Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
 
དགུང་ལོ་རེ་གསུམ་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྡེ་སྲིད་དུ་བསྐོས་ཤིང་ཁྲི་འདོན་གྱི་རྟེན་འབྲེལ་རྒྱ་ཆེར་བསྒྲུབས་པའི་སྐོར་དང་། བསམ་ཡས་ཀྱི་ནང་རྟེན་བྱིན་ཅན་ཁག་གི་དཀར་ཆག །འདུལ་བའི་ལས་ཆོག་རྣམ་རྒྱལ་གསེར་མདོག་མཛད་པ་བཅས་ཀྱི་སྐོར།
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousདགུང་ལོ་རེ་གསུམ་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྡེ་སྲིད་དུ་བསྐོས་ཤིང་ཁྲི་འདོན་གྱི་རྟེན་འབྲེལ་རྒྱ་ཆེར་བསྒྲུབས་པའི་སྐོར་དང་། བསམ་ཡས་ཀྱི་ནང་རྟེན་བྱིན་ཅན་ཁག་གི་དཀར་ཆག །འདུལ་བའི་ལས་ཆོག་རྣམ་རྒྱལ་གསེར་མདོག་མཛད་པ་བཅས་ཀྱི་སྐོར།next

དགུང་ལོ་རེ་གསུམ་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྡེ་སྲིད་དུ་བསྐོས་ཤིང་ཁྲི་འདོན་གྱི་རྟེན་འབྲེལ་རྒྱ་ཆེར་བསྒྲུབས་པའི་སྐོར་དང་། བསམ་ཡས་ཀྱི་ནང་རྟེན་བྱིན་ཅན་ཁག་གི་དཀར་ཆག །འདུལ་བའི་ལས་ཆོག་རྣམ་རྒྱལ་གསེར་མདོག་མཛད་པ་བཅས་ཀྱི་སྐོར།


GLG007_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྲུབ་ཅེས་པ་ས་ལུག་གནམ་ལོ་གསར་དུ་ཚེས་པའི་དཔལ་ལྡན་འདོད་པ་ཁམས་ཀྱི་དབང་ཕྱུག་མའི་ཚེས་གཅིག་གཏོར་ཆེན་རྟེན་འབུལ་སོགས་སྔར་བཞིན་བཏང་། ཉིན་དང་པོར་མཆོད་ཡོན་གཉིས་ཨུལ་ཇོའི་ཐུ་པཱ་ཐུར་ཐའི་ཇི། ས་སྐྱོང་མེར་གན་ཐའི་ཇི། བསོད་ནམས་ཧུང་ཐའི་ཇི། ཨེར་ཁེ་ཇི་ནོང་། རྒྱས་སྲས་བསྟན་འཛིན་དབང་རྒྱལ། ལྷ་བཟང་ཀླུ་དབང་། བསོད་ནམས་བཀྲ་ཤིས་སོགས་དཔོན་མོ། ཇའི་སང་དྲག་བསྡུས་བཅས་ཉིས་བརྒྱ་སྐོར། སེར་འབྲས་སློབ་དཔོན་ཁྲི་གདན་ཟུར། དབུ་ཆོས་སོགས་ལས་སྣེ་བ། སྡེ་པ་ཨ་བར། དབུ་མཛད། མཆོད་དཔོན་སོགས་རྒྱུན་སྡོད་དྲུང་འཁོར། ཇོ་སྟན་ཟུར་པ། ཤར་རྩེ་ཆོས་རྗེ། སེམས་དཔའ་ཆེན་པོ། ཕྱོགས་མཐའི་ལོ་གསར་འབུལ་མི། ཛུམ་ལང་། མཚོ་ཁ། ཨོ་རོད། ཁལ་ཁ་རྒྱལ་པོ་སོགས་ཀྱི་མི་སྣ་བཅས་པར་དགའ་སྟོན། གྲལ་འཕྲོས་དང་རོལ་གར་སྣ་ཚོགས་བསྒྱུར། དཔོན་མོ་ཚོར་ཇ་གྲལ་བཏང་། ཉིན་གཉིས་པར་གཉུག་མར་གནས་པའི་སྟེང་རྟ་ཚག་རྗེ་དྲུང་། རིན་ཆེན་རྒྱན་ཆ་བ་ལྔ་བཅུ་ལྷག་བཅས་ཀྱིས་བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་སྣ་བདུན་འབུལ་བ་དང་། མཆོད་སྤྲིན་རྣམ་བརྒྱད་འཕར་བའི་གཞན་ཉིན་སྔར་དང་འདྲ་བ་བསྟར། རྩེར་ཁྱབ་བདག་ཞ་ལུ་པ་ཆེན་པོས་རིང་འཚོའི་བདོག་པ་དང་བཅས་རྡོར་ལེགས། ལྕམ་ནོར་བུ་ཁྲ་སྒོར་དང་མཇལ། དགའ་ལྡན་ཕོ་བྲང་པའི་དགྲ་ལྷར་སོང་གཤིས་སྐུ་རྟེན་སྲས་པོ་བསོད་ནམས་འདས་པ་ནས་བཟུང་འགྲོན་གཉེར་དྲུང་པ་བཏང་བའི་གྲ་ཚང་གི་གྲ་པ་ཁ་ཤས་ཀྱིས་སྐུ་ཕེབས་ཞུས་ཀྱང་ཕེབས་ཁ་སྲ་བ་དེ་ལམ་དུ་ལུས་པ་སྐྱེངས་པ་ལྟ་བུའི་སྐྱོན་བྱུང་དོགས་


GLG007_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་པ་བློ་བཟང་སྦྱིན་པ་བཅས་རིམ་པར་མུ་འཐུད་ཞུ་བཅུགས་ཀྱང་ཁོག་ཞུགས་ལོ་སྐོར་བར་མ་བྱུང་བར་བརྟེན་བསམ་ཡས། ལ་མོ། ཚོང་འདུས་གསུམ་དུ་ཡང་ངེ་བཏང་བ་དེ་སྐོར་ཞུས་སྐབས་ཤིག་དགེ་སློང་འཇམ་དབྱངས་གྲགས་པར་ལ་མོ་བས་ཕར་ཚོལ་བ་སོགས་རིང་ཁྱད་མི་དགོས་ཕོ་བྲང་གི་ཉེ་སྐོར་ནས་ཡོང་བར་ལུང་བསྟན། ལོ་སྔོན་མ་ནས་སླེ་མ་བའི་བུ་འབྲིང་པོ་ཚེ་བརྟན་ལ་ཁོག་ཞུགས་ཤིག་བྱུང་འདུག་པ་རྗེས་སུ་རིམ་པར་གསལ་དུ་སོང་བ་བསམ་ཡས་སུ་སྨོན་གྲུབ་པ་རིན་ཆེན་བཀྲ་ཤིས། ལ་མོར་སྒྱིད་ཐང་ནོར་བུ་དང་ཚོང་འདུས་སུའང་མི་བཏང་སྟེ་དྲི་སྐོར་ཞུས་པ་ཕལ་ཆེར་མཐུན་པར་གནས་ཆུང་ཆོས་རྒྱལ་ཆེན་པོའི་ཕྱོགས་གཏོགས་ཡིན་ཚུལ་དང་། དེ་ལའང་བརྟག་པ་དགོས་ཟེར་བ་ལྟར་བགྱིས་པ་ལྷ་འདྲེའི་སྐོར་འཁྲུགས་ཆེས་པའི་དཔྱད་དཀའ་ནའང་བདག་བྱས་པ་བཟང་ངོ་ཤར་བ་བཞིན་རྗེས་སུ་རལ་གྲིར་མདུད་པ་དང་བསླབ་སྟོན་སོགས་ཡིད་ཆེས་སུ་གྱུར་པ་ཚེས་གསུམ་སྐར་མ་བཟང་བར་རྒྱལ་པོ་ལྕོག་ཏུ་ཕབ་པའི་རྩེར་ཕེབས་པ་ཐོག་མར་ཁོག་མ་བྱང་བའི་གསུང་འགགས་ཀྱིས་འདོན་མི་བདེ་ཞིང་སྐུ་ཁོག་གི་རྩ་སྒོ་ཡང་དོག་སྟབས་ནས་གནང་ལུགས་རྣམས་སྲས་པོ་བསོད་ནམས་དང་འདྲ་མིན་སྣ་ཚོགས་བྱུང་བ་ཇ་མ་དོན་གྲུབ་རྒྱ་མཚོ་སོགས་ཀྱིས་གླེང་གཞི་མང་ཙམ་བྱས་འདུག་རུང་ནང་དུ་བྱོན་པའི་ཚེ་གཟུགས་མེད་དངོས་སུ་ཞུགས་ཉམས་ཀྱིས་དཀྱུས་མ་དང་མི་འདྲ་བའི་བཀག་ཟིལ་ཆེ་བར་སྣང་བ་མཁའ་འགྲོ་བྱེ་བའི་ཚོགས་དཔོན་མཁར་ཆེན་བཟའི་ཕྱག་རྡོར་དབང་པོ་སྡེ་ཡབ་སྲས་ཀྱི་བླ་རྡོ་རྔམ་ཅན་དེ་དབུར་བཞག །མྱོང་གྲོལ་གྱི་སྨན་ལྗགས་སྟེང་བླུད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ། རིགས་ལྔ། གསང་བདག་


GLG007_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན། དམ་པའི་རིགས་ཅན་དྲ་མ་ལྔ། ཁྱད་པར་ཨྱོན་རྡོ་རྗེ་འཆང་། སྐུ་སྤྲུལ་ཉང་ཉི་མ་འོད་ཟེར། གསུང་སྤྲུལ་ཆོས་ཀྱི་དབང་ཕྱུག །ཐུགས་སྤྲུལ་མངའ་རིས་པདྨ་དབང་ཆེན་སྐུ་མཆེད། ཡོན་ཏན་རྣམ་སྤྲུལ་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེ། དྲིན་ཅན་ཆོས་དབྱིངས་རང་གྲོལ་དང་ཁྱབ་བདག་ཁྲ་ཚང་པ་ཆེན་པོ། རིགས་འཛིན་གཏེར་བདག་གླིང་པའི་བར་དུ་བྱོན་པའི་བཀའ་བབས་བརྒྱུད་པའི་མཚན་རྣམས་བརྗོད་དེ་བསྟན་པ་སྤྱི་བྱེ་བྲག་གི་བདེ་སྐྱིད་གོང་ནས་གོང་དུ་སྤེལ་ཕྱིར་ལས་བཞིའི་འཕྲིན་ལས་སྒྲུབ་པར་ཡང་བསྐྱར་བཀའ་བསྒོས་དམ་ཚིག་བསྒྲགས་པ་བཞིན་དང་བླངས་ཀྱི་སྤྲོ་ཉམས་དང་བྱིན་ཤིན་ཏུ་ཆགས་པ་བྱུང་། སྐུ་ཕེབས་པའི་ལེགས་སོར་བཟབས་མཆོར་གྱི་སྐུ་ཆས་ལེགས་པ་ཆ་ཚང་། སྦུག་ཆོལ་ཇ་གོས་དར་སོགས་སྤམས་བསྟོད། དབུ་རྨོག་མ་ཐར་བར་སྡེ་པ་ཨ་བར་སོགས་དོགས་པ་བྱེད་འདུག་རུང་ངེད་རང་གི་ལས་བྱེད་ཕལ་ཆེར་ཧོལ་རྒྱུགས་ལས་ཞིབ་པ་མི་ཡོང་འདུག་གཤིས་བཟོ་མི་རྣམས་ཀྱིས་སྐུ་ཁོག་གི་ལུས་ལ་མ་བསྡུར་བའི་རྩིང་སྐྱོན་དུ་གོ །སྐུ་ཆས་སྒྲོན་གྲུབ་པ་དང་སྡེ་པ་དང་སྡེ་པ་ཨ་བར་མ་གཏོགས་གཞན་རྣམས་ཕྱིར་ཕུད་དེ་སྐུ་ཕེབས་འགྱངས་པ་དང་ཕེབས་པའི་རྒྱུ་མཚན་ཁོག་པ་འདིར་ལོ་བརྒྱད་ལས་མི་ཡོང་ཚུལ་སོགས་ལུང་བསྟན་ཡིད་ཆེས་དུ་མའི་གསུང་གླེང་བྱུང་། དུང་དཀར་སྐུ་སྐྱེ། ཤག་སྐོར་སློབ་དཔོན་གསར་བཀོད། རྟ་དབོན་མེར་གན་ཆོས་རྗེ། དར་ཁན་ཆོས་རྗེ། ཁོང་རྣམ་རྒྱལ། དཔོན་མོ་བསོད་ནམས་དཔལ་བཟང་། གནས་ཆུང་སྐུ་རྟེན་སོགས་དང་ཕྲད། ཚེས་བཞིར་མེར་གན་ཐའི་ཇི། ཨེར་ཁེ་ཇི་


GLG007_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ནོང་དཔོན་མོ་བུ་འཁོར་བཅས་པ། བྱང་རྩེ་ཆོས་རྗེ། ཀོང་པོ་བཀྲ་ཤིས་རབ་བརྟན་མཁན་ཟུར་རྣམས་ལ་བྱིན་རླབས་སོག་དམངས་སྟོང་བརྒལ་བར་ཀ་སྤུངས་སྟེང་ནས་མེ་ཏོག་གཏོར། ཚེས་ལྔར་དགའ་ལྡན་ཁྲི་རིན་པོ་ཆེ་དཔོན་སློབ་ཉི་ཤུ་སྐོར། ཇོ་རྫོང་རྫོང་སྡོད་མྱུག་པ་དང་རྒྱ་ཡགས་པ། དགའ་ཆགས་པ། རྟུལ་མི་མིང་སྲིང་། ཟུར་ཁང་ཤར་པའི་ལྕམ། ཐོར་གོད་ཨན་དར་གྱི་མི་སྣ་སོགས་དང་མཇལ་ཕྲད་ཀྱི་ཚེ་ཁྲི་རིན་པོ་ཆེ་དང་ལུགས་གཉིས་དང་འབྲེལ་བའི་གསུང་འཕྲོས་སྨར། ཚེས་བརྒྱད་ལ་ངེད་རང་གི་རིང་འཚོར་གྲ་ཚང་ནས་ཚེ་ཆོག་ཁག་ལྔ་འཛུགས་རྒྱུའི་སྔོན་འགྲོར་སྔར་མེད་བྱང་གཏེར་ཚེ་དཔག་མེད་ལྕགས་སྡོང་མའི་ནང་སྒྲུབ་ལས་བྱང་དབང་ཆོག་དང་བཅས་པའི་ཆོག་ཁྲིགས་གངྒཱའི་ཆུ་རྒྱུན། མགྲོན་གཉེར་ངག་དབང་ལེགས་མཆོག་གི་ངོར་ཀུན་རིག་གི་བརྒྱུད་འདེབས། སྡེ་པ་བློ་བཟང་སྦྱིན་པས་ཁུར་ཁུར་ཏེ་ཇོ་ཤཱཀ་ཕྱག་མཛོད་ནས་བཏོན་པའི་ཕྱེ་ཕུར་ཆེ་བ་ལྔ། འཕན་རིང་ཆེ་བ་ཆ་གསུམ། ཐུང་བ་ཆ་ལྔ། སྟོད་གཡོགས་སོགས་གྱ་དགུ། སྨད་གཡོགས་རེ་བདུན། པང་ཁེབས་ཆིག་བརྒྱ་སོ་བཞི་འཕྲུལ་སྣང་དང་། པང་ཁེབས་ང་གཅིག །སྟོད་སྨད་ཀྱི་གོས་བཅུ་རེ་ར་མོ་ཆེར་ཆོ་འཕྲུལ་དུས་ཕུལ་བའི་སྨོན་ལམ། དགེ་སློང་བློ་བཟང་འཕགས་པ་དང་ངག་དབང་ཕུན་ཚོགས་གཉིས་ཀྱིས་གྲ་ཚང་དུ་སྙན་དར་ཆིག་བརྒྱ་ཉེར་ལྔ་ཕུལ་བའི་ཁ་བྱང་། ཏྲེ་བོ་སྐལ་བཟང་གི་ངོར་སྨོན་ལམ། མཆོད་དཔོན་པའི་མས་ལྷ་སར་ན་བཟའ་ཕུལ་པའི་སྨོན་ལམ། ཨྱོན་རྡོ་རྗེ་འཆང་


GLG007_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཟབ་གཏེར་ལུང་བསྟན་ལས་བྱུང་བ་ལྟར་འདི་ཉིན་ནས་ཇི་སྲིད་ནམ་མཁའ་གཟུགས་གཞན་མ་བཟུང་བར་བསྟན་པ་རིན་པོ་ཆེ་བླ་ནས་བླར་འཕེལ་བའི་ཆེད་དུ་འཕགས་ཡུལ་རྡོ་རྗེའི་གདན་དང་གཉིས་སུ་མེད་པ་བོད་ཡུལ་གྱི་ལྟེ་བ་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ཆེན་པོར་འཕགས་པའི་གནས་བརྟན་བཅུ་དྲུག་གི་མཆོད་ཆོག་རྒྱལ་བསྟན་མཛད་མེད་ནོར་བུའི་ཆོ་ག་ཆུ་ཤུར་དགའ་ལྡན་ཐར་པ་གླིང་པའི་གྲ་པ་བཞི་སྡེས་ཚར་རེ་གཏོང་རྒྱུར་ཞོགས་སྟར་མཆོད་པ་སྣ་བདུན་ཉེར་གཉིས་རེ། གཏོར་ཟླུམ་དྲུག །ཉན་ཐོས་ཚོར་དཀར་གསུམ་དངར་གསུམ་གྱི་མཆོད་པ། ཚེས་བཅོ་ལྔར་སྔ་དྲོ་ཕྱི་དྲོ་གཉིས་ཀར་བདུན་ཚར་རེ། ཇ་མ་གཅིག་བཅས་པའི་ཕོགས་ཡོན་བསྡོམས་གཤོར་ཁལ་ཉིས་སྟོང་དང་དྲུག་སོགས་བསྟར།ཚེས་བཅུ་གཅིག་ལ་གྲ་ཚང་ཡོངས་རྫོགས་ལ་ཚེ་དཔག་མེད་ལྕགས་སྡོང་མའི་དབང་དང་སྒྲོལ་དཀར་ཐུན་མོང་མ་ཡིན་པའི་རྗེས་གནང་བསྐུར། ཚེས་བཅུ་གཉིས་ནས་གྲ་ཚང་སྤྱིས་རིང་འཚོར་དམིགས་ཚེ་ཆོག་ཁག་ལྔ་བཙུགས། ཚེས་བཅུ་གསུམ་ལ་བསྟན་འཛིན་ད་ལའི་རྒྱལ་པོར་དཔལ་མོ་ལུགས་ཀྱི་བཅུ་གཅིག་ཞལ་གཙོ་རྐྱང་གོ་རྗེས་གནང་དང་། བཅུ་བཞིར་ཐེག་པ་ཆེན་པོའི་སྡོམ་པ་ཕབ། དཔོན་མོ་བསོད་ནམས་ཆོས་འཛོམས་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་བསྔོ་རྟེན་རྟ་བརྒྱད་ཅུ་ཇ་གོས་དར་སྤམས་མཐོ་བྱུང་བར་འཁོར་བ་དང་ངན་འགྲོའི་དུཿཁ་ལས་གྲོལ་བའི་བསྔོ་སྨོན་གྱི་མཚམས་སྦྱོར་ཡང་དག་བྱས། ཚེས་བཅོ་ལྔར་ངེད་རང་གི་སྤོང་དག་ཏུ་པཎ་ཞ་གཅིག་ཐེ་བའི་བཅུ། ཙར་མོ་བཅུ་གཅིག་


GLG007_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

མཐང་གོས་བཅོ་ལྔ། བླ་གོས་བཅོ་ལྔ། འགན་སྦྱར་བཅུ། བེར་བཅུ་བཞི། གཟན་བཅུ་དགུ། སྐ་རགས་བཅུ་གཅིག །སྨད་གཡོགས་གཉིས། སྟོད་འགག་ཞ་ཐུལ། ལྷམ་བཅུ། འདིང་བ་དྲུག །སྙེ་འབོལ་ཉི་ཤུ། མཇིང་གནོན། ལྷུང་བཟེད་བཅུ། དཀར་ཡོལ་བདུན། རྡོར་དྲིལ་ཉེར་གཅིག །དངུལ་གྱི་སྟེགས། བཟེད་ཞལ་གཉིས། ཆབ་རིལ་གཉིས། བུམ་པ་གཉིས། ཀོང་བཞི། བྱམ་བུམ་བཞི། ལྟེ་རི་ལྔ། རྐྱེན་བུ། མདོང་མོ་གསུམ་རྣམས་དངུལ། གོས་སྟན་ང་ལྔ། གསེར་སྒ་ལྔ། དངུལ་སྒ་བཅུ་གསུམ། ར་མ་ལུག་བདུན་རྣམས་ཆ་འགྲིག །རྟ་བཅུ་བཞི། དངུལ་སྲང་ཉི་ཤུ། ཡ་ཇུ་ཁོར་དྲུག་མ་ཆིག་བརྒྱ་དྲུག་ཅུ་རྣམས་ཀྱིས་འབབ་གྲ་པ་རེར་དངུལ་ཞོ་གསུམ་རེའི་ཁྱོན་དངུལ་སྲང་ཉིས་སྟོང་བརྒྱད་བརྒྱ་ང་དྲུག་གིས་ཚོགས་བསགས། ཚེས་བཅུ་བདུན་ལ་དངས་མ་བཅུད་འདྲེན་མ་གཏོགས་པའི་གཞན་རྣམས་གྲོལ་བའི་རྡོ་རྗེ་སློབ་དཔོན་སྒྲོལ་དཀར་གྱི་སྔགས་རམས་པ་ངག་དབང་དཔལ་བཟང་། རྣམ་རྒྱལ་མའི་དགེ་སློང་ཕྱག་རྡོར་དབང་ཕྱུག །ལྕགས་སྡོང་མའི་དགེ་སློང་བློ་གྲོས་རྒྱལ་བ། འཆི་མེད་འོད་སྣང་གི་ཆོས་རྗེ་ཁ་རེག་པ་རྣམས་ཀྱིས་སོ་སོའི་ལུགས་བཞིན་རིང་པོར་འཚོ་ཐབས་ཀྱི་རྟེན་འབྱུང་བསྒྲིགས་ཤིང་། སྔགས་རམས་པ་ངག་དབང་དཔལ་བཟང་གིས་གཏན་སྡོད་དགོས་ཚུལ་ལུང་རིགས་ཀྱི་ལམ་ནས་དྲངས་ཏེ་སྨྲ་བའི་སྒོ་ཕྱེ་བ་རང་ཉིད་སོ་སྐྱེར་སྡོད་དབང་མ་མཆིས་ཀྱང་རྣམ་དག་གི་ཆོ་ག་


GLG007_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ལྡན་དགེ་འདུན་ཚོགས་ཀྱིས་ལྷག་བསམ་དག་པའི་སྒོ་ནས་ལྷ་སྔགས་ཡེ་ཤེས་ཀྱིས་བསྒྲུབས་པར་བྱིན་མཐུ་ཡོང་བ་གཞིར་བཅས་པ་དང་ཚིག་སྒྲའི་དབང་གིས་སྟོང་འདུན་བྱེད་པའི་ལན་བཏབ། མཆོད་དཔོན་པའི་མ། དཔོན་ཚང་ཁྱོ་ཤུགས་ལ་ཇ་གྲལ་བཏང་ཞིང་སྒྲགས་ཕུའི་གཞིས་ཀ་སྨོན་གྲོང་གེ་རེ་འོང་སྟོད་འབྲོག་བཅས་པ་ཁེ་གསུམ་གྱི་ཕྱིར་འགྲོར་གཞུང་ནས་ས་ཚབ་སྤྲད་པའི་ཁ་གཙང་རྣམས་སྦྱར་བའི་ལེགས་བྱར་ཁ་བཏགས་ཉིན་བདེ་མ། ཧོར་དཀར་སངས་རྒྱས་དཔལ་མོ། འདྲ་འབག་སིའུ་མ། མིང་སྒྲ་ཡོད་པའི་བླ་བྲེ་སིའུ་མ། ཧོར་གོས་བུམ་གདན་མ་གཉིས། གོས་ལོག་ཐང་ཡུག་བདུན། གསེར་ཞོ་ཉིས་བརྒྱ་རྣམས་བཏེག །ཚེས་བཅོ་བརྒྱད་ལ་དངས་མ་བཅུད་འདྲེན་པ་མིན་པའི་གྲ་ཚང་ཡོངས་རྫོགས་ཀྱིས་བཀའ་བརྒྱད་གསང་རྫོགས་ཀྱི་འཆི་བླུ་དང་། བཅུ་དགུར་བྱང་གཏེར་འཆི་བདག་བཟློག་པའི་ཆོ་ག་རྒྱས་པར་མཛད་པས་རིམ་གྲོར་འགྱུར་བ་བྱུང་། སྨོན་ལམ་ཆེན་མོའི་གཞུང་གྲལ་གྲ་པ་བཅུ་རེར་ཡ་ཇུ་ཁ་ཡ་རེ་མཐའ་གྲལ་བ་ལྔ་རེར་འགོ་བཀག་རེ་བསྡོམས་ཁོར་དྲུག་ཆིག་བརྒྱ་དྲུག་ཅུ། གྲ་པ་རེར་བུར་ཉག་ལྔ་རེ་བསྡོམས་ལྟང་ཙེ་སུམ་བརྒྱ་རེ་དགུ། གྲ་པ་རེར་འབྲུ་ཁལ་རུའི་རྩིས་ཀྱི་རྟ་ཆིག་བརྒྱ་གོ་གཅིག །དྲེའུ་ཉེར་དགུ །ལྷ་སའི་ཁྲལ་པ་དུད་རེར་འབྲུ་ཁལ་གཉིས་རེ། གུར་པ་དུད་བཅོ་ལྔ་རེར་ནག་པོ་བར་ཁག་རེ། སྤྲང་ལོང་བཞི་བརྒྱར་ཇ་ལྡུར་རག་འགག་རེ། གཙང་། ལྷུན་རྩེ། ལྷོ་བྲག་སོགས་དམག་གཡེང་མེད་སར་དུད་རེར་གཤོར་ཁལ་བཞི་མ། དབུས་


GLG007_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཁུལ་དགས་ཀོང་མཚོ་སྣ་བཅས་པར་ཕྱེད་ལྔ་མ། དམག་གཡེང་ཡོད་སར་འབྲུ་རྐྱང་དང་། བྱིངས་ལ་དཔུས་ཆ། བང་རིམ་ཆོས་སྡེ་བར་བསྟན་པ་རྒྱས་ཆེད་ལོ་སྟར་ཧོར་ཟླ་དང་པོའི་ཚེས་དགུར་ཚུགས་པའི་ཉིན་བདུན་པར་བརྒྱད་གྲས་གནས་བརྟན་ཕྱག་མཆོད་ཀྱི་རྒྱུན་ཇི་སྲིད་བར་སྟར་ཆགས་བཙུག་པར་མཆོད་རྫས་ཕོགས་སོགས་སྨན་བླར་ཆ་བཞག །ཚེས་ཉི་ཤུར་དངས་མ་བཅུད་འདྲེན་གྱི་སྒྲུབ་པ་གྲོལ་བ་དེ་གར་བརྟེན་གྲ་ཚང་ཡོངས་རྫོགས་ཀྱིས་མཁའ་འགྲོ་བསུན་བཟློག་རྒྱས་པ་སྔོན་འགྲོའི་ཚོགས་བདོག་པ་གྱ་ནོམ་པ་དང་བཅས་རིང་པོར་འཚོ་ཐབས་སྨིན་པར་མཛད་པ་ནས་ཚེ་བསྙེན་གྱི་བཅད་རྒྱ་དམ་པོར་བགྱིས། ལ་མོ། གནས་ཆུང་། བསམ་ཡས་སོགས་ཆོས་སྐྱོང་རྣམས་ཀྱི་ལུང་བསྟན། མོ་རྩིས། བརྟག་པ་བགྱིས་པས་མཚོན་ངེད་རང་གི་གེགས་སེལ་དུ་འབྲེལ་མཚུངས་ཀྱི་རྫོང་གཞིས་སོ་སོར། ལུ་བུ། ནཱ་ལེནྡ་པ། གྲང་མོ་ཆེ་པ་གསུམ་གྱིས་སྒྲོལ་དཀར་ཀྱི་ཚེ་ཆོག་བཞི་སྟོང་བརྒྱད་བརྒྱ་ཉེར་ལྔ། བཀྲ་བཟང་པས་འཆི་མེད་འོད་སྣང་དགུ་བརྒྱ། ནུབ་དགོན་པ། བྲག་དཀར་ཆུ་བཟང་པ། ཀྱི་སྟོན་པ། ཆུ་མིག་པ། བྲག་ལ་བ། འོད་མཆོག་པ། ཆུ་སྤེ་སྟེང་པ་རྣམས་ཀྱིས་ལྕགས་སྡོང་མའི་ཚེ་ཆོག་ཉིས་སྟོང་དགུ་བརྒྱ། བརྒྱ་མཁར་བ། འུག་བྱ་ལུང་པ། སྒྲོལ་མ་བ་རྣམས་ཀྱིས་སྒྱུ་འཕྲུལ་ཚེ་ཆོག་ཉིས་སྟོང་སུམ་བརྒྱ། ཞ་ལུ་བས་ ཕྱགརྡོར་འཆི་བདག་འཇོམས་པའི་ཚེ་ཆོག་ཉིས་བརྒྱ་ཉེར་ལྔ། སྙིང་རི་བས་ཡང་གསང ་ཁྲོས་པའི་རྫོང་ཆུང་ཚེ་ཆོག་ལྔ་བརྒྱ། ངོར་པས་འཆི་མེད་རྔ་སྒྲའི་ཚེ་ཆོག་


GLG007_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་བརྒྱ་འཆི་བླུ་དང་འབྲེལ་བ། གོང་དཀར་ཆོས་སྡེ་བ་དང་བཀྲ་ཤིས་རྩེ་ཆོས་སྡེ་བས་རྣམ་རྒྱལ་སྟོང་མཆོད་བརྒྱ་ཕྲག །རྡོ་རྗེ་བྲག་པས་སྐུ་གསུམ་རིགས་འདུས་ཀྱི་ཚེ་ཆོག་བརྒྱད་བརྒྱ་བཞི་བཅུ། དཔལ་རི་བས་རིགས་འཛིན་སྲོག་སྒྲུབ་ཀྱི་ཚེ་ཆོག་ལྔ་བརྒྱ་དྲུག་ཅུ། སྨིན་གྲོལ་གླིང་པ་དང་སྙེ་མདོ་བས་གཏེར་གསར་ཚེ་ཆོག་བརྒྱད་བརྒྱ་བཞི་བཅུ། ཤེལ་བྲག་པ་དང་གནས་གཞི་བས་རྫོང་ཆེན་ཚེ་ཆོག་ཆིག་སྟོང་བཞི་བརྒྱ་བརྒྱད་ཅུ། སྨྲ་བོ་ལྕོག་པས་མཚོ་སྐྱེས་རྡོ་རྗེའི་ཚེ་ཆོག་ལྔ་བརྒྱ། ཚེ་ཆུ་སྒྲུབ་སྡེ་བས་བདུད་རྩི་འཁྱིལ་པའི་ཚེ་ཆོག་ལྔ་བརྒྱ་བཞི་བཅུ། ཀ་ཚལ་བས་ཡང་ཟབ་ཚེ་ཆོག་དྲུག་བརྒྱ། ཆོས་ལྡན་པས་རཏ་གླིང་རྡོར་འཕྲེང་གི་ཚེ་ཆོག་ལྔ་བརྒྱ་བཞི་བཅུ། གསང་སྔགས་བྱང་ཆུབ་གླིང་པས་དངས་མ་བཅུད་འདྲེན་གྱི་ཚེ་ཆོག་ཆིག་སྟོང་བརྒྱད་བརྒྱ། ཤེལ་དཀར་དང་རྣམ་གླིང་ཆོས་སྡེ་བ། བྱམས་ཆེན་པ། མྱུག་ཆོས་གླིང་པ། དགའ་ལྡན་རབ་བརྟན་པ། བཀྲ་ཤིས་བདེ་ཆེན། ལམ་རིམ་པ། ཆོས་འཁོར་སྟེང་གསུམ་བསྒྲིལ་བ་བརྒྱ་རེ་བསྡོམས་བཀའ་འགྱུར་ཚར་བརྒྱ་ཉི་ཤུ། རི་བོ་བདེ་ཆེན་པས་སཱཙྪ་ལྔ་འབུམ་བཞི་ཁྲི། རྡོ་རྗེ་བྲག་སྤྲུལ་སྐུ་དཔོན་སློབ་ཀྱིས་དགྲ་སྲི་ཕུང་སྲི་དུར་སྲི་མནན། ཡང་རྫོང་དུ་ཚོགས་བརྒྱ། སྐོང་བཤགས། དཔལ་རི་བས་ཐང་ཡིག་དང་སྡེ་ལྔ་འགྲོ་ཆེ་བ། དར་གླིང་། རི་ཆོས་པ། རྩེས་དང་ལྔ་མཆོད་པ་བསྒྲིལ་བས་མཚན་བརྗོད་ཆིག་འབུམ་བདུན་སྟོང་བརྒྱད་བརྒྱ། མཆིམས་ཕུར་རང་གྲས་སྐོང་བཤགས། ཤེལ་བྲག་ཏུ་སྨིན་གྲོལ་གླིང་པས་སྐོང་བཤགས། སྨན་སྒྲུབ། ཚོགས་བརྒྱ། མཁར་ཆུར་གནས་གཞི་བས་ཚོགས་བརྒྱ། སྐོང་བཤགས་


GLG007_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

སེང་རྫོང་དུ་སྨྲ་བོ་ལྕོག་པས་ཚོགས་བརྒྱ། སྐོང་བཤགས། ཡེར་པར་གསང་སྔགས་གླིང་པས་ཚོགས་བརྒྱ་སྐོང་བཤགས་བསྡོམས་བརྒྱད་བརྒྱ་བཞི་བཅུ། གོང་དཀར་དུ་ཆོས་སྡེ་བས་ཞི་བའི་སྦྱིན་སྲེག་བརྒྱ་ཚར། དཀོན་གཉེར་བས་གདུགས་དཀར་དང་། རྡོ་རྗེ་བྲག་པས་འཆར་ཀའི་མདོས། རྒྱབ་ཆོས་སུ་གསུང་རབ་གླིང་པས་ཤེར་སྙིང་དང་ཆོས་འཁོར་ཡང་རྩེ་བས་གདུགས་དཀར། ལྷ་ས། བསམ་ཡས། ཁྲ་འབྲུག་གསུམ་དུ་མཆོད་པ་སྣ་ལྔ་བརྒྱ་ཚར། སྙན་ཤལ། ལྷ་སར་སྲོག་བླུ་སུམ་བརྒྱ། དཔལ་ལྷར་གསོལ་མཆོད། གཞིས་ཀ་ཤར་པས་བདུད་མདོས། ངན་སློང་སུམ་བརྒྱ་ཉི་ཤུར་རྩམ་མདའ་ཟོ་རེ། སོ་ཧྲུག་བཞི་གླིང་རེ། ཇ་ལྡུར་རག་འགག་རེ། འབུམ་རྒྱས་པ་དང་བརྒྱད་སྟོང་པ་བཅུ་གསུམ་རེ། བསྐལ་བཟང་བཅོ་ལྔ། གཟུངས་འདུས་ལྔ། ཕྱག་འཚལ་ཉེར་གཅིག་ཆིག་འབུམ་ཉི་ཁྲི་ཉིས་སྟོང་ཉེར་ལྔ། ཤེར་སྙིང་ཉིས་འབུམ་དགུ་ཁྲི་ལྔ་བརྒྱ། ལྟུང་བཤགས་སུམ་སྟོང་ལྔ་བརྒྱ། གདུགས་དཀར་སུམ་ཁྲི་སུམ་སྟོང་བདུན་བརྒྱ་ལྔ་བཅུ། ཚེ་གཟུངས་སུམ་འབུམ་ལྔ་སྟོང་བརྒྱད་བརྒྱ། མལ་དྲོར་བོན་གྱིས་ཀླུ་བཅོས། འཕྱོང་རྒྱས་སུ་འཇའ་དཀར་བྱུང་བའི་སེལ་བྱེད་ལ་བཀྲ་ཤིས་ཆོས་སྡེ་བས་གདུགས་དཀར་གྱི་མདོས། འབྲས་སྤུངས་སུ་ཇ་ཚུལ་སྟེང་བཟང་སྤྱོད་དྲུག་ཁྲི་སུམ་སྟོང་། ཤེར་སྙིང་དགུ་ཁྲི་བཞི་སྟོང་ལྔ་བརྒྱ། སྒྲོལ་མ་བཞི་འབུམ་བདུན་ཁྲི་ཉིས་སྟོང་ལྔ་བརྒྱ། སེ་རར་བཟང་སྤྱོད་ཆིག་འབུམ་བརྒྱད་བརྒྱ། ན་མཉམ་སྐྱ་སེར་དབུལ་འཕོངས་ཀྱི་རིགས་མང་པོར་ཇ་གསུམ། རྩམ་མདའ་ཟོ་རེ། རྒྱར་བཅོ་ལྔ་དྲས་རེ། ཐུད་ལེབ་དང་ལག་དོགས་གཉིས་རེ། སྐྱ་


GLG007_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་རེ། སྨན་ཁ་རེ། ཇ་འགྱེད་རེ། སྐྱེས་ལྷ་ཡུལ་ལྷར་གསོལ་མཆོད། གཡང་འགུགས། འབངས་གཙང་ཕྱོགས་སུ་གཤོར་ཁལ་བཞི་མ་དང་དབུས་ལ་ཕྱེད་ལྔའི་རྩིས་ཀྱི་དཔུས་ཆ། རྒྱལ་དུ་ཇ་ཚུལ་ཐོག་སྒྲོལ་མ་ས་ཡ་གཉིས། འཕྱོང་རྒྱས་སུ་དགྲ་ལྷ་དཔངས་བསྟོད་གཉིས། སྡེ་པའི་སྐུ་རིམ་དུ་དྭགས་པོ་གྲ་ཚང་པས་མདོ་མང་བཞི་བཅུ། སྒྲོལ་མ་ཆིག་ཁྲི་ལྔ་སྟོང་། ཤེར་སྙིང་སུམ་སྟོང་ལྔ་བརྒྱ། ཐོད་རི་བས་ཚེ་གཟུངས་ས་ཡ་གཉིས་དང་ཉིས་འབུམ་ལྔ་ཁྲི། གདུགས་དཀར་ཆིག་སྟོང་ལྔ་བརྒྱ། རི་བོ་བདེ་ཆེན་པ་བཞི་གྲས་སྦྱིན་སྲེག་བརྒྱ་ཚར། གཞིས་རྩེར་བྲག་ལ་བས་འཆར་ཀའི་མདོས། རྒྱབ་ཆོས་སུ་ལྷུན་རྩེ་བས་ཤེར་སྙིང་དྲུག་འབུམ། སྤྱི་རིམ་དུ་ཡུལ་ཚན་སོ་སོས་ཟླ་ཐེབས་ཅུང་ཟད་བསྡུས་ཤིང་གཙོ་བོར་རྫོང་གཞིས་ནས་བཏོན་པའི་ལོ་གླུད། སྡེ་བརྒྱད་སོ་སོ་དང་སྤྱི་མདོས། ཆབ་གཏོར། ཆ་གསུམ། ལྷ་བསངས། དཔངས་བསྟོད། ཀླུ་གཏོར། ཀླུ་འབུམ། ཀླུའི་དཔང་སྐོང་། འབྱུང་བཞི་གཏོར་མ། ཡིག་དྲུག་སྤྱན་འབྱེད། ཡུལ་ལྷར་གསོལ་མཆོད། བདག་མེད་མཆོད་རྟེན་ལ་སྐུ་དཀར། ཅོད་པན། ནད་རིམས་བཟློག་ཐབས་སུ་རྣམ་འཇོམས་དང་སྨེ་བརྩེགས་ཀྱི་ཁྲུས་ཀྱི་གཙུག་ལག་ཁང་དང་ཡུལ་གྲུ་ཐམས་ཅད་ཀྱི་གྲིབ་དང་། མི་གཙང་བ་དབྱུང་། མ་མདོས། ཕོ་བྲང་དུ་དཔལ་རི་བ། གོང་དཀར་དུ་རྡོ་རྗེ་བྲག་པ། འཕྱོང་རྒྱས་སུ་སྨིན་གྲོལ་གླིང་པ། རྒྱལ་རྩེར་བྲག་ལ་བ། ངམ་རིང་དུ་བཀྲ་བཟང་པ། ལྷ་རྩེར་ཆུ་མིག་པ་རྣམས་ཀྱིས་བསྟན་མདོས། བསྟན་མ་གནས་ས་ཚོར་གསོལ་མཆོད། དར་ལྕོགས། བསངས། ལུང་པ་ཆེ་ཆུང་བསྟུན་བརྒྱད་སྟོང་པ། གཟུངས་འདུས། གྲ་ལྔ་དང་སྒྲོལ་མ་གང་འགྲུབ།


GLG007_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་ཨང་དང་གཉིས་ལ་མང་འགྱེད། རྒྱལ་པོའི་སྐུ་རིམ་ལ་མདོ་མང་དུ་མ་དང་། འཕྲུལ་སྣང་དུ་མཆོད་པ་སྣ་ལྔ་བརྒྱ་ཚར། དགྲ་ལྷ་དཔངས་བསྟོད། བསྟན་སྲིད་ལ་རྒྱར་བརྟག་པ་བྱས་པའི་རིམ་གྲོར་དགེ་ལུགས་ཆོས་སྡེ་དང་སྔགས་དགོན་རྣམས་ནས་གཏོར་བཟློག །མདོ་པ་རྣམས་ཀྱིས་དགུ་བཟློག །སྔགས་ཁང་དུ་རྒྱུད་སྟོད་པ་ལྔ་བཅུས་ཞག་དྲུག་བར་ཡ་མ་རཱ་ཛ་འགྲོ་གང་ཆེའི་བདུན་པར་དྲུག་ཅུ་པའི་གློ་བུར་ལས་བཅོལ། རྒྱུད་སྨད་པ་ལྔ་བཅུས་ཞག་དྲུག་བར་ཤཱ་ས་ན་དང་བདུན་པར་གློ་བུར་བའི་གཏོར་བཟློག །གོང་དཀར་དུ་རྡོ་རྗེ་བྲག་པས་འཆར་ཀའི་གླང་ཆེན་སྣ་བསྒྱུར། རྒྱབ་ཆོས་སུ་གསུང་རབ་གླིང་པས་ཤེར་སྙིང་ཆིག་འབུམ་བརྒྱད་ཁྲི་བདུན་སྟོང་བདུན་བརྒྱ། སྒྲོལ་མ་ལྔ་སྟོང་དྲུག་བརྒྱ། ཕོ་བྲང་དུ་བཀྲ་ཤིས་ཆོས་སྡེ་བས་གདུགས་དཀར་མདོས་ཆེན། རྒྱབ་ཆོས་སུ་རི་བོ་ཆོས་གླིང་པས་ཤེར་སྙིང་ཆིག་འབུམ་བརྒྱད་ཁྲི། མཚན་བརྗོད་ཉིས་བརྒྱ། སྒྲོལ་མ་ཆིག་སྟོང་དྲུག་བརྒྱ། ཚེ་གཟུངས་དྲུག་ཁྲི། གཞི་རྩེར་འུག་བྱ་ལུང་པས་མགོན་པོ་གཡུལ་བཟློག་རྣམས་ནུབ་ཕྱོགས་སུ་བརྒྱབ། ཉེར་གསུམ་ནས་ཆག་གྲ་བཞི་པོ་བཙུགས། གནམ་གང་ལ་ནང་མཚམས་གྲོལ་བའི་སྡེ་པ་ཨ་བར་དང་དམག་ཟོར་ཚངས་དབང་བཅས་ལ་ཁ་འབར་མའི་འཆི་བླུ་བགྱིས། ཧོར་ཟླ་གཉིས་པའི་ཚེས་གཅིག་ལ་ཁེ་གསུམ་པ་དང་། ལྕགས་ལ་མཁན་པོ་སོ་སོས་དངོས་པོ་བཏེག་ནས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་གྲ་ཚང་ནས་བསྟར། ཞང་སྟོན་རི་ཁྲོད་པ་དང་གླེང་མོ་ཞིབ་ཏུ་བྱས་རྗེས་ས་སྐྱོང་མེར་གན་ཐའི་ཇི། དཔོན་མོ་བུ་བཅས། ཨེར་ཁེ་ཇི་ནོང་། ཆོས་རིན་ཆེན། ཤི་རལ་


GLG007_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཐུ། ཏྲེ་བོ་སྐུ་སྐྱེ། ད་ལའི་ཧུང་ཐའི་ཇིའི་མི་སྣ། ཨེར་ཁེ་དའི་ཆིང་། དཀའ་བཅུ་ངག་དབང་དོན་གྲུབ། ཨོད་ཁོན་རྣམས་ཀྱི་མི་སྣ། མཁའ་འགྲོ་དགེ་ཚུལ་མ། ངེས་གསང་རྡོར་གླིང་པ། གསང་ཕུ་མཆོད་ཁང་། རྒྱང་རོ་གསེར་སྡིངས་པ། ཞོམ་སྟེང་། ར་བ་སྨད་རྣམས་ཀྱི་བླ་མ། ལ་མོ་སྐུ་རྟེན་པ། གེར་ལྷ་པ་ཡུམ་སྲས། སྨད་ཏ་དཀོན་མཆོག་གི་བུ། མདའ་དཔོན་གནས་གསར་བ། དོན་གྲུབ་དབང་རྒྱལ། ལྕང་ཅན་རྡོ་རྗེ། ཆང་ཁྱིམ་པའི་ཕ། བྲག་ལ་བླ་མ་རྣམས་ལ་བྱིན་རླབས་དང་། ས་སྐྱོང་མེར་གན་ཐའི་ཇིས་རྟ་དོན་ལྔ། ཨེར་ཁེ་ཇི་ནོང་གིས་རྟ་སོ་དགུ །གཉིས་ཀས་ཇ་གོས་དར་པགས་རས་གསེར་དངུལ་གྱི་སྒ་སོགས་སྤམས་མཐོན་པོར་བཏེག །བླ་མ་དགའ་རབ་ཀྱིས་གུ་རུ་ཡེ་ཤེས་ཁྱུང་གྲགས་ཀྱི་གཏེར་མའི་ཕུར་པ་ཛྷྱཻ་ཀྵིཾ་ལས་གྲུབ་པ་རྙེད་པའི་མཆོག་ཏུ་གྱུར། སོག་དམངས་བདུན་བརྒྱ་སྐོར་ལ་མེ་ཏོག་གཏོར། ཆོས་འཁོར་ཡང་རྩེའི་གྲ་པ་བློ་བཟང་ཚེ་རིང་གིས་དབུ་མ་རྩ་འགྲེལ་གྱི་རྒྱུགས་སྤྲད། ཚེས་གཉིས་ལ་རྒྱུན་སྡོད་དྲུང་འཁོར་སེར་མོ་བ་སྤྱི་ཚོགས་དང་ལྷ་ས་བྱང་གླིང་པ་སོ་སོས་ཚན་གྲངས་རིང་པོར་བརྐྱང་སྟེ་གྲ་ཚང་གིས་འབྲས་གཤོངས་དག་སྣང་མའི་མཁའ་འགྲོ་བསུན་བཟློག་གི་སྒོ་ནས་རྟེན་འབྱུང་བསྒྲིགས། བློ་བཟང་མགོན་པོ་རབ་བརྟན། ཨ་ཁའི། དཔོན་མོ་ཨལ་དར། ཐོར་གོད་ཚེ་རིང་རྒྱ་མཚོ། རབ་འབྱམས་པ་སངས་རྒྱས་བཀྲ་ཤིས། བཱ་ཁན་དགེ་སློང་། བློ་བཟང་ཨེར་ཁེ་ཐའི་ཇི། མཽ་ཇ་རག་གི་དཔོན་མོ། བདེ་ཆེན་ཐའི་ཇི་བསྟང་ཞལ། རི་ཁྲོད་དགའ་ལྡན། ནོར་བུ་དགའ་ལྡན། མེ་རག །རྩ་སྒྲུབ་སྡེ་རྣམས་ཀྱི་བླ་མ། སྒྲོལ་མ་བ་


GLG007_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

རྒན་པ། ལྷ་ཁང་ཆོས་མཛད། གྲགས་པ་སོགས་དྲུང་འཁོར་ཁ་ཤས། གདུང་ནག་པོ། ཆུ་སྐོར་བ་རྣམས་དང་ཕྲད། བོད་སོག་སུམ་བརྒྱར་མེ་ཏོག་གཏོར། ཚེས་གསུམ་ལ་ཕ་བོང་ཁའི་གདན་ས་པ། རི་དོ་དགོན་གྱི་བླ་མ་ཕ་བུ། རོང་པ་སྐུ་སྐྱེ། ཅོ་ནེ་དར་ཁན་ནང་ས། སྦུས་སྲང་གསར་ཁང་པའི་ནང་མི་ཡོངས་རྫོགས་ཀྱིས་དཀར་དྲོ་དང་ཚན་གྲངས་བཏེག །གྲ་ཚང་གི་གྲ་པ་གྲངས་བཅད་ཁག་གཉིས་ཀྱིས་ཡང་གསང་དྲག་པོ་དང་། སྲིད་པ་སྤྱི་མདོས། ཁ་ཤས་ཀྱིས་ཀླུ་གཏོར། དམངས་ཀྱིས་ཆ་གསུམ་སྨིན་རྒྱས་བསྟར། ངེས་གསང་རྡོར་གླིང་པ་ངག་དབང་འགྱུར་མེད་ཀྱིས་གསང་སྙིང་རྩ་འགྲེལ་རྒྱུད་དོན་རྣམ་ངེས་ཀྱི་རྒྱུགས་སྤྲད། ཚེས་དྲུག་ལ་སྒོ་མངས་ཟུར་པ་བླ་མ་བཙན་པོ་ངག་དབང་འཕྲིན་ལས་ཀྱིས་རུང་མཐུན་གྱི་གོས་ཆ་ཚང་། གོས་སྟན། སྙེ་འབོལ། སྟན་དམར། དཀར་ཡོལ་སྟེགས་བཅས། བཟེད་ཞལ། ཆབ་རིལ། བླ་བྲེ། འཕན་དྲུག །རྡོར་དྲིལ། སིལ་སྙན། གསེར་ཞོ་ཆིག་བརྒྱ་ཉི་ཤུ། དངུལ་སྲང་ཆིག་བརྒྱ་ཞེ་དྲུག །གོས་ཡུག་བཞི་བཅུ། ཆུ་ཅེ་ཡུག་བཅུ། སྨན་ཡུག་ཉེར་ལྔ། ཧུ་ཇེ་ལེགས་པ་ཁར་དྲུག་སོ་བདུན། ཁ་བཏགས་ལྔ་བཅུ། འགང་དཀར་ཡུག་སོགས་རྒྱ་ཆེ་བ་དང་ཚོགས་འཁོར་ཡོན་སྦྱར་ཏེ་འཆི་མེད་འོད་སྣང་གི་རྡུལ་ཚོན་དང་འབྲེལ་བའི་ཆོ་ག་གྲ་ཚང་གིས་བཏང་སྟེ་ཉི་བུའི་གཡུལ་ལས་རྒྱལ། ཚེས་བདུན་ལ་སྡེ་པ་སྟག་རྩེ་བས་བེར་གྱིས་གཙོས་བདོག་པ་དང་བཅས་ཚེ་དཔག་མེད་ལོངས་སྐུ་མ་དང་འབྲེལ་བའི་རིང་འཚོའི་ཆོ་ག་རྒྱས་པར་མཛད་པའི་མཁའ་འགྲོ་བསུན་བཟློག་ཚོགས་འཁོར་


GLG007_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ། གྲ་པ་རེར་ཁ་བཏགས་དང་གསེར་ཞོ་རེ་བཅས་དཔངས་མཐོ། ཚེས་བརྒྱད་ནས་ཞག་ཤས་བར་གྲ་ཚང་དུ་དབུ་མཛད་གསར་བསྐོ་བྱེད་རྒྱུར་སྐད་བཟང་བ་རྣམས་དབྱངས་རོལ་མོ་སོགས་ལ་སུས་དོ་གལ་བྱས་མ་བྱས་དང་བྱང་ཆུབ་མ་ཆུབ་ཀྱི་རྒྱུགས་བླངས། ཚེས་དགུར་ས་སྐྱ་ཞབས་དྲུང་འཇམ་དཔལ་རྡོ་རྗེ་ཀུན་དགའ་བསོད་ནམས་དབང་ཕྱུག་ཕེབས་པར་ལྡང་བ་མཇལ་དར་སོགས་བཀུར་བཟོས་སྔར་བཞིན་ཕུལ། ཇ་གསུམ་གྱི་བར་ལུགས་གཉིས་དང་འབྲེལ་བའི་བཀའ་མཆིད་བྱུང་། ཚེས་བཅུར་བྱམས་ཁང་རྒྱབ་ཕོ་ལྷས་ཡོན་སྦྱར་ཟང་ཟིང་གི་བདོག་པ་དང་བཅས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པའི་རིང་འཚོ་སྤེལ། རྒྱལ་སྲས་བསོད་ནམས་དབང་རྒྱལ། སྟག་རྩེ་ཐའི་ཇི་ཡབ་སྲས། འབོག་གོང་མཁར་ལྟག་པ། རྒྱང་རོ་གསེར་སྡིངས་སློབ་དཔོན། བྲག་ལ་བླ་མ་དགའ་རབ་པ། ཁྲ་འབྲུག་སྐུ་རྟེན་པ་རྣམས་ལ་ཇ་གྲལ་བགྱིས། ཚེས་བཅུ་གཉིས་ལ་རྗེ་དྲུང་རིན་པོ་ཆེ་ས་སྐྱོང་མེར་གན་ཐའི་ཇི། ལགས་ཨ་གུར་སོགས་ལ་ཚེ་དབང་གྲུབ་རྒྱལ་མ་དང་མགོན་པོའི་རྗེས་གནང་བར་གཅོད་ཀུན་སེལ་ཕུལ། དཔོན་མོ་ན་མ་ཐར། དགེ་སློང་བརྩོན་འགྲུས་སོགས་དང་ཕྲད། ཚེས་བཅུ་གསུམ་ལ་ས་སྐྱ་ཞབས་དྲུང་རིན་པོ་ཆེས་ས་སྙིང་རས་ཆ་སྤམས་བསྟོད་ཚོགས་འགྱེད་བཅས་གྲ་ཚང་ནས་འཆི་མེད་འོད་སྣང་གི་རྡུལ་ཚོན་དང་འབྲེལ་བའི་རྟེན་འབྲེལ་བསྒྲིག་གནང་སྐྱེས་ཆེན་དམ་པའི་བདེན་ཚིག་འགྲུབ་པར་གོར་མ་ཆག །ཚེས་བཅུ་བཞི་སྔ་རྟིང་ཚོར་ས་སྐྱ་ཞབས་དྲུང་རིན་པོ་ཆེ། དབོན་རིན་པོ་ཆེ། འདར་པ་རྗེ་དྲུང་། མཆོད་དཔོན་པ་རྣམས་ལ་མིག་ལ་ཟོན་སྐྱོར་གྱིས་འཕར་ལུང་དང་


GLG007_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཆབས་ཅིག་མགོན་པོ་ཆེ་ཆུང་དང་དམར་པོ་སྐོར་གསུམ་གྱི་འཁོར་ལོའི་གསལ་བྱེད་ཀྱི་དགོངས་དོན་བཞིན་དཔེ་རིས་སོགས་དགེ་སློང་འཇམ་དབྱངས་གྲགས་པས་སྤྱན་ལམ་དུ་ཕབ་སྟེ་མཛུབ་བཙུགས་ཀྱི་ངོ་སྤྲོད་ཕུལ་བ་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་རིང་ལུགས་རྡུལ་ཁྲོད་ནས་བྱི་དོར་བགྱིས་པས་ལས་བཞིའི་འཕྲིན་ལས་ཐམས་ཅད་ཕྱག་ལེན་དུ་བསྟར་ཏེ་ཚར་གཅོད་རྗེས་འཛིན་གང་ལའང་ཐོགས་མེད་གནང་ཆོག་རྩིས་ཡིན་ཀྱང་བསྟན་པའི་བགེགས་ཆགས་ལྟ་བུར་གཙོ་བོ་གཉིས་ཀ་གཞན་དོན་གྲུབ་མཐའ་བསྙོགས་པ་ཞིག་བྱུང་། བྱང་གླིང་པ་དུང་སྐྱོང་བཀྲ་ཤིས་སྡེ་པའི་དྲུང་འཁོར་དང་། བློ་བཟང་རིན་ཆེན་གྲ་ཚང་དུ་ཞུགས་པའི་སྔོན་དུ་ཕྲད། ཚེས་བཅོ་ལྔར་བཅོ་བརྒྱད་ཆོས་རྗེ། ཁལ་ཁ་ནོ་ཡོན་ཁུ་ཐུག་ཐུ། རྒྱལ་བའི་འཕྲིན་ལས་བའི་སྐུ་སྐྱེ་ནང་མིར་བཅས་པ། བརྒྱ་ཚོ་བ། ཁ་རབ་གོང་པའི་མ་བུ། མས་ཆགས་བཙུན་པ། དགའ་ལྡན་ཇི་ནོང་དང་། ཁོ་ཁོམ་རྒྱལ་པོའི་མི་སྣ་སོགས་ལ་ཇ་གྲལ། ཚེས་བཅུ་དྲུག་ལ་ས་སྐྱ་ཞབས་དྲུང་རིན་པོ་ཆེར་ཇ་ཡུལ་གསུམ་བར་གསུང་གླེང་ངོས་ན་བཟའ་ཆ་ཚང་། ཞལ་དཀར། བཟེད་ཞལ། རྡོར་དྲིལ། ཕྱག་སྦུག །དངུལ་མདོང་། ཐ་ཕག །གསེར་སྒ་ལེགས་པ་ཆ་འགྲིག །སྒ་དམར། ཇ་གོས་དར་སོགས་ཤངས་ལེན་གཟབས་པར་ཕུལ། ཚེས་བཅུ་བདུན་ལ་རྒྱུད་སྟོད་དང་སྟག་ལུང་ཀ་དྲུག་བླ་གསར། གཞིས་ཀ་ཤར་ནང་ཚང་དྲུག་གིས་དཀར་དྲོ་སྤོམས་སུ་བཏེག །བར་བཟུང་ཚེ་རིང་དར་རྒྱས། སྡིངས་ཆེན་པ་སྤུན། བླ་མ་བསོད་ནམས། མངའ་རིས་གྲ་ཚང་གཉེར་པ་སོགས་ལ་


GLG007_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས། དཔལ་གྲོང་སྔགས་རམས་པས་གྲ་ཚང་དུ་དངུལ་བུམ་སྲང་ཉེར་གསུམ་ལས་གྲུབ་པ་ཕུལ་བའི་ཁ་བྱང་། དགའ་ཚལ་བའི་མ་ཀུན་དགའ་བུ་ཁྲིད་ཀྱི་དོན་དུ་ཐང་ག་གསུམ་དང་བརྒྱད་སྟོང་པ། སྒྱིད་ཐང་ནོར་བུས་དག་འཕེལ་རི་ཁྲོད་པར་དབྱར་གནས་ཐེབས་སུ་ཞིང་ཕུལ་བ། རྟ་ཚག་རྗེ་དྲུང་དང་བློ་བཟང་དཔལ་འབྱོར་གྱིས་ཐང་ག་ལྔ་རེ། བློ་བཟང་དོན་ཡོད་ཀྱིས་གསུམ། དོན་གྲུབ་དབང་རྒྱལ་གྱིས་འདྲ་འབག །སེ་ར་སྨད་དགེ་སྐོས་ཀྱིས་ཐ་འོག་རྒྱལ་པོ། ཆོས་རྒྱལ་མཚན་གྱིས་འཇམ་དབྱངས་དང་ཚེ་བདག་རྣམས་བཞེངས་པའི་སྨོན་ལམ། ཞོམ་སྟིང་རྫོགས་ཆེན་པ་ནམ་མཁའ་རིགས་འཛིན་དབང་གྲགས། བློ་བཟང་འཕྲིན་ལས་དབང་ཕྱུག །ངག་དབང་བཀྲ་ཤིས། དགའ་གདོང་ཆོས་སྐྱོང་བཞིས་བསྐུལ་བའི་རིང་འཚོ། འ་ཞ་དབོན་རིན་པོ་ཆེས་སྙན་ངག་གི་ལམ་ནས་དྲངས་པ་བྱུང་བའི་ལན་རྒྱན་གྱིས་སྤྲས་པ། རི་བོ་ཆེའི་ཞབས་དྲུང་ངག་དབང་གི་ཐུགས་བཞེད་ལྟར་ལས་གཤིན་དང་དམག་ཟོར་མའི་གཏོར་འབུལ་རྣམས་བརྩམས། ཚེས་བཅོ་བརྒྱད་ལ་ཞབས་དྲུང་ནོར་བུ་ཁྲ་སྒོར་དང་། མཚོ་སྣ་རྫོང་སྡོད་གྲགས་པ་བར་ཇ་གྲལ། ཚེས་ཉི་ཤུར་ས་སྐྱ་ཞབས་དྲུང་རིན་པོ་ཆེས་འཕྲུལ་སྣང་གི་རྟེན་བརྟེན་པར་རབ་གནས་ཉིན་གཅིག །ཟན་གཡང་དང་ཁྲ་འབྲུག་ཏུ་ཉིན་གསུམ་རེ། མཆིམས་ཕུར་ཕུར་སྒྲུབ་རབ་བྱུང་བས་ཞབས་ཕྱི་ཞུས་ཏེ་བདུན་ཕྲག་གི་བར་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པས་དམ་ཡེ་དབྱེར་མེད་ཀྱི་ཕྱི་ནང་གསང་བའི་མི་མཐུན་དཔུང་ལས་རྒྱལ་བའི་ཚེ་ཞབས་ཏོག་དང་སྐུ་ཡོན་རྒྱས་པར་དབུལ། ཉེར་གཅིག་ནས་རྡོ་རྗེ་གྲོ་ལོད་ཀྱི་བསྙེན་པ་བདུན་བར་བྱེད་རྩིས་ཡིན་ཀྱང་ཉམས་དང་རྨི་


GLG007_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུ་བཟང་ལྟས་འདྲ་བྱུང་བས་མུ་མཐུད་ཧོར་ཟླ་གསུམ་པའི་ཚེས་ལྔའི་བར་དགེ་སྦྱོར་ཤིན་ཏུ་འཕེལ། གྲ་ཚང་དུ་ལྷ་མོའི་སྒེར་བསྐང་བཙུགས་པར་ཆིག་འབུམ་ཆིག་ཁྲི་ཆིག་སྟོང་དགུ་བརྒྱ་རེ་གསུམ། བྷྱོ་བདུན་མ་ལྔ་འབུམ་དགུ་ཁྲི་བརྒྱད་སྟོང་། ཉེར་དགུ་ནས་རྡོར་སློབ་དགེ་སློང་ཕྱག་རྡོར་དབང་ཕྱུག་བཅས་གྲངས་བཅད་ཀྱི་བསམ་ཡས་སུ་གཉྫི་རའི་འོག་ཏུ་གནོན་རྒྱུར་འཇམ་དཔལ་ཀི་ཀང་གི་མནན་པ་བདུན་ཕྲག་བཙུགས། ཚེས་གཉིས་ལ་དགའ་ལྡན་བཤད་སྒྲུབ་གླིང་པ་འཇམ་དབྱངས་ནོར་བུ་དང་། བཤེས་གཉེན་རྒྱ་མཚོ་གཉིས་ཀྱིས་ཕར་ཕྱིན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ཀྱི་རྒྱུགས་སྤྲད། ཚེས་ལྔར་གྲོང་སྨད་ནས་བསམ་ཡས་ཀྱི་ལྷ་ཁང་ཐམས་ཅད་ལ་སྙན་ཤལ། ཚེས་བརྒྱད་དུས་ཆེན་ཀྱི་སྙན་དར། ཆོས་རྗེ་ཟིལ་གནོན་རྡོ་རྗེས་དངུལ་སྲང་ཉེར་གསུམ་རེའི་རྣམ་བུམ་ཆ་གྲ་ཚང་ལ་འབུལ་རྒྱུ། སྔགས་རམས་པ་ནམ་མཁའ་རྒྱ་མཚོས་གྲ་སྐོར་བཏང་དུས་འབུལ་རྒྱུའི་དངུལ་ཀོང་སྲང་ཉེར་གསུམ་ལས་གྲུབ་པ། བཀྲས་རབ་དཀའ་བཅུ་ཀུན་དགའ་རྒྱ་མཚོའི་དགེ་སྐོས་འཇོག་དངུལ་སྲང་བཅུ་གཅིག་གི་པད་སྡེར་རྣམས་ཀྱི་ཁ་བྱང་། གྲ་ཚང་གཉེར་པ་ངག་དབང་སྨོན་ལམ་གྱིས་ཚོགས་ཁྲོ་གསུམ་བླུག་པར་འདོད་དགུ་འཁྱིལ་པ། རོ་བརྒྱའི་དཔལ་འཛིན། དཔལ་འབྱོར་འཁྱིལ་པ་ཞེས་པའི་ཁ་ཡིག་བྲིས། བརྒྱད་གཏོར་དང་འཕར་ཉི་མ་གསུམ་སྔར་བཞིན་རྒྱས་པར་ཐུགས་དམ་བསྐང་། གྲོང་སྨད་པ་སངས་རྒྱས་རྒྱ་མཚོས་ཟན་གཡང་མི་འགྱུར་ལྷུན་གྱིས་གྲུབ་པར་མཁན་པོ་བོ་དྷི་ས་ཏྭ། སློབ་དཔོན་པདྨ་སམ་བྷ་ཝ། ཆོས་རྒྱལ་ཁྲི་སོང་ལྡེའུ་


GLG007_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་ཏེ་མཁན་སློབ་ཆོས་གསུམ་ཐུན་མོང་བའི་བཞུགས་ཁྲིའི་སྟེང་གཉྫི་ར་བཙུགས་ན་ལེགས་པའི་མཚན་མ་ཤར་བ་དང་མཐུན་པར་ཆོས་རྒྱལ་དཔོན་བློན་གྱིས་ཀྱང་སྔོན་གྱི་སྨོན་ལམ་དབང་གིས་མྱུར་པོར་ཚུགས་ཞེས་ལུང་བསྟན་པ་བཞིན་གནས་བརྟན་འཇམ་དབྱངས་གྲགས་པ་བཞི་གྲ་བཏང་ཞིང་། སྔ་སོར་དཀར་ཆག་བྱེད་བསམ་པ་དེ་མུས་སུ་ལུས་པ་ད་ལམ་འདིར་འདྲེས་སུ་བཀོད་པར་སྦྱང་གསུམ་སྔོན་བཏང་གིས་བསྟན་སྤྱིར་སངས་རྒྱས་འོད་སྲུངས་ཀྱི་འཕེལ་གདུང་ཤཱཀྱ་སེང་གེའི་འཕེལ་གདུང་སྣ་དཀར་རྩེ་དང་རྩེ་སྒང་གི་རེ། སངས་རྒྱས་གླང་པོའི་གདུང་། སངས་རྒྱས་ཀྱི་འཁར་གསིལ་གྱི་ཤིང་། མ་ག་དྷ་བཟང་མོས་སངས་རྒྱས་ལ་གཏོར་བའི་མེ་ཏོག །ཇོ་བོ་མི་བསྐྱོད་རྡོ་རྗེ་དང་ལོ་ཀེ་ཤྭ་རའི་ན་བཟའ། སངས་རྒྱས་བཏགས་སྐུ། དགྲ་བཅོམ་འཆར་ཀའི་ན་བཟའ། ཉི་མ་གུང་པའི་སྣམ་སྦྱར་དང་གདུང་། རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་ཕུར། ས་ར་ཧའི་རེག་འཇམ་སྦྲུལ་གྱི་པགས་པ། ནག་པོ་སྤྱོད་པའི་རུས་རྒྱན། ཏཻ་ལོའི་སྟན། ནཱ་རོའི་ཕྱག་འཁར། དབུ་སྐྲ། རྭའི་སྙན་རྒྱན། སྒོམ་ཐག །སྟན། བུམ་ཆུ་རལ་བུ། ཞི་འཚོའི་ཕྱག་མཛུབ། ཀ་མ་ཤཱི་ལའི་གདུང་། ནི་གུའི་ཚེམས་དང་དབུ་སྐྲ། མ་གཅིག་གྲུབ་རྒྱལ་མ་དང་ཏི་པུ་པའི་རུས་རྒྱན། དྷ་ན་ཤཱི་ལའི་དབུ་ལོ། བྲམ་ཟེ་དྲི་མེད་སྣང་བའི་སྐུ་ཤ །མི་ཏྲ་ཛོ་ཀིའི་རྡོ་རྒྱུས་སྒོམ་ཐག །ཛ་བ་རི་པའི་ཉ་གདུབ་ཡོལ་མོ་བས་ཀྱང་མཛད་པ། ཕ་དམ་པའི་ཕྱགས། དེའི་རབ་གནས་མའི་འབུམ་དགའ་ལྡན་མ་དང་སྒྲུབ་རིལ། དམ་པ་བོད་ཆུང་གི་གདུང་། པཎ་ཆེན་ཤཱཀྱ་ཤྲཱིའི་གདུང་། རིང་བསྲེལ། དབུ་སྐྲ། རྡོ་ཚོས་མའི་


GLG007_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

སྣམ་སྦྱར། ལྷུང་བཟེད་ཀྱི་ཤུབས། འཁར་གསིལ་གྱི་བར་ཤིང་། ཞབས་སྒྲོག །ན་བཟའ། བི་བྷཱུ་ཏི་ཙནྡྲའི་དབུ་ལོ། ཁ་ཆེ་དགོན་པ་བའི་གདུང་། པཎ་ཆེན་ཤྲི་སུ་ཏྲའི་ཚེམས་དང་དབུ་སྐྲ། སྲོང་བཙན་སྒམ་པོའི་ཕྱག་འཕྲེང་། ཕྱགས། སྤྲུལ་པའི་སྟག་ལྤགས། རྒྱལ་པོ་འོད་ཟེར་གོ་ཆའི་གདུང་དང་སྐུ་རྒྱན། བསམ་ཡས་སུ་ལོ་པཎ་གྱིས་ཆོས་བསྒྱུར་བའི་ཁྲི། ཁྲི་རལ་གྱི་གདུང་། ལོ་ཆེན་རིན་བཟང་གི་ཕྱག་སེན། བལ་པོ་ཨ་སུའི་རྡོ་རྒྱུས་སྒོམ་ཐག །པཎ་ཆེན་འབུམ་ཕྲག་གསུམ་པའི་དབུ་ལོ། བལ་པོ་ཕམ་ཐིང་པའི་བདུད་རྩི་རིལ་བུ། མར་པའི་བེར་སེང་གེ་མཇིང་བསྣོལ། མར་མི་ཐུན་མོང་གི་ཞལ་སྐྱོགས། མར་པ་མགོ་ལེགས་ཀྱི་གདུང་། མར་པ་སྟོད་ཉེར་ཀྱི་སྐུ་ཤ །དར་མ་མདོ་སྡེའི་དབུ་སྐྲ། མི་ལའི་གདུང་། རས་གོས། སྒོམ་ཐག །དབུ་ལོ། པུར་ཐལ། སྟན་ཀྲྀཥྞ་སཱ་རའི་པགས་པ། རྔོག་མདོ་སྡེའི་ན་བཟའ། ཆོས་སྐུ་རྡོ་རྗེའི་རུས་རྒྱན། ཁྱུང་པོའི་གདུང་། རིང་བསྲེལ། རྟེན་འདམ། རིན་ཆེན་བརྩོན་འགྲུས་དང་སྐྱེར་སྒང་པའི་གདུང་། ན་བཟའ། ནམ་མཁའི་རྣལ་འབྱོར། འབྲི་ཕྱུག་པ། ལུམ་པ་བ། བྱང་ཆུབ་དཔལ་བཟང་བཞིའི་དབུ་སྐྲ། མ་གཅིག་ཞ་མའི་ཞལ་འགྲམ། པཎ་ཆེན་ནགས་རིན་གྱི་དབུ་ལོ། ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱི་མགུལ་སྲུང་ཐག་པ། ལོ་ཆེན་རཏྣ་བྷ་དྲའི་དབུ་སྐྲ། ཕྲེང་ཐག །རྒྱལ་བ་རི་ཁྲོད་པའི་གདུང་། ཆོས་ལུང་ཐུགས་རྗེ་ཆེན་པོའི་སྟན་ཤིང་རྣམས་དང་། སྔ་འགྱུར་སྐོར་ལ། སློབ་དཔོན་ཆེན་པོའི་ཕྱག་འཕྲེང་།


GLG007_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་རབ་རྡོ་རྗེ་དང་ཤྲཱི་སིངྷའི་དབུ་ལོ། བི་མཱ་ལ་མི་ཏྲའི་གདུང་། སྐུ་རགས། ཤངས་མཚལ། ན་བཟའ། ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་གྱི་གདུང་། བྲམ་ཟེ་སྐྱེ་བ་བདུན་པའི་སྐུ་ཤ །བྲམ་ཟེ་དུང་རྣ་ཅན་གྱི་སྐུ་མཆིན། བྲམ་ཟེ་དྲི་མེད་སྙིང་པོ་དང་ཁྲི་སྲོང་ལྡེ་བཙན་གྱི་གདུང་། དབུ་སྐྲ། འཚོ་རྒྱལ་གྱི་ཕྱག་བཟོའི་སེང་གེ །བཻ་རོའི་གདུང་། རྡོར་དྲིལ། རྒྱ་དཔེ། ན་བཟའ། ལྷ་ལུང་དཔལ་རྡོར་གྱི་ཕོང་ཀ །དབུ་རྒྱན། ལྡན་མ་རྩེ་མང་གི་ཡིག་གྲིལ། ནམ་མཁའི་སྙིང་པོའི་དབུ་ལོ། རྒྱལ་བ་མཆོག་དབྱངས་ཀྱི་སྐུ་ཤ །ཉང་ཏ་ཐཱ་ག་ཏའི་གདུང་། ཟུར་ཤཱཀ་འབྱུང་གི་ཆོས་སྨན། གངས་པ་ཤཱཀ་འབུམ་དང་གཡུང་སྟོན་པ་ཐུན་མོང་གི་ཕྲེང་བ། ཕྱི་མའི་རིང་བསྲེལ། ན་བཟའ། ཀ་ཐོག་པ་དམ་པ་བདེ་བཤེགས་ཀྱི་སློབ་མ་བྱམས་པ་འབུམ་གྱི་གདུང་། །པཉྩ་ཁྲོལ་བུ། སྣམ་སྦྱར། སྙེ་མདོ་ཤཱཀྱ་དཔལ་བའི་གདུང་། ཕྱག་འཕྲེང་། སྐུ་ཤམ་དང་བེར། རོག་ཐམས་ཅད་མཁྱེན་པའི་གདུང་། ཀུན་མཁྱེན་ཀློང་ཆེན་པའི་ཕྱག་ཕྲེང་། ཉང་རིན་པོ་ཆེའི་དབུ་སྐྲ། བདེ་འདུས་ཤོག་སེར། རིག་མ་སངས་རྒྱས་སྐྱིད་ཀྱི་གདུང་། མངའ་བདག་བདུད་འདུལ་གྱི་སྐུ་གཟན། བཀའ་བརྒྱད་པ་མཁའ་ཀློང་ཡངས་པའི་ན་བཟའ། གུ་རུ་ཆོས་ཀྱི་དབང་ཕྱུག་གི་དབུ་ལོ། ཤངས་མཚལ། སྐུ་ཤ །ཆོས་སྨན། སྐྱེ་བདུན། དེའི་གཏེར་མའི་འཕེལ་གདུང་། བྱེ་མ་ཨ་ཀྲོང་། སངས་རྒྱས་མཉམ་སྦྱོར་དང་། གསང་རྫོགས་དབང་འབུམ་གྱི་ཤོག་སེར། ཁྲུས་ལོང་མ་ཎི་མའི་ཁྲུས་རས། ཆིབས་ཀྱི་རུས་པ། སྲས་པདྨ་དབང་ཆེན་གྱི་སྐུ་ཤ་དང་ཕོད་ཀ །སྨན་ལུང་པ་ཆོས་ལྡན་པའི་སྐུ་ཤ །དབུ་ཐོད། ཆོས་སྨན། ཞང་ཁྲོམ་གྱི་


GLG007_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སེར། དྲི་མེད་ལྷུན་པོའི་གདུང་། རིང་བསྲེལ། ལྗགས། དེའི་གཏེར་མ་མཁན་སློབ་ཆོས་གསུམ་གྱི་ཤངས་མཚལ་མའི་འབུམ་དམར། རིགས་འཛིན་རྒོད་ལྡེམ་གྱི་སྐྱེ་བདུན། ཤེས་རབ་མེ་འབར་གྱི་སྐུ་ཤ །ཕྱག་ཕྲེང་། ཚེ་རིང་འཇའ་ཚོན་མ། དེའི་གཏེར་སློབ་དཔོན་གྱིས་གཏེར་སྒྲོམ་དུ་སྦྱིན་སྲེག་མཛད་པའི་རྡོ་རྗེ། ཨྱོན་ཡབ་ཡུམ་གྱི་བྱང་སེམས་དཀར་དམར། ཤ་ལྔ་བདུད་རྩི་ལྔའི་ཕབ་རྒྱུན། དབུ་སྐྲ། ཟ་འོག་གི་བེར། མྱོང་གྲོལ། བྲག་ཕུག་མ་ར་ཏི་ཀའི་ཚེ་རིལ། ཤོག་སེར། སངས་རྒྱས་གླིང་པའི་སྐུ་ཤ །གདུང་། དབུ་ལོ། ན་བཟའ། དམ་རྫས་རོལ་ཆེན། ཚེ་རིལ། ཆོས་སྨན། ཤོག་སེར། རྡོ་རྗེ་གླིང་པའི་སྐུ་ཚིལ། སྐུ་ཤ །ན་བཟའ། རྫོགས་ཆེན་ལྟ་བ་ཀློང་ཡངས་ཀྱི་ཤོག་སེར། དེ་སློབ་ཐོགས་མེད་རྒྱ་གར་བའི་སྐུ་ཤ །རཏྣ་གླིང་པའི་དབུ་སྐྲ། གདུང་། སྐུ་ཤ །དབུ་ཞྭ། སྐུ་རགས། ཨ་ཐམ་མ། ཚེ་རིལ། དམ་རྫས་རོལ་པ་ཆེན་པོ། གུར་དྲག་གི་ཤོག་སེར། སྲས་ཚེ་དབང་གྲགས་པའི་སྐྱེ་བདུན། པདྨ་གླིང་པའི་སྐུ་ཤ །པུར་རས། ཚེམས། ཨ་ཐམ་མ། ཆོས་སྨན། རྟེན་འདུས། སྐྱེ་བདུན། དེ་གཏེར་ཨྱོན་སྐུ་ཆོས་གསེར་གྱི་པ་ཏྲ། ཀློང་གསལ་ཤོག་སེར། བསམ་གཏན་གླིང་པའི་སྐུ་ཤ །སེ་སྟོན་མགོན་པོ་བཟང་པོའི་དབུ་ཀླད། གདུང་། དབུ་རལ། སྐུ་ཤ །དབུ་ཞྭ། ནུབ་དགོན་བྱམས་པ་ཆོས་རྒྱལ་མཚན་གྱི་གདུང་། ཕྱག་ཕྲེང་། སྐུ་ཕོང་། སྤྲུལ་སྐུ་མཆོག་ལྡན་མགོན་པོའི་སྐུ་ཤ །སྙན་གོང་། དབུ་སྐྲ། བདེ་བྲོལ་མེས་སྟོན་རྡོ་རྗེའི་དཔལ་བཟང་གི་དབུ་རལ། ནམ་མཁའ་རྒྱལ་མཚན་གྱི་དབུ་ལོ། ཕྱག་འཕྲེང་། རྡོ་རྗེ་


GLG007_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་ཀུན་དགའ་རྒྱལ་མཚན་གྱི་སྒོམ་ཐག །རྗེ་དགེ་འདུན་རྒྱ་མཚོའི་ཡུམ་གྱི་གདུང་། མགོན་པོ་རིན་ཆེན་གྱི་དབུ་སྐྲ། ཐང་སྟོང་རྒྱལ་པོའི་ཚེ་རིལ། དབུ་ལོ། ཕྱགས། ཕྱག་ཕྲེང་། གཏོར་སྒམ། གདུང་། སླེ་བེམ། ལེགས་ལྡན་རྗེའི་དབུ་སྐྲ། གདུང་དམ་རྫས། བཀའ་བརྒྱད་ལུགས་གསུམ་གྱི་ཆོས་སྨན། དབུ་ཞྭ། སྐུ་རགས། དེ་དང་ཚར་ཆེན་ཐུན་མོང་གི་དཔག་མེད་རིགས་མང་པོ་བསྒྲུབས་པའི་ཚེ་བུམ། མངའ་རིས་པཎ་ཆེན་གྱི་གདུང་། སྐུ་ཤམ། སྣམ་སྦྱར། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་དབུ་ལོ། དབུ་ཞྭ། ཆོས་སྨན། དེ་དང་གདུང་བརྒྱུད་འཕྲིན་ལས་རྣམ་རྒྱལ་ཐུན་མོང་གི་ཆོས་སྨན། བཀའ་བརྒྱད་སྨན་རག །སྙིང་མཛོད་ཤོག་སེར། འགྲོ་དོན་ལས་སྦྱོར་ལྔ་པ། མྱོལ་གྲོལ་པདྨ་རཱ་གའི་ཕབ་རྒྱུན། རྗེ་རིན་ཆེན་ཕུན་ཚོགས་ཀྱི་ཕྱག་འཕྲེང་། སྐུ་ཤ །དབུ་སྐྲ། ཙ་རྨོ། པུར་རས། ཆོས་སྨན། རྗེ་ཤེས་རབ་འོད་ཟེར་གྱི་གདུང་། ཐུགས། ན་བཟའ། དམ་རྫས་རོལ་ཆེན། སོ་ལེགས་ལྡན་རྡོ་རྗེའི་སྐུ་ཤ །རིགས་འཛིན་ངག་གི་དབང་པོའི་དབུ་ལོ་གདུང་། སྐུ་གཟན། ཆོས་སྨན། རྒོད་ལྡེམ་ནས་དབང་པོའི་སྡེ་ཡབ་སྲས་ཡན་གྱི་ཆོས་སྨན། ཡོལ་མོ་བསྟན་འཛིན་ནོར་བུའི་དབུ་རལ། གདུང་། ན་བཟའ། སྐྱེ་བདུན། འབྲི་གུང་ཆོས་ཀྱི་གྲགས་པའི་ཚེམས། དབུ་སྐྲ། རྒྱལ་བ་རིན་ཆེན་གྱི་གདུང་། ཆོས་སྨན། སྐུ་སྲུངས་བ་ཚེ་བདག་བཀྲ་ཤིས་ཀྱི་དབུ་ལོ། རིགས་འཛིན་དུ་མ་རང་གྲོལ་གྱི་ཆབ་སེར། ཡུག་ནོར་བུ་དབང་རྒྱལ་གྱི་དབུ་སྐྲ། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེའི་ཆོས་སྨན། སྐྱེ་བདུན། ཀོང་པོ་རྫོགས་ཆེན་པའི་གདུང་། ཆོས་སྨན། འགྲོ་དོན་ལས་སྦྱོར་ལྔ་པ། རྟ་མགོ་བྱ་བྲལ་ཆོས་རྗེའི་གདུང་། སྣང་གསལ་བ་ཡེ་ཤེས་གྲུབ་པའི་དབུ་ཐོད། རིགས་


GLG007_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་འཕྲིན་ལས་རྣམ་རྒྱལ་དང་སྣ་ཚོགས་རང་གྲོལ་གྱི་གདུང་། ཆོས་སྨན། ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་གདུང་། དབུ་ལོ། ཕྱག་འཕྲེང་། དམ་རྫས། སྨན་ལུང་པ་བློ་གྲོས་མཆོག་གི་རྡོ་རྗེའི་དབུ་སྐྲ། སྣམ་སྦྱར། བྲག་སྣའི་ཆོས་སྨན། རྡོ་རྗེ་བྲག་སྤྲུལ་པའི་སྐུའི་སྐྱེ་བདུན། གཏེར་བདག་གླིང་པའི་དབུ་རལ། སྐུ་མཚལ། དེ་གཏེར་ཨྱོན་སྐུ་རགས། ཨ་ཐམ་མ། རྟེན་འདུས་རྣམས། བཀའ་གདམས་དང་དགེ་ལུགས་སྐོར་ལ། ཇོ་བོ་དཱི་པཾ་ཀ་རའི་གདུང་། གསེགས་དྲིལ། ཕྱག་འཕྲེང་སྣམ་སྦྱར། ཕྱག་ཆ། སྐུ་ཆོས། དབུ་ཞྭ། སྟན། ཕྱག་བྲིས། རྒྱ་དཔེ། འབྲོམ་སྟོན་པའི་ཚེམས། གདུང་། སྐུ་ཤ །དབུ་ལོ། ན་བཟའ། སྟན། པོ་ཏོ་བའི་ཐུགས་དབུ་སྐྲ། གདུང་། ན་བཟའ། སྐུ་ཆོས། སྤྱན་སྔ་ཚུལ་ཁྲིམས་འབར་གྱི་དབུ་ལོ་རྔོག་ལོ་ཁུ་དབོན་གྱི་ན་བཟའ། རྔོག་ལོའི་དཔེ་ཁྲིའི་ཐག་པ། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གི་གདུང་། ཞང་ཀ་མ་བའི་གདུང་། ཤ་ར་བ་ཡོན་ཏན་གྲགས་ཀྱི་སྐུ་མཚལ། ཤ་བོ་སྒང་པའི་གདུང་། སེ་སྤྱིལ་བུ་བའི་སྣམ་སྦྱར། སྣེའུ་ཟུར་པའི་དབུ་ལོ། ན་བཟའ། བཤེས་གཉེན་སྒྲེ་པའི་གདུང་། ཁམས་པ་ལུང་པའི་ཕྱེའུ། སྦས་ཏི་དགྲ་བཅོམས་པའི་དབུ་སྐྲ། སྣམ་སྦྱར། བྱ་འདུལ་འཛིན་གྱི་དབུ་ལོ། གདུང་། མཆིམས་ནམ་མཁའ་གྲགས་ཀྱི་གདུང་། དབུ་སྐྲ། ན་བཟའ། སྣར་ཐང་གི་རྟེན་འདམ། བཅོམ་ལྡན་རལ་གྲིའི་གདུང་དཔལ་ལྡན་གྲོའི་རྟེན་འདམ། ལྷོ་བྲག་ཕྱག་རྡོར་བའི་ཕྱག་མཛུབ། དབུ་སྐྲ། ཕྱགས། རྗེ་བཙུན་བཙོང་ཁ་པ་ཆེན་པོའི་དབུ་ལོ། སྐུ་མཚལ། ཚེམས། སྐུ་དྲེག །གསང་ཆབ། དབུ་ཞྭ། སྣམ་སྦྱར། སྐུ་ཆོས། སྐུ་སྙེ། ན་བཟའ། ཕྱགས། ཕྱག་ནས།


GLG007_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ལྡན་འཇམ་དཔལ་རྒྱ་མཚོའི་ཞབས་ངར། མཁས་གྲུབ་རྗེའི་གདུང་། པཎ་ཆེན་དགེ་འདུན་གྲུབ་པའི་ཚེམས། སྐུ་ཆོས། དབུ་ཞྭ། རྗེ་ནོར་བཟང་རྒྱ་མཚོའི་གདུང་། དབུ་སྐྲ། བཞུགས་འདིང་། མདུང་རྩེ་རས་པའི་དབུ་ལོ། འདར་སྟོན་བློ་བཟང་གྲགས་པའི་གདུང་། ཕྱག་འཕྲེང་། འཇམ་དབྱངས་ལེགས་པ་ཆོས་འབྱོར་གྱི་ན་བཟའ། བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་དབུ་སྐྲ། འཇམ་དབྱངས་གཙང་པ་བདུན་བརྒྱུད་ཀྱི་དབུ་ལོ་ཕྱག་སེན་སོགས་ཡོད་པ། པཎ་ཆེན་བྱམས་པ་གླིང་པའི་ན་བཟའ། རྗེ་སྨོན་ལམ་དཔལ་བའི་དབུ་སྐྲ། ཤངས་ཕྱིས། གྲུབ་ཆེན་ན་ཁ་བའི་དབུ་ལོ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་སྐུ་མཚལ། རིང་བསྲེལ། དབུ་སྐྲ། ཤངས་མཚལ། གསང་ཆབ། སྐུ་རགས། པུར་སོལ། སེམས་དཔའ་ཀུན་བཟང་པའི་དབུ་ལོ། པཎ་ཆེན་བསོད་ནམས་གྲགས་པའི་གདུང་། དབུ་སྐྲ། ཁྲི་ཆེན་བདེ་བ་ཅན་པའི་གདུང་། རྗེ་བསྟན་དར་བའི་དབུ་ལོ། སྔགས་རམས་པ་དགེ་འདུན་བཀྲ་ཤིས་ཀྱི་གདུང་། དེའི་འཕྲེང་བའི་དཀྱིལ་འཁོར། སྒྲུབ་མཆོད་ཀྱི་རྡུལ་ཚོན། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་དབུ་ཀླད། ཕྱག་ངར། ཆབ་སེར། དབུ་སྐྲ། སྐུ་ཤ །པུར་རས། མགུལ་སྲུང་ཐག་པ། སྐུ་ཆས།གསོལ་པང་། སྐུ་སྦྱར། སྐུ་རགས། འཕྲེང་ཐག །ཞ་ཐུལ། འདིང་བ། ཚེ་རིལ། རྟེན་འདུས། བླ་མ་སྐུ་གསུམ་གྱི་སྒྲུབ་པ་གནང་བའི་བུམ་ཆུ། བདུད་རྩི་རིལ་བུ། སྒོམ་བདེ་ནམ་མཁའ་རྒྱལ་མཚན་གྱི་དབུ་སྐྲ། རྗེ་དྲུང་བསྟན་པ་རྒྱ་མཚོ་དང་ལྷ་དབང་པའི་གདུང་། རྗེ་ཡོན་ཏན་རྒྱ་མཚོའི་དབུ་ལོ། ཤངས་མཚལ་གདུང་


GLG007_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཆབ། པུར་རས། དབུ་ཞྭ། སྐུ་གཡོགས། མགུལ་སྲུང་ཐུམས། རྡོ་རྗེ་འཆང་ཕ་བོང་ཁ་པའི་དབུ་ལོ། གདུང་། ཚེམས། ཐུགས། དབུ་ཀླད། རིང་བསྲེལ། སྐུ་ཤ །ཕྱག་སེན། གསང་ཆབ་དབུ་ཞྭ། སྣམ་སྦྱར། བདུད་རྩི་རིལ་བུ། ཁྲི་རིན་པོ་ཆེ་དཀོན་མཆོག་ཆོས་འཕེལ་གྱི་དབུ་སྐྲ། རྟེན་འདུས། ངེད་རང་གི་སྐྲ་དང་ཁྲག་རྣམས། ས་ལུགས་སྐོར་ལ་རྣལ་འབྱོར་དབང་ཕྱུག་བི་རཱུ་པའི་རུས་རྒྱན། སྒོམ་དབྱུག །བདུད་རྩི་རིལ་བུ །འབྲོག་མི་ལོ་ཙཱ་བའི་གདུང་། བ་རི་ལོ་ཙཱ་བའི་ན་བཟའ། འཁོན་ཤེས་རབ་ཚུལ་ཁྲིམས་ཀྱི་ཕྱག་འཕྲེང་། རུས་རྒྱན། འཁོན་དཀོན་མཆོག་རྒྱལ་པོའི་དབུ་ལོ། ན་བཟའ། དེ་དང་ས་ཆེན་ཐུན་མོང་གི་རས་ཕྲུག་གི་ན་བཟའ། བླ་མ་གནམ་ཁའུ་པའི་གདུང་། རུས་རྒྱན། བཞེས་ཅན། ཞང་སྟོན་ཆོས་འབར་གྱི་ན་བཟའ། ས་ཆེན་ཀུན་དགའ་སྙིང་པོའི་གདུང་། གར་གོས། ན་བཟའ། སྐུ་བེམ། རུས་རྒྱན། བདུད་རྩི་རིལ་བུ། རྗེ་བཙུན་བསོད་ནམས་རྩེ་མོའི་དབུ་སྐྲ། ན་བཟའ། གར་གོས། བདུད་རྩི་རིལ་བུ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གདུང་། ཤངས་མཚལ། དབུ་ལོ། ཐོད་འཕྲེང་མེ་འབར། འདིང་བ། གར་གོས། བེར། ན་བཟའ། ཁ་ཊྭཱཾ་གའི་ཕན་ལྡེ། བདུད་རྩི་རིལ་བུ། ས་པཎ་གྱི་གདུང་། དབུ་སྐྲ། སྐུ་རྒྱན། སྣམ་སྦྱར། དེར་ཁ་ཆེན་པཎ་ཆེན་གྱིས་གནང་བའི་རྟེན་འདམ་དཔེ་བྲལ་མ། འགྲོ་མགོན་ཆོས་རྒྱལ་འཕགས་པའི་གདུང་། ཐུགས། ན་བཟའ། ཕྱག་འཕྲེང་། སྐུ་ཆོས། རྡོ་རྒྱུས་པང་ཁེབས། རྒྱལ་བ་ཕྱག་ནའི་གདུང་། ན་བཟའ། ཐེག་ཆེན་


GLG007_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྗེའི་གདུང་། དབུ་ལོ། པུར་རས། པུར་སོལ། ཞབས་སྒྲོག །བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་གདུང་། ན་བཟའ། སྣམ་སྦྱར། གདུང་ཚ། སྐུ་གཡོགས། སྐུ་འགག །གཟུངས་ཐག །ན་བཟའ་བྲག་ཕུག་པའི་བདུད་རྩི་རིལ་བུ། སྔགས་འཆང་གཟུངས་ཀྱི་དཔལ་བའི་སྐུ་ཕེད། ངོར་ཆེན་ཀུན་དགའ་བཟང་པོའི་དབུ་སྐྲ། པུར་རས། འདིང་བ། ན་བཟའ། སྐུ་ཆོས། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་གྱི་ཚེམས། སྣམ་སྦྱར། སྐུ་ཤམ། མཉམ་མེད་ཡེ་ཤེས་དཔལ་བཟང་གི་དབུ་ལོ། ཀུན་མཁྱེན་གཡག་པའི་གདུང་། ལམ་འབྲས་བ་དོན་ཡོད་དང་པཎ་ཆེན་ཤཱཀ་མཆོག་གི་དབུ་སྐྲ། མུས་ཆེན་དཀོན་མཆོག་རྒྱལ་མཚན་གྱི་རྟེན་འདུས། ཡོངས་འཛིན་དཀོན་མཆོག་འཕེལ་གྱི་ན་བཟའ། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། རྒྱ་གར་ཤེས་རབ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་གསུམ་གྱི་གདུང་། ཕྱི་མའི་གདུང་ཚ། དབུ་ལོ། དབུ་ཐོད། ན་བཟའ། བདུད་རྩི་རིལ་བུ་ལུང་བསྟན་མ། རྡོ་རིང་ཀུན་སྤངས་ཆེན་པོའི་གདུང་། པུར་ཚ། ཚེ་བུམ་སྒོ་རུམ་པ་ཀུན་དགའ་ལེགས་པའི་གདུང་། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་དབུ་སྐྲ། སྐུ་རགས། ས་ལོ་འཇམ་དཔལ་རྡོ་རྗེའི་དབུ་ལོ། ན་བཟའ། ཚར་ཆེན་རྡོ་རྗེ་འཆང་གི་གདུང་། ཤངས་མཚལ། ཞབས་སེན། ཆབ་སེར། དབུ་སྐྲ། པུར་ཚ་ཚེམས་དྲེག །སྐུ་རགས། གཏོར་མ། དེ་དང་མངའ་རིས་རིགས་འཛིན་ཆེན་པོ། འཇམ་དབྱངས་མཁྱེན་བརྩེ་གསུམ་གྱིས་གསར་རྙིང་གི་ཚེ་དཔག་མེད་མང་བསྒྲུབས་ཀྱི་ཚེ་རིལ། ཕྱི་མའི་གདུང་། དབུ་ལོ། ཤངས་མཚལ། འདིང་བ། ནག་ལེབ།


GLG007_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྨན། མྱོང་གྲོལ། བཀའ་བརྒྱད་སྒྲུབ་ཆེན་གྱི་ཚེ་རིལ། བཀའ་བརྒྱད་ལུགས་གསུམ་གའི་སྒྲུབ་པའི་ཆོས་སྨན། བདུད་རྩི་རིལ་བུ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་དབུ་ཐོད། རིན་པོ་ཆེ་བོད་མཁར་བའི་དབུ་སྐྲ། སྔགས་འཆང་བསོད་ནམས་ཆོས་འཕེལ་དང་མཁན་བསླབ་གསུམ་རྒྱལ་མཚན་གྱི་གདུང་། མཁན་གཞོན་ནུ་བློ་གྲོས་ཀྱི་དབུ་ལོ། གདུང་། ཚེམས། བདུད་རྩི་རིལ་བུ། རྟག་གཏོར། རྡོ་རྗེ་འཆང་དབང་རབ་ཀྱི་དབུ་སྐྲ། གདུང་། བདུད་རྩི་རིལ་བུ། སྐྱེ་བདུན། ནག་ལེབ། མགུལ་སྲུང་ཐག་པ། སྒྲུབ་གཏོར། མཁའ་སྤྱོད་མའི་བྱིན་རླབས་ཀྱི་སིནྡྷུ་ར། བདག་ཆེན་བསོད་ནམས་དབང་པོའི་དབུ་སྐྲ། སྔགས་འཆང་གྲགས་པ་བློ་གྲོས་ཀྱི་བདུད་རྩི་རིལ་བུ། འཇམ་དབྱངས་ཀུན་དགའ་བློ་གྲོས་ཀྱི་གུར་དྲག་བསྙེན་པའི་ཕྲེང་ཐག །རྩེ་གདོང་ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ་ཀྱི་དབུ་ལོ། སྐུ་ཆོས། བདག་ཆེན་ངག་དབང་ཀུན་དགའ་དབང་རྒྱལ་གྱི་བདུད་རྩི་རིལ་བུ། ཞབས་དྲུང་ཨ་མིའི་སྐུ་ཤམ། ན་བཟའ། ཐར་པ་རྩེ་པ་ནམ་མཁའ་དཔལ་བཟང་གི་དབུ་སྐྲ། མགོན་པོ་བསོད་ནམས་མཆོག་ལྡན་གྱི་གདུང་། དབུ་ལོ། ཚེ་རིལ། སྐྱེ་བདུན། པོ་ཏ་ལའི་རྩེར་རྒྱུ་དབང་གནང་བའི་རྡུལ་ཚོན། མཁན་ཆེན་ཞ་ལུ་པའི་དབུ་སྐྲ། བསམ་གཏན་གླིང་པའི་གཏོར་མ་འཇམ་དབྱངས་རྒྱལ་མཆོག་དང་ཀུན་བཟང་རྩེ་པས་བསྒྲུབས་པ། ཆོས་ལུང་བྱང་རྩེའི་བདུད་རྩི་རིལ་བུ། རྒྱ་བོད་དམ་རྫས་ཤིན་ཏུ་འཛོམ་ཆེ་བ་རྣམས། དྭགས་བརྒྱུད་པའི་སྐོར་ལ་སྒམ་པོ་ཟླ་འོད་གཞོན་ནུའི་ཐུགས། གདུང་། དབུ་ལོ། ཕྱགས།


GLG007_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ན་བཟའ། མྱོང་གྲོལ། སྒོམ་པ་ཚུལ་ཁྲིམས་ཀྱི་དབུ་སྐྲ། གསལ་སྟོང་ཤོ་རེའི་ཕྱགས། ཕྱག་ཚ། ཕག་མོ་གྲུ་པའི་དབུ་སྐྲ། ན་བཟའ། སྟན། འཇག་སྤྱིལ། བེར། བདུད་རྩི་རིལ་བུ། གདན་ས་མཐིལ་གྱི་སྐུ་འབུམ་བར་དང་སྐུ་འདྲ་རིན་པོ་ཆེའི་སྐུ་ཤ །རྗེ་དབུ་སེའི་གདུང་། དབུ་ལོ། ན་བཟའ། འབབ་རོང་པའི་ཤངས་མཚལ། ན་བཟའ། ཆིབས་སྒ། འབྲི་གུང་འཇིག་རྟེན་གསུམ་མགོན་གྱི་དབུ་སྐྲ། གདུང་། ན་བཟའ། ཤངས་མཚལ། སྟག་ལུང་ཐང་པའི་ན་བཟའ། ཀརྨ་པག་ཤིའི་དབུ་ལོ། ཐུགས། རྒྱལ་བ་ཐོག་བརྡུགས་པས་ཐོག་གཏུམས་པའི་ན་བཟའ། རྒྱལ་བ་ཡང་དགོན་པའི་དབུ་སྐྲ། གདུང་། སྤྱན་སྔ་གྲགས་འབྱུང་བའི་གསེར་གཏོར་བདུད་རྩིར་སོང་བ། ཀརྨ་བ་མཐོང་བ་དོན་ལྡན་གྱི་གདུང་། ཤངས་མཚལ། རྗེ་འགྲོ་མགོན་གྱི་ཕྱགས། སྤྱན་སྔ་ཚེས་བཞི་པའི་ཕྱག་འཕྲེང་། སྤྱན་སྔ་ཆོས་ཀྱི་རྒྱལ་པོའི་དབུ་ལོ། སྟག་ལུང་ངག་དབང་གྲགས་པའི་གདུང་། སྣེའུ་སྡོང་དགོན་གསར་གྱི་ཆེ་ས་སངས་རྒྱས་རྒྱལ་མཚན་གྱི་རྟེན་འདམ་སྟེ་གོང་གསལ་རྣམས་ནས་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་རེ། གཞན་ཚོའི་ཆ་ཤས་རེ། འོད་དཔག་མེད་རྒྱ་ནག་མ། སྟོན་པའི་གསེར་སྐུ། ཨྱོན་རྗེ་དང་གདུང་རྟེན་རག །དཔལ་མར་མེད་མཛད་དང་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསེར་སྐུ་རེ། རིག་པ་ཆེན་མོ་དང་བླ་གཟུངས་སོ་སོར་སུམ་བརྒྱ་རེ། གསར་རྙིང་གི་བླ་མེད་ཆིག་སྟོང་ལྔ་བརྒྱ། སྲོག་ཤིང་བརྟན་པ་སུམ་བརྒྱ། རག་གི་བདེ་མཆོག་ལྷན་སྐྱེས། ཕྱག་རྡོར་འཁོར་ཆེན་གསེར་སྐུ། རཏྣའི་ཚེ་འཁོར་མེའི་སྤུ་གྲིའི་སྲུང་བཟློག་ཁ་


GLG007_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་རེ། ལོག་ཏྲིའི་སྲུང་བཟློག་རེ། རྟ་མགྲིན་གྱི་སྲུང་འཁོར། གྲ་པའི་ཛམ་དམར་དང་ཀུ་རུ་ཀུ་ལླཻའི་དབང་སྡུད་རེ། རྣལ་འབྱོར་རྒྱུད་ཀྱི་གཟུངས་བདུན་བརྒྱ། རྣམ་པར་སྣང་མཛད་ཀྱི་རག་སྐུ་རྙིང་མ། སྒྲིབ་པ་རྣམ་སེལ། འོད་ཟེར་དྲི་མེད་ཀྱི་སྲོག་ཤིང་བརྟན་པ། རྣམ་པར་སྣང་མཛད་གཟི་བརྗིད་རྒྱལ་པོའི་གཟུངས་རྣམས་ཆིག་བརྒྱ་སུམ་ཅུ་རེ། སྤྱོད་རྒྱུད་ལྔ་བརྒྱ། བྱ་རྒྱུད་ཆིག་སྟོང་དང་བཅུ། སྡེ་ལྔ་ཆེ་ཆུང་འདྲེས་པ་སྟོང་ཕྲག་ཕྱེད་གཉིས། ཚེ་མདོ་བཅུ་གསུམ་ཕྱག་རྡོར་ཁ་ཆེ་ལི་སེར། ཤིས་བརྗོད་སུམ་བརྒྱ། ཆོས་སྐྱོང་ཆིག་སྟོང་ཉེར་ལྔ། ནད་རིམས་སོགས་འཚེ་བ་ཞི་བྱེད་བྱིས་པ་གཏེར་སྟོན་གྱི་སྲུང་བ་རྒྱས་པ། རྡོ་ནག་གི་མགོན་པོ་ཕྱག་དྲུག །ཁྲོ་ལིའི་ཛམ་སེར། བརྟན་བཞུགས་སུམ་བརྒྱ། གཏེར་བུམ་གསུམ། བར་མཚམས་དྲི་བཟང་གི་ཐུམ་བུ་དར་རས་སེར་པོས་དཀྲིས་ཤིང་བང་མཛོད་རིན་པོ་ཆེའི་རིགས། སྨན་སྣ་འབྲུ་སྣ། ཇ་སྣ། ཟས་སྣ། ཤིང་ཏོག །གོས་དར། རས། རྒྱ་དཀར་ནག །བལ་བོད། གནས་ཆེན་སོགས་ཀྱི་ས་རྡོ་ཤིང་ཆུ་མེ་ཏོག་སོགས་ཀྱི་རིགས་མཐའ་ཀླས་པས་ཕྱུར་བུར་གཏམས། འོག་ཏུ་བོད་འབངས་སྤྱི་དང་བྱེ་བྲག་རྒྱུ་སྦྱོར་བར་གནོད་པའི་གཟུགས་ཅན་གཟུགས་མེད་མནན་སྟེང་རབ་གནས་ཅན་གྱི་སཱཙྪ་བཅུ་བཞུགས་སུ་གསོལ། དམ་ཚིག་པར་ཡེ་ཤེས་སེམས་དཔའ་ཚད་མེད་པ་བསྟིམ་བའི་རབ་གནས། མེ་ཏོག་གི་ཆར་དབབ། གནོད་སྦྱིན་ཆེན་པོས་ཀྱང་རྟེན་འབྲེལ་སྒོ་དུ་མར་འགྲིག་ཚུལ་གསུངས་ཤིང་མཐིལ་དང་མཆིམས་ཕུའི་མཆོད་ཁང་ཐམས་ཅད་ལ་ཞལ་གསེར། སྙན་ཤལ་འདོད་གསོལ་མ། དཀར་


GLG007_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

མེ་མཆོད་ཚོགས་སྤེལ། ཚེས་བཅུ་བཞིར་ངག་དབང་མཁས་བཙུན་དང་། ནམ་མཁའ་རྒྱ་མཚོ་གཉིས་ཀྱིས་འདོན་ཆ་ཡོངས་རྫོགས་ཀྱི་རྒྱུགས་སྤྲད། ཚེས་བཅོ་ལྔར་སེར་འབྲས་གཉིས་སུ་ཇ་ཚུལ་བཅུ་གསུམ་རེའི་ཐོག་སྤོང་དག་ངེད་རང་གི་གོས་རྩེ་ཞྭ་བཞི། ཆོས་གོས་བཅུ་གཉིས། སེར་སྐེད་དྲུག །ཐང་ཤམ་བཅུ་དྲུག །རྡུལ་གཟན་ཉེར་བཞི། རིང་འགག་བརྒྱད། བེར་དང་འགན་སྦྱར་ལྔ་རེ། རྒྱ་ལྷམ་ཆ་གསུམ། སྙེ་འབོལ་གཉིས། སྟོད་འགག །འདིང་བ་སྟན་དམར། གཟན་ཕྲུག་ཆེན་རྣམས་རེ། གོས་སྟན་དགུ །བླ་བྲེ་བཞི། ཁ་བཏགས་ཀྱི་ཡོལ་བ་ལྔ། རྡོར་དྲིལ་བརྒྱད། སྦུག་ཆོལ་བཞི། སིལ་སྙན། དཀར་ཡོལ། དངུལ་སྟེགས། བཟེད་ཞལ། ཆབ་རིལ་རྣམས་གཉིས་རེ། དངུལ་སྐུ་ཆ་འགྲིག་བཅུ་གཉིས། ར་མ་ལུག་ཆ་ཚང་གཉིས་བཅས་གྲ་པ་རེར་དངུལ་ཞོ་དོ་རེའི་ཁྱོན་སྲང་ཆིག་སྟོང་བཞི་བརྒྱ་ཞེ་བཞི་ཕུལ་བར་གདུགས་དཀར་ཆིག་འབུམ་ཆིག་ཁྲི་བཞི་སྟོང་ལྔ་བརྒྱ། ཤེར་སྙིང་བཞི་འབུམ་དགུ་སྟོང་ལྔ་བརྒྱ། བཟང་སྤྱོད་ཆིག་འབུམ་བཞི་ཁྲི་དགུ་སྟོང་ལྔ་བརྒྱ་སོང་། ལྕགས་ཡོས་ཧོར་ཟླ་ལྔ་པའི་ནང་འབྲས་སྤུངས་འདུ་ཁང་དུ་སྤྲུལ་སྐུ་མཁན་སློབ་གྲ་བཅས་སྟོང་དུ་ཉེ་བ་དང་ཁ་འཐོར་བ་བཅས་ལ་པཎ་ཆེན་འཇིགས་མེད་འབྱུང་གནས་དང་དཪྤ་ཎ་ཨཱ་ཙཪྻའི་དགོངས་དོན་འཁྲུལ་མེད་ལུགས་ཀྱི་རྡོ་རྗེ་ཕྲེང་བའི་དབང་བསྐུར་ནའང་ལ་ལ་སྡུག་གེ་སྙིང་རྗེ་ཞེས་གསུང་བཙུན་མདོག་དང་། ཁ་ཅིག་ནི་རང་རྒྱལ་གཞན་དམའ་དབབ་འདོད་པའི་མཁས་ཁྱད་ཀྱིས་ང་རྒྱལ་ལམ། འགའ་ཞིག་ནི་འདི་སྣང་འཇིག་རྟེན་ཆོས་ཀྱིས་དུས་འདས་པ་ཡིན་ནམ། གང་ལྟར་མིག་ལྟོས་


GLG007_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ངན་པས་གལ་ཆུང་ཆོས་ལ་སོང་སྐྱོན་གྱིས་ས་ལུགས་ལྟར་མང་པོར་སྤེལ་བ་ལྟ་ཞོག་རེ་གཉིས་ཀྱང་མ་འཕེལ་བར་བརྟེན་ཆད་ན་འཕངས་ཤིང་སྤེལ་དགོས་པའི་གླེང་བྱུང་བ་བཞིན་བསྟན་རྒྱུན་ལ་བསམས་སྔར་ཐོབ་པ་འཆད་ཐུབ་བམ་སྙམ་པ་སྔགས་རམས་པ་ནམ་མཁའ་བཟང་པོ་ཡོད་པ་དཔེ་འཛིན་དང་ལས་རུང་གི་བསྙེན་པ་བཅུ་ཆའི་སྦྱིན་སྲེག་དང་བཅས་བྱེད་བཅུག །དགོས་བྱེད་རོགས་སོགས་གཞུང་ནས་གྲ་བསྒྲིགས་ཚེས་བཅུ་དྲུག་གཟའ་སྐར་བཟང་ཐོག་དྲིན་ཅན་བླ་མའི་དབོན་འ་ཞ་ནམ་མཁའ་བསོད་ནམས་དབང་གི་རྒྱལ་པོ། དཔལ་འཁོར་ཆོས་སྡེའི་མཁན་པོ། ཁལ་ཁ་ཞབས་དྲུང་། སྔགས་རམས་པ་བློ་བཟང་སྐྱེས་མཆོག །ངག་དབང་དཔལ་བཟང་། དོན་གྲུབ་རྒྱ་མཚོ་སོགས་གྲ་ཚང་གི་གྲ་པ་བཅས་དགུར་གཡུལ་རྒྱལ་ལྕོག་ཏུ་དབུ་བཙུགས། ཉེར་དྲུག་ལ་ཐང་ལྷའི་སྐུ་མཁར་ཞིག་གསོ་དང་བཟབས་གསོལ་གཏོང་བར་ངག་དབང་མཁྱེན་རྩེ་དང་དོན་གྲུབ་རྒྱ་མཚོ་བཏང་ནས་མཉེས་པར་བྱས་ཏེ་བྱང་ཕྱོགས་ཀྱི་མི་མཐུན་ཕྱོགས་སེལ་བའི་དགོས་པ་བསྒྲུབས། ཉེར་བརྒྱད་ལ་འབྲས་ཡུལ་དཀར་མོ་ལྗོངས་སུ་གཏོར་གསོས་ལ་དགེ་སློང་ཕུན་ཚོགས་རྒྱ་མཚོ་དང་བློ་གྲོས་རྒྱ་མཚོ་བཏང་སྟེ་རི་མཐིལ་གྱི་མགོན་ཁང་ཚོར་འདོད་གསོལ་གྱི་ཁ་བྱང་བཀོད་པའི་སྙན་ཤལ། གསེར་སྐྱེམས། ཁྲབ་རྨོག །སག་ཐག་གཞུ་བཅས། རལ་གྲི་སོགས་སྤྱན་གཟིགས། མཆོད་གཏོར་ཐམས་ཅད་རྒྱས་པར་གསོས་ནས་གྲ་པ་བརྒྱད་ཅུས་ཞག་གསུམ་གྱི་བར་བསྐང་གསོ་སྨིན་རྒྱས་དང་ཚོགས་ཆེན་ལ་མང་ཇ་ལྔ་བཏང་། གོ་ཁང་དུ་ཆོས་རྗེ་བཀྲ་བཟང་པ་གྲ་སློབ་རྣམས་ཀྱིས་རྟ་མགྲིན་དྲེགས་པ་ཟིལ་མནོན་གྱི་


GLG007_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་ཞག་བདུན་བཙུགས་ཏེ་བསམ་སྦྱོར་ངན་འཆང་གི་སྡེ་བརྒྱད་སྤྱི་བྱེ་བྲག་བཏུལ་མཇུག་འཆི་བདག་བཟློག་པའི་ཆོ་ག་མཛད་པ་བྱིན་རླབས་ཀྱི་རྟགས་ཚན་ཆེ། ལ་མོ་ཆོས་སྐྱོང་གི་ལུང་བསྟན་བཞིན་ངེད་ཀྱི་རིམ་གྲོར་སྒོ་བློ་བསྒྲིལ་བས་བཀའ་འགྱུར་བརྒྱ། གསེར་འོད་ཆིག་བརྒྱ་སོ་གསུམ། སྒྲོལ་མ་ཆིག་སྟོང་སུམ་བརྒྱ། གདུགས་དཀར་སུམ་འབུམ་བཞི་ཁྲི་ལྔ་སྟོང་དྲུག་ཅུ། ཤེར་སྙིང་སུམ་ཁྲི་དྲུག་སྟོང་། བྱེས་སྨད་གཉིས་ནས་གསེར་འོད་བརྒྱ། ཐོད་རི་བས་བརྒྱད་སྟོང་པ་ཆིག་སྟོང་། བསྐལ་བཟང་ལོ་གྲངས། ཐང་པོ་ཆེར་ཕེབས། བཟབས་གསོལ་དགུ་ཚན་གསུམ། བསྐང་གསོ་ཞག་བཅུ། གཙང་ཁང་ཞིག་གསོ། སྡེ་པའི་རིམ་གྲོར་དར་རྒྱས་གླིང་པས་ཤེར་སྙིང་ཆིག་འབུམ། མཚན་བརྗོད་དང་གདུགས་དཀར་ཁྲི་རེ། འོལ་དགའི་དགེ་དགོན་ཚོ་བསྡུས་ཀྱིས་བཀའ་འགྱུར་ཚར་བཅུ། ཚོང་འདུས་ཆོས་སྐྱོང་གི་ལུང་བསྟན་ལྟར་སེར་འབྲས་སུ་ཆ་གསུམ་དང་། ཕ་བོང་ཁ་པས་གཏོར་མ་འབུམ་ཐེར་རེ། ཐང་ཆེན་ཆོས་སྐྱོང་གིས་བསྐུལ་མ་བཞིན་དཔལ་རི་བས་ཁྲོ་རོལ། ཀ་ཚལ་དུ་བླ་མ་ཟུར་པ། ཁྲ་འབྲུག་ཏུ་སྨིན་གྲོལ་གླིང་པ། གཙང་འགྲམ་དུ་སྒྲོལ་ཕུག་པ། གྲོམ་པ་རྒྱང་དུ་ཆུ་མིག་པ། བུ་ཆུར་སྙིང་ཕུ་བ། ལྷ་ཁང་དུ་གནས་གཞི་བ། པྲ་དུན་རྩེར་བྲག་དཀར་ཆུ་བཟང་པ་རྣམས་ཀྱིས་དམ་སྲིར་མནན་པ། རྫོང་འགོ་མང་པོར་ཀླུ་རྟེན་བཙུགས་ཤིང་ཁྲུས་གསོལ། ས་བདག་འཁྲུགས་གཏོ། སྣང་བརྒྱད་སྒྲོག་པ་རྣམས་སྔགས་བན་བོན་གསུམ་གྱིས་བྱས། གནས་ཆུང་ནས་ཆོས་སྐྱོང་ཆེན་པོས་རིང་འཚོ་སྤེལ་བའི་གེགས་སེལ་དུ་ལྷ་ས་ཁྱམས་རར་བདེ་ཡངས་པ་


GLG007_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱས་ཞག་བཅུར་གདུགས་ཤེར་གང་འགྲོ།ཧོར་ཟླ་བཞི་པའི་ཚེས་ལྔར་ཞ་ལུ་མཁན་པོ་འཇམ་དབྱངས་བསྟན་འཛིན་ལ་ཇ་གྲལ། འདི་ཉིན་རྡོ་རྗེ་འཕྲེང་བའི་དབང་བསྐུར་གྲོལ། དབོན་རིན་པོ་ཆེ་སྤྱན་ལྟོས་ཀྱིས་ཕྱོགས་ཀུན་ཏུ་བརྒྱུད་པ་འཕེལ་བ་ཞིག་ཡོང་བའི་རེ་བ་ཡོད། ཚེས་དྲུག་ལ་དཔལ་རི་སྤྲུལ་སྐུ་ངག་དབང་པདྨ་གཤེགས་པའི་བསྔོ་རྟེན་རྒྱ་ཆེར་འདུག་པ་ས་ལམ་གྱི་བར་གཅོད་སེལ་བའི་བསྔོ་སྨོན་གྱི་རྒྱས་འདེབས་ཡང་དག་བགྱིས་ཤིང་། ཁོང་པ་གཏེར་གསར་རིགས་འཛིན་ཐུགས་ཐིག་གི་ལུང་བསྟན་རབ་གསལ་མེ་ལོང་དུ། འཚོ་རྒྱལ་སྤྲུལ་པ་རྒྱལ་ལམ་པདྨའི་མིང་༔ བང་སོའི་ཕྱོགས་འབྱུང་འདི་དང་ཕྲད་པ་ན༔ མི་མཐུན་བར་གཅོད་ཀུན་ཞི་འགྲོ་དོན་རྒྱས༔ ཞེས་མཁར་ཆེན་བཟའི་སྤྲུལ་པར་ལུང་གིས་ཟིན་པ་ལྟར་ཚུལ་མཐུན་ཞིག་མཛད་ན་བསྟན་འགྲོར་ཕན་སླེབས་ཆེ་རུང་རང་རེ་སྒྲུབ་སྡེ་བའི་ཆོས་སྐལ་འབྱུང་ས་འབྲི་གུང་རིན་ཆེན་ཕུན་ཚོགས་ཡིན། དེའི་རྩ་བླ་རིགས་འཛིན་ལེགས་ལྡན་བདུད་འཇོམས། དེའི་བརྒྱུད་འཛིན་ཆོས་རྒྱལ་མཾ་གའི་མཚན་ཅན་ཡབ་སྲས་ལ་ལྷག་པར་མོས་གུས་ཆེ་དགོས་རྒྱུར་ག་ལོག་པའི་གཏེར་བརྫུས་མཁན་སྣང་རྩེ་བརྒྱུད་འཛིན་གོང་སོག་ལ་མཛད་པ་ཐུགས་རྒྱུད་ལ་འགོང་པོ་ཕེབས་པ་ལས་འོས་ཅི་མཆིས། འོན་ཀྱང་རང་ངོས་ནས་ཞབས་དྲུང་མའི་ཕྱག་རྗེས་དང་། ཆོས་བརྒྱུད་ལ་བསམས་ལོག་སེམས་ཡེ་མ་ཤོར་བའི་གཉེན་པོ་བསྟེན། སྤྱི་སོའི་ངོར་སྐུ་སྐྱེ་མྱུར་འབྱོན་གྱི་སྨོན་ལམ་བརྩམས། ཚེས་བརྒྱད་ནས་ཇོ་ཤཱཀ་སྐུ་མདུན་དུ་བདེ་ཡངས་པ་བཞི་བཅུས་མཆོད་པ་སྣ་ལྔ་བརྒྱ་རྩ་དང་བཅས་སྤྱན་འདྲེན་ཁྲུས་གསོལ། བཟང་སྤྱོད་


GLG007_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྟུང་བཤགས་འགྲོ་གང་ཆེ། ལྷ་ས་དུད་ཆིག་སྟོང་དྲུག་བརྒྱ་བརྒྱད་ཅུར་སྒོ་རེར་ཇ་ནག་པོ་ཉག་དོ་རེ་བསྡོམས་ཁོར་དྲུག་ཕྱེད་སོ་གཉིས། ངན་སློང་ལ་སྦྱིན་པ། བསམ་ཡས་དང་ལ་མོ་ཆོས་སྐྱོང་གི་ལུང་བསྟན་དུ་ངེད་རང་གི་རིམ་གྲོར་བྱང་ཆུབ་ཆེན་པོའི་སྐུ་མདུན་རབ་བྱུང་བས་དྲི་མེད་བཤགས་རྒྱུད་ཆིག་བརྒྱ། ལྷ་སར་བདེ་ཡངས་པས་ཕལ་ཆེན་སོ་གཅིག །གསེར་འོད་ཆིག་བརྒྱ་བཅུ་གཉིས། མཆུ་སྡེ་ལྔ། སྤྲིན་ཆེན། དཔང་སྐོང་། རྒྱ་ནག་ཀེག་བཟློག །དག་པ་གསེར་གྱི་མདོ་ཏིག་རྣམས་ཆིག་བརྒྱ་ལྔ་རེ། གདུགས་དཀར་ཉིས་སྟོང་ཉིས་བརྒྱ་བརྒྱད་ཅུ། ཤེར་སྙིང་དྲུག་སྟོང་ཆིག་བརྒྱ་བཞི་བཅུ། ཚེར་གསེབ་ཆོས་སྐྱོང་གི་ལུང་བསྟན་བཞིན་འཕྱོང་རྒྱས་སུ་རི་བོ་བདེ་ཆེན་པས་འབུམ་ལོ་གྲངས། སྡེ་པའི་རིམ་གྲོར་རྒྱས་འབྲིང་བསྡུས་པ་ལྔ་བཅུ་རེ། ནད་རིམས་བཟློག་བྱེད་ལ་མོའི་ལུང་བསྟན་ལྟར་རྫོང་གཞིས་ཆུང་འབྲིང་ཉེར་ལྔས་ཉིན་གསུམ་བསྟན་གསོལ། རྫོང་ཆེ་བ་དང་སྡེ་དཔོན་ཆེ་ཁ་དགུས་བསྟན་གསོལ་དང་རྒྱུད་འབུམ་སྒྲོགས། ཡུལ་གྲུ་ཆེ་ཆུང་དང་བསྟུན་འབུམ་བརྒྱད་སྟོང་པ་གདུགས་དཀར་ཡིག་བརྒྱ་རྣམས་གང་འགྲུབ། ཤེལ་བྲག་ཏུ་དགེ་སློང་ཡེ་ཤེས་ཕུན་ཚོགས། ཡང་རྫོང་དུ་རྡོ་རྗེ་བྲག །མཆིམས་ཕུར་རང་གྲ། ཁྲ་འབྲུག་ཏུ་དཔལ་རི་བ་རྣམས་གྲངས་བཅད་ཀྱིས་ཚོགས་བརྒྱ་དབུལ། ཚེས་དགུ་ནས་གྲ་ཚང་གི་གྲ་པ་གྲངས་བཅད་ལ་རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་པ་བཙུགས། ཚེས་བཅུ་ཆེན་མོའི་མཆོད་པ་སྔར་བཞིན་ཕུལ། ཚེས་བཅུ་བདུན་ནས་རྐང་ལག་ལ་ཕན་ཆེད་བདུད་རྩི་ཆུ་ཚན་ཉིན་བདུན་བརྒྱབ། ཉེར་གཉིས་ལ་གྲ་ཚང་གི་གྲ་པ་གྲངས་


GLG007_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་ཀྱིས་ལོག་ཏྲིའི་སྒྲུབ་པ་དང་། ལྷ་སར་ཁྲོ་རོལ་བཏང་། ཉེར་དགུར་དགའ་ལྡན་གསང་སྔགས་གླིང་པའི་ཚོགས་ཁྲོ་གསར་བླུག །ཚེས་བཅུའི་འཆམས་ཡིག་འགོ་རྒྱངས། མདོས་བསྐང་འབུམ་ཐེར་དུས་འབུལ་རྒྱུའི་སྙན་དར་རྣམས་ཀྱི་ཁ་བྱང་བྲིས། གྲོ་ལོད་དང་ལོག་ཏྲིའི་སྒྲུབ་ཁག་གཉིས་པོ་གྲོལ་པའི་གཟུགས་མེད་སྤྱི་བྱེ་བྲག་སྲེག་པ་ཧོམ་གྱི་ལས་ལ་སྦྱར། ངེད་རང་དང་སྡེ་པ་ཐུན་མོང་གི་གེགས་སེལ་དུ་དྭགས་པོ་གྲ་ཚང་པས་ཡིག་དྲུག་ས་ཡ་གཉིས་དང་དགུ་འབུམ་སུམ་ཁྲི་ཉིས་སྟོང་དྲུག་བརྒྱ། སེ་ར་བྱེས་སྨད་བརྒྱས་གདུགས་ཤེར་ཉིས་སྟོང་ལྔ་བརྒྱ་རེ། དཀྱིལ་འཁོར་སྡིངས་སུ་བདེ་ཡངས་པ་བཞི་བཅུས་ཞག་བརྒྱད་བར་ཉིན་སྟར་སྤྱན་འདྲེན་ཁྲུས་གསོལ་དང་། བཟང་སྤྱོད་ཉི་ཁྲི་བཞི་སྟོང་བརྒྱད་ཅུ། ལྟུང་བཤགས་ཆིག་ཁྲི་དྲུག་སྟོང་ཆིག་བརྒྱ། གདུགས་དཀར་སུམ་བརྒྱ། ཤེར་སྙིང་ཉིས་སྟོང་ཉིས་བརྒྱ་བཞི་བཅུ། བཀྲ་ཤིས་རྩེ་ཆོས་སྡེར་ཆོག་མང་གཏོང་བའི་མཐུན་རྐྱེན་དུ་ལོ་སྟར་ལྷ་ས་ནས་ཡ་ཇུ་དམར་འདེགས་ཀྱི་ཁལ་བཅུ་གཅིག་ཉག་བཅུ་གཉིས་དང་སྣེའུ་རྩེ་ནས་འབྲུ་མཁའ་རུའི་ཁལ་སུམ་བརྒྱ་ཞེ་ལྔ་ལྷག་བཅས་ཆོས་རྒྱུན་ཆད་པ་མེད་པའི་ཆེད་རྒྱུན་བཙུགས། དཔལ་རི་བ་བརྒྱ་དང་བཅུས་མཆིམས་ཕུར་ཟླ་གཅིག་བར་སྐྱབས་སེམས། ལེའུ་བདུན་མ། སྒྲོལ་ཤེར། ཚེ་གཟུངས། ཆོས་སྲུང་གི་བསྐང་བ། རིང་འཚོའི་ཚིགས་བཅད། ཆ་གསུམ། ཐུགས་རྗེ་ཆེན་པོ་པདྨའི་དབང་ཕྱུག་གི་གཞུང་བསྲངས་པའི་ཡིག་དྲུག་དུང་གཅིག །བྱེ་བ་གཅིག །ས་ཡ་གསུམ། ལྔ་འབུམ་རྣམས་སོང་། ཧོར་ཟླ་ལྔ་པའི་ཚེས་གཅིག་ལ་ས་སྐྱོང་མེར་གན་ཐའི་


GLG007_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཇི། ཨེར་ཁེ་ཇི་ནོང་གཉིས་ཀྱིས་བེར་གསེར་དངུལ་ཇ་གོས་དར་པགས་རས་སོགས་དངོམ་ཆེ་བ་བཏེག་ནས་གྲ་པ་ཉི་ཤུས་རིང་འཚོའི་ཚིགས་བཅད་ཀྱི་བདེན་ཚིག་བརྗོད། ཡོན་བདག་ངོ་མ་ཚོར་ཕྱག་དྲུག་པའི་རྗེས་གནང་། བཀའ་བསྒོ།མདུད་པ། སྣམ་ཕྲུག་སོགས་ཀྱི་སྟེར་ཆ་རྒྱས་པར་བགྱིས། ཁལ་ཁ་ཞབས་དྲུང་ལ་ཛ་ཡ་པཎྜི་ཏ་ཁུ་ཐུག་ཐུའི་ཆོ་ལོ་ཐམ་ཀ །བསོད་ནམས་བཀྲ་ཤིས་མ་འདམ་དང་། ཁོད་རྣམ་རྒྱལ། བློ་བཟང་ཨེར་ཁེ་ཐའི་ཇི། མཽ་ཇ་རག་གི་དཔོན་མོ་མཚོ་ཁར་རྫོང་བ། ཀོང་པོ་དབུ་མཛད་རྣམས་ལ་བྱིན་རླབས་དང་ཇ་གྲལ་བྱས། གྲ་ཚང་དུ་མདོས་བསྐང་འབུམ་ཐེར་བཙུགས། ཚེས་གཉིས་ལ་ཆོས་རྗེ་ཟིལ་གནོན་རྡོ་རྗེས་འགན་སྦྱར་སོགས་རུང་གོས་ཆ་ཚང་བདོག་པ་སྤམས་མཐོ་བ། སྤྱི་འབུལ་དངུལ་བུམ་གཉིས། འགྱེད་སོགས་ཡོན་སྦྱར་ཏེ་འབྲས་གཤོངས་དག་སྣང་མའི་སྒོ་ནས་རིང་འཚོའི་རྟེན་འབྱུང་བསྟར། ཚེས་བཞིར་དགེ་སློང་བློ་གྲོས་རྒྱལ་བས་ཚན་གྲངས་རིང་པོར་བརྐྱང་འགྱེད་དང་བཅས་ཆོ་ག་སྔ་མ་བཞིན་གྱེར། ཕྱི་དྲོ་སྔ་སོར་སྐད་རྒྱུགས་བླངས་པ་ཕོ་རོག་ནག་སྐྱ་ཀ་ཁྲས་པའི་དཔེ་ལྟར་ལ་ལ་སྐད་ཆེའང་གྲེ་ཁུག་གྱོང་བ་དང་། འགའ་ཞིག་གྲེ་འགྱུར་བདེ་རུང་སྐད་ཆུངས། ཁ་ཅིག་འཆམས་སོགས་ཀྱི་རོལ་མོར་བརྡུགས་པས་མཚོན་གྲ་ཚང་འདིར་སྐད་གཟུགས་ཆེ་བ་རང་གིས་མི་ཆོག་པར་ཁ་ལག་སྤྱོད་གསུམ་བསྟུན་ཤེས་པ་ཞིག་དགོས་ཀྱིན་ཡོད་པ་ཆ་སྒོར་མ་ནས་འདི་དགའ་སྙམ་པའི་འདམ་རྒྱུ་ནི་མ་རྙེད། ཕལ་ཆེར་ཆ་འདྲ་བའི་དབྱེ་གསལ་དཀའ་བ་ཐམས་ཅད་བློ་ཁ་རྫོགས་ཕྱིར་ཤོག་རིལ་སྡུད་བཅུག་པའི་མང་བ་ལྔ་པོ་མཐུན་སྣང་གཟུགས་


GLG007_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྲུབ་གཤིས། རྩེར་ཆོས་སྲུང་རྣམས་དཔང་པོར་གསོལ་ནས་ངེད་རང་གིས་ཟན་རིལ་ཕུལ་བ་དམ་ཆོས་དབང་རྒྱལ་ཐོན། ཚེས་དྲུག་ལ་ས་སྐྱོང་མེར་གན་ཐའི་ཇི། ཏྲེ་བོ་ཤི་རའི་ཐུ་སྐུ་སྐྱེ། ཛ་ཡ་པཎྜི་ཏ། བསྟན་འཛིན་ཆོས་རྒྱལ་གྱི་གསོལ་དཔོན་ད་ལའི། སྔགས་རམས་པ་ནམ་མཁའ་བཟང་པོ་ཐང་སག་དགའ་ལྡན་ཆོས་འཁོར་གྱི་བླ་མར་ཐོན་གདོང་རྣམས་དང་ཕྲད། ཚེས་བརྒྱད་ལ་དཔལ་འཁོར་ཆོས་སྡེའི་མཁན་པོ། གོང་དཀར་ཆོས་སྡེའི་འཆད་ཉན་པ་དགེ་སློང་འཕྲིན་ལས། ཆོས་རྗེ་བཀྲ་བཟང་པ། སྣེའུ་སྡོང་དཀོན་གཉེར་དཔོན་རིན་ཆེན་བཟང་པོ་རྣམས་ལ་ཇ་གྲལ། ལྕང་ལོ་ཅན་པའི་བུའི་སྐྲ་ཕུད་བླངས་པའི་མིང་ཕུན་ཚོགས་རྒྱ་མཚོར་བཏགས་ནས་དྲུང་འཁོར་གྲས་སུ་བསྡད། དཔོན་ཚང་སྐྱིད་སྤེ་བའི་ཚ་བོས་རྒྱུད་བཞིའི་རྒྱུགས་སྤྲད། ཚེས་དགུར་དཔལ་འཁོར་ཆོས་སྡེའི་མཁན་པོ། གྲ་ཚང་ཁག་བཅུ་གཉིས་ཀྱི་སློབ་དཔོན། གཉེར་པ་གྲ་རྒན་རགས་བསྡུས་དང་བཅས་པས་བདོག་པའི་སྐྱེས་དང་ཡོན་སྦྱར་ཏེ་གྲ་ཚང་ནས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པའི་རིང་འཚོ་མཛད། དེ་མཚུངས་རྒྱང་རོ་ལྷ་ཁང་བླ་མས་ཀྱང་བསྟར། སྤོས་ཁང་མཁན་པོ། དགའ་ལྡན་ཤར་བྱང་ཆོས་རྗེ་རྣམ་གཉིས། འོལ་དགའ་རིན་ཆེན་སྒང་གི་མཁན་པོ། སྒོ་མང་དང་ཐར་གླིང་བླ་ཟུར། བཀྲ་ཤིས་ལྷུན་པོའི་ཕྱག་མཛོད། དེ་མོ་དང་ཤེལ་བྲག་བླ་མ། ཏྲེ་བོ་དཀར་ལྕོག་དང་གྲུབ་དབང་སྐུ་སྐྱེ། སྒྲོལ་ཕུག་པ་ཁུ་ཚན། ཆོས་རྗེ་ཆུ་མིག་པ་དང་ཁྲ་ཚང་པ།


GLG007_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཆུང་སྐུ་རྟེན་པ། བང་རིམ་པ་མིང་སྲིང་། རྣམ་སྲས་གླིང་པ། འདུས་བྱུང་པ། ཡམ་བུ། ཨེར་ཁེ་དའི་ཆིང་། མ་ག་དྷ། ཇུ་རིག་ཐུ་ཁོ་ཤོའུ་ཆི། བསོད་ནམས་མགོན་པོ། བཻ་རོ་ཙ་ན་རྣམས་ཀྱི་མི་སྣ་སོགས་བོད་སོག་ལྔ་བརྒྱ་ཙམ་གྱི་ངོ་མར་བྱིན་རླབས་དང་དམངས་ལ་མེ་ཏོག་གཏོར། གནས་ཆུང་སྐུ་རྟེན་པ། སྔགས་རམས་པ་སྐྱེ་མཆོག་དང་ངག་དབང་དཔལ་བཟང་གསུམ་ལ་བར་གཅོད་ལས་བསྐྱབ་པའི་བཀའ་བསྒོ། གྲུབ་དབང་སྐུ་སྐྱེའི་གཙུག་ཕུད་བླངས་ཤིང་མཚན་ངག་དབང་བསྟན་འཛིན་དཔལ་འབྱོར་དུ་གསོལ། ཚེས་བཅུར་སྤྲུལ་པའི་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་གྱིས་དུང་དཀར་གཡས་འཁྱིལ་གྱིས་ཐོག་དྲངས་དངོས་པོ་སྤམས་བསྟོད། ཚོགས་ཡོན་དང་བཅས་གྲ་ཚང་ནས་མཛོད་དབུས་མ་ནས་བྱོན་པའི་ཚེ་ཆོག་རྡུལ་ཚོན་ལ་བརྟེན་རྒྱས་པར་སྤེལ་བའི་མགྲོན་དུ་ཆོས་འཁོར་རྒྱལ་དང་མཚན་སྒྲོག་མཁན་པོ། ཆོས་འཆད་པ་དགེ་སློང་འཕྲིན་ལས། དཀོན་གཉེར་དཔོན་རིན་ཆེན་བཟང་པོའང་བསྒྲིགས། ཏྲེ་བོ་དཔོན་དཀའ་བཅུ་བློ་བཟང་ཆོས་སྐྱོང་འདི་ཉིན་ནས་དྲུག་འཁོར་གྲས་སུ་བཅར། ཚེས་བཅུ་གཅིག་ལ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་སྤྱི་ཚོགས་ཀྱིས་རུང་མཐུན་གྱི་གོས་ཆ་འགྲིག་སོགས་སྤྱི་སྒེར་ནས་རྒྱ་ཆེར་བཏེག་སྟེ་ཆོ་ག་སྔ་མ་དང་མཚུངས་པ་མཛད། སྒོ་མངས་ཟུར་པ། དཔོན་ངག་དབང་བསྟན་འཛིན་བཅས་བརྒྱ་སྐོར་ལ་ཇ་གྲལ་ཐོག་བྱམས་སྨོན་གྱི་ལུང་བཀླགས། ཕྱི་མར་ཇོ་རིག་ཐུ་དའི་ཆིང་གི་ཆོ་ལོ། ཐམ་ཀ །གྱོན་པ། མདུད་པ། སྣམ་ཕྲུག་སོགས་སྟེར་ཆ་བཟབས་ནས་ཐོན། ཚེས་


GLG007_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་ལ་དྲུང་འཁོར་སྤྱི་བསྡུས་ཀྱིས་ཀྱང་ཉིན་སྔ་མ་དང་འདྲ་བའི་རིང་འཚོའི་རྟེན་འབྲེལ་སྤེལ། ཚེས་བཅུ་གསུམ་ལ་བཀྲ་ཤིས་ལྷུན་པོའི་ཕྱག་མཛོད་དང་དཀར་བྲག་པ་ངག་དབང་བྱམས་པ་གཉིས་ཀྱིས་སྟེར་ཆ་འགྱེད་བཅས་སྦྱར་ནས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པའི་ཆོ་ག་རིམ་པར་བསྟར། སྡེ་པ་བློ་བཟང་སྦྱིན་པ་འདོད་པ་ཆུང་ཞིང་བསམ་པ་རྣམ་པར་དག་པ་བྱུང་ནའང་ཐོག་མ་ནས་བརྟག་པར་ལོ་གསུམ་ལས་མ་བབས་ཤིང་བར་སྐབས་སུ་སྡེ་པ་རང་ལའང་རླུང་ལ་བརྟེན་ཁམས་ནན་ཏར་མ་བདེ་བ་སྟག་སྟར་དང་ཆང་དཀར་སོགས་ཀྱིས་བྲེལ་བ་དཀྱུས་མ་དང་། འགངས་ཆེ་རིགས་རྣམས་སྡེ་བ་ཨ་བར་བརྒྱུད་ངེད་ལ་ལབས་པར་བཀོད་པ་བྱེད་དགོས་པ་ཞིག་བྱུང་ཡང་དེང་སང་སྙུན་གཞི་འང་ཕལ་ཆེར་སངས་རུང་སྡེ་པ་རང་གིས་དགོངས་པ་དགོས་ཚུལ་ཚ་དྲག་མཛད་པར་སྡེ་པ་ཨ་བར། ཤག་ལྷོ་པ་དཀོན་མཆོག་དར་རྒྱས་སོགས་དྲུང་འཁོར་སྤྱིས་ཀྱང་རྒྱང་ཙམ་མུ་འཐུད་ན་ལེགས་པའི་རྒྱུ་མཚན་ཟེར་བ་ལྟར་བརྟག་པ་བསྐྱར་བར་མ་བབས་པ་དང་མཐུན་པར་ལ་མོ་ཆོས་སྐྱོང་གིས་ཀྱང་གསུངས་པར་བརྟེན་བློ་བསྟན་ཟུར་བཞུགས་མཛད་པའི་སྒོ་དོད། ངེད་རང་ན་ཚོད་ཀྱིས་སྲིད་འཛིན་གྱི་བྲེལ་གཅོད་ལྕོགས་པར་མི་འདུག་པ་བཅས་ཁྲི་བཀོད་མ་བྱས་མཐུ་མེད་ལ་འོས་ཐོ་བསྡུས་ཀྱང་ཤིང་ཡོས་ནས་ལོ་འགྱང་ཆེ་བ་མ་སོང་གཤིས་དེ་དུས་ལས་ལྷག་པོ་ཡོང་དོན་མི་འདུག་པས་གནས་གསར་ཚེ་དབང་དང་ཆང་ཁྱིམ་པ་བློ་བཟང་མཁྱེན་བརྩེ་གཉིས་ཟླ་བ་གསུམ་པའི་ཚེས་བཅུ་གསུམ་གྱི་ཕྱི་དྲོ་ཉི་མ་མེ་བཞིའི་འགྲུབ་སྦྱོར་ཐོག་སྡེ་པ་ཨ་བར་གྱི་སར་བཏང་བའི་ངེད་ན་སོ་མཐོ་བ་དང་བཅས་སྲིད་ཁུར་མི་ལྕོགས་པ་སོགས་གང་ཅི་ནས་སྡེ་པ་གསར་བསྐོ་


GLG007_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱས་ཀ་མེད་བྱུང་བ་ཁྱོད་ལུང་བསྟན་སོགས་ནས་བསྟན་པར་མ་ཟད་ཡོས་ལོ་ཁྱོད་ལ་ཁྲོལ་ཆ་ཐུབ་པ་ཡུན་བསྲིང་བརྟག་པར་མ་བབས་པ་ལས་གཉེར་པ་སྦྱིན་པ་གང་ཅི་ནས་ཕེར་ཙམ་ཤར་བ་ད་ཆ་ཐེངས་པར་སླེབས་སོང་། གཞན་རྣམས་ཀྱི་བརྟག་བབས་ཐམས་ཅད་ཁྱོད་རང་ལ་རྒྱུས་ཡོད་པ་བཅས་འགན་འཁུར་དགོས་པའི་རྒྱུ་མཚན་བགྱིས་ཀྱང་སྔོན་མ་ལྟར་ཡལ་ཡོལ་སྣ་ཚོགས་ཀྱིས་ཁྲི་འཁོད་གཞན་སུ་འདྲ་ཞིག་ལ་གནང་ཡང་དེར་ཐུགས་རྗེ་ཞུགས་པའི་ལེགས་པ་མི་ཡོང་མི་སྲིད་ཅིང་ཁོ་རང་གཞན་ལ་ཁྲི་བསྐོས་གྲུབ་བསྟུན་བསྙེན་པར་རྫོགས་ངོས་གམ་དུ་ལུས་ཀྱིས་ནམ་ལྕོགས་བར་བཅར་སྡོད་བྱས་པའི་ས་རིགས་སོགས་ཀྱང་ལར་རྒྱར་གནོད་པ་བཅས་ཁ་འཛིན་མེད་པའི་འཁོར་བ་དོང་སྤྲུག་རང་དགོས་ཚུལ་གཡུག་ཅིག་བྱུང་ཡང་ཁྲོལ་ཆ་མ་བདེ་བས་རིམ་པར་རེས་ཆང་ཁྱིམ་པ་ཁེར་རྐྱང་དང་རེས་གནས་གསར་བ་དང་སྐབས་འགར་མཉམ་དུ་བཏང་སྟེ་གསེད་བཀྲོལ་ལ་སྔོན་མ་བཞིན་གོ་ལེན་མ་བྱུང་བའི་མཐར་ངེད་ན་རྒས་པ་བཅས་ཅིས་ཀྱང་ཁུར་འཁུར་བྱེད་དགོས་ནན་ཆེར་བྱས་པ་འཕྲལ་ཡུན་གྱི་དགེ་སྐྱོན་གྱི་རྒྱུ་མཚན་མང་དག་དང་རང་ལའང་ཆུང་ངུ་ནས་སྐུ་དྲིན་བསྐྱངས་པར་སོང་གཤིས་ཞབས་ཕྱི་ཁྲོལ་ནན་རང་ཞུ་མ་བདེ་ཞིང་། གང་འདོད་བྱུང་ན་ལོ་གཉིས་ཙམ་གྱི་བར་བསྙེན་རྫོགས་ཀྱི་སྡོམ་པ་རྣམ་དག་བསྲུངས་ངོས་སྡེ་པའི་ལས་བཀའ་བསྟུན་ཞུས། ཕུགས་རིགས་འཁོར་བ་དོང་སྤྲུག་གིས་ནམ་ལྕོགས་བར་འཕྲལ་སེལ་གྱི་ཞབས་ཕྱི་དང་། ལུས་ཀྱིས་མ་ཕར་བ་ནས་རི་ཁྲོད་ལྟ་བུ་བྱེད་ཟེར་ལན་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་ཡན་བཀའ་གདམས་གཙང་མའི་རྣམ་ཐར་ལྷུར་བཞེས་ལ་རག་མ་ལུས། དེ་རྗེས་


GLG007_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་མཚོན་ན་ཕྱག་མཛོད་རྒྱ་སེང་ནས་བཟུང་རིམ་བཞིན་ཚངས་སྤྱོད་ཡིན་ནའང་གནས་པར་དཀའ་བ་དང་། དཔོན་རིགས་ཀྱི་བློན་བརྒྱུད་འཁོར་བ་དོང་སྤྲུག་བྱེད་པ་ཕུགས་རྟེན་འབྲེལ་ཀྱང་མི་ལེགས་པ་དང་། རྒྱ་ལེ་སྐུ་མདུན་ཆོས་མཛད་ཀྱི་དཔེར་དང་བཅས་ཞིབ་བཤད་བྱས་པར་གོང་ལྟར་འཁོར་བ་དོང་སྤྲུག་གི་ཚེ་འདིར་སྐལ་བ་མེད་པ་དང་སྡེ་པའི་ལས་ཚན་ཁྲོལ་ཆ་ཞུ་བ་ཐུན་མོང་མ་ཡིན་པ་ཡིན་ཀྱང་ཅི་སྟེ་དགོངས་པར་འཕོག་ན་འདི་ཕྱི་གཉིས་ཀར་མི་བཏུབ་ཅིང་དུང་དཀར་འོ་མས་གསོས་པ་དེ་དགྲ་ཆུ་སྲིན་འདུལ་གཉེན་གྱི་དཔེ་ལྟར་ཆུང་ངུ་ནས་སྤྱན་རྒྱང་བླ་ན་མེད་པ་གནང་བ་སྐུ་ན་སྨིན་ནས་ཞབས་ཕྱི་འགྲུབ་རེས་བཀའ་གྱེན་བཟློགས་མི་ནུས་ཀྱང་བདག་གི་ཡིད་དང་ལྡན་ཙམ་ཐུགས་རྗེ་ཆེ་ན་ཁྲོལ་ཆ་དགོས་ཚུལ་གྱི་མུར་འདི་ཉིན་ལྷག་པ་ལྷ་མཚམས་ཀྱི་འགྲུབ་སྦྱོར་སྐར་མ་བཟང་བ་བཅས་གནས་གསར་བ་དང་ཆང་ཁྱིམ་པ་གཉིས་བཏང་སྟེ་ལུང་བསྟན་བབས་དང་འབྲེལ་བ་ཙམ་དུ་མ་ཟད་ཟེར་བ་བཞིན་ཆུང་དུས་ནས་གསོས་པ་ལྟ་བུ་ངེད་ན་ཇེ་མཐོར་སླེབས་པའི་ཆོས་འཇིག་རྟེན་གང་ཡང་མི་ལྕོགས་པ་གཞན་བྱེད་ཀྱི་རེ་བ་མེད་པས་ངེད་བློས་གཏོང་ན་ཁྲོལ་ཆ་ཡོད། དེ་མིན་ཁྲོལ་ཆ་མི་ཡོང་ཞིང་སྡེ་པ་བློ་བཟང་སྦྱིན་པས་བརྟག་པ་དགོས་ཚུལ་བྱས་པ་ལས་འདི་འདྲ་ཡང་ཡང་སྟོན་པའི་རྩེད་སྣ་མིན་པ་དང་། ཁྱོད་ལོ་སྔོན་མ་བརྟག་པར་རྩེ་ཐོན་པར་མ་ཟད་རྩ་བ་གསུམ་གྱིས་ལུང་བསྟན་པ་ལས་ལྷག་པའི་བརྟག་པ་དགོས་དོན་ཀྱང་ཅི་ལ་ཡོད། སྡེ་པ་བློ་བཟང་མཐུ་སྟོབས་སྣེའུ་སྡོང་བདག་མོ་དང་བཅས་ངེད་ལའང་གཏམ་ཆ་ངན་པ་མ་བཟོད་པར་ཟུར་བཞུགས་མཛད་རྩིས་རིམ་བརྒྱངས་སོགས་ལ་བརྟེན་རྗེས་འཇོག་མཚམས་ཕྲན་བུ་


GLG007_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སུར་ཡང་བྱེད་གཏད་བཟོས་པ་མེད། ཁྱོད་དེ་ཚོ་དང་མི་འདྲ་བར་མཆོག་དམན་ཐམས་ཅད་ཀྱིས་ངེད་རང་དང་ཁྱད་མེད་ཁྱག་བཀུར་བྱེད་པའི་བཅའ་བསྒྲིགས་ཀྱི་ཡི་གེའང་ཡོད་པས་ངེད་ཞེ་ཐག་པ་ནས་བློས་གཏོང་ན་མ་གཏོགས་ཁུར་འཁུར་གྱི་རྩིས་ལེན་བྱེད་དགོས་པའི་ཚ་ནན་གྱིས་མོལ་བར་ལུགས་ཟུང་ནས་ལན་གྱི་གླེང་མོ་རྒྱས་པར་བྱུང་ཞིང་། སྤྱི་དང་བྱེ་བྲག་གི་རྒྱུ་མཚན་ངེད་ཀྱི་ཡིད་དང་འགལ་བ་སྐྱེ་བ་ཀུན་ཏུ་མི་ཡོང་བའི་སྨོན་པ་བྱེད་ཡོད། བཀའ་དེ་ལྟར་ཡིན་ཚེ་ད་ལམ་དགོངས་པ་ཞུས་ན་འདི་ཕྱི་གཉིས་ཀ་མི་ཡོང་གཤིས་བཀའ་བསྟུན་ཞུ་ཞིང་། ཡུན་ད་ལྟ་ནས་ལོ་གྲངས་མ་ཐུབ་རུང་སླར་འོས་འཚམ་གཞན་བྱུང་ཚེ་ཁྲོལ་ཆ་དང་བྱང་ཆུབ་མ་ཐོབ་བར་དུ་སྐྱབས་འོག་ནས་མི་འདོར་བའི་ཚིག་དང་ལེན་དང་སྨོན་ལམ་ཇི་ལྟར་བཏབ་པ་འགྲུབ་དགོས་ཚུལ་སོགས་དང་དུ་ལེན་ཉན་ཙམ་བྱུང་བ་ཐག་བཅད་དེ་ཀུན་ལ་བསྒྲགས་པ་དྲུང་འཁོར་སྐྱ་སེར་གྲ་ཚང་དང་བཅས་པས་ལེགས་སོའི་ཁ་བཏགས་སོགས་བཏང་འདུག །མངའ་རིས་གྲ་ཚང་པ་རབ་འབྱམས་པ་བློ་བཟང་བཀྲ་ཤིས་ཀྱིས་མཁས་གྲུབ་སངས་རྒྱས་རྒྱ་མཚོའི་འདུས་ཆུང་ལྟ་བའི་སྒྲོན་མེའི་རྒྱུགས་སྤྲད། སྐུ་གཟུགས་ཀྱི་རྟེན་བཞེངས་པར་ཕན་ཡོན་མཐའ་ཀླས་པའི་ནང་ནས། འཕགས་པ་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ལས། ཡང་དག་སངས་རྒྱས་མཆོག་དྲན་པ། །མཁས་པ་རྣམས་ནི་བདེ་བ་ཡིན། །ཐེག་པ་ཆེ་ལ་དད་པ་ཡང་། །དེ་དག་ངན་འགྲོར་འགྲོ་མི་འགྱུར། །ཀུན་ཏུ་དཔའ་བ་དེ་བཞིན་དུ། །སྔོན་གྱི་ལས་ཀྱིས་རབ་བསྐུལ་ནས། །ལས་ནི་ཆུང་ངུ་བྱས་པ་ཡང་། །འབྲས་བུ་མཐའ་ཡས་སྤྱོད་པར་འགྱུར། །


GLG007_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཞིང་གི་ཞིང་མཆོག་ཏུ། །ས་བོན་བཏབ་ན་འབྲས་བུ་ཆེ། །ཇི་ལྟར་ས་བོན་ཉུང་བཏབ་ལས། །འབྲས་བུ་མང་པོར་སྤྱོད་པ་བཞིན། །རྒྱལ་བའི་བསྟན་ལ་དགའ་བྱེད་པ། །མཁས་པ་རྣམས་ནི་བདེ་བར་འགྱུར། །ཞེས་གསུངས་པའི་ཕན་ཡོན་མཐོང་ནས་ཚེས་བཅུ་དྲུག་ལ་སྨན་བླའི་མདོ་ཆོག་དང་མཐུན་པའི་གསེར་ཟངས་ཀྱི་བདེ་གཤེགས་བརྒྱད། སེམས་དཔའ་བཅུ་དྲུག །གནོད་སྦྱིན་སྡེེ་དཔོན་བཅུ་གཉིས། ཕྱོགས་སྐྱོང་ཉི་མ་ཟླ་བ། རྒྱལ་ཆེན་བཞི། ཁྲི་གདན་བཅས་བཞེངས་པའི་སྐུ་རྒྱུ། ཕོགས་གླ་ཡོན་བསྡོམས་འབྲུ་གཤོར་ཁལ་བདུན་སྟོང་དྲུག་བརྒྱ། པོ་ཏ་ལའི་བླ་མ་ལྷ་ཁང་རྟེེན་གཙོ་རྒྱལ་བ་བཙོང་ཁ་པ་ཆེན་པོའི་བཞུགས་ཁང་གསེར་ཟངས་ཀྱི་རྒྱ་ཕིབས་བཅས་པ་དང་། ཆར་ཀའི་མདོས་ཏོག་བཞི་རྣམས་ཀྱི་རྒྱུ་ཕོགས་ཡོན་ལ་འབྲུ་ཁལ་ཆིག་སྟོང་བཅུ་བཞི་རྣམས་སོང་བའི་སྐུར་དགེ་སློང་འཇམ་དབྱངས་གྲགས་པས་རོགས་བྱས་ཏེ་གཟུངས་ཕུལ་ཞིང་རབ་གནས་རྟ་ཐོག་མ་བགྱིས། ཚེས་ཉི་ཤུར་ཉི་ཐང་བླ་གྲས་ཟང་ཟིང་གི་སྐྱེས་དང་བཅས་རིང་འཚོའི་བདེན་བརྗོད་སྨོན་ལམ་མཛད། ཆབ་མདོ་རྗེ་དྲུང་སྐུ་སྐྱེ། ལྕམ་ནོར་བུ་ཁྲ་སྐོར། བཀྲ་ཤིས་རབ་བརྟན་མཁན་པོ། སྒར་གྲ་ཚང་དཔོན་སློབ། དགའ་ལྡན་ཚེ་དབང་དཔལ་བཟང་འཁོར་བཅས། གསར་འབྱོར་དཀའ་བཅུ་ངག་དབང་ལེགས་བཤད་རྣམས་ལ་ཇ་གྲལ། བརྟག་པ་བྱས་པའི་ངེད་རང་གི་གེགས་སེལ་དུ་གཞིས་རྩེར་མྱུག་ཆོས་འཁོར་གླིང་པ་དང་གངས་ཅན་ཆོས་འཕེལ་བ། ལྷ་རྩེར་དགའ་ལྡན་འོག་མིན་གླིང་པ། རིན་སྤུངས་


GLG007_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྱམས་ཆེན་པ་དང་ངེས་གསང་རྡོར་གླིང་པ། ཇོ་རྫོང་དུ་སྒར་གྲ་ཚང་པ། གཡུལ་རྒྱལ་ལྷུན་རྩེར་སྡེ་དྲུག་སྤྱི་བསྡུས། དོ་རྫོང་དུ་དོན་གཉིས་གླིང་པ། པ་ནམ་དུ་མཚན་སྒྲོག་པ་བཅས་པས་བཀའ་འགྱུར་བརྒྱ་དང་གཉིས། སྒྲོལ་མ་དྲུག་ཁྲི་བདུན་སྟོང་དོན་ལྔ། ཤེར་སྙིང་བདུན་ཁྲི་ཆིག་སྟོང་དགུ་བརྒྱ་བདུན་ཅུ། ཚེ་གཟུངས་ཉིས་འབུམ་ཉི་ཁྲི་བཞི་སྟོང་ལྔ་བརྒྱ། གདུགས་དཀར་ཆིག་ཁྲི་ཉིས་སྟོང་བཞི་བཅུ། ཐང་ཆེན་ཆོས་སྐྱོང་། སྲོང་བཙན་མ་ནིང་། རྩེ་སྨན་མ་གསུམ་ལ་སྙན་ཤལ། གསོལ་མཆོད་ཉིན་གང་མ། ཡང་རྫོང་། བསམ་ཡས། མཆིམས་ཕུ། གོང་པོ་རི། ཁྲ་འབྲུག །ཤེལ་བྲག །ཡུམ་བུ་རྣམས་སུ་དར་ལྕོག་བརྒྱ་རེ། བསྟན་སྲིད་ལ་རྒྱའི་གེགས་སེལ་ལ་འཕྲུལ་སྣང་དུ་རྡོ་རྗེ་བྲག་པས་མགོན་པོ་གཡུལ་བཟློག །པོ་ཏ་ལ་ཞོལ་དུ་ཚེ་ཆུ་སྒྲུབ་སྡེ་བས་ལྷ་འདྲེ་སྟོང་དྲ་རྣམས་སྨིན་རྒྱས། ཛ་ཡ་པཎྜི་ཏ་ཁུ་ཐུག་ཐུའི་ཐམ་ཕུད་འབུལ་རྒྱུའི་ཁ་བྱང་། སྡེ་པ་བློ་བཟང་མཐུ་སྟོབས་ཀྱིས་བཀའ་འགྱུར་བཞེངས་པའི་དཀར་ཆག་དད་པའི་གསོས་སྨན། དཀར་བྲག་པ་ངག་དབང་བྱམས་པས་གྲ་ཚང་དུ་གོས་ཡོལ་ཕུལ་བའི་ཁ་བྱང་། བལ་པོ་པི་ལ་ཇུས་དཔལ་འཁོར་ཆོས་སྡེར་སྨན་བླའི་སྐུ་སོགས་རྟེན་མཆོད་ཕུལ་བའི་དེབ་ཐེར་འགོ་བརྗོད། དཔལ་གྲོང་སྔགས་རམས་པའི་ངོར་བཀའ་གདམས་གླེགས་བམ་སོགས་དང་བསྟུན་འཁྲུངས་རབས་རིན་ཆེན་ཕྲེང་མཛེས། ཟུར་ཁང་པས་ཨྱོན་རྣམ་ཐར་དང་པཎ་ཆེན་དགེ་འདུན་གྲུབ་པའི་འཁྲུངས་རབས་གྲ་ཚར་བཞེངས་པ། བི་ལིག་རབ་འབྱམས་པའི་འདོད་བསྟུན་རིང་འཚོ། སྡེ་པ་སངས་རྒྱས་རྒྱ་མཚོ་ངེད་རང་


GLG007_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཁུར་མ་ལྕོགས་པར་ཁྲི་འཁོད་ཅིག་དགོས་པ་དང་ལྷག་ཏུ་ད་ཆ་ན་ཚོད་མཐོ་གཤིས་ལུགས་གཉིས་ཀྱི་བྱེད་པོར་སྡེ་པ་སྔ་མ་རྣམས་དང་ཡང་མི་འདྲ་ཞིང་ངེད་རང་གིས་གང་བྱས་དང་འདྲ་བའི་བཅའ་ཡིག་ཆོས་སྲིད་དམ་ཅན་རྒྱ་མཚོར་གཉེར་གཏད་དང་བཅས་པ་བྲིས་པ་ནས་གཅིག་སུམ་སྐས་འགོར་བྲིས་པར་ལག་གཉིས་རྗེས་ཀྱི་རྟགས་གསལ་བར་སྤྲས། སྡེ་པ་བློ་བཟང་སྦྱིན་པ་ཟུར་བཞུགས་ཀྱི་དགའ་ལྡན་ཁང་གསར་དུ་བྱོན། སངས་རྒྱས་རྒྱ་མཚོས་ཟུར་པ་སྔོན་མ་ལས་ཐུགས་བསམ་དང་བཀའ་ལ་འཁྲི་བ་སོགས་གང་ཅི་ནས་སྐལ་བ་སྤམས་མཐོ་བ་དགོས་ཚུལ་དང་། གཞན་འདྲས་མཆོད་དཔོན་གྱི་ལས་ཚན་རྒྱུན་རིང་ཞིང་རིན་ཆེན་རྒྱན་ཆ་དང་ཚེས་བཅུའི་ཆས་སོགས་སྣ་བོའི་ལུགས་བཟང་འཛིན་པར་བརྩོན་པ་དང་ཁྲིའི་བྱ་བའང་འདབ་ཐུབ་པ་དེ་རྩིས་ཀྱིས་འཐུས་སོགས་གླེང་གཞི་སྣ་ཚོགས་བྱུང་རུང་ངེད་རང་གིས་སྔོན་མ་ལས་ཅུང་ཟད་ངོ་མཐོའི་རྩིས་ཕྱེ་གསལ་སྤྲད་པར་དེ་བཞིན་གཤེགས་པའི་འཕེལ་གདུང་གི་ཕུང་པོ་དངུལ་གྱི་མཆོད་རྟེན་དང་བཅས་པ། རྒྱལ་བ་ཟས་གཙང་སྲས་པོའི་སྐུ་ལི་དམར་དབུས་ལྷ་ཁྲི་འོད་ཀོར་དང་བཅས་པས་གཙོས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་ཐོས་ཆོས་སྐྱོང་གི་སྐུ་ལི་མ་གསར་རྙིང་རག་འདྲེས་པ་གོ་དྲུག །ཀླུ་འཇིམ་གྱི་གསུམ། སྨན་འདམ་གྱི་གཉིས། གསེར་གྱི་གཉིས། རྣམ་རྒྱལ་མཆོད་རྟེན། བྱང་ཆུབ་ཤིང་ལོར་སངས་རྒྱས་ཀྱི་སྐུ་བྲིས་པ། རྒྱ་ཅན་གྱི་ཐང་གྲངས་བཅུ་གསུམ། མཛད་བརྒྱ་དང་གྲུབ་ཐོབ་བརྒྱད་ཅུར་ཉེར་དགུ་རེ། གནས་བཅུར་ཉེར་གསུམ། འཁྲུངས་རབས་གངས་ཅན་ལྷ་གཅིག་མ་དང་སྨན་བླ་བདེ་གཤེགས་བརྒྱད་ཀྱི་གསེར་ཐང་བཅོ་ལྔ། སྔགས་ཐང་


GLG007_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ནག་ཚོན་རྫོགས་མ་དགུ །གནས་བཅུ་འདྲ་ལྕོག་ལ་ཉེར་གསུམ། བཀའ་གདམས་བུ་ཆོས་ཞིང་བཀོད་ལ་བདུན། སངས་རྒྱས་སྟོང་སྐུར་བདུན། རྗེ་བཙུན་བཙོང་ཁ་པ། ཇོ་བོ་ཨ་ཏི་ཤ །ངེད་རང་གི་འདྲ་འབག་རེ། སངས་རྒྱས་སོ་ལྔའི་གསེར་ཐང་ལ་དགུ་སྟེ་ཁྱོན་ཆིག་བརྒྱ་རེ་བདུན། གོང་གཤམ་གོས་བཟང་བསྒྲིག་ཞལ་ཁེབས་རྒྱབ་ཤ་དངུལ་རག་ཙནྡན་སོགས་ཀྱི་ཏོག་སྣ་ཚོགས་སྤུས་ལེགས་ཆ་འགྲིག །སྨན་བླ་བདེ་གཤེགས་བརྒྱད། ཀླུ་དབང་གི་རྒྱལ་པོ་དང་བཅས་པ། གོས་བཟང་སྒྲིགས་ཀྱི་གོས་ཐང་ལེགས་པ། མཆོད་ཆས་སྐོར་ལ་གཡང་ཀྲི་དང་མ་ན་ཧོ་ར་ཤེལ་སོགས་ཀྱི་དཔྱད་པ་ཆེ་ཆུང་འདྲེས་པ་བཅོ་ལྔ། ཟངས་ཚ་གསེར་གྱི་མེ་དམ་ཆ། དཀར་དམ་ཆ། རག་གི་མན་ཇི་ཆེ་ཆུང་གསུམ། རྒྱ་ཏིང་ཆེ་ཆུང་བདུན་ཚར་བཞི། དངུལ་ཏིང་བདུན། མེ་ཤེལ་ཧྲིལ་མོ་ཆེ་ཆུང་བཅུ་བདུན། དཀར་ཡོལ་ལྗང་ཁྲ། དཀར་སྟེགས། དངུལ་སྡེར། གཡང་ཊི་དྭངས་ཤེལ་གྱིས་མཐོངས་བྱས་པའི་མཆོད་ཡོལ། དངུལ་སེང་རག་སྟེགས་མ། དངུལ་གྱི་ཐ་ཕག །བྱ་མ་བུམ་ཤིང་ལོ་མ། རག་ཚ་གསེར་གྱི་པད་སྤུངས། དངུལ་གྱི་སྤོས་ཁྲ། སྤོས་གཞོང་རྣམས་རེ། བྱུ་རུའི་རྒྱ་ལག་སྟེགས་བཅས་བཞི། མེ་ལོང་ཆེ་ཆུང་གཉིས། རྒྱ་བྱ་ཚ་གསེར་མ་གཉིས། རག་ཀོང་བཞི། གཏོར་ཆ་ལྔ་ཚར་གསུམ། ཡས་འགུ་མས་འགུ། ཏིང་ཤགས་གཉིས། བདེ་ཆེན་ཆོས་འཁོར་བའི་ཧོར་སྦུག་གིས་གཙོས་ཤུབས་ལྡན་གསུམ། སིལ་སྙན་གསུམ། དྲིལ་བུ་རྡོར་བཅས་ཤུབས་ལྡན་གསུམ། དུང་ཆེན་དང་རྒྱ་གླིང་ཆ་རེ། ལྡིང་སྤོས་གཉིས། གསེར་བཙོ་


GLG007_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཞོ་ལྔ་བཅུ། གྲང་གསེར་ཞོ་བརྒྱ་ཐམ་པ། གསེར་ཞོ་ཆིག་སྟོང་ཉིས་བརྒྱ་དྲུག་ཅུ། དངུལ་སྲང་ཉིས་སྟོང་ལྔ་བརྒྱ། ཁ་བཏགས་ཉིན་བདེ་ནན་ཆིང་ནག་ཁྲ་སོགས་ལེགས་པ་སུམ་བརྒྱ་བཅུ་གསུམ། རྟེན་ཁེབས་ཆེ་ཆུང་ཉི་ཤུ། སྨན་ཙེ་བར་རྙིང་འདྲེས་པ་ཡུག་ཕྱེད་ཉིས་བརྒྱ། དིང་ཕོན་མ་ཎི་མའི་བླ་བྲེ། དིང་ཕོན་གཞི་མཆིན་གྱི་རྟ་ཁེབས། དིང་ཕོན་སྣ་རྫར་ཅན་ཆེ་ལེགས་གཉིས། སྣ་རྫར་མེད་པ་གཅིག །ཧོར་གོས་བུམ་གདན་མ་གཉིས། བུམ་གདན་དཀྱུས་གྲས་ལྔ། སྣེའུ་སྡོང་རྩེའི་ཁ་ཐིའི་ཡོལ་བ་ལེགས་པ་ཐེ་བའི་ཉི་ཤུ་རྩ་བདུན། བཟང་གོས་ཀྱི་བླ་བྲེ་ལྔ། དར་ལིང་འདྲེས་པ་ཡུག་ཆིག་བརྒྱ་བདུན་ཅུ། གོས་ཁ་ཐི་རྙིང་མ། ཐོན་ཐི། ཅོད་ལྡན། ལོག་ཐང་བཅས་ཁྱོན་ཆིག་བརྒྱ་ང་དྲུག །ཀོང་རྣ་ཨ་ཙར་སྦ་རིལ་པད་འདབ་དང་བཅས་པ། སྤུར་ལེན་སུམ་སྒྲོགས། གཡུ་རྡོག་གཅིག །བྱུ་རུའི་བརྒྱ་ཕྲེང་དཔུས་ལེགས་གཅིག་ཐེ་བའི་ཤལ་པ་དྲུག །སྦུར་ལེན་གྱི་ཤལ་པ་གཅིག །མུ་ཏིག་གི་ཕྲེང་བ། དཔྲལ་གཡུ། གསེར་མདོང་དང་དངུལ་མདོང་ཆ་རེ། མཆོད་ཀོང་ཆིག་བརྒྱ་ཉེར་གཅིག །གོས་ཕན་སྣ་ཚོགས་ཞེ་བཞི། ཐོད་ཌཱཾ། དངུལ་གྱི་ནང་མཆོད་ཀ་པཱ་ལ། སྤོས་མདོང་། སྒར་སྦུག་བརྒྱད། ཙེ་བེར་བཞི། གོས་ཆེན་གྱི་ཙག་པ་བཅུ། སྟོད་འགག་བཅོ་བརྒྱད། པགས་རིགས་དང་སྣམ་བུ་འདྲེས་པའི་སྦྱར་མ་བཅུ། གཟན་ཕྱ་རུ་མ་གཉིས། ལྷམ་བཅོ་ལྔ། གཟན་ཕྲུག་ཆེན་བཅུ། གོས་གདན་ཁ་གང་མ་དང་གོས་འཇག་འདྲེས་པ་ཉེར་བདུན། དཀྱུས་གདན་བཅུ་གཉིས། སྟན་


GLG007_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དམར་བརྒྱད། རས་ཐེར་གྱི་རྐྱོང་གདན་སྣ་ཚོགས་དྲུག་ཅུ། འབོལ་གཅིག །སྙེ་འབོལ་གསུམ། ས་གདན་ཉེར་གསུམ། ཁ་གདན་གཉིས། སྟག་གཟིག་གདན་དང་གྲུམ་འཇག་སོ་སོ་ནས་བཅུ་རེ། ཁྲི་གྲུམ། ལོ་གྲུམ། དཀྱུས་གྲུམ་གྲུམ་ཡུག་སོགས་བསྡོམས་པ་གྱ་དྲུག །བན་ཁེབས་པ་རི་བརྒྱད། འབོག་ཅོ་གསུམ། དྭགས་སླེ་བརྒྱད། འོག་འཇུག་གཉིས། སྣམ་སྟོད་བཅུ། གོས་སྣ་ཐིག་གཉིས་དང་སྔོན་པོ་གཅིག །མོ་ལྷམ་ཉེར་གཅིག །དངུལ་ཚ་གསེར་དང་གཡང་ཊིའི་ཕ་གུ་བྱས་པའི་སྐ་རགས་སྨྱུག་ཤུབས་ཚགས་མ་དང་བཅས་པ་གཉིས། ཧུ་ཇ་ཁོར་དྲུག་མ་ང་དྲུག །ནག་པོ་ཁོར་དྲུག་སུམ་ཅུ། ཡ་ཇུ་ཁོར་དྲུག་ཆིག་བརྒྱ་དྲུག་ཅུ། ཤ་ཤན་དང་འུ་ཟི་ཁོར་དྲུག་ཆིག་བརྒྱ་སོ་གསུམ། ཟི་ལིང་སྤུ་ཇ་ཀོ་དྲ་དགུ །ཏཱ་ཚཱ་ཀོ་དྲ་སོ་བཞི། སན་ཚཱ་ཀོ་དྲ་སོ་གསུམ། སྣམ་བུ་དཀར་སེར་དམར་ལྗང་སྔོ་བ་དཔུས་སྣ་ཚོགས་འདོམ་ཆིག་ཁྲི། ཕྱིང་དཀར་དོས་བཅུ། སྦོམ་ཚར་ཁོམ་དོ། དྭགས་ཤོག །རབ་བརྟན་གན་ཤོག །ལྷོ་ཤོག་སུམ་གཤོར་གྱི་བཅུ་དེབ་ཆིག་སྟོང་། བལ་ཁྱེམ་བཞི་བརྒྱ་བཞི་བཅུ། གཤོལ་ལྕགས་ལྔ་བརྒྱ་སོ་བདུན། ཟམ་སོ། སྤུ་ཁ། དྲིལ། སྤེན་ཏོག །ལྷོ་རས། ཅབ་རས་བཅས་ཡུག་ཉིས་སྟོང་དགུ་བརྒྱ་བཞི་བཅུ། འབྲས་ལྟང་བརྒྱ། རྒུན་ལྟང་བཅུ་དྲུག །སྤོས་དཀར་ལྟང་ཙེ་དགུ། གུ་གུལ་ལྟང་ཙེ་བརྒྱད། སྟོད་ཇ་ལྟང་ཙེ་བཅུ་གཉིས། བྱེ་ཀར་ལྟང་ཙེ་བཞི། བུར་ལྟང་ཆིག་བརྒྱ་སུམ་ཅུ། རམས་ལྟང་བརྒྱད། མཚལ་


GLG007_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་སྤང་མ་བ་བླ་ལྡོང་རོས་ལི་ཁྲི་སོགས་ཚོན་རྐྱལ་བཅོ་ལྔ། སྲ་རྩི་བན་གང་། ཙན་དན་དཀར་དམར་རྡུམ་བཞི། ཨ་ཀ་རུ་རྡུམ་ཉེར་བརྒྱད། བཟང་དྲུག་སོགས་སྨན་སྣ་ཚོགས་ཀྲོང་ཙེ་དོ། ཁྲོག་སྨན་རྐྱལ་དོས་བརྒྱད། གོས་ཆེན་གྱི་གསོལ་གདན་གསུམ། དཀྱུས་མ་རེ་ལྔ། ཟོ་ལག་བཞི། སྡེར་མ་དྲུག་བརྒྱ་དོན་གཉིས། རག་འགག་རེ་བདུན། དམར་བཙོད་འདེགས་ཁལ་ཆིག་སྟོང་བརྒྱད་བརྒྱ་ཉེར་བདུན། ཞུ་མཁན་བརྒྱད་བརྒྱ། ཚྭ་ཁལ་ཆིག་སྟོང་། བུལ་ཁལ་བརྒྱ། རྒྱ་ཚོས་སྒྱེ་དོས་ཉི་ཤུ། མེ་མདའ་སྤུས་ལེགས་ཅམ་བཅུ། ཨོད་མ། མཚལ་ཕུག །མདུང་། རྟ་གོ་ཆ་འགྲིག །སག་ཐག་མདའ་གཞུ་ཆ་འགྲིག །གསོལ་གོ་ལེགས་པ་ཆ་འགྲིག །འཁོར་གསུམ་ཆ་འགྲིག །ཁྲབ་རྨོག་ཆ་འགྲིག་སུམ་ཅུ། གུར་ཆེ་བ་ཡོལ་སྒོར་དང་བཅས་པ་གཉིས། གཡབས་ཡོལ་སྒོར་དང་བཅས་པ། དཀྱུས་གུར་དཀར་ནག་དྲུག །གཡབས་བཅུ་གཅིག །ཕྱིང་གུར་གཉིས་རྣམས་ཐག་བཅའ་ཆ་འགྲིག །མེ་སླང་། སཾ་ཊ་བཅུ་གསུམ། སྒམ་ཆེ་ཆུང་སོ་དྲུག །ཀྲོང་ཙེ་བརྒྱད། སྟག་གཟིག་གི་པགས་པའི་ཁོམ་འབོག་དྲུག་དང་དཀྱུས་མ་ཉེར་གཅིག །གསར་ཆས་གཉིས་ཀྱིས་གཙོས། གསེར་དངུལ་ར་མ་ལུག་གི་སྒ་ཆ་ཚང་སོ་ལྔ། སྒ་དམར་ཆ་ལག་ཚང་འགྲིག་ཉེར་གསུམ། ཇ་ལང་ཇང་ཀིའི་ནོར་བུ་ཁྱུང་སྔོན་དང་བོན་གྲོང་བཀྲ་ཤིས་གྲོ་དམར་གྱིས་ཐོག་དྲངས་རྟ་སོ་གཅིག །དྲེའུ་དྲུག་ཅུ་སྒ་གདན་དཀར་བརྩེགས་དང་བཅས་པ། ཚོང་ཁག་


GLG007_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གི་གཡབས། དར་ལྕོག །ཐབ་ཆས་གདངས་ཐག་ཆ་འགྲིག །རྒྱ་ཀྲོང་ཆེ་བ་སྟིམ་སག་གི་རྒྱན་ཡོད་ཆ། འཐུད་གྲི། ཁ་ཤའི་ཇ་ཁུག །མཁའ་རུ་གཤོར་འབོ་བྲེ་བཅས་ལྕགས་ཤན་མ། མཁའ་རུའི་རྒྱ་ཉག་རྡོ་བཅས། ཟངས་རྐྱན་ཆ། ཚྭ་སྣུམ་གཏོང་བའི་སྐྱོགས་ཟངས་མགོ །གསེར་མགོ །ལྕགས་མགོ །ར་ཁ་གཉིས། རྐྱལ་པ་བརྒྱད། སྣུམ་བན་གསུམ། གསོལ་ཕོར་སྤག་ཕོར་བསྡོམས་གྱ་གསུམ། བསེ་ཋོ་ར་ལེགས་པ་ཉི་ཤུ། ཁྲོ་ཟངས་བསྡོམས་པ་ང་བཞི། ཞལ་དཀར་སྒབ་ཤུབས་དང་བཅས་ལེགས་པ། ཟངས་ཁལ་ཆིག་བརྒྱ་བརྒྱད་ཅུ། རྫོང་སྣེའུ་སྡོང་རྩེ། གཞིས་ལྷོ་གུང་རྒྱལ། ལྷ་གསོལ། སྙོན་རུག །དོགས་པ་བཀྲས་ཆེན་སོགས་མ་ལགས་བཅས་པའི་ཁང་པ། ཡོལ་བ། ཆུ་ཁེབས། སྐུ་གསུང་ཐུགས་རྟེན། ཐབ་གདན་བཅས། འདྲེན་དཔྱད། དཀར་དཔྱད། དྲག་ཆས། གཉེར་ཆས། གཞིས་ཕྱུགས། གཞིས་ལུག་སོགས་བདག་ཐོབ་འཛིན་ཐེབས་ཆ་འགྲིག་རང་འཇགས་ཐོག་བཀའ་རྒྱ་བཀར་སྐྱིན་བཅས་པའི་འབྲུ་ཁལ་ཆིག་ཁྲི་བཞི་སྟོང་ཆིག་བརྒྱ་རེ་གཅིག །རུ་ཁག་གཉིས། ལུག་ཁག་གཉིས། རྫོང་གཞིས་གོང་གསལ་རྣམས་ཀྱི་རྩྭ་ཆུ་ཤིང་གསུམ་དབང་རིགས་འཛིན་བདག །གཞིས་ཤས་ཀྱི་ཡོང་སྒོ། མི་སེར་གྱི་འབབ་འཕེལ་འགྲིབ་བཅས་ཁྱོན་གཅིག་ཏུ་བསྡོམས་འབྲུ་རྐྱང་ཐོག་ཤ་མར་དཔུས་ཆར་གོང་བརྒྱབ་པར་འབྲུ་མཁར་ཁལ་སུམ་ཁྲི་དྲུག་སྟོང་དྲུག་བརྒྱ་གོ་དྲུག །གཟན་ཤིང་བསྡོམས་རྒྱ་མ་བདུན་ཁྲི་བདུན་སྟོང་སུམ་བརྒྱ་


GLG007_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཅུ། མི་སེར་བོད་པ་རྐང་གི་ཟུར་ཆ་ཡན་ཐེམ་འཛིན་དགུ་བརྒྱ་ཉེར་གསུམ། དུད་ཆུང་རྡོ་ཐབ་ཡན་ཆིག་བརྒྱ་གྱ་བཞི། འབྲོག་རིགས་སྦྲ་དུད་ལྔ་བཅུ་དང་བཅས་ཐུགས་འདོད་རྫོགས་པར་བཀང་། ཉེར་བཞིར་རྡོ་རྗེ་བྲག་གི་གཡུལ་བཟློག་གཏོང་མི་དབུ་མཛད་ངག་དབང་བློ་གསལ་གྲ་བཅས། ཆོས་རྗེ་ཁྲ་ཚང་པ་དང་ཕྲད། ཉེར་བརྒྱད་ལ་ཞབས་དྲུང་ནོར་བུ་ཁྲ་སྒོར་ཐེགས་པར་མདུད་པ་ཇ་གོས་དར་སོགས་ཀྱི་སྐྱེས་ལན་རྒྱས་པར་དབུལ་ཞིང་བཀའ་བསྒོ། ཨ་མདོ་བ་སུམ་ཅུ་སྐོར་ལ་མེ་ཏོག་གཏོར། དགའ་ལྡན་ཚེ་དབང་དཔལ་བཟང་མངའ་རིས་ཕྱོགས་སུ་སྔ་སོར་དགེ་ལུགས་དར་རྒྱས་ཆེ་བ་དེ་བཞིན་ཡིན་ཀྱང་བར་དུ་རང་ཕྱོགས་ཀྱི་བླ་མ་རེ་གཉིས་ཀྱིས་མ་འཕེར་བར་བརྟེན་དིང་སང་ཞྭ་སེར་པོའི་བསྟན་པ་ཤིན་ཏུ་ཉམ་དམའ་བར་ཕན་ཆ་ཞིག་ཨེ་ཡོད་རེ་བས་དམག་ལ་འགྲོ་བའི་རྒྱུ་མཚན་ཟེར་ཡང་འདི་རིགས་ལྷུས་ཐིངས་མ་བྱས་པར་སྟབས་འགྲོས་མི་འགབ་ཚུལ་ནན་ཆགས་འདི་ག་ནས་ལབས་པ་དང་མཐུན་པར་སྡེ་པ་བློ་བཟང་སྦྱིན་པ་དང་སྟག་སྟར་སོགས་ཀྱིས་ཤོལ་བཏབ་ཀྱང་ངེད་ཆོས་མ་བྱུང་ཕྱིན་བླ་མའི་གསོལ་རས་ཟ་ཡིན་བསྡད་པར་དགོས་པ་མི་འདུག་པས་བསྟན་པའི་ཞབས་ཏོག་བསྒྲུབ་རྩིས་ཀྱིས་མངའ་རིས་སུ་འགྲོ་བར་ཤོལ་མ་ཐེབས་གཤིས་སྡེ་པས་མཐུན་རྐྱེན་སྤེལ་ཏེ་རྫོང་བདའ། བི་ལིག་ཐུའི་འདོད་པ་ལྟར་རིང་འཚོའི་ཚིགས་བཅད་ཀྱི་ལུངས་བཀླགས། མདུད་པ་བྱིན་རྟེན་སོགས་དང་བཅས་གནམ་གང་ལ་ཐོན། ཁྲི་འདོན་གྱི་གེགས་སེལ་ལ་ཁྱམས་རར་བདེ་ཡངས་པས་འབུམ་བཅུ། བསྐལ་བཟང་ལྔ། རྒྱ་རོལ་གསུམ། ཕལ་ཆེན་ལྔ།


GLG007_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་འོད། གཟུངས་འདུས་ནས་བཀྲ་ཤིས་བརྩེགས་པ། ཕྱོགས་བཅུ་མུན་སེལ། གཟའ་ཡུམ། མཚན་བརྗོད། གནམ་ས་སྣང་བརྒྱད། ཉེས་པ་ཀུན་སེལ། རྨ་བྱ་ཆེན་མོ། གཙུག་ཏོར། རྣམ་འཇོམས། དག་པ་གསེར་གྱི་མདོ་ཏིག །སྡོང་རྒྱན། རྒྱལ་མཚན་རྩེ་མོ། སྟོབས་པོ་ཆེ་རྣམས་སོ་སོར་བརྒྱ་ཚར། གདུགས་དཀར་ཆིག་སྟོང་ཆིག་བརྒྱ་སོ་དྲུག །ཤེར་སྙིང་བཞི་སྟོང་ཆིག་བརྒྱ་སོ་བརྒྱད། སེར་འབྲས་གཉིས་སུ་ཇ་ཚུལ་ཐོག་གདུགས་དཀར་དང་ཤེར་སྙིང་། དགའ་ལྡན་དུ་སྒྲོལ་མ་དང་ཚེ་གཟུངས། བརྟག་རིམ་དུ། བཀའ་འགྱུར་བཅུ་བདུན། འབུམ་ཚར་གཉིས། ཉི་ཁྲི་གསུམ། བརྒྱད་སྟོང་པ་ལྔ། བསྐལ་བཟང་བདུན། གདུགས་དཀར་དྲུག་སྟོང་བརྒྱད་བརྒྱ། ཤེར་སྙིང་ཉི་ཁྲི་སུམ་སྟོང་དགུ་བརྒྱ་བཞི་བཅུ། སྒྲོལ་མ་སུམ་ཁྲི་བཞི་སྟོང་ཉིས་བརྒྱ། རྒྱལ་དུ་དམག་ཟོར་མར་བསྐང་པ་ཁྲི། བེག་ཙེར་སྟོང་། གཞན་རྣམས་ལ་བརྒྱ་ཚར། སྙན་ཤལ་གཏོར་གསོས་དང་བཅས་པ། ལ་མོ་དང་བསམ་ཡས་ཆོས་སྐྱོང་གིས་ཁྲི་འདོན་གེགས་སེལ་ལ་བདེ་ཡངས་པས་ལྷ་སར་སྟོབས་པོ་ཆེ། བཀྲ་ཤིས་བརྩེགས་པ། གཙུག་གཏོར་དཀར་ནག་རྣམས་བཅོ་ལྔ་རེ། བཀའ་འགྱུར་གསུམ། དཀོན་གཉེར་བས་གདུགས་དཀར་མདོས་ཆེན། ཁྲ་འབྲུག་ཆོས་སྐྱོང་གིས་ཁྲི་འཁོད་རིམ་གྲོར་དཔལ་ལྷའི་དབུ་ཐོག་ཏུ་རྒྱལ་མཚན་ལེགས་པ། སེར་འབྲས་སུ་སྤོང་དག་གྲ་པ་གསུམ་རེར་གསེར་ཞོ་རེའི་རྩིས་དང་ཇ་སྦྱོར་སྦྲེལ། སྲོག་བླུ་ལྔ་བཅུ།


GLG007_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཁང་། གནས་ཆུང་། སེ་ར་སྤྱི་སོ་རྣམས་སུ་བསྐང་གསོ་ཉིན་ཐུབ་སྙན་དར་དང་བཅས་པ། ཧོར་ཟླ་དྲུག་པའི་ཚེས་གཅིག་ལ་རྟ་ར་ཀླུ་གོང་གི་བུ་ནོར་བུ་བཟང་པོས་དགོས་ཚུལ་ལྟར་ཁྲབ་རྨོག་ཆ་འགྲིག་སྙན་དར་སོགས་བསྲིངས། གྲོམ་པ་རྒྱང་གི་ལྷ་ཁང་བདུན་པོར་མཆོད་མེ་སྡོང་རྐང་རེ་ཉིན་ཁྱོངས་ལྷ་རྩེ་དང་ཕུན་གླིང་གཉེར་ཚང་ནས་ཕྱེད་ཁྱེར་གཏོང་བ་ཇི་སྲིད་བར་རྒྱུན་བཙུགས། ཚེས་གཉིས་ལ་སྡེ་པ་སངས་རྒྱས་རྒྱ་མཚོར་ཚེ་དཔག་མེད་འཆི་མེད་དཔལ་སྟེར། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཐུན་མོང་མ་ཡིན་པ། རྟ་མགྲིན་སྐྱེར་སྒང་ལུགས་རྣམས་ཀྱི་དབང་དང་རྗེས་གནང་བསྐུར། ལྷ་འདྲེ་སྟོང་དྲ་གཏོང་མི་ངེས་གསང་རྡོར་གླིང་པ་གྲ་བཅས། སྡེ་པ་བཀྲ་ཤིས། ཚེ་དབང་རབ་བརྟན། རྣམ་གྲོལ་བསམ་གྲུབ། དར་རྒྱས་སོགས་ལས་ཚན་བྱེད་མིར་ཇ་གྲལ། མཚོ་སྣ་གདོང་པས་དངུལ་གྱི་དོང་རྩེ་གསེར་གཙོ་གྱུར་གྱི་ཡོད་དགུའི་བདོག་པ་དང་བཅས་གྲ་ཚང་གི་གྲ་པ་བཅུས་ཚིགས་བཅད་ཤིས་བརྗོད་གྱིས་མཐའ་བརྟེན། བསྟན་འཛིན་ད་ལའི་རྒྱལ་པོ། ཨུལ་ཇོའི་ཐུ་པཱ་ཐུར་ཐའི་ཇི། བློ་བཟང་མགོན་པོ་རབ་བརྟན་སོགས་འདམ་ནས་བྱོན་པ་དང་མཇལ། ཚེས་ལྔ་ཕྱི་མར་སྡེ་པའི་ཐམ་ཕུད་ཇོ་ཤཱཀ །ལོ་ཀེ་ཤྭ་ར། དམག་ཟོར་མ། དཔལ་ལྷ། མཁའ་འགྲོ་རྣམ་ལྔ་སྤྱི། ཐང་ལྷ། རྒྱལ་རི་མཐིལ་གྱི་ལྷ་ཚོགས་རྣམས་ལ་འབུལ་བའི་སྙན་ཤལ་ཁ་བྱང་། རྣམ་གླིང་པཎ་ཆེན་གྱི་རིང་འཚོ་དང་འབྲེལ་པའི་གྲལ་འཕྲོས་རྩ་ཚིག །མེས་པོའི་ཞལ་ལུང་ཁ་སྐོང་གི་པར་བྱང་། གསང་ནེའུ་ཐོག་སྤྱི་ཚོགས་ནས་


GLG007_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་མ་མཛད་པའི་སྡེ་པ་སངས་རྒྱས་རྒྱ་མཚོའི་བརྟན་བཞུགས་རྣམས་བརྩམས། རྩིས་རིགས་སྨྲ་བའི་ཡང་རྩེ་བླ་མཁྱེན་ངག་དབང་གིས་ཞིབ་རྩིས་བྱས་པ་ཚེས་ལྔ་ཉིས་བརྩེགས་ཀྱི་ཚེས་དྲུག་གི་ཉིན་ནམ་ལངས་ནས་ཆུ་ཚོད་བཅུ་གསུམ་རྫོགས་པ་ཉི་ཕྱེད་སྔ་ཆ་ཚེས་བཟང་པོ། དབྱངས་ཨི། གསལ་བྱེད་མ། རེས་གཟའ་པ་བ་སངས་དར་བ། ཉིན་སྟོབས་ཆེ་བ། སྐར་མ་དབོ། འཕྲོད་མདུང་། སྦྱོར་བ་ཡོངས་བསྣུན། བྱེད་པ་ཁྱིམ་སྐྱེས། རྟེན་འབྲེལ་སྐྱེ་མཆེད། ཉི་མ་སྟག །སྤར་ཁ་ལི། སྨེ་བ་གཅིག་དཀར། ཟླ་བའི་སྙིགས་མ་དང་། དུས་སྦྱོར་བྱེད་པ་སོགས་མདོར་ན་གཙུགས་ལག་དཀར་ནག་དབྱངས་འཆར་ནས་གསུངས་པའི་སྤྱི་སྒོས་ཚང་མ་སྒོ་བསྟུན་ཏེ་དུས་ཤིན་ཏུ་དགེ་བར་ཕུན་སུམ་ཚོགས་ཤིང་བཀྲ་ཤིས་པའི་ཉིན་གཙུག་ལག་ལུགས་བརྒྱའི་འདུན་ས་གནམ་སྐོས་ཀྱི་ཕོ་བྲང་ཆེན་པོ་གནམ་གཏད་ཀྱི་གཙུག་ཏོར་ནོར་བུའི་མེ་ལོང་གིས་བཏེག་པའི་འཇིགས་མེད་སེང་གེའི་ཁྲི་ཡངས་པོར་འཁོར་ལོས་སྒྱུར་བའི་རྒྱལ་ཐབས་ཆེན་པོའི་ལུགས་གཉིས་ཀྱི་བྱེད་པ་པོ་གནམ་སའི་དབང་ཕྱུག་ཏུ་ས་སྐྱོང་སངས་རྒྱས་རྒྱ་མཚོ་བཀྲ་ཤིས་པའི་དགེ་མཚན་དུ་མས་དབང་བསྐུར་བའི་སྔོན་འགྲོ་ངེད་ལ་ལེགས་སྐྱེས་བཀྲ་ཤིས་པའི་ཁ་བཏགས་ཉིན་བདེ་མ། ཆོས་དབང་རིན་པོ་ཆེའི་གཏེར་མའི་གནམ་ལྕགས་ལས་གྲུབ་པའི་སློབ་དཔོན་པདྨ་སཾ་བྷ་ཝའི་ཕྱག་རྡོར་རྩེ་དགུ་པ། པཎ་ཞྭ། འགན་སྦྱར་སོགས་རུང་མཐུན་གྱི་གྱོན་པ་དཔུས་ལེགས་ཆ་འགྲིག་གསུམ། གོས་ཡུག་ཆེན་ཉི་ཤུ་རྩ་གཅིག །བྱང་དར། མ་ཧཉྩེ། སྒ་རས་


GLG007_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཇ་སོགས་དགུ་ཚན་ཉི་ཤུ་རྩ་གཅིག་བསྟར་རྗེས་ཁྲིར་འཁོད་ཐོག་སྙིང་པོར་གྱུར་པའི་ཞོ། གྲོ་མ་མར་ཁུ་སོགས་བཀྲ་ཤིས་པའི་ཟས་དང་། འབོ་གྲོས་བཀང་སྟེང་ལྡེ་མིག །དེབ། དར་ཟབ་ཀྱི་སྒྲོམ་བུ། ཐམས་ཀ་ཆེ་ཆུང་སོགས་གཏད་དེ་ལུགས་ཟུང་མཐའ་དག་གི་བྱེད་པ་པོར་མངའ་གསོལ། ཞལ་དཀར་བའི་ཐོག་མ་མིང་བཀྲའི་སྟབས་མཚལ་ཞབས་དྲུང་གྲགས་པ་ཚེ་དབང་རྡོ་རྗེས་སྣ་དྲངས། སྡེ་པ་ཟུར་པ་བློ་བཟང་སྦྱིན་པའི་ངོ་ཚབ། བསྟན་འཛིན་ད་ལའི་རྒྱལ་པོ། ཨུལ་ཇོའི་ཐུ་པཱ་ཐུར་ཐའི་ཇི། དཔོན་ཚེ་རིང་། བློ་བཟང་མགོན་པོ་རབ་བརྟན། ད་ལའི་ཧུང་ཐའི་ཇི་སོགས་མཚོ་ཁའི་དཔོན་ཁག་རྣམས་ཀྱི་མི་སྣ། རྟ་ཚག་རྗེ་དྲུང་རིན་པོ་ཆེ། གྲ་ས་ཕན་ཚུལ་གྱི་སློབ་དཔོན་ཁྲི་གདན་ཟུར། ལས་སྣེ་སྣ་ཆེན། དབོན་ཆོས་མཛད། ཉེ་སྐོར་ནང་སོ་དྲུང་འཁོར། ལྡིང་དཔོན། ལྷ་ས་རུ་བཞི་རྣམས་དང་། གཞན་ཡང་ཡམ་བུ་རྒྱལ་པོའི་མི་སྣ་ཛ་ཤིན་དེ་བ་དང་ཛི་ན་དེ་བ་ལ་སོགས་ཕྱོགས་འདུས་ཀྱི་ཁ་ཆེ་བལ་པོ་སོ་སོས་ཡུལ་ལུགས་དང་བསྟུན་པའི་ཁྲི་འབུལ་བཏེག །གྲ་ཚང་གི་གྲ་པ་ཁ་ཤས་ཀྱིས་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། བཀྲ་ཤིས་རྫས་རྟགས་ཕུལ་ཏེ་བདེན་ཚིགས་བརྗོད། བཟའ་བཏུང་གི་དགའ་སྟོན་རྒྱས་པར་བཤམས་ཤིང་། རོལ་གར་སྣ་ཚོགས་བསྒྱུར་བ་དང་། ལེགས་བཤད་ཀྱི་འབེལ་གཏམ་འདར་པ་ལོ་ཆེན་དང་། རྣམ་གླིང་པཎ་ཆེན་གཉིས་ཀྱིས་ཁྲི་འབུལ་བ་སྡེ་ཚན་བདུན་གྱི་བར་སྟར་ཆགས་སུ་བགྱིས། ལྷ་ས་བའི་རྒྱལ་སྲིད་སྣ་བདུན། བྲོ་གཞས་པ། གྲོང་སྨད་ཀྱི་འོག །དར་པོ་གླིང་པ།


GLG007_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ལྕང་སྲུང་ཁང་པ། དན་འབག་པ། གནས་ཆུང་པ། སྤེན་རྩ་བ། ལྷ་ལུང་། བཞི་སྡེ། ཁེ་གསུམ་པ། གཙང་པ་བྲོ་པ་སོགས་ཀྱིས་ལྟད་མོ་སྣ་ཚོགས་བསྟན། འདི་ཉིན་འཇའ་ཁྱིམ་ཁ་དོག་སྣ་ལྔ་པ་ཕྱི་ནང་དུ་མ་ཟད་ཉི་མའི་ཕྱོགས་བཞིར་འཇའ་སྣ་ལྔ་དང་འཇའ་རྡོག་དཀར་པོ་ཉི་མ་འདྲ་བ་དེ་དང་ཤར་ནུབ་ཏུ་འཇའ་ཕུང་སྣ་ལྔ་རེ་བྱུང་བ་ལེགས་པའི་མཚན་མ་ཡིན་པ་འདྲ་སྙམ། ཚེས་བདུན་ལ་གཏེར་སྟོན་རིགས་འཛིན་ཆེན་པོ་དང་མཇལ་གསུང་གླེང་ཞིབ་མོར་བྱུང་། ཕྱི་དྲོ་སའི་ཚངས་པ་བསྟན་འཛིན་ད་ལའི་རྒྱལ་པོ། རྒྱལ་མོ་གཞོན་པ། ཨེར་ཁེ་ཇའི་སང་གི་གཞིས་འཛིན། དཔལ་འཁོར་ཆོས་སྡེའི་མཁན་པོ། ཡེར་པ་དང་དིང་རི་གླང་འཁོར་བླ་མ། ཀྲེ་པ་ཁྲོ་བོ་དཀར་པོ། རྨེ་རུ་བའི་དབུ་ཆོས་སོགས་ལ་ཇ་གྲལ། གྲ་པ་བྱིངས་ལ་ངོས་ཕྲད། རྒྱལ་ལྷ་ཁང་པ་དང་། རྨེ་རུ་བའི་འཆམས། པོ་ཏ་ལ་ཞོལ་པ་སོགས་ཀྱིས་བྲོ་གཞས་བསྟར། ཚེས་བརྒྱད་ལ་སྡེ་པ་ཟུར་པ། རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ། ཡེར་བ་ཆོས་རྗེ། ལ་མོ་སྐུ་རྟེན་པ། ཚེར་གསེབ་བླ་མ་སོགས་དང་མཇལ། ལྷ་ས་ཚེས་བཅུ་བ་རྣམས་ཀྱིས་སྟང་སྟབས་དུ་མ་སྒྱུར་ཞིང་སོ་ནམ་པ། སྒྲག་མཚོ་གླིང་པ། གཙང་བྲོ་སོགས་ཀྱི་རྩེད་མོ་སྣང་། ཚེས་དགུར་སྟག་རྩེ་ཐའི་ཇི་མ་ཆེན་ཤག་ལྷོ་པའི་མ་དང་བཙུན་མ་སོགས་ལ་ཇ་གྲལ་དང་། ཤེལ་གྲོང་པ། ལྕང་གྲོང་པ། གསེར་ཁང་པ། ལྷོ་གད་པ། གྲ་བཞི་བ། བཀྲ་ཤིས་དགོས་འདོད། བྱང་གླིང་པའི་གཡོག །གཙང་བྲོ་སོགས་གླུ་གཞས་རྩེས། ཚེས་བཅུར་དགའ་སྟོན་གཉིས་པར་གདན་ས་ཆེན་པོ་འབྲོག་དགའ་ལྡན་རྣམ་པར་རྒྱལ་པའི་གླིང་ནས་ཁྲི་གདན་ཟུར་གྱི་སྐུ་ཚབ། ཤར་བྱང་ཆོས་རྗེ་རྣམ་གཉིས། མངོན་དགའ་སྐུ་སྐྱེ། སློབ་དཔོན་པ། ལས་སྣེ་


GLG007_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཚན། སྟག་རྩེ་རྒྱལ་བུ་ལྷ་རྒྱལ་རབ་བརྟན། བདེ་ཆེན་ཐའི་ཇི། བཀྲ་ཤིས་ལྗོོངས་ཆོས་རྗེ། རྒྱུད་སྟོད། མི་ཉག་དགོན་གསར། ཡེར་པ། མཚལ་དབུས་གླིང་། གཟིམས་ཁང་ཤར། ཆོས་ཁྲི། བཙུན་མོ་ཚལ་རྣམས་ཀྱི་བླ་གཉེར། གླང་ར་འོག་འཐར་རྒྱས་པ་སོགས་སྐྱིད་ཤོད་སྟོད་ཁའི་ལྷ་སྡེ་མི་སྡེ། རྫོང་སྡོད་བདེ་འབྱོར་བྱང་པ། རྫིང་ཕྱི་མཁན་པོ། དགའ་ཚལ་བ་སོགས་འོལ་ཁའི་ལྷ་སྡེ་མི་སྡེ། མཁར་རྩེ། ཟ་དམ། ལྷ་ཁང་། ལྷུན་གྲུབ་རྫོང་། གླང་ཐང་། ཡུལ་སྔ་རྣམས་སུ་སྡོད་མི་དཀར་ཡགས་པ། ཞིང་མོ་ཆེ་བ། འཕགས་པ་དོན་གྲུབ། མས་སྒོར་བ། ལྷ་དབང་རྡོ་རྗེ། གྲོ་ཁུད་པ། རྒྱུད་སྡེ་རྒྱ་མཚོའི་མངའ་བདག་བཅོ་བརྒྱད་ཆོས་རྗེ། ཐང་སག་བླ་མ། རྭ་སྒྲེང་ཁྲི་ཟུར་དབོན། སྟག་ལུང་ཟུར་པ། འོད་འཇོ་བ། སུམ་ཕྲེང་བ་རྣམས་ཀྱི་ཚབ་མ་སོགས་འཕན་ཡུལ་སྐོར་གྱི་ལྷ་སྡེ་མི་སྡེ། རྒྱལ། མཁར་ཐོག །ལྷ་གསོལ། སྐུ་རབ་རྣམ་རྒྱལ། དྭགས་པོ་གྲ་ཚང་། བང་རིམ་ཆོས་སྡེ། སྒམ་པོ་ཕྱག་མཛོད། བྷྲུཾ་པ་མི་དབང་། བང་རིམ་སོགས་དྭགས་ཕྱོགས་ཀྱི་ལྷ་སྡེ་མི་སྡེ། ཕག་གུང་གཞིས་སྡོད། འབྲི་གུང་ཕྱག་མཛོད་སོགས་དབུར་སྟོད་ཕྱོགས་ཀྱི་ལྷ་སྡེ་མི་སྡེ་དང་བཅས་པས་ཞལ་དཀར་རྒྱས་པར་བཏེག །སྟག་རྩེ་ནས་རྟ་བཅུ་གཉིས། སྟག་ལུང་ཁྲི་ཟུར་གྱིས་རྟ་བཅུ། སེམས་དཔའ་ཆེན་པོས་རྟ་བཅུ་གཅིག །འབྲི་གུང་པས་རྟ་བཅུ་བདུན་རྣམས་བྱུང་། ཤར་བྱང་ཆོས་རྗེ་གཉིས། སློབ་དཔོན་པ།


GLG007_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྟོད་དང་བཀྲ་ཤིས་ལྗོངས་ཆོས་རྗེ། ཐང་སག །བྲག་དབར། ཡེར་པ་རྣམས་ཀྱི་བླ་མ། བཅོ་བརྒྱད་ཆོས་རྗེ། འབྲི་གུང་ཕྱག་མཛོད། དགའ་ལྡན་རབ་བརྟན་དང་མང་ར་མཁན་པོ། འཆད་ཀ་སྤྱན་སྔ། རྒྱལ་སྤྱི་གཉེར། བང་རིམ་པ། སྒྲོམ་མདའ་བ། ཟུར་མཁར་བ་སོགས་དང་སྒེར་ཕྲད། བྷྲུཾ་པའི་བུ་མོ་རྒན་པའི་སྐྲ་ཕུད་བླངས་ཤིང་མིང་བློ་བཟང་སྒྲོལ་མར་བཏགས། བཙུན་མོ་ཚལ་པའི་གྲ་པ་ལྔ་བཅུར་མེ་ཏོག་གཏོར། གུང་ཐང་ཆོས་ཁྲི་བས་ཚེས་བཅུའི་འཆམས། ཆོས་ལུང་པ། གར་པ། ཆེ་གསུམ་པ། རག་པ། དགོན་ཤར་བ། དབུས་གཙང་གི་གྲོ་གཞས་སོགས་ཀྱིས་རྩེད་སྣ་བསྟན། གྲ་ཚང་ནས་གྲ་པ་ཚན་པ་བཞི་ཆར་འབེབས་ལ་བཏང་། ཚེས་བཅུ་གཅིག་ནས་སད་སྲུང་གི་བུམ་སྒྲུབ་ཀྱི་སྔ་རོལ་ཀུན་བཟང་བདེ་ཆེན་དུ་ངེད་རང་གིས་བསྐྱེད་བསྟིམ་མཆོད་བསྟོད་འདོད་གསོལ་བྱས། གསང་ཕུ་ཞབས་དྲུང་རྣམ་གཉིས། སློབ་དཔོན་པ་བཅུ། དྲུང་ཆེན་སོགས་སྤྱི་ཚོགས་ཀྱིས་དངོས་པོའི་སྐྱེས་དང་བཅས་རིང་འཚོ་མཛད། གསང་སྔགས་བྱང་ཆུབ་གླིང་པའི་གྲ་པ་རྣམས་ལ་མེ་ཏོག་གཏོར། ཁྲི་འཁོད་ཀྱི་དགའ་སྟོན་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་སྤྱི་སྒེར་གྱིས་བདོག་པ་བཏེག་ཅིང་སྟོན་མོ་རྒྱས་པར་བཤམས་པའི་མགྲོན་དུ་སྡེ་པ་བློ་བཟང་སྦྱིན་པ། རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ། གཏེར་སྟོན་རིགས་འཛིན་ཆེན་པོ། དཔལ་འཁོར་ཆོས་སྡེའི་མཁན་པོ། གསང་གླིང་། ཐར་གླིང་། ཐང་སག་གསུམ་གྱི་སློབ་དཔོན། སྟག་རྩེ་བདེ་ཆེན་གྱི་ཡབ་སྲས་གསུམ་རྣམས་བྱོན། ཞ་ལུ་མཁན་ཟུར་


GLG007_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐྱེས་ཀྱང་འདིར་འབུལ་བ་མཛད། ཕྱི་དྲོ་རིགས་འཛིན་དཀོན་མཆོག་ལྷུན་གྲུབ། རི་གསུམ་པ། རྣམ་རྒྱལ་དགོན་པ་བ་སོགས་ལ་ཇ་གྲལ། གསང་སྔགས་བྱང་ཆུབ་གླིང་པས་ཚེས་བཅུའི་འཆམས་དང་བཙུན་མོ་ཚལ་པས་འཆམས་སྣ་བསྟར་རྗེས། མཁར་སྔ་བ། རིན་ཆེན་ཚལ་པ། སྒང་སྟོད་པ། རྡོ་པ། སེ་ར་གཟིམས་ཁང་ཤར་པའི་གཡོག །གླང་རུ། བྱེ་ལུང་། ཡེར་པ། གཙང་བྲོ་སོགས་ཀྱང་སྔ་མ་དང་འདྲ། ཚེས་བཅུ་གཉིས་ལ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་སློབ་དཔོན་ལས་སྣེ་བ། དགེ་འདུན་རགས་བསྡུས་དང་བཅས་པས་བདུད་བཞིའི་དགྲ་ལས་རྒྱལ་བའི་བདེན་ཚིག་རྩེ་གཅིག་ཏུ་མཛད། དེ་ཐོག་སྦྱར་ར་དངོས་གྲུབ་ཀྱིས་དོ་དམ་བྱས་པའི་མངའ་རིས་རྫོང་དགའ་སྤྱི་བསྡུས་ཀྱིས་རིང་འཚོ་སྤེལ། རྩེར་དགའ་ལྡན་ཧུང་ཐའི་ཇིའི་མི་སྣ་གསས་ཁང་སྐུ་སྐྱེ། རྭ་སྒྲེང་ཟུར་པ་ཁལ་ཁ་གཡས་རུ་ཇ་སག་ཐུའི་མི་སྣ། ཞང་སྟོན་སྐུ་མདུན་ལྷུན་གྲུབ། ཤག་བྱང་པ། རྣམ་རྒྱལ་གསེར་ཁང་བླ་མ་སོགས་དང་ཕྲད། ཡང་དགོན་པའི་འཆམས། མཁར་རྩེ་ཆགས་རྗེ། ར་མ་རྩེ། པོ་ཏ་ལ། སྦྱར་ར་རྣམས་ཀྱི་བྲོ་གཞས། སྒོ་མང་ཟུར་པ་ངག་དབང་འཕྲིན་ལས་སྡོམ་རྒྱུན་བརྗེ་བ། སྟག་ལུང་གདན་སར་བསྐོ་རྒྱུའི་ཀ་དྲུག་པ་སོགས་བསྙེན་རྫོགས་དྲུག་བསྒྲུབས། བླ་མ་བཙན་པོ་བས་གསེར་ཞོ་བརྒྱ་དང་གཞི། དངུལ་ལྔ་བཅུ་མ། མཚལ་སྒམ་བཅོ་ལྔ། ཧུ་ཇ་ཁོར་དྲུག་མ་དྲུག །གོས་དར་སོགས་སྤམ་མཐོར་བཏེག་སྟེ་གྲ་པ་ཉི་ཤུས་རིང་འཚོའི་ཚིགས་བཅད་གསུངས།


GLG007_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མ་བ་རྒན་པ། གནས་གཞི་པ། ཆོས་རྗེ་བྲག་སྣ་བ་ཕ་བུ་གསུམ། སྒྲུབ་རྙིང་བླ་མ་སོགས་ཀྱང་ཡོད། བཙན་པོ་བླ་མར་རྫོང་བ་དངོས་གཞི་གྲུབ་ཀྱང་འདི་ཉིན་འཕེལ་གདུང་གསུམ། གྲུབ་མཐའ་རིས་མེད་ཀྱི་བྱིན་རྟེན་འཛོམ་ཆེ་བ། བླ་གོས་གྱོན་འཕྲོ། གསང་འདུས་ཀྱི་འགྲེལ་པ་བཞི་སྦྲགས་སྐུ་གསུང་ཐུགས་རྟེན་སོགས་ཚན་ཆེའི་སྟེང་བཀའ་བསྒོ་དང་། རྒྱ་སོག་ཁ་ཤས་ལ་མེ་ཏོག་གཏོར། ཚེས་བཅུ་གསུམ་ལ་ཆུ་ཤུར་ཐར་གླིང་བླ་གྲས་དངོས་པོའི་ཚན་གྲངས་དང་བཅས་ཚེའི་བར་གཅོད་ལས་རྒྱལ་བའི་བདེན་པ་བརྗོད། འབྲོག་བསམ་སྡིངས་སྤྲུལ་སྐུ། ཐུགས་སྲས་ཟླ་བ། བོན་ལུང་སྐུ་སྐྱེ། མི་ཉག་དགོན་གསར་བླ་མ། ལྷུན་རྩེ་ཞབས་དྲུང་ཡབ་སྲས་གསུམ། སྣ་དཀར་རྩེའི་ཞབས་དྲུང་ལྕམ་སྲིང་རྣམས་དང་མཇལ། ཐུགས་སྲས་ཟླ་བར་དྲག་དམར་གྱི་བཀའ་བསྒོ་ཕུལ། དགའ་སྟོན་གསུམ་པར་རྫོང་སྡོད་ར་མ་རྩེ་པ། རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ། གཏེར་སྟོན་རིན་པོ་ཆེ། ཨྱོན་འཚོ་མོ། ཚོགས་ཡས་མས། བྱམས་པ་གླིང་། གསུང་རབ་གླིང་། བཤད་སྒྲུབ་གླིང་། རི་བོ་རྣམ་རྒྱལ། གོང་དཀར་ཆོས་སྡེ། སྣ་དཀར་རྩེ་བགྲེས་གཞོན། གདོང་ནས། བྱིང་རྣམ། དཔལ་དེ་བ་སོགས་གོང་དཀར་འོག་གི་ལྷ་སྡེ་མི་སྡེ། རྫོང་སྡོད་རི་གསུམ་པ། ཆོས་འཁོར་ཡང་རྩེ། གསང་སྔགས་གླིང་། ཐར་པ་གླིང་། མཚུར་ཕུ་ཞྭ་དམར་ནས། ཡངས་པ་ཅན། ཡང་ཟུར། གེ་རེ་ལྷ་པ། ལྕང་ལོ་ཅན་པ་སོགས་ཆུ་ཤུར་ཕྱོགས་ཀྱི་ལྷ་སྡེ་མི་སྡེ། རྫོང་སྡོད་རམ་པ་བ། གསང་ཕུ་གླིང་སྟོད་སྨད་


GLG007_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆོས་རྗེ། ཉི་ཐང་། སྦེ་སེར། སྟར་སྡོང་། ཚག་གུར་བ་སོགས་སྣེའུ་ཁུལ་གྱི་ལྷ་སྡེ་མི་སྡེ། རྫོང་སྡོད་དན་འབག་དགོས་པ། སྐྱོར་ལུང་། ར་བ་སྟོད། འབྲུག་ཕྱག་མཛོད། ཞང་སྟོན་ཕུ་མདའ། ལྷ་ཁང་པ་སོགས་ཤུན་གཏོགས་ཀྱི་ལྷ་སྡེ་མི་སྡེ་དང་བཅས་པས་ཞལ་དཀར་བཏེག །དགའ་ལྡན་ཧུང་ཐའི་ཇི། རྭ་སྒྲེང་ཟུར་པ། ཁལ་ཁ་ཇ་སག་ཐུ་རྣམས་ཀྱི་མི་སྣས་གསེར་དངུལ་གོས་དར་རས་སོགས་ཀྱི་སྐྱེས་ཕུན་སུམ་ཚོགས་པ་བརྐྱང་། རིགས་འཛིན་དཀོན་མཆོག་ལྷུན་གྲུབ་ཀྱང་གྲལ་ལ་བསྒྲིགས། ཕྱི་དྲོ་གྲ་ཐང་མཁན་པོ། སྒེར་པ་རྗེ་དྲུང་། བོ་དོང་འཆི་མེད་སྤྲུལ་སྐུ། གོང་དཀར་དཀོན་གཉེར་དཔོན། ཡང་དགོན། རྒྱལ་བྱེད་ཚལ། བཤད་སྒྲུབ་གླིང་སྦེ་སེར། སྐྱེད་ཚལ་འོག །ར་བ་སྟོད། དགའ་ལྡན་ཆོས་འཁོར། ཆོས་འཁོར་ཡང་རྩེ། ཆུ་བཟང་། འོད་ཟེར་གླིང་། ཟུར་རི། གཞི་བ། གླང་ལུང་། མཚོ་སྨད། གོང་དཀར་ཆོས་སྡེ། ཁ་རེག་སྒྲུབ་སྡེ། བདེ་ཆེན་ཆོས་འཁོར་བ། དོ་ནང་པད་གླིང་། སྙེ་མོ་རྩེ་དགོན། བྲག་ར། དུམ་བུ་ཆོས་འཁོར་བ་རྣམས་ཀྱི་བླ་མ། བརྒྱད་གྲ་རབ་འབྱམས་པ། མཚུར་ཕུ་ཕྱག་མཛོད། ཐོན་དམག་དཔོན། གེ་རེ་ལྷ་པ་ཡུམ་སྲས། དཔལ་དེ་དཔོན་ས། སྙེ་མོ་དགོན་ནས། ཕོ་བྲང་ལྕམ། ཚག་གུར་བ། ལྷུན་གྲུབ་རབ་བརྟན་པ། སྒང་པ། རི་གསུམ་པ། མས་ཆགས་པ། དོ་ནང་མིག་པ། ཤར་ཕྱོགས་པ། ལྡུམ་བུ་བ། འོར་པ། ནས་ཁང་སྟེང་པ།


GLG007_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

རི་བོ་རྣམ་རྒྱལ། སླེ་རི། གོང་དཀར་ཆོས་སྡེ་སོགས་གྲ་ཚང་ཁག་གི་གཉེར་པ་རྣམས་ལ་ཇ་གྲལ་ཐོག་བརྒྱད་གྲ་རབ་འབྱམས་པར་བཀའ་འགྱུར་ལུང་རྒྱུན་སྐོར་དྲི་བཤད་རྒྱས་པར་བྱུང་། མཚལ་དབུས་གླིང་པའི་འཆམས། སྐྱོར་ལུང་པ། ལྗངས་པ། མཁར་རྩེ་གཞུང་རྒྱུག་བཅས་གླུ་གཞས་གཙང་བྲོ་སོགས་བྱས། ཚེས་བཅུ་བཞིར་སེ་ར་ཐེག་ཆེན་གླིང་སློབ་དཔོན་གྲ་བཅས་རག་བསྡུས་ཀྱིས་སྐྱེས་བཟང་པོ་དང་བཅས་ཡུན་དུ་འཚོ་བའི་བདེན་བརྗོད་མཆོག་གསུམ་དཔང་པོར་སྤྱན་དྲངས་ནས་མཛད་ཞོར་ལྕང་ར་བཙུན་མའང་ཡོད། ལྷ་སའི་བྲོ་གཞས་པའང་སྣང་། བྱམས་གླིང་དང་མང་ར་མཁན་པོ། གསུང་གླིང་དང་ཐོད་རི་སློབ་དཔོན། གནས་ཆུང་སྔགས་འཆང་། རབ་བརྟན་ཤར་པ། ཨུལ་ངོའི་ཐུ་པཱ་ཐུར་ཐའི་ཇི་འདམ་ལ་ཐོན་གདོང་ལ་བྱིན་རླབས་དང་། རིགས་འཛིན་དཀོན་མཆོག་ལྷུན་གྲུབ་རང་གནས་སུ་འབྱོན་པར་ཟང་ཟིང་གི་རྫོང་བ་སོགས་བསྟར། ཐར་པ་གླིང་པས་ཕུར་འཆམས། ས་གནས་པ། རྒྱལ་གྲོང་པ། གློ་མཁར་བ། ཁ་རུ་བ། ཚལ་ཐང་པ། ལྗངས་ལྕང་གསར་རྣམས་ཀྱི་བྲོ་གཞས་དང་གཙང་བྲོའང་མཆིས། ཚེས་བཅོ་ལྔར་ཐར་གླིང་བླ་མ། མངོན་མཁྱེན་པ། བྷྲུཾ་པ་བ། ར་མ་རྩེ་པ། ཨ་ཏ་གླིང་པ་སོགས་དང་ཕྲད། སྐྱར་པོ་གཞུང་སྒེར། སྒར་སྒོམ་ཆེན་དངོས་གཞི་དྲིལ་བ། དཔལ་གནས་པ། རྒྱང་མཁར་བ། རེ་མ་བ། ཤུན་ཞོལ་པ་སོགས་ཀྱི་རྩེད་སྣ་མང་བ་འདུག །ཚེས་བཅུ་དྲུག་ལ་སྟར་སྡོང་པས་ཚོགས་ཡོན་སྟེར་བྱིན་བཟབས་ཏེ་གྲ་ཚང་ནས་འཆི་མེད་འོད་སྣང་རྡུལ་


GLG007_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་དང་འབྲེལ་བའི་རིང་འཚོའི་ཆོ་ག་མཛད་པའི་མགྲོན་དུ་སྡེ་པ་ཟུར་པ་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ། གཏེར་སྟོན་རིགས་འཇིན་ཆེན་པོ་རྣམས་ཀྱང་བྱོན། ཕྱི་དྲོ་ལོ་རྒྱུས་ལས། ཆོས་སྐྱོང་རྒྱལ་པོར་མངའ་གསོལ་བའི༔ མངའ་ཐང་རིན་ཆེན་འབར་བ་ཡོད༔ ཅེས་གསུངས་པ་ལྟར་མངའ་གསོལ་བའི་དགོས་པའང་རིན་ཆེན་འབར་པར། སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོའམ། ས་ལ་དབང་བའི་བྱང་ཆུབ་སེམས་དཔའ་འམ། མངའ་ཐང་ཆོས་བཞིན་སྐྱོང་བའི་རྒྱལ་པོ་ཞིག་ལ་བསྐུར་དུ་རུང་མངའ་འདི་གསོལ་ཕྱིན་ཆད། དེའི་མངའ་ཐང་བསོད་ནམས་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་རྒྱས་ནས་འགྲོ་བ་མང་པོའི་དོན་རྒྱ་ཆེན་པོ་འབྱུང་བར་འགྱུར་རོ། །ཞེས་དང་། ཆོས་ཁྲིམས་བསྟན་སྒྲོན་དུ། རྒྱལ་པོའི་བཀའ་བོད་ཀྱི་རྒྱལ་ཁམས་ཐམས་ཅད་དུ་ཁྱབ་པར་མཐོང་། དེའི་འཁོར་འདུས་པ་དང་། རྟེན་འབྲེལ་ཤིན་ཏུ་བཟང་བས་མངའ་དབང་བསྐུར་ལགས་ཀྱི་གསུང་ངོ་། །དེར་རྒྱལ་པོས་བོད་ཁ་བ་ཅན་གྱི་ཡུལ་ཡིག་འཕྲིན་གྱིས་ཁྱབ་པར་བཀྱེ་ནས་བོད་འབངས་ཀུན་འདུས་པ་དང་། ཞེས་འབྱུང་བ་ལྟར་གཟིམས་ཆུང་ཁམས་གསུམ་ཟིལ་གནོན་དུ་ངེད་རང་དང་བཅས་སྤྲུལ་སྐུ་རིགས་འཛིན་གཏེར་བདག་གླིང་པས་རྟེན་ཅིང་འབྲེལ་པར་འབྱུང་བའི་རྫས་དཀྱིལ་འཁོར་དུས་ཚེས་གཟའ་སྐར་འཕྲོད་དགེ་བར་མངའ་དབང་རིན་པོ་ཆེ་བསྐུར་ཏེ་རྒྱལ་སྲིད་བླ་ན་མ་མཆིས་པར་མངའ་གསོལ་བར་མ་བསྒྲིགས་པར་དུས་མཚུངས་སུ་གྲ་ཚང་གི་ཚོགས་དུང་བཏང་བ་རྟེན་འབྲེལ་ལེགས། ལོ་རྒྱུས་སུ། བདག་དང་ཁྲི་སྲོང་ལྡེ་བཙན་གྱིས༔ སེམས་


GLG007_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་སྨོན་ལམ་འཕྲོས་འཐུད་ནས༔ བོད་ཀྱི་རྗེ་འབངས་བདེ་སྐྱིད་དར༔ དེ་དུས་བློན་པོ་ནག་པོ་ཡི༔ སྲི་ལངས་སྙན་ཕྲ་ལོག་པའི་ཚིག༔ བར་ཆད་བྱེད་པ་མང་འབྱུང་གིས༔ ཆོས་ཁྲིམས་ཚུགས་པས་སྐྱིད་པར་འགྱུར༔ མངའ་ཐང་མཐའ་ནས་རྒྱས་པར་འགྱུར༔ རྒྱལ་བོའི་མངའ་ཐང་རྒྱས་པ་ཡིས༔ སྨོན་ལམ་སྟོབས་ཀྱིས་བོད་འབངས་སྐྱིད༔ རྒྱལ་ཁམས་བདེ་ཞིང་སྐྱིད་པར་འགྱུར༔ ཞེས་པའི་དུས་ལ་བབས་པའི་གནད་ཀྱིས་སྡེ་པ་གཞན་དང་མི་འདྲ་བ་སོགས་འདིར་དགོས་པ་མང་ངོ་། །རྩེ་དགའ་གཞུང་རྒྱུག །ཁྲི་ཕུ་པ། དྲུག་བརྒྱ་བ། བཟང་མོ་བ། སྣང་རྩ་བ། བྱང་ངོས་པ་སོགས་ཀྱིས་བྲོ་གཞས་འཆམས་བཅས་བགྱིས། གྲ་ཚང་ནས་གྲངས་བཅད་ལ་ཀི་ཀང་གི་མནན་སྒྲུབ་བཙུགས། ཚེས་བཅུ་བདུན་ལ་ཕྲུག་པོ་ཆེ་པ། ར་མ་སྒང་། གཞིས་དགའ་བ། ཟ་དམ་ཞོལ་པ། དྲུག་བརྒྱ་སྟོད་པ། ལྕང་ལོ་ཅན་པ་རྣམས་ཀྱི་བྲོ་གཞས་དང་། ཁེ་གསུམ་པས་ལྷ་མོ་ཡིད་འཕྲོག་རྩེས། དུས་བསྒྲིགས་ཀྱི་དགའ་སྟོན་བཞི་པ་ལྔ་པ་སྡེ་བས་ལྷ་སར་བཞེས་རྩིས་ཀྱི་འདི་གར་ཚེས་བཅོ་བརྒྱད་ལ་རྫོང་སྡོད་བྷྲུཾ་པ་སོགས་འཕྱོང་རྒྱས་པ། ལེགས་གླིང་པ་སོགས་ཕོ་བྲང་པ། སྙེ་ལུང་པ་སོགས་གྲི་ཁུ་བ། རབ་བརྟན་ཤར་པ་སོགས་དོ་བོ་རྫོང་། སེང་རྫོང་། དར་མ། ལྷ་ཁང་པ་བཅས་ལྷོ་བྲག །འབོག་གོང་པ་སོགས་རྒྱལ་རྩེ་བ། དབང་ལྡན། གཡག་སྡེ་བ། གླིང་དཀར་སོགས་བྱང་རྒྱུད། རྣམ་རྒྱལ་དགོན་པ་སོགས་ཞོ་ཁ། འོར་


GLG007_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བ་སོགས་ཕག་རི་བ། ཤག་བྱང་པ་སོགས་ཇོ་མོ་རྫོང་། བདེ་གླིང་པ་སོགས་རྒྱ་མདའ་བ། ན་ཁ་བློ་བཟང་སོགས་རིན་སྤུངས་པ། ལྷུན་རྩེ་བ། མཚོ་སྣ་རྫོང་སྡོད། སྣེའུ་སྡོང་སོགས་ཀྱིས་བདོག་པའི་སྐྱེས་ཡུལ་ལུགས་དང་བསྟུན་པ་བཏེག །སྒེར་དུ་འཕྱོང་རྒྱས་རི་བོ་བདེ་ཆེན། སྤྱན་གཡས། ཐང་པོ་ཆེ། ཇོ་སྟན། སྡེ་དྲུག་རྣམས་ཀྱི་མཁན་སྤྱི། རྒྱལ་སྲས་ཤེས་འཕེལ་བ། དྷི་ཚ། ཐུགས་སྲས། སྦྱོར་ར་རྣམས་ཀྱི་སྤྲུལ་སྐུ། གནས་རྙིང་ཞབས་དྲུང་། གནས་གསར་དཔོན་རིན་པོ་ཆེ། བྲག་སྣ། ཆོས་ལྡན་པ། རྩ་སྒྲུབ་སྡེ། རྒྱང་རོ་གསེར་སྡིངས། མདོ་སྔགས་གླིང་། འོན་དགོན་གོང་། སྨྲ་བོ་ལྕོག །བཀྲ་ཤིས་ཆོས་གླིང་། ཀོང་རྨེ་ཕུ། ཆབ་ནག །རྩེ་ལེ། སང་སིང་རྣམས་ཀྱི་བླ་མ། བཀྲ་ཤིས་བདེ་ཆེན། ལམ་རིམ་པ། ཆོས་འཁོར་སྟེང་། དཔལ་རི་བ། མངའ་རིས་གྲ་ཚང་། རི་བོ་ཆོས་གླིང་། མདོང་མཁར་ཆོས་སྡེ་རྣམས་ཀྱི་གཉེར་པ། རྒྱ་རི་ཞབས་དྲུང་། ཤག་ལྷོ་བྱང་། བྱ་བ་ཡབ་སྲས། འབོག་གོང་ཁག །གདང་པ། གྲི་ཁུ་ཕྱག་མཛོད། སྦང་ཆེ་བ། གེ་ར་བ་སོགས་སྡེ་དཔོན་བླ་མ་ནང་ནམ་དྲུང་འཁོར། རྫོང་སྡོད། གཞིས་གཉེར། བོན་པོ་རི་ཤིང་བ་སོགས་མང་དག་དང་མཇལ་ཕྲད། རྩེར་སྣེའུ་སྡོང་བདག་མོ། བློ་བཟང་མགོན་པོ་རབ་བརྟན་དང་བསོད་ནམས་དབང་རྒྱལ་འདམ་ལ་ཐོན་གདོང་གི་ཇ་གྲལ། དགོན་གསར། རྐང་པ། ཚལ་པོ་གཞུང་སྒར་གྱིས་བྲོ་གཞས་དང་།


GLG007_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཤེལ་གྲོང་རྡོར་བས་འབྲོང་རྩེད་བསྟར། ཚེས་བཅུ་དགུར་ལྷ་སར་ཐོག་མར་བཏེག་དུས་ཁྲི་འབུལ་སོགས་ཀྱི་དུས་སྒྲིགས་ཤིག་ཡོད་པ་རྟེན་འབྲེལ་ལེགས་པར་གོ་སྟེ་སྡེ་པ་ཆིབས་རགས་ཤིན་ཏུ་བཟབས་མཆོར་དང་བཅས་ལྷ་སར་བཏེག །ལྟད་མོའི་དུས་བཅུ་བཞི་པ་སྙེ་ཐང་བཀྲ་ཤིས་སྒང་པའི་འཆམས་ནས་བཟུང་ཉེར་བཞི་པ་བདེ་ཆེན་པའི་བྲོ་གཞས་བར་རྣམ་གྲངས་མང་བ་ལྷ་སར་བསྟན། ཞོགས་གུར་སྔོན་གྱི་དགེ་སྐོས་ངག་དབང་རྒྱལ་པོ་དང་དབུ་མཛད་དགེ་ལེགས་ཀྱི་ངོར་ཕྱག་བཞི་པ་དང་རྡོར་ལེགས་ཀྱི་གཏོར་བསྔོ་འཁྱེར་བདེ། གྲ་རིགས་རྣམས་ཀྱིས་བསྐུལ་བའི་སློབ་དཔོན་ངག་དབང་འཕྲིན་ལས་ཀྱི་གསོལ་འདེབས། དབང་ཆེན་རྣམ་སྤྲུལ་ཐུགས་སྲས་ཟླ་བ་བསྟན་འཛིན་འགྱུར་མེད་རྡོ་རྗེས་འདི་གའི་བྲིས་ཐང་བཞེངས་པའི་རྒྱབ་ཡིག །ཐར་གླིང་སློབ་དཔོན་པའི་ངོར་ངེད་རང་དང་སྡེ་པའི་རིང་འཚོ། གནས་ཆུང་ཆོས་སྐྱོང་ཆེན་པོས་གསུང་འཕྲིན་མཛད་པའི་ཁྱབ་འཇུག་སོགས་ཆོས་སྐྱོང་ཁ་ཤས་ཀྱི་གསོལ་མཆོད་ཚིག་ཉུང་དོན་ཚང་། སུ་དྷིའི་ངོར་གསོལ་འདེབས། སྒོ་མང་ཟུར་པ་ངག་དབང་ལྷུན་གྲུབ་ཀྱིས་དགའ་ལྡན་དམ་ཆོས་གླིང་དུ་འཛུགས་རྒྱུར་སྐྱེ་བར་རྗེས་འཛིན་གྱི་སྨོན་ལམ། སྡེ་པས་ལྷ་ས་དང་ར་མོ་ཆེ་སོ་སོའི་ལྷ་ཁང་དུ་འབུལ་རྒྱུའི་སྙན་ཤལ་ཁ་བྱང་། སྙིང་ཏིག་གི་རྟོགས་པ་མངོན་གྱུར་ཁམས་པ་རྫོགས་ཆེན་པ་པདྨ་རིགས་འཛིན་གྱི་ཡིག་ལན་སྙན་ཚིག་གི་ལམ་ནས་དྲངས་པ། ལྷ་ཞབས་དྲུང་དགའ་ལྡན་ཕུན་ཚོགས་ཀྱིས་བསྐུལ་མ་མཛད་པའི་གསོལ་འདེབས། མཁན་ཆེན་ངག་དབང་འཕྲིན་ལས་ཀྱི་ཞལ་འདོན་གསོལ་འདེབས་ཇ་མཆོད།


GLG007_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀར་བསྒྱུར་ཆོག་པ། མཆོད་དཔོན་པས་གསེར་ཟངས་ཀྱི་ངེད་རང་གི་འདྲ་འབག་བཞེངས་པའི་ཁ་བྱང་། བྱ་སྐལ་བཟང་རྒྱ་མཚོས་མཛད་པའི་སངས་རྒྱས་ཀྱི་མཛད་པ་འཁྲུལ་མེད་གཏེར་ཞེས་པ་བྱ་པ་ཁྲི་དཔོན་རྒྱལ་པོ་བཀྲ་ཤིས་ཀྱིས་པར་དུ་བརྐོས་པའི་སྨོན་ལམ་རྣམས་བྲིས། ཚ་རོང་བ་གཞོན་པ། དཀར་བྲག་དབོན་པོ། འབྲས་སྤུངས་དགེ་སྐོས་གསར་པ་བཅས་པར་བྱིན་རླབས། དམག་ཟོར་ཚངས་དབང་ལ་གདོན་འགྲོལ་དང་བྱབ་ཁྲུས་བགྱིས། པ་ནམ་ཐར་པ་ངག་དབང་འོད་ཟེར་གྱིས་དུས་འཁོར་བསྡུས་རྒྱུད། བློ་བཟང་དང་ངག་དབང་དཔལ་ལྡན་གཉིས་ཀྱིས་བསྡུས་རྒྱུད་དང་བརྟག་གཉིས་ཀྱི་རྒྱུགས། སྨན་ཐང་པ་མགོན་པོ་ཚེ་རིང་རྒྱུན་སྡོད་དྲུང་འཁོར་ལ་ཞུགས། ཚེས་ཉི་ཤུར་རི་བོ་བདེ་ཆེན། བཟང་ལྡན། སྐུ་རབ་དགའ་ལྡན་རབ་བརྟན་གསུམ་གྱི་མཁན་པོ། བསམ་གྲུབ་དགོན། སྒྲོ་ཁྱུང་དགོན། དོན་གཉིས་གླིང་། སྤུ་བྲག །རྩེ་ལེ། ཐང་ཁྲོག་རྣམས་ཀྱི་བླ་མ། ནོ་མུན་ཁན་གྱི་མི་སྣ། སྲད་རིན་ཆེན་རྩེ་པ། བཀྲ་ཤིས་མཐོང་སྨོན་པ་རྣམས་ལ་ཇ་གྲལ་དང་། དབོན་རིན་པོ་ཆེ་སྐུ་རྐྱང་ལ་དྲག་དམར་གྱི་བསྙེན་པའི་དམིགས་རིམ་རྒྱས་པར་ཕུལ། ཉེར་གཉིས་ལ་སྡེ་པ་ལྷ་པ་སྐུ་མཆེད་སྡེ་པ་ལྷུན་པོ་རྩེ་པ་ཡབ་སྲས་གསུམ། སྣ་དཀར་རྩེ་ལྕམ་སྲིང་གཉིས། འབོག་གོང་མཁར་ལྟག་པ། འདར་པ་ངག་དབང་འཕྲིན་ལས་དང་ངག་དབང་མཁྱེན་བརྩེ། མཁར་ལྡན་པ་གཞོན་པ་རྣམས་ལ་ཚེ་དབང་གྲུབ་རྒྱལ་མ་དང་


GLG007_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་གསང་སྒྲུབ་ཀྱི་དབང་བྱས། ལྷུན་པོ་རྫོང་པའི་སྲས་ལ་མཚན་ངག་དབང་དཔལ་འབར་དང་། སྲས་མོ་དགེ་བསྙེན་དུ་བསྒྲུབས། ཆོས་རྗེ་དུང་དགོན་པ། ཆུ་མིག་པ། རི་བོ་བདེ་ཆེན་གཉེར་པ་རྣམས་དང་ཕྲད། ཞང་སྟོན་སྐུ་མདུན་ལྷུན་གྲུབ། གནས་ཆུང་སྐུ་རྟེན་པ། པང་དོ་བོ་མགོའི་བླ་མ། ངག་དབང་བཟོད་པ་སོགས་ལ་ཇ་གྲལ་དང་། དབུ་མཛད་དམ་ཆོས་དབང་རྒྱལ་སོགས་གྲ་ཚང་གི་གྲ་པ་བརྒྱད། གནས་ཆུང་སྐུ་རྟེན་པ་གསོལ་ཁ་བ་དང་བཅས་པར་གསོལ་མཆོད་འཁྱེར་བདེའི་ལུང་བཀླགས། ཉེར་གསུམ་ལ་ལྷ་ས་དགོས་ནོར་གྱིས་ཚན་གྲངས་ཀྱི་སྐྱེས་འགྱེད་དང་བཅས་གྲ་ཚང་ནས་མཁའ་འགྲོ་སྡེ་ལྔར་བརྟེན་པའི་རིང་འཚོ་མཛད། ལྷ་ས་བ་དུད་ལྔ་རེར་ཡ་ཇུ་བར་ཁག་རེའི་རྩིས་ཁོར་དྲུག་མ་ལྔ་བཅུ་སོང་། རྩེ་ཚོགས་མཁན་ཆེན་རྒྱལ་སྲས་ཤེར་འཕེལ་བ་དང་འོད་མཆོག་སྤྲུལ་སྐུ། སང་སིང་། དར་རྒྱས་གླིང་། ཤེལ་བྲག་གསུམ་གྱི་བླ་མ། མེས་སྟོན་པ། འཚོ་བྱེད་གཞན་ཕན། བསམ་དར་བ། ཕུ་ལུང་པ་སོགས་ལ་བྱིན་རླབས་བགྱིས། ཕྱི་དྲོ་རྡོ་རྗེ་བྲག་སྤྲུལ་པའི་སྐུ་དང་ལུགས་གཉིས་ཀྱི་གསུང་ཇི་སྙེད་བྱུང་ཞིང་སྐྱེས་ལན་བཟབས་ཏེ་རང་གནས་སུ་བསྐྱོད། ཉེར་བཞིར་རྩེ་གདོང་ཕྱག་མཛོད། བཞད་ཆོས་པ། རྒྱ་རྒན་པ། ཁྲོམས་པ། ནས་ཁང་སྟེང་པ། རང་བྱོན་པ། སྡིངས་ཆེན་པ། ལྡན་མ་བ་རྣམས་ལ་ཇ་གྲལ། ཉེར་ལྔར་ལྷ་པ་ཞབས་དྲུང་ཡབ་སྲས། དཔལ་འཁོར་ཆོས་སྡེའི་མཁན་པོ། དར་རྒྱས་གླིང་སློབ་དཔོན་སོགས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། དེ་ཐོག་སྐྱེད་


GLG007_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཚལ་མཁན་པོ། ནུབ་དགོན་བླ་མ་རྣམས་དང་ཕྲད། ཉེར་དྲུག་ལ་ས་སྐྱ་ཕྱག་མཛོད་པས་རིང་འཚོའི་ལེགས་སྐྱེས་སྤེལ། ཐུབ་བསྟན་ཡངས་ཅན་དང་ངོར་མཁན་པོ། གྲོང་སྨད་དཔོན་ས་བུ་ཁྲིད་རྒྱལ་མོ། ལ་སྟོད་རི་བོ་ཆེ་པ། གཉལ་སྣང་གྲོང་དང་གུར་རིན་སྡིངས་བླ་མ། དའི་ཆིང་ཁོ་ལོ་ཆེའི་མི་སྣ་རྣམས་དང་ཕྲད། དཔོན་ས་བུ་ཁྲིད་རྒྱལ་མོ་ཟངས་རིར་འགྲོ་བའི་གེགས་སེལ་དུ་བཀའ་བསྒོ། འཕེལ་གདུང་སོགས་བྱིན་རྟེན། གསེར་སྲང་གསུམ་གྱིས་གཙོས་དགུ་ཚན་བཅས་རྫོང་བདའ། དཔལ་འཁོར་ཆོས་སྡེའི་མཁན་པོ། ཞ་ལུའི་མཁན་པོར་འདེགས་གདོང་འཇམ་དབྱངས་བསྟན་འཛིན། ཁྲོ་ཕུ་བླ་མ་སྙན་གྲགས་རྒྱ་མཚོ། མཚོ་སྣ་གདོང་པ་སོགས་བསྙེན་རྫོགས་གསར་རྙིང་སུམ་ཅུ། གྲུབ་དབང་སྐུ་སྐྱེ་སོགས་དགེ་ཚུལ་བཅོ་བརྒྱད་བསྒྲུབས། ཉེར་བརྒྱད་ལ་དགའ་སྟོན་དྲུག་པར་འདར་པ་ངག་དབང་མཁྱེན་བརྩེ་སོགས་གཞིས་རྩེ། རམ་པ་བ་སོགས་གཏིང་སྐྱེས། མངའ་ཐང་པ་སོགས་པ་ནམ། རྣམ་གླིང་། འདུས་བྱུང་། ལྷ་བུ། རྒྱ་ཚོ་སོགས་རྫོང་གཞིས་ལྷ་སྡེ་མི་སྡེ་རྣམས་ཀྱིས་ཞལ་དཀར་བཏེག །སྒེར་དུ་ངོར། ཡངས་ཅན། ཐུབ་བསྟན། གསེར་མདོག་ཅན་གྱི་མཁན་པོ། གསང་འུག་གཉིས། སྒྲོལ་མ་བ། འདར་པ། ཚ་རོང་པ། གླང་ཕུ་བ། འཇུན་པ། ཇོ་རྫོང་པ། རྒྱ་རྒན་པ། ཟུར་སྤེ་བ། དགའ་ལྡན་ཆོས་འཁོར། ཞ་ལུ་བ། ཁྲོ་ཕུ་བའི་བླ་མ་རྣམས་ལ་བྱིན་རླབས། ཉེར་དགུར་འབྲས་སྤུངས་སུ་མཆོད་རྟེན་གཉིས་ཀྱི་


GLG007_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཁག་མནན་པ་བརྒྱབ། རྒྱུད་སྨད་པ་དང་། གསས་ཁང་པ་ལ་སོ་སོས་བདོག་པའི་སྐྱེས་དང་བཅས་རིང་པོར་འཚོ་བའི་བདེན་བརྗོད་གསུངས། མྱུག་ཆོས་གླིང་དང་མེ་རག་བླ་གཉེར། ལྕང་ར་བའི་བཙུན་མ། སྒྲོལ་མ་བ་ཁུ་ཚན། བསམ་ཡས་དཀར་པོ་བ་ཕ་བུ། གོན་ཇོ་དབུ་མཛད། ལྷུན་གྲུབ་གླིང་པ། བྱང་ངོས་པ་ཁྱོ་ཤུགས་ཀྱིས་དཀར་དྲོ་བཏེག་པར་ཇ་གྲལ། རྟ་ནག་ལ་བསྐྱོན་པའི་གླུད་ཆེ་བར་རྫོངས་སུ་ངེད་རང་གིས་བསྔོས་ཤིང་ཕྱི་དྲོ་རིགས་འཛིན་གཏེར་བདག་གླིང་པས་འཆི་བདག་བཟློག་པའི་ཆོ་ག་མཛད། གནམ་གང་ལ་འཚོ་བྱེད་ངག་དབང་ལྷག་བསམ་གྱིས་དངོས་པོའི་སྐྱེས་འགྱེད་བཅས་སྦྱར་ཏེ་གྲ་ཚང་གིས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་དང་། གུང་གི་དྲོར་སྡེ་པ་ཟངས་རི་བློ་བཟང་མཐུ་སྟོབས་ཀྱིས་ཁྲི་སྟོན་རྒྱས་པར་བཤམས་པའི་མགྲོན་དུ་སྡེ་ཟུར་བློ་བཟང་སྦྱིན་པ། བསྟན་འཛིན་ད་ལའི་རྒྱལ་པོ། དཔོན་ཆུང་དང་བཅས་པ། གཏེར་སྟོན་རིགས་འཛིན་ཆེན་པོ། རྒྱུན་སྡོད་དྲུང་འཁོར་ཐོག །ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་མཐའ་བཞིའི་ལས་སྒོ་དང་རྒྱལ་པོ་རྒྱལ་ཕྲན་ཐམས་ཅད་དབང་དུ་འདུས་པའི་རྟེན་འབྲེལ་ལྟར་སྡེ་པ་སངས་རྒྱས་རྒྱ་མཚོའི་ལས་ཤུགས་བཙན་པོས་ཁམས་ཀྱི་རྒྱལ་རིགས་མ་ལུས་པ་རང་དབང་མེད་པར་དབང་དུ་འདུ་བའི་སྔོན་འགྲོར་སྟོད་ཡ་རྩེ་རྒྱལ་པོའི་རིགས་མ་ཉམས་པ་བྲམ་ཟེ་ལྟ་བུ་གཙང་སྦྲ་དང་རྒྱལ་པོའི་སྤྱོད་པ་དང་མཚུངས་པ་ཛུམ་ལང་ན་ར་སིདྷ་འཁོར་བཅས་མདོ་དར་སོགས་རོལ་མོའི་བྱེ་བྲག་དང་བཅས་ཏེ་འབྱོར། འོན་ཀྱང་སྔོན་ཆད་རྒྱ་ཛུ་སོགས་ཕལ་པ་མང་བ་ལས་རྒྱལ་པོ་བཏེག་མ་མྱོང་བ་དང་ཕྱི་


GLG007_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ཐུན་མོང་ལས་ཕྱི་པ་ཤས་ཆེ་བ་འདུག་པ་བོད་རྗེས་འབྲང་གི་སྲུང་མ་འདྲའི་ཆོ་འཕྲུལ་ཡིན་ནམ་དེ་ཉིན་སེར་ཆོལ་དང་འབྲུག་སྒྲ་ཆེ་ཞིང་ཤིང་སྡོང་ལ་ཁྱུག་སོགས་འཚུབ་ཉམས་ཆེ། བློན་པོ་ས་མ་དྷོ་གེ །བ་མན་གྷ་ཇ་པ་ཏི་པྲ་མ་དར། ཨ་རི་དྷ་རལ། རྒྱལ་ཕྲན་ཏུ་རུ་ཅན་གཉིས་སོགས་དཔོན་གཡོག་ཐམས་ཅད་ཀྱིས་མོན་དར། རས་ཆ། མེ་མདའ། གྲི་མདུང་། བྱེ་ཀར། བུ་རམ། རྟ་སོགས་ཡུལ་ལུགས་དང་མཐུན་པའི་བདོག་པ་དངུལ་སྲང་བརྒྱར་བསྐོར་བ་བསྟབ། ལྷ་ཁང་པ་རྡོ་རྗེ་ནོར་བུ་དང་། མིག་པ་ངག་དབང་གིས་གྲལ་འཕྲོས་བྱས། དབྱངས་འཆར་སྙན་ངག་སོགས་རིག་བྱེད་ཀྱི་གཞུང་མཐའ་དག་ཛུམ་ལང་དུ་དར་སོ་ཆེ་ཚུལ་ལྟར་རིག་བྱེད་དང་འཕྲལ་གྱི་འབེལ་གཏམ་སོགས་ལ་སྒོ་ཡངས་པའི་རྣམ་དཔྱོད་ཅན་དུ་འདུག །ལྷ་སར་འགོར་རིང་འདར་ལོ་དང་ཕན་ཚུན་རིག་བྱེད་ལ་འཕྲོས་གླེང་བྱུང་བར་མཐོང་རྒྱ་དང་ཤེས་རབ་ཚུལ་ལྡན་འདུག་ཅེས་གླེང་། ཧོར་ཟླ་བདུན་པའི་ཚེས་གཅིག་ལ་གཡོན་རུ་དགའ་ལྡན་ཧུང་ཐའི་ཇིས་དངོས་པོ་སྤམས་བསྟོད་དེ་གྲ་པ་བཅུ་གཅིག་གིས་རིང་འཚོའི་ཆོ་ག་བསྟར། གུང་ཚིགས་ལ་ཚོམས་ཆེན་དུ་བཀྲ་ཤིས་ལྷུན་པོའི་མཆོག་སྤྲུལ་དཔོན་སློབ་རགས་བསྡུས་ཀྱིས་གསེར་དངུལ་ཇ་གོས་དར་གནང་ཆ་བཟང་པོ་དང་བཅས་མཇལ། ཉེ་འཁོར་བའི་སྟེང་འབོག་གོང་པ་སོགས་སྡེ་དཔོན་ཆུང་ཁ། འབྲོང་རྩེ་རྒྱལ་ཕུར། མདའ་དཔོན་གསུམ། འཚོ་བྱེད་གཞན་ཕན། བླ་མཁྱེན་ངག་དབང་སོགས་བསྒྲིགས་ཤིང་རོལ་ཆ་བ་མེད་པའི་གྲལ་འཕྲོས་འདར་རྣམ་གྱིས་མོལ། རྒྱལ་ཕུར་རབ་བརྟན།


GLG007_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་རྒྱལ་གླིང་པ། བྲག་གདོང་པ། རྒྱང་རོ་གསེར་སྡིངས་དང་སྙེ་ནང་འཕེལ་གླིང་སློབ་དཔོན། སྒོག་མཁར་པ། ཕུག་པ་བ། མདའ་ཐང་པ། ན་ཁ་བློ་བཟང་སོགས་དང་ཕྲད། ཚེས་གཉིས་ལ་རྒྱུད་སྟོད་སློབ་དཔོན་གྲ་བཅས་ཀྱིས་ཟང་ཟིང་གི་ཚན་གྲངས་བཏེག་ནས་བདེན་བརྗོད་དབྱངས་སུ་མཛད། བྲག་དཀར་ཆུ་བཟང་བླ་མ་བྱམས་པ་རིན་ཆེན་གཤེགས་པའི་བསྔོ་རྟེན་སློབ་དཔོན་སངས་རྒྱས་གཉིས་པའི་གཏེར་སྐུ། སེ་སྟོན་ཉི་མ་བཟང་པོའི་དབུ་ཐོད། གཏེར་བུམ། པཎ་ཆེན་ཤཱཀ་མཆོག་པའི་ཕྱག་དྲིལ་ཀྱེ་རྡོ་རྗེའི་དབང་གི་དུས་མཁར་བཞག་པ་རྭ་ལ་ཕྱག་རྗེས་ཡོད་པར་གྲགས་པ། མཉམ་མེད་ནུབ་དགོན་པའི་སྐུ་བརྙན་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་རབ་གནས་མ། གསེར་མགུར་ཞོ་སུམ་ཅུ། བེར་ཡོལ་གྱིས་གཙོས་པའི་དགུ་ཚན་དགུ་བརྐྱང་བར་ས་ལམ་གྱི་བར་གཅོད་ཞི་ཞིང་འགྲོ་དོན་རྒྱ་ཆེར་འབྱུང་བའི་བསྔོ་སྨོན་གྱི་རྒྱས་བཏབ་པས་དངོས་པོ་ཆུད་མི་ཟ་བར་གྱུར་རམ་སྙམ་རུང་སེམས་དུག་གསུམ་གྱི་སྒྲིབ་པ་ཤས་ཆེ་བས་ཐིངས་དཀའ། རུ་ཐོག་དབང་པོ། བདེ་གླིང་གཞོན་པ། བྲག་དཀར་ཆུ་བཟང་བླ་མ་བྱེད་རྒྱུའི་གོང་མའི་ཕྱག་མཛོད་གྲ་བཅས་ལ་ཇ་གྲལ། ཕྱི་དྲོ་བཀྲ་ཤིས་ལྷུན་པོའི་གསོལ་དཔོན། དགེ་སློང་རྣམ་རྒྱལ། མགྲོན་གཉེར་དཀའ་ཆེན། རྡོ་རྗེ་རྒྱལ་མཚན། བསྐང་གསོ་བ། ཤོ་པ་བསམ་སྡིངས་པ། དགའ་ལྡན་ཧུང་ཐའི་ཇིའི་མི་སྣ་ཐོན་གདོང་རྣམས་ལ་བྱིན་རླབས་བགྱིས། ཚེས་གསུམ་ལ་བཀྲ་ཤིས་ལྷུན་པོའི་མཆོག་སྤྲུལ་དཔོན་གཡོག་ལ་ཇ་གསུམ་བར་མོལ་མཆིད་རྒྱས་པར་བྱུང་བའི་བསྡེབས་སུ་ལྕགས་ལ་


GLG007_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས་པ། འབྲས་སྤུངས་དགེ་སྐོས་རྙིང་པ་གཉིས་ཡོད། སྒྱིད་ཐང་ནོར་བུས་དཀར་དྲོ་བཏེག་ཅིང་ཕྱག་མཛོད་ཕུན་ཚོགས་རབ་བརྟན་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་རྟེན་འབྱོར་དོན་བཞིན་བསྔོ་སྨོན་ཡང་དག་བྱས། ཚེས་བཞིར་དགའ་སྟོན་བདུན་པར་བཀྲ་ཤིས་ལྷུན་པོའི་ཕྱག་མཛོད་ལྡེ་ཆུང་པ་ཐོན་པ་རྗེ་དྲུང་། ཕུག་པ་བ་སོགས་རྣམ་རྒྱལ་ལྷ་རྩེ། ཚ་མིག་པ་སོགས་ཤེལ་དཀར། སྒོག་མཁར་བ་སོགས་ངམ་རིང་། སྦྱར་ར་བ་སོགས་རྫོང་དགའ། མེས་སྲོང་པ་སོགས་སྐྱིད་གྲོང་། ཁང་སེར་བཙུན་པ་སོགས་ཕུན་གླིང་། བྱང་སྟག་རྩེ། གློ་བོ། སྙེ་ནང་སོགས་ཀྱི་རྫོང་གཞིས་མངའ་འོག །དགེ་ལེགས་དཔལ་ལྡན་དང་གླང་ར་བ་སོགས་ནག་ཆུ་ཁ་བ། ཨེར་ཁེ་དའི་ཆིང་སོགས་མཚོ་ཁའི་མི་སྣ་རྣམས་ཀྱིས་ཞལ་དཀར་སྤམས་མཐོར་བཏེག །སྒེར་དུ་ངམ་རིང་དང་བཟང་ལྡན་མཁན་པོ། ཆུ་མིག་པ། རི་བོ་ཆེ་བ། སྨན་སྡིངས། ནེ་རིང་། ཡག་ཆོས། ཟེམ་མཁར་རྣམས་ཀྱི་བླ་མ། ཕུག་པ། འདར་པ་ངག་དབང་འཕྲིན་ལས། བདེ་གླིང་པ། ལྷ་བདུན་པ། མཚོ་སྔ་སྨད་པ། རྐན་ཕུ་བ། མཚོ་དབར་པ། གླིང་ཤར་པ། སྤང་ལ་བ། གདའ་གདོང་བ། སྒོག་མཁར་བ། ཁྲི་མཁར་པ། ཁང་སེར་མ། མེས་སྲོང་པ། སྐྱིད་ཁང་པ། སྒྲོལ་སྐྱབས། ར་སྤེ་བ། ལྷ་རི་རྩེ་པ། ཀ་དྲུག་པ། ཀ་སྤེ་བ། ལྷུག་པ། གླེ་ལུང་པ། མཚལ་མིག་པ། ཤེལ་དཀར་ཆོས་སྡེའི་བླ་དབོན། བྲག་དཀར་ཆུ་བཟང་བླ་ཆབ། བསམ་གྲུབ་དགའ་ལྡན་གཉེར་པ་


GLG007_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཇ་གྲལ་དང་། རྩེར་བསྟན་འཛིན་ད་ལའི་རྒྱལ་པོ་འདམ་ལ་འདེགས་གདོང་གི་འཁོར་བཅས་ཁོད་མ་གཅིག་རྣམས་ལ་མཇལ་ཁ་དང་། ཡབ་སྲས་གསུམ་གར་དྲག་དམར་གྱི་བཀའ་བསྒོ་རྒྱས་པར་ཕུལ། དགའ་ལྡན་ཧུང་ཐའི་ཇིའི་མི་སྣ་གསར་འབྱོར་གྱི་ཡི་གེ་རྟེན་སྒྲགས་བླངས་ཤིང་ངག་མ་ཞིབ་ཏུ་ཉན། ཚེས་ལྔར་རུ་ཐོག་དབང་པོ། མཚོ་སྒོ་བའི་དཔོན་ས། ཨཱ་ཙཪྻདྷ་ཎི། འཚོ་བྱེད་ར་ཕུ་ན་སོགས་དང་ཕྲད། ཚེས་དྲུག་ལ་སྤྲུལ་པའི་སྐུ་བློ་བཟང་ཡེ་ཤེས་དཔོན་གཡོག་དང་ཇ་གསུམ་གྱི་བར་ཆོས་སྲིད་ཀྱི་གླེང་མོ་འབྲེལ་ཆགས་བྱུང་། བཟང་ལྡན་མཁན་པོ། སྒར་གྲ་ཚང་དང་ཡ་ག་ཆོས་སྡིངས་སློབ་དཔོན་པར་ཇ་གྲལ་གྲོལ་ནས་མཁན་པོར་བཀའ་བསྒོ། ཚེས་བདུན་ལ་ངམ་རིང་མཁན་པོ། ལྷ་རྩེ་ཆོས་སྡེ་བླ་ཟུར། ཆོས་རྗེ་ཆུ་མིག་པ་བསམ་གྲུབ་སྒང་པའི་ནང་མི་སོགས་ལ་བྱིན་རླབས། ཆོས་འཁོར་ཡང་རྩེ་བ་དཀའ་བཅུ་བློ་བཟང་། བཤེས་གཉེན་གྱིས་མཛོད་རྩ་འགྲེལ་དང་། དཀའ་བཅུ་བློ་བཟང་ཆོས་འཕེལ་གྱིས་དབུ་མ་རྩ་འགྲེལ་གྱི་རྒྱུགས་སྤྲད། ཚེས་བརྒྱད་ལ་མཆོག་སྤྲུལ་བློ་བཟང་ཡེ་ཤེས་དཔོན་སློབ་ཉི་ཤུ་སྐོར། རྟ་ཚག་རྗེ་དྲུང་ངག་དབང་དཀོན་མཆོག་ཉི་མ། སེམས་དཔའ་སྤྲུལ་སྐུ་ངག་དབང་ཕུན་ཚོགས། ངམ་རིང་མཁན་པོ་ངག་དབང་འོད་ཟེར། བྱང་རྩེ་ཆོས་རྗེ་བློ་གྲོས་རྒྱ་མཚོ། ཕ་བོང་གདན་ས་པ་ཆོས་རྗེ་ངག་དབང་བསྟན་འཛིན། ཤངས་དགེ་འཕེལ་མཁན་པོ། ཐང་སག་ཟུར་པ་མདོ་སྡེ་རྒྱ་མཚོ། སློབ་དཔོན་པ་ཤག་སྐོར་ཟུར་པ་བློ་བཟང་མགོན་པོ། སྒོ་མང་པ་དོན་གྲུབ་རྒྱ་མཚོ། སྔགས་པ་བློ་བཟང་འཇམ་དཔལ། ཤག་སྐོར་


GLG007_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བ་ངག་དབང་དོན་གྲུབ། བློ་གསལ་གླིང་པ་ལེགས་པ་དོན་གྲུབ། འདུལ་བ་པ་བློ་བཟང་དགའ་ལྡན། རྒྱལ་པ་ཆོས་ལྷུན་གྲུབ། བདེ་ཡངས་པ་བློ་བཟང་ཡོན་ཏན། ཁལ་ཁ་ཛ་ཡ་པཎྜི་ཏ་ཁུ་ཐུག་ཐུ། ཏྲེ་བོ་དཔོན་བློ་བཟང་ཆོས་སྐྱོང་། སྤོས་དགའ་སྐུ་སྐྱེ་ངག་དབང་ཀུན་དགའ་བསོད་ནམས། མེར་གན་དགེ་སློང་ངག་དབང་བློ་གྲོས། དྲུག་བརྒྱད་དགེ་སློང་བློ་བཟང་དཀོན་མཆོག །འཕྱོས་པ་སྐུ་སྐྱེ་བསྟན་འཛིན་རྒྱ་མཚོ། དགེ་སློང་འཇམ་དབྱངས་གྲགས་པ། སྔགས་རམས་པ་དོན་གྲུབ་རྒྱ་མཚོ། གནས་གསར་འཇམ་དབྱངས་བསྟན་འཛིན། སྔགས་རམས་པ་ངག་དབང་དགེ་ལེགས། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས། འདར་པ་རྗེ་དྲུང་བློ་གསལ་བསྟན་འཛིན་སོགས་ལ་ཟུར་བཀའ་ཇོ་བོ་ཨ་ཏི་ཤའི་ཐུགས་དམ་གྱི་སྙིང་པོ་བཀའ་གདམས་ལྷ་བཞི་དང་སྨན་བླ་བདེ་གཤེགས་བདུན་མཐོ་བརྩེགས་ཀྱི་རྗེས་གནང་། ཕྱི་དྲོ་ཐར་གླིང་ཟུར་པ། སྤོང་རོང་རྗེ་དབོན་གྱི་བུ། ཨུལ་ཇོའི་ཐུ་པཱ་ཐུར་ཐའི་ཇིའི་མི་བཟང་མཚོ་ཁ་ནས་གསར་འབྱོར་དང་ཕྲད། ཚེས་དགུར་ཆོས་གསན་སྔ་མའི་སྟེང་སྐྱོར་ལུང་མཁན་པོ་སྒང་གུ་བ་ངག་དབང་རྒྱ་མཚོ། སློབ་དཔོན་ཕུག་ཁང་པ་བློ་གྲོས་རྣམ་རྒྱལ། ཁྱམས་པ་བློ་བཟང་དངོས་གྲུབ། མཚན་ཉིད་པ་བློ་བཟང་དཔལ་འབྱོར། རྨི་རུ་བ་རིན་ཆེན་རྒྱ་མཚོ། སྤུ་བྲག་པ་ངག་དབང་རྒྱ་མཚོ་སོགས་ལ་བཅུ་གཅིག་ཞལ་དཔལ་མོ་ལུགས་གཙོ་རྐྱང་། པཎྜི་ཏ་གསེར་གདུགས་ཅན་གྱི་འཇམ་དབྱངས་ཤེས་རབ་འཁོར་ལོ། རྣམ་འཇོམས་ལྗང་སྔོན་བ་རི་ལུགས། གུར་ནས་བཤད་པའི་འབྱུང་པོ་


GLG007_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བྱེད། དབང་གི་སྒྲོལ་མ་དམར་མོ་རྣམས་ཀྱི་རྗེས་གནང་གྲུབ་ནས་ཆབ་ནག་མཁན་པོའི་བསྔོ་རྟེན་བསྐྱར་མ་སྐྱེལ་མི་དང་ནུབ་དགོན་པ་བླ་མ་སོགས་ལ་ཇ་གྲལ་བཏང་། ཚེས་བཅུར་གོང་སྟེང་ཀོང་པོ་བཀྲ་ཤིས་རབ་བརྟན་གྱི་མཁན་པོ། དེ་མོ་དང་ཟེམ་མཁར་བླ་མ། མེ་རག་བླ་མ་བློ་གྲོས་རྒྱ་མཚོ། སྡེ་པ་མདོང་མཁར་བ་བཅས་པར་ཀླུ་དབང་རྒྱལ་པོ་གཙོ་འཁོར་ལྔ་པ། མི་གཡོ་བ་སྔོན་པོ་གཙོ་རྐྱང་པུས་བཙུགས་སམ་ཆུ་སྲུང་། མི་གཡོ་བ་སྔོན་པོ་དམ་པའི་ཕྱག་ལེན་འཁྲུལ་མེད། མི་གཡོ་བ་དཀར་པོ། གུར་རྒྱན་ནས་བཤད་པའི་སོ་སོར་འབྲང་མའི་རྗེས་གནང་རྣམས། ཚེས་བཅུ་གཅིག་ལ་གོང་སྟེང་གངས་ཅན་མཁན་པོ་དཀོན་མཆོག་རིན་ཆེན། ཆོས་རྗེ་རྒྱལ་བའི་སྐུ་སྐྱེ་ངག་དབང་འཕྲིན་ལས་བཅས་པར་སྙེ་མདོ་ཤཱཀྱ་དཔལ་བའི་ཞལ་གཟིགས་མའི་ཕྱག་ན་རྡོ་རྗེའི་མེ་དབང་དང་བཅས་པ། སྨེ་བརྩེགས་ལྗང་གུ་ཇོ་ལུགས། དུད་ཀ་ས་ལུགས། འོད་ཟེར་ཅན་གཙོ་རྐྱང་ཟུར་བཀའ། རྟ་ནག་ལྕགས་རལ་ཅན་ཟླ་རྒྱལ་ལུགས་རྣམས་ཀྱི་རྗེས་གནང་། དཔོན་ཚང་ནམ་མཁའ་རྒྱལ་ཚན་དང་མིག་པར་བཀའ་བསྒོ་བགྱིས། ཚེས་བཅུ་གཉིས་ལ་གོང་སྟེང་རྒྱལ་སྲས་ཤེས་རབ་འཕེལ་བའི་སྤྲུལ་སྐུ། སློབ་དཔོན་སེ་ར་སྨད་པ་བློ་བཟང་དོན་གྲུབ། བྱེས་པ་བློ་བཟང་བཀྲ་ཤིས། སྟོད་པ་བློ་བཟང་རྒྱལ་མཚན་བཅས་པར་རྟ་མགྲིན་ཤྭ་ཎ་བཞིས་བསྐོར་ཤིན་ཏུ་རྒྱས་པ། ཇོ་བོ་ལུགས་ཀྱི་ཛམ་དཀར་འབྲུག་ཞོན། ཛམ་སེར་ནག་ཟུར་བཀའ། ཆག་ལོ་གསུམ་པ་ལུགས་ཀྱི་གཙུག་ཏོར་འབར་བའམ་སྲེག་བྱེད་མེའི་མཚོན་ཆ། རྒྱ་མཚོའི་ནང་གི་དབྱངས་ཅན་དམར་མོ་ཞལ་གསུམ་པ་རྣམས་ཀྱི་རྗེས་གནང་དང་།


GLG007_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་དར་ཁན་ནང་སོ་སོགས་ལ་བྱིན་རླབས། ཚེས་བཅུ་གསུམ་ལ་གོང་སྟེང་འཕགས་སྡེ་མཁན་པོ་དང་ཉི་ཐང་སློབ་དཔོན་འཕར་བཅས་ལ་ཇོ་བོ་ལུགས་ཀྱི་རྟ་མགྲིན་གཤོག་པ་ཅན། པཎ་ཆེན་ནགས་རིན་ལུགས་ཀྱི་སེང་གདོང་དམར་མོ་དང་བ་རི་ལུགས་ཀྱི་སྔོན་མོ། སྤྱན་རས་གཟིགས་སེང་གེ་སྒྲ་རྣམས་ཀྱི་རྗེས་གནང་དང་། སླར་སྤྲུལ་པའི་སྐུ་དཔོན་གཡོག་གསུམ། རྟ་ཚག་རྗེ་དྲུང་། ཤེར་འཕེལ། སེམས་དཔའ། དཀར་ལྕོག །སྤོས་དགའ། སྐྱིད་ཤོད་རྣམས་ཀྱི་སྤྲུལ་སྐུ། ངམ་རིང་། རྒྱལ། སྐྱོར་ལུང་། གངས་ཅན། བྱང་རྩེ། འཕགས་སྡེ། དགེ་འཕེལ་རྣམས་ཀྱི་མཁན་པོ། དགེ་སློང་འཇམ་དབྱངས་གྲགས་པ། དར་མོ་སྨན་རམས་པ། འཇམ་དབྱངས་བསྟན་འཛིན། སྔགས་རམས་པ་དོན་གྲུབ་རྒྱ་མཚོ། དར་པོ་རྗེ་དྲུང་བློ་བསལ་བསྟན་འཛིན་རྣམས་ལ་འཇམ་དབྱངས་སྨྲ་སེང་། ཕྱག་རྡོར་ཨུ་ཙར་ཡ་མེ་དབང་དང་བཅས་པའི་རྗེས་གནང་། ངམ་རིང་དང་འཕགས་སྡེ་མཁན་པོ། གཞིས་རྩེ་ལས་བྱེད་གསར་པ་སོགས་ཐོན་གྲས། གཡོན་རུའི་མི་སྣ་རྗེས་སླེབས་རྣམས་དང་ཕྲད་ཅིང་ཐོན། ཚེས་བཅུ་བཞིར་སྡེ་པ་བློ་བཟང་སྦྱིན་པས་གོས་སྣ་ཆ་ཚང་། དིང་པོན་དབུ་ཁེབས་མ། བུམ་གདན་མ། གསེར་དངུལ་གོས་དར་སོགས་དང་གྲ་པ་རེར་ཁ་བཏགས། གསེར་ཞོ། སྨན་ཁ་རེ་བཅས་གྱ་ནོམ་པ་མཛད་དེ་གྲ་ཚང་གིས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་སྤེལ། ཚེར་གསེབ་དགོན་པ་བས་ཀྱང་ཆོ་ག་དང་འབྲེལ་བའི་རིང་འཚོ་བསྟར། སྣེའུ་སྡོང་ཞབས་དྲུང་ཡབ་སྲས་གཉིས་


GLG007_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཀུར་བཟོས་སྔར་བཞིན་ཕུལ་ཞིང་ཇ་སྦྱོར་གསུམ་གྱི་བར་གསུང་གླེང་ཞིབ་ཏུ་མོལ། ཕྱི་དྲོ་ཛུམ་ལང་རྒྱལ་པོ་འཁོར་བཅས། ཇོ་རིག་ཐུ་ཨེར་ཁེ་དའི་ཆིང་། རྒྱལ་སྲས་བཀྲ་ཤིས། དཔོན་ཚེ་རིང་གི་དཔོན་མོ། བསོད་ནམས་ཧུང་ཐའི་ཇི་གསུམ་བུ་བཅས། ཐོ་གོལ་ཅན་ངོ་བོ་བདུན། དར་རྒན་ནང་སོ། ཐོར་གོད་དགེ་ཚུལ་སྒྲོལ་མ། དགེ་འདུན་སྒྲོམ་མ། ཀླུ་འབུམ་ཆོས་རྗེ། ཉང་པོ་གླང་རུ། སྙེ་ཕུ་དགོན་ཕྱོགས་ཀྱི་བླ་མ་གསུམ། ཤག་བྱང་པ་སོགས་ལ་ཇ་གྲལ་གྱི་ཐོག་ཛུམ་ལང་རྒྱལ་པོར་རྒྱ་བལ་གྱི་དྲི་བ་དྲི་བཤད་མང་དུ་བྱུང་། བོད་སོག་ཨ་མདོ་པ་སུམ་བརྒྱ་སྐོར་ལ་མེ་ཏོག་གཏོར། ཚེས་བཅོ་ལྔར་མཆོག་གི་སྤྲུལ་པའི་སྐུས་དངུལ་གྱི་མཎྜལ། ཚེ་དཔག་མེད་ཀྱི་སྐུ། རུང་མཐུན་གྱི་གོས་ཆ་འགྲིག་གསེར་དངུལ་གོས་དར་སྤམས་མཐོ། གྲ་པ་རེར་ཁ་བཏགས། དངུལ་སྲང་རེ། གོས་ཁ་རེ་དང་བཅས་ཚེ་དཔག་མེད་ལོངས་སྐུ་མའི་རྡུལ་ཚོན་གྱི་སྒྲུབ་མཆོད་སྔོན་འགྲོར་བསུན་བཟློག་རྒྱས་པ་དང་འབྲེལ་བའི་རྟེན་འབྱུང་ལེགས་པའི་མགྲོན་དུ་ཛུམ་ལང་རྒྱལ་པོའང་བྱོན། ཚེས་བཅུ་དྲུག་ལ་སྒྲུབ་ཞག་བདུན་སྔོན་སོང་གི་རྡོར་སློབ་ཆོས་རྗེ་ཟིལ་གནོན་རྡོ་རྗེས་ཚེ་བདག་དང་། དགེ་སློང་བློ་གྲོས་རྒྱལ་བས་ཡང་གསང་དྲག་པོའི་གཏོར་བཟློག་གིས་བདུད་སྡེའི་གཡུལ་ལས་རྒྱལ། ས་སྐྱོང་བློ་བཟང་སྦྱིན་པའི་ཉམས་ལེན་དུ་བཀའ་གདམས་ལྷ་བཞིའི་ནང་གི་སྒྲོལ་མ་གཙོ་འཁོར་གསུམ་པ་སྒྲུབ་ཐབས། རྡོ་རྗེ་སེམས་དཔའི་སྒོམ་བཟླས། བླ་མའི་རྣལ་འབྱོར་ཉེ་གནས་གསུང་རབ་རྒྱ་མཚོ་དང་འདྲ་བར་གདམས་པ། བོད་འབངས་བདེ་ཐབས་སུ་ཐུགས་སྒྲུབ་ཀྱི་


GLG007_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱང་རྒྱས་པ་ཞིག་གྲ་ཚང་དུ་འཛུགས་འདོད་ཀྱང་དགེ་དར་བ་སོགས་ཀྱི་མི་བསྲུན་སྒྱུ་དྲ་སྣ་ཚོགས་ཀྱིས་འཛུགས་མ་བདེ་བར་བཟོ་ཅན་གྱི་བསྲེ་སླད་མེད་པར་དྲག་པོ་རྩལ་གྱི་འཕྲིན་ལས་འབྲིང་པོའི་ཆོག་སྒྲིགས་རིན་ཆེན་འཕྲེང་བ། སྡེ་པ་སངས་རྒྱས་མཚོའི་གཏན་ཚིགས་རིམ་སོང་། དེབ་ཀྱི་འགོ་བརྗོད། དཔལ་འཁོར་ཆོས་སྡེའི་མཁན་ཆེན་ངག་དབང་འཕྲིན་ལས་ཀྱིས་བསྐུལ་མ་མཛད་པའི་བསྔོ་ཚིག །མཆོག་སྤྲུལ་བློ་བཟང་ཡེ་ཤེས་ཀྱི་གསོལ་འདེབས་བརྟན་བཞུགས་དང་འབྲེལ་བ། ཐོས་བསམ་གླིང་སྤྱི་ཚོགས་ཀྱི་ངོར་སློབ་དཔོན་བདེ་གཤེགས་སྙིང་པོའི་གསོལ་འདེབས་རྣམས་བཀོད། ཚེས་བཅོ་བརྒྱད་ནས་ཉེར་བཞིའི་བར་མཆོག་སྤྲུལ་དཔོན་སློབ་རགས་བསྡུས། རྟ་ཚག་རྗེ་དྲུང་། ཤེར་འཕེལ། སེམས་དཔའ། དཀར་ལྕོག །སྤོས་དགའ་སྟེ་སྤྲུལ་སྐུ་བཞི། གངས་ཅན། དགེ་འཕེལ། སྐྱོར་ལུང་སྟེ་མཁན་པོ་གསུམ། འབྲས་སྤུངས། སེ་ར། སྐྱོར་ལུང་གསུམ་གྱི་སློབ་དཔོན་བཞི་རེ། ཉི་ཐང་། ཐང་སག་ཟུར་པ། ཡང་དགོན། རྨེ་རུ། འཕེལ་གླིང་། སྤུ་བྲག །བཀྲ་ཤིས་ཆོས་གླིང་། ཟེམ་མཁར། མེ་རག །ཀླུ་འབུམ། སྤོང་འབོར། བསམ་བློ། དགའ་ལྡན་ཆོས་འཁོར། སྟག་ལུང་། འཕྱོས་པ། ལྷ་རྩེ་ཟུར་པ་སྟེ་སློབ་དཔོན་དང་སྐུ་སྐྱེ། ཏྲེ་བོ་དཔོན། མེར་གན་དགེ་སློང་། དྲུག་བརྒྱ་དགེ་སློང་། སྐྱིད་གྲོང་འཕགས་པའི་སྐུ་གཉེར། མཆོད་དཔོན་པ། དགེ་སློང་། དཔལ་གྲོང་པ། འཇམ་བསྟན། རྣམ་པཎ། འདར་པ་རྗེ་དྲུང་སོགས་དྲུང་འཁོར་རགས་བསྡུས་


GLG007_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་སྐོར་ལ་ཇོ་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་། དགེ་ལུགས་ནས་བརྒྱུད་པའི་སྙིང་པོ་དོན་གསུམ་གྱི་འཁྲིད་སྨིན་རྒྱས། སྣེའུ་སྡོང་མ་ཆེན་ལ་ཇ་གཉིས་ཐོག་ལུགས་གཉིས་དང་འབྲེལ་བའི་གསུང་འཕྲོས་དང་ཕྱག་དྲུག་པའི་བཀའ་བསྒོ། སྐྱེས་ལེན་བཟབས་པར་དབུལ་ཏེ་སྟི་གནས་སུ་ཐེགས།ཉེར་གཉིས་ལ་སྣེའུ་སྡོང་གདུང་བརྒྱུད་ལའང་ཤངས་ལེན་བཀའ་བསྒོ་ཕུལ། དྲུག་ལ་བླ་ཟུར་དང་། ཆབ་ནག་དབོན་པོའང་སྡེབས་སུ་ཡོད། ཉེར་གསུམ་ལ་མཆོག་སྤྲུལ། རྟ་ཚག་རྗེ་དྲུང་། སེམས་སྤྲུལ། དཔལ་གྲོང་པ་བཅས་པར་དམག་ཟོར་མའི་རྗེས་གནང་ཐུན་མོང་བ་དང་། མཆོག་སྤྲུལ། ཤེར་འཕེལ་སྤྲུལ་སྐུ། དཔལ་གྲོང་པ། ལ་མོ་སྐུ་རྟེན་བཅས་པར་དཔལ་མགོན་བྲམ་ནག་བཤན་པ་དྲུག་སྐོར་གྱི་རྗེས་གནང་། ལྕང་ར་ཟིལ་གནོན་པར་བཀའ་བསྒོ། ཉེར་བཞིར་ཆོས་གྲོལ་བའི་སྤྱིར་ཆག་ལུགས་ཚེ་དཔག་མེད་དཀར་པོའི་རྗེས་གནང་དང་མཆོག་གི་སྤྲུལ་སྐུའི་གསོལ་འདེབས་བརྟན་བཞུགས་ལུང་། མཆོག་སྤྲུལ་ལ་མ་ཏི་ལུགས་ཀྱི་འཇམ་དཀར་ཟབ་ཁྱད་ཅན་གྱི་རྗེས་གནང་ཕུལ། ད་ལམ་མཆོག་སྤྲུལ་གྱིས་དབུས། བླ་ཆེན། སློབ་ཆུང་། ཤེས་རབ་ཆེ་གྲས་འགར་སྤྱི་བཀའ་ལྟར་མ་ཡིན་པར་ཟུར་བཀའ། རང་རང་གཞུང་ནས་མི་སྐད་བཤད་པ་བཞིན་ལ་གསུང་རྒྱུན་གྱིས་བརྒྱན་ཏེེ་དྲིལ་ཏིང་རོལ་མོའི་བྱེ་བྲག་ཚུན་ཀྱང་མ་འདྲེས་པར་ཕུལ་བ་བསྟན་རྒྱུན་ལ་ཕན་རེ་ཁོ་ན་ཡིན་པ་ཐམས་ཅད་ཀྱིས་ཀུན་གོ་གཅིག་གིས་བཅད་པའི་དོགས་བདེར་མ་སོང་བ་ཡོད་དམ་སྙམ། འོན་ཀྱང་དུས་དབང་གིས་འཆད་ཉན་བྱེད་པ་པོ་རྣམས་


GLG007_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འཕྲལ་ཡུན་གྱི་ཉེས་དམིགས་ལ་ལྟ་བ་དཀོན་པའི་ལས་སླ་ཞིང་ལྟོགས་པ་སྙིང་ལ་འཁར་བའི་རང་ནོར་བདག་ལེན་འདི་རང་གཞན་ལ་འབྱུང་ཉེ་བའི་ཆུ་ངན་ལམ་ཞུགས་སུ་མ་གྱུར་ཙམ་ཡོང་རེ་ཡིན། སྡེ་པ་བློ་བཟང་སྦྱིན་པ། རོགས་བྱེད། གྲ་ཚང་གི་གྲ་པ་ཁ་ཤས་བཅས་པར་བླ་མ་བདེ་ཆེན་དབང་ཕྱུག་དང་། དྲག་དམར་གྱི་དབང་། བཀའ་གདམས་ལྷ་བཞིའི་ནང་ཚན་སེང་ལྡེང་ནགས་སྒྲོལ་གཙོ་འཁོར་གསུམ་པའི་རྗེས་གནང་དང་དེའི་སྒྲུབ་ཐབས་གསར་བརྩོམས། བླ་མའི་རྣལ་འབྱོར། རྡོར་སེམས་སྒོམ་བཟླས་རྣམས་ཀྱི་ལུང་། རྒྱལ་སྲས་བསོད་ནམས་བཀྲ་ཤིས་མཚོ་ཁར་འདེགས་གདོང་གི་སྟེར་ཆ་བཀའ་བསྒོ། མཚོ་ཁ་ནས་གསར་འབྱོར་དཔོན་རྡོ་རྗེའི་བུ་ཚེ་བརྟན་འཁོར་བཅས། ཆོས་འཆད་པ་དགེ་སློང་འཕྲིན་ལས། འཕེལ་གླིང་སློབ་དཔོན་བཅས་ལ་ཇ་གྲལ། སྟོད་ཕྱོགས་བསྟན་སྲིད་ལ་རྒྱའི་གེགས་སེལ་ལ་སྔགས་ཁང་དུ་རྒྱུད་སྟོད་པས་ཡ་མ་རཱ་ཛ་དང་དྲུག་ཅུ་པ། སྨད་པས་ཤཱ་ས་ན་དང་གློ་བུར་ལས་བཅོལ་གྱི་གཏོར་བཟློག །མངའ་རིས་ཀྱི་ཇུས་རིམ་དུ་དགེ་ལུགས་ཨང་དང་གཉིས་ཡན་གྱི་སྔགས་གྲ་རྣམས་ཀྱིས་གཏོར་བཟློག །བཤད་གྲ་རྣམས་ཀྱིས་མདོ་སྒྲུབ། སེར་འབྲས་སུ་ཇ་ཚུལ་བཙུགས་ཏེ་མདོ་སྒྲུབ་འཕར་མ། གོང་དཀར་དུ་རྡོ་རྗེ་བྲག་པས་མགོན་པོ་གཡུལ་བཟློག་དང་ཀི་ཀང་གི་དགྲ་མནན། དཀོན་གཉེར་བས་གདུགས་དཀར་མདོས་ཆེན། སྔགས་པ་གནས་ཆུང་པས་ཨུརྨོའི་ལས་སྦྱོར། ཕོ་བྲང་དུ་སྨིན་གླིང་པས་དྲེགས་འཇོམས་གཏོར་བཟློག་དང་ཀི་ཀང་དགྲ་མནན།


GLG007_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱོང་རྒྱས་སུ་དཔལ་རི་བས་གཤིན་རྗེ་ནག་པོ་སུམ་དྲིལ་གྱི་གཏོར་བཟློག་དང་དགྲ་མནན། ལྷ་སར་གསང་སྔགས་བྱང་ཆུབ་གླིང་པས་ཚེ་བདག་གི་གཏོར་བཟློག་དང་ཀི་ཀང་གི་དགྲ་མནན། མལ་དྲོ་གུང་མཁར་དུ་སྤོ་བོ་བན་གྲོང་པས་ཁྲོ་ཆུའི་གཏོར་བཟློག །རྒྱལ་རྩེར་བྲག་ལ་པས་འཆར་ཀའི་གླང་ཆེན་སྣ་བསྒྱུར་དང་ཀི་ཀང་གི་དགྲ་མནན། རིན་སྤུངས་སུ་ངེས་གསང་རྡོར་གླིང་པས་བཟློག་མནན་གོང་མཚུངས། འོད་མཆོག་སྤྲུལ་པའི་སྐུས་ཡང་གསང་ཀརྨ་དྲག་པོའི་གཏོར་བཟློག་དང་ཀི་ཀང་གི་དགྲ་མནན། གཞིས་རྩེར་འུག་བྱ་ལུང་པས་མགོན་པོ་གཡུལ་བཟློག་དང་ཀི་ཀང་གི་དགྲ་མནན། སྒྲོལ་མ་བས་ཚེ་བདག་གཏོར་བཟློག་དང་དགྲ་མནན། དོ་རྫོང་དུ་སྨྲ་བོ་ལྕོག་པས་འཆར་ཀའི་མདོས་དང་དགྲ་མནན། ཀ་ཚལ་དུ་རིགས་འཛིན་དཀོན་མཆོག་ལྷུན་གྲུབ་ཀྱིས་ཡང་བཟློག་དང་དགྲ་མནན། འོལ་དགར་བྲག་སྣ་བས་འཆར་ཀ་དང་དགྲ་མནན། བཀྲ་བཟང་དུ་རང་གྲས་ཁྲོ་རོལ་དང་དགྲ་མནན། དར་མར་གནས་གཞི་བས་འཆར་ཀ་དང་དགྲ་མནན། ལྷ་རྩེར་ཆུ་མིག་པས་ཕུར་བཟློག་དང་དགྲ་མནན། ངམ་རིང་དུ་མེས་སྟོན་པ་བརྒྱ་མཁར་བ། ཀྱི་སྟོན་པ་གསུམ་སོ་སོ་ནས་ཚེ་བདག་གཏོར་བཟློག་དང་དགྲ་མནན། བྱང་སྟག་རྩེ་ནུབ་དགོན་ཆེ་བ། ཆུང་བ། དོན་གྲུབ་གླིང་སོ་སོས་ཚེ་བདག་གི་གཏོར་བཟློག་དང་ཀི་ཀང་གི་དགྲ་མནན། སོ་སོར་རྒྱབ་ཆོས་པས་ཤེར་སྙིང་དྲུག་འབུམ་བཞི་ཁྲི་བརྒྱད་སྟོང་། ཆོས་འཁོར་རྒྱལ་པ་ཁག་གསུམ་གྱིས་དྲུག་ཅུ་པ། དམག་ཟོར་མ། བེག་ཙེ་གསུམ་གྱི་གཏོར་བཟློག །རྒྱབ་ཆོས་ཚོགས་ཆེན་དུ་མང་ཇ་གསུམ་ལ་ཤེར་སྙིང་། གོང་དཀར་དུ་ཆོས་སྡེ་བ། ཕོ་བྲང་དུ་བཀྲ་ཤིས་རྩེ་ཆོས་སྡེ་བ་གཉིས་ཀྱིས་དམར་ཆེན་གཏོར་བཟློག །ཆོས་སྐྱོང་


GLG007_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གཉིས་ཀྱི་ལུང་བསྟན་ཇུས་རིམ་དུ་ཆུ་མིག་ལུང་དུ་རྒྱུད་སྨད་པས་དྲུག་ཅུ་པ་དང་གྲ་ས་ཕན་ཚུན་དུ་ཇ་ཚུལ་ཐོག་ཤེར་སྙིང་དང་གདུགས་དཀར། གནས་ཆུང་དུ་ཟླ་ཕྱེད་བར་འཕྲིན་ལས་དོན་བཅུ་མ་འགྲོ་གང་ཆེ། རྫོང་ཆེ་རིགས་ཚང་མ་ནས་ཡར་ངོར་དགྲ་ལྷ་དཔངས་བསྟོད། ངེད་ཀྱི་རིམ་གྲོར་ལྷ་སར་བྲག་དབར་བས་བཀའ་འགྱུར་གསུམ། རྩེ་ཤོད་ཐུན་མོང་དུ་རྒྱུད་འབུམ་གསུམ། དཔལ་གསོལ་བརྒྱ་ཚར། གཟུངས་འདུས་ཆིག་བརྒྱ་ཉེར་གཉིས་སྒྲོལ་མ་ཉིས་སྟོང་ཆིག་བརྒྱ། ཤེར་སྙིང་དགུ་བརྒྱ། ཚེ་གཟུངས་བཞི་བརྒྱ། འབུམ་རྒྱས་པ་བཅུ་གཅིག །རྒྱལ་དུ་དམག་ཟོར་མའི་བསྐང་བ་ཁྲི། བེག་ཙེར་སྟོང་། གཞན་མར་བརྒྱ་རེ། པ་ནམ་དུ་མཚན་སྒྲོག་པས་གདུག་དཀར་ཤེར་སྙིང་ཁྲི་རེ། ཚེ་གཟུངས་ས་ཡ། སྤྲེལ་ལོའི་སྲི་ལ་དམིགས་རྒྱལ་རྩེར་དཔལ་འཁོར་ཆོས་སྡེའི་དགེ་ལུགས་ཚོ་བསྡུས་ཀྱིས་འབུམ་བརྒྱ། དབུས་གཙང་གི་དགོན་ཨངྐི་གསུམ་པ་ཡན་ཚང་མར་མང་འགྱེད་ཐོག་གདུགས་ཤེར་འགྲོ་གང་ཆེ། གྲ་ཚང་ནས་གྲངས་བཅད་ཀྱིས་སྲི་རིགས་ཐམས་ཅད་མནན་པ་འབྱུང་བ་རིན་ཆེན་ཀུན་འདུས་དང་དགོངས་འདུས་ཐུན་མོང་ནས་གནོན་བཅུག །ལྷ་སར་བདེ་ཡངས་པས་བརྒྱད་སྟོང་པ་ཆིག་སྟོང་བཞི་བརྒྱ་ཉེར་གཅིག །སྒྲོལ་མ་ལྔ་སྟོང་སུམ་བརྒྱ་གདུགས་དཀར་ཉིས་སྟོང་། ཤེར་སྙིང་ཕྱེད་ལྔ་སྟོང་། ཉེར་ལྔར་སྡེ་པ་ཟུར་པ་བློ་བཟང་སྦྱིན་པར་བདོག་པའི་སྐྱེས་བཟང་དང་བཅས་སྣེའུ་སྡོང་རྩེ་ཕྱོགས་སུ་བྱོན། བཀྲས་ལྷུན་ཕྱག་མཛོད་ཐོན་པ་རྗེ་དྲུང་བསྐོ་རྒྱུའི་སྔོན་འགྲོར་བདོག་པའི་སྐྱེས་


GLG007_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བསྟབ་པ་བླངས་ཤིང་ཞབས་ཕྱིར་གང་འགྱུར་དགོས་ཚུལ་སོགས་ཀྱི་བསླབ་བྱ། མདུད་པ། ཤམ་ཐབས། རྡུལ་གཟན་བྱིན་ཅིང་བཀའ་བསྒོ་བྱས། གུང་ཚིགས་ཀྱི་ཐོག་མཆོག་སྤྲུལ་བློ་བཟང་ཡེ་ཤེས་དཔོན་གཡོག་ལ་སྟོན་མོ་རྒྱས་པར་དབུལ་ནས་ན་བཟའ་སྐོར་ཆ་ཆང་། དངུལ་མདོང་། ལྟེ་རི། ཐ་ཕག །ཤེལ་དཔྱད། གོས་དར་སྣམ་ཕྲུག་ཇ་རས་སོགས་སྐྱེས་ལན་སྤམ་མཐོར་བཏེག །དཔོན་ཆུང་ཐོ་གོལ་ཐོན་གདོང་གི་བཀའ་བསྒོ། གསར་འབྱོར་ཁལ་ཁ་དྷ་ར་དཔོན་གྱི་མི་སྣ་སྦི་ལིག་ཐུ་ནང་སོ། དྷརྨ་ཤྲི་ཧུང་ཐའི་ཇིའི་མི་སྣ་ཨེར་ཁེ་ནང་སོ་ཅན། ཨ་ཡོ་དྷ་རའི་མི་སྣ་ཤྲི་བྷར་ནང་སོ་ཅན་སོགས་ཀྱི་ཡི་གེ་རྟེན་སྦྲགས་བླངས། མཁའ་འགྲོ་དགེ་ཚུལ་མ། གེ་རེ་ལྷ་པའི་སྲས། ལྔ་མཆོད་བླ་ཟུར། ལྟར་བུ་དང་ཀླུངས་ཤོད་དགོན་བླ་མ། ལྷ་རྩེ་བླ་མར་འགྲོ་མི་རབ་འབྱམས་པ་རྡོ་རྗེ་རྒྱལ་མཚན། ལ་མོ་སྐུ་རྟེན་པ་ནང་ཚང་། མོན་པ་དཔལ་འབྱོར་དོན་གྲུབ། གནས་རྙིང་ལྕམ་སོགས་ལ་ཇ་གྲལ། གེ་རེ་ལྷ་པའི་སྲས་ཀྱི་གཙུག་ཕུད་བླངས་ཤིང་མཚན་ལྷ་ངག་དབང་ཀུན་དགའ་རབ་བརྟན་དུ་གསོལ། རྣམ་སྲས་གླིང་པ་ཕ་བུར་བཀའ་བསྒོ་བགྱིས། ཉེར་དྲུག་ལ་རྒྱལ་ཚབ་སྤྲུལ་པའི་སྐུས་བཀྲས་བཏགས། བླ་བྲེ་བུམ་སྟན་མ་སོགས་སྐྱེས་ཀྱི་བདོག་པ་བརྐྱང་ཞིང་། སྐུ་མཆེད་ཀྱིས་གཙོས་བརྒྱད་གྲར་ཚེ་དབང་གྲུབ་རྒྱལ་མ་ཕུལ། མང་ར་དང་ཤངས་དགེ་འཕེལ་མཁན་པོ། ཕུན་གླིང་བླ་ཟུར། རྨེ་རུ། ཉི་ཐང་། གཏིང་སྐྱེས་བཀྲ་ཤིས་ཆོས་གླིང་། སྤུ་བྲག་རྣམས་ཀྱི་བླ་མ། ཆེ་ཆེན་རབ་འབྱམས་པ་སྤུན་རྣམས་དང་ཕྲད།


GLG007_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཐུ་མེད་དརྒན་ནོ་ཡོན་གྱི་བསྔོ་རྟེན་འབྱོར་པར་བྱང་ཆུབ་ཀྱི་རྒྱུར་བསྔོས། བསྙེན་རྫོགས་བསྐྱར་བ་དང་གསར་བཅས་དགུ། རྒྱལ་ཚབ་སྤྲུལ་པའི་སྐུའི་གཅུང་དགེ་ཚུལ་དུ་བསྒྲུབས་ཤིང་མཚན་ངག་དབང་ཆོས་གྲགས་རྒྱ་མཚོར་བཏགས། ཉེར་བདུན་ལ་ལྷ་རྩེ་ཆོས་སྡེའི་བླ་མར་འགྲོ་མི་རྡོ་རྗེ་རྒྱལ་མཚན་སོགས་སོ་དྲུག་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཕབ། ཉེར་བརྒྱད་ལ་མཆོག་སྤྲུལ་བློ་བཟང་ཡེ་ཤེས་ཆིབས་བསྒྱུར་གདོང་གི་མཇལ་ཁར་གསེར་གྱི་མཎྜལ་སྟེང་གསེར་སྲང་གང་གི་ཚོམ་བུ་དང་བཅས་བསྐལ་བརྒྱར་འཚོ་དགོས་པའི་བཀའ་མཆིད་ཕེབས་པར་དེ་འདུན་བྱེད་ཅིང་སྐུ་ན་གཞོན་སྐབས་ཐུགས་གཉེར་ལ་བརྩོན་དགོས་པ་སོགས་ལུགས་གཉིས་ཀྱི་ཁྱབ་ཆ་གང་ཆེ་དགོས་པའི་སྙན་སྒྲོན་དང་བཀའ་བསྒོ་སྲུང་མདུད་ཕུལ་ནས་དལ་འགྲོས་ཀྱིས་གཙང་སྟོད་བླ་མའི་གདན་སར་གཤེགས། བློ་བཟང་མགོན་པོ་རབ་བརྟན་སོགས་སུམ་བརྒྱ་སྐོར་ལ་ཇ་གྲལ་དང་། ཞང་སྟོན་རི་ཁྲོད་པར་ཕྱི་ནང་གི་སྐད་ཆ་དུ་མ་འདུག་པ་ཉན་པར་ལ་ལར་དགོད་བྲོ་བ་དང་ལ་ལར་ཉམ་ང་བའང་སྣང་། ཕྲེང་བ་འདི་རང་ཅག་ཞྭ་སེར་ཅོད་པན་ཅན་མཐའ་དག་གི་བསྟན་པའི་བདག་པོ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོས་ཞ་ལུ་པ་གོང་གསུམ་བདེ་ཆེན་ཆོས་ཀྱི་དཔལ་བར་གསན་པ་ནས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་བར་དང་ཁྱད་པར་སྔགས་རམས་པ་དགེ་འདུན་བཀྲ་ཤིས་ཞེས་རྡོ་རྗེ་འཆང་དང་གཉིས་སུ་མེད་པ་དེ་ཉིད་ཀྱང་ཕྲེང་བའི་ཡིག་མཇོག་དང་དབང་ཆུ་དར་རྒྱས་ཤིན་ཏུ་ཆེ་བའི་རྒྱུན་རང་གིས་ཨེ་ཐོབ་སྙམ་འབད་པ་ཆེན་པོས་བཙལ་ཀྱང་རྣམ་དག་གི་རྒྱུན་མིང་ཙམ་ཡང་མ་རྙེད་པར་བརྟེན་གནས་གསར་རིགས་


GLG007_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་ནོས་པ་སྔགས་རམས་པ་ཅན་ཞུ་བཅུག་དུས། དགོས་པ་སྨོས་པ་ལྟར་མ་ཆད་ཙམ་འབྱུང་རེས་རྣམ་དཔྱོད་མཆོག་ཏུ་ཡངས་པས་གཞུང་ལུགས་མང་པོར་ཐོས་པས་གཏན་ལ་ཕབ་པ་སྔགས་རམས་པ་ངག་དབང་དཔལ་བཟང་གིས་འཛམ་གླིང་རྒྱན་རྒྱུར་དཔལ་ལྡན་འབྲས་སྤུངས་དང་། སྔགས་རམས་པ་བློ་བཟང་སྐྱེས་མཆོག་གིས་སེ་ར་ཐེག་ཆེན་གླིང་གི་གཉུག་མར་གནས་པ་དང་ཕྱོགས་འདུས་ཀྱི་སྤྲུལ་སྐུ་གྲ་སློབ་མང་པོར་ཕྲེང་བ་ཞེ་ལྔ་མའི་སྟ་གོན་ནས། དངོས་གཞི། མཇུག་གི་བར་ཆད་ལྷག་མེད་པར་དབུལ་བའི་རོགས་ཡོ་བྱད་མཐའ་དག་གཞུང་ནས་གྲ་བསྒྲིགས་ཏེ་ཐོན། ཆོས་རྗེ་བཀྲ་བཟང་པ་ཐུགས་མཆོག་འོད་འབར་ལ་ཟང་ཟིང་གི་དངོས་པོ་དང་བཀའ་བསྒོ་སོགས་རེ་བ་བཀང་། གྲ་ཐང་པ་ཆོས་རབ་འབྱོར་གྱིས་དུས་འཁོར་ཆོ་ག་ལོ་ཆེན་ཆོས་སྐྱོང་བཟང་པོས་མཛད་པའི་རྒྱུགས་སྤྲད། བདུན་གཅིག་གི་བར་རྟ་མགྲིན་གསང་སྒྲུབ་ཀྱི་བསྙེན་པ་ཁ་གསོའི་དགེ་སྦྱོར་ལ་འགྲུས་པར་བགྱིས། རྒྱ་ཅན་གྱི་དབང་ལུང་རྣམས་གྲ་པ་རེ་གཉིས་ཀྱིས་མཆོད་དཔོན་པར་དགོས་ཚུལ་ལབས་པ་རྒྱ་གྲོལ་སྔས་པར་དགོས་པ་ཆེ་བར་མ་མཐོང་ཡང་ནན་ཆེར་བྱུང་བ་སྤྲུལ་སྐུ་གཏེར་བདག་གླིང་པ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་ཡོངས་རྫོགས་ལ་མཛད་དུ་བཅུག །ཧོར་ཟླ་བརྒྱད་པའི་ཚེས་བཞིར་ཐོད་རི་བཤད་སྒྲུབ་གླིང་པ་བློ་བཟང་དགའ་བས་མཛོད་རྩ་འགྲེལ་གྱི་རྒྱུགས་བྱུང་། ཚེས་ལྔར་བཅད་རྒྱ་གྲོལ་བའི་དཔོན་ཚེ་རིང་གིས་ཚན་གྲངས་འགྱེད་ཡོན་སྦྱར་


GLG007_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གྲ་ཚང་ནས་མཁའ་འགྲོ་སྡེ་ལྔའི་སྒོ་ནས་རིང་འཚོའི་ཆོ་ག་ཆུང་བ་བསྟར། སྤྲུལ་སྐུ་རིགས་འཛིན་ཆེན་པོས་ངེད་དང་སྡེ་པ་ལྷན་ཅིག་བྱད་འགྲོལ་མཛད། བྱེ་རྫིང་ཚོགས་མཁན་པོ། དཔལ་འཁོར་ཆོས་སྡེའི་མཁན་ཟུར། ཏྲེ་བོ་སྐུ་སྐྱེ། བྱང་ཆུབ་གླིང་དང་ཀོང་པོ་བླ་རུ་དགོན་བླ་མ། རྨེ་རུ་བླ་གསར། ཤག་ལྷོ་པ་ཕ་བུ། འཕགས་པ་ལྷའི་དབོན་པོ། ནག་ཚང་སྡེ་སྨད་དཔོན་ཀུན་དགའ། བར་ཏ་བློ་བཟང་། མོན་པ་དཔལ་འབྱོར་དོན་གྲུབ། གདུང་ནག་པོ། ཨ་མདོ་རྟ་འབུལ་བ་སོགས་བོད་སོག་ཉིས་བརྒྱ། ཡོང་སྡུད་ལ་ཐོན་མི་དྲུང་འཁོར་ལྔ་བཅུ་སྐོར། བློ་བཟང་མགོན་པོ་རབ་བརྟན་མིང་སྲིང་། དའི་ཆིང་ཁོ་ལོ་ཆེའི་ཚ་བོ་སྤུན་སོགས་ཀྱི་ངོ་བོར་བྱིན་རླབས་དང་དམངས་ལ་མེ་ཏོག་གཏོར། དེའི་ཆིང་ཁོ་ལོ་ཆེ་ཅན་ལ་སྟེར་ཆ་བཀའ་བསྒོ་དང་བཅས་ཐོན། ཤག་ལྷོ་ཕ་བུ། བཙུན་མ། ཆོས་རྗེ་བཀྲ་བཟང་པ། གྲ་ཚང་གཉེར་པ་རྣམས་ལ་ཚེ་དབང་འཆི་མེད་དཔལ་སྟེར་བསྐུར། འདར་པ་ཁུ་ཚན། རྣམ་གླིང་པཎ་ཆེན། རྒྱལ་སྐོར་བ། དཔལ་གླིང་བཙུན་པ་རྣམས་ལ་བཀའ་བསྒོ་དང་། ཚེས་དྲུག་ནས་ཉིན་བདུན་གྱི་བར་ཡན་ལག་བརྒྱད་ལྡན་སྨན་གྱིས་ནད་ཀྱི་དྲི་མ་དབྱུང་། དམག་ཟོར་ཚངས་དབང་ལ་ཕ་རོལ་མཐུ་གཏད་རིག་སྔགས་སྦྱོར་ངན་སོགས་བྱད་ཀྱི་རིགས་འགྲོལ་བའི་སྦྱོར་བ་བྱས། ཚེས་བཅུ་བཞིར་གདན་ས་ཆེན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་ནས་དགའ་ལྡན་ཁྲི་རིན་པོ་ཆེ་གདན་ཟུར། རྩེ་ཤར་གཉིས་ཀྱི་དབོན། སློབ་དཔོན་གསུམ་བྱིངས་ལྔ་བརྒྱ་


GLG007_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་གྱིས་ཚན་གྲངས་འབྱོར་བསྟུན་སྔོན་འགྲོའི་གནས་བརྟན་བཅུ་དྲུག་གི་མཆོད་ཆོག་དང་འབྲེལ་བའི་རིང་འཚོའི་དུས་ཁྲི་རིན་པོ་ཆེ་སྒྲོམས་ཆེ་བའི་ལུང་འདྲེན་དང་བཅས་གཏན་སྡོད་རྒྱུ་མཚན་སྩལ་བ་སྒྲིབ་པའི་ལུས་ཅན་ལ་རང་དབང་ཅིར་མཆིས་ཀྱང་ཁྲི་རིན་པོ་ཆེས་དབུས་དགེ་འདུན་མི་ཕྱེད་འདུན་པའི་བདེན་ཚིག་གནས་བརྟན་བཅུ་དྲུག་གི་ཆོ་ག་དང་འབྲེལ་བ་བྱིན་རླབས་ཆེ་བ་བཅས་མོས་འདུན་བྱེད་པར་རྟེན་འབྲེལ་གྱི་ཁྱད་ལན་ཕུལ། མཁའ་འགྲོ་དགེ་ཚུལ་མ། སྟག་རྩེ་ཐའི་ཇི། དཔོན་ཚེ་བརྟན། བི་ལིག་ཨེར་ཁེ་ཐའི་ཇིའི་ནུ་བོ། སྤོང་རོང་ནམ་མཁའ་མགོན་གྱི་བུ། གནམ་རུ་དཔོན། ཨ་མདོ་སྐུ་འབུམ་དགེ་སློང་ཅན། རྟ་འོན་མཛོ་གེ་ཅན། ཨ་རིག་བསམ་གཏན་ཅན། སྐུ་འབུམ་ཕ་གཞི་ཅན། ར་ལ་ནོ་མུན་ཁན་གྱི་རབ་འབྱམས་པ་སོགས་ཉིས་བརྒྱ་སྐོར་ལ་ཇ་གྲལ་བཏང་། ཚེས་བཅོ་ལྔར་དཔོན་རྡོ་རྗེ་འཁོར་བཅས་སུམ་ཅུ་སྐོར་ལ་སོ་ཐར་བསྙེན་གནས་ཀྱི་སྡོམ་པ་སྔ་ཆར་ཕབ་ཅིང་བཅུ་གཅིག་ཞལ་གྱི་རྗེས་གནང་། བདེ་ཆེན་ཐའི་ཇི་སྐུ་མཆེད། རྭ་སྒྲེང་དརྒན་ཆོས་རྗེ། ཉི་ལྡེ་དབོན་པོ་རྣམས་ཀྱི་ངོ་བོར་བྱིན་རླབས་དང་ཕྱི་དྲོ་གནས་གསར་ཆོས་རྗེ་དབོན་དང་ཞིབ་མོར་མོལ་རྗེས་ལྷོ་མོས་སུ་བྱོན། དཔལ་ལྡན་རེ་མ་ཏཱིའི་མདོས་མཆོད་སྔར་བཞིན་བཙུགས། ཚེས་བཅུ་བདུན་ལ་ལྷ་ལྡན་རུ་བཞིས་བདོག་པ་མཎྜལ་དུ་བཏེགས་ནས་རིང་འཚོའི་སྨོན་ལམ་བཏབ། དཔོན་ཚེ་བརྟན་འཁོར་བཅས། ཁལ་ཁ་བཟོད་པ་ཡེལ་དེང་དང་ལྷ་བཙུན་ངག་དབང་བསྟན་འཛིན་གྱི་མི་སྣ་ཐོན་གདོང་། གསར་འབྱོར་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཇི་ནོང་། དའི་ཆིང་


GLG007_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ལོ་ཆེའི་མི་སྣ། གསང་ཕུ་མཆོད་ཁང་བླ་མ་སོགས་དང་ཕྲད། དཔོན་ཚེ་བརྟན་ལ་ཨེར་ཏེ་ནི་ཆིང་ཐའི་ཇིའི་ཆོ་ལོ། ཐམ་ག །དེ་བཞིན་གཤེགས་པའི་འཕེལ་གདུང་གིས་གཙོས་བྱིན་རྟེན། གྱོན་པ། ཤལ་དཀར་དམར། སྣམ་ཕྲུག་སོགས་བདོག་པ་རྒྱས་པ་དང་བཀའ་བསྒོ། ཁལ་ཁའི་མི་སྣ་ཚོར་ཡང་གང་ལ་གང་འཚམ་གྱི་སྟེར་བྱ་དང་བཅས་བརྫངས། ཚེས་བཅོ་བརྒྱད་ལ་ཏྲེ་བོ་དཔོན་གྱིས་དངོས་པོའི་སྐྱེས་དང་ཡོན་སྦྱར་ཏེ་གྲ་ཚང་ནས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་མཛད། ཛུམ་ལང་རྒྱལ་པོ་ན་ར་སིདྷ་འཁོར་བཅས་ལ་སྐྱེས་ལེན་འཕར་ཁ་དང་བཅས་བསྡོམས་གསེར་ཞོ་དྲུག་ཅུ་ཐམ་པ། གོས་ཡུག་བཅུ་དྲུག །དར་ཡུག་སུམ་ཅུ་སོ་ལྔ། དངས་ཤེལ་གྱི་པད་ཕོར། གསེར་སྒ་ཆ་འགྲིག །དངུལ་གྱི་མདོང་མོ། གྱོན་པ། ཇ་རས། སྣམ་ཕྲུག །རྒུན་ལྟང་བཅས་དགུ་ཚན་བཅུ་གསུམ་སོགས་དངོམ་ཆེ་བའི་བདོག་པ་བསྟར་བ་ཤིན་ཏུ་མགུ་ཞིང་གུས་པའི་རྣམ་འགྱུར་མཛད། ཏྲེ་བོ་ཧོར་ཚང་ཆོས་རྗེ་བློ་བཟང་ཆོས་སྐྱོང་རང་ཡུལ་དུ་འདེགས་པར་ཉེ་བར་རུང་མཐུན་གོས་སྣ་ཚང་འགྲིགས་གོས་དར་སོགས་སྤམས་བསྟོད། དཔའ་བོ་སྤྲུལ་པའི་སྐུས་ཧོར་གོས་བུམ་གདན་མ་སོགས་ནོར་རྙིང་ཤས་ཆེ་བའི་སྐྱེས་ལན་བཟབས་པར་མཛད་ཅིང་བཀུར་བཟོས་སོགས་ཀྱང་སྔར་བཞིན་བགྱིས་རྗེས་དཔོན་གཡོག་རགས་བསྡུས་ལ་གུར་ནས་བཤད་པའི་ཕྱག་རྡོར་འབྱུང་པོ་འདུལ་བྱེད་ཀྱི་རྗེས་གནང་ཕུལ། ཚེས་བཅུ་དགུར་སྟག་ལུང་ཀ་དྲུག་མཁན་པོ་སོགས་ལ་ཇ་གྲལ་བཏང་། ཉེར་གཉིས་ལ་གྲ་ཚང་གི་གྲ་པ་གྲངས་


GLG007_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་ཀྱིས་དུར་སྲི་སོགས་གནོན་ཁག་གཉིས་དང་། ཀི་ཀང་དགྲ་མནན་ཁག་གཅིག་བཙུགས། ཉེར་གསུམ་ལ་སྤྲུལ་སྐུ་རིགས་འཛིན་ཆེན་པོར་རྡོར་གླིང་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་མཐའ་བརྟེན་ཚེ་དབང་། སྒྲོལ་མའི་དབང་དང་བཅས་པ་ཞུས། ལྷོ་མོས་ནས་གནས་གསར་དབོན་རིན་པོ་ཆེ་བསྙེན་ཆེན་མཛད་པའི་དམིགས་ཁྲིད་གསན་བཞེད་དོན་བཞིན་བསྒྲུབས། ཉེར་བཞིར་འཕགས་པ་ལྷ་དཔོན་སློབ། ངག་དབང་སྤྲུལ་སྐུ། ལྡན་ཆོས་འཁོར་སྐུ་སྐྱེ། ཆབ་ནག །དེ་མོ་འཕགས་པ་ཆོས་རྫོང་། རྔོད་ཨ་རིག་དགོན། ཨ་ཙ་ལྷ་རི། དོ་ནང་པད་གླིང་རྣམས་ཀྱི་བླ་མ། རྒྱལ་སྲས་བསྟན་འཛིན་དབང་རྒྱལ་གྱི་དཔོན་མོ། ཁལ་ཁ་ཨུའི་ཆིང་ནོ་མུན་གྱི་མི་སྣ་ངོ་བོ་ལ་བྱིན་རླབས། འཕགས་པ་ལྷས་སློབ་དཔོན་ཕྱོགས་གླང་གི་ཐུགས་དམ་རྟེན་གྱི་མི་གཡོ་བའི་སྐ྄ུ་ལི་སེར། གསེར་ཞོ་བརྒྱ། དངུལ་སྲང་ང་ལྔ། གོས་སྣ་ཆ་ཚང་། དར་ཚོས་འདྲེས་པ་ཡུག་བཅོ་བརྒྱད། གོས་ཡུག་དང་ཁྲབ་བཅུ་རེ། གྲི་བཞི། ལྕགས་མགུ་སོགས་ལྕགས་དཔྱད་ཞེ་ལྔ། ནག་པོ་ཁོར་དྲུག་གསུམ། ཡ་ཇུ་ཟའུ་འདྲེས་པ་ཁོར་དྲུག་ཉིས་བརྒྱ། རྒུན་ལྟང་བཅུ་གསུམ། བ་བླ་དོས་གཅིག །ར་མ་ལུག་གི་སྒ། རྟ་ཆིག་བརྒྱ་བཅུ་གཅིག །དྲེའུ་བཅོ་བརྒྱད། མཛོ་ལྔ་བཅུ། གཡག་བརྒྱ། སྟག་གཟིག་གི་པགས་པ་སོགས་བཏེག །བྱིངས་བཞི་བརྒྱ་སྐོར་ལ་མེ་ཏོག་གཏོར། རྩེར་རྟ་འབུལ་བ་བློ་བཟང་བརྩོན་འགྲུས་ཅན། ཕུན་ཚོགས་ཅན། རྫི་དོ་དབོན་པོ་ཅན། བྱ་བྲལ་ལྷུན་གྲུབ་ཅན། དཔོན་བཟང་མོ་ཅན། བྲ་ཉེ་


GLG007_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་སོགས་ཉིས་བརྒྱ་སྐོར་ལ་ཇ་གྲལ་ཐོག་བི་ལིག་ཨེར་ཁེ་ཐའི་ཇིར་སྟེར་བྱིན་དང་བཅས་ཐོན། འདི་ཉིན་ནས་བདུན་བཞིའི་བར་ངེད་རང་གིས་བཅད་རྒྱ་དམ་པར་བསྡམས་ཤིང་སྤྲུལ་སྐུ་རིགས་འཛིན་ཆེན་པོས་གཏེར་གསར་ཚེ་སྒྲུབ་བདུན་གཅིག་གནང་། ཉེར་བརྒྱད་ལ་པོ་ཏ་ལ། ར་མོ་ཆེ། ལྷ་ས། ཡེར་པ། བསམ་ཡས། ཁྲ་འབྲུག །ཡུམ་བུ་སྟེ་གནས་ཆེན་བདུན་པོར་བོད་འབངས་འཕུང་བྱེད་ཀྱི་འགོང་པོ་གཙོ་བོར་གྱུར་པའི་གཟུགས་མེད་གཟུགས་ཅན་ཐམས་ཅད་སྒྲུབ་ཁག་གསུམ་པོ་གྲོལ་ནས་བསྐལ་པའི་བར་ལྡང་དུ་མེད་པར་མནན། སྟོད་ཀྱི་ཇུས་རིམ་དུ་ངེད་རང་གི་བརྟག་པ་དང་གནས་ཆུང་ཆོས་སྐྱོང་ཆེན་པོའི་གསུང་བཞིན་རྒྱུད་སྨད་པས་ཕྱག་དྲུག་པའི་གཏོར་བཟློག །སེར་འབྲས་སུ་ཇ་ཚུལ་བརྒྱད་རེར་མདོ་སྒྲུབ། ལྷ་སར་གསས་ཁང་པས་བརྒྱད་སྟོང་པ་དྲུག་ཅུ་རེ་ལྔ། གསེར་འོད་ཆིག་བརྒྱ་དང་བདུན། གཟུངས་འདུས་བཞི་བརྒྱ་དོན་གཉིས། གདུགས་དཀར་ཉི་ཁྲི་བརྒྱད་སྟོང་ལྔ་བརྒྱ། ཤེར་སྙིང་དགུ་སྟོང་། སྒྲོལ་མ་ཉིས་སྟོང་། སྲོང་བཙན་དུ་འུག་པ་བབས་པ་སོགས་ལྟས་ངན་བཟློག་རིམ་དུ་སྨིན་གྲོལ་གླིང་པ་དགུས་གྲབས་གཅིག་སྒྲུབ་བདུན་གྱི་ཁྲོ་རོལ་སླང་གང་མའི་རྒྱབ་ཆོས་རི་བོ་བདེ་ཆེན་པ་སུམ་ཅུས་ཤེར་སྙིང་། ཉེ་སྐོར་མི་སེར་གྱིས་ལྷ་བསངས་དང་དགྲ་ལྷ་དཔངས་བསྟོད་རྣམས་བཏང་། ཧོར་ཟླ་དགུ་པའི་ཚེས་གཅིག་ལ་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དངུལ་གདུང་རིན་པོ་ཆེར་སྔ་སོར་ནས་མཆོད་པ་རྣམ་ལྔ་ཚར་ལྔ་བཅུ་རེ་དང་། བདེ་གཤེགས་མཆོད་རྟེན་བརྒྱད་ལ་མཆོད་པ་སྣ་ལྔ་ཚར་རེ་རྒྱུན་བཙུགས་གཏོང་


GLG007_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའི་ཤོག་ཧྲིལ་རྣམས་འཐོར་ཞིང་ལྷག་པར་ལ་མོ་ཆོས་སྐྱོང་ཆེན་པོས་བསྟན་སྲིད་སྤྱི་དང་ཁྱད་པར་ངེད་ཀྱི་རིང་འཚོར་དམིགས་ནས་གསར་འཕར་དགོས་ཞེས་བསྐུལ་མ་མཛད་དོན་བཞིན་འདི་ལོ་ནས་བཟུང་ལྔ་ཚར་ལྔ་བཅུ་ཇི་སྲིད་ནམ་མཁའ་གཟུགས་གཞན་མ་གྱུར་བར་ཆག་མེད་ཀྱི་རྒྱུན་བཟང་བཙུགས་ཏེ་ཁྱོན་བརྒྱ་ཚར་གཅིག་ལ་ཟླ་གཤོལ་དུས་གོང་སྟེང་ཟླ་གཅིག་སྤར་བ་བཅས་མཆོད་འབུལ་བའི་ཕོགས་ཁྱོན་གཅིག་ཏུ་དྲིལ་བར་འབྲུ་ཁལ་ཉིས་སྟོང་གྱ་བདུན། མར་ཁལ་ཆིག་སྟོང་བརྒྱད་བརྒྱ་བཞི་བཅུ། སྤོས་བམ་སུམ་བརྒྱ་དོན་བརྒྱད། སྡོང་རས་གོན་མ་བཞི་རྣམས་འདི་ཕྱིའི་བདེ་འབྲས་ཆེད་བསྒྲུབས། ཐང་ཆེན་ཆོས་སྐྱོང་ཤིང་བྱ་ཅན་གྱིས་ཞིག་གསོས་དགོས་པའི་བསྐུལ་མའི་དོན་ལྟར་དྲི་གཙང་ཁང་སོགས་ཚང་མ་ལེགས་པར་གྲུབ་པར་འདི་ལོ་ནས་བཟུང་རི་བོ་བདེ་ཆེན་པ་བཞི་གྲས་ཉིན་སྟར་མཆོད་པ་རྣམ་ལྔ་བརྒྱ་ཚར་མཆོད་འབུལ་བ་རྣམས་ཀྱིས་སྐྱབས་སེམས་ཆོས་སྤྱོད་སྨོན་ལམ་ཆག་མེད་གང་རྒྱས་ཇི་སྲིད་བསྟན་པ་ནམ་གནས་བར་བཙུགས་པའི་མཆོད་ཆས། མཆོད་འབུལ་བ་བཞི་གྲ་ལག་གཡོག་གཅིག་བཅས་པའི་ཕོགས་དབུ་མཛད་ཀྱི་སྐལ་འཕར། ཇ་སྦྱོར་ལྔ། ཐུག་པ་གཉིས། མཆོད་རྫས་སོགས་གཏོང་སྒོ་ཚང་མ་འཕྱོང་རྒྱས་རྫོང་སྡོད་ཀྱི་རྩིས་འཁྲི་ཁྲིམས་ཤུགས་སྟེང་ནས་གཏོང་། ཚེས་བཞིར་ཚོང་འདུས་ཆོས་སྐྱོང་གིས་ཁྲི་འབུལ་ལ་སྐུ་ཁོག་མངགས་པའི་ལན་རྒྱན་གྱིས་སྤྲས་པ། འབྲི་གུང་སྤྲུལ་པའི་སྐུས་གཏེར་སྒྲོམ་དུ་ངེད་ཀྱི་རིམ་གྲོར་དམིགས་པའི་སྒྲུབ་པ་གྲོལ་ཚུལ་གྱི་ཆབ་ཤོག་བྱུང་བའི་ལན་སྙན་ངག་ནས་དྲངས་པ། དར་རྒྱས་བཀྲ་ཤིས་ཀྱིས་རྒྱས་འབྲིང་བསྡུས་པ་དང་བྱམས་པའི་སྐུ་བཞེངས་


GLG007_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཀར་ཆག་ཆེ་བརྗོད། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་སྙན་ངག་གི་ཚིགས་བཅད་བྱུང་ལན་དེ་མཚུངས། ཁལ་ཁ་ཨེར་ཏེ་ནི་ཨི་ལ་ཁུབ་སན་ཁུ་ཐུག་ཐུའི་ཐམ་ཕུད་ཁ་བྱང་། ཏྲེ་བོ་ཧོར་ཚང་ཆོས་རྗེས་གཞིས་ཀྱི་མགོན་པོ་གུར་དང་དམག་ཟོར་མར་སྙན་དར་འབུལ་ཚིག་དང་གསོལ་འདེབས་ཕྱོགས་བཅུ་མུན་སེལ་གྱི་དོན་དང་སྦྱར་བའི་སྨོན་ལམ། བདེ་གཤེགས་བརྒྱད་སོགས་སངས་རྒྱས་བྱང་སེམས་སྤྱི་དང་། བྱེ་བྲག་སའི་སྙིང་པོར་གསོལ་བ་བཏབ་པས་ས་གཡོས་ཀྱི་འཇིགས་སྐྱོབ་བདེན་བརྗོད། སྔགས་རམས་པ་ནམ་མཁའ་རྒྱ་མཚོ། ཐོས་བསམ་དར་རྒྱས་གླིང་པ། སྐྱོར་ལུང་མཁན་པོ་ངག་དབང་རྒྱ་མཚོ་རྣམས་ཀྱིས་བསྐུལ་བའི་གསོལ་འདེབས་བཅས་བརྩམས། གཏེར་སྟོན་རིགས་འཛིན་ཆེན་པོས་དྲག་དམར་གྱི་གཏོར་བཟློག་ཉིན་གསུམ་མ་ནུབ་ཕྱོགས་སུ་རྒྱལ་རྫོངས་དང་བཅས་སྨིན་རྒྱས། ཚེས་ལྔར་བཅད་རྒྱའི་མུས་སུ་རྡོ་རྗེ་བྲག་ཏུ་གསར་བཞེངས་མཛད་པའི་དྲག་དམར་གྱི་འབུར་སྐུ་དང་སྔགས་ཐང་གྲ་ཚར་ལ་བླ་མ་དྲག་པོ་རྩལ་གྱི་སྒོ་ནས་དམ་ཚིག་པར་ཡེ་ཤེས་པ་དཔག་མེད་བསྟིམ་ཞིང་བཀྲ་ཤིས་པའི་མེ་ཏོག་གི་ཆར་ཕབ། ཚེས་བརྒྱད་ལ་གཏེར་སྟོན་རིན་པོ་ཆེས་འཆི་བསླུ་དང་། ཚེས་དགུར་མགོན་པོ་ཨ་གྷོ་རའི་རྗེས་གནང་ཞུས། ཚེས་བཅུ་གཅིག་ལ་གསེར་སྲང་ལྔ། དངུལ་སྡེར་སྲང་ཞེ་ལྔའི་དངུལ་མདོང་། ཀར་དྲིལ་ལེགས་པ། གོས་ཕྱི་ནང་། ཧུ་ཇ་དང་ཡ་ཇུ་ཁོར་དྲུག་སོགས་དགུ་ཚན་དགུའི་ཕེབས་རྫོངས་རྒྱས་པར་བཏབ་སྟེ་རེ་ཞིག་བསྟི་གནས་སུ་ཐེགས། ཚེས་བཅུ་གསུམ་ལ་ཐོད་རི་བཤད་སྒྲུབ་གླིང་པ་བློ་ལྡན་རྒྱ་མཚོ་དང་དགེ་བསྙེན་རྒྱ་མཚོ་གཉིས་ཀྱིས་ཕར་


GLG007_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་འགྲེལ་བ་བློ་བཟང་དགོངས་རྒྱན་མཐའ་གཅོད་དང་བཅས་པའི་རྒྱུགས་སྤྲད། བར་ཁམས་སུ་ལྷ་སྡེ་མི་སྡེ་རང་རང་འཛིན་བདག་ལ་འཐེན་རྩོད་ཀྱི་རིགས་གཞུང་རྫོང་གཞིས་རྣམས་ཀྱི་དབྱེ་འབྱེད་དང་བྱང་པ་སྦྱིན་བདག་ཁག་གི་ཁྲལ་སྡེ་སོགས་ལ་ནང་ཁུལ་འཐེན་ཁྱེར་རྩོད་པ་མི་བྱེད་པའི་སྣེ་མོ་སོ་སོར་བཀོད་པ་དང་། དགེ་ལུགས་གཙོར་བཏོན་གྱི་བསྟན་པར་གང་ཕན་དགོས་པས་མཚོན་དོན་གཅོད་ལ་ལྷ་བག་སྦྲེལ་པོ་སྡེ་པས་རྫོང་བདའ་མཛད་དོན་བཞིན་འགྲོ་གདོང་བཀའ་བསྒོ་དང་། ངེད་རང་དང་སྡེ་པའི་རིང་འཚོ་དགོན་སྡེ་ཚོར་འཛུགས་པར་དགོས་ཚུལ་བཞིན་བརྩམས། ཏྲེ་བོ་དཀར་ལྕོག་སྤྲུལ་སྐུ་བློ་བཟང་ཆོས་ཀྱི་དབང་པོར་ཏའི་སི་ཏུའི་ལུང་ལས་བསྟར། ཉེར་གཅིག་ལ་ཤེར་འཕེལ་དང་དུང་དཀར་སྤྲུལ་སྐུ། རྭ་སྒྲེང་མཁན་པོ། ལི་ཐང་དགས་དྭག་གྲ་ཚང་བླ་ཟུར། གོང་དཀར་ཆོས་སྡེའི་ཆོས་འཆད་པ་ཕྲིན་ལས་རྣམ་རྒྱལ། ལྕམ་མདའ། མེ་རག །ལྷ་རི། ཡར་འབྲོག་སྦ་ལུང་རྣམས་ཀྱི་བླ་མ། ཟིལ་གནོན་དབང་རྒྱལ་རྡོ་རྗེ། དེ་མོ་དབོན་པོ་གཞོན་པ། མཚུར་ཕུ་ཕྱག་མཛོད་ཟུར་པ་དགོན་སྟོད་པ། ཧོར་རྫ་དམར་དབོན། མཁར་ནག་པ། ལྷ་རྒྱལ་དར་གྱི་བུ། གཞུང་འགྲོན་ཚོང་དཔོན་གཉིས། བོད་སོག་དམངས་ཉིས་བརྒྱ་སྐོར་ལ་ཇ་གྲལ་རྗེས་དཔོན་མོ་ཚེ་རིང་། ཐུ་མེད་བསྟན་པ་ཐའི་ཇིའི་ཚ་བོ། དབོན་ཆུང་སན་བི་ལིག །ཇི་ནོར་གི་མ་ལས་ཁ་ཤ་ཁ། པདྨ་ཐ་སར་ཁ། ཅོ་ནེའི་ཁྲི་འབུལ་བ། ཆེ་ཆེན་དགེ་སློང་ཅན་འགོ་པ་བཞི་མདུང་ནག་གི་འགོ་པ་མེར་གན་ཁཱ་ཕ་བུ། བྱིངས་བརྒྱ་དང་གསུམ། མེར་གན་ཆོས་རྗེ། ཁལ་ཁ་ཨུའི་ཆིང་ནོ་ཡོན། དཔོན་མོ། བུ་གསུམ། ནོམ་ཆི་ཐའི་ཇིའི་


GLG007_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་མོ། བུ་གསུམ། དཔོན་ཆུང་ནོ་ཡོན་དགེ་སློང་། དགེ་ཚུལ་མ། བུ་གཉིས། དཔོན་ཆུང་ནོམ་ཆི་ཨ་ཁའི་དཔོན་མོ་བློ་བཟང་དགེ་ཚུལ། འབུམ་དར་ཐའི་ཇི། དཔོན་མོ། ཚ་བོ་ཚེ་དབང་སྐྱབས། བུ་གཅིག །དཔོན་ཆུང་སྦྱིན་པ་ཨ་ཁའི། བུ་ཨེཾ་ཆི་སྤུན། ཤར་རྩེ་སློབ་དཔོན་པའི་མི་སྣ་ནོ་ཡོན་དཀའ་བཅུ། བུ་ཐུག་སུན་གྱི་མི་སྣ་ཇའི་སང་དགེ་སློང་། ཨ་མདོ་རྟ་འབུལ་བ་ཛོ་གི་བློ་བཟང་ཕུན་ཚོགས། ཨེར་ཏེ་ནི་དརྒན་ཆོས་རྗེའི་སྐུ་སྐྱེ། ཚ་བོ་གཉིས། བྱིངས་ཉེར་གསུམ། པཱ་ཐུར་ཤག་ཤིང་། ཚ་བོ་གཉིས། བྱིངས་རེ་ལྔ། བསྟན་འཛིན་བཟང་པོ། བྱིངས་བཅུ་བདུན། སྐུ་འབུམ་དབོན་པོ་བློ་བཟང་རྒྱལ་མཚན། བྱིངས་བཅུ་གསུམ། ནམ་མཁའ་རྒྱལ་མཚན་ཅན་སོ་བརྒྱད། རབ་འབྱམས་པ་ཤེས་རབ་ལྷུན་གྲུབ་ཅན་སུམ་ཅུ། དགོན་ལུང་འོད་ཟེར་རྒྱ་མཚོ་ཅན་བཅུ་གསུམ། བྱིངས་བརྒྱ་སྐོར་རྣམས་ཀྱི་ངོ་བོར་བྱིན་རླབས་དང་དམངས་ལ་མེ་ཏོག་གཏོར། གསར་འབྱོར་རྣམས་ཀྱིས་གསེར་དངུལ་གོས་དར་ཇ་རས་སོགས་དང་མདུང་ནག་གིས་རྟ་བརྒྱད་ཅུ། མ་ལས་ཀྱིས་རྟ་བཅུ་གཅིག །དུང་དཀར་སྐུ་སྐྱེས་རྟ་ཉེར་གཉིས་སོགས་བྱུང་། ཉེར་གཉིས་ལ་གོང་དཀར་ཆོས་སྡེའི་སློབ་དཔོན་བཞི། ཆོས་འཆད་པ་གཉིས། གྲ་པ་རགས་བསྡུས་ལྔ་བཅུ་སྐོར་གྱིས་སྣམ་ཕྲུག་གཙོར་བཏོན་གྱི་དངོས་པོ་དང་ཚེ་ཆོག་དང་འབྲེལ་བའི་རིང་འཚོ་ཡིད་འཁུལ་བའི་བབ་ཆགས་བསྟར། དྷརྨ་ཤྲཱིའི་མི་སྣ་བཞི། ཀ་དབང་ཚེ་བརྟན་སོགས་དང་ཕྲད། ཉེར་གསུམ་ལ་སྲད་རིན་ཆེན་རྩེ་པས་གོས་སྣ་ཆ་ཚང་། གསེར་དངུལ་གྱི་མཎྜལ། གོས་ཕྱི་ནང་སོགས་དགུ་ཚན་


GLG007_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ། འགྱེད། སྨན་ཁ་གསུམ་རས་ཡུག །གཙང་སྣམ་དམར་པོ་བུབས་རེ་བཅས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་བསྟར། གནས་གསར་འཇམ་དབྱངས་བསྟན་འཛིན་ལ་སྟེར་བྱིན་བཟབས་ཏེ་ལུགས་གཉིས་ཐད་ནས་ཞ་ལུ་དང་འདར་གྲང་མོ་ཆེར་ཕན་ཆ་གང་ཆེ་དགོས་པའི་བསླབ་བྱ་དང་བཅས་ཐོན། ཁལ་ཁ་ཞབས་དྲུང་། ཨུའི་ཆིང་ནོ་ཡོན། བསྟན་པ་ཐའི་ཇི་སོགས་བརྒྱ་སྐོར་ལ་ཇ་གྲལ་དང་བསམ་གྲུབ་གླིང་པ་མདའ་དཔོན་དུ་བསྐོས་པའི་སྐྱེས། ཁམས་པ་རྫོགས་ཆེན་པས་ཉམས་རྟོགས་ཀྱི་འཆར་ཚུལ་བརྗོད་པ་བཅོས་མ་ལྟར་མ་ཡིན་པར་ཀློང་ནས་བརྡོལ་བའི་གྲུབ་པའི་དབང་ཕྱུག་རྩེ་གཅིག་བསྐྱངས་པའི་ལག་རྗེས་ཤར་བར་སྣང་། ཉེར་བཞིར་བཟོད་པ་ཡེལ་དེང་གི་བུ་ལྷ་བཙུན་ངག་དབང་བསྟན་འཛིན། དཔོན་ཨུའི་ཆིང་ནོ་ཡོན། ནོམ་ཆི་ཐའི་ཇི་སོགས་དཔོན་མོ། དཔོན་ཆུང་། ཇའི་སང་སོགས་ཉིས་བརྒྱ་སྐོར། ཨེམ་ཆི་བྱང་ངོས་པ་དར་མོ་བའི་སློབ་མ་ཁ་ཤས་ལ་སྨན་བླ་སྤྲུལ་སྐུ་དང་ཐུགས་རྗེ་ཆེན་པོ་སྐྱེར་སྒང་ལུགས་ཀྱི་རྗེས་གནང་། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་རྣམས་བསྐུར། ལྷ་བཙུན་ངག་དབང་བསྟན་བཛིན་ལ་ཨེར་ཏེ་ནི་ལ་ཐུག་སན་ཁུ་ཐུག་ཐུའི་ཆོ་ལོ། ཐམ་ག །བྱིན་རྟེན། གྱོན་པ་ཆ་འགྲིག །སྣམ་ཕྲུག །སྒམ་སོགས་སྤམས་མཐོ་དང་། ཨུའི་ཆིང་ནོ་ཡོན་དང་ནོམ་ཆི་ཐའི་ཇིར་དེ་བཞིན་གཤེགས་པའི་འཕེལ་གདུང་། རྡུལ་གཟན་དུམ་བུ་སོགས་བྱིན་རྟེན། ཤལ་དཀར་དམར། སྣམ་ཕྲུག །གྲུམ་ཙེ། སྒམ། རྒུན་འབྲས་ཀྱི་ལྟང་ཙེ་སོགས་དངོམ་ཆེ་བ། དཔོན་མོ། དཔོན་ཆུང་། ཇའི་སང་གིས་མཚོན་པར་འོས་འཚམ་གྱི་འདོད་དོན་བསྒྲུབས། ཉེར་ལྔར་


GLG007_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་སྟན་ཁྲི་གདན་ཟུར་དང་མཇལ། རིན་ཆེན་རྩེ་པའི་གཡོག་འཚོ་བྱེད་མཆོག་ལྡན་གྱིས་རྒྱུད་བཞིའི་རྒྱུགས་སྤྲད། སྤྱིར་སྦྱིན་པ་རྣམ་བཞིར་བརྩོན་དགོས་པ་མདོ་རྒྱུད་མང་པོ་ནས་བཤད་པའི་ཕན་ཡོན་གྱི་རིམ་པ་སྡེ་པ་ཉིད་ཀྱིས་ཤེས་པ་དང་ལྷག་པར་ངེད་རིང་པོར་འཚོ་བར་མི་འཇིགས་པའི་སྦྱིན་པ་སྲོག་སྐྱོབ་པ་གཙོ་བོར་འདོན་པའི་རྒྱུ་མཚན། མདོ་སྡེ་པད་དཀར་ལས། གང་དག་སྲོག་ཆགས་རྣམ་མང་དག །ལོངས་སྤྱོད་ཕྱིར་ནི་གསོད་པ་དང་། །ཟ་ཕྱིར་ཤ་རྣམས་ཚོགས་བྱེད་པ། །དེ་དག་དྲེལ་བྱེད་རྣམ་པར་སྤང་། །ཞེས་དང་། བདེན་པ་པོའི་ལེའུར། རྒྱལ་པོ་ཁྱོད་ནི་སྲོག་གཅོད་མ་མཛད་ཅིག །སྐྱེ་བོ་ཀུན་ལ་སྲོག་ནི་རབ་ཏུ་འཕངས། །དེ་བས་ཡུན་རིང་ཚེ་བསྲུང་སུ་འདོད་པས། །ཡིད་ཀྱི་དགུ་ལའང་སྲོག་གཅོད་མི་བསམ་མོ། །ཞེས་དང་། དྲན་པ་ཉེར་གཞག་ལས། མངལ་ན་གནས་པ་ཡན་ཆད་ཀྱང་། །ཀུན་ལ་སྲོག་ནི་སྡུག་པའི་ཕྱིར། །བདག་གི་སྲོག་འཕངས་གང་ཡིན་པ། །དེས་ནི་སྲོག་ཆགས་གསོད་མི་བྱེད། །ཅེས་དང་། གཞན་ཡང་ཚེ་རིང་བའི་ཆོས་བཅུ་པར། སྲོག་གཅོད་པ་སྤངས་པ་དང་། དེའི་ལེགས་པ་བརྗོད་པ་དང་། དེ་ལ་བསྐུལ་བ་དང་། བསད་པར་བྱ་བའི་མི་དང་བ་ལང་དང་ཕག་དང་བྱ་ལ་སོགས་པའི་སྲོག་འབྱིན་པ་དང་། སེམས་ཅན་འཇིགས་པས་ཉེན་པ་རྣམས་ལ་མི་འཇིགས་པ་སྦྱིན་པར་གསུངས། བྱང་ཆུབ་ལམ་རིམ་ཆུང་བར། གསོད་སར་ཕྱུང་བ་ལེགས་བཏང་དང་། །དེ་བཞིན་སྲོག་གི་ཕན་བཏགས་ཤིང་། ། སྲོག་ཆགས་འཆི་བ་ལས་ལྡོག་པས། །ཚེ་རིང་བ་ནི་ཐོབ་པ་ཡིན། །ཞེས་རྒྱ་ཆེར་བསྔགས་པ་ལྟར་མདོ་ཁམས་ཁུལ་


GLG007_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་དགོན་ཁག་ཚང་མའི་བསྲུང་ཁོངས་སུ་འདི་ལོ་ནས་བཟུང་ལོ་བཞིའི་བར་རྔོན་པ་ཡོང་མི་ཆོག་པའི་སྐྱབས་སྦྱིན་དང་མངའ་རིས་རྫོང་དགའ་ནས་དཔལ་ཁུད་ཆུ་རགས་ཉ་གསོད་སར་བསྲུང་མི་གཉིས་ལ་འདི་ལོ་ནས་ཇི་སྲིད་བར་ལོ་སྟར་དབྱར་ཟླ་བ་ཕྱེད་གསུམ་གྱི་བར་སྡོད་རིང་སྤྱིར་ཕོགས་མཁར་ཁལ་བཅོ་ལྔ་རྒྱར་བཅས། སྐྱ་སྐྱ་དང་བྱ་མང་གཉིས་པོར་ལོ་སྟར་ཟླ་བ་གསུམ་གྱི་རིང་སྒོང་ལེན་བསྲུང་མི་གྲ་པ་གཉིས་རེར་རྒྱར་དོད་བཅས་མཁར་ཁལ་དགུ་རེ། ཀྲེ་ཁྲོར་ལུགས་ཤྲཱི་དགོན་པ་བར་བྱང་དགེ་ཚེག་ཉ་ཁའི་འཇིགས་སྐྱོབ་རྟེན་དུ་ལོ་སྟར་རྫོང་དགའ་ནས་མཁར་ཁལ་བརྒྱའི་འཛིན། འབྲས་སྤུངས་སྤྱི་སོར་སྡེ་པ་བསོད་ནམས་རབ་བརྟན་དུས་ནས་སྦྱོར་འཇགས་ཕོན་མི་ཆུང་ཙམ་ཡོད་ཀྱང་ཕྱིས་དགེ་འདུན་འཕེལ་རྒྱས་ཇེ་ཆེར་སོང་བའི་ཕོགས་ཀྱིས་མ་ལྡངས་པའི་ནད་མ་ཐེག་ཚུལ་ངེད་རང་དང་སྡེ་པ་ཟུར་པའི་དུས་སྐབས་ནས་རྒྱུ་མཚན་གྱི་འགོ་ཚུགས་འདུག་པ་བཞིན་ལ་ཉེ་ལམ་མུ་འཐུད་དུ་ཞུ་ནན་བྱུང་བ་ལྟར་ཕུན་ཚོགས་གླིང་ཁུལ་ལྡོག་བྱང་རྒྱུད་མུས་ནང་བཅས་པའི་གླིང་སྔོན་ཡན་ནས་ཁྲབ་མན་ལྷོ་རྒྱུད་རྒྱང་མཁར་ཡན་ནས་གཅེས་མན་གྱི་ས་རིགས་ཞིང་ཤས་མི་སེར་གྱི་ཡོང་འབབ། བོགས་འཁྱར་བཅས་པར་འབྲུ་མཁའ་རུའི་ཁལ་ལྔ་སྟོང་སུམ་བརྒྱ་ང་གཅིག །དུད་ཆེ་ཆུང་བསྡོམས་ཆིག་བརྒྱ་བདུན་ཅུ་སྐོར། སླར་ཡང་བསྐྱར་ཞུས་བྱུང་བ་གྲ་ས་གཞན་དང་མ་འདྲའི་གཤིས་མཁའ་རུའི་བདུན་བརྒྱ་གོ་དགུ་གནས་ཆུང་ཆོས་སྐྱོང་ཆེན་པོར་སྔ་སོར་མཆོད་གཞིས་ཀ་དྲུག་ཀྱང་ས་བསྣོན་སྲས་པོ་བསོད་ནམས་དུས་ནས་གླེང་གཞི་མང་དུ་ཡོད་འདུག་རུང་བར་སྐབས་སུ་སྐུ་མ་ཕེབས་པར་བརྟེན་རིམ་འགྱངས་སུ་ལུས་པ་ཉེ་ལམ་སྐུ་རྟེན་ཚེ་དབང་དཔལ་འབར་ལ་སྐུ་ཕེབས་བྱུང་བ་དང་བཅས་


GLG007_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་པས་མཆོད་གཞིས་ཤིག་ལེགས་ཚུལ་གླེང་བ་བསམ་ཡས་ལྟ་བུའི་ཆོས་སྐྱོང་དང་སྐུ་རྟེན་པ་སོ་སོར་ཡིན་ན་དྲག་ནའང་གནས་ཆུང་འདི་སྔར་ནས་དབྱེ་བ་མེད་གཤིས་སྐུ་རྟེན་རང་ཡང་བྱེད་དཀའ་བཅས་དགེ་མེད་འདྲ་སྙམ་ཡང་སྡེ་པའི་འདོད་པ་ལྟར་ལ་བ་འཕྲད་གདོང་ཕུལ་བ་ཡིན་ཀྱང་ལ་འཕྲད་ཀླུ་བདུད་སྐུ་ཁོག་ལ་མི་འཕྲོད་ཉམས་ཀྱིས་གཞུང་ལེན་ངོས་ཆོས་སྐྱོང་ཆེན་པོས་དེ་དོད་པར་བཀབ་མི་དགོས། སྟེར་བར་ཤར་ཚེ་ཆེ་ཆུང་ལ་མ་བལྟོས་པའི་ལྟ་གྲུབ་གཙང་ཞིང་དམ་ཚིག་ཐུབ་པ་ཞིག་དགོས་ཚུལ་བྱུང་བ་ལྟར་རྙིང་ཁུང་འབྲོག་མོའི་ས་རིགས། ཞིང་ཤས་ཀྱི་ཐོན། མི་སེར་ཡོང་འབབ་བཅས་འདེགས་གཤོར་མཁའ་རུའི་ཁལ་ཆིག་སྟོང་བདུན་བརྒྱ་ལྔ་བཅུ། མི་སེར་དུད་ཆེ་འབྲིང་ཆུང་གསུམ་བསྡོམས་ཉི་ཤུ་རྩ་གསུམ། འཕན་ཡུལ་རྒྱལ་ལྷ་ཁང་པ་ལྟ་གྲུབ་གཙང་ཡང་ཆོས་གཞིས་ཆེ་བ་མི་འདུག་པ་བཅས་རིན་སྤུངས་ཁུལ་གཡུང་ཁར་ལུང་ལག་འདེབས་ཤས་མི་སེར་གྱི་ཡོང་འབབ་འབྲུར་བསྡོམས་ཁལ་དྲུག་བརྒྱ་རེ་བརྒྱད། དུད་འབྲིང་བརྒྱད། རྡོ་རྗེ་བྲག་པར་འཕྱོང་རྒྱས་མྱགས་མའི་བོགས་འཁྱར་ཁྱོན་སུམ་བརྒྱ་དང་བདུན། ཤིང་ཡོས་གཞུང་ཕུལ་གྱི་ས་ཚབ་མེ་འབྲུག་ཕྲེང་འགོ་ཁུལ་ནས་བོགས་ཤས་འཁྱར་པ་ཕྱེ་གསལ་བྱས་པ་ཡིན་ཀྱང་ཤས་འདེབས་མི་གཞུང་སྒེར་སྣ་ཚོགས་ཀྱིས་ཟ་མ་བཟོས་པ་གླང་མ་སྟེང་ཤར་ནུབ་བསྡད་གྲོང་ཐེམ་བདུན། ཡོང་འབབ་འབྲུ་ཁལ་སུམ་བརྒྱ་དང་དྲུག །བཀའ་བརྒྱུད་ཀྱི་བསྟན་པའི་ཡ་གྱལ་སྟག་ལུང་ཐང་པའི་རིང་ལུགས་དར་རྒྱས་བྱུང་བ་སྤྱི་སྒེར་ཀུན་ལ་ལེགས་ཆ་ཆེ་བ་ཞིག་ཡིན་ནའང་སྒེར་ཆགས་ལྟ་བུའི་ཞལ་ངོ་རྣམས་ཐུགས་ནང་ཤིན་ཏུ་མ་གཤིན་པ་རི་ཀླུངས་ཀྱི་ཁུ་རྡོ་ཁོ་ནའི་དཔེར་ནང་འཇགས་ཨེ་ཡོང་རེའི་དང་


GLG007_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་རུས་ལ་རྩོད་པ་སྣུམ་གྱི་རྡོ་དཀར་མ་ཐོན་པར་བྱ་ཐེབས་ཟད་པ་བྱིངས་འཇགས་འོས་མ་མཆིས་པ་གཞུང་བླངས་ངོས་ཞལ་ངོ་སྐྱ་སེར་རྣམས་སྟག་ལུང་ཟེར་བའི་མཚན་ལ་བསམས་གསོལ་སྐལ་ཕྱེ་བ་ཞབས་དྲུང་ཁྲི་ཟུར་སྐུ་གཞོན་པ་མཆེད། ལྕམ་སྲིང་ཡུམ་སྲས་ཐུན་མོང་དུ་རྐང་གཅིག་སྔར་ཡོད་སྟེང་གཡག་གྲོང་གཞིས་ཀ་དུད་འཛིན་ཆེ་ཆུང་བསྡོམས་ཉི་ཤུ། འབབ་འབྲུ་ཁལ་ཆིག་སྟོང་ཞེ་དྲུག །ཀ་དྲུག་པ་ནས་བཟུང་སུ་འཁོད་ཀྱི་མཁན་གཞིས། གཙུག་ལག་ཁང་གི་མཆོད་པ་དཀོན་གཉེར་གྱི་ཕོགས། སྒྲུབ་མཆོད་ཀྱི་ཐེབས་སོགས་ལ་བྱེ་མ་གཞིས་ཀ་བསྡད་གྲོང་དུད་སོ་ལྔ། ལག་འབབ་འབྲུ་ཁལ་ཆིག་སྟོང་ཆིག་བརྒྱ་དང་གསུམ། སྡེ་པ་བཀྲ་ཤིས་ལ་སུམ་ཕྲེང་དུད་ཆེ་ཆུང་བསྡོམས་སོ་ལྔ། འབབ་འབྲུ་ཁལ་ཆིག་སྟོང་སུམ་བརྒྱ་དང་དྲུག །སྤྱི་སོར་ལྷུན་གྲུབ་རྫོང་ནས་མཁའ་རུའི་ཁལ་བཅུ་བྲེ་བཅུ་རེ། གཙུག་ལག་ཁང་ཆེན་མོ་དང་སྐུ་འབུམ་བཅས་པའི་སྐུ་གཉེར་བཞིར་ཕོགས་ལོ་རེར་ཁལ་ཆིག་བརྒྱ་གྱ་གསུམ་རེ། གླིང་པའི་ཆོས་གཞིས་ཡར་ཀླུངས་དཔལ་གྲོང་མཁོ་བེད་སྟབས་གཞུང་བླངས་ཚབ་ལྷུན་གྲུབ་རྫོང་མདུན་གྲོང་གཞིས་ཀ། སྦྲང་ཆར་གཙང་མའི་སྤྱིལ་པོ། བསྡད་གྲོང་དུད་ཆེ་ཆུང་བསྡོམས་བཅུ་གསུམ། འབབ་ཆིག་སྟོང་བདུན་བརྒྱ་དང་གསུམ། སྟག་ལུང་གྲ་ཚང་གི་ཆོས་གཞིས་གྲ་ནང་གད་པ་ཁ་བླངས་ཚབ་ལྷུན་གྲུབ་རྫོང་ཞོལ་ལྕང་མ་གཞིས་ཀ །བསྡད་གྲོང་དུད་བཅུ་གསུམ། འབབ་འབྲུ་ཁལ་དྲུག་བརྒྱ་དང་སོ་དྲུག །མཆོད་དཔོན་ངག་དབང་ཤེས་རབ་རིམ་གྲོའི་ལག་གཡོག་ཏུ་ཁུར་ཆེ་བྱུང་བའི་བདག་རྐྱེན་དུ་ཁེ་གསུམ་ནས་སྣེའུ་སྡོང་རྩེ། ཆོས་སྡེ་ཁག་སོགས་ལ་བོགས་ཤས་འགྲོ་བ་རྣམས་ཁེ་གསུམ་དུ་ཟླ་བསྒྲིལ་བྱས་


GLG007_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འབབ་འབྲུ་ཁལ་ཆིག་སྟོང་ཉིས་བརྒྱ་དང་གཉིས་བྱིན་པའི་ཚབ་རྩེ་ཚོགས་པར་ཡང་རི་ཁུངས་བྱང་སྲིབས་ནས་བོགས་འཁྱར་འབྲུ་ཁལ་སུམ་བརྒྱ་གོ་དྲུག །རི་བོ་ཆོས་གླིང་བར་བསྡད་གྲོང་རྐང་གཉིས། འབྲུ་ཁལ་སུམ་བརྒྱ་གོ་དྲུག །རས་ཆུང་ཕུག་པར་ཕོ་བྲང་ཁུངས་ཟེ་སྣ་ནས་བོགས་འཁྱར་འབྲུ་ཁལ་ཆིག་བརྒྱ་དོན་གཉིས། འཕྱོས་ལམ་རིམ་པའི་ཤས་ཞིང་ཚབ་ཞིང་ཚབ་ལྕང་གང་ཁུངས་སྦྱར་མ་གསུམ། བཀྲ་ཤིས་བདེ་ཆེན་པར་ཤོས་སྟོད་ནས་སྔོ་བཟོ་བའི་འབབ་ཁལ་དྲུག །རི་བོ་བདེ་ཆེན་པར་འཕགས་སྡེ་ཁུངས་དཔལ་རི་རྙིང་མའི་བོགས་འབྲུ་ཁལ་ཉིས་བརྒྱ་རེ་གཉིས། ཨྱོན་གླིང་དུ་ཕོ་བྲང་ནུབ་སྟོད་ཁྲུམས་སོགས་ནས་བོགས་འབྲུ་ཁལ་ང་གཉིས། བཀྲ་ཤིས་ཆོས་སྡེ་བར་བྱིང་ཁུངས་སོགས་ནས་འབྲུ་ཁལ་བཅུ་གསུམ། རྩེས་དང་ལྔ་མཆོད་པར་བྱང་སྲིབས་སྟོད་ཁང་རྒྱབ་ཁུངས་སྐྱེར་པ་མ་ལི་རྣམས་སྤྲད། ཆབ་ནག་བླ་མ་བཀྲ་ཤིས་ཆོས་འཕེལ་གྱིས་དགོས་ཚུལ་ནན་ཆེ་བྱུང་བ་བཞིན་སེ་མོ་མི་སེར་གྱི་སྟེང་དུད་ཆེ་ཆུང་སོ་བརྒྱད། འབབ་འབྲུ་ཁལ་སུམ་བརྒྱ་དང་དྲུག །ཕུང་པོ་རི་བོ་ཆེར་བདུད་དཔུང་ཟིལ་གནོན་གླིང་ཞེས་པ་འཛུགས་པའི་དགོས་པའང་། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་རཏྣ་གླིང་པའི་རྟ་མགྲིན་གསང་འདུས་ཀྱི་ཐེམ་བྱང་རིན་ཆེན་གཏེར་མཛོད་ལས། རྒྱལ་བའི་སྲས་མཆོག་འགྲོ་འདུལ་རིག་པ་འཛིན༔ རྒྱ་བོད་ཀུན་ཏུ་རྩོད་བྲལ་སྤྲུལ་སྐུ་གྲགས༔ རྡོ་རྗེ་འཆང་དང་ཡོན་ཏན་དགོངས་པ་མཉམ༔ བདག་འདྲ་མཚོ་སྐྱེས་པདྨའི་འབྱུང་གནས་ཀྱིས༔ རྒྱལ་བ་འདས་ནས་ལོ་ཡང་ཞེ་གསུམ་ན༔ སྤྲེའུའི་ལོ་ལ་ཀོ་ཤའི་གླིང་དུ་འཁྲུངས༔ སུམ་སྟོང་ཉེ་བར་རྒྱ་གར་ཨྱོན་སོགས༔


GLG007_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་རྒྱལ་མཚན་རྩོད་མེད་སེང་གེར་གྲགས༔ བོད་ཀྱི་མངའ་ཐང་དགུང་ལ་རེག་པའི་དུས༔ འཇམ་དཔལ་སྤྲུལ་པ་མངའ་བདག་ཁྲི་སྲོང་གི༔ ཞུ་བའི་ངོ་དང་གདུལ་བྱའི་དུས་གཟིགས་ནས༔ སྟག་གི་ལོ་ལ་གངས་ཅན་ཡུལ་དེར་སླེབ༔ བསམ་ཡས་ས་བཏུལ་གཙུག་ལག་ཁང་ཆེན་གྲུབ༔ སངས་རྒྱས་བསྟན་པ་ཉི་འོད་བརྡལ་བར་མཛད༔ ཆོས་དང་གདམས་པ་བསྟན་སྲུང་དྲག་སྔགས་བཅས༔ ལས་འཕྲོའི་དབང་གིས་མངའ་བདག་རྒྱལ་པོ་ལ༔ འཕྲལ་དང་ཕུགས་སུ་དགོངས་ནས་དཔག་མེད་གཏད༔ མ་འོངས་དོན་ཕྱིར་གཏེར་ཁ་དཔག་མེད་སྦས༔ ཕྱི་མའི་དུས་འདིར་བོད་ཀྱི་རྒྱལ་ཁམས་འདིར༔ ད་ལྟ་དབང་བསྐུར་བཀའ་ལུང་ཡོངས་རྫོགས་པའི༔ ལས་ཅན་མང་པོས་གཏེར་སྒོ་རིམ་པར་འབྱེད༔ གཏེར་ཆོས་བསྟན་པ་མཐའ་དབུས་རྒྱས་པར་འགྱུར༔ ཞེས་སངས་རྒྱས་གཉིས་པ་སློབ་དཔོན་པདྨ་ཐོད་འཕྲེང་རྩལ་གྱིས་དག་པ་དང་མ་དག་པའི་གནས་མཐའ་ཀླས་པར་འཕྲིན་ལས་སྣ་ཚོགས་ཀྱིས་རྗེས་སུ་བཟུང་བའི་ཆ་ཤས་གནས་ལྗོངས་གངས་རི་བྲག་མཚོ་སོགས་བྱིན་གྱིས་བརླབས་ཤིང་གཏེར་ཆེ་འབྲིང་ཆུང་བ་དཔག་ཏུ་མེད་པ་སྦས་པའི་ནང་ཚན། ཐང་ཡིག་ཤེལ་བྲག་མར། གཙང་གི་ཕུག་མོ་ཆེ་རུ་ཚེ་བདག་སྦས༔ ཞེས་པ་དེ་ཉིད་འདོན་པའི་དུས་རྟགས་ཀྱང་༔ ལ་སྟོད་གཅུང་པ་དྲིལ་ཆེན་ཆུ་ལྟར་འཁྲུག༔ གཡུང་པོ་རྫ་ལྷུད་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང་༔ གཏེར་སྟོན་དུམ་རྒྱ་ཞང་ཁྲོམ་ཞེས་བྱ་འབྱུང་༔ ཞེས་སློབ་དཔོན་ཆེན་པོས་རྗེ་འབངས་དགུར་བཀའ་བརྒྱད་ཀྱི་དབང་བསྐུར་མཛད་པའི་ལྷོ་འཇམ་དཔལ་གཤིན་


GLG007_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་བཀའ་བབས་པ་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ཞེས་མངལ་སྐྱེས་ཀྱི་ནང་ཆེ་བཙན་འགྲན་ཟླ་ཐམས་ཅད་དང་བྲལ་བ། རྫུ་འཕྲུལ་ནམ་མཁའ་མཛོད་ལ་མངའ་བརྙེས་པ་དེའི་ཡང་སྲིད་ནི། ཟབ་པའི་ཆོས་དྲུག་གི་དཀར་ཆག་ལས། དེ་དུས་བསྐལ་པའི་ཐ་མ་ལ༔ ང་མིན་ང་ཡི་ཆ་བྱད་ཅན༔ ཤ་ནི་སེར་ལ་སྐྲ་ནི་ལི༔ བོང་ནི་ཐུང་ལ་གཡས་ནི་དཀར༔ གཡོན་ནི་དམར་བའི་ཤ་མཚན་ཅན༔ སོ་ནི་དཀར་ལ་སོ་ཚགས་དམ༔ སྨེ་བའི་ག་ཤ་ཡོད་པ་ཡི༔ ལོ་ནི་ཁྱི་འབྲུག་ལོ་པ་ལ༔ རུས་རྒྱ་མིང་ནི་ཞང་ཁྲོམ་ཞེས༔ དེ་ལྟ་བུ་ཡིས་རྙེད་པར་ཤོག༔ ཅེས་པད་གནུབས་ཀྱི་ཟབ་ཆོས་བསམ་གྱིས་མི་ཁྱབ་པའི་བཀའ་བབས་པ། ཕུང་པོ་རི་བོ་ཆེའི་གཏེར་བྱང་ལས། གཡུང་གི་ཕུ་ཡི་རྫ་ལྷུད་ནག་པོ་ལ༔ དམ་ཆོས་བཀའ་རྟགས་བུམ་སྐུར་བཅས་པ་གཏད༔ གཡས་རུ་མྱུག་གི་རྡོ་རྗེ་སྒྲོམ་བུ་རུཿ དབང་རྟགས་རྡོ་རྗེ་བཀའ་རུ་བཅས་པ་སྦས༔ གཡས་རུ་གཙང་ཁྲིས་ཕུང་པོ་རི་བོ་ཆེར༔ དབང་རྟགས་བསེ་སྒྲོམ་སྨུག་པོར་བཅས་པ་སྦས༔ སྐལ་ལྡན་ལས་འཕྲོ་ཅན་ལ་ཁ་བྱང་བྲིས་ཏེ་བཞག༔ ཅེས་དང་། ཟབ་པའི་ཆོས་དྲུག་གི་དཀར་ཆག་ལྟར་ཕུང་པོ་རི་བོ་ཆེ། མྱུག་གི་རྡོ་རྗེ་སྒྲོམ་བུ། གཡུང་གི་རྫ་ལྷུད་མོ། མོན་མོ་གཙུག་རུམ། འབུམ་ཐང་ཀེ་རུ། གཙང་འགྲམ་སྐྱེར་མ། པྲ་དུན་རྩེ། མཁོ་མཐིང་ལྷ་ཁང་། བསམ་ཡས། མཆིམས་ཕུ་སོགས་ནས་བྱང་ཆུབ་བསྒྲུབ་ཆོས་དང་ཁྱད་པར་བསྟན་པ་བསྲུང་བའི་དྲག་སྔགས་གྲངས་མེད་པ་སྤྱན་དྲངས་པའི་གཙོ་བོ་གསུམ་གྱི་ནང་ནས་ཀྱང་མཆོག་ཏུ་གྱུར་པ་ཁ་བ་ཅན་པའི་བདེ་སྐྱིད་འབྱུང་བའི་གཞི་ཡིན་པའི་ཕྱིར། སྤྲུལ་སྐུ་ཉང་ཉི་མ་འོད་ཟེར་གྱི་ཟབ་གཏེར་དམག་བཟློག་


GLG007_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ལས༔ གཙང་གི་རི་བོ་ཆེ་དང་དབུས་རི་གསུམ་གྱི་ཁ་ནས་མཚོན་བཟློག་བྱ༔ ཞེས་གསུངས་པ་དང་དགོངས་པ་མཐུན་པར་སྡིག་པའི་རྒྱ་ཅན་དུ། བོད་འབངས་བདེ་བ་བསྒྲུབ་པའི་ཐབས། །ཤར་གྱི་གདུག་པ་ཞི་བ་ལ། གཙང་གི་སྤུངས་པ་རི་བོ་ཆེར། །སྔགས་ནག་གསུམ་གྱིས་ལས་ལ་སྦྱོར། །བསོད་ནམས་ཀླུངས་རྟ་སྤུབ་པ་དང་། །ལས་སྦྱོར་བསྐུལ་བ་གནད་དུ་ཆེ། །ཞེས་དང་། ཆོས་དུང་གཡས་འཁྱིལ་རྒྱ་ལས། རི་བོ་ཆེ་རུ་ཐུགས་ཀྱི་ལྷ་གསུམ་བཞེང་། །གཤིན་རྗེ་ནག་པོའི་སྒྲུབ་པ་བཙུགས་ན་ལེགས། །ཞེས་ལུང་བསྟན་ནང་བཞིན་སྔ་སོར་རི་འདིར་འཇམ་དཔལ་ཚེ་བདག་ཕྱག་རྒྱ་ཟིལ་གནོན་གྱི་སྒྲུབ་སྡེ་ཞིག་ཚུགས་ན་སྤྱི་སྒེར་ཐམས་ཅད་ལ་ཕན་ཚུལ་སྡེ་པ་བསོད་ནམས་རབ་བརྟན་ལ་བགྱིས་པ་བཞི་སྡེ་ཞིག་མཛད་བཞེད་དེ། ཤིང་སོགས་སྟ་གོན་གྱི་ཚེ་ནང་སོ་ནོར་བུས་བསྒྱུར་བ། རིགས་གསུམ་མཚན་མའི་རྒྱར། བདུད་ཀྱི་བྱིན་བརླབས་མཐུ་ཆེ་བས། །དེ་དུས་སྙིགས་མའི་མི་མང་བརླམས། ཁྱད་པར་བོད་ཡུལ་བདེ་བའི་ཐབས། །བསྒྲུབ་ལ་ཐབས་ཀྱིས་འཚེ་ཞིང་སྨོད། །ཅེས་པའི་དོན་སྟིང་སོང་ནས་ལོ་ཤས་འགྱངས་ཀྱང་སླར་འགྲུབ་པ། ཨེ་མ་འཁོར་བའི་འདམ་རྫབ་ལས། །འགྲོ་བ་འདྲེན་པའི་དམ་བཅའ་འདི། །སེམས་ཅན་སྟོངས་མིན་བར་དུ་ཡིན། །སྣ་ཚོགས་སྤྲུལ་པ་ཅིར་ཡང་སྟོན། །ཞེས་སོགས་ཀྱིས་མཚོན་གཙང་ལ་ཕན་པའི་ཞལ་ཆེམས་སྒྲོ་བཀུར་དང་བྲལ་ཏེ་འཇམ་དཔལ་ཞི་ཁྲོ་གཙོ་བོར་གྱུར་པའི་དགེ་འདུན་གྱི་སྡེ་འཛུགས་པར་སྔར་ཧོར་ཟླ་བཅུ་པའི་ཁྲོ་རོལ་གཏོང་བ་ཙམ་ལས་དགོན་པའི་ཐ་སྙད་མི་སྣང་བ་གཙུག་ལག་ཁང་གསར་དུ་བསྐྲུན་པའི་ཕ་རོལ་མི་མཐུན་ཕྱོགས་འཇོམས་པའི་མིང་གོང་བཞིན་བཏགས་ནས་ཉང་སྟོད་བྲག་ལ་བ་ལྷུན་གྲུབ་ཆོས་སྡིངས་པས་དཔལ་ལྡན་དུས་དགྲའི་དབང་པོ་ཕྱག་རྒྱ་


GLG007_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཟིལ་གནོན་གྱི་སྒྲུབ་མཆོད་ཇི་སྲིད་བསྟན་པ་རིན་པོ་ཆེ་ནམ་གནས་བར་ཆད་མེད་ཀྱི་རྒྱུན་བཙུགས་པར་རྡོར་སློབ་གཅིག་ཐེ་བའི་བཞི་གྲས་ལོ་འཁོར་དང་། དེར་མི་ཐེ་བའི་ལོ་ལོ་བཞིན་ཟླ་བ་དང་པོའི་ཚེས་གཅིག་ནས་ཧོར་ཟླ་དྲུག་པའི་གནམ་གང་བར་བླ་མ་གྲ་བཅས་ཉེར་དྲུག་གིས་ཉིན་སྟར་ལས་བྱང་རྒྱས་པ་སྔོན་སོང་གི་ཨྱཻ་རིང་འགྲོ་གང་ཆེ། དགོངས་མོ་ཕོ་མོ་ཁྲོམ་སོགས་བཟློག་སྔགས་ཀྱི་རིགས་གང་ཟབ་དང་བཅས་བོད་ཁམས་སྤྱི་དང་བྱེ་བྲག་དགའ་ལྡན་ཕོ་བྲང་པའི་ཆོས་སྲིད་ལ་གནོད་པའི་རིགས་ལ་ཐུན་གཏོར་རེ་འཕེན། གཏོར་གཞི་སྤོ་ཐེངས་རེ། ཉེར་དགུ་འབྱུང་རེས་ཀྱི་ཐུབ་གཏོར་ཆེ་བར་འཕང་། བླ་གྲ་ཟླ་དྲུག་པར་བཞུགས་རིང་བྱུང་ངོ་ཅོག་གི་ཟླ་བའི་ཚེས་གསུམ་བརྒྱད་བཅོ་ལྔ་གསུམ་ལ་བརྒྱགས་རྔན། ཚེས་བརྒྱད་ལ་ཐུགས་རྗེ་ཆེན་པོ། ཚེས་བཅུར་རིགས་འཛིན་གདུང་སྒྲུབ། ཚེས་བཅུ་གཅིག་ལ་བཀའ་བརྒྱད་རང་བྱུང་རང་ཤར། ཉེར་ལྔར་ཐུགས་སྒྲུབ་དྲག་པོ་རྩལ། ཉེར་བརྒྱད་ལ་བཀའ་བརྒྱད་གསང་བ་ཡོངས་རྫོགས། ལོ་རེར་ཚེ་བདག་གི་སྒྲུབ་མཆོད་རྒྱས་པར་བཅས་པའི་གཏོར་རྩམ་སོགས་མཆོད་ཆས། ཚོགས་འཁོར། བླ་གྲའི་བོགས། ཇ་ཐུག་འཕར་མ་ལེ་ཚན་བཅས་གཏོང་སྒོ་ཚང་མའི་ཇ་ཕོགས་སོགས་ནར་མ་རྣམས་ཕུད། དེ་ཕྱིན་དེབ་ཟུར་གསལ་བཞིན་འགྲོ་རྩིས་ལ་བལ་ར་དུད་བཅོ་ལྔ། འབབ་རུའི་ཆིག་སྟོང་ཉིས་བརྒྱ་ཉེར་གཅིག་ཉ་འདབས་ཀྱི་ཆར་ཐད་སོགས་སྦྱོར་འཇགས་བྱས་པ་བླ་མ་དགའ་རབ་འདི་པ་ལག་འབྲས་གཙང་བའི་མཆོད་པའི་བྱེ་བྲག་བཟབ། བྲིས་འབུར་སོགས་དངོས་གཙང་བའི་ལག་རྗེས་དང་། སྤྱི་རྫས་མཆོད་ཆས་སོགས་སྣ་སྒོར་མ་ནས་འཁྱིལ་ཆེར་བཞག་པ་བསྐས་བལ་དགའ་བའི་ཚད་


GLG007_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་བྱུང་གཞན་ནི་སྐུ་རིམ་པ་དང་ཆོས་སྡེ་གསར་བཙུགས་ཀྱི་བླ་གཉེར་སོགས་ཀྱང་རེ་གཉིས་མ་གཏོགས་སྡེ་དེར་ཕན་མི་འདོགས་པར་རྩྭ་ཤར་རི་དང་ལྕི་བ་ནུབ་ཀྱི་དཔེ་ཁོ་ནས་འབྲེལ་མེད་ཀྱི་ཆེ་ས་དགོས་མེད་གཞན་ལ་སྟེར་བ་མང་བར་སྣང་ངོ་། །སྣེའུ་སྡོང་རྩེ་སྡེ་པ་བློ་བཟང་སྦྱིན་པའི་སྐལ་བར་སྤྲད་པ་རྩེ་ཚོགས་པར་སྣེའི་སྡོང་རྩེའི་གཏོང་དེབ་ཏུ་གསལ་བའི་དོད་ཡར་ཀླུངས་དཔལ་གྲོང་གྲ་ནང་གད་པ་ཁ། ཡར་སྟོན་སྒོ་མལ་བཅས་ཁག་གསུམ་པོར་དུད་འབྲིང་ཉི་ཤུ་རྩ་གཉིས། འབབ་སུམ་སྟོང་ཉིས་བརྒྱ་ཉེར་ལྔ། ངག་དབང་འཕྲིན་ལས་ལ་འབྲུ་ཁལ་ལྔ་བཅུ་དང་བློ་བཟང་ཆོས་ལྡན་ལ་བརྒྱ། གདུད་ནག་པོ་གཞུང་སར་བློ་གཏད་པའི་སྐྱོང་འོས་དང་། ལྷག་པར་དམག་སྔ་ཕྱིར་འཐབ་འཁྲུག་ཞེ་རུས་བསྐྱེད་པའི་ཟལ་ཐོན་དང་འབྲུག་འོག་ཚུར་འཐེར་གྱི་ཐབས་བློ་སོགས་གང་ཅིར་ཁུར་བསམ་ཆེ་ངེས་བྱུང་བའི་བདག་རྐྱེན་དུ་ལྷོ་བྲག་རྫོང་གཞིས་གང་བདེ་ནས་གཤོར་འདེབས་ཁལ་ཉིས་བརྒྱ། ཧ་སྡོང་རབ་འབྱམས་པ་ངག་དབང་དོན་གྲུབ་ཤག་སྒོར་བླ་མ་བྱེད་རིང་ཡས་པ་ཐེབ་ཆུང་བྲག་ལ་གཏོགས་པའི་ཆོས་གཞིས་འབབ་འབྲུ་ཁལ་ཆིག་བརྒྱ་ཉེར་ལྔ། ཡིག་མཁན་ལྷུན་གྲུབ་ཕ་བུའི་གཡོག་སྒྲུབ་རྟེན་གྲ་ནང་སོག་ཕུ་རྐང་ལྔ། འབབ་འབྲུ་ཁལ་ཉིས་བརྒྱ་དོན་ལྔ། སྨོན་སྐྱིད་པད་ཚིང་ཡིག་རྩིས་ཀྱི་གཡོག་ཏུ་འགྱུར་བ་བྱུང་བ་དང་སླར་ཡང་ཞི་དྲག་སྒྲུབ་རྟེན་མི་སེར་དུད་བཅུ་གཅིག །འབབ་ཁལ་ལྔ་བརྒྱ་དང་དྲུག །ལྕང་ལོ་ཅན་པ་བསྟན་འཛིན་དཔལ་བཟང་ཡེར་པའི་མི་སེར་མ་བཟོས་པ་དང་འབྲས་སྤུངས་སྤྱིལ་བུ་ཚུར་སྤྲད་པའི་ཚབ་འབྲུ་ཁལ་བརྒྱའི་གཤོར་འདེབས། བསྟན་འཛིན་དབང་པོ་ཡི་གེའི་ལག་གཡོག་ཏུ་འགྱུར་བར་བྱུང་བའི་རྟེན་ཡེར་པ་སྒྲོམ་པ་ཁུངས་ཐེམ་རྐང་བདུན། འབབ་ལྔ་བརྒྱ་སོ་གཉིས། བསོད་དར་གྱི་ཞི་དྲག་


GLG007_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་རྟེན་རྒྱལ་རྩ་ལུང་ནག་གླང་པ་གཞིས་ཀར་གཏོགས་པའི་ཁང་པ་ན་ལྕང་། ཐེམ་རྐང་གཉིས། འབབ་ཉིས་བརྒྱ་ཉེར་བརྒྱད། སྟར་སྡོང་པར་རྟ་ནག་གི་ས་ཚབ་གཞིས་རྩེ་ཞོལ་རྩ་ཁུ་དཔལ་ར། མགར་ཚང་དཔལ་ར། ཆུ་དབར། ལྕང་སྟོད་སྦེལ་གསར་གླིང་བསྡོམས་དུད་ཆེ་ཆུང་སོ་ལྔ། འབབ་ཆིག་སྟོང་ལྔ་བརྒྱ། ཤ་འདེགས་བརྒྱ་དང་བཅུ། རམ་པ་ཟུར་པ་ལྷུན་གྲུབ་ལ་ས་ཚབ་དང་ཞི་དྲག་སྒྲུབ་རྟེན་དུ་གཞིས་རྩེ་སྨོན་གྲུབ་ཁྱུང་རྩེ་རྫོང་མདུན་གྱི་ས་རིགས་དུད་བཅུ་བདུན། འབབ་ཁལ་དྲུག་བརྒྱ་རེ་གསུམ་ཤོ་གྲོང་འཕགས་པ་དོན་གྲུབ་གཞུང་འགལ་གྱི་ཕན་བདེ་སོགས་འགལ་རིགས་ལ་བྱ་ལེན་ཚང་སྐྱེལ་ཁ་ལབ་འབྲེལ་བརྒྱུད་མི་བྱེད་པའི་སྡོད་མཁས་བྱུང་ཕྱིན། ཤོ་གྲོང་གི་གྱང་ར་འབབ་ཉིས་བརྒྱ་དོན་དགུ། འཚོ་བྱེད་ལྷུན་སྡིངས་པ་རྣམ་རྒྱལ་རྡོ་རྗེ་གསོ་རིག་ལ་བློ་ཡངས་ཤིང་ཐོས་པ་ཆེ་བ་འདུག་པ་དང་། བསླབ་གྲ་སྐྱོང་རྒྱུན་ཡོད་སྣང་བ་གཞན་ཕན་གྱི་འཆད་ཉན་སྒྲིགས་ལེགས་བྱུང་ཕྱིན་མཐུན་རྐྱེན་དུ་ཕུན་གླིང་ནས་གཤོར་ཁལ་བརྒྱ། བསམ་གྲུབ་གླིང་པས་ཕག་རིར་ཟི་བུན་གྱི་དུས་བསམ་ཕྱོགས་མ་ལོག་ཅིང་ཁམས་སོགས་གཞུང་དོན་གང་ལ་བཏང་ཡང་ཁུར་ཆེ་བ་དང་། ཉེ་ལམ་བུ་བསོད་ནམས་རྡོ་རྗེ་བུམ་ཐང་དཔུང་འདེགས་ཀྱི་རོགས་སུ་འགྱུར་བ་བཅས་གཙང་གི་མདའ་དཔོན་གྱི་འོས་སུ་བྱུང་བ་བསྐོས་པའི་སྐྱོང་ཐེབས་དང་སྦྲགས་རྒྱལ་རྩེ་སོག་ཁང་གི་ས་རིས་དབང་རིགས་བདག་ཐོབ་བསྡོམས་དུད་རེ་གཅིག །འབབ་ལྔ་སྟོང་རེ་ལྔ། ཤ་ཁལ་ཉིས་བརྒྱ་དོན་དགུ། མར་ཁལ་སོ་བདུན། ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་གྱི་སྐུའི་སྐྱེ་བ་གཏེར་སྟོན་ཨྱོན་གླིང་པའི་ཐང་ཡིག་ལས། བསམ་ཡས་མཆིམས་ཕུ་ཡར་ཀླུངས་ཤེལ་གྱི་བྲག༔ ཡེར་པ་ཟླ་བ་ཕུག་


GLG007_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྒྲུབ་གནས་ཀུན༔ སྒྲུབ་གྲ་སྒྲུབ་མཆོད་རྒྱུད་སྟོན་ཚེས་བཅུ་ཚུགས༔ ཞེས་འཕགས་ཡུལ་བསིལ་བ་ཚལ་དང་མཚུངས་པའི་གནས་རྣམས་སུ་གངས་ཅན་བདེ་སྐྱིད་སྤེལ་བའི་སྒྲུབ་གྲ་འཛུགས་དགོས་པར་གསུངས་པའི་འཕྲིན་ལས་ཀྱི་གནས་འདིར་གཏེར་ཆེན་རཏྣ་གླིང་པའི་གུ་རུ་ཞི་དྲག་དང་ཐུགས་རྗེ་ཆེན་པོ་ཞི་ཁྲོ་བཙུགས་པའི་ཆོས་གཞིས་སུ་སྨན་ལུང་གཟིམས་ཁང་ས་ཞིང་མོ་བྲན་ལག་འདེབས་སོགས་འབྲུ་ཁལ་སུམ་བརྒྱ་སུམ་ཅུ་གནས་འཛིན་གྲ་པ་སོགས་ལ་སྦྱོར་འཇགས། མདོ་ཁམས་རྫོང་གཞིས་ཆེ་ཁ་བཅུ་གསུམ་གྱི་མངའ་ཁུལ་ལ་དགེ་ལུགས་གཙོ་གྱུར་གྱི་ལྷ་སྡེ་ཁག་དྲུག་བརྒྱ་ང་བདུན་ཡོད་པའི་དགེ་དགོན་རྣམས་ལ་གདུགས་དཀར་དང་མཚན་བརྗོད། རིས་མེད་ཚང་མར་སྡེ་པས་ངེད་ཀྱི་རིང་འཚོའི་ཚིགས་བཅད་ཚེ་དཔག་མེད་མགོན་མ་དང་། ཚངས་པ་དུང་ཐོད་ཅན་གྱི་གསུང་མཐའ་ཡས་ཞིང་བཞུགས་ལ་རྒྱུན་འཛུགས་བྱང་གཏེར་ཤས་ཆེ་བའི་རྙིང་དགོན་རྣམས་ལ་རིམ་གྲོ་གལ་ཆེ་དམིགས་བསལ་གྱི་ཆོ་ག་ཕྱག་ལེན་མ་ཉམས་པར་དགོས་པ་དང་། དགེ་དགོན་ཚུགས་ཀ་ཞན་པ་རྣམས་ལ་ཡུལ་གྲུ་འབྲེལ་མཚུངས་ནས་གྲ་རྒྱུན་དཀོར་ས་དགེ་ཁོངས་ཕྱེ་གསལ། མཆོད་པའི་རྒྱུན། ཕོགས་ཐེབས་བཅས་དད་འབུལ་དང་བླངས་བྱས་ཆོག་པ། ས་རྙིང་སོགས་ལ་ཐམ་ག་དམར་ནག་གིས་གཙང་ཆོད་ལ་དེ་དོན་བཞིན་གནས་པ་དང་། དེ་མིན་དགེ་ལུགས་གཙོར་བཏོན་དགོས་པའི་གཏན་ཚིགས། དེ་དག་ལ་མེད་མི་རུང་གི་བཅའ་ཡིག་ཡུལ་དུས་དང་བསྟུན་པ། དགེ་དགོན་རྣམས་ལ་ཐོག་མའི་འཛུགས་ཇ་སོགས་ཀྱང་བརྒྱབ། འདྲ་མཁར་ཐོག་དགོན་པ་བར་སྔར་གྱི་བདག་ཐོབ་རང་འཇགས་སྟེང་རྟེན་གསུམ་མཆོད་ཆས། ཁང་ཞིང་དང་བཅས་པ་སྦྱོར་འཇགས་བྱས་པར་འོ་སྐོལ་གྱི་སྟོན་པ་དང་རྒྱལ་བ་མ་


GLG007_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཕམ་པ་འདོམ་གང་ཙམ་རེས་གཙོས་གསེར་སྐུ་ཆེ་ཆུང་བཅུ་གཅིག །འཇིམ་སྐུ་གསུམ། འདོད་ཁམས་དབང་ཕྱུག་མའི་རྡོ་སྐུ་རང་བྱོན་མ་དང་གདུང་རྟེན། བཀའ་པོད་ལྔ་བཅུ། རྗེ་བཙུན་བཙོང་ཁ་པ་ཆེན་པོའི་ཐང་སྐུ་སོགས་བཅུ་དགུ། གོས་དར་གྱི་འཕན་བླ་བྲེ་བཅུ་གཅིག །སྦུག་སིལ་ལྔ། འཁར་རྔ་བཞི། ལི་རག་གི་མཎྜལ་བཅུ་དང་ཏིང་བདུན་ཚར་བཅུ་གསུམ། རག་གི་མཉྫི་བཅུ་བཞི། སྤོས་ཕོར་བཞི། ཀོང་ཞེ་གསུམ། གཏོར་ཆ་ཆ་ཚང་། པད་སྡེར་བཅུ་གསུམ། ཟངས་བུམ་གཅིག །ལྕགས་ཀྱི་མར་མེའི་རྒྱལ་མཚན་ཀོང་བརྒྱ་ལྷག་ཡོད་པ། དུང་དཀར་གཅིག །ཁྲབ་རྨོག་བཅས་གསུམ། བསེ་ཁྲབ་གཅིག །གྲ་པ་ཉིས་བརྒྱ་སྐོར་ཤོང་ཚོད་ཀྱི་རས་གུར་གསེར་ཟངས་ཀྱི་འཕྲུ་ལྡན། ཡོལ་བ་ལྔ་སོགས་ཀྱི་སྤྲོད་དང་འབབ་ཁལ་དྲུག་སྟོང་ཉིས་བརྒྱ་དྲུག་ཅུ་སྐོར་ཐོན་པ། འདྲ་རྩི་ཐོག་དགེ་ལུགས་སུ་བསྒྱུར་ཏེ། རྒྱལ་བ་བཙོང་ཁ་པ་ཆེན་པོའི་ལུང་རྟོགས་ཀྱི་བསྟན་པ་གསར་དུ་བསྐྲུན་པར་འདྲ་རྩི་ཐོག་དགོན་དང་། རྒྱལ་ཆོས་ལྷ་ཁང་ལ་གཏོགས་པའི་རྟེན་གསུམ་མཆོད་རྫས་ཁང་ཞིང་སོགས་བདག་ཐོབ་ཆེ་ཕྲ་མཐའ་དག་སྦྱོར་འཇགས་བྱས་པར་སངས་རྒྱས་བྱང་སེམས་ལི་དང་གསེར་སྐུ་བསྡོམས་བཅུ་བཞི། སྨན་སྐུ་བཅུ་གཉིས། གདུང་རྟེན་གསུམ། བཀའ་པོད་ཞེ་གཉིས། བྲིས་ཐང་སྣ་ཚོགས་དགུ། སྦུག་སིལ་དང་འཁར་རྔ་གསུམ་རེ། ལི་རག་གི་མཎྜལ་རེ། རག་ཀོང་ཉེར་བཞི། ཏིང་སོ་གཉིས། དུང་དཀར་གསུམ། ལྕགས་ཀྱི་མཉྫི་བཞི། ཕན་བླ་བྲེ་དུང་ཆེན་སོགས་དང་། ཐབ་གདན་ཆས། འདྲེན་དཔྱད་ཀྱི་རིགས་མང་བ། འབབ་སུམ་སྟོང་དགུ་བརྒྱ་སུམ་ཅུ། མདོ་རབ་སྒང་ཁུལ་དགའ་ལྡན་ཆོས་གླིང་པར་དཔལ་ཡུལ་བོན་དགོན་དམ་པ་


GLG007_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

རང་གྲོལ་གྱིས་འཛིན་བདག་བྱེད་ཐོག་ནས་འབབ་ལྔ་བརྒྱ་སྐོར། འགིར་བ་ཁ་པར་མིའུ་རོང་འདུ་ར་དགོན་གྱི་མཆོད་ཞིང་དང་། ཚེར་རོང་སྟག་ལྷའི་ཁང་པ་བཅས་པ་འབབ་བཞི་བརྒྱ་བཞི་བཅུ་སྐོར། རྒྱུད་ཟུར་དགོན་སྤྱི་སོར་དབེན་དགོན་འགེབ་ཁྲོད་པ་དང་ཉ་ལྔ་རྒྱ་མཚོ། སེའུ་རོང་ལྔ་དཀར་ཕུ་བཅས་པའི་འཛིན་བཤུལ་གྱི་ཁང་ཞིང་། སྒོ་ར་ཤར་པའི་ཁྲལ་སྟེང་ནས་སྤུ་ནག་བཅས་པར་འབབ་ལྔ་བརྒྱ་དྲུག་ཅུ་སྐོར། ལྟེ་ལོ་དགོན་གསར་བར་སྟག་སྟག་རི་ཁྲོད་པ། བོན་དགོན་གྷི་ལའུ། སྒོམ་པ་སེང་གེ །འོད་སྐུ་ལྟེ་རི་དགོན་བཅས་པའི་འཛིན་བཤུལ་གྱི་ཞིང་ལ་འབབ་སུམ་བརྒྱ་བཞི་བཅུ་ལྷག་བཅས། སྟོང་སྐུ་ལྔ་མཆོད་པར་བེ་ལོ་དགོན་པའི་འཛིན་བཤུལ་ཁ་གཙང་ཐོག་ལྡུམ་ར་བའི་ཞིང་བརྒྱད། ཁྲི་འཇམ་མོ་སྙི་ཞབས་དང་མཚོ་ཐོག་གི་ཁང་པ་ལེ་ཚན་བཅས་ལ་འབབ་སུམ་བརྒྱ་སུམ་ཅུ་སྐོར། གནས་མགོ་ལྔ་མཆོད་པར་བསོད་ནམས་གཡུང་དྲུང་གི་ཞིང་དང་། དཔལ་འཛིན་རོང་བསྡུ་རབ་ཀྱི་ཁང་པ་བཅས་ལ་འབབ་ཉིས་བརྒྱ་བདུན་ཅུ་ལྷག་པ། མདོ་ལྔ་མཆོད་པར་བོན་དགོན་ལྡུམ་ར་བའི་འཛིན་བཤུལ་གྱི་ཁང་ཞིང་འབབ་ཆིག་བརྒྱ་བཅུ་སྐོར། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན་གྱི་སྐུ་ཚ་མོ་གནས་གསར་བཙུན་མ་ཀུན་དགའ་ཆོས་དབང་ལ་ཞ་ལུར་ནམ་སྡོད་རིང་མཁར་ཁལ་ལྔ་བཅུ་རེ། ཕུ་ལུང་དགེ་སློང་ཁམས་ནམ་བཟང་རིང་འཕྱོང་རྒྱས་ནས་འབྲུ་ཁལ་ཞེ་དྲུག་བྲེ་བཅུ་གསུམ་རེ། ཞང་སྟོན་རི་ཁྲོད་པར་བཟང་ཡུལ་བཀྲ་ཤིས་སྟེང་གིས་ཚབ་སྔ་སོར་གུད་མེད་སོང་གྲུབ་ཀྱང་ས་བསྣོན་ཞུ་རེ་དང་རིམ་གྲོ་བསྒྲུབ་རྟེན་དུ་གླིང་དཀར་ཡོངས་སྟེང་ནས་མཁའ་རུའི་ཁལ་ཉིས་བརྒྱ་རེ། རྒྱལ་གླིང་ཚོགས་པར་བུམ་གདོང་གླིང་དང་། གླིང་ལག་ཆུ་སྐོར་གྱི་ཕྱེད་ཆ་དར་རྒྱས་ཆུ་སྐོར་བཅས་


GLG007_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བེད་འབབ་བཞི་བཅུ་སྐོར། ཕུན་གླིང་པར་པ་དབུ་མཛད་ལ་ཁལ་བཞི་རེ། དབོན་དྲུང་ཞི་བ་བཟང་པོའི་དབོན་པོ་གཡོག་ལྔ་བཅས་ལ་ཕོགས་ཐེབས་ཁལ་སུམ་བརྒྱ་སུམ་ཅུ་རེ། སྟོད་ལུང་མཚོ་སྨད་ལྷ་ཁང་པར་རིང་འཚོར་དམིགས་རྒན་ཚང་པ་རྐང་གཅིག་དང་དུད་སྟོངས་ཀྱི་ཞིང་བཅུའི་བོགས་ཤས། ཤངས་དགའ་ལྡན་ཆོས་འཁོར་གཉེར་ཚང་གི་ཟི་ལིང་ཚོང་འགོའི་དངུལ་སྲང་བཞི་བཅུ་རྩ་ཆག །ཆོས་འཁོར་རྒྱལ་གྱི་དགེ་འདུན་རྣམས་ལ་ཕོགས་དུས་མཆོད་ཀྱི་ཐེབས་སྔ་སོར་སླེ་ཕུ་མདའ་དང་། སྒོ་རབ་བརྟན་གླིང་སོགས་ཆོས་གཞིས་ཚན་ཆེ་ཙམ་སྦྱོར་འཇགས་ཡོད་ཀྱང་ཕྱིས་ཐོ་བཙུན་མངས་པའི་གཏོང་ཡོང་མ་འགྲིག་པ་གདན་ས་འདི་ཉིད་གཞན་དང་མ་འདྲ་བས་འཕེལ་རྒྱས་ཆེད་རྒྱུན་མཆོད། དུས་གཏོར། དབྱར་ཆོས། སྨོན་ལམ་ཆེན་མོ། མགོན་ཁང་ཁག་གི་གཏོར་གསོ་སོགས་གཏོང་དེབ་གསར་སྒྲིགས་ཟུར་གསལ་ལྟར་གྱི་ཁ་བསྣོན་པོ་ཏ་ལ་དང་ལྷ་ས་གང་རིགས་ནས་ཡ་ཇུ་ཁོར་དྲུག་ཉི་ཤུ་རེ། འོལ་དགའ་དང་སྐུ་རབ་རྣམ་རྒྱལ་བསྒྲིལ་བའི་ཡོང་སྟེང་ནས་འབྲུ་མཁར་ཁལ་ཆིག་སྟོང་ལྔ་བརྒྱ་ཞེ་གཅིག །རྫོང་དཀར་མཆོད་ཁང་དུ་དཀོན་གཉེར་གསར་བསྐོས་ཀྱིས་མཆོད་པ་བདུན་ཚར་ཆག་མེད་ལ་ལོ་རེར་ཁལ་ཆིག་སྟོང་བཞི་བཅུ་སྐོར། འོལ་དགའ་གཟིམས་ཆུང་ཁམས་གསུམ་རྣམ་རྒྱལ་དང་། བདེ་བ་ཅན་དུ་མཆོད་པ་རྒྱུན་འཛུགས། འབྲས་སྤུངས་རིགས་གྲ་བར་རིགས་གྲའི་ཐེབས་སུ་ལྷུན་གྲུབ་རྫོང་ཁུལ་ནས་མཁར་ཁལ་བཅོ་བརྒྱད་ཙམ་ཐོན་ཁུངས་སྟེང་འབྲུ་ཁལ་སུམ་བརྒྱ་སྐོར་གྱི་གཤོར་འདེབས། ཉེར་དྲུག་ལ་རྒྱ་བལ་གྱི་མཚམས་རྒྱལ་པོ་ན་ར་ཧ་རི་ཀུ་མ་རས་བྲམ་ཟེ་རཱ་མ་ཙནྡྲ་དང་། ཡ་ཤ་མནྟ་གི་རི་ཕོ་ཉར་


GLG007_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

མངགས་ཏེ་ཡི་གེ་རྟེན་བཟང་བ་དང་ཁྱད་པར་རཀྵ་བསྟན་བཅོས་ཝ་ར་ཎཱ་སིའི་པཎ་ཆེན་ཤྲཱི་གཽ་པཱ་ལ་ནཱ་ཐ་དང་འཇམ་དཔལ་དབྱངས་མཁྱེན་བརྩེས་བསྒྱུར་བར་དཔག་བསམ་གྱི་ནི་ཤིང་། ཀྲིཥྞ་ཙིཏྲ་ཞིང་ཤིང་ནག་ཆུད་དུ་ཟོས་པས་རྒན་པོ་གཞོན་ནུར་འགྱུར་པ་དེའི་འབྲས་བུ་གཡས་སུ་འཁྱིལ་བའི་དུང་། རཀྵ་གདོང་པ་གཅིག་པ། གཉིས་པ། དགུ་པ་རྣམས་ཀྱིས་རྟག་ཏུ་སྟེ་ཚེ་བསོད་རིང་པོར་འཚོ་བ་དེ་བཞིན་གསུམ་པ་ལྷ་ལྟར་རྙེད་དཀའ་བ་མིག་མ་ཕུག་པ་རྟེན་གྲལ་དུ་མཆོད་པས་ཐམས་ཅད་འཁོར་ཞིང་བདེ་རྟག་ཏུ་རྒྱལ་པོས་འདུད། བཞི་པ་མིག་ཕུག་པའི་ནང་དངུལ་ཆུ་བླུག་པ་པྲ་ཆིལ་གྱིས་བཅད་པ་གཡུལ་དུ་ཞུགས་ཚེ་ཁར་བཟུང་བས་དགྲ་དང་ནད་མཐའ་དག་གཞིལ། ལྔ་པ་གཞན་དང་མ་འདྲེས་པའི་ཕྲེང་བས་ཡོན་ཏན་དང་བསོད་ནམས་ཤིན་ཏུ་ཆེ་བ་འབྱུང་། དྲུག་པ་འཁྱོག་མེད་ཅིང་ཆེ་ཆུང་ལྗིད་གཉིས་ཀ་མཉམ་པ་བུག་པ་ཡོད་ཀྱང་རུང་བ་དངུལ་གྱི་གའུ་རྫ་རྔ་ལྟ་བུའི་ནང་བཅུག་བ་སྐེར་བཏགས་ན་ནོར་རིགས་དབྱར་གྱི་ཆར་བཞིན་འབེབས། བདུན་པ་འོ་མ་དང་ཆུས་བཀྲུས་པའི་ཁུ་བ་བུད་མེད་མོ་གཤམ་ལ་བྱིན་པས་བུ་བདེན་པོར་འབྱུང་། བརྒྱད་པ་རྟག་ཏུ་མགོ་བོར་བཅངས་ན་མེ་དང་རྐུན་པོའི་འཇིགས་ལས་སྐྱོབ། བཅུ་པ་དང་བཅུ་གཅིག་པ་སྔར་བཞིན་མཉམ་པ་གསེར་གྱི་རྫ་རྔ་འདྲ་ནང་བཅུག་པ་མགུལ་དུ་བཅངས་ན་རྟག་པར་ནོར་དང་ཕྲད་པ་སོགས་གཅིག་ཙམ་ལུས་གནས་སུ་བཅངས་པའི་བསོད་ནམས་ཀྱང་། རཀྵ་མགོ་བོར་བྱེ་བ་སྟེ། །རྣ་བ་རྣམས་ལ་བྱེ་བ་བཅུ། །མགུལ་པར་བྱེ་བ་བདུན་ཉིད་དེ། །དཔུང་པར་བསོད་ནམས་ཁྲི་ཐོབ་བོ། །རཀྵ་མགུལ་པར་བཏགས་པ་


GLG007_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། ཁྱི་དག་ཤི་བར་གྱུར་པ་ན། །དྲག་པོའི་སྤྱན་སྔར་སྐྱེ་འགྱུར་ན། །མི་ཡིས་བསོད་ནམས་ཅིས་མི་ཐོབ། །ཅེས་བཤད་པའི་ནང་ནས་རུ་རཀྵ་ཨེ་ཀ་མུ་ཁ་སོགས་ཀྱི་སྐྱེས་བྱུང་བའི་ལན་དངུལ་ལྔ་བཅུ་མ། གསེར་ཞོ་སུམ་ཅུ། གླ་གོར་བཅུ་བདུན། ཇུས་ཁ་དོག་སྣ་ལྔ་ཡུག་རེ། མི་སྣ་གཉིས་ལ་རྫོང་བ་བཟབས་ཏེ་ཐོན། འཕགས་པ་ལྷ། ལྷ་རི་བླ་མ། ཏྲེ་བོ་བློ་བཟང་ཆོས་སྐྱོང་སོགས་བསྙེན་རྫོགས་གསར་རྙིང་བཅུ་དགུ །ངག་དབང་སྤྲུལ་སྐུ་སོགས་དགེ་ཚུལ་དགུ །དགེ་བསྙེན་གཉིས་རྣམས་བསྒྲུབས། ཉེར་བདུན་ལ་རྟ་ཚག་རྗེ་དྲུང་། གོང་དཀར་ཆོས་སྡེའི་བླ་གྲ །ཏྲེ་བོ་ཧོར་ཚང་ཆོས་རྗེ་བཅས་པར་ཕ་དམ་པ་ལུགས་ཀྱི་འཇམ་དབྱངས་སྨྲ་བའི་སེང་གེའི་རྗེས་གནང་དང་། རང་རྩོམ་མཛད་བཅུ་ལེགས་བྱས་ཡོངས་འདུའི་སྙེ་མའི་ལུང་བཀླགས། དགའ་ལྡན་ཆོས་འཁོར་ཡང་རྩེ་བ་དགེ་ལེགས་རྒྱལ་མཚན་གྱིས་ཕར་ཕྱིན་འགྲེལ་པ་བློ་བཟང་དགོངས་རྒྱན་གྱི་རྒྱུགས་སྤྲད། ཉེར་དགུར་སྟོད་ལ་དགའ་ལྡན་ཚེ་དབང་དཔལ་བཟང་གི་དཔུང་རོགས་སུ་འགྲོ་མི་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཇི་ནོང་གི་བུ་ལྷ་དབང་དཔལ་འབར། དའི་ཆིང་ཁོ་ལོ་ཆེའི་ཨེར་ཏེ་ནི་ཐའི་ཇི། ཇའི་སང་ཉི་ཤུ་སྐོར། དཀྱུས་མ་བརྒྱ་རྣམས་དང་། ཆེ་ཆེན་ཐའི་ཇིའི་མི་སྣ། བྲ་ཡག་སྐུ་སྐྱེའི་ཁྲི་འབུལ་བ་དཀའ་བཅུ་ཅན་དྲུག་ཅུ། ལི་ཐང་མཁན་ཟུར། སྦེ་སེར་སློབ་དཔོན། ཞང་སྟོན་རི་ཁྲོད་པའི་བུ། བྲག་ཉེའི་རྟ་འབུལ་བ་ལྔ་བཅུ། བྱ་བྲལ་བ་བཞི་བཅུ། འ་ཤུར་ཐབས་མཁས་ཅན་བཅུ་གཉིས་ཀྱི་ངོ་


GLG007_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བོར་བྱིན་རླབས་དང་དམངས་ལ་མེ་ཏོག་གཏོར། ཕྱི་དྲོ་ཁལ་ཁ་ཨུའི་ཆིང་ནོ་ཡོན་འཁོར་བཅས། ཟི་སྣ་ནང་སོ་སོགས་ལ་སྔ་མ་བགྱིས་གྲུབ་པའི་གསོལ་འདེབས་ཀྱི་ལུང་དང་། ལྷ་དབང་དཔལ་འབར་དང་། ཨེར་ཏེ་ནི་ཐའི་ཇི་བཅས་ཉི་ཤུ། ཧོར་ཚང་ཆོས་རྗེ། ལི་ཐང་མཁན་ཟུར། སྦེ་སེར་སློབ་དཔོན། རིན་ཆེན་རྩེ་པ་སོགས་ལ་ཚེ་དབང་གྲུབ་རྒྱལ་མ་དང་། ཕྱག་དྲུག་པའི་གཏོར་དབང་བར་ཆད་ཀུན་སེལ་བསྐུར། གནམ་གང་ཞོགས་སྔ་ཆར་ལྷ་སའི་བསྙེན་གནས་མ་ཚོར་མཐོ་རིས་ཀྱི་ས་བོན་ཡན་ལག་བརྒྱད་པའི་སྡོམ་པ་ཕབ། འདི་ནས་བཟུང་ཉིན་དྲུག་གི་བར་གཏེར་སྒྲོམ་ནས་སྨན་ཆབ་བླངས་པ་བསྟེན་པས་ཡན་ལག་ལ་འཕྲོད་ཉམས་ཆེ་བ་བྱུང་། ཧོར་ཟླ་བཅུ་པའི་ཚེས་གཅིག་ལ་ཡེར་པ་དགའ་ལྡན་གསང་སྔགས་ཡང་རྩེ་བ་ཤེས་རབ་རྒྱལ་མཚན་གྱིས་ལམ་རིམ་ཆུང་བའི་རྒྱུགས་སྤྲད། ཡང་བཟློག་གི་ལས་སྦྱོར་ཆེན་མོའང་བཙུགས། ཚེས་བདུན་ལ་ལྷ་ས་བྱང་གླིང་པས་སྡེ་པ་མགྲོན་དུ་བོས་པའི་སྐལ་བ་གུང་ཚིགས་ཐོག་སྟོན་མོ་རྒྱས་པ་སྟེར་བྱ་དང་བཅས་པ་བྱུང་བ་ནང་དུ་དམག་ཟོར་སོགས་ནང་སྐོར་བ་དང་གཞན་མར་ཕྱི་རོལ་དུ་བཤམས། ཚེས་དགུར་ཚོམས་ཆེན་དུ་ཟུར་ཁང་པས་ཁྲི་སྟོན་བདོག་པའི་ཚན་གྲངས་བཅས་བཏེག་པའི་ཚེ་ལྷ་རྩེ་ཆོས་སྡེའི་བླ་ཟུར་དོན་གྲུབ་དཔལ་བཟང་དང་སྐུ་སྐྱེ་བསྟན་འཇིན་རྒྱ་མཚོས་བགྲོ་གླེང་བགྱིས། ཟུར་ཁང་པའི་མ་བུར་བཀའ་བསྒོ་བྱས་རྗེས་བྱེ་རྫིང་མཁན་པོས། ཟིལ་གནོན་དབང་རྒྱལ་རྡོ་རྗེ། ཆུ་བཟང་བླ་མ། སོག་ཙན་དན་དགོན་གྱི་ཁྲི་འབུལ་བ་དབོན་པོ་ཅན། རི་ཤོང་དགའ་ལྡན་རབ་བརྟན་བླ་མའི་ཁྲི་འབུལ་བ།


GLG007_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཧོར་སྨད་ཏ་མེར་གན་བློ་བཟང་གི་ཁྲི་འབུལ་བ། ད་ལའི་ཧུང་ཐའི་ཇིའི་ཇའི་སང་པཀྵི་ཕ་བུ། པཱ་ཐུར་ཧུང་ཐའི་ཇིའི་མི་སྣ། ཆོག་ཐུ་ཐའི་ཇིའི་ནུ་བོའི་བསྔོ་རྟེན་སྐྱེལ་མི་དཀའ་བཅུ་བསོད་ནམས། ཨ་མདོ་བཙན་རྒོད་ཅན་ངོ་བོ་ལྔ། སྤང་སྐྱེས་ཅན་བཞི། དབང་རྒྱལ་ཅན་གསུམ་བཅས་པར་ཇ་གྲལ། ཤོག་གསུམ་པོས་རྟ་གོ་བདུན་བྱུང་། ཚེས་བཅུར་ཞྭ་དམར་སྤྲུལ་པའི་སྐུས་རྟ་བཅུ་བདུན། གོས་ཕྱི་ནང་སོགས་ཆོས་རྗེ་སྒར་པའི་སྤྱན་ལྟོས་བཟང་པོ་བརྐྱང་བ་དང་། མཇལ་བར་མོལ་མཆིད་རྒྱས་པར་བྱུང་ཞིང་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་ཕུལ། མཁན་ཚང་རབ་འབྱམས་པ། སྐུ་སྐྱེ་བློ་བཟང་བསྟན་འཛིན། ཁུན་དུར་ཨེར་ཁེ་དའི་ཆིང་སོགས་གསར་འབྱོར་བརྒྱ་སྐོར་གྱིས་གསེར་དངུལ་གོས་དར་སོགས་ཀྱི་དངོས་པོ་བྱིན། གྲ་ཚང་གི་གྲ་པ་གྲངས་བཅད་ཀྱིས་རྒྱལ་རྫོངས་བཏང་། ཚེས་བཅུ་གཅིག་ལ་འབྲུག་པ་སྤྲུལ་སྐུས་གོས་ཕྱི་ནང་སོགས་བདོག་པའི་སྐྱེས་དང་བཅས་མཇལ། ཞབས་ཕྱི་རགས་བསྡུས་དང་བཅས་པར་གུར་ནས་བཤད་པའི་ཕྱག་རྡོར་འབྱུང་པོ་འདུལ་བྱེད་ཀྱི་རྗེས་གནང་ཕུལ། ཚེས་བཅུ་བདུན་ལ་ཆོས་འཁོར་རྒྱལ་མཁན་གྲ་ཁ་ཤས་ཀྱིས་ཚན་གྲངས་སྔོན་འགྲོའི་རིང་འཚོའི་ཚིགས་བཅད་གསུངས། བཀྲ་ཤིས་པཱ་ཐུར་ཐའི་ཇི་འཁོར་བཅས། ད་ལའི་ཧུང་ཐའི་ཇི་དང་ཨེར་གེ་དེའི་ཆིང་གི་མི་སྣ། རྒྱལ་པ་ཆོས་རྗེ། མཚོ་སྣ་སྐུ་སྐྱེ། སེ་ར་ཐེག་ཆེན་གླིང་དུ་སྡེ་པ་བོས་པའི་སྐལ་བ་སྤོམས་བཅས་སྐྱེལ་མི་བྱེས་སྨད་ཀྱི་སློབ་དཔོན་སྤྱི་གཉེར་དགེ་སྐོས་སོགས་དང་ཕྲད། ཚེས་བཅོ་བརྒྱད་ལ་འཕགས་པ་ལྷས་


GLG007_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྟེན་སོགས་ཀྱི་བདོག་པ་མཐོན་པོ། ཚོགས་འགྱེད་དང་བཅས་གྲ་ཚང་ནས་མགོན་པོ་ཚེ་དཔག་མེད་ཀྱི་རྡུལ་ཚོན་དང་འབྲེལ་པའི་ཚེ་ཆོག་མཛད། ཚེས་ཉི་ཤུ་དང་ཉེར་གཅིག་ལ་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ་དང་བཀའ་གཏེར་སོགས་ཀྱི་གསུང་འཕྲོས་ཤིན་ཏུ་སྨར་བ་བྱུང་། ཉེར་གསུམ་ནས་ཁྲོ་རོལ་དང་ཚེ་བདག་བསྟན་མདོས་རྣམས་བཙུགས། རྩེ་གདོང་ཞབས་དྲུང་རིན་པོ་ཆེས་ཐུབ་དབང་གི་ལི་སྐུ། གནས་བཅུའི་བྲིས་ཐང་། དངུལ་ཕོར། གོས་ཕྱི་ནང་། ཇ་རས་སོགས་ཀྱི་སྐྱེས་རྒྱ་ཆེར་སྩལ་ཞིང་མཇལ། བཀུར་བཟོས་རྣམས་སྔར་ལྟར་ཕུལ། ཇ་གསུམ་གྱི་བར་བཀའ་མཆིད་ཁ་ཤས་བསྟར་བའི་སྡེབས་སུ་བྱང་འགྲུལ་གསར་འབྱོར་ཨ་ར་ན་ཅན་མི་ངོ་བདུན། དབོན་ཆུང་ཅན་ལྔ། བོ་ཤོག་ཇི་ནོང་གི་ཁྲི་འབུལ་བ་གཉིས། ཨ་མདོ་ཨ་བྲག་གི་ནུ་བོ་ཅན་གསུམ། ཨ་མདོ་སྨད་པའི་རྟ་འབུལ་བ་ཉི་ཤུ། ལི་ཐང་མཁན་ཟུར། ཁྱམས་པ་དང་རྔོད་ཨ་རིག་དགོན་བླ་མ། བདེ་ཆེན་ཆོས་འཁོར་བའི་བདག་པོ་སྐུ་སྐྱེ། རིགས་འཛིན་སྟོབས་ལྡན་པའི་བུ། གོང་དཀར་གནས་ཆུང་པ། སྡེ་པ་བློ་བཟང་སྦྱིན་པའི་དགུན་གོས་སྐྱེལ་མི་བློ་བཟང་དོན་ཡོད། རྡོ་རྗེ་བྲག་རིགས་འཛིན་སྤྲུལ་པའི་སྐུར་གོས་ཕྱི་ནང་ཇ་རས་སོགས་སྐྱེས་ལན་དབུལ་ཞིང་བཀའ་བསྒོ་ཕུལ། ཁམས་ཀྱི་འབུལ་སྡུད་བླ་མ་དང་སྣེའུ་སྡོང་གི་མི་སྣ་བཅས་པར་གང་འཚམ་གྱི་བདོག་པ་དང་བཅས་ཐོན། ཉེར་བཞིར་སྣེའུ་སྡོང་རྩེའི་ཞབས་དྲུང་དཔོན་གཡོག་རགས་བསྡུས་ལ་ཚེ་དབང་གྲུབ་རྒྱལ་མ་ཕུལ། སྔོན་འགྲོ་རྒྱུན་བཤགས་ལ་མདོ་སྔགས་ཀྱི་དབྱེ་བ་


GLG007_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཅུང་ཟད་སྤྲོས། ཕྱི་དྲོ་ཞབས་དྲུང་དཔོན་གཡོག་ལ་ཇ་གྲལ་གྱི་ཐོག་སྦུག་སིལ། དཀར་དཔྱད། དངུལ་མདོང་། ཇ་གོས་དར་སོགས་ཤངས་ལེན་གཟབས་པ་དང་སྐུ་རྐྱང་ལ་ཀྱེ་རྡོར་དང་ཕྱག་བཞི་པ་གཙོ་གྱུར་གྱི་བཀའ་བསྒོ་ཕུལ། སྡེ་པ་བློ་བཟང་མཐུ་སྟོབས་ཀྱི་དགུན་གོས་སྐྱེལ་མི་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་དང་ཨ་བོ་དངོས་གྲུབ་ཀྱང་དེ་ཁྲོད་ཡོད། ཉེར་ལྔར་སྤྱི་ཁང་དཀོན་མཆོག་གིས་རྗེ་དགེ་འདུན་གྲུབ་ཀྱི་འཁྲུངས་རབས་གུ་རུ་མཚན་བརྒྱད། མགོན་པོ་ཕྱག་དྲུག་པ། རྩིས་གཞི་བས་ཨ་སྙིང་གི་དོན་དུ་ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་བྲིས་ཐང་རྣམས་བཞེངས་པའི་རྒྱབ་ཡིག །མཆོད་དཔོན་པའི་ཉམས་ལེན་དུ་རྟ་མགྲིན་ཡང་གསང་ཁྲོས་པའི་ལས་བྱང་སྙིང་པོ་བཅུད་བསྡུས། སྔར་ནས་འདུལ་བའི་སྐོར་སྙིང་པོ་ཙམ་ཞིག་ལས་མེད་པ་དང་སྡོམ་རྒྱུན་གསར་པ་དང་བཅས་རྩོམ་བདུན་ཡོད་ཐོག་འབྲོག་རྣམ་པར་རྒྱལ་བའི་གླིང་གི་གདན་ས་ཞེ་གསུམ་པ་བསྟན་པའི་མངའ་བདག་ཆོས་རྗེ་བློ་བཟང་བསྟན་འཛིན། བ་སོ་སྤྲུལ་པའི་སྐུ་དཀོན་མཆོག་ཉི་མ། རྒྱལ་སྲས་ཤེས་རབ་འཕེལ་བའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་སོགས་བླ་ཆེན། གཞན་ཡང་དོན་གཉེར་མང་པོས་དགོས་ཚུལ་བཞིན་བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོའི་ལུང་རྟོགས་བླ་ནས་བླར་འཕེལ་ན་སྙམ། དཔྱད་ཤིན་ཏུ་བཟོད་པ་འདུལ་བའི་ལས་ཆོག་མཐའ་གཅོད་དང་བཅས་པ་འཁྲུལ་སྤོང་རྣམ་རྒྱལ་གསེར་མདོག་དཔང་ཆེན་ལྷུན་གྲུབ་ཀྱིས་དོན་གཉིས་གླིང་དུ་འཛུགས་རྒྱུའི་རིང་འཚོ་བཅས་བྲིས། འབྲུག་པ་སྤྲུལ་པའི་སྐུ། འཕགས་


GLG007_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྷ། ལྕགས་ཟམ་སྤྲུལ་སྐུ། ཕ་བོང་ཁའི་གདན་ས་ཆོས་རྗེ་ངག་དབང་བསྟན་འཛིན། རྒྱལ་པ་ཆོས་རྗེ། ཆབ་མདོ་རྗེ་དྲུང་། ངག་དབང་སྐུ་སྐྱེ། སྤོས་དགའ་སྐུ་སྐྱེ། གོང་དཀར་ཆོས་སྡེའི་ཆོས་འཆད་པ་དགེ་སློང་འཕྲིན་ལས་པ། དགེ་སློང་འཇམ་དབྱངས་གྲགས་པ། སྔགས་རམས་པ་སྐྱེས་མཆོག །སྔགས་རམས་པ་ངག་དབང་དཔལ་བཟང་། ཆོས་རྗེ་ཟིལ་གནོན་རྡོ་རྗེ། དཔལ་གྲོང་སྔགས་རམས་པ། སྔགས་རམས་པ་བློ་བཟང་ཆོས་ལྡན། ལྡན་མ་སྐུ་སྐྱེ། འདར་བ་རྗེ་དྲུང་བློ་གསལ་བསྟན་འཛིན། རྟར་མདོ་ངག་དབང་ལྷུན་གྲུབ། སྨན་ཐང་པ་མགོན་པོ་ཚེ་རིང་སོགས་དབང་ཆ་གཅིག་ལ་ཚེ་དཔག་མེད་ལྷ་དགུའི་དབང་ཕུལ། ཅོ་ནེའི་ཁྲི་འབུལ་བ་ངོ་བོ་བཞིར་བྱིན་རླབས་དང་། ལྔ་མཆོད་ཆེན་མོའི་གླིང་མེ་ཤིན་ཏུ་བཞེས་པ་རྒན་གྱིས་ཀྱང་མ་དྲན་ཟེར། ཉེར་དྲུག་ལ་གོང་གི་ཆོས་གསན་པའི་སྟེང་། རྟ་ཚག་རྗེ་དྲུང་། གསེར་མདོག་ཅན་ལྕང་ར་སློབ་དཔོན། བླ་མ་སྟག་ལུང་པ་བཅས་ལྔ་བཅུ་སྐོར་ལ་སྨན་བླ་སྤྲུལ་སྐུ་མཐོ་བརྩེགས། བ་རི་ལུགས་ཀྱི་མི་གཡོ་བ་སྔོན་པོ། ཀླུ་དབང་རྒྱལ་པོ་གཙོ་འཁོར་ལྔ་པ། སྒྲུབ་ཐབས་རྒྱ་མཚོའི་ནང་ནས་རྡོ་རྗེ་དབྱངས་ཅན་མ་དང་། དབྱངས་ཅན་ལྷ་ལྔ། གདུགས་དཀར་རྣམས་ཀྱི་རྗེས་གནང་ཕུལ། རྒྱལ་པོ་བར་མའི་དབུ་སྒོར་ཆུང་བ་ལྕམ་སྲིང་། རྭ་སྒྲེང་མཁན་པོའི་མི་སྣ་དང་ཕྲད། ཉེར་བདུན་ལ་ཆོས་གསན་པ་གོང་སྟེང་སེམས་དཔའ་སྤྲུལ་སྐུ་ངག་དབང་ཕུན་ཚོགས། གནས་རྙིང་སྤྲུལ་སྐུ་ངག་དབང་ཀུན་དགའ་བདེ་ལེགས། ལྷ་རྩེ་བླ་ཟུར་དོན་


GLG007_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་དཔལ་བཟང་། རྣམ་གླིང་ཆོས་མཛད་ངག་དབང་བློ་གསལ། དར་མོ་སྨན་རམས་པ། དཀར་བྲག་པ་ངག་དབང་བྱམས་པ། བློ་བཟང་དོན་ཡོད་སོགས་བཞི་བཅུ་སྐོར་ལ་སྨེ་བརྩེགས་དུད་ཀ །འཇམ་དབྱངས་ཆོས་སྐོར་ནས་དཔའ་གཅིག །ལུས་དཀྱིལ། ནང་སྒྲུབ། གསང་སྒྲུབ་རྣམས་ཀྱི་རྗེས་གནང་དང་། ཉེར་བརྒྱད་ལ་འབྲུག་པ་སྤྲུལ་སྐུ། འཕགས་པ་ལྷ། རྟ་ཚག །སེམས་དཔའ། རྒྱལ་མཁན་པོ། ཕ་བོང་ཁ་པ། གནས་རྙིང་། ངག་དབང་། ཟུར་ཆེན། ལྡན་མ་རྣམས་ཀྱི་སྐུ་སྐྱེ། སྒེར་པ་དང་འདར་པ་རྗེ་དྲུང་། འདར་ལོ། དགེ་སློང་འཕྲིན་ལས་པ། ལྕག་ར་སློབ་དཔོན། སྟག་ལུང་སྒྲ་པ། མཆོད་དཔོན་པ། དགེ་སློང་འཇམ་དབྱངས་གྲགས་པ། ཆོས་རྗེ་ཟིལ་གནོན་པ། སྔགས་རམས་པ་བློ་བཟང་སྐྱེས་མཆོག །ངག་དབང་དཔལ་བཟང་། ངག་དབང་དགེ་ལེགས། དཀར་བྲག་པ། རྣམ་གླིང་ཆོས་མཛད། རྒྱལ་བ་དབུ་མཛད་སོགས་ཉེར་ལྔར་ཁྲོས་མ་ནག་མོའི་བྱིན་རླབས་གྲུབ་མཚམས་སྔོན་མའི་ཆོས་གསན་པ། རྒྱལ་བའི་རིང་འཚོ་སྤེལ་མི་སུམ་ཅུ་དང་བཅས་པར་བདེ་མཆོག་དཀར་པོའི་དབང་དང་སྒྲོལ་མ་རྒྱལ་མཚན་མའི་རྗེས་གནང་། ཕྱི་དྲོ་དཔལ་མོ་ལུགས་ཀྱི་བཅུ་གཅིག་ཞལ་གྱི་རྗེས་གནང་ཕུལ། སྟོད་ཀྱི་སྐུ་རིམ་བརྟག་པ་དང་སྟར་ཆགས་བཅས་མང་ཇ་གཉིས་རེའི་ཐོག་བཤད་གྲྭ་རྣམས་ཀྱིས་མདོ་སྒྲུབ། སྔགས་གྲ་རྣམས་ཀྱིས་གཏོར་བཟློག །འཕྱོང་རྒྱས་སུ་དཔལ་རི་བས་གཤིན་རྗེ་ནག་པོ་སུམ་བསྒྲིལ། སྨིན་གྲོལ་གླིང་པས་གཤིན་རྗེ་དྲེགས་


GLG007_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཇོམས་བྱེད། གོང་དཀར་དུ་རྡོ་རྗེ་བྲག་པ་དང་། པ་ནམ་དུ་བྲག་ལ་བས་འཆར་ཀའི་གླང་ཆེན་སྣ་བསྒྱུར། ལྷ་ཁང་དུ་སྨྲ་བོ་ལྕོག་པ། ལྷ་རྩེར་ཆུ་མིག་པ། ངམ་རིང་དུ་བཀྲ་བཟང་པ། འོལ་དགར་བྲག་སྣ་བ་རྣམས་ཀྱིས་ཁྲོ་རོལ། གཙང་འགྲམ་དུ་སྒྲོལ་མ་བ། ངམ་རིང་དུ་ནུབ་དགོན་པ་དང་བྲག་དཀར་ཆུ་བཟང་པ་སོ་སོས་ཚེ་བདག་གི་གཏོར་བཟློག །རིན་སྤུངས་སུ་ངེས་གསང་རྡོར་གླིང་པས་འཆར་ཀའི་མདོས། གཞིས་རྩེར་འུག་པ་ལུང་པས་མགོན་པོ་གཡུལ་བཟློག །འོད་མཆོག་པས་ཡང་གསང་ཀརྨ་དྲག་པོ། གུང་མཁར་དུ་བོན་གྲོང་པས་ཁྲོ་ཆུ། ཀ་ཚལ་དུ་བླ་མ་ཟུར་པས་ཡང་བཟློག་རྣམས་ཀྱི་ཟོར་འཕེན། གོང་གསལ་རྙིང་དགོན་བཅུ་དྲུག་ནས་དགྲ་མནན་རེ་དང་སོ་སོའི་འབྲེལ་མཚུངས་བྱེད་མྱོང་ནས་རྒྱབ་ཆོས་པ་རྣམས་ཀྱིས་ཤེར་སྙིང་བཞི་འབུམ་བདུན་ཁྲི་དྲུག་སྟོང་། གདུགས་དཀར་སྟོང་ཚར། ཚེ་གཟུངས་བདུན་སྟོང་། བསྟན་དོན་ལ་རྒྱའི་གེགས་སེལ་དུ་སྨིན་གྲོལ་གླིང་པས་ཁྲ་འབྲུག །དཔལ་རི་བས་བཙན་ཐང་། རྡོ་རྗེ་བྲག་པས་བསམ་ཡས། བྲག་ལ་བས་རྩིས་ཀྱི་ལྷ་ཁང་། ཆུ་མིག་པས་གྲོམ་པ་རྒྱང་། སྒྲོལ་མ་བས་གཙང་འགྲམ་རྣམས་སུ་དགྲ་སྲི་དུར་སྲི་འཕུང་སྲི་གཙོ་གྱུར་གྱི་སྲི་གནོན། ལྷ་སར་རྒྱལ་པ་མཁན་གྲ་སུམ་ཅུས་དམག་ཟོར་མའི་བསྐང་བཤགས་དང་མཇུག་ཏུ་གཏོར་རྒྱག་སྡེ་པའི་སྐུ་རིམ་དུ་དཔལ་ལྷ་ལྕོག་ཏུ་ཟམ་སོའི་རྒྱལ་མཚན་དང་བསྐང་གསོ་བརྒྱ། སྔགས་ཁང་དུ་རྒྱུད་སྟོད་པ་དང་། དགའ་ལྡན་དུ་སྨད་པ་རྡོར་སློབ་ཐེ་བའི་བཞི་བཅུ་རེས་ཞག་དྲུག་པར་ཡ་མ་རཱ་ཛའི་སྔགས་རྒྱུན་དང་བདུན་པར་དྲུག་ཅུ་པའི་གཏོར་


GLG007_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱག །དགའ་ལྡན་ཚོགས་ཆེན་དུ་ཇ་ཚུལ་ཐོག་ཤེར་སྙིང་འགྲོ་གང་ཆེ། སྤོང་དག་གྲ་པ་རེར་གཤོར་ཁལ་རེ་མའི་རྩིས་རི་བོ་བདེ་ཆེན། བྱམས་ཆེན་པ། མྱུག་ཆོས་གླིང་པ། མཚན་སྒྲོག་པ་རྣམས་བརྒྱ་རེ་ལ་ཟླ་གཅིག་བར་གཟུངས་འདུས་ཉི་ཁྲི་སུམ་སྟོང་བདུན་བརྒྱ་ཉེར་ལྔ། ཤེར་སྙིང་དྲུག་ཁྲི་དྲུག་སྟོང་། སྒྲོལ་མ་ཆིག་ཁྲི་ཉིས་སྟོང་། གདུགས་དཀར་སུམ་སྟོང་། ཚེ་གཟུངས་ཆིག་འབུམ་དགུ་ཁྲི་ལྔ་སྟོང་། ཤེལ་དཀར་སོགས་རྫོང་འགོ་ལྔར་དགེ་དགོན་ཚོ་བསྡུས་བརྒྱ་རེར་གྲ་ཏོག་གསེར་གསུམ་སོ་སོ་ནས་ཆིག་ཁྲི་ཉིས་བརྒྱ་ཉི་ཤུ། ཚེ་གཟུངས་དྲུག་ཁྲི་སུམ་བརྒྱ། ཤེར་སྙིང་ཉི་ཁྲི་ཆིག་སྟོང་། རིས་མེད་དགོན་ཨང་དང་གཉིས་ཡན་ལ་མང་འགྱེད། ནད་རིམས་ཞི་ཞིང་ལོ་ཆུ་ལེགས་པའི་རིམ་གྲོར་ཡུལ་ཆེ་ཆུང་དང་བསྟུན་པའི་བཀའ་འགྱུར། ཡུམ་རྒྱས་འབྲིང་བསྡུས་གསུམ། བསྐལ་བཟང་། གཟུངས་འདུས་རྣམས་གང་འགྲུབ། ཀླུ་གཏོར། ཀླུ་བཅོས། མ་རྒྱལ་གྱི་མདོས་ཤར་ལྷོ་མཚམས་སུ་བསྐྱལ། རྫོང་འགོ་ཆེ་བ་རྣམས་ནས་དགྲ་ལྷ་དཔང་བསྟོད་རྒྱས་པ། ངེད་རང་གི་རིམ་གྲོར་གཞིས་རྩེར་གངས་ཅན་ཆོས་འཕེལ་བ་དང་ལྷུན་པོ་རྩེ་པ། ལྷ་རྩེར་ཆོས་སྡེ་བ་དང་གྲང་མོ་ཆེ་བ། བསམ་གྲུབ་དགོན་གསར་བ། ཐུབ་བསྟན་དགེ་འཕེལ་བ། ཤེལ་དཀར་དུ་ཆོས་སྡེ་བ་དང་། སྙེ་ནང་དུ་དགའ་ལྡན་འཕེལ་རྒྱས་གླིང་། པ་ནམ་དུ་ཞ་ལུ་བ། ཁམས་ལྷོ་རྫོང་དང་ཚ་པ་མཛོ་སྒང་དུ་དགེ་དགོན་ཁག་རྣམས་བསྡོམས་བཀའ་འགྱུར་ཆིག་བརྒྱ་ཉི་ཤུ། སྒྲོལ་མ་ས་ཡ་གཅིག་དང་སུམ་འབུམ་


GLG007_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཁྲི་ལྔ་སྟོང་ཉིས་བརྒྱ། ཚེ་གཟུངས་བྱེ་བ་གཅིག་དང་ས་ཡ་གསུམ་ཆིག་འབུམ་ཉིས་ཁྲི། གདུགས་དཀར་ཆིག་ཁྲི་བརྒྱད་སྟོང་། ཤེར་སྙིང་ས་ཡ་གཅིག་དང་ཆིག་འབུམ་བཞི་ཁྲི་བཞི་སྟོང་། སྨན་བླ་ཆིག་ཁྲི་ཉིས་སྟོང་། ལྷ་སར་སྒོ་དུད་ཆིག་སྟོང་བདུན་བརྒྱ་ཉི་ཤུ་སྐོར་ལ་དུད་རེར་ཡ་ཇུ་མཁར་ཉག་དོ་རེ། ངན་སློང་ཉིས་བརྒྱ་སྐོར་ལ་ཇ་ལྡུར་རག་འགག་རེ། ཚེས་བཅུ་བཞི་དང་བཅོ་ལྔར་བདེ་ཡངས་པ་བརྒྱད་གྲ་རེས། ལྷ་ས། ར་མོ་ཆེ། པོ་ཏ་ལ་གསུམ་དུ་བརྒྱ་མཆོད་སྲོག་བླུ་བརྒྱ། ན་མཉམ་བརྒྱ་དང་བརྒྱད་ལ་སྟོན་མོ། སྡེ་པའི་སྐུ་རིམ་དུ་རྒྱལ་རྩེར་དགེ་ལུགས་གཙང་གྲ་བདུན། རྣམ་གླིང་དུ་དགའ་ལྡན་ཆོས་འཁོར་བ། རིན་སྤུངས་སུ་འབྲས་ཡུལ་སྐྱེད་ཚལ་བ། ཕུན་གླིང་དུ་རང་གྲ། ཁམས་ཕྱོགས་ཀྱི་དགེ་དགོན་ཁ་ཤས་བཅས་པར་བཀའ་འགྱུར་སོ་བདུན། རྒྱུད་འབུམ། བསྐལ་བཟང་། འབུམ། བརྒྱད་སྟོང་པ་ཚར་རེ། མཚན་བརྗོད་སུམ་ཅུ། སྒྲོལ་མ་སུམ་ཁྲི། ཤེར་སྙིང་ས་ཡ་གཅིག་དྲུག་འབུམ་བརྒྱད་ཁྲི་དྲུག་སྟོང་། གདུགས་དཀར་བཞི་ཁྲི་ལྔ་བརྒྱ། ཚེ་གཟུངས་ཉིས་འབུམ་ཆིག་ཁྲི་སུམ་སྟོང་། སྲོག་བླུ་བརྒྱ། ན་མཉམ་བརྒྱ་དང་བརྒྱད་ལ་སྦྱིན་པ། ཁྲ་འབྲུག་ཆོས་སྐྱོང་གིས་བསྐུལ་མའི་འབྲས་སྤུངས་དང་ཆོས་འཁོར་རྒྱལ་གྱི་གཙུག་ལག་ཁང་གི་རྩེར་རྒྱལ་མཚན་སེར་པོ་རེ། ཚེར་གསེབ་ཆོས་སྐྱོང་ཆེན་པོའི་ལུང་བསྟན་ལྟར་སེར་འབྲས་གཉིས་སུ་སྤོང་དག་རྣམས་བསྒྲུབས། ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་ལ་ལྕགས་ཟམ་སྤྲུལ་སྐུ་བློ་གསལ་ཉི་ཟླ་འོད་འབར་དབང་ཕྱུག་གྲུབ་པའི་ཤིང་རྟ་


GLG007_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

དགུང་ལོ་བཅུ་བཞིའི་སྟེང་བརྟག་གཉིས། རྡོ་རྗེ་གུར། སྡོམ་གསུམ་རབ་དབྱེ་རྣམས་ཀྱི་རྒྱུགས་བྱུང་། ལྷོ་བྲག་པ་དབང་ཆེན་ལྷུན་གྲུབ་གྲོགས་བཅས་ཀྱིས་སྟེར་བྱིན་འགྱེད་བཅས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་བྱས། སྟག་རྩེ་ཞབས་དྲུང་། མཁའ་འགྲོ་དགེ་ཚུལ་མ། རབ་བརྟན་གྱི་དཔོན་མོ། ཁོ་ཤོར་ཁོར་ཆི་ཐའི་ཇིའི་དཔོན་མོ་བུ་བཅས། གཡོན་རུ་དགའ་ལྡན་ཧུང་ཐའི་ཇིའི་མི་སྣ་དར་གན་ཆོས་རྗེ། འདུལ་བ་ཆོས་རྗེའི་ཕ་ཨེར་ཁེ་དགེ་སློང་། ཁྲི་འབུལ་བ་དཀའ་བཅུ། ནོ་ཡོན་དཀའ་བཅུ། ཨ་དང་ཅན་ངོ་བོ་བཞི། ཀ་ཤོད་དགའ་ལྡན་རབ་བརྟན་གྱི་ཁྲི་འབུལ་བ། ཉང་སྟོད་སྐྱེད་སྦུག་སྤྲུལ་སྐུ། ཏྲེ་བོ་ཤི་རལ་ཐུ་དང་ལྡན་མ་སྐུ་སྐྱེ་སོགས་ལ་ཇ་གྲལ། ལོག་ཏྲིའི་ལས་སྦྱོར་ཆེ་བ་སྔར་བཞིན་བཙུགས། ཚེས་གསུམ་ནས་བཟུང་གྲ་ཚང་ནས་ཉིན་སྟར་མཁའ་འགྲོ་སྡེ་ལྔར་བརྟེན་རིང་འཚོའི་ཆོ་ག་ཞག་ཤས་མཛད། འཕགས་པ་ལྷ་ཐེགས་གདོང་མཇལ་ཁའི་ཐོག་ན་བཟའ་སྐོར་ཆ་ཚང་། རྡོར་དྲིལ། ཞལ་དཀར། སྦུག་སིལ། དཀར་དཔྱད། དངུལ་གྱི་ཐ་ཕག །གོས་ཕྱི་ནང་། སྣམ་བུ། ཇ་བུར་ལྟང་། གྲུམ་ཙེ། རས་ཆ་སོགས་སྐྱེས་ལན་གཟེངས་བསྟོད། ངག་དབང་སྤྲུལ་སྐུ། དབོན་པོ་རབ་བསྟན་སོགས་དྲག་ཞན་ཚང་མར་རྫོང་བ་འཚེམས་མེད་ངོས་སྤྲུལ་སྐུ་རིན་པོ་ཆེར་བསྟན་འགྲོར་ཕན་ཆ་ལུགས་གཉིས་ཐད་ནས་དགོས་ཚུལ་དང་བཀའ་བསྒོ་ཕུལ། འཕྱོང་རྒྱས་པ་མཁས་བཙུན་རྒྱ་མཚོ་གྲལ་སྐོར་བྱེད་པའི་སྔོན་འགྲོར་གྲ་ཚང་གི་འདོན་ཆ་ཡོངས་རྫོགས་ཀྱི་རྒྱུགས་སྤྲད། སྟག་


GLG007_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ཐའི་ཇིར་ཉིན་གཉིས་ཀྱི་བར་སྙིང་པོ་དོན་གསུམ་གྱི་འཕོད་དམིགས་ཞིབ་མོར་ཁྲིད། ཚེས་བཞིར་མོ་གུ་ཆི་ཐུར་དཔོན་མོ་བུ་བཅས་ངོ་བོ་བཅུ་གཅིག །སྟག་རྩེ་ཐའི་ཇི། མྱུག་པ་སྤུན། སྒར་གྲ་ཚང་བླ་མར་འགྲོ་མི་འོར་པ་ཆོས་མཛད། འཕགས་པ་ལྷའི་ཕྱག་མཛོད་དུ་འགྲོ་མི་ཆབ་ནག་དབོན་པོ། སྔགས་པ་ལྷུན་གྲུབ་སོགས་དང་མཇལ་ཕྲད་དང་ཆབ་ནག་དབོན་པོར་བཀའ་བསྒོ་བགྱིས། ཚེས་བརྒྱད་ལ་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའི་ངོར་མགོན་པོ་ཨ་གྷོ་རའི་གཏོར་ཆག་བསྐང་བསྟོད་ཆ་ཚང་བ་བཀོད། ཚེས་བཅུ་གཅིག་ནས་གྲ་པ་གྲངས་བཅད་ཀྱིས་གཟའ་མདོས་བཏང་ཞིང་བླ་མཁྱེན་ངག་དབང་ཕ་བུར་ཇ་གྲལ་དང་། ཚེས་བཅུ་བཞིར་སྤེན་སྣར་འགྲུབ་སྦྱོར་ཐོག་རྣམ་སྲས་གན་མཛོད་དུ་ངེད་རང་ངོས་འགྲོའི་རྣམ་སྲས་ཀྱི་གཏོར་གཞི་བཙུགས་ཤིང་གྲངས་བཅད་ཀྱིས་ཐུགས་དམ་རྒྱས་པར་བཀང་། ཚེས་བཅོ་ལྔར་ཐང་ལྷ་གཙོར་བཏོན་གྱི་གཟབས་གསོལ་དང་བཅས་པ་བསྟར། སའི་ཚངས་པ་བསྟན་འཛིན་ད་ལའི་རྒྱལ་པོ་སྲས་འབངས་འདམ་དུ་འདེགས་གདོང་གི་བྱིན་རླབས་ཇ་གྲལ། རྒྱལ་སྲས་ཀུན་དགའ་རབ་བརྟན། བསྟན་འཛིན་དབང་རྒྱལ་གྱི་དཔོན་མོ། རྨེ་རུ་བླ་ཟུར། ལི་ཐང་མཁན་པོ། དེ་མོ་སྤང་ལེབ་བླ་མ། ཁལ་ཁ་ཛ་ཡ་པཎྜི་ཏའི་མི་སྣ་སོགས་དང་ཕྲད། ཚོམས་ཆེན་སྟེང་ནས་སོག་དམངས་བརྒྱད་བརྒྱ་སྐོར་ལ་མེ་ཏོག་གཏོར། ཚེས་བཅུ་དྲུག་ལ་གོང་དཀར་ཆོས་སྡེའི་ཆོས་འཆད་པ་དགེ་སློང་འཕྲིན་ལས་པར་སྟེར་བྱ་དང་བཅས་རང་གནས་སུ་ཐོན། ཚེས་བཅུ་བདུན་ནས་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་གི་བར་ཧྲཱིཿདམར་གཤིན་རྗེ་མཐུ་སྟོབས་དྲེགས་པའི་བདག་པོ་


GLG007_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཟབ་རྒྱས་ཅན་གྱི་སྲུང་བཟློག་བསད་མནན་སྦྱོར་བས་ཕྱི་ནང་གསང་བའི་བར་གཅོད་གཡུལ་ལས་རྒྱལ་བའི་ཐབས་ལག་ཏུ་བླངས། ལྷོ་འབྲུག་སོགས་དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པའི་ལོ་བསྒོམས་ཟླ་བ་དང་ཟླ་བ་ཞག་གིས། ཞག་དུས་ཚོད་ཀྱིས་བཤིག་པའི་གནམ་ས་ལྟོ་དཀྲུག །མཆོད་རྟེན་ཁ་གསོ་སོགས་ཉི་ལྡོག་གི་རིམ་གྲོ། གནམ་གང་ལ་མཆི་བདག་བཟློག་པ་རྣམས་འཆར་ཅན་བྱས། བོད་ཁམས་སྤྱིར་ནད་ཡམས་མུ་གེ་འཐབ་རྩོད་ཞི་བ་དང་ལོ་ཆུ་མི་ཕྱུགས་སོགས་འཕེལ་ཕྱིར་ཡུལ་གྲུ་ཆེ་ཆུང་དང་བསྟུན་ཡུམ་རྒྱས་འབྲིང་བསྡུས་གསུམ། ཡིག་བརྒྱ་འབུམ་ནས་ཁྲི་བར་གང་འགྲུབ། ཆེ་ཆུང་བལྟོས་མེད་ཀྱིས་བསངས་དང་རྒྱགས་རྔན། དགྲ་ལྷ་དཔངས་བསྟོད། བསྟན་མ་དང་གཞི་བདག་མཆོད་པ། ཚེར་གསེབ་ཆོས་སྐྱོང་གི་གསུང་བཞིན་སྡེ་པའི་རིམ་གྲོར་གསས་ཁང་དང་བྲག་དབར་བ་གཉིས་ཀྱིས་འབུམ་བརྒྱ་གཉིས། སྟོད་དམག་འགྲོ་ཁྱབ་ཆེ་བའི་གཏང་རག་ཏུ་རྒྱུད་སྟོད་སྨད། སྔགས་ཁང་དགེ་སློང་ཅན། དགའ་ལྡན། སེ་ར། གནས་ཆུང་རྣམས་སུ་བརྒྱད་གྲས་གཏང་རག་གི་བསྐང་བ་ཉིན་གང་མ། ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་གོང་དཀར་བློ་བཟང་བསོད་ནམས་ཀྱི་དད་རྟེན་འདྲ་འབག །སྒྲུབ་ཁག་རྣམས་ཀྱི་དམིགས་རྟེན་རྡོ་རྗེ་དྲག་པོ་རྩལ། ཚེ་བདག །ཀི་ཀང་། ལོག་ཏྲི། བསྟན་མ་བཅུ་གཉིས་རྣམས་ཀྱི་ཐང་སྐུ་ཟུར་འཕྲིན་ལས་རྣམ་རྒྱལ་གྱིས་ལག་དར་བྲིས་པ། སྔགས་རམས་པ་དོན་གྲུབ་རྒྱ་མཚོའི་ལམ་རིམ་བརྒྱུད་པའི་ཐང་ཀ་


GLG007_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

གྲམ་པ་བ་དགེ་སློང་བློ་བཟང་དང་། གོང་དཀར་བློ་བཟང་དཔལ་འབྱོར། འཕྱོང་རྒྱས་པ་ངག་དབང་ནམ་མཁའ་གསུམ་གྱིས་གྲ་ཚང་དཀོན་གཉེར་འཇོག་དངུལ་ལ་ཕབ་པར་སུམ་བརྒྱས་བདུན་ཅུ་ལྷག་བཅས་སྤམས་མཐོ་བྱས་སྐབས་རྡོ་རྗེ་ཕུར་པའི་དཀྱིལ་ཐང་། རྡོ་པ་བློ་བཟང་བཀྲ་ཤིས་ཀྱིས་དགེ་སྐོས་འཇོག་ལ་དངུལ་གྱི་པད་སྡེར་ཕུལ་བ། དགའ་ལྡན་ཚེ་དབང་དཔལ་བཟང་ར་ལ་ཁང་དམར་དུ་ལ་དྭགས་པའི་བློན་པོ་ཤཱཀྱ་ཅན་གྱི་དམག་གདོང་བསུར་ཡོངས་པའི་ཕ་རོལ་དགྲ་སྡེའི་དཔུང་ལས་རྣམ་པར་རྒྱལ་བའི་ཚེ་བསྟན་སྲུང་རྒྱ་མཚོའི་ཚོགས་ལ་འབུལ་བའི་སྙན་ཤལ་རྣམས་ཀྱི་ཁ་བྱང་དང་རྒྱབ་ཡིག །དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་དང་ཤུན་གཞིས་ཀ་བ་དངོས་གྲུབ་ནོར་བུས་བསྐུལ་བའི་གསོལ་འདེབས། རང་གི་བརྗེད་བྱང་དུ་པད་གླིང་གཏུམ་པོའི་ལས་བྱང་མཐོང་བས་རྣམ་གྲོལ་རྒྱལ་བྱེད་སློབ་དཔོན་ཆོས་དབང་རྒྱ་མཚོའི་ངོར་སྨོན་ལམ་རྣམས་བརྩམས། ཚེས་བཞིར་ཤེལ་དཀར་ཆོས་སྡེ་བ་དཀའ་བཅུ་གསུང་རབ་བསྟན་འཛིན་གྱིས་མངོན་རྟོགས་རྒྱན་དང་། ཕར་ཕྱིན་འགྲེལ་པ་བློ་བཟང་དགོངས་རྒྱན་སྤྱི་དོན་མཐའ་གཅོད་དང་བཅས་པའི་རྒྱུགས་སྤྲད། ཚེས་དྲུག་ལ་ཕུན་ཚོགས་གླིང་དུ་པར་གསར་བརྐོས་རང་རྩོམ་གྲས་བདེ་མཆོག་དྲིལ་བུ་ལྷ་ལྔའི་སྒྲུབ་ཐབས་ལོ་པཎ་ཞལ་ལུང་། དཀྱིལ་ཆོག་དཔའ་བོའི་གྲོང་འཇུག །དཀར་ཆག་ཆེ་བརྗོད་སྡེབས་ཉིས་བརྒྱ་སུམ་ཅུ། ཀུན་མཁྱེན་བུའི་ལས་བརྒྱའི་ཊཱིཀྐ། ཞ་ལུ་པ་ཡེ་ཤེས་རྒྱ་མཚོས་མཛད་པའི་བྱམས་སྨོན་འགྲེལ་པ་ཚོགས་


GLG007_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཆུ་རྒྱུན། ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་དུམ་བུ་གཉིས་པ་བཤད་པའི་རྒྱུད་གྱི་འགྲེལ་པ་མེས་པོའི་ཞལ་ལུང་དང་། ཕྱི་རྒྱུད་རྩ་མདོ་ཡན་གྱི་འགྲེལ་པ་རྣམས་འབྱོར། ཚེས་བརྒྱད་ལ་ཕུར་སྒྲུབ་སྔར་བཞིན་བཙུགས་སྟེང་གྲངས་བཅད་ཀྱིས་ཁྲོ་རོལ་སླང་གང་མ་བདུན་ཕྲག་བར་བསྒྲུབས་ཏེ་གཏོར་མ་འཕངས། ཚེས་བཅུ་གསུམ་ལ་དཔོན་མོ་ཚེ་རིང་གི་བུ་མོན་ཁུ། དཔོན་མོ། ནོ་ཡོན་དགེ་ཚུལ་གྱི་ཚ་བོ་བསྟན་འཛིན་དགེ་སློང་། མེར་གན་ཐའི་ཇིའི་བུ་དཔོན་མོ་དང་བཅས་པ། དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཁང་གི་མི་སྣ་ཚོགས་གསོག་རབ་འབྱམས་པ་དང་འདི་གའི་མི་སྣ་ཆེ་ཆེན་དར་རྒྱས། བསྟན་འཛིན་ཁོ་ཤོའུ་ཆིའི་མི་སྣ་དར་རྒྱས་དགེ་སློང་། ཨེར་ཏེ་ནི་དགེ་སློང་། ཨ་ཆི་ཐུ་ཆོས་རྗེའི་མི་སྣ་སྦྱར་གོ་ཆི། ཨེར་ཏེ་ནི་དགེ་ཚུལ། ཡི་ཁ་བནྡེའི་བསྔོ་རྟེན་སྐྱེལ་མི་ཕུན་ཚོགས་དབང་པོ། འོན་དུ་སུ་བླ་མའི་མི་སྣ་ཨེར་ཏེ་ནི་དགེ་སློང་། པཱ་ཐུར་གྱི་མི་སྣ་དར་ཁན་དབོན་པོ། ད་ལའི་ཧུང་ཐའི་ཇིའི་མི་སྣ་སྣ་བོ་ཁུ་བནྡེ། ཨ་ཆི་མགོན་པོའི་མི་སྣ། རྒྱལ་མོ་རྡོ་རྗེ་རབ་བརྟན་གྱི་སྨན་པ་སོགས་ལ་ཇ་གྲལ་དང་། གསར་འགྲུལ་རྣམས་ཀྱིས་གསེར་དངུལ་ཇ་གོས་དར་སོགས་ཀྱི་བདོག་པ་བཏེག །ཕྱི་དྲོ་སྟག་ལུང་ཟུར་པ་སྐུ་མཆེད། བསམ་ཡས་དཀར་པོ་བ། མཚལ་པའི་ལྕམ། ཤག་ལྷོ་པའི་བུ། མདོ་སྔགས་གླིང་སློབ་དཔོན། རྒྱུད་སྟོད་ཞལ་སྔ་ནས། ནག་ཤོད་བླ་མར་འགྲོ་མི་སེ་ར་ཧ་སྡོང་དགེ་སློང་། ལྡན་མ་རབ་བརྟན་ཕ་བུ། ར་ཉག །ཤ་


GLG007_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་དབོན་པོ། རྭ་སྒྲེང་མཁན་པོའི་བསྔོ་རྟེན་སྐྱེལ་མི། རྔོད་རབ་བརྟན་མ་བུ་སོགས་དང་མཇལ་ཕྲད། མཁན་ཐོག་རྡུགས་པའི་བསྔོ་རྟེན་བླ་ཆས་ཆ་འགྲིག །གསེར་དངུལ་ཇ་གོས་དར་རས་སོགས་མཐོན་པོར་བཏེགས་པར་ས་ལམ་གྱི་བར་གཅོད་སེལ་བའི་བསྔོ་སྨོན་རྣམ་དག་བགྱིས། འདི་པ་ཕྱི་ནང་མི་མཚུངས་པའི་སྦས་པའི་རྣལ་འབྱོར་པ་ཞིག་ཡོད། ལྡན་མ་རབ་བརྟན་གྱིས་རྟ་བརྒྱད། ར་ཉག་ཤ་ཁྲི་དབོན་གྱིས་རྟ་བཅུ་དགུ་འདུག །ཚེས་བཅུ་བདུན་ལ་འུན་དུ་སུ་བླ་མས་རིང་འཚོའི་དངོས་པོ་ཚན་གྲངས་དང་འགྱེད་བཅས་གྲ་ཚང་ནས་མཁའ་འགྲོ་སྡེ་ལྔར་བརྟེན་པའི་ཆོ་ག་མཛད། བློ་བཟང་མགོན་པོ་རབ་བརྟན་དང་བྱང་རྩེ་ཆོས་རྗེར་བྱིན་རླབས། སྤུན་བདུན་པ་ལྷུན་གྲུབ་རྒྱ་མཚོ་དགའ་ལྡན་ཚེ་དབང་གི་སར་འགྲོ་གདོང་འཚེ་བ་ལས་བསྐྱབ་པའི་བཀའ་བསྒོ། བསླབ་བྱ། འདི་དགོངས་ནས་ཉེར་བརྒྱད་བར་མི་མཐུན་ཕྱོགས་ཞི་བྱེད་དུ་དམིགས་སྒོ་གསུམ་མི་འདའ་བའི་བཅད་རྒྱ་དམ་པོར་བགྱིས། ཚེས་བཅོ་བརྒྱད་ནས་གཡུལ་ལས་རྣམ་པར་རྒྱལ་བའི་གཏང་རག་གྲ་ས་ཁག་གསུམ་དུ་བྱས་པའི་ཚོམས་ཆེན་དུ་ཚེ་བདག་སོགས་སྔ་འགྱུར། གྲ་ཁང་དུ་མགོན་ཆོས་སོགས་གསར་མ། དེ་འཕྲོས་བཀའ་འགྱུར་ཁང་དུ་གུར་ཞལ་ལས་མཁན་སོགས་ཆོས་སྲུང་སྤྱི་དང་བྱེ་བྲག་ཐམས་ཅད་ལ་གཟབས་གསོལ་ཤིན་ཏུ་རྒྱས་པ་གཏོར་མའི་རི་བོ། སྨན་རག་གི་རྒྱ་མཚོ། དར་གྱི་ལྡ་ལྡི། གོ་མཚོན་སྤྱན་གཟིགས། མཆོད་པ་བསམ་གྱིས་མི་ཁྱབ་པ་ཀུན་བཟང་མཆོད་པར་འགྲན་པ་སྤྲོས། ཉེར་གསུམ་ནས་
དུས་དགྲའི་དབང་པོའི་སྒྲུབ་མཆོད། འཕར་ཞག་ལྔར་ཕུར་པའི་ཁྲོ་རོལ་བཏང་། ཉེར་བརྒྱད་ལ་རྨེ་རུ་སྤྱི་སོས་མཆོད་ཡོན་གཉིས་བོས་པའི་སྐལ་བར་འཁྲིས་སུ་བཅར་བའི་སྟེང་འཕྱོས་པ་སྐུ་སྐྱེ་ལྷ་སར་གྲ་སྐོར་བྱེད་པའི་བཤད་ཕུད་བྱས། ཕྱི་རོལ་ཏུ་གཉུག་མར་གནས་པའི་ཚོགས་དང་བཅས་པར་དཀར་སྤྲོ་དམར་དྲོ་ཤིན་ཏུ་རྒྱས་པ་བདོག་པའི་དངོས་པོ་བརྐྱང་བས་ཐམས་ཅད་ཚིམ། བླ་མ་གསར་རྙིང་ལས་སྣེ་བ་ཚོར་བྱིན་རླབས་དང་། དམངས་ལ་ཇ་གྲལ། སྲིད་གསུམ་བདག་མོ་མཆོད་པ་དང་སྡེ་པ་སངས་རྒྱས་རྒྱ་མཚོས་གུང་ཐང་སྲི་གནོན་དུས་མཆོད་ཁང་སོ་སོའི་སྙན་ཤལ། དགེ་སློང་བློ་བཟང་དོན་གྲུབ་ཀྱིས་གྲ་ཚང་གི་སྐུ་དྲིན་བསབ་ཆེད་དངུལ་སྲང་ཉེར་གསུམ་དང་ཞོ་བདུན་ལས་གྲུབ་པའི་རྣམ་བུམ་དང་བཅས་པའི་ཁ་བྱང་། ཞལ་སྔ་ནས་ལེགས་པ་དོན་གྲུབ་གྲ་དམངས་དང་བཅས་པའི་ངོར་བློ་གསལ་གླིང་དུ་སྤོ་འབོར་ཆོག་ཐུ་ཆོས་རྗེ་དགེ་འདུན་དཔལ་འབྱོར་གྱིས་མཚན་བརྗོད་འདོན་པའི་ཐེབས་སུ་དངུལ་སྲང་ལྔ་བཅུ། སྐུ་འདྲ་བཞེང་ཐེབས་ཀྱང་སྦྱར་ཏེ་གཙང་ཁང་དུ་བཞུགས་པའི་གསོལ་འདེབས་སྨོན་ལམ། སྡིང་པོ་ཆེ་སྤྲུལ་སྐུའི་འཕྲིན་ལན་སྙན་ཚིག་ནས་དྲངས་པ་བྲིས། གནམ་གང་ལ་ལྷོ་བྲག་དཀར་པོ་བླ་མ་དང་། རྡོར་ལེགས་དང་ཕྲད། །


previousདགུང་ལོ་རེ་གསུམ་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྡེ་སྲིད་དུ་བསྐོས་ཤིང་ཁྲི་འདོན་གྱི་རྟེན་འབྲེལ་རྒྱ་ཆེར་བསྒྲུབས་པའི་སྐོར་དང་། བསམ་ཡས་ཀྱི་ནང་རྟེན་བྱིན་ཅན་ཁག་གི་དཀར་ཆག །འདུལ་བའི་ལས་ཆོག་རྣམ་རྒྱལ་གསེར་མདོག་མཛད་པ་བཅས་ཀྱི་སྐོར།next