྨོན་ལམ་རྣམ་གསུམ་སོགས་གང་རྒྱས། ཟླ་བ་བདུན་པའི་ནང་དཀར་མེ་བསྐུལ་ཆང་སོགས་ཚ་ར་ཇ་ཐུག་གིས་མཚོན་ཐོན་རྩིས་འབྲུ་ཁལ་ཆིག་སྟོང་བདུན་བརྒྱ། མར་ཁལ་ཆིག་བརྒྱ་ཞེ་བདུན། ཕྱུར་ཁལ་ང་གསུམ་ཐོན་ངེས། ནམ་སྟེང་དགོན་ལག་ཐ་སྐར་ཆུ་ལག་དགོན་པ་བར་མ་ཎི་བསྒྲུབ་ཐེབས་སུ་སོན་ཁལ་རེའི་རྩིས་ཀྱི་ཞིང་མིག་ལྔ། གནམ་སྤྲོ་དགོན་པ་བར་ཚེས་བཅུའི་ཐེབས་ལ་ལོ་སྟར་གཤོར་ཁལ་བཞི་བཅུ་རེ། མཚོ་སྣ་ཕྱོགས་སུ་གཞན་ལུགས་ཀྱི་བཙུན་མའི་དགོན་མང་ཙམ་སོ་སོས་རང་ལུགས་ལྷད་མེད་བཅད་མཚམས་དང་མཐུན་པ་ཞིག་ཡོད་ན་རྣམ་གྲོལ་རྒྱུར་འགྲོའི་མཆོད་གནས་ཡིན་ཀྱང་ཕྱི་ནང་སྤྱོད་པ་ཀུན་བསྟན་པར་མིག་བལྟོས་ངན་པ་ཁོ་ནས་བསླད་དེ་འཇིག་རྟེན་པ་རང་ག་བ་ལས་ཞེར་བ་དེ་ལམ་དུ་ལུས་ན་རང་གཞན་གྱི་འདི་ཕྱིའི་ལེགས་ཚོགས་གཏན་བརླག་ཏུ་གྱུར་དོགས་ད་ནས་བཟུང་རྒྱུན་ངན་དེ་རིགས་སུ་མི་འགྲོ་བའི་རང་ལུགས་བཙུན་དགོན་གསར་འཛུགས་བྱས་ན་མི་སྡེ་སོགས་ཚང་མར་ཕན་སླེབས་ཆེ་བའི་ཕྱིར་མཚོ་སྣ་དགའ་ལྡན་འགྲོ་དོན་གླིང་གསར་དུ་བཙུགས་པའི་བླ་མ་སློབ་དཔོན་དབུ་མཛད་མ་དང་། གྲ་པ། ཉེར་གནས། སྤྱི་པ། ཁང་གཉེར། བ་རྫི་བཅས་ཁྱོན་བརྒྱ་རེ་གསུམ་སྐོར་ལ་ཆོས་ཐོག་ཟླ་བ་གསུམ་གྱི་རིང་ཕོགས། ཉིན་སྟར་ཇ་ཐུག་གཉིས་རེ། ཟླ་བ་དང་པོའི་ཚེས་གཅིག་ལ་ལོ་གསར། ཟླ་བ་ངོ་རེ་བཞིན་བཅོ་ལྔར་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་སྲིད་ཞིའི་གདུང་སེལ། ལྔ་མཆོད་ཆེན་མོར་མཆོད་པ་བདུན་རེ། །ཚ་ར་ཇ་འཕར་དང་བཅས་གཏོང་སྒོ་བསྡོམས་འབྲུ་ཆིག་སྟོང་སུམ་བརྒྱ་སོ་དྲུག །མར་


GLG007_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཁལ་ཆིག་བརྒྱ་ཞེ་བདུན། ཕྱུར་ཁལ་ང་གསུམ་ཐོན་ངེས་ཆོས་གཞིས་རྙིང་པས་མ་ལྡང་པའི་འཕྲོས་མཚོ་སྣའི་དུད་སྟོངས་ཞིང་དང་། ལྷུན་རྩེ་ནས་གཤོར་འདེབས། ཇ་སོགས་དགོས་ཆ་བྱིངས་ལྷ་ས་དང་པོ་ཏ་ལ་གང་རིགས་ནས་སྤྲོད་འཛིན་ཆག་མེད། ཟུར་མང་ཁུལ་བོད་འབྲོག་རྣམས་ཀྱི་བསོད་ནམས་གསོག་པའི་མཆོད་ཡུལ་དུ་རང་ལུགས་སྔགས་གྲ་བཅུ་དྲུག་སྡེ་གསར་བཙུགས་ཀྱི་ཆུ་མ་གཅིག་དང་བཅས་པར་ཆོས་ཐོག་ཆོས་མཚམས་ཀྱི་པར་བཀབ་མེད་པར་ཁོར་ཡུག་ཏུ་ཇ་ཐུག་སོ་སོ་ནས་གཉིས་རེ། ཟླ་རེར་ཕོགས་ཁལ་གཉིས་རེ། རྒྱུན་མཆོད་ནར་མ། ལོ་གསར་ཚེས་གཅིག །ཟླ་བ་བཞི་པའི་ཚེས་བརྒྱད་ལ་སྨན་བླ་ཚར་བདུན་རེ། ཟླ་བ་བརྒྱད་ཀྱི་ཚེས་བཅོ་ལྔར་ཀུན་རིག་ཆོ་ག་རེ། རྗེ་བཙུན་བཙོང་ཁ་པ་དང་། པཎ་ཆེན་དགེ་འདུན་གྲུབ་པ་སྐུ་ན་རིམ་བཞིའི་དུས་མཆོད་ཉིན་ལྔ་པོར་ས་ལམ་སྨོན་ལམ་རྣམ་གསུམ་སོགས་ཆོས་སྤྱོད་ལ་ནན་ཏན། བཅུ་གཅིག་པའི་ནང་གཏོར་གཞི་སྤོ་བ་ཉིན་གང་མའི་མཇུག་དྲུག་ཅུ་པའི་གློ་བུར་ལས་བཅོལ་གྱི་གཏོར་འཕེན། ཟླ་བ་བཅུ་གཅིག་གི་ཉེར་དགུ་བྱུང་རེས་ཀྱི་ནག་པོ་སྐོར་གསུམ། ཚེས་བཅུ་བྱུང་རེས་ཀྱི་འདོད་ཁམས་དབང་ཕྱུག་མའི་བསྐང་བ་རྣམས་ལ་མཆོད་ཆས། ཚ་ར། ཇ་ཐུག །མགྲོན་ཐེབས་བཅས་ཁྱོན་ནས་ཁལ་ཕྱེད་ལྔ་བརྒྱ། རྩམ་རྗེན་བསྡོམས་ཁལ་ཆིག་བརྒྱ་ཉི་ཤུ། ཇ་འདེགས་ཁལ་བཅུ་གཉིས་ཉག་བཅུ། མར་ཁལ་གྱ་དྲུག །ཕྱུར་ཁལ་ཉེར་གསུམ་སོགས་སྟར་ཆགས་ཟུར་མང་གཞིས་སྡོད་ཀྱིས་རིམ་སྤྲོད། ལ་ཕྱི་ཆུ་དབར་ཕྱོགས་འདི་རྣལ་འབྱོར་དབང་ཕྱུག་མི་ལ་བཞད་


GLG007_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྡོ་རྗེའི་དབེན་གནས་མཆོག་ཏུ་གྱུར་བ་ཞིག་ཡིན་ཞིང་འབྲེལ་མཚུངས་ཀྱི་སྒྲུབ་སྡེ་ཆོས་ཚུགས་དང་ལྡན་པ་བསྟན་རྒྱུན་ལ་ཕན་པའི་སྒོམ་སྒྲུབ་བྱེད་མི་བྱུང་ན་ལྟ་གྲུབ་ལ་མ་བལྟོས་པའི་སུ་བྱུང་ལ་ཁྱད་པར་ཆེ་བ་མི་འདུག་ཀྱང་དུས་ཕྱིས་ཐར་པ་དོན་གཉེར་མིན་པའི་ཟོག་འཁྱམས་བློ་མ་སྲུན་གྱི་འདུ་ཕུང་ལྟ་བུར་འདུག་པའི་གནས་ཚུལ་རིམ་པར་བྱུང་བ་ལྟར་དེར་ཡོད་ཀྱི་གྲ་བཙུན་རྣམས་འཕོ་བསྐྱས་ངོས་རྒྱལ་བ་བུ་རམ་ཤིང་པའི་བསྟན་པ་རིན་པོ་ཆེ་འཕེལ་རྒྱས་དང་། མི་སྡེའི་མཆོད་ཡུལ་ལ་དམིགས་འདུལ་ཁྲིམས་དང་ལྡན་པ་བླ་གྲ་སུམ་ཅུས་མི་འཁྲུགས་པ། གསང་བ་འདུས་པ། རྡོ་རྗེ་འཇིགས་བྱེད། ཕྱག་དྲུག་པ། རྣམ་སྲས། ལས་གཤིན། དམག་ཟོར་མ། ཚེ་རིང་མཆེད་ལྔ། ཞིང་སྐྱོང་། རྒྱལ་པོ་དང་བཅས་པའི་ཆོ་ག་བསྐང་གསོ་གཙོ་བོར་བཏོན་པའི་སྔགས་གྲ་དགོན་དགའ་ལྡན་འགྲོ་ཕན་གླིང་གསར་དུ་བཙུགས་པ་ས་སྣེར་གྲ་ཚང་ཚུགས་ཟིན་འཕེལ་རྒྱས་ཆེ་བ་ཞིག་བྱུང་ན་སྙམ་ཕོགས་གཏོང་སྒོ་ཚང་མ་ཆོས་སྡེ་གསར་བཙུགས་གཞན་ལས་གཟེང་སྟོད། ལོ་འཁོར་རྒྱུན་མཆོད་ནར་མ་། བླ་གཉེར་གྲ་དམངས་ལས་བྱེད་བསྡོམས་བཞི་བཅུ་ཞེ་གཅིག་ལ་ཆོས་ཐོག་ཟླ་བ་བཅུའི་ཕོགས། ཇ་ཐུག་སོ་སོ་ནས་གཉིས་རེ། ཆོས་མཚམས་ལ་ཇ་ཐུག་རེ། ཟླ་བ་དང་པོའི་ཚེས་བརྒྱད། གཉིས་པའི་བཅོ་ལྔ། ལྔ་པའི་གནམ་གང་། དྲུག་པའི་ཚེས་བཞི་རྣམས་ལ་མི་འཁྲུགས་པ། བདུན་པའི་ཚེས་བརྒྱད། དགུ་པའི་བཅོ་ལྔ། བཅུ་པའི་གནམ་གང་། བཅུ་གཉིས་པའི་བཅོ་ལྔ་རྣམས་ལ་གསང་འདུས་ཆོ་ག་ཚོར་མཆོད་པ་སྣ་ལྔ་ཉེར་གཅིག་རེ། ཟླ་བ་དང་


GLG007_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཚེས་གཅིག་ལ་ལོ་གསར་དང་གསུམ་ལ་གཏོར་གཞི་སྤོ། ཟླ་བ་བྱུང་ངོ་ཅོག་གི་ཚེས་གསུམ་དང་ཉེར་ལྔ་བྱུང་རེས་ཀྱི་བསྐང་བ། ལྔ་མཆོད་ཆེན་མོ་སོགས་སྐུ་མཆོད་ལྔ་པོར་མཆོད་པ་སྣ་ལྔ་བདུན་རེ། ཟླ་བ་བཞི་པ་དང་བཅུ་གཅིག་པའི་ཉ་སྟོང་བརྒྱད་གསུམ་ལ་དུས་བཟང་ཆོས་སྤྱོད། དྲུག་པའི་ཚེས་བཅོ་ལྔ་དང་གནམ་གང་། བདུན་པའི་ཚེས་བཅོ་ལྔ་བཅས་པར་གསོ་སྦྱོང་ལ་མང་ཇ་འཕར་རེ། བདུན་པའི་གནམ་གང་ལ་དགག་དབྱེར་མང་ཇ་གསུམ། འབྲས་ཚ་འཕར། ཟླ་བ་ངོ་རེ་བཞིན་ཚེས་བཅུར་ལྷ་མོའི་བསྐང་གསོ། ཟླ་བ་བཅུ་གཅིག་པའི་ཉེར་དགུར་འཇིགས་བྱེད་དྲུག་ཅུ་པའི་གཏོར་བཟློག་བསྟན་སྲིད་སྤྱི་རིམ་ལ་དམིགས་པ་དང་། ཟླ་བ་གཞན་གྱི་ཉེར་དགུ་བྱུང་རེས་ཀྱི་ནག་པོ་སྐོར་གསུམ་དང་ལྷ་མོའི་དུས་གཏོར་སོགས་གཏོང་སྒོ་འཁྲོལ་དང་བཅས་ཆོས་གཞིས་རྙིང་པ་ཆུ་དབར་སྒྲུབ་སྡེ་ཉེ་སྐོར། ཕ་དྲུག་ཀླུ་སྡིངས་ཀྱི་འབྱེད་ཁྲ་ཟུར་གསལ་དབུས་ཆ་བཅས་བསྡོམས་མཁར་ཁལ་ཆིག་སྟོང་དྲུག་བརྒྱ་གྱ་ལྔ། དུད་ཉེར་དྲུག །སྐུ་གསུང་ཐུགས་རྟེན། ཐབ་གདན་ཆས་སྤྲོད་རྙིང་རང་འཇགས། ཚོང་ཁག་གཅིག་གི་དྲེལ་ཁག་གཅིག་བཅས་ཇི་སྲིད་བསྟན་པ་གནས་ཀྱི་བར་སྦྱོར་འཇགས་བྱས། ཚེས་བཅུ་གསུམ་ལ་ཞབས་དྲུང་ནོར་བུ་ཁྲ་སྦྱོར་གྱིས་སྐྱེས་ཀྱི་བདོག་པ་འགྱེད་བཅས་གྲ་ཚང་ནས་མཁའ་འགྲོ་སྡེ་ལྔར་བརྟེན་པའི་རིང་འཚོའི་ཆོ་ག་མཛད། ཞ་ལུ་མཁན་པོ། ཞབས་དྲུང་རི་བོ་ཆེ་པ། ལྷོ་བྲག་གནས་གཞི་བ། ལྷོ་པ་བླ་མ། མཁའ་འགྲོ་དགེ་ཚུལ་མ། རབ་བརྟན་གྱི་དཔོན་མོ། རྒྱལ་སྐོར་བ་བསོད་ནམས་


GLG007_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་དང་། འོག་མའི་བུ་མོ་ཚངས་ལྡན། ཟེ་མཁར་བའི་བཙུན་མ། གོང་དཀར་ཆོས་སྡེའི་བླ་མ་གསེར་གླིང་པ། འབའ་བླ་ཟུར། ད་ལའི་ཧུང་ཐའི་ཇི། ཨེར་ཏེ་ནི་དའི་ཆིང་། རྭ་སྒྲེང་མཁན་ཟུར། ཁལ་ཁ་ཨུ་རང་ཁང་། གུ་ཤྲཱི་ཆོས་རྗེ། དུར་བོད་བས་པས། མེར་གན་ཧུང་ཐའི་ཇི་སྟེ་མི་སྣ་བདུན་རྣམས་ལ་བྱིན་རླབས་དང་། གདན་ས་གོང་དང་བཀྲ་ཤིས་ལྷུན་པོའི་མི་སྣ། རི་བོ་བདེ་ཆེན་གྱི་མཁན་ཚབ་དང་གཉེར་པ། གསུང་རབ་གླིང་། ཐང་སག་པ། རིན་ཅེན་བྲག་པ་རྣམས་ཀྱི་བླ་གཉེར། རྒྱུད་སྨད་བླ་མའི་དབོན་པོ། རྩེས་དང་ལྔ་མཆོད་པ། དུམ་བུ་རེ་བ། ཐང་སྐྱ་བ། དོན་གཉིས་གླིང་པ། བྱེ་རྫིང་ཚོགས་པ། གསས་ཁང་པ་རྣམས་ཀྱི་གཉེར་པ། སྦྱོར་ར་སྤྲུལ་སྐུ། ཏྲེ་བོ་དཀར་པོ་ལྕོག་པ། སྣ་དཀར་རྩེ་པ། འབོག་གོང་མཁར་ལྟག་པ། ཞེ་བོ་པ་རྣམས་ཀྱི་ངོ་ཚབ། རྣམ་གླིང་འབྱོར་རྒྱས་པ། ཁེ་གསུམ་དཔོན་ཚང་རྣམས་ཀྱིས་ལེགས་བྱ་བསྟར་རྗེས་ཞ་ལུ་མཁན་ཆེན། བླ་མ་ལྷོ་པ། མཁའ་འགྲོ་དགེ་ཚུལ་མ་སོགས་ལ་ཕྱག་ན་རྡོ་རྗེ་འབྱུང་འདུལ་གྱི་རྗེས་གནང་དང་བོད་སོག་སུམ་བརྒྱར་མེ་ཏོག་གཏོར། གཏེར་སྟོན་རིགས་འཛིན་ཆེན་པོར་མཁའ་འགྲོའི་གཙོ་མོ་ཡེ་ཤེས་འཚོ་རྒྱལ་གྱིས་ལུང་བསྟན་ལྟར་དག་སྣང་མའི་ཚིགས་བཅད་ཚན་གྲངས་དང་བཅས་སྤེལ་མི་འབྱོར་པ་རྟེན་འབྲེལ་འགྲིག །ཚེས་བཅུ་བཞིར་སྡེ་པ་དང་དམག་ཟོར་ཚངས་དབང་ལ་འཆི་བླུའི་ཆོ་ག་བཏང་། ཚེས་བཅོ་ལྔ་ནས་བཟུང་ཉེར་བཞི་བར་ཚེ་བསྙེན་དམ་དུ་བཅད། ཡེར་པ་གྲ་ཚང་པ་བློ་བཟང་ཕུན་ཚོགས་ཀྱིས་མཁས་གྲུབ་རྗེའི་རྒྱུད་སྡེའི་སྤྱི་རྣམ་


GLG007_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ལམ་རིམ་ཁྲིད་ཡིག་འཇམ་དཔལ་ཞལ་ལུང་། སྟག་ལུང་གསང་སྔགས་ཆོས་འཁོར་བ་སྔགས་འཆང་ཡོངས་གྲགས་ཀྱིས་ཐང་ཡིག་ཤེལ་བྲག་མ། གསུང་རབ་གླིང་པ་མི་བསྐྱོད་པས་ཕར་ཕྱིན་འགྲེལ་པ་བློ་བཟང་དགོངས་རྒྱན་དང་འགྲེལ་པ་དོན་གསལ། བློ་བཟང་འདུལ་བས་ཕར་ཕྱིན་མཐའ་གཅོད་དང་དབུ་མ་འཇུག་པ། མངོན་རྟོགས་རྒྱན། མཛོད་རྩ་རྣམས་ཀྱི་རྒྱུགས་སྤྲད། ཧོར་ཟླ་གསུམ་པའི་ཚེས་གཉིས་ལ་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཁང་གི་དད་རྟེན་དུ་འདྲ་འབག་དངུལ་ལས་གྲུབ་པ་མི་ཚད་བཞེངས་པར་ནང་བཞུགས་ལ་དེ་བཞིན་གཤེགས་པའི་འཕེལ་གདུང་། རྒྱ་བལ་བོད་གསུམ་གྱི་རྟེན་བྱིན་ཅན་ཁ་ཤས། ངེད་རང་གི་དྲི་ཆགས་གོས་བུབས། དབུ་དང་སྟོད་སྨད་བར་གསུམ་པད་གཟུངས་རྣམས་ཀྱིས་ཕྱུར་བུར་གཏམས་པ་ལ་དམ་ཡེ་དབྱེར་མེད་དུ་བགྱིས། ཚེས་བཞིར་དད་སྟོབས་ལྡན་པ་དེ་ཉིད་ཀྱིས་རྒྱང་རིང་པོ་ནས་བསྐུར་བའི་གསོལ་འདེབས་རིང་འཚོ་སྨོན་ལམ། སྲིད་གསུམ་དབང་མོར་དམ་བསྒྲགས་འཕྲིན་བཅོལ། རྒྱལ་སྲས་ལྷ་བཟང་ཀླུ་དབང་གིས་སྒྲོལ་མའི་འདོད་གསོལ། རྟར་མདོ་ངག་དབང་ལྷུན་གྲུབ་ཀྱི་ངོར་གསོལ་འདེབས། དགེ་སློང་ཕྱག་རྡོར་དབང་ཕྱུག །བློ་གྲོས་རྣམ་རྒྱལ། སྔགས་རམས་པ་བློ་བཟང་ཚེ་དབང་གསུམ་གྱིས་གྲ་ཚང་དཀོན་གཉེར་འཇོག་ལ་དངུལ་སྲང་དགུ་རེ་ལས་གྲུབ་པའི་བུམ་པ་བཅུ། བློ་བཟང་སྐྱེས་མཆོག་གིས་སྟོན་པ་དང་རྗེ་བཙུན་བཙོང་ཁ་པ་ཆེན་པོ། མཆོད་དཔོན་པས་རྟ་འགྲིན་ཡང་གསང་ཁྲོས་པ། སྒྱིད་ཐང་ནོར་བུས་རྒྱལ་བ་མ་


GLG007_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཕམ་པ་དང་འདྲ་འབག །བྱམས་པ་ནོར་བུ་དང་བློ་གྲོས་རྣམ་རྒྱལ་གཉིས་ཀྱིས་རྒྱལ་བ་བཙོང་ཁ་པ། ཐུབ་དབང་། འཇིགས་བྱེད་དང་གསུམ། ལྕགས་སྤྲེལ་ལོ་ངེད་རང་ནས་དམ་པའི་ཆོས་ཀྱི་འབྲེལ་པ་ཚིག་གཅིག་ཡན་ཆད་ཞུས་པའི་བླ་མ་རྣམས་ཀྱི་སྐུ་བརྙན་གྲ་ཚར་གསུམ་རྣམས་བཞེངས་པའི་ཐང་གའི་རྒྱབ་ཡིག །བརྒྱད་གཏོར་དང་འཕྱོས་པ་སྐུ་སྐྱེས་གསང་ཕུར་འབུལ་རྒྱུའི་སྙན་དར་ཁ་བྱང་། ཕྱིར་བཟློག་འཁོར་ལོ་འབར་བའི་རྒྱུན་འཁྱེར། འཕྱོང་རྒྱས་པ་བོན་པོ་ཟླ་བ་རྒྱལ་མཚན། བཀྲ་ཤིས་ཚེ་བརྟན། ཕྱག་མ་བ་གསུམ་གྱི་ངོར་མལ་དྲོ་གཟི་ཆེན་ལ་བརྟེན་པའི་ཀླུའི་གསོལ་ཁ་ཕན་བདེའི་འབྱུང་གནས། ལི་ཐང་མཁན་ཟུར་བློ་བཟང་དོན་གྲུབ་ཀྱིས་བཀའ་འགྱུར་བཞེངས་པའི་དཀར་ཆག་ཆེ་བརྗོད། ཉི་ཐང་སྤྱི་ཚོགས་དང་དར་མོ་སྨན་རམས་པས་བསྐུལ་བའི་གླིང་སྟོད་སྐུ་སྐྱེ་ངག་དབང་གཞོན་ནུའི་གསོལ་འདེབས། མཆོད་དཔོན་པས་འབྲས་སྤུངས་སུ་རིང་འཚོ་བཙུགས་དུས་འཕན་ཕུལ་བའི་ཁ་བྱང་རྣམས་བསྐུལ་དོན་དང་མཚུངས་པར་བརྩམས། ཚེས་བདུན་ལ་ཞ་ལུ་དང་། རྒྱལ་གླིང་ཚོགས་མཁན་ཆེན། སྒེར་པ་རྗེ་དྲུང་། བདག་པོ་སྐུ་སྐྱེ་དང་གཉེར་པ། རྒྱལ་མཁན་པོའི་ངོ་ཚབ། ཀླུངས་ཤོད་དཔལ་འབར། དགོན་མདོ་སྔགས་གླིང་། ར་བ་སྨད་བླ་གཉེར། བཀྲ་ཤིས་བདེ་ཆེན། ར་བ་སྟོད། ཆོས་འཁོར་སྟེང་། གྲ་བྱམས་གླིང་། འབྲོག་བསམ་སྡིངས། མཚོ་སྣ་དགའ་ལྡན་རབ་རྒྱས་གླིང་། གྲ་སྡིངས་པོ་ཆེ། འོལ་དགའ་སླེབ་རི། སྒྲོ་བ་དགོན། དྲིན་ལས་པ། བཀྲ་ཤིས་རྩེ་ཆོས་སྡེ། སྙེ་ཐང་


GLG007_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་སྡེ་རྣམས་ཀྱི་གཉེར་པ། སྒམ་པོ་ཕྱག་མཛོད། ཞང་སྟོན་འདམ་པ་ནང་ཚང་སོགས་ཀྱིས་ལེགས་བྱ་བསྟར་བའི་སྡེབས་སུ། སྤོམ་འབོར་སྐུ་སྐྱེ། ཅོ་ནེ་ཆོས་རྗེའི་མི་སྣ། ཁལ་ཁ་ཨུ་རང་ཁང་། དའི་ཆིང་ཧུང་ཐའི་ཇི། ཆེ་ཆེན་ཧུང་ཐའི་ཇི། བསོད་ནམས་མགོན་པོ། བསོད་ནམས་བཀྲ་ཤིས་རྣམས་ཀྱི་མི་སྣ། སྨན་ཐང་པ་སོགས་ལྷ་བྲིས་པ་སུམ་ཅུ་བཅས་བོད་སོག་ཉིས་བརྒྱ་ཙམ་དང་ཕྲད། དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཁང་གི་སར་འགྲོ་མི་ཤག་སྐོར་ཟུར་པ་དང་འཕྱོང་རྒྱས་རབ་འབྱམས་པ་བློ་བཟང་བཀྲ་ཤིས། རྒྱལ་པོའི་མི་སྣ་བློ་བཟང་ཤེས་རབ་སོགས་རོགས་བཅས། དའི་ཆིང་ཧུང་ཐའི་ཇི་དང་ཆེ་ཆེན་ཧུང་ཐའི་ཇིའི་མི་སྣ་སོགས་ལྔ་བཅུ་སྐོར་ལ་ཕྱག་དྲུག་པའི་རྗེས་གནང་བར་གཅོད་ཀུན་སེལ་བསྐུར་ནས་སོ་སོར་སྣམ་ཕྲུག་གྱོན་པ་སོགས་སྟེར་བྱ་བཀའ་བསྒོ་བགྱིས་ཏེ་ཐོན། མེ་རག་བླ་མའི་གྲ་པ་ཞིག་དགེ་ཚུལ་དུ་བསྒྲུབས། ཚེས་བརྒྱད་ལ་དཔལ་མགོན་ཆེ་ཆུང་ལས་མཁན་དང་བཅས་མཉེས་བྱེད་མཆོད་པའི་སྤྲིན་ཕུང་མཐའ་ཀླས་པ་སྤྲོ་བར་ཚོགས་ལ་ཕྱིན་པའི་མུ་འཐུད་གྲ་ཚང་གིས་བསྐང་བ་ཉིན་གསུམ་རྒྱས་པར་གྱེར། ལྗངས་དབོན་པོའི་བུ་དཔལ་འབྱོར་རྒྱ་མཚོ་རྒྱུན་སྡོད་དྲུང་འཁོར་གྲས་ལ་བསྡད། ཚེས་བཅུ་ནས་བཟུང་ཉིན་བདུན་བར་གཏེར་སྒྲོམ་གྱི་སྨན་ཆུ་བསྟེན་ནས་མ་དག་པའི་དྲི་མ་བསལ། དཔོན་ཚང་ཚ་རོང་པའི་སློབ་མ་བློ་བཟང་དཔལ་འཕེལ་གྱིས་རྒྱུད་བཞིའི་རྒྱུགས་སྤྲད། ཚེས་བཅུ་དགུར་ད་ལའི་རྒྱལ་པོ་ཡབ་སྲས་བཀའ་འགྱུར་རོ་ཅོག་བཞེངས་པར་རབ་གནས་ཆེད་བྱོན་པ་བཞིན་དམ་ཡེ་དབྱེར་མེད་དུ་བསྟིམ་ཞིང་མེ་ཏོག་གཏོར། སྟག་རྩེའི་རྒྱལ་བུ་ལྷ་རྒྱལ་རབ་བརྟན། གཡོན་རུ་སྐུ་སྐྱེ། གྲ་ཐང་


GLG007_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་པོ་སོགས་སྡེབས་སུ་ཡོད། ཚེས་ཉི་ཤུར་རྒྱ་རི་ཞབས་དྲུང་། དཔོན་མོ་ཚེ་རིང་། བསོད་ནམས་དབང་རྒྱལ། བཀྲ་ཤིས་རྩེ་པ་སོགས་དང་མཇལ། ཉེར་བཞིར་གནས་ཆུང་སྐུ་རྟེན་པར་ཚེ་དབང་འཆི་མེད་དཔལ་སྟེར་བསྐུར། ཧོར་ཟླ་བཞི་པའི་ཚེས་གསུམ་ལ་དགེ་སློང་ཕུན་ཚོགས་རྒྱ་མཚོའི་ངོར་པོ་ཏ་ལའི་སྐོར་ཚད་དང་རྒྱུན་འདོན་གྱི་གསོལ་འདེབས་སྨོན་ལམ། ངག་དབང་ཀུན་དགའི་ངོར་ཐུགས་རྗེ་ཆེན་པོར་བརྟེན་པའི་བླ་མའི་རྣལ་འབྱོར། ཕུན་ཚོགས་དབང་པོས་བསམ་པ་ལྷུན་གྲུབ་མའི་ལས་ཚོགས་གསུམ་པ། དགེ་སློང་ངག་དབང་གིས་རྒྱལ་བ་བཙོང་ཁ་པ་ཆེན་པོའི་རྣམ་ཐར་ཞིང་བཀོད། དཔལ་འབྱོར་བཟང་པོས་པཎ་ཆེན་དགེ་འདུན་གྲུབ་ཀྱི་འཁྲུངས་རབས། རྣམ་པཎ་དཀོན་ཅོག་ཆོས་གྲགས་ཀྱིས་རྒྱན་དྲུག་སོགས་མཁས་གྲུབ་ཐོར་བསྡུས། ཟུར་འཕྲིན་ལས་རྣམ་རྒྱལ་གྱི་དོན་དུ་འོད་དཔག་མེད་དང་རྡོ་རྗེ་སེམས་དཔའི་སྟོང་ཐང་། གུ་རུ་མཚན་བརྒྱད། འཆམས་དཔོན་ངག་དབང་སྐལ་བཟང་གིས་ལོག་ཏྲི་ཞི་ཁྲོ། ཕུ་ལུང་བདུད་བཙན་དཔལ་བཟང་གིས་དམག་ཟོར་མ། མལ་དྲོ་ཚེ་བརྟན་གྱིས་འཇིགས་བྱེད་རྣམས་ཀྱི་སྐུ་ཐང་བཞེངས་པའི་རྒྱབ་ཡིག །དཔལ་གྲོང་སྔགས་རམས་པས་ཕའི་དོན་དུ་ཇོ་བོ། བཅུ་གཅིག་ཞལ། བྱམས་པ། རྗེ་རིན་པོ་ཆེ། ལོ་ཀེ་ཤྭ་ར་རྣམས་ལ་སྙན་ཤལ་དང་། ལྷ་ས་ཚེས་བཅུ་ནུབ་མ་བ་རྣམས་ཀྱིས་ཡེར་པར་འཕེན་སུམ་ཅུ་ཕུལ་བའི་ཁ་བྱང་། འབྲོག་ཁྲི་དཔོན་ཀུན་དགའ་བསོད་ནམས་ལྷུན་གྲུབ་ཀྱིས་བསྐུལ་མ་མཛད་པའི་གསོལ་འདེབས་དང་། ས་ཕུར་ལྷ་ཁྲའི་བརྒྱུད་འདེབས། ད་ལའི་ཧུང་ཐའི་ཇི་དང་སའི་ཚངས་པ་བསྟན་འཛིན་ད་ལའི་རྒྱལ་པོའི་སྲས་ལྕམ་སྲིང་གསུམ་


GLG007_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསྐུལ་བའི་གསོལ་འདེབས། སྤྱི་ཁང་མདོ་པ་དཀོན་ཅོག་རབ་བརྟན་གྱིས་བླ་མགོན་དབྱེར་མེད་ཀྱི་གསོལ་འདེབས། ཇོ་རིག་ཐུ་ཁོ་ཤོའུ་ཆིའི་སྡེ་དམངས་ཀྱིས་འདོན་རྒྱུ། ཆེ་ཆེན་དབོན་པོས་སྨན་བླ་སྟོང་ཚར་ལོ་སྟར་བཙུགས་པ། དགེ་སློང་འཇམ་དབྱངས་གྲགས་པས་གྲ་ཚང་དུ་སྤྱི་རྫས་ཁ་ཤས་སྦྱར་དུས། དཔོན་ས་བུ་ཁྲིད་རྒྱལ་མོས་སྤྱན་རས་གཟིགས་ཀྱི་མིག་འབྱེད་ལ་བརྟེན་པ་རྣམས་ཀྱི་སྨོན་ལམ། ངག་དབང་བཟོད་པས་ཤངས་དགའ་ལྡན་ཆོས་འཁོར་དུ་འཛུགས་རྒྱུ། དགའ་ལྡན་དོན་གཉིས་གླིང་བླ་སྤྱི། སོའི་སྔགས་འཆང་གནས་ཆུང་པ་རྣམས་ཀྱི་ངོར་རིང་འཚོ། བྱམས་ཁང་རྒྱབ་ཕོ་ལྷའི་ཁོག་པས་བསྐུལ་བའི་འདོད་གསོལ་རྣམས་བྲིས། ཚེས་བརྒྱད་ལ་ཚོམས་ཆེན་དུ་དབུ་སྒོར་ཆུང་བ། ཨོ་རོད་ནས་གསར་འབྱོར་དཔོན་མོ་བཀྲ་ཤིས། ཤི་རལ་ཐུ་ཆོས་རྗེ། ཨང་ག་བྱར་ཇའི་སང་། དར་ཁན་ཁཱ། དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཁང་གི་མི་སྣ་དར་རྒྱས་ཇའི་སང་། ད་ལའི་ཧུང་ཐའི་ཇིའི་ཇི་ནོང་། ཨེར་ཏེ་ནི་པཱ་ཐུར་ཐའི་ཇི། ཇོ་རིག་ཐུ་ཁོ་ཤོའུ་ཆི་ཐའི་ཇིས། ཨེར་ཁེ་ཇི་ནོང་གི་མི་སྣ། དའི་ཆིང་པཱ་ཐུར། ཁལ་ཁ་ནོ་ཡོན་ཁུ་ཐུག་ཐུ། མེར་གན་ཧུང་ཐའི་ཇི་གསུམ་གྱི་མི་སྣ་ཐོན་གདོང་སོགས་སོག་པོ་ཉིས་བརྒྱ་སྐོར། རྒྱ་རི་ཞབས་དྲུང་། དཔལ་འཁོར་ཆོས་སྡེའི་མཁན་ཟུར་ཁ་རབ་པ། བཀྲ་ཤིས་ལྗོངས་ཆོས་རྗེ་སོགས་བོད་པ་བརྒྱ་སྐོར་བཅས་དང་མཇལ་ཕྲད། རྒྱ་རི་ཞབས་དྲུང་དང་དཔོན་བཀྲ་ཤིས་ལ་རྟ་འགྲིན་གསང་སྒྲུབ་ཀྱི་སྒོ་ནས་བཀའ་བསྒོ་ཕུལ། ཚེས་དགུར་དགའ་ལྡན་ཆོས་འཁོར་ཡང་རྩེའི་བླ་གཉེར་གྲ་བཅས་ཀྱིས་སྣམ་ཕྲུག་སོགས་


GLG007_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་ཏེ་མི་མཐུན་སྡེ་ལས་རྒྱལ་བའི་བདེན་པ་བརྗོད། མདོ་སྔགས་གླིང་དང་ཕག་རི་འཇིགས་སྐྱབས་བླ་མ། དཔལ་དེ་རས་ཆེན། རྡོ་དགོན་པ་བའི་བུ་སོགས་ལ་ཇ་གྲལ་དང་། ཚེས་བཅུར་རི་བོ་ཆེ་ཞབས་དྲུང་། ཆོས་འཁོར་ཡང་རྩེའི་སློབ་དཔོན། རྡོ་དགའ་ལྡན་རྣམ་རྒྱལ་གཉེར་པ། གཞིས་བདག་ཀླུ་བཙན་པའི་རིང་འཚོའི་ཚན་གྲངས་སྐྱེལ་མི། རྩེ་གདོང་གི་མི་སྣ། སྒམ་པོའི་ཕྱག་མཛོད་སོགས་དང་ཕྲད་ཅིང་མདོ་མཁར་བས་ལེགས་བྱ་བསྟར། གནས་ཆུང་སྔགས་འཆང་གི་སྐྲ་ཕུད་བླངས་ཏེ་མིང་གནམ་ལྕགས་ཟིལ་གནོན་དཔའ་བོར་བཏགས། གྲ་ཚང་ནས་ཚེས་བཅུའི་མཆོད་གར་འཆམས་སོགས་སྔར་རྒྱུན་བཞིན་བགྱིས། གནམ་ལྷ་དཀར་པོའི་ཆས་གོས་དགེ་བསྙེན་དཀར་པོར་བསྒྱུར་སྐོར་ཅི་ཡིན་དང་། ལ་རྒྱའི་རྒྱུ་མཚན་རྒྱས་པ། སླད་ཆར་སྔར་རྒྱུན་བཞིན་དགོས་ཚུལ་བཅས་དགེ་སློང་འཇམ་དབྱངས་གྲགས་པ་ཚེས་བཅུ་གཅིག་ལ་གནོད་སྦྱིན་ཆེན་པོ་སྐུ་ཕེབས་ཞུ་བར་བཏང་བ་ལན་སྣ་ཚོགས་པ་མང་པོ་གསུངས་ཤིང་ཁྱད་པར། དགེ་བསྙེན་དཀར་པོ་ཞེས་བྱའི་གཟུགས་མེད་འདི། །ལེགས་ཉེས་རྟགས་ཀྱི་བཀོད་པ་གསལ་བ་ལ། །སྐྱེ་བོ་ཀུན་གྱི་གོ་བ་བདེ་བའི་ཕྱིར། །ད་ནས་ཡུན་གྱི་བར་དུ་འཇོག་བསམས་ཀྱང་། །དགེ་བཤེས་ཉིད་ཀྱི་རྣ་བར་མ་གཏད་ན། །དམ་ཚིག་ཉམས་པའི་རྐྱེན་དུ་འགྲོ་འདུག་པས། །ད་ནས་དགེ་བསྙེན་ཚུལ་དེ་སྦས་ནས་འཇོག །སྔར་རྒྱུན་བཞིན་དུ་བུད་མེད་ལུས་འདི་ལ། །ལོ་མོ་དུས་ཀྱི་མཆོད་དུས་སྔར་ལྟར་འབོད། །དེ་ལས་མང་བའི་བཀོད་པ་གང་བདེ་ནི། །དགེ་བཤེས་བཙན་པོ་ཀུན་གྱིས་མི་འགབ་པས། །གནས་ཚུལ་མཆན་དུ་གསལ་བ་ཡིད་འཇོག་


GLG007_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། །ཞེས་སོགས་གསུངས་ཏེ་སྔར་རྒྱུན་ལྟར་མཛད་པའི་ངན་ཁར་འཁྱོལ། ཚེས་བཅུ་བདུན་ལ་དགེ་སློང་འཇམ་དབྱངས་གྲགས་བས་ཨ་མི་དེ་ཝའི་ཤེལ་སྐུ་མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་གཉལ་སྨད་གེ་རེ་བྲག་ནས་སྤྱན་དྲངས་པ་སྨྲ་བོ་ལྕོག་གི་ནང་རྟེན་གཙིགས་ཅན། རྟགས་བརྒྱད་ཁ་བཏགས། ཀུན་བཟང་མཆོད་སྤྲིན་མ། བེར་གཉིས། འགན་སྦྱར་གཉིས་ཀྱིས་གཙོས་རུང་མཐུན་གྱོན་པ་ཆ་ཚང་བཞི། གོས་ཕྱི་ནང་དངོས་གཙང་ཡུག་རེ་རེ་ཡོད་པའི་དགུ་ཚན་སུམ་ཅུ། ཧུ་ཇ་ཁོར་དྲུག་མ་གཉིས། གཞུང་ཇ་ཁོར་དྲུག་མ་བཅུ། མར་ལྟང་དྲུག །འགའ་སྣམ་བརྒྱ། རས་དཀར་ཡུག །གྲ་ཚང་ལ་སྤྱི་འབུལ་དངུལ་སྲང་ཉིས་བརྒྱ་དང་ཞོ་གསུམ་རི་བ་འགྱེད་སྣ་ལྔ་བཅས་གྲ་ཚང་ནས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་སྤེལ་ཞིང་གྲ་ཚང་དྲུང་འཁོར་བཅས་པར་དཀར་དྲོ་བཤམས། ཕྱི་དྲོ་དཔལ་རི་བ་བླ་གཉེར་དང་མདོ་མཁར་ཆོས་སྡེའི་ལེགས་བྱ་བྱུང་ཞིང་མཚུར་ཕུ་ཕྱག་མཛོད་ཟུར་པ་བསྟན་སྲུང་། བསོད་སྙོམས་པ་གྲུབ་པའི་རྡོ་རྗེ། དོ་ནང་པདྨ་གླིང་པ། དཀོན་ཅོག་བློ་གྲོས། རྒྱལ་སྲས་དགེ་འདུན་གྱི་མི་སྣ་རྣམས་དང་ཕྲད། ཚེས་ཉི་ཤུར་བསྟན་འཛིན་ད་ལའི་རྒྱལ་པོས་གྱོན་སྣ་ཆ་འགྲིག །གོས་དར་ཇ་རས་སོགས་དགུ་ཚན་སོ་ལྔ། འགྱེད་བཅས་དྭངས་མ་བཅུད་འདྲེན་གྱི་ཆོག་སྒྲིགས་གསར་པའི་ཐོག་གྲ་ཚང་ནས་རིང་འཚོའི་རྟེན་འབྱུང་མཛད། དགའ་ལྡན་ཚེ་དབང་དཔལ་བཟང་དང་། རྒྱང་རོ་ལྷ་ཁང་བླ་མས་སྟེར་བྱ་འགྱེད་སོགས་སོ་སོས་སྤམས་བསྟོད་ཆོ་ག་སྔ་མ་བཞིན་གྱེར། བསྟན་འཛིན་ད་ལའི་རྒྱལ་པོ་བསྟང་ཞལ། རྒྱལ་པོ་བར་མའི་དབུ་


GLG007_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

སྒོར་ཆུང་བ་ནོ་ཡོན་དཀའ་བཅུ། དར་རྒྱས་ཇའི་སང་། ཇོ་རིག་ཐུ་དའི་ཆིང་། བསོད་ནམས་ཧུང་ཐའི་ཇི། རྒྱང་རོ་ལྷ་ཁང་བླ་མ་རྣམས་ལ་ཇ་གྲལ་བཏང་། གུང་གྲོལ་ནས་ཞ་ལུ་མཁན་ཆེན་ཧན་རབ་འབྱམས་པ། ཕན་བདེ་བའི་གྲ་རྙིང་བླ་མར་འགྲོ་མི་རྒྱས་པ་རབ་འབྱམས་པ་སོགས་ལ་བྱིན་རླབས་དང་ཕན་བདེའི་དགོན་རྙིང་མིང་དགའ་ལྡན་ཆོས་གླིང་དུ་བཏགས། ཉེར་གཅིག་ལ་ཆོས་གྲ་ཆེན་པོ་དཔལ་ལྡན་འབྲས་སྤུངས་པའི་བླ་གཉེར་གྲ་དམངས་དང་བཅས་པས་ཚན་གྲངས་སྔོན་འགྲོའི་མི་འགྱུར་གཡུང་དྲུང་ལྟ་བུའི་རང་བཞིན་དུ་དགེ་འདུན་མི་ཕྱེད་འདུས་པས་བདེན་སྟོབས་བསྟར་བའི་མུ་སྡིངས་ཁ་བླ་སྤྱིས་ཀྱང་འཐུད། ཕྱི་དྲོ་འཆད་ཀ་བླ་མ་སོགས་མང་དག་དང་ཕྲད། ཞང་སྟོན་སྒར་པ་ཚ་བཅས། རྟ་ར་མདོ་པ་ཨྱོན། དགེ་སློང་འཇམ་དབྱངས་གྲགས་པའི་ཚ་མོ་བཅས་ལ་ཚེ་དབང་འཆི་མེད་དཔལ་སྟེར་བསྐུར། བསོད་སྙོམས་པ་གྲུབ་པའི་རྡོ་རྗེར་ཇ་གོས་དར་སོགས་ཀྱི་སྟེར་བྱིན་བགྱིས་ནས་ཐོན། ཉེར་གཉིས་ལ་སེ་ར་ཐེག་ཆེན་གླིང་བླ་གཉེར་གྲ་བཅས་ཀྱིས་བདོག་པ་སྔོན་བཏང་གི་རིང་འཚོ་མཛད། བརྟག་པའི་རིམ་གྲོ་རྩེ་ཤོད་ཐུན་མོང་ལ་འཕྱོང་རྒྱས་དཔལ་རི་བས་ཁྲོ་རོལ། སྨིན་གྲོལ་གླིང་པས་ཀི་ཀང་གི་དགྲ་མནན། གཞིས་རྩེར་སྒྲོལ་མ་ཕུག་པས་ཁྲོ་རོལ། འུག་པ་ལུང་པས་དགྲ་མནན། དོ་བོ་རྫོང་དུ་གནས་གཞི་བ། ཀ་ཚལ་དུ་བླ་མ་ལྷ་མོ། ལྷ་རྩེར་བླ་མ་ཀྱི་སྟོན་པ་སྟེ་གསུམ་གྱིས་ཁྲོ་རོལ། རྒྱལ་རྩེར་བགྲད་པ། པ་ནམ་དུ་བྲག་ལ་བ། གོང་དཀར་དུ་སྔགས་འཆང་གནས་ཆུང་པ་གསུམ་གྱིས་དགྲ་མནན་རེ། རྡོ་རྗེ་བྲག་པས་མགོན་པོ་གཡུལ་བཟློག་བཅས་སྒྲུབ་ཞག་བདུན་རེ། ལོ་རིམ་ལ་ལྷ་ས་སོགས་རྫོང་གཞིས་ཉི་ཤུ་


GLG007_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དགེ་སློང་གཉིས་རེས་ཀླུ་གཏོར། གཏོར་མ་བརྒྱ་རྩ། གཅིག་གིས་གཟུངས་འདུས། ལྷ་བསངས་རྣམས་ཟླ་གཅིག་བར་དང་། ཡར་ངོར་བརྒྱགས་རྔན་བཞི་རེ། དགྲ་ལྷ་དཔངས་བསྟོད། དེ་མཚུངས་ཡུལ་གྲུ་ཆེ་ཆུང་དང་བསྟུན་སོ་སོས་གཟུངས་འདུས་གཅིག་ནས་བཅུའི་བར། ནད་རིམས་ཞི་ཕྱིར་ཕྱེ་ཕུད་གཤོར་བྲེ་རེ་ཙམ་དང་དེ་ཕྱིན་ཚངས་མ་རྫོང་གཞིས་སོ་སོ་ནས་བཏོན་ཏེ་གྲ་པ་ལྔ་བཅུ་རེས་བཀའ་འགྱུར་ཚར་རེ་སོང་། རྒྱལ་གསར་སྒང་པ་དཀོན་ཅོག་རྒྱུན་སྡོད་དྲུང་ཁྲོད་དུ་བསྡད། སྟག་རྩེ་ཐའི་ཇིར་ཇ་གྲལ་དང་ཚེ་དབང་གྲུབ་རྒྱལ་མ་དཔོན་གཡོག་སུམ་ཅུ་སྐོར་ལ་ཕུལ། ཉེར་གསུམ་ལ་ཞང་སྟོན་རི་ཁྲོད་པ་ཁམས་ཕྱོགས་ལ་འདེགས་པར་སྟེར་བྱ་དང་བཀའ་བསྒོ་བགྱིས། ཉེར་དགུར་ཞ་ལུ་མཁན་པོ་གནས་གསར་འཇམ་དབྱངས་བསྟན་འཛིན་ལ་བྱིན་རླབས་བཀའ་བསྒོ་བསྟར། རྒྱལ་སྲས་ལྕམ་སྲིང་གིས་གཙོས་བོད་སོག་ཉི་ཤུ་སྐོར་ལ་སེང་ལྡེང་ནགས་སྒྲོལ་དང་། ཕྱག་རྡོར་གོས་སྔོན་ཅན་གྱི་རྗེས་གནང་བསྐུར། ཅོ་ནེ་ཆོས་རྗེའི་ངོར་གོས་སྔོན་ཅན་གྱི་སྒྲུབ་ཐབས་དང་། རྒྱལ་སྲས་ལྷ་བཟང་ཀླུ་དབང་གིས་བསྐུལ་བའི་སྒྲོལ་བསྟོད་སྨོན་ལམ་དང་བཅས་པ་བརྩམས། འོད་མཆོག་སྤྲུལ་པའི་སྐུ་དང་མོལ་མཆིད་རྒྱས་པར་བྱུང་། ཧོར་ཟླ་ལྔ་པའི་ཚེས་གཅིག་ལ་དར་མོ་སྨན་རམས་པའི་སློབ་མ་ངག་དབང་དོན་གྲུབ་ཀྱིས་རྒྱུད་བཞིའི་རྒྱུགས་སྤྲད། ཚེས་ལྔར་ཐང་སག་དགའ་ལྡན་ཆོས་འཁོར་བླ་སྤྱི་གྲ་བཅས་དང་། ཚེར་གསེབ་དགོན་སོ་སོས་བདོག་པའི་སྐྱེས་དང་བཅས་ཡིད་སྲུབས་སྡེ་ལས་རྒྱལ་བའི་སྨོན་ལམ་བཏབ། ཐང་སག་བླ་མ། པོ་ཏོ་ཆོས་རྗེ།


GLG007_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་མོ་བླ་མ། མདོ་མཁར་ལྕམ་མ་བུ། ཧོར་རྫ་དམར་ཕ་བུ། དགའ་ལྡན་རབ་བརྟན་བླ་མར་འགྲོ་མི་དགེ་སློང་བློ་བཟང་བསྟན་འཛིན་སོགས་དང་ཕྲད་ཅིང་མདོ་མཁར་ལྕམ་གྱི་སྐྲ་ཕུད་བླངས་ཏེ་མིང་འཇམ་དབྱངས་དབང་མོར་བཏགས། ཚེས་དྲུག་ནས་གྲྭ་ཚང་དུ་ཨར་གཏད་བཙུགས་པར་སྔགས་བྱེ་བ་གཅིག་སུམ་འབུམ་ཉི་ཁྲི་ལྔ་སྟོང་བདུན་བརྒྱ་སོང་། ཚེས་བརྒྱད་ལ་དམག་ཟོར་ཚངས་དབང་གི་ངོར་གསོལ་འདེབས། སྔགས་རམས་པ་དོན་གྲུབ་རྒྱ་མཚོས་བསྐུལ་བའི་འབྲི་གུང་དཀོན་ཅོག་ཕུན་ཚོགས་ལ་སློབ་དཔོན་ཆེན་པོས་གནང་བའི་གཟུངས་སྒྲུབ་དང་འབྲེལ་བའི་བསྔོ་སྨོན། མཆོད་དཔོན་པའི་ངོར་ཡང་གསང་ཁྲོས་པ་ལྷ་དགུའི་སྒོ་ནས་དྲག་པོ་ཟོར་གྱི་འཕྲིན་ལས་རྡོ་རྗེ་ཕ་ལམ། སྒྲུབ་བསྙེན་ལ་ཉེ་བར་མཁོ་བའི་དངོས་གྲུབ་ལེན་ཆོག་ཡིད་བཞིན་དབང་རྒྱལ། ཚངས་པ་དུང་ཐོད་ཅན་གྱི་འཕྲིན་ལན་ཚིགས་སུ་བཅད་པ། འོད་མཆོག་སྤྲུལ་སྐུའི་གསུང་གིས་བསྐུལ་བའི་རིང་འཚོ་རྣམས་བྲིས། ཚེས་བཅུ་གཅིག་ནས་བཅོ་བརྒྱད་ཀྱི་བར་འཆམས་དཔོན་ངག་དབང་དཀོན་ཅོག །བློ་བཟང་ཡེ་ཤེས་སོགས་བསྙེན་རྫོགས་པ་སུམ་བརྒྱ་དང་སོ་དྲུག །བྷྲུཾ་པ་ཆོས་མཛད་འཕྲིན་ལས་དཔལ་བཟང་སོགས་དགེ་ཚུལ་བརྒྱ་དང་ཞེ་གཅིག་རྣམས་བསྒྲུབས། ཚེས་བཅུ་གཉིས་ལ་འོད་མཆོག་སྤྲུལ་པའི་སྐུར་སྐྱེས་ལན་དང་སྔ་འགྱུར་གྱི་བསྟན་པར་འཆད་ཉན་གང་སྨར་དགོས་ཚུལ་མོལ་ནས་ཐོན། ཚེས་བཅུ་གསུམ་ལ་ཕ་བོང་ཁའི་ཞལ་སྔ་ནས་དང་གྲ་ཚང་ཡོངས་རྫོགས་ལ་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་རྗེས་གནང་བསྐུར། ཚེས་བཅུ་བཞིར་རྟ་ཚག་རྗེ་དྲུང་། གྲ་ཚང་གི་གྲ་པ་ཁ་ཤས་བཅས་པར་ཐེག་ཆེན་བསྙེན་གནས་ཀྱི་སྡོམ་པ་ཕབ།


GLG007_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་བཅུ་དྲུག་ལ་རས་ཆུང་ཕུག་སྤྲུལ་སྐུ་གཤེགས་པའི་བསྔོ་རྟེན་སྐུ་གསུང་ཐུགས་རྟེན། ཇ་གོས་དར། སྒ་ཆས་སོགས་དགུ་ཚན་སུམ་ཅུ་འབྱོར་དོན་བཞིན་ས་ལམ་གྱི་བར་གཅོད་ཞི་ཞིང་གཞན་དོན་རྒྱ་ཆེན་འབྱུང་བའི་རྒྱུར་བསྔོས། ཚེས་བཅོ་བརྒྱད་རྗེས་མར་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་ཁྲི་གདན་ཟུར། ཤར་རྩེའི་ཚབ་མ། བྱང་རྩེ་ཆོས་རྗེ། སློབ་དཔོན་གསུམ། གྲ་པ་སུམ་བརྒྱ། དགོན་ལག་ལང་ལོང་བཙུན་མ་དང་བཅས་པས་དངོས་པོའི་ཚན་གྲངས་སྔོན་བཏེག་གིས་རིང་འཚོའི་སྨོན་ལམ་གནས་བཅུར་བརྟེན་པ་མཛད་པའི་ཚེ་བྱང་རྩེ་ཆོས་རྗེས་ལུང་རིགས་ཀྱི་ལམ་ནས་དྲངས་ཏེ་གཏན་སྡོད་དགོས་པའི་རྒྱུ་མཚན་དང་འབྲེལ་བ་གསུང་བར་སྤྱིར་དགེ་འདུན་དེ་ནང་ནས་ཀྱང་གདན་སའི་སློབ་དཔོན་རྣམས་ཀྱིས་བདེན་སྟོབས་བསྟར་བའི་ནུས་མཐུས་ཚེ་སྲོག་གི་བར་གཅོད་སེལ་བར་ཕན་པ་གཞིར་བཅས་ཆོས་ཐམས་ཅད་རྟེན་འབྲེལ་ལ་བལྟོས་པ་བསྡོད་པའི་ཁས་ལེན་ཙམ་བགྱིས། དེ་རྗེས་གསང་ནེའུ་ཐོག་གི་ཞབས་དྲུང་གཉིས། དྲུང་ཆེན་བཞི། སློབ་དཔོན་བརྒྱད། ཟུར་ཕུ་གཉེར་པ། མཆོད་ཁང་པའི་ངོ་ཚབ་རྣམས་ཀྱིས་ཚན་གྲངས་དང་བཅས་རྟེན་འབྲེལ་བསྒྲིགས། བྱེ་རྫིང་དང་ཀ་དྲུག་མཁན་པོ། བྱང་རྩེ་ཆོས་རྗེ། ཞ་ལུ་སྐུ་ཞང་། ར་བ་སྟོད། རྣམ་རབ་དྭགས་པོ་གྲ་ཚང་། ཁམས་ལྕམ་མདའ་གསུམ་གྱི་བླ་མ། རྔོད་ཨ་རིག་དགོན་དང་སྟར་རྫོང་གི་ལེགས་བྱ་བྱུང་ཞིང་ངོ་བོ་ཐམས་ཅད་ལ་བྱིན་རླབས་བྱས། ཚེས་བཅུ་དགུར་བློ་བཟང་མགོན་པོ་རབ་བརྟན་བསོད་ནམས་དབང་རྒྱལ་མ་བཅས། ཨུ་ཞང་ངོ་བོ་བདུན་རྣམས་ལ་སྐྱེར་སྒང་


GLG007_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཀྱི་ཐུགས་རྗེ་ཆེན་པོ་དང་། དར་རྒྱས་ཇའི་སང་འཁོར་བཅས་ལ་གུར་ནས་བཤད་པའི་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་བསྐུར་ནས་བློ་བཟང་མགོན་པོ་རབ་བརྟན། ཨུ་ཞང་། དར་རྒྱས་ཇའི་སང་སོགས་སུམ་བརྒྱ་སྐོར་ལ་སྐུ་གསུང་ཐུགས་རྟེན། ཤལ་དཀར་དམར། སྣམ་ཕྲུག་སོགས་རྫོང་བདའི་སྟེར་བྱ་རྒྱས་པར་བྱས་ཤིང་གསར་འབྱོར་ཁལ་ཁ་སན་ཁང་། སིདྡྷི་ཤྲཱི། བི་ལིག་ཨེར་ཁེ་ཐའི་ཇི་རྣམས་ཀྱི་མི་སྣའི་ཡི་གེ་རྟེན་སྦྲགས་བླངས། ཚེས་ཉི་ཤུར་བདེ་མཆོག་མགོན་པོའི་བུར་ཚེ་དབང་འཆི་མེད་དཔལ་སྟེར་དང་། རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་དབང་བཞི་བྱིན་རླབས་བསྐུར། བླ་མ་སྐུ་གསུམ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་དང་བསམ་པ་ལྷུན་གྲུབ་མའི་ལུང་བཀླགས། ཉེར་བརྒྱད་ལ་གངས་ཅན་མཁན་པོ། རྒྱང་རོ་གསེར་སྡིངས་བླ་ཟུར། ཀོང་རྨེ་ཕུ་བླ་མ། བཤད་སྒྲུབ་གླིང་བླ་ཟུར། དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཁང་གི་མི་སྣ་ངག་དབང་ཆོས་གྲགས། སྐྱོང་ང་ནས་སོགས་ལ་ཇ་གྲལ་དང་། བཤད་སྒྲུབ་གླིང་བླ་ཟུར་གྱིས་ལམ་རིམ་ཞི་ལྷག་སྐོར་ལ་དྲི་བ་བྱེད་པར་གང་འཚམ་གྱི་ལན་བཏབ། བསམ་ཡས་ཆོས་སྐྱོང་དང་བརྟག་པ་གོ་བསྟུན་ངེད་ཀྱི་རིམ་གྲོར་སེར་འབྲས་གཉིས་སུ་ཇ་ཚུལ་སུམ་ཅུ་རེ། གཞིས་རྩེ་སོགས་རྫོང་གཞིས་བཅུ་བཞིར་དགོན་འབྲེལ་མཚུངས་ནས་གྲ་པ་ཚོ་བསྡུས་རྫོང་ཆེ་བར་བཞི་བརྒྱ། ཆུང་བར་བརྒྱ་ལྷག་རེ་བཅས་པས་མཚན་བརྗོད་ས་ཡ་གཅིག་ཉི་ཁྲི་ཉིས་སྟོང་། ཤེར་སྙིང་བྱེ་བ་གཅིག་ས་ཡ་གསུམ་ཆིག་འབུམ་ཆིག་ཁྲི་དགུ་བརྒྱ། སྒྲོལ་མ་བྱེ་བ་གཅིག་ས་ཡ་གཉིས་ཉིས་འབུམ་བརྒྱད་ཁྲི་དགུ་སྟོང་། ཚེ་གཟུངས་ཉིས་འབུམ་བཞི་


GLG007_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་བདུན་སྟོང་ལྔ་བརྒྱ། གདུགས་དཀར་ས་ཡ་ཉི་ཁྲི་དགུ་སྟོང་སུམ་བརྒྱ། སྡེ་པའི་སྐུ་རིམ་ལ་ལྷ་ས་དང་རྒྱལ་རྩེ་སོགས་རྫོང་གཞིས་བཅོ་བརྒྱད་དུ་དགོན་འབྲེལ་མཚུངས་གྲ་པ་ཚོ་བསྡུས་བཞི་བརྒྱ་ནས་དོན་ལྔ་ཡན་གྱི་མཚན་བརྗོད་བརྒྱད་འབུམ་ཉི་ཁྲི་བརྒྱད་སྟོང་། གདུགས་དཀར་ས་ཡ་གཅིག་བཞི་ཁྲི་སུམ་སྟོང་། ཤེར་སྙིང་བྱེ་བ་དང་ས་ཡ་རེ་ཆིག་འབུམ་ཉི་ཁྲི་བདུན་བརྒྱ་ལྔ་བཅུ། སྒྲོལ་མ་ས་ཡ་དགུ་དང་དྲུག་འབུམ་ཉི་ཁྲི་ཉིས་སྟོང་དྲུག་བརྒྱ། ཚེ་གཟུངས་ཆིག་འབུམ་ཉི་ཁྲི། ལ་མོའི་ལུང་བསྟན་ཐོགས་བབ་བྱུང་བ་ལྟར་སེར་འབྲས་དགེ་གསུམ་གྱིས་གཙོས་དབུས་ཁུལ་དགེ་ལུགས་དགོན་ཆ་གཉིས་དང་། ས་ལུགས་ཆ་གཅིག །གྲུབ་མཐའ་གཞན་བཅུ་སྐོར་བཅས་ཁྱོན་བརྒྱ་དང་བཅུར་མང་ཇ། འགྱེད་ཨང་དང་ལ་གཤོར་ཁལ་དོ་རེ་དང་ཨང་གཉིས་ལ་ཁལ་ཕྱེད་གཉིས་རེའི་ཐོག་དགེ་ལུགས་རྣམས་ཀྱིས་གདུགས་ཤེར། ས་ལུགས་སོགས་ཀྱིས་སྒྲོལ་མ་དང་ཚེ་གཟུངས་འགྲོ་གང་ཆེ། འབྲས་སྤུངས་སྔགས་ཁང་དུ་རྒྱུད་སྟོད་པ་དབུ་མཛད་སོགས་བཅོ་ལྔས་ཞག་ཉེར་གཉིས་བར་ཡ་མ་རཱ་ཛའི་སྔགས་རྒྱུན་རྗེས་གྲ་པ་བཅོ་ལྔ་སྤར་བའི་སུམ་ཅུས་ཞག་བདུན་གྱི་མཇུག་དྲུག་ཅུ་པའི་གློ་བུར་ལས་བཅོལ་གྱི་གཏོར་བཟློག །དགའ་ལྡན་མགོན་ཁང་དུ་རྒྱུད་སྨད་པས་གོང་འདྲ། རྒྱལ་དུ་ལྷ་མོར་བསྐང་བ་ཁྲི། འཕྱོང་རྒྱས་སུ་རི་བོ་བདེ་ཆེན་པས་དཀོན་བརྩེགས་དང་ཕལ་ཆེན་བརྒྱ་རེ། གཟུང་འདུས་རེ་ལྔ། ལྷ་སར་ཕ་བོང་ཁ་པ་ལྔ། ཁྲ་འབྲུག་ཏུ་བཀྲ་ཤིས་ཆོས་སྡེ་བ་ལྔ། གནས་ཆེན་འབྲེལ་མཚུངས་ནས་གྲ་པ་ལྔ་རེས་རབ་གནས་ཉིན་རེ། ཁྲ་འབྲུག་ཏུ་ཁ་གསོའི་འུ་ལག་རྣམས་ལ་ཐུག་པ་དང་ཆང་གིས་མཐུན་རྐྱེན། སྡེ་པའི་སྐུ་


GLG007_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་དུ་མངའ་དྭགས་རང་དགོན་སོ་སོར་རིལ་སྒྲུབ་དང་འབྲེལ་བའི་མ་ཎི་དུང་ཕྱུར། རྒྱལ་དུ་ཕྱག་དྲུག་པར་བསྐང་བ་ཁྲི། དཔལ་གསོལ་བརྒྱ་རྩ་ཚོགས་འཁོར་སྤྱན་གཟིགས་སོགས་གཟབས་གསོལ། འཕྱོང་རྒྱས་དང་གཞིས་རྩེ་སོགས་རྫོང་གཞིས་བཅུ་གསུམ་ནས་དགྲ་ལྷ་དཔངས་བསྟོད། བསངས་དང་བརྒྱགས་རྔན་གསུམ་རེ། ལྷ་ས། བསམ་ཡས། ཁྲ་འབྲུག་གསུམ་དུ་བརྒྱ་མཆོད་སྤྱན་འདྲེན་ཁྲུས་གསོལ། འཕྱོང་རྒྱས་སུ་རྩིས་འཁྲིའི་ཤི་ཤ་གང་ཡོང་མི་སེར་འཁྱེར་ཞན་ལ་བྱིན། ཇོ་རགས་རྒྱག་མི། གནས་ཆུང་གི་ཨར་པོའི་འུ་ལག །དབུས་གཙང་ཁམས་གསུམ་གྱི་ལམ་འཕོག་ཆེ་སར་གཤོར་ཁལ་གཉིས་རེའི་རྩིས་ཀྱི་དཔུས་འགྱེད། གནས་ཆུང་ཆོས་སྐྱོང་ཆེན་པོས་རིམ་གྲོའི་བསྐུལ་མ་བྱུང་བ་བཞིན་ངེད་ཀྱི་གེགས་སེལ་ལ་པོ་ཏ་ལར་སྒོ་བློ་བསྒྲིལ་བ་བརྒྱ་དང་བྱེས་པ་ལྔ་བཅུ་བཅས་པས་བཀའ་འགྱུར་ལྔ། བརྒྱད་སྟོང་པ་དང་གཟུངས་འདུས་སུམ་བརྒྱ་རེ། གསེར་འོད་ལྔ་བརྒྱ། གདུགས་དཀར་ཉིས་སྟོང་ལྔ་བརྒྱ། ཤེར་སྙིང་ཆིག་ཁྲི། སྡེ་པའི་སྐུ་རིམ་ལ་ལྷ་སར་གྲ་ཚང་ནས་གྲངས་བཅད་ཀྱིས་མདོས་ཁག་གཉིས། རྒྱབ་ཆོས་སུ་བདེ་ཡངས་པ་བརྒྱད་ཅུ་དང་། སེ་ར་སྨད་བདུན་ཅུས་ཤེར་སྙིང་སུམ་འབུམ་ཉིས་སྟོང་བདུན་བརྒྱ། གདུགས་དཀར་ཆིག་སྟོང་སུམ་བརྒྱ་ལྔ་བཅུ། ལྷ་སའི་ཁྲལ་ཐེན་པ་རྣམས་ལ་ཡ་ཇུ་ཉག་གསུམ་རེ། ངན་སློང་དྲུག་བརྒྱ་ང་གཅིག་གི་ཐོག་རྩམ་ཤ་ཟས་སྣ། ལོ་རིམ་ལ་ཡུལ་གྲུ་སོ་སོ་ནས་གཟུངས་འདུས། བརྒྱད་སྟོང་པ་གསེར་འོད། དགྲ་ལྷ་དཔངས་བསྟོད། ལོ་གླུད། ཡུལ་གྲུ་ཆེ་བ་རྣམས་ནས་སྨན་བླ་དང་ལྷ་ཁང་རྙིང་པ་རྣམས་ལ་མར་མེ་སོགས་ཅི་འབྱོར་ཕུལ།


GLG007_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་དགུར་འཕྱོས་པ་སྐུ་སྐྱེར་ཞྭ་བེར་ཐང་ཤམ་སོགས་དང་བཀའ་བསྒོ་བགྱིས་ཏེ་ལྷོ་བྲག་བཀྲ་ཤིས་ཆོས་གླིང་མ་བུ་དང་སྤྱན་གཡས་མཁན་པོར་བརྫངས། བཀྲ་ཤིས་དབང་ཕྱུག་གིས་སྒྲོལ་དཀར་གྱི་བརྒྱ་ཐང་། ངེད་རང་གི་དགེ་སྦྱོར་རྟེན་འཇམ་དཔལ་ཁྲོ་ཆུ་དུག་སྡོང་གི་དཀྱིལ་ཐང་དཔྱད་ཤིན་ཏུ་བཟོད་པ་འོ་རློན་པ་འཇམ་དབྱངས་ཀྱིས་བྲིས་པ། མཆོད་དཔོན་པས་འདོད་ལྷ་གྲ་ཚར་བཅུ་གཅིག །གདོང་ནས་ཀྱིས་ཐུབ་དབང་ལ་སྣར་ཐང་བརྒྱ་རྩའི་ལྷ་ཚོགས་ཀྱིས་བསྐོར་བ། ཆབ་ནག་པ་ངག་དབང་རྒྱ་མཚོས་རྗེ་བཙུན་བཙོང་ཁ་པ་སོགས་ལྔ་ཚར། གནས་གསར་རྗེ་དབོན་མཁྱེན་རབ་རྣམ་རྒྱལ་གྱིས་བདེ་ཅན་ཞིང་བཀོད་རྣམས་བཞེངས་པའི་རྒྱབ་ཡིག །ཐང་སག་སློབ་དཔོན་ནམ་མཁའ་བཟང་པོ་དང་། ཕ་བོང་ཁ་བ་རབ་འབྱམས་པ་དཔལ་འབྱོར་རྡོ་རྗེས་བསྐུལ་བའི་རྗེ་བཙུན་བྱམས་པའི་སྒྲུབ་ཐབས། དགའ་ལྡན་དུ་བགྲོད་པའི་ཐེམ་སྐས། མཆོད་དཔོན་པའི་ངོར་རྟ་མགྲིན་ཡང་གསང་ཁྲོས་པའི་གཏོར་བསྔོ་ཉུང་ངུ་དོན་ཚང་། སྐུ་སྐྱེ་བསྟན་འཛིན་རྒྱ་མཚོས་བསྐུལ་བའི་མ་ཏི་ལུགས་ཀྱི་འཇམ་དཀར་གྱི་སྒྲུབ་ཐབས་རྟ་ལྗང་དབང་པོ་དང་། ལྷ་དེ་དང་བླ་མ་ཐ་མི་དད་པའི་གསོལ་འདེབས། ལྷ་ས་བློ་བཟང་དཔལ་འབྱོར་གྱི་ངོར་འོད་དཔག་མེད་ཀྱི་ཉལ་སྒོམ་གྱི་ཉམས་ལེན་བདེ་ལྡན་ཞིང་གི་འཇུག་ངོགས། ཕྱག་མཛོད་གཟི་བརྗིད་དབང་པོས་བསྐུལ་བའི་རས་ཆུང་ཕུག་སྤྲུལ་སྐུ་ངག་དབང་ཆོས་རྒྱལ་དབང་པོའི་སྐུ་སྐྱེ་མྱུར་འབྱོན་གྱི་སྨོན་ལམ། ཐང་སག་སློབ་དཔོན་གྲ་བཅས་དང་རྨེ་རུ་བླ་མ་དཀོན་ཅོག་དཔལ་བཟང་གི་ངོར་རིང་འཚོ་རེ། མངའ་རིས་རབ་འབྱམས་པ་བློ་བཟང་ཕུན་ཚོགས་ཀྱིས་བསྐུལ་བའི་བྱེས་སློབ་དཔོན་བློ་


GLG007_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་བཀྲ་ཤིས་ཀྱི་གསོལ་འདེབས། སེ་ར་སྨད་སློབ་དཔོན་བློ་བཟང་དོན་གྲུབ་ཀྱི་ངོར་ཐ་འོག་ཆོས་རྒྱལ་གྱི་གཏོར་འབུལ་རྣམས་བཀོད། ཧོར་ཟླ་དྲུག་པའི་ཚེས་གཅིག་ལ་མཆོད་དཔོན་པས་རྟ་མགྲིན་ཡང་གསང་གི་བསྙེན་པ་བྱས་པའི་ཚེ་རྫས་བཏེག །ཚེས་གཉིས་ལ་སྣེའུ་སྡོང་རྩེའི་མི་སྣ་བློ་བཟང་དོན་ཡོད་དང་ཕྲད། ཚེས་ལྔར་རིགས་འཛིན་གཏེར་བདག་གླིང་པ་ཕེབས་པ་དང་མཇལ། ཚེས་བདུན་ལ་སད་སྲུང་གི་བུམ་པའི་བསྐྱེད་ཆོག་ལ་བཀའ་འགྱུར་ཁང་དུ་ཕྱིན། ཚེས་བརྒྱད་ལ་གངས་ཅན་ཆོས་འཕེལ་དང་སྐྱེད་ཚལ་མཁན་པོ། བསམ་འགྲུབ་དགའ་ལྡན་དང་ལྷོ་བྲག་དགོན་གསར་བླ་མ། འཕགས་པ་ལྷའི་དབོན་པོ། ལྡན་མ་དཔོན། དཔལ་དེ་བ། བོ་ཤོག་ཐུ་ཁང་གི་མི་སྣ་ངག་དབང་ཆོས་གྲགས། འབྲས་གཤོངས་དང་ཕུན་ཚོགས་དབང་ཕྱུག་གི་མི་སྣ། ཁྲ་འབྲུག་ཆོས་སྐྱོང་གི་སྐུ་རྟེན་པ་རྣམས་ལ་ཇ་གྲལ་དང་། ཚེས་བཅུ་གཅིག་ལ་སྲིད་གསུམ་བདག་མོའི་མདོས་མཆོད་བཙུགས། ཚེས་བཅུ་གསུམ་ལ་ཞབས་དྲུང་རི་བོ་ཆེ་པ། གཡོན་རུ་སྐུ་སྐྱེ། ཟིང་པོ་སྔགས་འཆང་། ཤ་གཟུགས་སྐུ་སྐྱེ། རྩེ་ལེ་དང་། དགོན་གསར་བླ་མ། འབའ་དང་བདེ་འབྱོར་བླ་ཟུར། ཤངས་ཁར་ཁ་བླ་མ་རྣམས་དང་མཇལ་ཕྲད་བགྱིས། ཚེས་བཅུ་བཞིར་གནས་ཆུང་ཆོས་རྒྱལ་ཆེན་པོས་དངོས་པོའི་སྐྱེས་སྤམས་བསྟོད་གྲ་ཚང་ནས་འཆི་མེད་འོད་སྣང་གི་རྡུལ་ཚོན་དང་འབྲེལ་བའི་རིང་འཚོ་སྤེལ་བར་མཛད། རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་སྤྱི་སྒོས་ཀྱི་རིམ་གྲོ་པར་སོང་བ་གནས་སྐབས་ལས་བཞི་དང་མཐར་རྣམ་གྲོལ་བསྒྲུབ་པ་གང་གི་ཚེའང་ཚིག་དོན་མ་དག་ན་འབྲས་བུ་ཡང་དེ་ཁོ་ནར་གང་གང་འདྲ་བའི་འབྲས་ཞེས་པའི་དོན་ཐོག་


GLG007_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འབབ་པ་ལས་མ་འདས་པའི་ཕྱིར་འདར་པ་ལོ་ཆེན་དང་རྣམ་པཎ། དགེ་སློང་འཇམ་དབྱངས་གྲགས་པ་གསུམ་དོགས་གང་ཡིན་བལྟ་བཅུག་པར་ངེད་རང་གིས་ཀྱང་ཞིབ་མོར་དཔྱད་དེ་ཞུས་དག་བཏང་བ་བོད་འབངས་བདེ་ཐབས་སྤྱིར་དགོས་འཁྱར་ནའང་སྐྱོན་མ་མཆིས་རུང་ཟབ་གནད་ཀྱི་ཆ་རྣམས་མི་གཟིགས་པའི་ཆེད་སྔགས་རམས་པ་མཁས་བཙུན་རྒྱ་མཚོ་དོ་དམ་དུ་བཏང་སྟེ་ཕུན་ཚོགས་གླིང་དུ་པར་དུ་བརྐོས་པ་འབྱོར། དཔོན་ས་བུ་ཁྲིད་རྒྱལ་མོས་བདེ་གཤེགས་མཆོད་རྟེན་བརྒྱད་སོགས་རེ་མང་བཞེངས་པའི་རྒྱབ་ཡིག་ལ་བརྐོ་རྒྱུའི་ཚིག་རྐང་བདུན་མ་དང་། གཟུངས་ཀྱི་སྤེལ་ཚིག །ཁ་ཏོན་དང་གཉིས་ཀ་བྱས་ཆོག་པའི་འདོད་གསོལ་ཚིག་རྐང་དགུ་མ། དགའ་ལྡན་ཁྲི་ཐོག་པ་བློ་བཟང་བསྟན་འཛིན་ཅུང་ཟད་བསྙུན་པར་འཕྲིན་གསོལ་ནང་བརྟན་བཞུགས་ཤློ་ཀ་གཅིག་ཡོད། ལྕང་གསེབ་བསྟན་འཛིན་དབང་པོས་འདོད་ལྷ་བདུན་ཚར། ངག་དབང་ཕུན་ཚོགས་ཀྱིས་རྗེ་བཙུན་བཙོང་ཁ་པ། སེང་ལྡེང་ནགས་སྒྲོལ། འདྲ་འབག་སོགས་ལྔ་ཚར། རི་མོ་བ་འབའ་ལྷུག་གིས་མཚན་བརྒྱད་སོགས་ལྔ་ཚར། ཟུར་བཙུན་འཇམ་དབྱངས་དབང་རྒྱལ་གྱིས་མཛད་བརྒྱ། སྒྱིད་ཐང་ནོར་བུས་སངས་རྒྱས་སོ་ལྔ་སོགས་དགུ་ཚར། རྡོ་རྗེས་བགྲང་ཡས་དང་། དགོས་དགོས་ཨ་བར་གྱིས་འགྲོ་ལ་རྗེས་བརྩེ་མ་དང་མཐུན་པའི་འཁྲུངས་རབས་རྣམས་བཞེངས་པའི་རྒྱབ་ཡིག །སློབ་དཔོན་དཀོན་ཅོག་ངག་དབང་གིས་ཕག་མོ་ཆོས་སྡེར་འཛུགས་རྒྱུ། བན་གྲོང་སྔགས་འཆང་མཆོག་གྲུབ་རྒྱལ་པོ། མངའ་རིས་གྲ་ཚང་གཉེར་པ་དཀའ་བཅུ་གྲགས་པ་ལེགས་བཤད་ཀྱིས་མ་ཎི་རིལ་སྒྲུབ་ཀྱི་སྐབས་འདོན་རྒྱུ། ལྷོ་


GLG007_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་གསང་སྔགས་བདེ་ཆེན་བླ་མ་དོན་གྲུབ་རྒྱ་མཚོ་བཞིའི་ངོར་རིང་འཚོ་རེ། གཉོས་བཙུན་ཆོས་རྗེ་དབང་རྒྱལ་ལྷུན་གྲུབ་ཀྱིས་བསྐུལ་བའི་ཕུར་མོ་ཀླུ་བདུད་ཀྱི་གསོལ་མཆོད་ཆོས་སྐྱོང་སྤྱིའི་གཏོར་འབུལ་ཉུང་ངུ་། འཇམ་དབྱངས་སྤྲུལ་པའི་སྐུའི་གསུང་གིས་བསྐུལ་བའི་གསང་བ་འདུས་པར་བརྟེན་པའི་བླ་མའི་རྣལ་འབྱོར། ཐབ་ཆས་དེབ་ཀྱི་འགོ་བརྗོད། ཁྲ་འབྲུག་ཆོས་སྐྱོང་ལ་འཕྲིན་ལན་སྙན་ངག་གི་ལམ་ནས་དྲངས་པ། འབྲོམ་གྱི་སྔགས་འཆང་རྡོ་རྗེ་དབང་གྲགས་རྒྱ་མཚོས་བསྐུལ་བའི་དགེ་བསྙེན་མཁའ་རིའི་བསྟོད་པ་འཕྲིན་བཅོལ། དབུ་མཛད་ཀྱིས་བཀྲ་ཤིས་བདེ་ཆེན་གྱི་ཚོགས་དུང་དངུལ་གཤོག་མ་ཕྲ་ལྡན་འགངས་ཅན་གསར་བསྐྲུན་གྱི་ཁ་བྱང་། ཨེ་ཤག་ལྷོ་པ་ནང་སོ་དཀོན་དར་གྱིས་བཀའ་རིན་པོ་ཆེ་འགྱུར་རོ་ཅོག་བཞེངས་པའི་དཀར་ཆག་ཆེ་བརྗོད། སྟག་ཚང་ལོ་ཙཱ་བའི་དུས་འཁོར་སྤྱི་དོན། དར་མོ་སྨན་རམས་པ་དར་ཁན་ཐིང་གིར་ཨེ་ཆེན་ཨོ་ཐོ་ཆེ་ཁན་གྱིས་བྱས་པའི་ཕྱི་རྒྱུད་འགྲེལ་པ་ལེགས་བཤད་གསེར་ཕྲེང་། རྡོ་རྗེ་བྲག་རིགས་འཛིན་མཆོག་གི་སྤྲུལ་སྐུས་མཛད་པའི་མདོ་དབང་གི་ཆོ་ག །བརྒྱུད་པའི་རྣམ་ཐར་དང་བཅས་པའི་པར་བྱང་། གྲ་རིགས་རྣམས་ཀྱི་ངོར་ཏྲེ་བོ་ཆོས་རྗེ་བློ་བཟང་བསྟན་འཛིན་རྒྱ་མཚོའི་སྐུ་སྐྱེ་མྱུར་འབྱོན། གཙང་རོང་ངེས་གསང་རྡོ་རྗེ་གླིང་པའི་གདན་ས་པ་སྐུ་སྐྱེ་ངག་དབང་འཇམ་དབྱངས་ཀྱིས་བསྐུལ་བའི་མཁའ་འགྲོའི་མེ་མཆོད་རིགས་འཛིན་སྲོག་འཐུད་རྩི་སྨན་ལྗོན་པ་དང་། ཁྱབ་བདག་ཁྲ་ཚང་པ་ཆེན་པོའི་སྤྲུལ་སྐུ་རོང་རྒྱལ་མཁར་ཕྱོགས་སུ་བྱོན་པ་རྡོ་རྗེ་ཚེ་དབང་དཔལ་བཟང་གི་བརྟན་བཞུགས། གྲ་ཚང་འབག་གཉེར་དེབ་ཀྱི་འགོ་བརྗོད་རྣམས་བརྩམས། ཉེར་གསུམ་ལ་གསང་སྔགས་བྱང་ཆུབ་གླིང་སློབ་དཔོན། གྲུབ་


GLG007_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དབང་སྐུ་སྐྱེ། གནས་གཞི་ཆོས་རྗེ། གསར་འབྱོར་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཁང་གི་མི་སྣ་གཉིས། ས་སྐྱོང་མེར་གན་ཐའི་ཇི་དང་ཚེ་དབང་དཔལ་འབར་གྱི་མི་སྣ། ཀོང་མཁར་རྒྱ་བོའི་བླ་མ། ལྷོ་བྲག་གདང་པ། འཕགས་པ་ལྷའི་དབོན་པོ་སོགས་ལ་བྱིན་རླབས་དང་ཡི་གེ་རྟེན་སྦྲགས་བླངས་ཤིང་ངག་མ་ཉན། ཉེར་བཞིར་གེ་རེ་དཀའ་བཅུ། བསམ་འགྲུབ་དགའ་ལྡན་བླ་མ། ས་སྐྱའི་མགྲོན་གཉེར། ཀོང་རྩེ་ལེ་རྒོད་ཚང་གི་བླ་མ་སོགས་ལ་ཇ་གྲལ་དང་། རྩེ་ལེ་བླ་མ་བསྙེན་རྫོགས་བསྒྲུབས་པའི་མིང་འཕྲིན་ལས་མཆོག་གྲུབ་ཏུ་བཏགས། ཧོར་ཟླ་བདུན་པའི་ཚེས་གཉིས་ལ་གསང་སྔགས་ཐེག་པ་ཆེན་པོའི་དགེ་འདུན་དཀོན་ཅོག་སྟོད་རྒྱུད་བླ་གྲས་བདོག་པའི་ཚན་གྲངས་བཏེག་ནས་མི་ཤིགས་རྡོ་རྗེ་ལྟར་བརྟན་པའི་སྨོན་ལམ་གསུངས། བྱང་རྩེ་ཆོས་རྗེ། ཨུ་ཞང་གི་བུ་རྒྱ་མཚོ། མདོ་ལྔ་མཆོད་བླ་མ། ཁལ་ཁའི་བླ་མར་འགྲོ་མི་བསྟན་འཛིན། བདེ་ཆེན་ཆོས་འཁོར་བའི་གཉེར་པ་སོགས་དང་ཕྲད། བོ་ཤོག་ཐུ་ཁང་གི་མི་སྣ་སྔོན་མ། འཇམ་དབྱངས་སྤྲུལ་སྐུ། པཱ་ཐུར་ཧུང་ཐའི་ཇའི་མི་སྣ་རྣམས་ཐོན་གདོང་གི་སྟེར་བྱ་དང་བཀའ་བསྒོ་བྱས། ཚེས་བཞིར་ཉི་མ་མེ་བཞིའི་འགྲུབ་སྦྱོར་ཐོག་འདི་ལོའི་གཏེར་གསར་དུ་ཁྲི་སྲོང་ལྡེའུ་བཙན་དུས་ཀྱི་དགའ་བའི་སྨོན་ལམ་འདྲའི་རྟེན་འབྲེལ་ལོག་ཉེན་སོགས་འཚུབ་ཙམ་ཡོད་ཚུལ་ལ་དམིགས་གྲོང་སྨད་ནས་གྱོན་པ་ཆ་ཚང་སོགས་ཟང་ཟིང་གི་བདོག་པ་མཐོ་བར་བཏེག་སྟེ་ཚོགས་འགྱེད་སོགས་ཡོན་སྦྱར་གྲ་ཚང་ནས་ཚེ་དཔག་མེད་ལོངས་སྐུ་མའི་དཀྱིལ་འཁོར་རྡུལ་ཚོན་དང་འབྲེལ་བའི་སྔོན་འགྲོར་བསུན་བཟློག་རྒྱས་པ་དང་བཅས་ཆོ་ག་མཛད་པའི་ཚེ་དར་ལམ་སྡུད་མཚམས་སུ་གཏེར་སྟོན་ཆེན་


GLG007_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དག་སྣང་མའི་རིང་འཚོའི་ཚིགས་བཅད་སོ་སོར་སྦྱོར་བ་དང་བདོག་པའང་སྡེ་པ་རང་གིས་ཕྱག་བདར་ཏེ་བརྐྱང་བ་དང་རིགས་འཛིན་ཆེན་པོས་ཀྱང་བྲག་རྡོ་རྗེ་ཚེ་བརྟན་ནས་ཟུར་ཤཱཀ་འོད་ཀྱིས་བདུད་རྩི་ཀ་པཱ་ལ་གང་དང་མཉམ་དུ་བཞེས་པའི་གནམ་ལྕགས་རྡོ་རྗེ་འཆི་བདག་བདུད་དཔུང་འཇོམས་པས་ཐོག་དྲངས་ཚན་གྲངས་སྩལ། འདི་ནས་བཟུང་གཏེར་གསར་དང་མཁའ་འགྲོ་སྙིང་ཏིག་ཞུས་པའི་དབུ་བཙུགས་ཤིང་རི་ཥིའི་ཉིན་བདུན་མ་གཏོགས་ཉིན་སྟར་གྱི་འཁྲིད་ཐུན་རེ་ཆག་མེད་ཀྱི་ཟླ་བ་ཕྱི་མའི་ཚེས་བཅུར་ངོ་སྤྲོད་གཏད་རྒྱའི་བར་རྫོགས་པར་ཞུས་པས་སྨིན་པར་བྱུང་། ཚེས་ལྔར་དྲུང་འཁོར་སྐྱ་སེར་སྤྱི་བསྡུས་ཀྱིས་རུང་མཐུན་གྱི་གོས་ཆ་འགྲིག །གསེར་ཞོ་བདུན་ཅུ་དང་དངུལ་སྲང་བརྒྱས་ཐོག་དྲངས་དགུ་ཚན་བཅུ་གསུམ། ཚོགས་འགྱེད་དང་བཅས་གྲ་ཚང་ནས་འཆི་མེད་འོད་སྣང་མའི་དཀྱིལ་འཁོར་རྡུལ་ཚོན་དང་འབྲེལ་བའི་རིང་འཚོ་བསྟར། རྡོ་རྗེ་འཆང་རིན་ཅེན་བསོད་ནམས་མཆོག་གྲུབ་ཅུང་ཟད་བསྙུན་པར་དེ་བཞིན་གཤེགས་པའི་འཕེལ་གདུང་བརྒྱད། སྐུ་ཆོས། སྐུ་གཟན། བཞུགས་འདིང་། ཧུ་ཇ་ཁོར་གསུམ་སོགས་ཕུལ། ཚེས་དྲུག་ནས་གྲ་ཚང་ཡོངས་རྫོགས་ཀྱི་རྡོ་རྗེ་སློབ་དཔོན་སྔགས་རམས་པ་སྐྱེས་མཆོག་གིས་བྱས་ཏེ་ཞག་བཅུ་གཅིག་གི་བར་ཆུ་གཏད་ཀྱི་སྒྲུབ་པ་བཙུགས་ཤིང་སྤྱི་བསྐང་དང་བེག་ཙེར་སྟོང་རྩ་རེ་སོང་། ཚེས་བདུན་ལ་ཡར་འབྲོག་སྟག་ལུང་གསང་སྔགས་ཆོས་འཁོར་བ་ངག་དབང་ཀུན་མཁྱེན་གྱིས་ཐང་ཡིག་ཤེལ་བྲག་མའི་རྒྱུགས་སྤྲད། ཚེས་དགུར་ཁྱབ་བདག་ཞ་ལུ་པ་ཆེན་པོ་མཁའ་སྤྱོད་དུ་གཤེགས་པའི་གསོལ་འདེབས་མགྱོགས་བསྔོ་འབྱོོར་འཕྲལ། ཀྱེ་རྡོར། ནཱ་རོ་མཁའ་སྤྱོད་སོགས་རྟེན་ཁྱད་པར་ཅན་བཤམས་ནས་མཆོད་འབུལ་དང་རང་སེམས་དང་བླ་མ་དབྱེར་མི་ཕྱེད་པའི་ལམ་ཟབ་བླ་མའི་ཉམས་ལེན་བསྐྱངས་ཤིང་སྐུ་གདུང་རིན་པོ་ཆེར་གོས་དམར་འཇམ་སང་ཡུག་གི་སྙན་ཤལ་ལ་བསྟན་འགྲོའི་


GLG007_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་ཡོན་ཆེན་པོར་འགྱུར་བའི་སྨོན་ལམ་བྲིས་ཏེ་འབུལ་བར་མངགས། ཚེས་བཅུར་རི་མོ་བ་བློ་བཟང་དཔལ་འབྱོར་གྱིས་འཕགས་པ་ལོ་ཀེ་ཤྭ་རར་གོས་འཕན་ཕུལ་བའི་ཁ་བྱང་། ཨེ་ཁའི་གྱི་ངོར་གསོལ་འདེབས། ཟིང་པོ་སྔགས་འཆང་ཚེ་བདག་དཔའ་བོས་བསྐུལ་བའི་གསོལ་འདེབས་དང་ཇ་མཆོད་གང་ལའང་བསྒྱུར་ཆོག་པ། ཐུགས་སྲས་སྤྲུལ་སྐུ་བསྟན་འཛིན་འགྱུར་མེད་རྡོ་རྗེའི་བཞེད་པ་ལྟར་བླང་དོར། མགུར་ཆོས། རྣམ་ཐར་གསོལ་འདེབས། མཆོད་དཔོན་པས་པཎ་ཆེན་དགེ་འདུན་གྲུབ་ཀྱི་འཁྲུངས་རབས་གྲ་ཚར། མ་ཚེ་བསྲིང་ཐབས་སུ་འདྲ་འབག །མཛད་བཅུ། ཚེ་དཔག་མེད། སྒྲོལ་དཀར། རྣམ་རྒྱལ་མ་སྟེ་ཁྱོན་བཅུ་བདུན། ཆོས་མཛད་བསྟན་འཛིན་གྱིས་བཀའ་བརྒྱད། གནས་ཆུང་སྐུ་རྟེན་ཚེ་དབང་དཔལ་འབར་གྱིས་རྟ་མགྲིན་གསང་སྒྲུབ་རྣམས་ཀྱི་བྲིས་ཐང་བཞེངས་པར་འདོད་པ་ལྟར་རྒྱབ་ཡིག །འཇམ་དབྱངས་བློ་ལྡན་གྱི་ངོར་རྫ་དམར་དཔོན་རྒྱ་མཚོའི་དོན་དུ་སྐུ་དང་གསུང་རྟེན་རྒྱས་འབྲིང་བསྡུས་པ་བཞེངས་པའི་དཀར་ཆག་སྨོན་ལམ། གཙོ་བོ་པཎ་ཆེན་དགེ་འདུན་གྲུབ་ཀྱི་འཁྲུངས་རབས་བཀའ་གདམས་གླེགས་བམ་གྱི་དངོས་བསྟན་འཕྲོས་དོན་སོགས་ཁུངས་འབྲེལ་གྱིས་ཁ་བཀང་བའི་དོན་བརྒྱད་ནས་འདི་ལོ་མངའ་བདག་ཉང་རལ་པ་ཅན་ཡན་ལ་རེ་ལྔ་ཚོན་ཐང་བཟབས་མཆོར་གསེར་བྲིས་ཕྱུག་པ་དགའ་ལྡན་ཁང་གསར་དུ་བཞེངས་པའི་དོ་དམ་འབོག་གོང་བློ་གྲོས་རྒྱལ་མཚན་དང་ལྷུག་པོ་བློ་བཟང་ཤེས་རབ། རི་མོ་བ་སྨན་ཐང་པ་མགོན་པོ་ཚེ་རིང་། ཕོ་བྲང་ཕུན་ཚོགས། རགས་ཁ་འཇམ་དབྱངས་དབང་པོ། འོ་རློན་འཇམ་དབྱངས།


GLG007_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་ལུང་བཀྲ་ཤིས། བྱིངས་སོ་བདུན། ཕོགས་སོགས་དགོས་ཆ་སྤྲོད་མི་དར་ཁན་དཀའ་བཅུ་དང་སྦུས་སྲང་པ། ནང་གི་ཁ་བྱང་བསྒྲིགས་མི་རྣམ་གླིང་པཎ་ཆེན། ཡིག་མཁན་རྒྱལ་རྩེ་འཇམ་དབྱངས་དབང་པོ་དང་ངག་དབང་ཕུན་ཚོགས། གོང་གཤམ་ཁ་ཐི་རྙིང་མ་སུམ་འཇག །མཐོང་འཇུག་དིང་ཕོན་དང་ཧོར་གོས་ཞལ་ཁེབས་ཉིས་བརྩེགས་སོགས་ཆ་འགྲིག་བཟོ་བའི་དོ་དམ་བྱ་སྒོ་བ་བློ་བཟང་དབང་ཕྱུག་དང་ངག་དབང་རིན་ཅེན། དབུ་མཛད་ར་ཕྱི་ཤག་པ། ཨྱོན་དང་བསོད་ནམས་སོགས་ཙན་དན་གྱི་ཏོག་བཟོ་བ་བཀྲ་ཤིས་རྣམས་ཀྱིས་བྱས་པའི་རྒྱབ་ཡིག་བཅས་བྲིས་པའི་རྒྱུ་དང་ཕོགས་ཡོན་བསྡོམས་འབྲུ་ཁལ་ཆིག་ཁྲི་ལྔ་སྟོང་སུམ་བརྒྱ་གྱ་བཞི་སོང་། ཚེས་བཅུ་གཅིག་ལ་བོ་དཀར་དའི་ཆིང་གི་བུ་ཚེ་རིང་ཅན་བཞི། ཁལ་ཁ་ད་ལའི་ཁུ་ཐུག་ཐུ། ཨེམ་ཆི་བྱམས་པ་རྒྱ་མཚོ། དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཁང་གི་མི་སྣ་ངག་དབང་རྒྱ་མཚོ། ཨེར་ཁེ་ཐའི་ཇི། ཡོན་ཏན་བཀྲ་ཤིས། ཁལ་ཁ་ཇ་སག་ཐུ་རྒྱལ་བོ། ད་ལའི་ཧུང་ཐའི་ཇི། ཆེ་ཆེན་ཇི་ནོང་། བིནྡུ་དའི་ཆིང་། དའི་ཆིང་ཆོ་ཁུར། ཐོར་གོད་ཨཱ་ཡུ་ཁེ་རྣམས་ཀྱི་མི་སྣ། རྟ་ནག་ཐུབ་བསྟན་མཁན་པོ། ཁ་རག་སྐུ་སྐྱེ། ལྷོ་བྲག་བཀྲ་ཤིས་ཆོས་གླིང་། སྐྱོར་ལུང་ཁྱམས་ཕུག་མཚོ་སྨད་གསུམ་གྱི་བླ་མ། ཧོར་རྫ་དམར་དཔོན་རྣམས་དང་ཕྲད། གསར་འབྱོར་རྣམས་ཀྱིས་ཇ་དངུལ་གོས་དར་རྟ་སོགས་བྱིན། ཚེས་བཅུ་གཉིས་ལ་གདུགས་དཀར་དའི་ཆིང་གི་བུ་བསོད་ནམས་ཚེ་རིང་ཅན། བྱང་སྟག་རྩེའི་ཆོས་མཛད་དགའ་ལྡན་བློ་གྲོས། སྤར་པུ་དང་། ཤངས་ཁར་ཁ་བླ་མ་སོགས་ལ་ཇ་གྲལ་རྗེས། བསོད་ནམས་


GLG007_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རིང་རགས་བསྡུས་ལ་གུར་ནས་བཤད་པའི་འབྱུང་འདུལ་གྱི་རྗེས་གནང་བསྐུར། ཚེས་བཅོ་ལྔར་དགའ་ལྡན་ཆོས་འཁོར་ཡང་རྩེ་བ་བློ་བཟང་ཡེ་ཤེས་ཀྱིས་ཕར་ཕྱིན་འགྲེལ་པ་བློ་བཟང་དགོངས་རྒྱན་ཐལ་འཕྲེང་གི་རྒྱུགས་སྤྲད། ཚེས་བཅུ་དྲུག་ལ་བློ་བཟང་དོན་ཡོད་སྣེའུ་སྡོང་རྩེ་ལ་ཐོན། ཚེས་བཅོ་བརྒྱད་ལ་ལམ་པ་སྤྱན་སྔ་གྲ་བཅས་ཀྱིས་བདོག་པའི་ཚན་གྲངས་སྔོན་བརྐྱང་གིས་རིང་འཚོའི་ཚིགས་བཅད་གསུངས། བཅོ་བརྒྱད་ཆོས་རྗེ། ལམ་པའི་སློབ་དཔོན་ཤཱ་རིའི་བུ། དབུ་སྒོར་ཆུང་བའི་ཚ་བོ། དཔོན་མོ་ཕུན་ཚོགས། ཁལ་ཁ་ད་ལའི་ཁུ་ཐུག་ཐུ་སོགས་ལ་བྱིན་རླབས། ཆོས་རྗེ་བཅོ་བརྒྱད་པར་མགོན་པོ་ཆེ་ཆུང་གི་བཀའ་བསྒོ་དང་། ཨེར་ཁེ་ཇའི་སང་གི་སྐྱེ་དམན་དགེ་ཚུལ་དང་། བར་མ་རབ་བྱུང་གཅིག་བསྒྲུབས། ཚེས་བཅུ་དགུར་འབྲོང་རྩེ་བ་རྒྱལ་ཕུར་གྱིས་གོས་སྣ་ཚང་མ་དང་སྟེར་བྱིན་གྱ་ནོམ་པ་ཚོགས་འགྱེད་བཅས་གྲ་ཚང་ནས་ལོངས་སྐུའི་མའི་དཀྱིལ་འཁོར་རྡུལ་ཚོན་དང་འབྲེལ་བའི་རིང་འཚོ་བྱས། ཚེས་ཉི་ཤུར་མཆོད་དཔོན་པས་རུང་གོས་ཆ་ཚང་སྟེང་གོས་དར་ཇ་རས་སྣམ་ཕྲུག་དགུ་ཚན་དགུ་འགྱེད་སྤྱི་འབུལ་བཅས་གྲ་ཚང་ནས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་མཛད། དཀར་དྲོའང་དྲངས། ཉེར་བཞིར་མི་སྣ་ད་ལའི་ཧུང་ཐའི་ཇིའི་ཨེར་ཁེ་དང་མཱ་ལས། ཇའི་སང་དགེ་སློང་གི་མོན་མོ་མ་དས་ཆ་གན་ནོ་མུན་ཁན་གྱི་བརྩོན་འགྲུས་རྒྱ་མཚོ། ཆེ་ཆེན་ཆོས་རྗེའི་དར་ཁན་དགེ་སློང་། མདོ་མཁར་ཆོས་སྡེའི་བླ་མ། གནས་གཞི་ཆོས་རྗེ། ཆུ་སྤེ་སྟེང་སྔགས་འཆང་། ཆབ་མདོ་སྔགས་པ་ཀུན་དགའ་དབང་པོ། ཧོར་དབང་གྲགས། རྫ་དམར་དཔོན་སོགས་དང་ཕྲད། སྟོད་ཕྱོགས་ཀྱི་ཇུས་


GLG007_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ལ་བཀྲ་བཟང་བ་བཅོ་ལྔས་བདུན་ཕྲག་གསུམ་གྱི་བར་ཕུར་པའི་མནན་སྲེག་འཕང་བ། གནས་ཆུང་ཆོས་སྐྱོང་ཆེན་པོའི་ལུང་བསྟན་ལྟར་ངེད་ཀྱི་རིམ་གྲོར་ལྷ་སར་ལམ་པ་བས་བརྒྱད་སྟོང་པ། གསེར་འོད། གཟུངས་འདུས་གསུམ་སོ་སོ་ནས་བརྒྱ་རེ། པོ་ཏ་ལར་སེར་འབྲས་སོ་སོ་ནས་གྲ་པ་དྲུག་ཅུ་རེས། གདུགས་ཤེར་འགྲོ་གང་ཆེ། ལྷ་ས་སྤྱི་བསྡུས་ཀྱིས་ཆུ་བཟློག་ཏུ་དམིགས་ཕ་བོང་ཁའི་དགེ་སློང་བརྒྱད་ཀྱིས་ཉིན་གསུམ་བར་གཏོར་མ་བརྒྱ་རྩ་དང་སེར་འབྲས་གཉིས་ནས་གྲངས་བཅས་ཀྱིས་བཀའ་འགྱུར་བརྒྱ། ལམ་པ་བས་བརྒྱད་སྟོང་པ། གཟུངས་འདུས། གསེར་འོད་གསུམ་ཀ་བརྒྱ་རེ། ཉེར་དྲུག་ནས་ཉིན་བདུན་གྱི་བར་དྲང་སྲོང་ཨ་གསྟྱཿས་ཉལ་འགྲོ་ཐམས་ཅད་ཡན་ལག་བརྒྱད་ལྡན་དུ་བསྒྱུར་བ་ནས་བླངས་ཏེ་བསྟེན། ཧོར་ཟླ་བརྒྱད་པའི་ཚེས་བདུན་ལ་རྨེ་རུ་བླ་གྲ་ཐུན་མོང་གིས་སྐྱེས་བཟང་པོའི་བདོག་པ་སྔོན་འགྲོས་མདོ་ལུགས་ཆོག་སྒྲིགས་ཐུགས་ཆེ་མྱུར་འཇུག་ནང་བཞིན་གྱི་རིང་འཚོ་བགྱིས་མཇུག །ནོམ་ཇི་ཐའི་ཇི་ཕ་བུ། པཱ་ཐུར་དབོན་པོ། མི་སྣ་ཧུང་ཐའི་ཇའི་ཨ་དར། ཨེར་ཏེ་ནི་ཐའི་ཇི། ཆ་ཆེན་ཆོས་རྗེ། དགའ་ལྡན་དའི་ཆིང་། ཨེར་ཁེ་དའི་ཆིང་། མར་གན་ཧུང་ཐའི་ཇི་རྣམས་ཀྱི་ཡི་གེ་རྟེན་སྦྲགས་བཟང་བ། སྐྱོར་ལུང་ཕུག་ཁང་པ་དང་མཚན་ཉིད་པ། ཡར་འབྲོག་བྲག་ར་དང་ཕ་གཞི་སྟ་བཞིའི་བླ་མ་སོགས་ལ་བྱིན་རླབས་དང་ཕ་གཞི་བླ་མས་རྟ་བཅུ་གཅིག་བྱུང་། མཁན་ཆེན་ཞ་ལུ་པ་ཆེན་པོའི་ཐུགས་དམ་གསལ་འདེབས་རྟེན་སྐྱེལ་བར་བཟང་ལྡན་མཁན་པོ། ཕྱག་མཛོད་བསོད་ནམས་རིན་ཅེན། མགྲོན་གཉེར་རྡོར་ལེགས་པ་གསུམ་གྱིས་ན་བཟའ་སོགས་དངོས་པོ་གཏོས་ཆེ་བ་བྱུང་དོན་


GLG007_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ས་ལམ་གྱི་བར་གཅོད་ཞི་ཞིང་དགོངས་པ་རྒྱ་ཆེན་པོ་རྫོགས་པའི་བསྔོ་སྨོན་གྱི་རྒྱས་འདེབས་ཡང་དག་བགྱིས་ཞོར་རྒྱ་སྟོན་པའི་གསོན་བསྔོ་རྟེན་དྲེའུ་བཅུ་གཉིས་ཇ་རས་བྱུང་། ཚེས་བརྒྱད་ལ་ལྷ་ལྡན་བསྙེན་གནས་མ་ཚོར་ཡན་ལག་བརྒྱད་ལྡན་གྱི་སྡོམ་པ་ཕབ། རྨེ་རུ་བ་ཞང་པོ་བསོད་ནམས་རྒྱལ་མཚན་གྱིས་གོས་སྣ་ཆ་འགྲིག །གོས་ཕྱི་ནང་ཇ་རས་སོགས་དགུ་ཚན་ལྔ། བདུན་ཚན་གཉིས། འགྱེད་བཅས་གྲ་ཚང་ནས་དྭངས་མ་བཅུད་འདྲེན་ལ་བརྟེན་པའི་ཚེ་ཆོག་གྱེར་རྗེས་གཡོན་རུ་སྐུ་སྐྱེ། བཟང་ལྡན་མཁན་པོ། ཕྱག་མཛོད་བསོད་རིན། མགྲོན་གཉེར་རྡོར་ལེགས། ལྷོ་ཀ་ཐོག་པ། ལྕགས་ཟམ་པ་སོགས་ལ་ཇ་གྲལ་དང་། རྒྱལ་གྱི་གཏོར་གསོས་དུས་འབུལ་རྒྱུའི་སྙན་ཤལ་བྱམས་ཆེན་དང་རི་མཐིལ་གྱི་མགོན་ཁང་སོ་སོ། ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེས་འཁྲུངས་རབས་རིན་ཅེན་འཕྲེང་མཛེས་ལྟར་དང་། སྔགས་རམས་པ་བློ་བཟང་ཆོས་ལྡན་གྱིས་བདེ་ཅན་ཞིང་བཀོད། རྗེ་བླ་མ། འཁྲུངས་རབ་སོགས་དགུ་ཚར་རེ། བློ་གྲོས་ལེགས་པས་སིནྡྷུ་རྒྱ་མཚོའི་ཞིང་བཀོད་དང་ཚེ་བདག །ངག་དབང་མཐུ་སྟོབས་ཀྱིས་ཐུབ་པ་དམ་ཚིག་སུམ་བཀོད་དང་དྲག་པོ་རྩལ། ངག་དབང་ནམ་མཁས་བདེ་བ་ཅན་གྱི་ཞིང་བཀོད་སོགས་བཅུ་ཚར། རི་མོ་བ་རྟ་མགྲིན་གྱི་དོན་དུ་རྡོ་རྗེ་སེམས་དཔའ་དང་ཨྱོན་ཆེན་པོའི་བརྒྱ་ཐང་། རྟ་ར་མདོ་པ་ངག་དབང་ལྷུན་གྲུབ་དང་ཆོས་དབང་རྒྱ་མཚོས་འདྲ་འབག་རེ་རྣམས་བཞེངས་པར་རེ་བ་སྐོང་བའི་རྒྱབ་ཡིག །མངའ་རིས་དགའ་ལྡན་འཕེལ་རྒྱས་གླིང་སྤྱི་སོ་དང་། ཤོ་མདོ་རྫོངས་སྡོད་རིན་ཅེན་རྒྱལ་མཚན་དང་ཆ་དཀར་བ་གཉིས་ཀྱིས་དགའ་ལྡན་བཤད་སྒྲུབ་གླིང་དུ་འཛུགས་རྒྱུའི་རིང་འཚོ་རེ་


GLG007_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གི་ངོར་སྨིན་གྲོལ་གླིང་དུ་འཛུགས་རྒྱུར་རྩེ་ཤོད་ཐུན་མོང་བ་དང་། གཏེར་སྟོན་རིན་པོ་ཆེ་བཅས་པའི་བརྟན་བཞུགས། སྔགས་རམས་པ་ནམ་མཁའ་རྒྱ་མཚོས་བསྐུལ་བའི་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་བསྙེན་ཡིག་འཆི་མེད་གྲུབ་པའི་དོ་ཤལ། བཏགས་གྲོལ་བཅང་ཐབས་ཀྱི་དབང་བསྐུར་དང་བཅས་པ་མུ་ཐ་ལའི་ཕྲེང་བ། ལྷ་ལྡན་མ་ཎི་བ་དགོས་པ་ཅན་གྱི་ངོར་ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་ཚོགས་མཆོད་དང་རིང་འཚོ། བྷྲུཾ་པ་མི་དབང་གིས་བསྐུལ་བའི་གསོལ་འདེབས་རྣམས་བརྩམས། ཚེས་དགུར་རྗེ་དྲུང་རིན་པོ་ཆེ། ཆོས་རྗེ་བཅོ་བརྒྱད་པ། མེར་གན་དགེ་སློང་། མདོང་དཀར་བླ་མ། ནོམ་ཆི་ཐའི་ཇི། ཨེར་ཏེ་ནི་ཐའི་ཇི། ཆེ་ཆེན་ཐའི་ཇིའི་མི་སྣ་སོགས་བཞི་བཅུ་སྐོར་ལ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་ཉེ་བརྒྱུད་ཐུགས་རྗེ་ཆེན་པོ་ཕྱག་བཞི་པ་གཙོ་རྐྱང་དང་སྒྲུབ་ཐབས་སྲིད་ཞིའི་གདུང་སེལ་གྱི་ལུང་བཀླགས། བཅོ་བརྒྱད་ཆོས་རྗེར་མདུད་པ་ཇ་གོས་དར་སོགས་ཀྱི་སྐྱེས་དང་བཅས་ཐོན། ཕྱི་དྲོ་འབྲི་གུང་ཕྱག་མཛོད། ལྡན་མ་ཤ་ཁྲིད་བླ་མ། དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཁང་དང་ཐོར་གོད་ཨཱ་ཡུ་ཁེའི་མི་སྣ་སོགས་ལ་ཇ་གྲལ་བཏང་། ཚེས་བཅུར་བཟང་ལྡན་མཁན་པོ། ཕྱག་མཛོད། མགྲོན་གཉེར་གསུམ་ལ་ཁྱབ་བདག་ཞ་ལུ་པ་ཆེན་པོའི་དངུལ་གདུང་ཐེབས་ལ་སྲང་ཕྱེད་ཉིས་བརྒྱ། པད་འདབ་དང་དཔྲལ་གཡུ་རེ། གཡུ་བྱུ་རུ་སོགས་རིན་པོ་ཆེའི་ཕྲ་ཚན་ཆེ་བ། པ་ནམ་སྒང་གི་ཆོས་གཞིས། དཔལ་འཁོར་ཆོས་སྡེའི་བྲང་ཁང་ལེ་ཚན་སོགས་ཕྱག་མཛོད་བསོད་ནམས་རིན་ཅེན་ཁམས་བཟང་རིང་བར་


GLG007_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

འཇགས་པ་དང་། དེ་ནས་མཁན་ཆེན་རྡོ་རྗེ་འཆང་དེ་ཉིད་ཀྱི་དགོངས་པ་རྫོགས་ཐབས་སུ་སྒང་གི་ཆོས་གཞིས་རྣམས་ཞ་ལུར་དུས་འཁོར་སྒྲུབ་མཆོད་ཀྱི་ཐེབས། དཔལ་འཁོར་ཆོས་སྡེའི་དགའ་ལྡན་སྐྱེད་ཚལ་རིན་སྡིངས་དང་། ནོར་བུ་བྲང་ཁང་དབང་ལྡན་ཆོས་འཁོར་གྲ་ཚང་ལ་ཡོ་ག་སྒྲུབ་མཆོད་ཀྱི་ཐེབས་སུ་སྦྱོར་རྒྱུ་དང་དེ་དོན་གཙང་གྲས་སུ་ཆོད་པའི་གཏན་ཚིགས་སོགས་བྱིན་ནས་རྫོང་བདའ་བགྱིས། ཚེས་བཅུ་གཉིས་ལ་རྟོགས་བརྗོད་ཐང་ཀ་འདྲི་མི་རྣམས་ལ་ཐོན་གདོང་གི་བྱིན་རླབས་དང་། ཚེས་བཅུ་བཞིར་མེར་གན་དགེ་སློང་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བསྐུར། ཚེས་བཅུ་བདུན་ལ་ཆོག་ཐུ་ཐའི་ཇི། བར་ཏ་དཔོན་བློ་བཟང་། ཨེར་ཁེ་ཨུའི་ཆིང་། ཁལ་ཁ་དས་བུང་ཧུང་ཐའི་ཇིའི་བླ་མ་ཆོས་རྗེ་རབ་འབྱམས་པ། ཨོ་རོད་ཁ་དན་ནོ་ཡོན་གྱི་བླ་མ། དས་བུང་ཧུང་ཐའི་ཇི། དྷརྨ་ཤྲཱི་ཧུང་ཐའི་ཇི། ཨེར་ཏེ་ནི་ལ་སུན་ཁུ་ཐུག་ཐུ། ཨ་ཁའི་ཐའི་ཇི། ཨེར་ཁེ་ནོ་ཡོན། ཨེར་ཏེ་ནི་ཧུང་ཐའི་ཇི། བློ་བཟང་ཚེ་རིང་། དཔོན་བློ་བཟང་ཉི་མ མཚོ་ཁ་རྡོ་རྗེ། བཛྲ་སྐྱབས་རྣམས་ཀྱི་མི་སྣ། ཨེ་ཤི་དར་ཁན་བླ་མའི་སྐུ་སྐྱེ་གྲགས་པ་དཔལ་འབྱོར། ཤར་ཁང་ནོ་མུན་ཁན་གྱི་དབོན་པོ་སོགས་དང་ཕྲད། དས་བུང་ཚང་གི་བླ་མ་སྐུ་སྐྱེ་རབ་འབྱམས་པས་དངུལ་གྱི་མཎྜལ། གོས་ཡུག་ཉེར་ལྔ། ཁ་བཏགས་སྨན་ཙེ་སོགས་བརྒྱ་ཕྲག་ཏུ་ལོངས་པ་བསྟར། གསར་འབྱོར་གཞན་གྱིས་ཀྱང་གོས་དར་སོགས་ཀྱི་སྟེར་བྱ་བྱུང་། དེ་མཚམས་སྡེ་པ་དང་ལྷན་ཅིག་ཏྲེ་བོ་དཀར་ལྕོག་སྤྲུལ་སྐུ། འབྲི་གུང་ཕྱག་མཛོད། བྲག་དབར་བླ་མ། སྡེ་པ་ཐོན་དམག་དཔོན་པ། གེ་རེ་དཀའ་བཅུ།


GLG007_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་ཡུལ་ཝ་ར་ཎཱ་སིའི་པཎྜི་ཏ་གོ་བིནྡ་ནཱ་ཐ། ལྐོག་པའི་མཆིས་འབྲང་བཅས་པར་ཇ་གྲལ་དང་འབྲི་གུང་པས་རྟ་དོན་གཅིག །ཁྲབ། མར་ཐུད་སོགས་དང་རྩེ་ཤོད་གཉིས་ཀར་སྤྲུལ་སྐུས་རིང་པོར་འཚོ་དགོས་པའི་ཚིགས་བཅད་ཀྱང་སྣང་། ཨ་མདོ་རྟ་འབུལ་བ་ལོངས་པོ་དགེ་ལོག །རབ་འབྱམས་པ་བསྟན་པ་གྲགས་པ་ཅན། ཀླུ་འབུམ། ཧ་སྡོང་དགེ་ལོག་བསྟན་པ་རྒྱལ་མཚན། མགོན་པོ་རྒྱལ་མཚན། ཟུང་ཆུའི་རྟ་འབུལ་བ། བསམ་བློ་མེར་གན་དགེ་སློང་། དགེ་ལོག་ཤེས་རབ་ཅན། སྦྱིན་པ་ཅན། ཤེས་རབ་བཀྲ་ཤིས་ཅན། དོན་གྲུབ་ཅན། བྱ་བྲལ་རིན་ཅེན་དོན་གྲུབ། བསྟན་པ་བཀྲ་ཤིས། དགེ་འདུན་སོགས་ཨ་མདོ་བ་བརྒྱ་སྐོར་དང་ཕྲད། བསྟན་གྲགས་ཀྱིས་རྟ་བཅོ་བརྒྱད། ཀླུ་འབུམ་ཚུལ་རིན་གྱིས་ཞེ་གསུམ། འ་ཤུར་ཕུལ་ཚ་ཚུལ་ཁྲིམས་དང་། དོན་གྲུབ་ཅན་གྱིས་བཅུ་གཉིས། རིན་ཅེན་དོན་གྲུབ་ཅན་གྱིས་ཉེར་བདུན། རོང་པོ་ངག་ཕུན་དང་། བྱ་བྲལ་བསྟན་རྒྱལ་ཅན་གྱིས་ཉེར་བཞི་རྣམས་བྱིན། ཚེས་བཅུ་བདུན་ལ་ངེད་རང་རྒྱལ་དུ་འགྲོ་ཨེ་ཐུབ་སྙམ་ནའང་རྐང་ལག་གི་སྟབས་འགྲོ་མ་ཐུབ་པས་འགྱངས་དོགས་གཏོར་གསོས་ལ་མཆོད་དཔོན་པ་བཏང་། ཚེས་བཅོ་བརྒྱད་ལ་ཉི་ལྡེ་སྤྲུལ་སྐུ། ར་སྒྲེང་མཁན་པོ། བྲག་ར་བླ་མ། ཟངས་རི་ནས་སྡེ་པ་བློ་བཟང་མཐུ་སྟོབས་ཀྱིས་གནས་ཆུང་ཨར་སྟོན་གཏོང་ཞོར་ཡི་གེ་སྐྱེལ་བར་དགེ་སློང་ཚུལ་རྒྱམ་པ་རྣམས་ལ་བྱིན་རླབས་དང་། ཐོད་རི་བཤད་སྒྲུབ་གླིང་པ་བློ་གྲོས་བརྟན་པས་དབུ་འགྲེལ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་རྫིངས་དང་། ཆོས་གྲགས་རྒྱ་མཚོས་ཕར་ཕྱིན་གྱི་སྦྱོར་འགོད་ཐལ་ཕྲེང་བཅས་པའི་རྒྱུགས་


GLG007_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲད། ཚེས་བཅུ་དགུར་གེ་རེ་དཀའ་བཅུ་ཐོན་གདོང་གི་བྱིན་རླབས་དང་། འཕགས་ཡུལ་གྱི་པཎྜི་ཏ་གོ་བིནྡ་ནཱ་ཐར་ས་སྙིང་ཞོ་ལྔ། ཁ་བཏགས། གོས་ཁ་ཐི་ཡུག །སྨན་ཡུག །ཟུར་ཆས་སོགས་བྱིན་པས་འདོད་པ་འགྲུབ་པའི་རྣམ་འགྱུར་སྟོན། ཉེར་གཅིག་ནས་གསུམ་གྱི་བར་བྱམས་ཁང་རྒྱབ་ཆོས་སྐྱོང་གིས་ཡོན་སྦྱར་གྲ་པ་ལྔས་རིང་འཚོའི་ཚིགས་བཅད་བསམ་པ་ལྷུན་གྲུབ་མ་སྨོན་ལམ་ཤིས་བརྗོད་ཀྱིས་མཐའ་བརྒྱན། ཉི་ལྡེ་སྤྲུལ་སྐུ་ཁེར་རྐྱང་བསྙེན་རྫོགས་བསྒྲུབས། ཉེར་གཉིས་ལ་ཏྲེ་བོ་དཀར་ལྕོག་སྤྲུལ་སྐུ། མཛོ་སྒང་རྫོང་སྡོད་ཁང་དམར་བ་དང་། སྟར་རྫོང་སྡོད་མི་སྣང་དཀར་བ་བསོད་ནམས་རབ་བརྟན། ཨེར་ཏེ་ནི་དའི་ཆིང་གི་མི་སྣ་སོགས་ལ་ཇ་གྲལ་ཐོག་གསར་འབྱོར་ཐར་པ་མ་བུའི་བསྔོ་རྟེན་བསྐྱར་མ་གྱོན་པ། གོས་ཡུག །ཁ་བཏགས། སྨན་ཡུག །ཇ་ཀོ་དྲ། དངུལ་སྒ། སྒ་དམར། རྟ་ཞེ་གཅིག །རྔ་མོ་སོགས་བཏེག་པ་མཆོག་གསུམ་དཔང་དུ་གསོལ་ནས་ཡང་སྲིད་ཀུན་ཏུ་བདེ་ཞིང་མི་རིང་བར་སངས་རྒྱས་ཐོབ་པའི་རྒྱུར་མཚམས་སྦྱོར་ཅི་ཤེས་བགྱིས། བརྟག་པའི་དོན་བཞིན་སྡེ་པའི་སྐུ་རིམ་ལ་ཉེ་སྐོར་རིས་མེད་དགོན་ལྔ་བཅུ་སྐོར་ལ་མང་ཇ་དང་འགྱེད་མི་རེར་གཤོར་ཁལ་དོ་རེའི་རྩིས་ཀྱི་གསེར་དངུལ། རྣམ་རྒྱལ་དུ་དར་གླིང་པ་དང་ཕོ་བྲང་དུ་རི་ཆོས་པ་གཉིས་ཀྱིས་མཚན་བརྗོད་དྲུག་ཁྲི་སུམ་སྟོང་དྲུག་བརྒྱ། འབུམ་བརྒྱ། གདུགས་དཀར་བཞི་བརྒྱ། སྒྲོལ་མ་བཞི་སྟོང་། ཤེར་སྙིང་ཉིས་སྟོང་བརྒྱད་བརྒྱ། ཚེ་གཟུངས་བདུན་ཁྲི་ཉིས་སྟོང་ལྔ་བརྒྱ་རྣམས་སོང་། ཉེར་བཞི་ནས་དགུའི་བར་སྤྲུལ་སྐུ་གཏེར་བདག་གླིང་པར་ཡང་ཏིག་གཅེས་སྒྲོན་གྱི་འཁྲིད་དམིགས་རྐང་བསྒྲིལ་སྤོམ་འཁྲིད་དུ་ཞུས། ཉེར་ལྔར་སྤྲུལ་སྐུ་རིགས་འཛིན་ཆེན་པོས་ཉི་འོད་དུ་ངེད་རང་


GLG007_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྡེ་པའི་དད་རྟེན་གྱི་གྲོ་ལོད་གུར་དྲག་སོགས་སྔགས་སྐུ་བཞེངས་པར་དམ་ཡེ་དབྱེར་མེད་མཆོད་པའི་རྟེན་ཁྱད་པར་ཅན་དུ་མཛད་པར་ངེད་རང་གིས་ཀྱང་མེ་ཏོག་འཐོར་བར་ཕྱིན་པས་བྲིས་ཐང་འདྲ་མཐོང་བས་རྐྱེན་བྱས་ལྷན་སྐྱེས་སུ་སྔར་ཀྱི་བླ་མ་དམ་པ་རྣམས་ལའང་ལེ་ལོས་མ་ཐུབ་ད་ལམ་ཕྱག་ཞབས་ཀྱི་རྗེས་དང་གཙོ་བོ་རིགས་འཛིན་གཏེར་བདག་གླིང་པར་འཁྲུངས་རབས་ཀྱིས་བསྐོར་བ་བཞེངས་ན་སྙམ་འདུན་པ་དྲག་ཏུ་ཤར་བ་ལྟར་ཕྱག་ཞབས་རྗེས་ཞུས་ཏེ་སྙེ་མོ་ཀརྨས་འདྲི་བའི་བཀོད་པ་དང་རྣམ་པར་སྣང་མཛད་ནས་ད་ལྟའི་བར་འཁྲུངས་རབས་ཀྱི་བར་འཕྲལ་དུ་བརྩམས་ཤིང་དེ་གའི་ལུང་ཡང་དགོས་གསུང་བ་ལྟར་ཕུལ། ཡོན་བྱིངས་ལ་མི་ཐེ་བའི་རབ་ཡོན་རྟེན་འབྲེལ་ཁྱད་ནས་ཀ་པཱ་ལ་མཚན་ལྡན་བདུད་རྩིས་གང་བ། རིན་པོ་ཆེའི་སྟོད་རྒྱན། སྨད་རྒྱན་སོགས་ཆ་འགྲིག་དཔུས་གཙང་། རྡོ་རྗེ། ཁ་ཊྭཱཾ་ག །དགང་གཟར་བླུགས་གཟར་ལྕགས་ཚགས་མ་ལེགས་པ། དར་དཀར་ཡུག་དང་བཅས་ཕུལ། ཧོར་ཟླ་དགུ་པའི་ཚེས་གཅིག་ལ་ཡེར་པ་བ་བླ་གྲ་གཉེར་བཅས་ཀྱིས་ཚན་གྲངས་དང་བཅས་མི་འགྱུར་བརྟན་པའི་སྨོན་པ་མཛད། ཆབ་ནག་བླ་མས་སྣམ་ཕྲུག་གཙོ་གྱུར་གྱི་དངོས་པོ་བཏེག །བྱང་འདྲེན་ཤ་བ་ཁ་པས་ཡོན་སྦྱར་ཡེར་བ་གྲ་ཚང་པ་སུམ་ཅུ་སྐོར་གྱིས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་བླ་མ་མཆོད་པ་བཏང་། ཤར་ཁང་ནོ་མུན་ཁན་དང་འཇམ་དབྱངས་སྤྲུལ་སྐུ་སོགས་མི་སྣ། དཔོན་ཨེར་ཏེ་ནི་ཐའི་ཇི། དར་ཁན་ཨེམ་ཆི་སོགས་བོད་སོག་བརྒྱ་སྐོར་ལ་ཇ་གྲལ་དང་ཨེར་ཏེ་ནི་ཇོ་རིག་ཐའི་ཇིའི་ཆོ་ལོ་དང་ཐམ་ཀ་སྣམ་ཕྲུག་སོགས་ཀྱིས་གཟེངས་


GLG007_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། རྡོ་རྗེ་བྲག་ནས་རིགས་འཛིན་སྤྲུལ་པའི་སྐུ། སེམས་དཔའ་སྤྲུལ་སྐུ། འོད་སྣ་བླ་མ། ཡེར་པ་ཆོས་རྗེ། གསང་སྔགས་ཆོས་འཁོར་གླིང་བླ་གཉེར། རཏྣ་བྷ་དྲ། བདག་པོ་སྐུ་སྐྱེ། སྤང་གཤོངས་ཧ་རི་ཁའི་བླ་མ། ཏྲེ་བོའི་འབུལ་དཔོན་པ། ཨུའི་ཆིངས་ནོ་ཡོན། ནོར་བུའི་མི་སྣ། དར་ཁན་དཀའ་བཅུའི་ཚ་བོ་ཁྱོ་ཤུགས་སོགས་དང་མཇལ་ཕྲད་བྱས། ཏྲེ་བོ་དཔོན་གྱིས་ཇ་ལེགས་པས་ཐོག་དྲངས་སྟེར་བྱ་དཔངས་མཐོ། ཚེས་གཉིས་ལ་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ་དཔོན་སློབ་ཀྱིས་འཆི་མེད་སྐུ་གསུམ་རིགས་འདུས་ཀྱི་ཚེ་ཆོག །དགོངས་འདུས་ཀྱི་ལུག་གཟུགས་ལ་བརྟེན་ནས་མཁའ་འགྲོ་བསུན་བཟློག་དང་བཅས་རྒྱས་པར་མཛད་པའི་སྔོན་འགྲོར་སྐུ་གསུང་ཐུགས་རྟེན། རུང་མཐུན་གྱི་གོས་སྣ་ཚང་བ། ས་སྙིང་སྲང་གང་། གོས་ཕྱི་ནང་། །ཇ་ཁྲོ་སོགས་དགུ་ཚན་བཅུ་གསུམ་བཏེག །ཕ་བོང་ཁའི་ཞལ་སྔ་ནས། རྒྱུད་སྟོད། ཆབ་ནག །ཐོད་རི་བཤད་སྒྲུབ་གླིང་། ཁྱམས་པ་རྣམས་ཀྱི་བླ་མ། སྔགས་པ་གནས་ཆུང་པ་སོགས་ལ་ཇ་གྲལ་ཐོག་གོང་མ་རྒྱལ་པོའི་གསེར་ཡིག་པ་ལྕང་སྐྱ་རབ་འབྱམས་པ། ཨོ་རོད་ཆོས་རྗེ་བློ་བཟང་ཚེ་རིང་བཅས་འབྱོར། གོང་མའི་བཀའ་ཤོག་རྟེན་གཟབས་པ་དང་བཅས་བླངས་ཤིང་མི་སྣ་རབ་འབྱམས་པས་གོས་ཕྱི་ནང་དངུལ་གྱི་མཎྜལ་སོགས་རྙེད་པ་བསྟབ།ཚེས་གསུམ་ལ་སེམས་དཔའ་སྤྲུལ་སྐུས་བདོག་པའི་སྐྱེས་འགྱེད་བཅས་གྲ་ཚང་ནས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་སྤེལ། སེམས་དཔའ་སྤྲུལ་སྐུ། རྒྱལ་སྲས་ཤེར་འཕེལ་བ། སྟག་རྩེ་རྒྱལ་བུ་ལྷ་རྒྱལ་རབ་


GLG007_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན། ཐོན་དམག་དཔོན་པ། རྣམ་རབ་དྭགས་པོ་གྲ་ཚང་བླ་མ། སེ་ར་བྱ་བྲལ་གྱི་རྟ་འབུལ་བ། ཨ་རག་ཅན་གྱི་བསྔོ་རྟེན་སྐྱེལ་མི་དྲུག་སོགས་དང་ཕྲད། གཏེར་སྟོན་རིགས་འཛིན་ཆེན་པོར་ཆོས་བཀའ་འདྲའི་འཕྲོ་དང་བཅས་རྒྱང་ཙམ་བཞུགས་ན་སྙམ་ཞིང་དགོངས་པར་ཡང་བཞུགས་བཞེད་མཆིས་རུང་ངེད་རང་དཔོན་སློབ་གཉིས་ཀར་དགོས་མེད་ཀྱི་གཡེང་བ་འདྲས་ཕྱིར་ཕེབས་པར་ཤར་བར་ཐུགས་གོར་ཁེབས་འདྲ་བསམས་པའི་དབང་རྫས་དང་སྣམ་སྦྱར། ན་བཟའ་སྐོར་ཆ་ཚང་། ཕེབས་རྫོངས་སུ་དགུ་ཚན་བཅུ་གཅིག་གི་ཚན་གྲངས་རེར་བཀྲས་བཏགས་ཆེ་ལེགས་རེ། གོས་གཙང་ཡུག་རེ། དར་རེ། སྨན་ཡུག་རེ། སྤྱིར་གོས་ཆེན་གྱི་སྣམ་སྦྱར། གསེར་སྲང་གང་། མུ་ཏིག་གི་འཕྲེང་བ་ཆེ་ལེགས། དངུལ་དཔྱད། ཧུ་ཇ་ཁོར་དྲུག་མ། རས་ཆ་སོགས་གྱ་ནོམ་པ་ཕུལ། ཚེས་བཞིར་དྲུག་བརྒྱ་དགེ་སློང་ལ་བྱིན་རླབས་དང་། ཧུ་ཇ་བར་ཁག །ཟི་ལིང་སྦག །མར་ཁལ་དྲུག །ཞ་ཐུལ་སོགས་ཀྱི་ཕན་པ་བསྒྲུབས། ཚེས་ལྔར་སྤྲུལ་སྐུ་རིགས་འཛིན་ཆེན་པོ་རེ་ཞིག་བསྟི་གནས་སུ་ཆིབས་བསྐྱོད། རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ་དང་མཇལ་ཞིང་གསུང་འཕྲོས་སྨར། ཡེར་པ་དགའ་ལྡན་གསང་སྔགས་ཡང་རྩེ་བ་ངག་དབང་བཟང་པོས་སྔགས་རིམ་ཆེན་མོ་དང་། སྟག་ལུང་གསང་སྔགས་ཆོས་འཁོར་བ་ངག་དབང་བསྟན་རྒྱལ་གྱིས་ཐང་ཡིག་ཤེལ་བྲག་མའི་རྒྱུགས་སྤྲད། ཚེས་དྲུག་ལ་ཚེ་དབང་དར་རྒྱས་ཀྱིས་མདོ་སྡེ་བསྐལ་བཟང་། རྒྱ་ཆེ་རོལ་བ། ཕལ་ཆེན། སྙིང་རྗེ་པད་དཀར། དམ་ཆོས་པད་དཀར་བཅས་གླེགས་བམ་དགུ་བཞེངས་


GLG007_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཀར་ཆག་སྨོན་ལམ། ཏྲེ་བོ་ཧོར་ཚང་ནོར་བུའི་ངོར་གསོལ་འདེབས། བཀྲ་ཤིས་བདེ་ཆེན་དུ་གྲ་ཚང་གི་གྲ་རྒྱུན་བཅུ་གཉིས་ཀྱིས་དངུལ་སྲང་དོ་ཞོ་རེ་བསྡུས་ནས་དུང་གོས་དར་བཅས་ཕུལ་བའི་སྨོན་ལམ། ཐང་སག་དགའ་ལྡན་ཆོས་འཁོར་སྤྱི་ཚོགས་ཀྱིས་བསྐུལ་བའི་སྔགས་རམས་པ་ནམ་མཁའ་བཟང་པོའི་བརྟན་བཞུགས་རྣམས་བཀོད།


previousདགུང་ལོ་རེ་ལྔ་པར་ལྷ་རྩེ་ཆོས་སྡེ་དང་། དགའ་ལྡན་བདུད་འཇོམས་གླིང་། མཚོ་སྣ་དགའ་ལྡན་འགྲོ་དོན་གླིང་སོགས་ཆོས་སྡེ་མང་པོ་གསར་འཛུགས་མཛད་སྐོར།no next