Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

8 occurrences of བྲག་ཡེར་པ་
[Clear Hits]


  
  
 
དགུང་ལོ་རེ་གཅིག་པར་རིས་མེད་འདུས་སྡེ་ཁག་ནས་བསྟན་སྲིད་སྤྱི་དང་བོད་ཁམས་བདེ་ཐབས་ཀྱི་རིམ་གྲོ་དང་། ཁ་ཆེ་པཎ་ཆེན་ལུགས་ཀྱི་བསྙེན་རྫོགས་ཀྱི་སྡོམ་པ་བསྐྱར་དུ་བཞེས་པ་སོགས་ཀྱི་སྐོར།
 
 
 
 


8 occurrences of བྲག་ཡེར་པ་
[Clear Hits]

 
previousདགུང་ལོ་རེ་གཅིག་པར་རིས་མེད་འདུས་སྡེ་ཁག་ནས་བསྟན་སྲིད་སྤྱི་དང་བོད་ཁམས་བདེ་ཐབས་ཀྱི་རིམ་གྲོ་དང་། ཁ་ཆེ་པཎ་ཆེན་ལུགས་ཀྱི་བསྙེན་རྫོགས་ཀྱི་སྡོམ་པ་བསྐྱར་དུ་བཞེས་པ་སོགས་ཀྱི་སྐོར།next

དགུང་ལོ་རེ་གཅིག་པར་རིས་མེད་འདུས་སྡེ་ཁག་ནས་བསྟན་སྲིད་སྤྱི་དང་བོད་ཁམས་བདེ་ཐབས་ཀྱི་རིམ་གྲོ་དང་། ཁ་ཆེ་པཎ་ཆེན་ལུགས་ཀྱི་བསྙེན་རྫོགས་ཀྱི་སྡོམ་པ་བསྐྱར་དུ་བཞེས་པ་སོགས་ཀྱི་སྐོར།


GLG007_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་མཇུག་གི་དུས་རིམ་ལེ་ཚན་དང་། དམར་སེར་ཅན་ཞེས་པ་མེ་སྦྲུལ་གནམ་ལོ་གསར་དུ་ཚེས་པའི་སྲིད་གསུམ་བདག་མོ་མཆོད་ཅིང་ཉིན་དང་པོར་ཁལ་ཁ་ཨོ་རོད་ཀྱི་དཔོན་ཁག་དང་ལོ་གསར་འབུལ་མི་གཙོ་བོར་གྱུར་པ། ཉིན་གཉིས་པར་རིན་ཅེན་རྒྱན་ཆ་བ་སོགས་སྔར་འཁྱུད་བཞིན་རྒྱས་པར་བསྟར། ཚེས་བཞི་ལ་ཁལ་ཁ་དཔོན་ཁག་རྣམས་ལ་ངོས་ཕྲད་ཐོག་ཨ་པ་ལའི་གྱི་དཔོན་མོ་ཚེ་རིང་གིས་ཧུ་ཇ་ཁོར་དྲུག་མ་བཞི་བཅུས་གཙོས་གསེར་དངུལ་གོས་དར་སོགས་བརྒྱ་ཕྲག་གི་དངོས་པོ་སྤེལ། ཚེས་ལྔ་ལ་ནོ་མུན་ཨུའི་ཆིང་དགེ་ཚུལ་མས་ཡོན་གྱི་བདོག་པ་གྱ་ནོམ་པ་སྦྱར་ཏེ་དྭངས་མ་བཅུད་འདྲེན་གྱི་དཀྱིལ་འཁོར་ལ་བརྟེན་པའི་རིང་འཚོའི་རྟེན་འབྱུང་བསྒྲིགས། ཉི་མ་ཕྱི་མ་ཚོར་བྱ་ཁྱུང་ཆོས་རྗེ་ཡེ་ཤེས་རྒྱ་མཚོས་ཀེག་ལ་དམིགས་ནས་དངོས་པོ་ཆེད་བསྟད་


GLG007_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བ། གནས་གསར་དབོན་མཁྱེན་རབ་རྣམ་རྒྱལ། དན་འབག་བློ་བཟང་དབང་རྒྱལ་གསུམ་གྱིས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པའི་རྟེན་འབྲེལ་དང་དབང་རྒྱལ་གྱིས་གྲ་ཚང་དུ་སྙན་ཤལ་དྲུག་ཅུ་སྐོར་ཕུལ་བའི་སྨོན་ལམ། ཁལ་ཁ་ངག་དབང་བསྟན་འཕེལ་མ་བུ་གསུམ་དང་། རྡོ་པ་བློ་བཟང་མཐུ་སྟོབས་ཀྱིས་བསྐུལ་བའི་རྒྱལ་གསོལ། གཅུང་ཀུན་དགའ་ཚུལ་ཁྲིམས་ཀྱི་ངོར་གཏེར་སྟོན་རིགས་འཛིན་ཆེན་པོའི་བརྟན་བཞུགས། ལྷ་བྲིས་པ་ལེགས་པ་རྒྱལ་མཚན་དང་གཟིམས་ཤག་ལྷོ་པ་སོ་སོས་བསྐུལ་བའི་རིང་འཚོའི་ཚིགས་བཅད། གྲམ་པ་བློ་བཟང་ངག་དབང་གི་དགེ་སྐོས་འཇོག་ཏུ་དངུལ་སྲང་བཅུ་བཞི་ལས་གྲུབ་པའི་པད་སྟེར་ཁ་བྱང་རྣམས་བརྩམས། མཉན་ཡོད་མཆོད་པའི་ཚེས་བཅུ་གཅིག་ལ་དགེ་འདུན་སྟོང་ཕྲག་བརྒྱད་བརྡལ་པར་གཞུང་གྲལ་གྲ་པ་བཅུ་རེར་ཡ་ཇུ་བར་ཁག་རེ། མཐའ་གྲལ་ལྔ་རེར་འགོ་བཀག་རེ། ཚེས་བཅུ་བཞིར་གཞུང་གྲལ་ལ་གྲ་པ་རེར་བུར་ཉག་ལྔ་རེ། མཐའ་གྲལ་ལ་བཞི་རེ་བསྡོམས་ལྟང་ཙེ་ལྔ་བརྒྱ་དང་བདུན་སོང་། བཅོ་ལྔར་མཐའ་དབུས་མེད་པར་དགེ་འདུན་རེར་དངུལ་ཞོ་དོ་རེ་འབབ་རྩིས་ཀྱི་རུང་གོས་གཏོས་ཆེ་བའི་སྤོང་དག །ལྷ་ས། ར་མོ་ཆེ། པོ་ཏ་ལ་གསུམ་གྱི་སྐུ་རྟེན་རྣམས་ལ་གསེར་ཆབ། ལྷ་སར་ངན་སློང་རྣམས་ལ་ཟས་གོས་ཀྱི་སྦྱིན་པ། ཕྱུགས་ལུག་བརྒྱ་རྩ་བརྒྱད་ཀྱི་སྲོག་བླུ། ཐ་ཤི་བོ་ལོད། ཆེ་ཆེན་ཐའི་ཇི། ཨ་པ་ལའི་གྱི་དཔོན་མོ་ཚེ་རིང་། ཨེར་ཏེ་ནི་ཇའི་སང་སོགས་བཅོ་ལྔ་སྐོར་ལ་ཡན་ལག་བརྒྱད་པའི་སྡོམ་པ་ཕབ། ཚེས་བཅུ་དྲུག་ལ་ནོ་མུན་ཨུའི་ཆིང་གི་དགེ་ཚུལ་མ། ཡེལ་དེང་ནོ་ཡོན། ད་ལའི་པཱ་


GLG007_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཐུར། ཨུའི་ཆིང་ཨ་ཁའི། པུ་ཎྱ་ཏཱ་ར། མེར་གན་ཨ་ཁའི། ནོ་མུན་ཁན་ཆོས་རྗེ་སོགས་ལ་བཀའ་བསྒོ། མདུད་པ། བྱིན་རྟེན། གོས་ཆས། ཤལ་དཀར་དམར། སྣམ་ཕྲུག་སོགས་ཀྱི་སྟེར་ཆ། བླ་མ། སྨན་པ། བལ་པོ། ལྷ་བྲིས་པས་མཚོན་འདོད་དོན་མཐའ་དག་བཀང་སྟེ་རྫོང་བདའ་བགྱིས། ཇོ་སྟན་མཁན་པོ། གྲོང་སྨད་དཔོན་ས་བུ་ཁྲིད་རྒྱལ་མོ། སྔགས་མཁར་སློབ་དཔོན་སོགས་ལ་ཇ་གྲལ་བཏང་། ཚེས་བཅུ་བདུན་ལ་རྒྱ་ནག་མི་སྣ་གཞོན་པ་འགྲུལ་སྡེབས་དང་བཅས་པ་གཙང་ནས་འཁོར་བ་དང་། རྒྱུད་སྟོད་སྨད་ཀྱི་ཆོས་རྗེ་རྣམ་གཉིས། རོང་བྱམས་ཆེན་སློབ་དཔོན་པ། བོན་ལུང་པ། སྙེ་མདོ་བ། ཤག་ལྷོ་པའི་རབ་འབྱམས་པ་སོགས་དང་ཕྲད། ཨུ་ཆུ་མུ་ཆུ་ཆེ་ཆེན་ཆིང་དབང་གི་ཨུལ་ཇོའི་ཐུ་ཐ་བུ་ནང་ཚངས་སྤྱོད་དགེ་བསྙེན་དུ་བསྒྲུབས་པའི་མིང་ངག་དབང་རིན་ཅེན་དུ་བཏགས། འདི་པ་དཀོན་ཅོག་གསུམ་དང་འདི་གར་དད་པ་ཐུན་མོང་མ་ཡིན་པ་ཞིག་སྣང་བ་བཟང་པོའི་ལས་སད་པའི་སྐལ་ལྡན་ཞིག་ཡིན་པ་འདྲ་སྙམ། ཚེས་ཉི་ཤུར་གཞུང་གྲལ་གྲ་པ་བརྒྱད་རེ་དང་མཐའ་གྲལ་གྲ་པ་བཅུ་རེར་སྲང་རེ་བསྡོམས་སྲང་བརྒྱད་བརྒྱ་ལྔ་བཅུ་སོང་། བཅུ་བདུན་ནས་སྨོན་ལམ་མ་གྲོལ་བར་དགོངས་ཇ་འཕར་མ་བཏང་སྟེ་ལྷོ་ཀོང་གི་གཙོ་བོ་རྣམས་ཀྱི་མིང་གསལ་སྟེང་མདོ་སྒྲུབ་འགྲོ་གང་ཆེ་དང་། དགུ་གཏོར་ཡང་ཤར་ཕྱོགས་སུ་གཏོར་ཁ་བསྒྱུར་ཞིང་ཚོགས་ཆེན་གྱིས་མདོ་སྒྲུབ་དང་བཅས་ཚོགས་ཁྲོ་ཞལ་སྦུབ་མཛད་པས་ནུས་པ་ཆེ་བ་བྱུང་། ཁྱབ་བདག་ཞ་ལུ་པ་ཆེན་པོས་དེང་ནས་བཟུང་ཇི་སྲིད་བསྟན་པ་རིན་པོ་ཆེ་ནམ་གནས་བར་རྣལ་འབྱོར་


GLG007_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་བསྟན་པ་ཉམས་པ་གསོ་བ་དང་། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ཁུ་དབོན། སྒྲུབ་ཁང་མཁན་ཆེན་དཔལ་ལྡན་དོན་གྲུབ་གསུམ་གྱི་དགོངས་པ་རྫོགས་ཐབས་དང་། ཁྱད་པར་འདི་གའི་རིང་འཚོར་དམིགས་ཐུགས་བསམ་རྣམ་དག་གི་སྒོ་ནས་དཔལ་ཞ་ལུ་གསེར་བཀང་གི་ཆོས་གྲར་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ནས་བཅོ་ལྔའི་བར་ཡོ་གའི་དཀྱིལ་འཁོར་བཅུ་གསུམ། ཚར་ལུགས་ཀྱི་འཇིགས་བྱེད་ལྷ་བཅུ་གསུམ་མ། འདི་གའི་བརྩམས་ཆོས་གནས་བརྟན་ཆེན་པོ་བཅུ་དྲུག་གི་མཆོད་པ་རྒྱལ་བསྟན་འཛད་མེད་ནོར་བུ། དགོན་ཤར་ནུབ་གཉིས་ནས་བཀའ་བརྒྱད་རྣམས་འཛུགས་གནང་གི་ཆོས་གཞིས་དགོས་ཚུལ་གྱི་རྟེན་སྤམས་མཐོ་བ་དང་བཅས་ཕེབས་པ་དང་བླངས་ཀྱིས་པ་ནམ་དགོན་པ་ལྷོ། དར་རྒྱས་ཆུ་རགས། སྨོན་ཚོ་ཧོར་ཁུངས་བཅས་པའི་གཞིས་ཀ་མི་སེར་དུད་འཛིན་བཅུ་དགུ །ལག་ཡོང་ཉིས་སྟོང་ཉིས་བརྒྱ་སོ་གཉིས་ཐོན་ཁུངས། གཞིས་རྩེ་ནས་ལོ་སྟར་ངོ་སྤྲོད་ཡ་ཇུ་དང་ཤ་ཤན་འདྲེས་པ་ཁལ་སུམ་ཅུ་སོ་དགུ་ཉག་བཅོ་ལྔ། བུ་རམ་ཁལ་བཅུ་ཉག་གསུམ་རྣམས་སྦྱོར་འཇགས་ཞུས།གྲ་ཕྱི་བྱེ་རྫིང་ཚོགས་པས་བཀའ་འགྱུར་ཚར་དྲུག་སྒྲོགས། འབའ་ཆོས་སྡེ་སྔར་ཕན་དར་རྒྱས་ཆེ་བ་མེད་འདུག་པ་འདི་ལོ་ནས་བཟུང་ཇི་སྲིད་བསྟན་པ་གནས་ཀྱི་བར་ལོ་འཁོར་དུ་དགེ་འདུན་སུམ་བརྒྱ་སྐོར་ངོ་ཡོད་ལ་ཕོགས་བསྣོན་བཅས་ཟླ་རེར་མཁའ་རུའི་འབྲུ་ཁལ་རེ་དང་ཉིན་སྟར་བཞེས་ཐུག་འཕར་མ་རེ། ཆོ་འཕྲུལ་དང་ས་ག་ཟླ་བ་སོ་སོར་བཀའ་འགྱུར་རོ་ཅོག་འགྲོ་གང་ཆེ་སྒྲོག་པའི་ཇ་ཐུག་སོགས་གསུང་སྒྲོག་པ་གཞུང་དཔེ་འགྲེ་ཡོང་བ་བྱས། འདི་ལོ་ནས་བཟུང་མཛོ་སྒང་དུ་ཧོར་ཟླ་དང་པོ། གཉིས་


GLG007_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

པ། གསུམ་པ། བཅུ་པ་སྟེ་བཞིར་ཉེ་སྐོར་དགེ་ལུགས་དགོན་ཚོ་བསྡུས་ཆིག་བརྒྱ་བཅུ་གཅིག་གིས་ཟླ་གཅིག་བར་བཀའ་འགྱུར་འགྲོ་གང་ཆེའི་གསུང་སྒྲོག་ཡོན་ཞབས་ཏོག་སྤྱི་འགྲོ་ཇི་སྲིད་བར་བཙུགས། ཉེར་གསུམ་ལ་གྲ་ས་ཕན་ཚུན་གྱི་སློབ་དཔོན་དགེ་སྐོས་དབུ་མཛད་གྲ་སྐོར་བ་རྣམས་ཇ་བྲལ་བཏང་། ཉེར་ལྔར་དགའ་ལྡན་ཁྲི་རིན་པོ་ཆེ། དུང་དཀར་སྐུ་སྐྱེ། ཁམས་པག་ཤོད་བླ་མ། སྟག་ལུང་ཀ་དྲུག་བླ་མ་སོགས་དང་ཕྲད། ཉེར་བདུན་ལ་ཕ་བོང་ཁའི་གདན་ས་པ། རྒྱལ་མོ་བསོད་ནམས་ཆོས་འཛོམས། མཁའ་འགྲོ་དགེ་ཚུལ་མ། སྙེ་ནང་དགའ་ལྡན་འཕེལ་རྒྱས་གླིང་སློབ་དཔོན་པ། ཀླུངས་ཤོད་དཔལ་འབར་བླ་མ། ཕུན་ཚོགས་བླ་མ་མི་བཟང་གཉིས་དང་བཅས་པས་ཨུ་ཆུ་མུ་ཆུ་ཆེ་ཆེན་ཆིང་དབང་གིས་རིང་འཚོར་གསེར་བྲེ། དངུལ་བྲེ། བེར། ཇ་གོས་དར་སོགས་དངོས་པོ་གཏོས་ཆེ་བསྐུར་བ་བཏེག །དགའ་ལྡན་རབ་འབྱམས་པ། དཔོན་མོ་བསོད་ནམས་སྒྲོལ་མ། ཏྲེ་བོ་དཔོན་ཨུའི་ཆིང་ནོ་ཡོན་སོགས་མི་ངོ་བརྒྱད་བཅས་ལ་མདུད་པ། གོན་པ་ཆ་ཚང་རེ། ཤལ་དཀར་དམར། སྣམ་ཕྲུག །རྟ་སྒ་འཁོར། བུར་ལྟང་སོགས་རྫོང་བ་བཟབས། དགའ་ལྡན་རབ་འབྱམས་པ་དང་དཔོན་མོ་བསོད་ནམས་སྒྲོལ་མ་མ་བུ་དང་བཅས་པར་མགོན་པོའི་རྗེས་གནང་བར་ཆད་ཀུན་སེལ་བཀའ་བསྒོ་སོགས་ལུགས་གཉིས་ནས་རེ་བ་བཀང་། ཉེར་བརྒྱད་ལ་ས་སྐྱོང་ལྷ་རྒྱལ་རབ་བརྟན། ཐུ་མེད་དའི་ཆིང་ཁོ་ལོ་ཆི། མ་གཅིག་ཐའི་ཇིའི་དཔོན་མོ། མེར་གན་ཇི་ནོང་གི་དཔོན་མོ་བསོད་ནམས་དཔལ་བཟང་། མངའ་


GLG007_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

རིས་གྲ་ཚང་གི་གཉེར་པ། སྤྲུལ་སྐུ་རྒྱལ་བཟང་པ་རྣམས་ལ་ཇ་གྲལ་བགྱིས་ཤིང་ཇོ་ནོང་དཔོན་མོར་བཀའ་བསྒོ་བྱས། གནམ་གང་ལ་མཚལ་ཞབས་དྲུང་གྲགས་པ་དང་ཕྲད། ཧོར་ཟླ་གཉིས་པའི་ཚེས་གཅིག་ལ་ངག་དབང་འཕྲིན་ལས་ནང་མི་དང་བཅས་པས་དཀར་དྲོ་དང་ཚན་གྲངས་སྤེལ། ཚེས་གཉིས་ལ་ངེས་གསང་རྡོར་གླིང་པ་གྲ་བཅས་ཀྱིས་ཚེ་དཔག་མེད་བདུད་རྩི་འཁྱིལ་པའི་ཆོ་ག་དང་འབྲེལ་བའི་རིང་འཚོའི་རྟེན་འབྱུང་བསྒྲིགས་ཁྲོད་གོང་དཀར་སྔགས་འཆང་གནས་ཆུང་པའང་ཡོད། ཕྱི་དྲོ་ཆོས་རྗེ་ཐུབ་བསྟན་པའི་ཚ་བོ་དང་བཅས་དགེ་ཚུལ་བཅུ་གཉིས་བསྒྲུབས། ཚེས་གསུམ་ལ་འཕྱོང་རྒྱས་པ་བློ་བཟང་ཐུགས་རྗེས་སྨོན་ལམ་གྱི་གྲ་སྐོར་སྔོན་འགྲོར་གྲ་ཚང་གི་འདོན་ཆ་ཤོག་བུ་སུམ་བརྒྱ་དྲུག་གི་རྒྱུགས་སྤྲད། ཚེས་བཞིར་སྟག་ལུང་ཕྱག་མཛོད་དབུ་མ་པ་ཞ་ལུ་རི་སྦུག་ཆོས་ཁྲིའི་རྒྱ་ཕིབས་ཀྱི་གསེར་གསོལ་དོ་དམ་པར་བརྫངས། འདི་གའི་རིམ་གྲོར་རྫོང་གཞིས་ཁག་ཁ་ཤས་སུ་བཀའ་འགྱུར་ཆིག་བརྒྱ་ཉི་ཤུ། བརྒྱད་སྟོང་པ་ཆིག་སྟོང་། གསེར་འོད་དང་ཀླུ་འབུམ་བརྒྱ་ཚར་རེ། སྨན་བླ་ལྔ་ཁྲི། ཚེ་ཆོག་ཁག་ལྔ། སཱཙྪ་འབུམ་ཐེར། ཡིག་དྲུག་ཐེར་འབུམ་གཉིས། དགའ་ལྡན་གསང་སྔགས་གླིང་དུ་ཨྱཻ་རིང་དང་ཏྲིག་ཁྲོམ་མ་བྱེ་བ་རེ། འཕྱོང་རྒྱས་རྫོང་གི་ལྡེབས་ཞལ་དུ་གཤེད་དམར་གྱི་བྲིས་སྐུ་ཁྲུ་གང་བཞེངས་ཤིང་སྐྱེས་ལྷ་ཡུལ་ལྷ་གསོལ། ཁྲོ་རོལ་ཁག་གཅིག །བསམ་ཡས་དང་ཁྲ་འབྲུག་གཉིས་སུ་མཆོད་པ་སྣ་ལྔ་བརྒྱ་ཚར། གསེར་ཆབ། སྙན་ཤལ། འཕྲུལ་སྣང་དུ་བརྒྱ་མཆོད་སྣ་ལྔ། དེ་དང་ར་མོ་ཆེ། པོ་ཏ་ལ་གསུམ་པོར་ཁྲུས་གསོལ། ཆབ་གཏོར་འབུམ་


GLG007_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཐེར། ཕྱུགས་ལུག་བརྒྱའི་སྲོག་བླུ། ཀི་ཀང་གི་དགྲ་མནན་གཉིས། ཀླུ་སྦུག་ཏུ་ཀླུ་མཆོད་དང་ཀླུ་གཏའ་བསྡམས། འཕྲང་ཟམ་ཁ་ཤས་ཞིག་པ་བསོས། དཔལ་གསོལ་བརྒྱ་ཚར། རྒྱལ་དུ་དམག་ཟོར་མའི་བསྐང་བཤགས་འབུམ་ཐེར། བསིལ་ཚལ་དུ་གུར་ཞལ་དང་བེག་ཙེར་ཁྲི། མཐིལ་དུ་ཕྱག་དྲུག་པ་ལས་གཤིན་རྣམ་སྲས་སོ་སོར་སྟོང་རྩ་རེ། རི་མཐིལ་གྱི་ཆོས་སྲུང་སྤྱིར་བརྒྱ་ཚར། དབུས་གཙང་གི་རིས་མེད་དགོན་ཨང་དང་གཉིས་གསུམ་པ་ཚང་མར་དཔྱིད་མང་འགྱེད་སྒྲིགས་མའི་ཨང་དང་པོར་འགྱེད་དགེ་འདུན་རེར་གཤོར་ཁལ་གསུམ་རེ། གཉིས་པར་གཉིས་རེ། གསུམ་པར་རེའི་རྩིས། ཞལ་འདོན་དགེ་ལུགས་རྣམས་ཀྱིས་གདུགས་དཀར། དེ་ཕྱིན་ཐམས་ཅད་ཀྱིས་ཕྱག་འཚལ་ཉེར་གཅིག །ཤེར་སྙིང་། ཚེ་གཟུངས་རྣམས་འགྲོ་གང་ཆེ། ཕ་བོང་ཁར་ཟླ་གཉིས་ཞག་ཉེར་ལྔའི་བར་དགེ་སློང་སུམ་ཅུ་རྩ་གསུམ་གྱིས་རིགས་གསུམ་མགོན་པོའི་གཟུངས་སྟར་ཆགས། སྡེ་པའི་རིམ་གྲོར་རྒྱས་འབྲིང་བསྡུས་པ། གསེར་འོད། ཐང་ཡིག་གསུམ་བརྒྱ་ཕྲག་རེ། མཚན་བརྗོད་ཆིག་ཁྲི། ཚེ་གཟུངས་སུམ་འབུམ། སཱཙྪ་དང་ཆབ་གཏོར་འབུམ་ཐེར་རེ། ཕྱུགས་ལུག་ལོ་གྲངས་ཀྱི་སྲོག་བླུ། བསྟན་སྲིད་སྤྱིའི་ཇུས་རིམ་དུ་འབུམ་རྒྱས་འབྲིང་བསྡུས་གསུམ་ཚར་བཅོ་ལྔ། བསྐལ་བཟང་ཆིག་སྟོང་། སྨན་བླ་ལྔ་སྟོང་། གདུགས་དཀར་ཆིག་ཁྲི། སྒྲོལ་ཤེར་ཚེ་གཟུངས་གསུམ་འབུམ་ཕྲག་རེ། ཁྲོ་རོལ་ལྔ། ལྷ་སར་དཔའ་བོ་དཔའ་མོའི་ཁྲུས་གསོལ། ཉེ་སྐོར་མཆོད་ཁང་བརྒྱར་མཆོད་པ་སྣ་ལྔ་རེ། བསམ་ཡས་


GLG007_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཁྲ་འབྲུག་གཉིས་སུ་དར་ཆེན་རེ། རྫོང་གཞིས་རྣམས་ནས་ཡུལ་ཁམས་ལ་རྣམ་འཇོམས་དང་སྨེ་བརྩེགས་ཀྱི་ཁྲུས་གསོལ། བསངས། དགྲ་ལྷ་དཔངས་བསྟོད། རི་འགོ་མཐོ་སར་དར་ལྕོག་མང་པོ་འཛུགས་བཅུག །སྔགས་རམས་པ་དོན་གྲུབ་རྒྱ་མཚོ། ངག་དབང་འཇམ་དབྱངས། བློ་བཟང་མཁྱེན་བརྩེ་གསུམ་ཚེ་བདག །བློ་བཟང་མཐུ་སྟོབས་དང་བློ་བཟང་བཀྲ་ཤིས་གཉིས་ལོག་ཏྲི། ངག་དབང་ཚུལ་ཁྲིམས་བཀའ་བརྒྱད། ངག་དབང་ཡིད་བཞིན་དང་ནམ་མཁའ་རྒྱ་མཚོ་གཉིས་ཕུར་པ། བྱམས་པ་སྐལ་བཟང་ཡང་གསང་ཀརྨ་དྲག་པོ་རྣམས་ཀྱི་བསྙེན་དམིགས་ཁྲིད་ནས་མཚམས་བྱེད་དུ་བཅུག ། ཚེས་བདུན་ལ་འདར་ལོ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་དགེ་སྦྱོར་རྟེན་ནཱ་རོ་མཁའ་སྤྱོད་ཀྱི་བྲིས་ཐང་བཞེངས་པའི་རྒྱབ་ཡིག་སྨོན་ལམ། བདེ་ཆེན་ཐའི་ཇི་བགྲེས་པ། ད་ལའི་ཨོ་པ་ཤིའི་བསྔོ་རྟེན་སྐྱེལ་མི། ད་རྒན་བླ་མ་སོགས་ཀྱིས་བསྔོ་རྟེན་དང་སྒེར་འབུལ་དངུལ་ཇ་གོས་དར་སོགས་སྤམས་བསྟོད། ཚེས་བཅུར་ལྕམ་ནོར་བུ་ཁྲ་སྒོར་དང་བྱང་གླིང་པ་སོ་སོ་ནས་ཡོན་སྦྱར་ཏེ་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པའི་རིང་འཚོའི་རྟེན་འབྱུང་ཐོག་ལྕམ་ནོར་བུ་ཁྲ་སྒོར་གྱིས་ཚེ་དཔག་མེད་ཀྱི་སྐུ། སྐུ་རྒྱན་གྱི་ཤལ་དཀར་པོ། གསེར་གྱི་ཉག་ཐག་སོགས་ཡོད་དགུ་བཏེག ། ཚེས་བཅུ་གཅིག་རྗེས་མར་དྲུང་ཡིག་དར་རྒྱས་བཀྲ་ཤིས་ཀྱིས་གོས་སྣ་ཆ་ཚང་བདོག་པའི་སྐྱེས་འགྱེད་བཅས་སྦྱར་ནས་རིང་པོར་འཚོ་བའི་ཐབས་ཚུལ་སྔ་མ་དང་འདྲ། ཨེར་ཁེ་ཆོས་རྗེ་མཚོ་ཁ་ནས་སླེབས་པའི་སྟེར་སྦྱིན་བྱུང་ཞིང་སྤྲུལ་སྐུ་གཏེར་བདག་གླིང་པས་མཁའ་འགྲོ་གྲིབ་སེལ་མཛད། ཚེས་བཅུ་གཉིས་


GLG007_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྒྱ་ནག་གི་མི་སྣ་འགྲུལ་སྡེབས་དང་བཅས་པར་ཇ་གྲལ་བཏང་ཞིང་ལྕམ་ནོར་བུ་ཁྲ་སྒོར་ལ་དངོས་པོ་དུ་མ་དང་བཅས་རྫོང་བདའ་ཞུས། མཆོད་དཔོན་པས་སྙན་དར་ཐགས་སུ་བསྐྲུན་རྒྱུའི་སྨོན་ལམ། གཏེར་སྟོན་རིགས་འཛིན་ཆེན་པོའི་དགོངས་བཞེད་ལྟར་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་གེགས་མེད་གྲུབ་པའི་དཀར་ཆག་སྨོན་ལམ་རྒྱས་པ། ཨུ་ཆུ་མུ་ཆུ་ཆེན་ཆིང་དབང་གིས་བསྐུལ་བའི་གསོལ་འདེབས་དང་སྡེ་བརྒྱད་ཀྱི་གནོད་པ་བསྲུང་བའི་ཐམ་ཀ །དབང་གི་ཨོ་པ་ཤི་ངག་དབང་རིན་ཅེན་གྱི་ངོར་འཇམ་དབྱངས་ཆོས་སྐོར་ནས་ནང་སྒྲུབ་ལ་བརྟེན་པའི་བླ་མའི་རྣལ་འབྱོར། བསམ་བློ་ཆོས་རྒྱ་མཚོས་བསྐུལ་བའི་ཡི་དམ་ཆོས་སྲུང་ལ་བརྟེན་པའི་སྨོན་ལམ་རྣམས་བྲིས། ཚེས་བཅུ་གསུམ་ལ་གཏེར་སྟོན་རིགས་འཛིན་ཆེན་པོས་མཁའ་འགྲོ་བསུན་བཟློག་སྨིན་རྒྱས་མཛད་གྲུབ་ནས་གོང་དཀར་དཀོན་གཉེར་དཔོན་གྲ་བཅས་དང་ཕྲད། ཚེས་བཅུ་བཞིར་དབུ་མཛད་བློ་བཟང་ཡོན་ཏན་གྱིས་ཡོན་སྦྱར་ཏེ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒྲུབ་ཁག་གཅིག་དང་གྲ་དམངས་ཀྱིས་ཨ་ཏི་ཧྲཱིཿགཅིག་མའི་སྒྲུབ་པ་བདུན་གཅིག་བཙུགས་རྗེས་ཚན་གྲངས་དུ་མ་བརྐྱང་སྟེ་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པའི་རིང་པོར་འཚོ་ཐབས་གྲུབ་ནས་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་ཉམས་ལེན་ཚེ་ཁྲིད་ཟླ་བའི་ཆུ་རྒྱ྄ུན་ནང་བཞིན་བདུན་ཕྲག་གི་བར་བཅད་རྒྱ་དམ་པོར་བགྱིས་པས་རྟགས་ཀྱང་ལེགས་པ་བྱུང་། ཚེས་ཉི་ཤུར་ལྷ་ས། བསམ་ཡས། ཁྲ་འབྲུག །ཡུམ་བུ། ཡེར་པ། ཀ་ཚལ། མཁོ་མཐིང་། གཙང་འགྲམ།


GLG007_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

གྲོམ་པ་རྒྱང་རྣམས་སུ་ཚོགས་བརྒྱ། འཕྱོང་རྒྱས་སུ་རྗེ་བདུད་བཙན་པར་གསོལ་མཆོད། རྫོང་ཆེ་ཁག་ཉི་ཤུར་བསངས་དང་དགྲ་ལྷ་དཔངས་བསྟོད། ལྷ་སར་སྒོ་འགྱེད་དུད་དྲུག་རེར་ཡ་ཇུ་བར་ཁག་རེའི་རྩིས་ཁྱོན་ཁོར་དྲུག་མ་ང་བཞི་དང་། ངན་སློང་གང་ཡོད་ལ་ཇ་གསིལ་མ་ཕོན་ཆེས་དབུལ་བ་བསལ། ཉེར་གཅིག་གཉིས་ཚོར་སྤྲུལ་སྐུ་རིགས་འཛིན་ཆེན་པོར་དབང་ལུང་ཁ་ཤས་ཞུས། ཉེར་གསུམ་ལ་བྲག་གདོང་ཆོས་མཛད་བློ་བཟང་ཚེ་དབང་གིས་སྨོན་ལམ་གྲ་སྐོར་བཏང་བའི་དུས་གྲ་ཚང་དུ་དངུལ་ཀོང་ཕུལ་བའི་ཁ་བྱང་། གོང་མ་རྒྱལ་པོར་འབུལ་རྒྱུའི་ཞུ་ཡིག །གནས་གསར་དབོན་མཁྱེན་རབ་བློ་ལྡན་གྱི་དོན་དུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར་རིན་འབྱུང་བརྒྱས་བསྐོར་བའི་རྒྱབ་ཡིག་སྨོན་ལམ། འཕྱོས་པ་ནམ་མཁའ་རྒྱ་མཚོའི་ངོར་གསོལ་འདེབས་རྣམས་བརྩམས། ཉེར་ལྔར་འགྲོ་འདུལ་གཏེར་བདག་གླིང་པར་ཆོས་ཡོན་གསེར་སྲང་གསུམ། དངུལ་ལྔ་བཅུ་མ། རྒྱ་སྦུག་ཁྱད་འཕགས། ཇ་གོས་དར་སོགས་གཏོས་ཆེ་བ་དབུལ་ཏེ་རང་གི་བསྟི་གནས་སུ་ཆིབས་ཁ་བསྐྱོད། ཉེར་བདུན་ལ་རྒྱ་ནག་མི་སྣ་འགྲུལ་སྡེབས་དང་བཅས་པར་སྨན་བླ་སྤྲུལ་སྐུ་མཐོ་བརྩེགས། སྐྱེར་སྒང་ལུགས་ཀྱི་སྤྱན་རས་གཟིགས། སྒྲུབ་བརྒྱའི་ནང་གི་རྣམ་རྒྱལ་མ་གཙོ་རྐྱང་རྣམས་ཀྱི་རྗེས་གནང་དང་། རྒྱུད་སྟོད་ཞལ་སྔ་ནས། ཨུ་ཆུ་མུ་ཆུ་ཆེན་ཆིང་དབང་གི་ཨོ་བ་ཤི་གཉིས་སོགས་ལ་འཇམ་དབྱངས་ཆོས་སྐོར་ནས་ནང་སྒྲུབ་ཀྱི་དབང་བཞི་བྱིན་རླབས་བསྐུར། དཔོན་མོ་བསོད་ནམས་སྒྲོལ་མ་བུ་བཅས། ཁལ་ཁ་ཡེལ་དེང་ནོ་ཡོན་སོགས་ལ་ཇ་གྲལ་བཏང་ཞིང་སྔ་མར་བར་གཅོད་མི་འཇུག་པའི་བཀའ་


GLG007_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོ་བགྱིས། ཕྱི་དྲོ་གོང་གི་མི་སྣ་འགྲུལ་སྡེབས་བཅས་པ། བོ་དོང་འཆི་མེད་སྤྲུལ་སྐུ། སྙིང་རི་གདན་ས་པ། གདུང་བརྒྱུད་རྣམས་དང་ཕྲད། ཉེར་བརྒྱད་ལ་ངེས་གསང་རྡོར་གླིང་གི་གྲ་པ་བློ་བཟང་ཆོས་སྐྱོང་གིས་གསང་བ་སྙིང་པོའི་རྩ་རྒྱུད་ཀྱི་རྒྱུགས་སྤྲད། རྣམ་གླིང་པཎ་ཆེན་དཀོན་ཅོག་ཆོས་གྲགས། སྔགས་རམ་པ་ངག་དབང་དཔལ་བཟང་། གོང་གི་གསེར་ཡིག་གཞོན་པ་བློ་བཟང་སྦྱིན་པ་སོགས་བསྙེན་རྫོགས་བརྒྱ་ཉི་ཤུ། དགེ་ཚུལ་ཆིག་བརྒྱ་ཞེ་བཞི། དགེ་བསྙེན་དྲུག་རྣམས་ལ་སྡོམ་པ་ཕབ། ཨུ་ཆུ་མུ་ཆུ་ཆེ་ཆེན་ཆིང་དབང་གི་དེ་ཤི་ཁི་ཡས་སྲོག་མི་གཅོད་པའི་དམ་བཅའ་བླངས། ཉེར་དགུར་ཁལ་ཁ་གཡོན་རུ་ནོ་ཡོན་ཁུ་ཐུག་ཐུ་དང་རྒྱ་དུང་པདྨའི་ནང་ཚང་སོགས་ལ་ཇ་གྲལ་བཏང་། གནམ་གང་གི་ཞོགས་ཨུ་ཆུ་མུ་ཆུ་ཆེ་ཆེན་དབང་གི་དེ་ཤི་ཁི་ཡ་དང་བོ་རོ་ཁི་ཡ་ཅན་དྲུག་སོགས་ལ་ཡན་ལག་བརྒྱད་པའི་སྡོམ་པ་འབེབས་པ་ལག་རིས་མཐོང་ཙམ་ན་ཕབ་ཚར་བ་དགོས་པ་ལེན་པ་པོ་རྣམས་ཡོང་འཕྱིས་གཤིས་སྔོན་འགྲོའི་ཆོས་བཤད་རྒྱས་པར་མ་ཐུབ་ཀྱང་ཕབ་གྲུབ་ནས་བསླབ་བརྗོད་སོགས་ལ་བླང་དོར་ཆོད་ངེས་ཀྱི་རིམ་པ་བཤད། གུང་ཚིགས་ཀྱི་ཐོག་གོང་གི་མི་སྣ་འགྲུལ་སྡེབས་དང་བཅས་པ། འདི་གའི་མི་སྣ་གཞོན་པ་རྟ་འབུལ་དབོན་ཆུང་། བསྟན་འཛིན་ད་ལའི་རྒྱལ་པོའི་མི་སྣ་ད་ཡན་ཇའི་སང་སོགས་ལ་སྟོན་མོ་བཟབས་རྒྱས་ཐོག་མདུད་པ་དམ་རྫས་གོན་པ་ཆ་ཚང་རེ། སྣམ་ཕྲུག་སོགས་སོ་སོར་གོ་བབས་མ་ལོག་པའི་རྫོང་བདའ་བགྱིད་སྐབས་གསེར་ཡིག་གཞོན་པ་བློ་བཟང་སྦྱིན་པས་རྟེན་ལ་གཟུངས་


GLG007_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་ཚུལ་དང་རབ་གནས་སྐོར་ལ་དྲི་བར་སྔོན་ཆད་ཕྱོགས་དེར་འདི་རིགས་རྣམ་དག་མ་བྱུང་འདྲའང་གང་འཚམ་གྱི་ལན་བཏབ་ཅིང་། བླ་ཆེན་ཚོ་ནི་རྫོང་བཟུང་ནས་འབུག་འབུག་མི་སྣང་བའི་ཚོད་ན་འདི་གས་གླེང་བསླང་བ་རང་ངོ་མཚར་ཆེ་སྙམ་པ་བྱུང་། དེ་མཚམས་ཁལ་ཁ་མེར་གན་ཨ་ཁའི་ཐོན་གདོང་ལ་བཀའ་བསྒོ་དང་གཡོན་རུ་མེར་གན་བླ་མས་རྒྱན་དྲུག་མཆོག་གཉིས་ཀྱི་གསེར་སྐུ་གྲ་ཚར་དངོས་གཙང་སྤྲད་བྱུང་བར་ཕར་གོས་སྣ་གསུམ་དང་། སྤུ་ཇ་སྦག་སོགས་བྱིན་ཅིང་བཀའ་བསྒོ་བྱས། ཧོར་ཟླ་གསུམ་པའི་ཚེས་གཅིག་ལ་ལྷ་ས་སྤུས་སྲང་པ་དང་དམིགས་བརྩེ་མ་སོ་སོ་ནས་ཚན་གྲངས་དང་ཡོན་སྦྱར་ཏེ་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་སྤེལ། དེ་མཚམས་ཐོད་རི་བཤད་སྒྲུབ་གླིང་བླ་མ་གྲ་བཅས་བརྒྱ་ལྷག་གིས་དངོས་པོ་སྤམས་མཐོར་བཏེག་སྟེ་ཉི་བུའི་གཡུལ་ལས་རྒྱལ་བའི་བདེན་ཚིག་རྒྱས་པར་བརྗོད། སེང་ལྡེང་ནགས་སྒྲོལ་གྱི་རྗེས་གནང་བསྐུར། སློབ་དཔོན་པས་འཇིགས་མཛད་རྡོ་རྗེའི་ཉམས་ལེན་སྐོར་ལ་དོག་གནས་ཀྱི་དྲི་བ་བྱེད་པར་སོ་སོར་ལན་བཏབ་ཅིང་གནད་འགག་རང་ལ་དྲི་བ་བྱེད་པར་མི་གདའ། ཞང་སྟོན་རི་ཁྲོད་པ་རིམ་གྲོ་གྲུབ་ནས་ཕྲད་པར་འཕྲོས་གླེང་ཞིབ་པ་བྱུང་། ཕྱི་དྲོ་ཐ་ཤི་བོ་ལོད། སེམས་དཔའ་ཆེན་པོའི་སྤྲུལ་སྐུ། བྱམས་ཆེན་སློབ་དཔོན་ང་ཕོད་པ། རིགས་འཛིན་སྟོབས་ལྡན་དབང་པོའི་སློབ་མ་ལ་སྟོད་གྲ་མ་ལུང་བླ་མ། བྲག་གདོང་རྒྱལ་ཕུར་རྣམས་ལ་ཇ་གྲལ་དང་། བྲག་དབར་གྲ་ཚང་བརྒྱ་སྐོར་སོགས་བོད་སོག་སྐྱ་སེར་སུམ་བརྒྱར་བྱིན་རླབས་དང་། ཨོ་པ་ཤི་ངག་དབང་རིན་ཅེན་ཕ་བུ་འདོད་པ་བཞིན་རྐང་པར་མགོ་བོ་གཏུག་ཏུ་བཅུག །ཚེས་གཉིས་ལ་གོང་གི་མི་


GLG007_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་འགྲུལ་སྡེབས་བཅས་པ་སྤྱི་བསྡུས་ཀྱིས་ཚོགས་ཆས་ཚན་གྲངས་འགྱེད་ཀྱི་ཡོན་སྦྱར་ཏེ་གྲ་ཚང་གིས་རྡུལ་ཚོན་དང་འབྲེལ་བའི་བྱང་གཏེར་ཚེ་དཔག་མེད་ལོངས་སྐུ་མའི་ཚེ་ཆོག་རྒྱས་པར་བཏང་། ཚེས་བཞིར་འཇམ་དབྱངས་ཆོས་རྗེས་བསྐུལ་མ་མཛད་པའི་བླ་མའི་རྣལ་འབྱོར་དང་། ཤར་ཁང་ནོ་མུན་ཁན་གྱི་བརྟན་བཞུགས། ཨུ་ཆུ་མུ་ཆུ་ཆེ་ཆེན་ཆིང་དབང་གི་དེ་ཤི་དང་བོ་རོའི་ངོར་སྨོན་ལམ། གྲ་ཕྱི་སྨོན་གྲུབ་པ་རིན་ཅེན་བཀྲ་ཤིས་ཀྱིས་བསྐུལ་བའི་བྱང་གཏེར་ཐུགས་སྒྲུབ་དྲག་པོ་རྩལ་གྱི་ཉམས་ལེན་དང་འབྲེལ་པའི་སྨོན་ལམ། སྒྱིད་ཐང་ནོར་བུའི་ངོར་སེང་ལྡེང་ནགས་སྒྲོལ་དང་བླ་མ་ཐ་མི་དད་པའི་གསོལ་འདེབས་སྨོན་ལམ་རྣམས་བྲིས། ཚེས་ལྔར་སེ་ཆེན་དབོན་པོས་རུང་མཐུན་གྱི་གོས་ཆ་འགྲིག །གསེར་སྲང་གང་གིས་གཙོས་པའི་དགུ་ཚན་བརྒྱད། རྟ་དཔོན་རྣམ་འཇོམས་ཀྱིས་དངུལ་ལྔ་བཅུ་མས་གཙོས་པའི་དགུ་ཚན་དྲུག །སོ་སོས་འགྱེད་སོགས་ཡོན་སྦྱར་ནས་གཟིམས་ཆུང་བརྟན་བཞུགས་ཀྱི་རིང་འཚོ་བསྟར་བ་གྲུབ་ནས་ལྷ་ལྡན་ཚེས་བཅུ་བ་ཁག་གིས་ཚན་གྲངས་བཏེག་སྟེ་ཡུན་འཚོའི་ཚིགས་བཅད་ཤིས་བརྗོད་ཀྱིས་མཐའ་བརྟེན། ཨོ་པ་ཤི་ངག་དབང་རིན་ཅེན་གྱི་བུ་བ་ཡན་གྱིས་སྲོག་གཅོད་དང་མ་སྦྱིན་ལེན་སྤོང་བའི་དམ་བཅའ་བླངས། བརྒྱད་གཏོར་ཆེན་མོའི་དུས་རིམ་བཟབས་རྒྱས་སུ་བཏང་པའི་མུ་འཐུད་ཉིན་གསུམ་གྱི་བར་ཐུགས་དམ་གཉན་པོ་སྐོང་བའི་བསྐང་བཤགས་བཏང་། ཚེས་བཅུ་གཅིག་ལ་སྡེ་པའི་རིམ་གྲོར་སྲོང་བཙན་དུ་དཔལ་རི་བས་མ་ནིང་གི་བསྐང་བཤགས་དང་དྲི་མེད་བཤགས་རྒྱུད་བརྒྱ་ཚར་རེ། ཇུས་རིམ་


GLG007_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁྲོ་རོལ་སླང་གང་མ། ཉི་ཟླ་དམར་མདངས་ཆེ་བ་བརྟག་པར་ངན་པ་རང་མ་ཤར་ཀྱང་རྣམ་རྟོག་བྱེད་མི་འདུག་པ་སེལ་བྱེད་དུ་རྫོང་གཞིས་ཚང་མ་ནས་ཕྱོགས་བཅུ་མུན་སེལ་སྟོང་ཕྲག་རེ་སྒྲོགས། ནུབ་གླིང་དར་དར་འདས་པའི་རིགས་བརྒྱུད་མེད་གཤིས་སྨན་གྲོང་དང་བསྡོམས་དུད་ཆུང་བཅུ་བཞི་ལག་ཡོང་ཧ་ལམ་སྟོང་ཙམ་ཐོན་ཚོད་ལྷ་ས་གྲ་ཕྱི་ཤག་གི་ནང་བཅས་གྲོང་སྨད་དུ་སྦྱོར་འཇགས་བྱས། ཀུན་མཁྱེན་བུའི་བསྟན་པར་བསམས་རི་སྦུགས་བཞུགས་ཁྲིའི་སྟེང་གསེར་ཟངས་ལས་གྲུབ་པའི་རྒྱ་ཕིབས་བཀོད་པ་ཕུན་སུམ་ཚོགས་པ་བསྐྲུན། སྙེ་ནང་དུ་སྔ་སོར་མཆོད་ཡུལ་རྣམ་དག་མེད་པར་བརྟེན་བསྟན་འགྲོའི་ཕན་བདེ་སྤེལ་བའི་ཆེད་གྲ་རྙིང་སྡོམ་གཙང་རྣམས་ཀྱི་ཐོག་དེ་ཁུལ་ནས་ཐོ་བཙུན་བརྒྱབ་པའི་གྲ་གྲངས་བདུན་ཅུ་ཐམ་པའི་སློབ་དཔོན་པར་ཤེལ་དཀར་ཆོས་སྡེའི་གྲ་པ་དཀོན་ཅོག་རྣམ་རྒྱལ་དང་། གཉེར་པ་རོང་ཐང་སྤེ་བ་བསྐོས་པའི་ཞལ་འདོན་སྨན་བླའི་མདོ་ཆོག །དཔལ་གསང་བ་འདུས་པ། མི་འཁྲུགས་པ་ལྷ་དགུ། རྡོ་རྗེ་འཇིགས་བྱེད། ཕྱག་དྲུག་པ། རྣམ་སྲས་སེར་ཆེན། དམག་ཟོར་རྒྱལ་མོ་དང་བཅས་པའི་ཆོ་ག་བསྐང་གསོ་གཙོར་བཏོན་གྱི་སྔགས་གྲ་དགའ་ལྡན་འཕེལ་རྒྱས་གླིང་གསར་དུ་བཙུགས་པར་མཆོད་རྫས་རོལ་ཆ། ཡོལ་བ་བླ་བྲེ། ཇ་ཚུལ་ཐེབས་ཀྱི་ཚོང་པ་དང་རུ་བ་སོགས་ཕྱི་ནང་གི་སྤྲོད་ཚང་མ་རྒྱ་མི་ཆུང་བ། ཚུལ་སྒྲུབ་མཆོད་ཕོགས་གཏོང་སྒོ་རྣམས་ཆོས་སྡེ་གསར་བཙུགས་བྱིངས་ལས་བཟང་སྟོད་ཡོང་བའི་ཆོས་གཞིས་སུ་ལེགས་ཤིང་མོ་བྲན་རང་འཇགས་ཐོག་རྩར་མ། ལ་ཕྱི་བའི་བཀྲ་ཤིས་སྒང་། ཤེལ་དཀར་ཁུལ་ནས་སྒ་ར། ཡོལ་གདོང་། མཚམས་མདའ། ས་ལྷ། ལུང་མོ།


GLG007_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཕུ་རི་རྣམས་བསྡོམས་དུད་འཛིན་བརྒྱ་དང་བཅོ་བརྒྱད། དུད་ཆུང་རྡོ་ཐབས་དགུ་བཅས་པར་ལག་ཡོང་སུམ་སྟོང་བརྒྱད་བརྒྱ་ཉེར་དགུ་ཐོན་ཁུལ་རྣམས་སྦྱར། ཚེས་བཅུ་གསུམ་ནས་བཟུང་ཉིན་གསུམ་པར་ལྷོ་ཀོང་མི་སྲུན་སྒྱུ་དྲའི་གཡུལ་ལས་རྣམ་པར་རྒྱལ་བའི་གཏང་རག་ཆོས་སྲུང་སྤྱི་བྱེ་བྲག་ལ་བཏང་བའི་ཚེ་ཚིགས་བཅད་བཀོད་པའི་སྙན་ཤལ་རྒྱས་པར་ཕུལ། རྟ་དཔོན་རྣམ་འཇོམས། འཚོ་བྱེད་སྒོ་མོ་རག་པ། བློ་བཟང་རབ་བརྟན་སོ་སོའི་ངོར་རིང་འཚོའི་ཚིགས་བཅད་རེ་བརྩམས། ཚེས་བཅུ་བཞིར་སའི་ཚངས་པ་བསྟན་འཛིན་ད་ལའི་རྒྱལ་པོ་སྲས་གཉིས་སེ་ཆེན་དབོན་པོ་བཅས་པར་རྣམ་འཇོམས་ཀྱི་བཀྲུ་བྱབ་སྲུང་གསུམ། ཚེ་དབང་འཆི་མེད་དཔལ་སྟེར་བརྒྱ་ཚར། རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར། གོང་སྟེང་མཁའ་འགྲོ་དགེ་ཚུལ་མ། ཨ་པ་ལའི་གྱི་དཔོན་མོ། གསང་སྔགས་མཁར་བླ་ཟུར་སོགས་ལ་ཇ་གྲལ། རྒྱ་ནག་འགྲུལ་སྡེབས་ཐ་ཡང་ཆི་དང་ཨོ་པ་ཤི་ངག་དབང་རིན་ཅེན་ཕ་བུ་འཚེ་བ་ལས་སྐྱོབ་པའི་བཀའ་བསྒོ་བསྟར། ཕྱི་དྲོ་བྱམས་གླིང་མཁན་པོ་མི་སྣ་གཞོན་པ་དང་སྙིང་རི་གདན་ས་བ་གདུང་བརྒྱུད་བཅས་པ་དང་ཕྲད། ཚེས་བཅོ་ལྔར་གོང་མའི་མི་སྣ་རྒན་གཞོན་འགྲུལ་སྡེབས་བཅས་པར་འགྲོ་གདོང་གི་བྱིན་རླབས་དང་བཀའ་བསྒོ་བྱས། དའི་ཆིང་ཁོ་ལོ་ཆི་འཁོར་བཅས་ལ་མགོན་པོ་ཕྱག་དྲུག་པའི་རྗེས་གནང་བར་གཅོད་ཀུན་སེལ། བདེ་གྲོལ་ནམ་མཁའ་རྒྱལ་མཚན་མཆེད། དཔོན་མོ་བསོད་ནམས་ཚེ་དབང་དང་། ཨེར་ཁེ་དའི་ཆིང་གི་མི་སྣ་སོགས་དང་ཕྲད་ཅིང་མེས་སྟོན་པས་རིགས་འཛིན་རྒོད་ལྡེམ་གྱི་ཟང་ཟང་ལྷ་བྲག་གི་གཏེར་


GLG007_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གཙོ་ཕུར། ཐུགས་སྲས་ནམ་མཁའ་རྒྱལ་མཚན་གྱི་སྐུ་ཞུགས་ལ་ཕུལ་དུས་དབུ་བམ་རིལ་བྱོན་པ། དབུ་རལ་སོགས་བྱིན་བྱུང་བར་ཆོས་རྒྱལ་བྱང་པའི་དུས་ལ་ཆ་བཞག་གི་དྲག་བཙན་འཁྲི་མེད་ལྷ་སྡེ་དཀར་པོར་གནས་པའི་གཏན་ཚིགས་དང་ངམ་རིང་རྫོང་ནས་བསྟན་པ་ནམ་གནས་བར་ལོ་རེར་གཤོར་འདེབས་ནས་ཁལ་བརྒྱ་རེའི་འཛིན། རྟ་དང་ཇ་ཁོར་དྲུག་མ་སོགས་ཀྱི་བདག་བརྐྱེན་བགྱིས། ལྕགས་ལ་རབ་འབྱམས་པ་ངག་དབང་ལྷུན་གྲུབ་ཤངས་རི་བོ་དགེ་འཕེལ་གྱི་མཁན་པོར་རྫོང་བདའི་སྔོན་འགྲོར་ཁོ་པ་དང་བསྙེན་རྫོགས་དགུ །དགེ་ཚུལ་བརྒྱད་བསྒྲུབས། དེའང་གླང་སྟག་ཙམ་ནས་ཐོག་མར་མིག་གཡོན་མི་གསལ་བ་དང་རྗེས་སུ་གཡས་ཀྱང་རིམ་པར་མི་བདེ་བར་མིག་རྩ་རྣམས་གཏར་ཞིང་ཕྱི་ནས་རྒྱ་མོ་ཆུ་འབྱེད་དང་ཁོང་སྨན་མུ་ཁྱུད་འཛིན་ལུགས། གསལ་བྱེད་སུམ་ཅུ་པ་བཏང་བས་ཟླ་བ་རེ་གཉིས་བར་གསལ་དུ་འགྲོ་བ་དང་ཡང་སྟར་ཆགས་བྱུང་བ་ལྷོ་བྲག་སྙན་བརྒྱུད་ཆད་དུ་ཉེ་བ་མཁས་གྲུབ་མགོན་པོ་མཛེས་པའི་དབང་ཕྱུག་ལ་སྤྲུལ་སྐུ་གཏེར་བདག་གླིང་པས་གསན་པར་ཕེབས་པ་སྤྱན་མི་གསལ་བས་ཐོབ་རེ་མི་འདུག་ཚུལ་གསུང་བ་དེ་རིགས་ལ་གསེར་ཚུགས་སོགས་བཅོས་ཀ་འགྲོ་བས་དར་མོ་སྨན་རམས་པར་ཐོ་གང་ཞིབ་བྱེད་བཅུག་པའི་ནང་བཞིན་གཉལ་རང་དུ་ཚུགས་བརྒྱབ་པས་ལུང་ཡོངས་རྫོགས་མཛད་ཐུབ་བྱུང་བ་དང་། ཁྱབ་བདག་ཁྲ་ཚང་པ་ཆེན་པོའང་སྤྱན་མི་གསལ་བར་དར་མོ་བས་ཚུགས་ཕུལ་བས་བདེ་ཞིང་གསལ་བ་ལྗགས་ལུང་མང་པོ་ཞུ་ཐུབ་པའི་ཡིད་ཆེས་ཡོད་གཤིས་ངེད་རང་ལའང་རྒྱབ་ན་སྙམ་དར་མོ་བས་ལྟག་པ་གཉིས་མཚོག་མ་གཉིས་ཏེ་མིག་གི་སྒོ་བཞི་རྣམས་བསྡམས་ཤིང་གསལ་བྱེད་སྨན་མར་སོགས་བསྟེན་པས་ཟླ་བ་ཁ་ཤས་བར་ཤིན་ཏུ་གསལ་


GLG007_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱུང་རུང་། ཕུགས་འགྲིབ་ལ་སོགས་ཀྱི་འབྱེད་དགོས་ཤིག་ཡོང་བས་མིག་ལ་སྨན་སོགས་ཀྱིའང་ཕན་པ་ཨེ་ཡོང་རེ་ཞིང་དར་མོ་བ་དེ་སྐབས་མིག་འབྱེད་ལ་མཁས་པར་གྲགས་པ་བོད་པ་འཚོ་བྱེད་གནས་ལུགས། རྒྱ་གར་བ་གཽ་ཏ་ལ་དང་། མ་ན་ཧོ་བཅས་པར་དཔྱད་གང་ལེགས་བསླབ་བཅུག །གཞན་མ་མིག་སྨན་སོགས་ཀྱིས་ཕན་གནོད་ཆེ་བ་མ་བྱུང་། འདེབས་སྨན་ཆུ་བཅིར་བྱེད་པ་ཞིག་འདུག་པ་སྡེ་པ་ཨ་བར་གྱིས་རྒྱ་གར་བའི་འདི་ཡུལ་དུས་ཀྱིས་མི་འཇུག་གླེང་ཡང་དར་མོ་བར་ཨཱ་ཙཪྻས་མིག་ལ་ཤིན་ཏུ་ཕན་ཚུལ་བྱས་པ་ལྟར་ཉིན་ཁ་ཤས་བསྟེན་པས་མིག་ལྕིབས་བསྐྲངས་ཤིང་ཚ་རྡོག་སོགས་བྱུང་། དེ་རྗེས་འགྲིབ་སྨིན་པ་ལྟ་བུའི་གསལ་བ་ཡེ་མེད་དུ་སོང་སྟེ་ཚོགས་སོགས་ལ་བཟེད་ཞལ་རྩད་མ་ཆོད་པར་སྦར་མྱུལ་བགྱིས་པས་གྲ་པ་རྣམས་མིག་ཆུ་འདོན་དགོས་པ་ཞིག་བྱུང་བ། མཐུག་པོ་སྦོ་མ་ཚ་རྡོག་མིག་གཉིས་སྤང་། ཞེས་པའི་མིག་རིས་དང་ལོའང་ལུས་ལ་དགྲ་ངར་སྤར་ཁ་ལི་ལ་བབས་ཞེས་ལོ་དང་ནད་ཀྱིས་བཏབ་པ་མིན་པས་མཚོན་འགྲིབ་རང་ཡང་། དུས་འདས་རྒྱལ་མོའི་མཐུ་ཉམས་དབྱེ་མི་རུང་། ཞེས་སོགས་ཀྱིས་སྐྱོན་མི་འདུག་པས། ཚེས་བཅུ་དགུ་ནས་བསྙེན་མཚམས་ཀྱི་བཅད་རྒྱར་བསྙད་སྔོན་འགྲོར་གང་དགོས་ཀྱི་རིམ་གྲོ་སོགས་བསྒྲུབས་པའི་ཉེར་གཅིག་གི་ཉིན་གཟའ་སྐར་འཕྲོད་སྦྱོར་ཀླུ་རིགས་ལྡན་སོགས་གཙུག་ལག་ལྟར་སྡེ་པ་ཨ་བར་ལེགས་པར་བརྩི་བཅུག་ནས་དུས་དགེ་བའི་སྔ་དྲོ་ཤར་བལྟས་ལོ་མཐུན་གཡོག་གིས་བསྟེན། ཞེས་པ་ལྟར་གྲོང་སྨད་ཨ་བར་དང་མཆོད་དཔོན་པས་རོགས་བྱས་དར་མོ་བས་དམ་བདར་བགྱིས་པའི་ཚེ་དཔྱད་ལམ་དུ་


GLG007_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་རྟགས་ངོ་མཚར་བ་ཤར་དོན་བཞིན་མིག་གཉིས་ཀ་ཕྱེ་བས་གསལ་བར་བྱུང་ཞིང་། དེ་ནས་ལུས་དྲང་པོར་བསྲང་བའི་ཀུན་སྤྱོད་བཤད་པ་དང་མཐུན་པ་དང་མཐུན་པ་བྱས་པའི་ཞག་གསུམ་སོང་མཚམས་ཇོ་བོ་ལོ་ཀེ་ཤྭ་ར་གདན་དྲངས་མིག་དགབ་བསལ་ཏེ་བལྟས་པས་འཕགས་པའི་སྐུ་རྒྱན་ཆས་ཀྱིས་མཚོན་ཕྲ་རགས་ཀུན་གསལ་པོར་མཐོང་བྱུང་། ཞག་བཅུ་སྐོར་ནས་དྲེག་རོ་འཕར་པ་རིམ་པར་བདེ། ཚེས་ཉི་ཤུར་མཆོད་དཔོན་པས་གསང་སྔགས་ཕོ་བྲང་གི་གནམ་རྒྱན་ཡོངས་རྫོགས་ལ་དིང་ཕོན། བུམ་གདན་མ། ཧོར་གོས་སོགས་ཁྱད་མཚར། ངེད་རང་གི་ཁྲིའི་ཁེབས། སྙེ་འབོལ། བླ་བྲེས་ཕུལ་བའི་སྨོན་ལམ་ལེ་ཚན་གསུམ། ཆོས་མཛད་སྐལ་ལྡན་ན་བར་གནས་ཆུང་དུ་འབུལ་རྒྱུའི་སྙན་ཤལ་ཁ་ཡིག །གཞིས་ཀ་ཤར་པས་ལྷ་ལྡན་དུ་འཕན་ཕུལ་བའི་ཁ་བྱང་རྣམས་བྲིས།ཉེར་དགུའི་དཀར་པོ་ནམ་གྲུའི་འགྲུབ་སྦྱོར་ནས་གེགས་སེལ་དུ་ཟླ་གཅིག་ཞག་ཉི་ཤུའི་བར་གྲ་ས་ཕན་ཚུན་སོ་སོར་ཉིན་རེར་ཇ་ཚུལ་རེའི་ཐོག་གདུགས་དཀར་དང་ཤེར་སྙིང་ཚར་གསུམ་རེ་བསྡོམས་ལྔ་འབུམ་བརྒྱད་ཁྲི་བརྒྱད་སྟོང་དང་བརྒྱ་སོང་བའི་མཇུག་འགྱེད་ལ་དགེ་འདུན་བཅུ་རེར་ཡ་ཇུ་ཁོར་དྲུག་རེ། གཏང་རག་ཏུ་དཔལ་ལྷ་ལྕོག་དང་གནས་ཆུང་དུ་གསོལ་མཆོད། སྙན་དར། སྤྱན་གཟིགས་སོགས་བཟབས་རྒྱས་ཕུལ། དགའ་ལྡན་བཤད་སྒྲུབ་གླིང་པས་རིང་འཚོ་སྤེལ་ཞོར་ཁྱམས་རར་སྨན་བླ་ཆིག་ཁྲི་སུམ་སྟོང་བཞི་བརྒྱ་དགུ་བཅུ། གདུགས་དཀར་ཆིག་སྟོང་དགུ་བརྒྱ་ལྔ་བཅུ། ཕྱག་འཚལ་ཉེར་གཅིག་ཉི་ཁྲི་ཉི་ཤུ། ཤེར་སྙིང་ཉི་ཁྲི་ཉིས་སྟོང་བརྒྱད་བརྒྱ་ཉི་ཤུ། ལྷ་ས། ར་མོ་ཆེ། པོ་ཏ་ལ་བཅས་པའི་མཆོད་


GLG007_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་ལ་སྤྱན་འདྲེན་ཁྲུས་གསོལ། བརྒྱ་མཆོད་སྣ་ལྔ། གསེར་ཆབ། སྙན་ཤལ། སྨོན་ལམ་རྣམ་གསུམ་གང་འགྲོ། སྡེ་བའི་རིམ་གྲོར་གདུགས་དཀར་ཆིག་ཁྲི་ལྔ་སྟོང་སུམ་བརྒྱ། ཚེ་གཟུངས་ཉི་ཁྲི་དྲུག་བརྒྱ། སྒྲོལ་མ་ཉིས་སྟོང་བདུན་བརྒྱ་སུམ་ཅུ། ཤེར་སྙིང་ཆིག་སྟོང་བདུན་བརྒྱ། ལྷ་སའི་སོག་དམངས་མི་གྲངས་ཆིག་སྟོང་བདུན་བརྒྱར་ཇ་འགྱེད་མི་རེར་ཡ་ཇུ་མཁར་ཉག་གསུམ་རེ་རྣམས་ཀྱིས་ཚོགས་བསགས། ལྷ་སར་ཕན་བདེ་ལེགས་བཤད་གླིང་པ། བསམ་ཡས་སུ་དགེ་བའི་དབང་པོ་སོགས་གོང་དཀར་ཆོས་སྡེ་བ། ཁྲ་འབྲུག་ཏུ་གཏེར་སྟོན་རིགས་འཛིན་ཆེན་པོ་སོགས་སོ་སོར་གྲངས་བཅས་ཀྱིས་དམ་ཚིག་སེམས་དཔར་ཡེ་ཤེས་པའི་ཚོགས་མཐའ་ཀླས་པ་བསྟིམ་རྐྱེན་གྱིས་འཇིག་རྟེན་ཁམས་ཀྱི་བདེ་ཐབས། དགའ་ལྡན་དུ་ཇ་ཚུལ་བཅོ་ལྔར་ཤེར་སྙིང་དགུ་ཁྲི་བརྒྱད་སྟོང་ལྔ་བརྒྱ། བོད་འབྲོག་སོགས་སྐྱེ་བོའི་ཚོགས་མཐའ་དག་ལ་དུད་རེར་འབྲུ་གཤོར་ཁལ་རེ་ཟི་བའི་སྐམ་འགྱེད། བསམ་ཡས། ཁྲ་འབྲུག །ཡུམ་བུ་གསུམ་དུ་སྙན་ཤལ། གསེར་ཆབ། འཕྱོང་རྒྱས་ལུ་མ་དང་། ར་མོ་ཆེའི་ཀླུ་རྒྱལ་སོ་སོར་ཀླུ་གཏོར་ཆིག་ཁྲི་སུམ་སྟོང་སུམ་བརྒྱ་ཉི་ཤུ་རེ། ཁྱམས་རར་གསང་སྔགས་བྱང་ཆུབ་གླིང་པས་ཨྱཻ་རིང་དང་ཏྲིག་ཁྲོམ་མ་འབུམ་ཕྲག་རེ། དབུས་གཙང་རིས་མེད་དགོན་ཨང་དང་གཉིས་སོ་སོར་མང་ཇ་སྦྱོར་སྦྲེལ། སེར་འབྲས་དགེ་གསུམ་གྱི་དགེ་འདུན་ལྔ་རེར་དངུལ་སྲང་རེ། དེ་ཕྱིན་ཨང་དང་གཉིས་ཁྱད་མེད་གྲ་པ་བཅུ་རེར་དངུལ་སྲང་རེའི་འགྱེད་ཐོག་དགེ་ལུགས་རྣམས་ཀྱིས་གདུགས་དཀར་དང་གཞན་མ་ཐམས་ཅད་ཀྱིས་སྒྲོལ་ཤེར་ཚེ་གཟུངས་འགྲོ་གང་ཆེ། ལྷ་སར་དུད་བཅུ་གཉིས་རེར་ནག་


GLG007_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བར་ཁག་རེའི་སྒོ་འགྱེད། ལོ་མཉམ་ཁ་ལོངས་སྦྲུལ་ལོ་པ་བསྣན་པའི་བརྒྱ་ལྷག་ལ་སྟོན་མོ་འགྱེད་བཅས། འཕྱོང་རྒྱས་སུ་བཀྲ་ཤིས་བདེ་ཆེན་པ་བཞི་སྡེེར་སྨན་བླའི་རྒྱུན་འཛུགས་ཡོད་ཐོག་ཟླ་བ་བཞི་པའི་ཚེས་བདུན་ནས་ཇི་སྲིད་བསྐལ་པའི་བར་རི་བོ་བདེ་ཆེན་པ་བཞི་གྲ་ཞིག་སྤར་བའི་བརྒྱད་གྲས་སྨན་བླའི་རྒྱུན་བཙུགས། སྡེ་པའི་རིམ་གྲོར་ཡེར་པར་སཱཙྪ་ཆིག་འབུམ་ཆིག་ཁྲི་སུམ་སྟོང་ལྔ་བརྒྱ། སྒྲོལ་མ་ཆིག་ཁྲི་བརྒྱད་སྟོང་། ཤེར་སྙིང་སུམ་སྟོང་། ལྷ་སའི་ཤར་དུ་རབ་བྱུང་སུམ་ཅུར་མར་ཁུ་དང་མར་ལྷོར་མོན་པའི་མི་སུམ་ཅུར་འབྲས་ཐུག་དང་འབྲས་ཕྱེ། ནུབ་ཏུ་ཨ་ཙ་ར་དང་ཁ་ཆེ་འདྲེས་པ་སུམ་ཅུར་གྲོ་ཕྱེ་དང་བཞེས་སྤྲོ། བྱང་དུ་བཤན་པ་སོགས་རིགས་ངན་སུམ་ཅུར་ཤ་སྟོན། གཞིས་ཀ་ཤར་པས་བཙན་མདོས་སྣེའུའི་བར་བསྐྱལ། རྒྱབ་ཆོས་སུ་ཁྱམས་རའི་དགེ་འདུན་རྣམས་ཀྱིས་ཤེར་སྙིང་གི་བཟློག་པ་དང་བཅས་བསྟར། ཚེས་བཅུར་ཐང་པོ་ཆེའི་བཤན་པ་ལག་དམར་ལ་ཚོགས་ཆས་སྤྱན་རས་གཟིགས་བཟབས་རྒྱས་འདོད་དོན་གསོལ་བའི་ཚིགས་བཅད་དང་བཅས་ལྡུམ་བུ་བ་ནོར་བུ་དར་རྒྱས་སྤྱན་འདྲེན་ལ་བཏང་། ཚེས་བཅུ་དགུ་ནས་གྲ་ཚང་ཚོགས་སུ་བདུན་གཅིག་རྣམ་འཇོམས་བཙུགས་པའི་གཟུངས་སྔགས་ཆིག་འབུམ་སུམ་ཁྲི་དྲུག་སྟོང་བརྒྱད་བརྒྱ་སོང་། ཉི་ཤུ་ནས་རྐང་པར་བབས་པའི་འབམ་ནད་ཟུག་རྔུས་གཟིར་པའི་ཚེ་ཐོལ་བྱུང་དུ་ཚོགས་གསོག་བྱས་ན་སྙམ་ལྷ་ལྡན་དང་ར་མོ་ཆེའི་རྟེན་རྣམས་ཀྱི་མཆོད་རྫས་སུ་རྒྱ་གོས་ཚོན་ཁྲ་ཁྱད་མཚར་དང་གསེར་གཞི་མ་གཉིས་ཀྱིས་གཙོས། མངགས་བཟོས་ཀྱི་བེར་ལེགས་པ་ཉེར་གཅིག་བླ་བྲེ་དང་། འགན་སྦྱར་ཕྱི་གཡོགས་ལ་ཚལ་བུ་གླན་པའི་སྣམ་སྦྱར་ཁ་ཤས་བཟོ་བའི་དོ་དམ་


GLG007_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་རམས་པ་བསོད་ནམས་རྒྱལ་མཚན་དང་སྟག་ཆོས་པ་ངག་དབང་བསྟན་འཛིན་གྱིས་བྱས་ཏེ་ཉེར་བཞིར་ཇོ་ཤཱཀ་རྣམ་གཉིས་སོ་སོའི་སྣམ་སྦྱར་ལ་སྨོན་ལམ་ཚིགས་བཅད་བྲིས་ནས་ཕུལ། ཆོས་སྲུང་ཚོར་མཆོད་གཏོར་འབུལ་དགོས་པའི་མཚན་མ་བྱུང་བ་བཞིན་འཇམ་དབྱངས་རྒྱལ་མཚན་དང་། ངག་དབང་ནམ་མཁའ་གཉིས་ཆོས་འཁོར་རྒྱལ་དུ་བཏང་བའི་སྙན་དར་མཆོད་རྫས་བཟབས་རྒྱས་ཐོག །དེ་ཝཱི་ཀོ་ཊ་རི་བསྐང་བ་འབུམ། བསིལ་ཚལ་དུ་བེག་ཙེར་ཁྲི། མགོན་ཆོས་རྣམ་སྲས་ལ་སྟོང་། དེ་ཕྱིན་ལ་བརྒྱ་ཚར་བཙུགས་པས་སངས་རྒྱས་བྱང་སེམས་ཀྱི་བྱིན་རླབས་དང་། ཆོས་སྐྱོང་སྲུང་མའི་ནུས་མཐུས་ཟླ་མཚམས་ནས་ནད་དངོས་གཞི་ལས་གྲོལ་ཞིང་ཡན་ལག་ལ་ཕན་པའི་སྨན་གྱི་རིགས་བསྟེན་པ་རྣམས་ཀྱང་དཀོན་ཅོག་གི་ཐུགས་རྗེས་འདྲེན་བྱེད་ལ་གནོད་པར་མ་གྱུར། ནད་གཡོག་སྡེ་པ་ཨ་བར། དབུ་མཛད་དང་མཆོད་དཔོན་པ། དགེ་སློང་འཇམ་དབྱངས་གྲགས་པ། དར་མོ་སྨན་རམས་པ། སྔགས་རམས་པ་ངག་དབང་དགེ་ལེགས་རྣམས་ཀྱིས་བྱས། ཉེར་བདུན་ནས་གྲ་ཚང་གི་ཚོགས་སུ་དཔལ་ལྡན་དམག་ཟོར་མའི་གསང་མདོས་བཙུགས་པའི་གྲངས་ཆིག་འབུམ་དགུ་སྟོང་ལྔ་བརྒྱ། རྒྱ་ཅན་ནས་བོད་ཁམས་བདེ་ཐབས་མེ་སྦྲུལ་ནང་དུ་གྲུབ་དགོས་པའི་དོ་དམ་དང་བཅས་ལྷ་ས། ར་མོ་ཆེ། པོ་ཏ་ལ། ཁྲ་འབྲུག །གཙང་འགྲམ། ཀ་ཚལ། གྲོམ་པ་རྒྱང་། བུ་ཆུ། མཁོ་མཐིང་། བྱམས་སྤྲིན། པྲ་དུན་རྩེ། མཆིམས་ཕུ། ཤེལ་ བྲག །སྒྲགས་ཡང་རྫོང་། ཕུང་པོ་རི་བོ་ཆེ། བཀྲ་བཟང་། ཟབ་ཕུ་ལུང་། མཁར་ཆུ། ཡེར next hit། གཏེར་སྒྲོམ། འོན་ཕུ་སྟག་ཚང་། ཡུམ་


GLG007_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བུ་གླ་སྒང་རྣམས་སུ་རས་ཚོན་སྣ་ལྔ་སོ་སོ་ནས་དར་ལྕོག་རེ། རོང་གི་བྲག་རྩེ་གསུམ་འདྲ་བར་ཡང་དག་དང་། མི་ཧྲེང་འདྲ་བར་རྡོ་རྗེ་ཕུར་པའི་སྐུ། སྐྱིད་ཤོད་ཤུན་གྱི་བྲག་རྩེར་ཐུབ་དབང་བདུད་འདུལ་རྣམས་བཞེངས། ཡེར་པར་སྒྲོལ་མ་ཆིག་འབུམ་ཆིག་ཁྲི་བདུན་སྟོང་། ཡིག་དྲུག་བྱེ་བ་གཉིས་དང་ས་ཡ་གཅིག །སྤྱི་སྒོས་ཚང་མ་བདེ་ཐབས་སུ་ཡེར་པ་ལྷ་རི་སྙིང་པོར་གོང་དཀར་ཆོས་སྡེ་བ་བརྒྱད་གྲས་གྲབས་གཅིག་སྒྲུབ་ཉེར་གཅིག་བར་སྒྲོལ་མ་མཎྜལ་བཞི་པའི་སྒྲུབ་མཆོད་ཀྱི་ཐོག་མར་ཐོ་རངས་ལྡང་བའི་རྣལ་འབྱོར་ངང་ནས་ལམ་བསྡུས་དཀར་ཆ་བཞི། གོང་བསྟོད། སངས་རྒྱས་ཀྱི་བསྟོད་པ་རྣམས་སོང་རྗེས་ཉིན་རེར་ཆོ་ག་ཚར་བཞི་རེ་དང་། སྒྲོལ་མ་ཉེར་གཅིག་བསྡོམས་དྲུག་སྟོང་ཆིག་བརྒྱ་བཞི་བཅུ། ཡི་གེ་བཅུ་པ་ཤམ་བུ་དང་བཅས་པ་ཆིག་འབུམ་བཞི་ཁྲི་བརྒྱད་སྟོང་། རིང་འཚོ་ངག་དབང་འཇམ་མགོན་མ་ཆིག་ཁྲི་ཉིས་སྟོང་། སྲོད་ཐུན་ལ་གུར་ཞལ་གྱི་གཏོར་བསྔོ་བསྐང་བ་མདོར་བསྡུས། སྒྲོལ་མ་བཞི་བརྒྱ་བརྒྱད་ཅུ། ཚེ་གཟུངས་བཞི་བརྒྱ་བཞི་བཅུ། རྣམ་རྒྱལ་མའི་གཟུངས་རིང་དང་གདུགས་དཀར་ཆིག་བརྒྱ་དྲུག་ཅུ་རེ། ཤེར་སྙིང་སུམ་བརྒྱ། འགོང་པོའི་ཆོ་འཕྲུལ་ཆེ་བ་ཞི་ཐབས་སུ་གོང་གི་གནས་ཆེན་རྣམས་སུ་འབྲེལ་མཚུངས་བཞི་གྲ་རེས་དྲག་པོའི་སྦྱིན་སྲེག་དང་མཆོད་པ་སྣ་ལྔ་རེ། གཙོ་བོར་འགོང་པོ་སྤུན་གསུམ་དང་གཞན་ཡང་སྟོད་སྨད་ཀུན་ཏུ་འགོང་པོ་མང་པོ་ནོར་དང་མི་ཕྱིར་འབྲང་བ་སོགས་བཟློག་ཐབས་སུ་དབུ་རུ་སྟོད་སྨད་མཚམས་ཡོ་བོ་གདོང་ལ་མཆོད་རྟེན། གཙང་རོང་གི་མཚམས་ཐོབ་རྒྱལ་སྐམ་པ་རིར་སྤྱན་རས་གཟིགས་ཀྱི་སྐུ། ཡར་ཀླུངས་སྟོད་སྨད་ཀྱི་མཚམས་ཡུམ་བུ་གླ་སྒང་གི་རིར་ཨྱོན་ཆེན་པོའི་སྐུ། རུ་


GLG007_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གྲོམ་པ་རྒྱང་མཚམས་སུ་མགོན་པོའི་སྐུ་རྣམས་བྲག་ལྡེབས་ལ་བརྐོས། བོད་འབངས་སྤྱིར་ཤིས་ཐབས་སུ་རག་ཡན་གེ་རེ་མན་གྱི་སྐྱིད་ཆུ་ལྷོ་བྱང་གི་སྔགས་པ་ཉི་ཤུ་རྩ་ལྔས་ཡེར་པར་ལོ་སྟར་སྤྲེལ་ཟླའི་ཚེས་བཅུ་ཆག་མེད་རྒྱུན་བཙུགས། ཕུངས་པོ་རི་བོ་ཆེར་སྒྲོལ་མ་བ། སྲོང་བཙན་བང་སོར་དཔལ་རི་བ། རི་བོ་བཀྲ་བཟང་དུ་རང་གྲ་རྣམས་གྲ་སློབ་བཅུ་རེས་གྲབས་གཅིག་སྒྲུབ་བརྒྱད་ལ་ནད་བདག་ས་གཉན་གྱི་གདོན་འཇོམས་པའི་མནན་པ། ངེད་རིང་པོར་འཚོ་ཐབས་སུ་ངམ་རིང་དུ་ཆོས་རྗེ་བཀྲ་བཟང་པ། ལྷ་རྩེར་གདན་ས་གོང་བན་གཙང་པ་དང་ཆུ་མིག་པ། གཞིས་རྩེར་རྩེ་གདོང་བན་གཙང་པ་དང་སྒྲོལ་མ་བ། གོང་དཀར་དུ་སྨིན་གྲོལ་གླིང་པ་དང་ཆོས་སྡེ་བ། དཀོན་གཉེར་གྲ་གཙང་། གྲ་སྙེ་མདོ་བ། ཕོ་བྲང་དུ་སྣེའུ་སྡོང་བན་གཙང་པ་རྣམས་གྲ་སློབ་ཉི་ཤུ་རྩ་གསུམ་རེས་སོ་སོའི་ལུགས་ཀྱི་ཕུར་སྒྲུབ་བདུན་གཅིག་དང་གྲབས་ཞག་རེ། ལྷ་ས། བསམ་ཡས། ཁྲ་འབྲུག །ཀ་ཚལ། བུ་ཆུ། གཙང་འགྲམ། གྲོམ་པ་རྒྱང་། འཕགས་པ་ཝ་ཏིའི་བཞུགས་གནས་དང་བཅས་པར་སྨྱུང་གནས་སོགས་ཡིག་དྲུག་གང་འཕེལ་གྱི་གྲ་བཙུན་བཞི་གྲ་རེས་དུས་འཁོར་མར་ཡིག་དྲུག་གི་རྒྱུན་བཙུགས། མཆིམས་ཕུར་དཔལ་རི་བ། ཤེལ་བྲལ་ཏུ་སྨིན་གྲོལ་གླིང་པ། ཡང་རྫོང་དུ་རྡོ་རྗེ་བྲག་པ། མཁར་ཆུར་གནས་གཞི་བ། རྦབ་ཕུར་སྒྲོལ་མ་པ། བཀྲ་བཟང་དུ་རང་གྲ་རྣམས་གྲ་སློབ་བཅོ་ལྔ་རེས་ལོ་སྟར་སྤྲེལ་ཟླའི་ཚེས་བཅུ་སོ་སོའི་ལུགས་བཞིན་ཆག་མེད། གཙང་རི་ལུག་མགོ་འདྲ་བ་ལ་སྟོད་རྒྱལ་གྱི་ཤྲཱི་དགོན་པ་བསམ་གླིང་གི་ལྟག་ཏུ་སྟོབས་པོ་ཆེའི་སྐུ། ཡར་ཀླུངས་སུ་རི་སྦྲུལ་བརྒྱུགས་འདྲ་བ་


GLG007_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་སྟོད་བར་ཐང་སྐུ་འབུམ་གྱི་རིར་ཁྱུང་། སྐྱིད་ཤོད་དུ་རི་བྱ་འདྲ་བ་རི་བོ་དགའ་ལྡན་གྱི་རྒྱབ་རིར་ཐུགས་རྗེ་ཆེན་པོའི་སྐུ། དབུར་སྟོད་དུ་རི་སོག་པོ་ཁྲོས་པ་འདྲ་བ་ཕག་མོ་འབྲོག་གི་སྦུས་རིར་བྱང་ཆུབ་མཆོད་རྟེན་རྣམས་བཞེངས། སྲོང་བཙན་བང་སོར་དཔལ་རི་བའི་གྲ་པ་གཉིས་ཀྱིས་ཉིན་སྟར་མ་ནིང་གི་བསྐང་བ་ཚར་གཅིག་གཉིས་གང་འགབ་དང་བཛྲ་གུ་རུར་རྐངས་བྱས་ཀྱི་རྒྱུན་བཙུགས་ཤིང་དཀོན་གཉེར་ཀྱང་ཞར་ལྕོགས་བྱེད། ཡུམ་བུར་རི་བོ་ཆོས་གླིང་པའི་བཞི་སྡེས་སྨན་བླའི་རྒྱུན་ཆག་མེད། དུས་ངན་འཚུབ་ཆགས་བཟློག་ཐབས་སུ་བཀྲ་བཟང་དུ་ནུབ་དགོན་པ་དང་། ཟབ་ཕུར་སྒྲོལ་མ་བ་གྲ་སློབ་བཅོ་ལྔ་རེས་ཟླ་བ་དྲུག་པར་ཚེ་བདག་གི་གྲབས་གཅིག་སྒྲུབ་བདུན་རེ། མདོ་སྨད་ཕྱོགས་དུས་བདེ་ཞིང་ལས་སྒོ་དར་བའི་ཐབས་སུ་དར་རྩེ་མདོ། མཛོ་སྒང་། ལྷོ་རོང་རྫོང་རྣམས་སོ་སོར་དགེ་ལུགས་ཉེ་སྐོར་དགོན་ཚོ་བསྡུས་བརྒྱ་རེས་ཟླ་གཅིག་བར་ལ་སྤྱིར་ཡིག་དྲུག་དུང་ཕྱུར་གཅིག་ཁ་སྐོང་དང་བཅས་པ། བོད་འབངས་བདེ་ཞིང་ཤར་ཕྱོགས་གདུག་པ་ཞི་ཕྱིར་ཕུང་བོ་ཆེར་སྒྲོལ་མ་བས་ཚེ་བདག །འུག་བྱ་ལུང་པས་འཆར་ཀ །བྲག་ལ་བས་ཀི་ཀང་དམར་ཆུང་རྣམས་གྲ་སློབ་ཉི་ཤུ་རྩ་གསུམ་རེས་གྲབས་སྒྲུབ་བསྒྲིལ་བ་ཞག་བཅུ། ཤར་ཕྱོགས་དུས་བདེ་བ་སོགས་ཀྱི་ཐབས་སུ་ཉང་ཀོང་རྫོང་གཞིས་ཁག་ལྔའི་འོག་གི་དགེ་དགོན་རྣམས་ཀྱིས་མ་ཎི་དུང་ཕྱུར་བརྒྱད་དང་བྱེ་བ་བརྒྱད་ལྷག་དང་བཅས་པ། བསྟན་སྲིད་སྤྱི་རིམ་ལ་གོང་དཀར་དུ་རྡོ་རྗེ་བྲག་པ་གྲ་སློབ་བཅུས་བྱང་ཆུབ་གླིང་པའི་ཕྱག་རྡོར་གྱི་སྒྲུབ་པ་བདུན་གཅིག །བསྟན་པ་དར་རྒྱས་ཀྱི་ཆེད་དུ་ཡུམ་བུར་རི་བོ་ཆོས་གླིང་པ་བཞི་སྡེས་སྨན་བླའི་ཞོར་ལ་དཔང་སྐོང་ཕྱག་བརྒྱ་


GLG007_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིན་སྟར་ཚར་བཅུ་རེ་ཆག་མེད། འཕན་ཡུལ་སྟོད་སྨད་ཀྱི་མི་སྡེས་ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅུ་འགྲུབ་ན་དང་། དེ་མིན་སྤྲེལ་ཟླའི་ཚེས་བཅུ་ཆག་མེད། བཅོམ་མདའ་རྭ་སྒྲེང་སུམ་མདོར་རིགས་གསུམ་མགོན་པོ་དང་སྟོབས་པོ་ཆེའི་སྐུ་བཞེང་བ་རྣམས་བྱས། །གནམ་གང་ལ་སེམས་དཔའ་ཆེན་པོས་རྟ་བཞི་བཅུ་དང་རྒྱལ་སྲས་ཤེར་འཕེལ་བས་རྟ་ཉེར་གཅིག་བྱུང་། ཧོར་ཟླ་ལྔ་པའི་ཚེས་ལྔར་གེགས་རིམ་དུ་དབུས་ལྷོ་བྱང་གི་ས་དགེའི་དགོན་གཙང་གྲ་བཞི་བཅུ་ཞེ་དགུ་སོ་སོར་ཇ་ཚུལ་བཅོ་ལྔ་རེའི་ཐོག་མཚན་བརྗོད་དགུ་ཁྲི་བདུན་སྟོང་དྲུག་བརྒྱ་ལྔ་བཅུ། ཤེར་སྙིང་ས་ཡ་ཆིག་འབུམ་ཉི་ཁྲི་བརྒྱད་སྟོང་། ཚེ་གཟུངས་ས་ཡ་གཉིས་བདུན་འབུམ་སུམ་ཁྲི་དྲུག་སྟོང་། དཔལ་རི་བ་བརྒྱ་བཅོ་ལྔར་ཇ་ཚུལ་བཅོ་ལྔའི་ཐོག་དྲག་སྔགས་སོ་དྲུག་པ། བཀྲ་ཤིས་ཆོས་སྡེ་བ་བརྒྱ་དང་ལྔས་ཇ་ཚུལ་གོང་འདྲར་ཨུཥྞི་ཥའི་སྲུང་བ་དང་བྷ་ཡ་ནའི་བཟློག་པ། གོང་དཀར་ཆོས་སྡེ་བ་སུམ་བརྒྱ་ཉེར་གཉིས་ཀྱིས་ཇ་ཚུལ་གོང་འདྲར་བྷ་ཡ་ནའི་བཟློག་པ། ལྷ་སར་གོང་དཀར་ཆོས་སྡེ་བ་བརྒྱད་ཀྱིས་ཞག་ཉེར་གཅིག་གི་བར་སྒྲོལ་མ་མཎྜལ་བཞི་པའི་སྒྲུབ་མཆོད། དེའི་རྒྱབ་ཆོས་སུ་བདེ་ཡངས་པ་བརྒྱས་ཞག་གོང་འདྲར་སྒྲོལ་མ་དྲུག་འབུམ་ལྔ་ཁྲི། འབྲས་སྤུངས་སུ་ཇ་ལྔའི་བར་བརྒྱད་སྟོང་པ། བསྐལ་བཟང་། འབུམ་རྣམས་དང་། སེ་རར་མང་ཇ་གོང་འདྲར་གདུགས་དཀར། ཤེར་སྙིང་། ཚེ་གཟུངས་བཅས་འགྲོ་གང་ཆེ། ལྷ་སར་དགྲ་ལྷ་དཔངས་བསྟོད། སྡེ་པའི་རིམ་གྲོར་ཡེར་པ་གྲ་ཚང་གིས་ཚེ་གཟུངས་ས་ཡ། སྐྱེས་ལྷར་བསངས་དང་དར་ལྕོག །ཁྲ་འབྲུག་རྒྱལ་ཁང་དུ་དར་རྒྱས་ཆོས་སྡིངས་པ་བརྒྱད་ཀྱིས་བསྐང་བ་བརྒྱ་ཚར། རི་


GLG007_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བོ་བདེ་ཆེན་དུ་ཆོས་སྲུང་ལ་བསྐང་བཤགས་སྟོང་ཚར། རྒྱལ་པོ་ལྕོག་ཏུ་སྤྱན་གཟིགས་ཁྲབ་སག་ཐག་སྤོས་ཕོར། ཇུས་རིམ་ལ་གོང་དཀར་དུ་ཆོས་སྡེ་བས་ཞལ་གྱི་གཏོར་བཟློག །རྡོ་རྗེ་བྲག་པས་མགོན་པོ་གཡུལ་བཟློག །དཀོན་གཉེར་བས་ཕྱག་བཞི་པའི་མདོས། བསམ་ཡས་སུ་སྙེ་མདོ་བས་ཕུར་བཟློག །འཕྱོང་རྒྱས་སུ་སྨིན་གྲོལ་གླིང་པས་ཕྱག་བཞི་པའི་མདོས་དང་ཀི་ཀང་གི་དགྲ་མནན། ཕོ་བྲང་དུ་བཀྲ་ཤིས་ཆོས་སྡེ་བས་དམར་ཆེན་གཏོར་བཟློག །ཁྲ་འབྲུག་ཏུ་རྩེའི་དཀོན་གཉེར་བས་ཕྱག་བཞི་པའི་མདོས་དཔལ་རི་བས་མགོན་པོ་གཡུལ་བཟློག །ལྷ་སར་རྒྱུད་སྟོད་སྨད་སོ་སོ་ནས་དྲུག་ཅུ་པ་དང་། གསང་སྔགས་གླིང་པས་ཚེ་བདག་གི་གཏོར་བཟློག །ཞང་སྟོན་པས་ཞག་བཅུ་བདུན་ལ་བོན་ལུགས་ཀྱི་དགྲ་མནན། འབྲི་གུང་དུ་སྤྲུལ་སྐུ་རིན་པོ་ཆེས་ཡང་བཟློག་དང་། རིགས་འཛིན་དཀོན་ཅོག་ལྷུན་གྲུབ་དང་བན་གྲོང་པ་བསྒྲིལ་བས་གཤིན་རྗེ་ཁྲོ་ཆུའི་གཏོར་བཟློག །འོལ་ཁར་བྲག་སྣ་བས་གཤིན་རྗེའི་དགྲ་མནན་དང་མ་ནིང་། ཆོས་ལྡན་པས་དྲག་དམར་གྱི་གཏོར་བཟློག །རྒྱལ་དགའ་འཚལ་ནས་བེག་ཙེ་དང་དམག་ཟོར་མ། མཐིལ་ནས་ཕྱག་བཞི་པའི་གཏོར་བཟློག །ལྷོ་བྲག་ལྷ་ཁང་དུ་གནས་ཞི་བ་དང་། དར་མར་སྨྲ་བོ་ལྕོག་པས་ཁྲོ་རོལ་རེ། གཞིས་རྩེར་སྙིང་རི་གདན་ས་པས་བེག་ཙེའི་དགྲ་མནན་དང་གཏོར་བཟློག །དོར་པས་འཇིགས་བྱེད་དྲུག་ཅུ་པ། འུག་བྱ་ལུང་པས་མགོན་པོ་གཡུལ་བཟློག །དར་སྡིངས་པས་བོན་ལུགས་ཀྱི་མདོས་དང་དགྲ་མནན། རྒྱལ་རྩེར་བགྲད་པ་དང་སྣ་དཀར་རྩེ་བན་གཙང་པས་ཚེ་བདག་གི་དགྲ་མནན་དང་གཏོར་བཟློག །པ་ནམ་དུ་བྲག་ལ་བས་འཆར་ཀའི་གཏོར་བཟློག །རིན་སྤུངས་


GLG007_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསང་སྔགས་གླིངས་པས་འཆར་ཀའི་དགྲ་མནན་དང་གཏོར་བཟློག །ངེས་གསང་རྡོར་གླིང་པས་འཆར་ཀ་དང་། འོད་མཆོག་སྤྲུལ་པའི་སྐུས་ཡང་གསང་དྲག་པོ། ཤེལ་དཀར་དུ་བྲག་དཀར་ཆུ་བཟང་པ། ངམ་རིང་དུ་ནུབ་དགོན་པས་ཚེ་བདག་རྣམས་ཀྱི་གཏོར་བཟློག །བཀྲ་བཟང་དུ་རང་གྲས་ཕུར་བཟློག །སེ་བརྒྱ་མཁར་བས་ཚེ་བདག་གི་གཏོར་བཟློག །ལྷ་རྩེར་ཐུབ་བསྟན་དགེ་འཕེལ་བ། བསམ་གྲུབ་དགོན་གསར་བ། གྲང་མོ་ཆ་པ་གསུམ་གྱིས་དམར་ཆེན་གཏོར་བཟློག་དང་ཞལ་གྱི་གཏོར་བཟློག །རྣམ་གླིང་དུ་སྒྲོལ་མ་བས་ཚེ་བདག་གི་གཏོར་བཟློག་རྣམས་སོ་སོར་གྲ་སློབ་ཉི་ཤུ་རྩ་གསུམ་རེས་གྲབས་སྒྲུབ་བསྒྲིལ་བ་ཞག་བཅུ་དང་བརྒྱད་སྐབས་སྦྱར། ཉི་ཟླ་དམར་མདངས་ཅན་ཤར་བ་གཏེར་ལུང་ནས་བཤད་པའི་བཟློག་ཐབས་སུ་གྲ་སློབ་གྲངས་གོང་མཚུངས་ཀྱིས་ལྷ་ས་ནས་གསང་སྔགས་བྱང་ཆུབ་གླིང་པས་ཁྲོ་རོལ་སླང་གང་མ། ངེས་གསང་རྡོར་གླིང་པས་མ་མོ་གླིང་བཞི་དང་། རྡོ་རྗེ་བྲག་པས་འཆར་ཀའི་མདོས། པོ་ཏ་ལར་གྲ་ཚང་ནས་ཕུར་པའི་དམ་སྲི་འབྱུང་པོའི་མནན་པ་བསྒྲུབས་ནས་ལྷ་སར་མནན། རྒྱབ་ཆོག་ཏུ་སེར་འབྲས་གཉིས་སུ་མང་ཇ་སྦྱོར་སྦྲེལ་ཐོག་ཤེར་སྙིང་འབུམ་སོགས་ཅི་ནུས་བགྱིས། ཚེས་དྲུག་ལ་གྲོང་སྨད་སངས་རྒྱས་རྒྱ་མཚོས་བསྐུལ་བའི་མཛད་བཙུའི་བསྟོད་པ་ལེགས་བྱས་ཡོངས་འདུའི་སྙེ་མ་དང་། མཁའ་འགྲོ་བསུན་བཟློག་གི་ཆོག་སྒྲིགས་འཆི་བདག་གཡུལ་ལས་རྣམ་རྒྱལ། རོལ་མོའི་དེབ་ཀྱི་འགོ་བརྗོད། རྡོ་པ་བསྟན་པ་དར་རྒྱས་ཀྱིས་གྲ་ཚང་དུ་སྙན་དར་བརྒྱ་རྩ་བརྒྱད་ཕུལ་བའི་ཁ་བྱང་། བསམ་


GLG007_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་མདོ་སྡེ་མཆོད་པར་སྤུན་བདུན་པ་ལྷུན་གྲུབ་རྒྱ་མཚོ་མངགས་པའི་ཚེ་འཕྲིན་གསོལ་གྱི་ཚིགས་བཅད། གྲ་རིགས་རྣམས་ཀྱིས་བསྐུལ་ངོར་རྩེ་ལེ་སྤྲུལ་སྐུའི་ཡང་སྲིད་མྱུར་འབྱོན་གྱི་སྨོན་ལམ། དུང་སྐྱོང་རྒྱལ་མོར་དབུ་ཁེབས་བུམ་གདན་མ་ཕུལ་བའི་ཁ་བྱང་། ཇོ་བོ་རིན་པོ་ཆེར་ན་བཟའ་བུམ་གདན་མ་ཕུལ་བའི་སྨོན་ལམ། ཅོ་ནེ་ཆོས་རྗེ་བློ་བཟང་ཉི་མའི་ངོར་ཕྱག་རྡོར་གོས་སྔོན་ཅན་གྱི་སྒྲུབ་ཐབས། ཇ་ལུང་བླ་མ་ནམ་མཁའ་འཕྲིན་ལས་ཀྱི་ངོར་གསོལ་འདེབས་སྨོན་ལམ། སྤུན་བདུན་པ་ཡོན་ཏན་དར་རྒྱས་ཀྱི་དོན་དུ་ལྷུན་འགྲུབ་རྒྱ་མཚོས་ཇོ་ཤཱཀ་དང་ཁྲ་འབྲུག་ཏུ་སྙན་ཤལ་ཕུལ་བའི་ཁ་བྱང་རྣམས་རིམ་པར་བརྩམས། དགའ་ཆགས་ཨ་མདོ་བ་དཔོན་ཁག་དྲུག་གིས་རྟ་རེ་གཅིག་བྱིན། ཚེས་བཅུ་བདུན་ནས་ཉིན་བདུན་གྱི་བར་གཏེར་སྒྲོམ་གྱི་ཆུ་ཚན་བསྟེན། ཉེར་དྲུག་ལ་སྟག་ལུང་ཕྱག་མཛོད་བློ་བཟང་ངག་དབང་འདས་པའི་བསྔོ་རྟེན་དུ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་ཚེམས་ཀྱིས་གཙོས་སྤམས་མཐོ་བ་བཏེག་པ་ངན་སོང་གི་དུཿཁ་ལས་སྐྱོབ་ཅིང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་སྨོན་ལམ་དང་བསྔོ་བའི་རྒྱས་འདེབས་ཡང་དག་བགྱིས་ཤིང་དགེ་འཐུད་ཀྱང་རྒྱ་ཆེར་སྤེལ། ཉེར་བདུན་ལ་ངེད་རང་གི་དགེ་སྦྱོར་རྟེན་སེང་ལྡེང་ནགས་སྒྲོལ་མར་འཇིགས་པ་བརྒྱད་སྐྱོབ་ཀྱིས་བསྐོར་བ་རགས་ཁ་འཇམ་དབྱངས་དབང་པོ་དང་དགོས་བསམ་གཉིས་ཀྱིས་བྲིས་པའི་རྒྱ྄བ་ཡིག་སྨོན་ལམ། དྭགས་པོ་གྲ་ཚང་སྤྱི་སོས་བསྐུལ་བའི་ངེད་རང་དང་སྡེ་པའི་རིང་འཚོའི་ཚིགས་བཅད། རྣམ་གླིང་ཆོས་མཛད་ངག་དབང་བློ་གསལ་གྱི་འདོད་དོན་བཞིན་གསོལ་འདེབས་བྲིས། གནམ་


GLG007_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་ཕྱི་མཚམས་གྲོལ་བའི་གུང་ཚིགས་ཐོག་ཅུང་ཝང་གི་མི་སྣ་ཧེའུ་ཇང་། ཝང་ཤུ་སི། ཇང་ཞུ་སི་སོགས་དང་། འདི་གའི་མི་སྣ་རབ་འབྱམས་པ་རྒྱ་མཚོ་རྣམ་རྒྱལ་དང་འཇམ་དབྱངས་འོད་ཟེར། དགའ་ལྡན་དར་རྒྱས། རྒྱལ་སྲས་དགེ་འདུན། དཔོན་ནོ་ཡོན་ཁ་ཤ་ཁ། སྟར་སྡོང་བློ་བཟང་ཚེ་བརྟན། སྒེར་ལོགས་ཨ་དར་ཀོང་དམག་ནས་ལོག་པ་སོགས་སྟོན་མོར་གང་འཚམས་ཀྱི་དྲི་བ་བྱས་པ་མི་སྣ་ཧེའུ་ཇང་དེ་སྨྲ་མཁས་སྤོབས་པ་བཟང་བ་ཞིག་འདུག་ཀྱང་ལོ་ཙཱ་བ་རྒྱ་བོད་གཉིས་ཀར་ཐབས་རྡུགས་པའི་སྒྲ་ཇི་བཞིན་མ་བྱུང་བ་དེ་རིགས་ཤེས་པར་བདག་རྐྱེན་དགོས་གྲས་ཡིན་སྣང་དེ་ཐོག་ཅུང་ཝང་གི་ཡི་གེ་རྟེན་དངུལ་ལས་གྲུབ་པའི་རྒྱལ་སྲིད་སྣ་བདུན་རྒྱ་བཟོ་ཁྱད་མཚར་སོགས་རྒྱ་ཆེར་བཏེག །དེ་རྗེས་ཐོག་ཁར་ཁྲིའུ་ཤིང་གི་སྟེང་ནས་སོག་བོད་རྒྱ་སོགས་ལྔ་བརྒྱར་བྱིན་རླབས་བྱས། ཕྱི་དྲོ་གསེར་མདོག་ཅན་མཁན་ཟུར། གསང་སྔགས་བྱང་ཆུབ་གླིང་། བཀྲ་ཤིས་བདེ་ཆེན། འཕན་ཡུལ་ལྕང་གླིང་ཆོས་སྡིངས་གསུམ་གྱི་བླ་མ། ཆོས་རྗེ་དུང་དགོན་པ། ཀྱི་སྟོན་གུ་རུ་ཚེ་བརྟན། ཤ་གཟུག་སྐུ་སྐྱེ། གཉེས་གུ་རུ་བ་མཆེད། ཆེ་ཆེན་ཐའི་ཇིའི་མ། འ་ཞ་མཁྱེན་རབ་རྣམ་རྒྱལ། འདུས་ཆུང་པ། འཕྱོས་པ་སྐུ་སྐྱེ་སོགས་ལ་ཇ་གྲལ་བཏང་། ཚངས་པ་དུང་ཐོད་ཅན་ལ་ཚོགས་ཆས། སྤྱན་གཟིགས། གསེར་སྐྱེམས། ཞུ་འཕྲིན་རྒྱན་གྱིས་སྤྲས་ཏེ་སྟར་སྡོང་པ་ལུང་བསྟན་ཞུ་བར་རྫངས། ཧོར་ཟླ་དྲུག་པའི་ཚེས་གཅིག་སྔ་རྟིང་སོ་སོར་ཕན་བདེ་ལེགས་བཤད་གླིང་གྲ་པ་སྤྱིས་བསྡུས་པའི་ཚོགས་ཆས་གྲངས་སོགས་ཀྱི་དངོས་པོས་རིང་པོར་བརྐྱང་སྟེ་དྭངས་མ་བཅུད་


GLG007_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་དང་འཆི་མེད་འོད་སྣང་རྡུལ་ཚོན་དང་འབྲེལ་པའི་གོང་ཞག་བདུན་རེའི་སྒྲུབ་པ་སྔོན་སོང་གི་མཁའ་འགྲོ་བསུན་བཟློག་སོགས་རྒྱས་པར་མཛད་པའི་བསུན་བཟློག་གི་དགོས་ཆ་མཆོད་དཔོན་པས་བཏོན། འཕྱོས་པ་སྐུ་སྐྱེའི་ངོར་ངེད་རང་དང་རྟ་ཚག་རྗེ་དྲུང་གི་བརྟན་བཞུགས། འཚོ་བྱེད་ངག་དབང་ལྷག་བསམ་གྱིས་ཀུན་མཁྱེན་ཉི་མའི་གཉེན། སྨན་བླ་བདེ་གཤེགས་བརྒྱད། སྤྱན་རས་གཟིགས་རྣམས་ཀྱི་བྲིས་ཐང་བཞེངས་པའི་རྒྱབ་ཡིག །རགས་ཁ་འཇམ་དབྱངས་དབང་པོས་བསྐུལ་བའི་སྨན་ཐང་པ་ཡབ་སྲས་བརྒྱུད་འཛིན་རགས་བསྡུས་དང་བཅས་པར་གསོལ་འདེབས་སྨོན་ལམ། སྔགས་རམས་པ་སྐྱེས་མཆོག་གིས་དད་རྟེན་འདྲ་འབག་བཞེངས་པའི་ཁ་བྱང་། དགེ་སློང་འཇམ་དབྱངས་གྲགས་པའི་ཉམས་ལེན་ཀྱེ་རྡོར་དང་འདར་ལོ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་སྒྲོལ་དཀར་གྱི་ཐང་སྐུ་བཞེངས་པའི་རྒྱབ་ཡིག་སྨོན་ལམ། ཨུ་ཆུ་མུ་ཆུ་ཆེ་ཆེན་ཆིང་དབང་གི་ཨོ་པ་ཤིས་བསྐུལ་བའི་བདེ་མཆོག་ལ་བརྟེན་པའི་བླ་མའི་རྣལ་འབྱོར། སྒོ་མངས་གྲ་ཚང་གི་ཚོགས་ཁྲོ་གསར་བླུག་གི་ཁ་བྱང་། རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་གྲ་ཚང་གི་སྤྱི་རྫས་དེབ་དཔག་བསམ་འདོད་འཇོ་མ་བུ་ལེ་ཚན་དྲུག་གི་འགོ་བརྗོད། སྡེ་པ་བློ་བཟང་མཐུ་སྟོབས་ཀྱིས་ཟངས་རིར་རྟེན་བཞེངས་རེ་མང་མཛད་པའི་དཀར་ཆག་རྣམས་བཀོད། ཚེས་གཉིས་ལ་བསྟན་པའི་སྦྱིན་བདག་བསྟན་འཛིན་ད་ལའི་རྒྱལ་པོས་བདོག་པ་རྒྱ་ཆེར་བཏེག་ཅིང་འགྱེད་གྲ་པ་རེར་ལྗངས་ཇ་ཀ་ཋོ་ར་རེ་དང་བཅས་གཟིམས་ཆུང་བརྟན་བཞུགས་རྒྱས་པའི་རྟེན་འབྲེལ་བསྒྲིག་པར་མཛད། ཚེས་བཞིར་དགའ་ལྡན་རབ་འབྱམས་པ་


GLG007_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཞིས་ཀ་ཤར་པ་སོ་སོ་ནས་དངོས་པོའི་སྐྱེས་འགྱེད་དང་བཅས་ཏེ་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་བསྒྲུབས། དེ་རྗེས་དུང་དཀར་སྐུ་སྐྱེ་ཚངས་དབྱངས་འབྲུག་སྒྲ། བཀྲ་ཤིས་བདེ་ཆེན་དང་རྨེ་རུ་བླ་མ། ཀྱི་སྟོན་པ་རྣམས་དང་ཕྲད་ཅིང་ཀྱི་སྟོན་གྲུབ་པ་ཆེན་མོར་ཕྱིར་བཟློག་འཁོར་ལོ་འབར་བས་མཚོན་སྔ་འགྱུར་གྱི་སྐོར་དྲི་བ་བགྱིས་པ་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་བསྟེན་པའི་ལག་རྗེས་བཟང་པོ་ཡོད་མཆིས། བརྡ་དོན་ལམ་ཟབ་ཀྱི་བླ་མའི་རྣལ་འབྱོར་དང་ལུང་། ཆོས་རྒྱལ་བྱང་པའི་དུས་ཀྱི་གཏན་ཚིགས་ལ་རྒྱབ་བསྣོན། ཇ་གོས་དར་སོགས་ཀྱི་རྫོང་བ་དང་བཅས་ལུགས་གཉིས་ནས་ཐུགས་དམ་བསྐང་། ཚེས་ལྔར་ཚོགས་གསོག་ཏུ་སེ་འབྲས་གཉིས་སུ་ཇ་ཚུལ་བཅོ་བརྒྱད་རེའི་བར་གདུགས་དཀར་ཁྱོན་འབུམ་ཐེར། ཆོས་འཁོར་རྒྱལ་དུ་དཔལ་ལྡན་དམག་ཟོར་མ་སོགས་བླ་མཚོ་གསུམ་ལ་གའུས་གཙོས་མཚོ་རྫས་ཕུལ། རྔོད་ཨ་རིག་དགོན་པར་ཆོས་གཞིས་གསར་བསྣོན་གཞི་རྩ་ཁུངས་དག་སེང་གེ་སྒང་པས་འཛིན་ཤུལ་བསྡོམས་མི་སེར་དུད་ཆིག་བརྒྱ་བཅུ་དྲུག །དུད་ཆུང་དྲུག །ལག་ཡོང་མཁའ་རུའི་ཁལ་ཆིག་སྟོང་དྲུག་བརྒྱ་ཐོན་ཁུངས། ཇ་ཚུལ་ཐེབས་སུ་ཚོང་པ་དང་རུ་ཁག་གསར་འཛུགས་བཅས་སྦྱོར་འཇགས། སྡེ་པའི་གེགས་སེལ་ལ་དཔལ་ལྷ་ལྕོག་དང་གནས་ཆུང་དུ་བསྐང་བ་བརྒྱ་ཚར་རེ། ལྷ་སར་ངན་སློང་བརྒྱ་དང་དྲུག་ཅུ་སྐོར་ལ་སྦྱིན་པ། ཇུས་རིམ་ལ་མཚལ་ཡང་དགོན། དབུས་གླིང་། གུང་ཐང་། གདན་ས་མཐིལ། གཡའ་བཟང་། འབྲི་གུང་མཐིལ། སྣེའུ་སྡོང་རྩེ། གོང་དཀར་རྫོང་རྣམས་སུ་ཕྱག་བཞི་པའི་བསྐང་བ་བརྒྱ་བརྡ་དོན་ལམ་ཟབ་ཀྱི་བླ་མའི་རྣལ་འབྱོར་དང་ལུང་། ཆོས་རྒྱལ་བྱང་པའི་དུས་ཀྱི་གཏན་ཚིགས་ལ་རྒྱབ་བསྣོན། ཇ་གོས་དར་སོགས་ཀྱི་རྫོང་བ་དང་བཅས་ལུགས་གཉིས་ནས་ཐུགས་དམ་བསྐང་། ཚེས་ལྔར་ཚོགས་གསོག་ཏུ་སེ་འབྲས་གཉིས་སུ་ཇ་ཚུལ་བཅོ་བརྒྱད་རེའི་བར་གདུགས་དཀར་ཁྱོན་འབུམ་ཐེར། ཆོས་འཁོར་རྒྱལ་དུ་དཔལ་ལྡན་དམག་ཟོར་མ་སོགས་བླ་མཚོ་གསུམ་ལ་གའུས་གཙོས་མཚོ་རྫས་ཕུལ།རྔོད་ཨ་རིག་དགོན་པར་ཆོས་གཞིས་གསར་བསྣོན་གཞི་རྩ་ཁུངས་དག་སེང་གེ་སྒང་པས་འཛིན་ཤུལ་བསྡོམས་མི་སེར་དུད་ཆིག་བརྒྱ་བཅུ་དྲུག །དུད་ཆུང་དྲུག །ལག་ཡོང་མཁའ་རུའི་ཁལ་ཆིག་སྟོང་དྲུག་བརྒྱ་ཐོན་ཁུངས། ཇ་ཚུལ་ཐེབས་སུ་ཚོང་པ་དང་རུ་ཁག་གསར་འཛུགས་བཅས་སྦྱོར་འཇགས། སྡེ་པའི་གེགས་སེལ་ལ་དཔལ་ལྷ་ལྕོག་དང་གནས་ཆུང་དུ་བསྐང་བ་བརྒྱ་ཚར་རེ། ལྷ་སར་ངན་སློང་བརྒྱ་དང་དྲུག་ཅུ་སྐོར་ལ་སྦྱིན་པ། ཇུས་རིམ་ལ་མཚལ་ཡང་དགོན། དབུས་གླིང་། གུང་ཐང་། གདན་ས་མཐིལ། གཡའ་བཟང་། འབྲི་གུང་མཐིལ། སྣེའུ་སྡོང་རྩེ། གོང་དཀར་རྫོང་རྣམས་སུ་ཕྱག་བཞི་པའི་བསྐང་བ་བརྒྱ་


GLG007_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་རེའི་ཐོག་སྤྱན་གཟིགས་དར་ཚོན་སྣ་ལྔ་རེ། འཕྱོང་རྒྱས་སུ་དཔལ་རི་བ་དང་གོང་དཀར་དུ་རྡོ་རྗེ་བྲག་པས་མགོན་པོ་གཡུལ་བཟློག །ལྷ་སར་རྒྱུད་སྨད་པས་ཡ་མ་རཱ་ཛ་གཙོར་བཏོན་གྱི་དྲུག་ཅུ་པའི་གཏོར་བཟློག །འབྲས་སྤུངས་སྔགས་ཁང་དུ་རྒྱུད་སྟོད་པས་ཤཱ་ས་ན་གཙོར་བཟླས་ཀྱི་ཕྱག་དྲུག་པའི་གཏོར་བཟློག །དགའ་ལྡན་མན་ནས་ལྗངས་ཡན་གྱི་དགོན་ཨངྐི་དང་གཉིས་ལ་མང་སྐོལ་ཐོག་ཤེར་སྙིང་གི་མདོ་སྒྲུབ། ལྷ་སར་གསང་སྔགས་བྱང་ཆུབ་གླིང་པ་གྲ་སློབ་དགུས་ཀི་ཀང་གི་མནན་པ་བསྒྲུབས་པའི་ཕྱོགས་བཞིའི་ལམ་ཆེན་འོག་ལྷོ་མོན་གྱི་དགྲ་མགོ་མནན་པ། ལྷུན་རབ་ཏུ་རྒྱ་འདྲེའི་ཆོ་འཕྲུལ་བྱུང་བ་བཟློག་ཐབས་སུ་བཙན་སྒོ་རུམ་པས་བསྐུལ་བ་བཞིན་དངོས་གྲུབ་སྡིངས་པས་རྒྱལ་མདོས་དང་རྒྱུད་པའི་གྲ་པ་དགུས་དྲུག་ཅུ་པའི་གཏོར་བཟློག །སྒོ་རུམ་པ་རང་གིས་རྒྱལ་རྫོངས་བྱས། ཚེས་དྲུག་ལ་གཡོན་རུ་སྐུ་སྐྱེ་དང་། རྟ་ཚག་རྗེ་དྲུང་སོ་སོ་ནས་དངོས་སྐྱེས་བཟང་པོ་འགྱེད་དང་བཅས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་མཛད། དེ་གྲོལ་ནས་གཡོན་རུ་སྐུ་སྐྱེ་ཁལ་ཁ་ནོ་ཡོན་ཁུ་ཐུག་ཐུ། འཕགས་སྡེ་མཁན་པོ། ཨོན་དུར་ཆོས་རྗེ། བྱང་ངོས་པ་སོགས་ལ་ཇ་གྲལ་བགྱིས། ཚེས་བདུན་ལ་གྲོང་སྨད་ནས་རུང་མཐུན་གྱི་གོས་ཆ་ཚང་གསུམ་རེ། སྟེར་ཆ་འགྱེད་གྱ་ནོམ་པ་དང་བཅས་བསུན་བཟློག་སྔོན་འགྲོའི་ཚེ་དཔག་མེད་ལོངས་སྐུ་མའི་རྡུལ་ཚོན་དང་འབྲེལ་བའི་རིང་འཚོ་སྨིན་རྒྱས་ཀྱི་རྟེན་འབྱུང་བསྟར། ཚེས་བརྒྱད་ལ་དྲུང་ཡིག་གནས་གསར་འཇམ་དབྱངས་བསྟན་འཛིན་གྱིས་གོས་སྣ་ཆ་ཚང་སོགས་བདོག་པའི་སྐྱེས་ཀྱི་ཚན་གྲངས་རིང་པོ་དང་གྲ་ཚང་དུ་སྤྱི་འབུལ་རྒྱ་ཅན་གྱི་ཐང་གྲངས་བཅོ་ལྔར་ཚང་བ་གོང་གཤམ་ཞལ་


GLG007_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཁེབས་སོགས་ཕུན་སུམ་ཚོགས་པ་དང་འགྱེད་བཅས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པའི་རིང་འཚོའི་རྟེན་འབྲེལ་བསྒྲིགས། ཚེས་བཅུར་གསང་སྔགས་མཁར་པ་དང་། ཐང་སག་དགའ་ལྡན་ཆོས་འཁོར་བ་སོ་སོ་ནས་དངོས་པོའི་ཚན་གྲངས་དང་མི་འགྱུར་བརྟན་པའི་བདེན་ཚིག་བརྗོད་ཅིང་སྔགས་མཁར་རྣམས་སྤྱི་འགྲེའི་ཚིགས་བཅད་སྨོན་ལམ་དང་ཐང་སག་པས་མཁའ་འགྲོ་མ་འགྲོ་བ་བཟང་མོ་ལུགས་ཡིན་ཟེར་བཀྲ་ཤིས་རྟགས་བརྒྱད་དང་བཅས་པ་ཞིག་སྣང་། ཚེས་བཅུ་གཅིག་ལ་བཀའ་བརྒྱད་སྦུག་པས་ཇ་གོས་དར་རས་སོགས་རིང་པོར་བརྐྱང་སྟེ་འགྱེད་དང་བཅས་འབྲས་གཤོངས་མཁའ་འགྲོ་སྡེེ་ལྔའི་བསུན་བཟློག་དང་འབྲེལ་བའི་ཆོ་ག་གྲ་ཚང་གིས་བཏང་། དེ་མཚམས་ནས་དཔལ་ལྡན་འབྲས་སྤུངས་པ་སྤྱི་ཚོགས་དང་རྒྱུད་སྟོད་པ་སོ་སོ་ནས་རྙེད་པ་སྤམས་བསྟོད་དེ་འཆི་བདག་གཡུལ་ལས་རྒྱས་བའི་རིང་འཚོ་མཛད། ཚེས་བཅུ་གཉིས་ལ་བྱམས་ཁང་རྒྱབ་གནོད་སྦྱིན་གངས་ལ་ཉི་ཤར་གྱིས་དངོས་པོ་དང་ཡོན་སྦྱར་ཏེ་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་སྤེལ་རྗེས་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཆོས་རྗེ་བཅོ་བརྒྱད་པ་གྲ་བཅས་ཀྱིས་ཟང་ཟིང་དཔངས་བསྟོད་ཅིང་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒོ་ནས་རིང་འཚོ་མཛད་པ་གཞན་དང་མི་འདྲའི་ཡིད་ཁུལ་བ་དང་། ཆོས་རྗེ་ཉིད་ཀྱིས་གཏན་སྡོད་དགོས་ཚུལ་ལ་ལྗགས་ཀྱི་དབང་པོ་བསྐྱོད་དེ་མདོ་སྔགས་ཀྱིས་ཐུགས་རྒྱུད་ཕྱུག་པའི་ལུང་འདྲེན་སོགས་རྣམ་དཔྱོད་ཆེ་བའི་དཔེར་འོས་ཤིང་སོ་སྐྱེ་ལ་སྐྱེ་འཆིར་རང་དབང་མེད་པས་ཁས་ལེན་དཀའ་ནའང་། གསར་མའི་ཆོ་ག་ཆ་ལག་ཚང་བའི་ཕྱག་ལེན་ཏིང་ངེ་འཛིན་ཡོ་བྱད་ཕུན་སུམ་ཚོགས་པའི་


GLG007_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་དང་དཀོན་ཅོག་ལ་གསོལ་བ་བཏབ་ན་མི་འགྲུབ་པ་ག་ལ་སྲིད་པས་ངོ་འཛིན་ཙམ་དུ་སྡོད་འདུན་རྣམ་དག་བྱེད་ཚུལ་སོགས་ཀྱི་ལན་བཏབ། གླིང་སྟོད་ཆོས་རྗེའི་སྐྱེ་བ་བློ་བཟང་གཞོན་ནུ་ལོ་བཅུ་གཅིག་འགྲོ་བས་གསོ་རིག་རྒྱུད་བཞི་གསལ་དག་བྱང་བའི་རྒྱུགས་སྤྲད་པ་སྔོན་སྦྱངས་ལས་འཕྲོ་སད་ལུགས་ཀྱིས་སྐྱེས་བར་སླར་ཡང་ངེས་ཤེས་འདྲོངས་པར་གྱུར། ཚེས་བཅུ་གསུམ་ཆད་པའི་བཅུ་བཞིར་སེ་ར་ཐེག་ཆེན་གླིང་སྤྱི་ཚོགས་དང་གསང་ནེའུ་ཐོག་གི་ཞབས་དྲུང་རྣམ་གཉིས་ཆེན་སློབ་བཅས་སོ་སོས་ཕུ་དུད་རྒྱ་ཆེར་བསྐྲུན་ནས་རིང་པོར་འཚོ་བའི་བདེན་བརྗོད་ཡང་དག་བསྟར། འཕགས་ཡུལ་ནུབ་ཕྱོགས་ཀུ་རུའི་ཡུལ་གྱི་བྲམ་ཟེའི་པཎྜི་ཏ་ཀྲྀཥྞ་ཨུད་ཡ་རང་ཡུལ་དུ་འགྲོ་བར་ས་ཟླ་ཞོ་བཞིས་གཙོས་ཇ་རས་གོས་དར་ལམ་ཆས་དང་རྗོང་བདའ་བགྱིས། ཚེས་བཅོ་ལྔར་གདན་ས་ཆེན་པོ་འབྲོག་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་ཁྲི་རིན་པོ་ཆེ་བྱམས་པ་བཀྲ་ཤིས་ཀྱིས་དབུས་རྩེ་ཤར་ཆོས་རྗེ་རྣམ་གཉིས་སོགས་གྲ་སློབ་བཅས་པ་དང་། སྟག་ཚང་ར་བ་སྟོད་པ་བླ་གྲ་སོ་སོ་ནས་ཡུལ་ལུགས་དང་མཐུན་པའི་བདོག་པ་སྤེལ་ཏེ་ཉི་བུའི་དགྲ་ལས་རྒྱལ་བའི་རྟེན་འབྲེལ་མཛད། ཤེར་འཕེལ་སྤྲུལ་སྐུ། ཡང་རི་སློབ་དཔོན་པ། ཀོང་པོ་བཀྲ་ཤིས་རབ་བརྟན་པའི་དབོན་པོ་རྣམས་ལ་ཇ་གྲལ་བཏང་། ཚེས་བཅུ་དྲུག་ལ་ཡེར་པ་གྲ་ཚང་པ་དང་ལྷ་ལྡན་རུ་བཞི་སོ་སོས་ལེགས་སྐྱེས་སྤམས་མཐོ་བ་དང་བཅས་རིང་འཚོའི་རྟེན་འབྱུང་བསྒྲིགས། ལྷ་སའི་རྙིང་ཁུངས་དམིགས་བརྩེ་མ་ཚོར་དམིགས་བརྩེ་མར་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་སྒོམ་ལུང་། བཅོ་བརྒྱད་ཆོས་རྗེ། གླིང་སྟོད་སྐུ་སྐྱེ། རྟ་ཚག་རྗེ་དྲུང་གི་དཔོན་པོ། ཕུ་ལུང་དགེ་སློང་རྣམས་རྫོང་བདའ་དང་རྗེ་དྲུང་


GLG007_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེས་སྙན་ངག་གི་ལམ་ནས་དྲངས་པ་བྱུང་བའི་ལན་ཀྱང་དེ་མཚུངས་ཕུལ། ཚེས་བཅུ་བདུན་ལ་གོང་དཀར་དཀོན་གཉེར་གྲ་ཚང་བླ་གྲས་ཚན་གྲངས་དང་བཅས་ཏེ་རྗེ་རྒོད་ཚང་པའི་གསང་ཡུམ་མཁའ་འགྲོ་མ་འགྲོ་བ་བཟང་མོ་ལུགས་ཀྱི་རིང་འཚོའི་ཆོ་ག་བཏང་བ་གདངས་སྙན་ཞིང་གྲ་འགྲིག་པའི་ཚད་ཅིག་སྣང་། དེ་རྗེས་ཆུ་ཤུར་ཐར་གླིང་པ་ཡོངས་རྫོགས་ཀྱིས་ཀྱང་དངོས་པོའི་སྐྱེས་དང་བཅས་རིང་འཚོ་སྤེལ། ཐོས་བསམ་དར་རྒྱས་གླིང་བླ་ཟུར། ལ་མོ་སྐུ་རྟེན་པ། སྤུས་སྲང་སྨྱོན་པ་རྣམས་དང་ཕྲད། ཚེས་བཅོ་བརྒྱད་པ་ལྷ་ས་ཟུར་ཁང་པས་ཟང་ཟིང་གི་སྣེ་རིང་པོར་བརྐྱང་ནས་འགྱེད་དང་བཅས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་སྤེལ། གསས་ཁང་དགོན་གྲ་སློབ་རྣམས་ཀྱིས་དངོས་པོའི་རྣམ་གྲངས་དང་བཅས་རིང་འཚོའི་ཚིགས་བཅད་གསུང་། ཁོ་ལོ་ཆིའི་བུ་གཉིས། ཨོན་དུར་ཆོས་རྗེ། སྐུ་སྐྱེ་ནོར་བུ་རྒྱ་མཚོ་སོགས་རང་ཡུལ་དུ་བརྗངས། འཕགས་ཡུལ་མ་ཐཱུ་རའི་ས་ནྱ་སི་ཀྵེ་མ་གི་རི་དང་ནཱི་ལ་ཀཎྛ་སོ་སོར་གསེར་ཞོ་གསུམ་རེ་དང་། ཝ་ར་ཎཱ་སིའི་རྗེ་རིགས་སཱི་ཏ་དཱ་ས་ལར་གསེར་ཞོ་དོ། རྒྱ་བོད་བར་དུ་ཅི་འདོད་ལ་ཕྱིན་ཆོག་པའི་ལམ་ཡིག་སོགས་བློའི་རེ་བ་བཀང་། ཚེས་བཅུ་དགུར་སྨད་རྒྱུད་གྲ་ཚང་གིས་ཚན་གྲངས་དང་བཅས་བདེ་ལྡན་མགོན་པོ་ལྟར་བརྟན་པའི་རྟེན་འབྲེལ་བསྒྲིགས་པར་མཛད། ཨུ་ཁེ་རེས་ཐའི་ཇིའི་འོག་ནས་སེར་མོ་བ་དྲག་པ་བཅུ་བཞི་སྐོར་དང་ཕྲད། གུང་ཚིགས་ཐོག་ཅུང་ཝང་གི་མི་སྣ་གཡོག་བཅས། འདི་གའི་མི་སྣ་ཟུང་ཆུ་རབ་འབྱམས་པ་དང་རྒྱ་ཚེ་རིང་བཅས་པར་སྟེར་ཆ་ཡིག་ལན་རྟེན་སྦྲགས་རྩིས་སྤྲད་དེ་ཐོན། ཧུང་ཐའི་ཇི་དང་དགའ་ལྡན་རབ་འབྱམས་པའི་མི་སྣར་ཇ་གྲལ་


GLG007_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་། ཉེར་གཅིག་ལ་དགའ་ལྡན་དར་རྒྱས་གཅིག་པུར་འཕྲལ་ཡུན་གྱི་གླེང་མོ་བགྱིས། ཉེར་གཉིས་ལ་དགའ་ལྡན་དར་རྒྱས། ཐ་ཤི་བོ་ལོད། དཔོན་ཆུང་གཉིས། ཉང་རེ་སྐུ་སྐྱེ་རྣམས་ལ་མགོན་པོའི་རྗེས་གནང་བར་ཆད་ཀུན་སེལ་བསྐུར་ནས་དགའ་ལྡན་དར་རྒྱས་ལ་གྱོན་པ་ཆ་ཚང་སོགས་བདོག་པ་ཐམ་ཁ་དང་བཅས་དགའ་ལྡན་དའི་ཆིང་བོ་ཤོག་ཐུ་ཇི་ནོང་གི་ཆོ་ལོ་སྐད་གཉིས་སྨྲ་བའི་དབང་པོ་ཆེ་ཆེན་དབོན་པོས་སྐད་གསང་མཐོན་པོས་འདོགས་པ་སོགས་སྣ་བོའི་ལུགས་བཟང་མ་ཉམས་པར་གཟེངས་བསྟོད། བ་ཐ་ཡན་ཆི་སོགས་དམངས་ལྔ་བརྒྱ་སྐོར་ལ་མེ་ཏོག་གཏོར། ཉེར་གསུམ་ལ་ཨ་པ་ལའི་གྱི་དཔོན་མོ་འཁོར་བཅས་དང་། ཨེར་ཁེ་ཆོས་རྗེ་རྣམས་ལ་ཇ་གྲལ་བཏང་། ཉེར་དགུ་ལ་ཁོན་དུ་ལུའི་མ་བུ། དཀའ་བཅུ་ངག་དབང་དོན་གྲུབ། སྤོམ་འབོར་སྐུ་སྐྱེ། ཨ་ཙ་ལྷ་རིའི་བླ་མར་འགྲོ་མི། རྨུ་ལེ་རབ་འབྱམས་པའི་དབོན་པོ། དར་རྒྱས་རབ་འབྱམས་པ་སོགས་དང་ཕྲད། གོང་དཀར་དཀོན་གཉེར་བ་གྲ་སློབ་ལ་དགོས་ཆ་གྲབས་སྒྲུབ་ཐོ་རྙིང་ལྟར་གདུགས་དཀར་གྱི་མདོས་གཏོང་བཅུག །ཧོར་ཟླ་བདུན་པའི་ཚེས་བཞིར་གསང་སྔགས་བྱང་ཆུབ་གླིང་པ་སློབ་དཔོན་གྲ་བཅས་ལ་ཇ་གྲལ་བཏང་། ཚེས་ལྔར་ད་ལའི་ཧུང་ཐའི་ཇིས་མི་སྣ་ཆེད་དུ་མངགས་ཏེ་གསེར་སྲང་བརྒྱ།དངུལ་བྲེ། ཐ་ཕག །མི་གཟུགས། གོས་ཡུག་ལྔ། རུང་མཐུན་གྱི་གོས་ཆ་འགྲིག །ཇ་རས་ཀྱི་དངོས་པོ་སྤམས་མཐོ། ཚོགས་ཆས་འགྱེད་སོགས་ཡོན་སྦྱར་ཏེ་གྲ་ཚང་ནས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་འཆི་མེད་འོད་སྣང་མའི་རྡུལ་ཚོན་དང་འབྲེལ་བའི་ཆོ་ག་རྒྱས་པར་བསྟར། ཚེས་དྲུག་ལ་རྭ་སྒྲེང་མཁན་ཟུར་པས་རྟ་དྲུག་ཅུ་དང་། དཔལ་འཁོར་ཆོས་


GLG007_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་མཁན་ཟུར་པས་རྟ་བརྒྱ་དང་གཅིག་བྱུང་། ཚེས་བཅུ་གཅིག་ལ་ཨཱ་ཙཪྱ་ཛ་མ་ཀཱིརྟིར་གསེར་ཞོ་བདུན། མ་ནུ་ནཱ་ད་དང་བི་ཤྭ་པ་དར་ཞོ་གསུམ་རེ། བུ་དྷི་ནཱ་དར་ཞོ་ཕྱེད་གསུམ། གདྒཱ་ནཱ་དར་ཞོ་བཞི། དར་རས་སོགས་བྱིན་པས་མགུ་བའི་ལུགས་བྱེད། ཚེས་བཅུ་གསུམ་ལ་སྒྲིབ་སྦྱོང་རིམ་གྲོར་རྫོང་གཞིས་རྣམས་ནས་ཡོན་སྦྱར་ཏེ་གདུགས་དཀར་ས་ཡ། སེར་འབྲས་གཉིས་སུ་ཇ་ཚུལ་བཅོ་ལྔ། གྲ་པ་བཅུ་རེར་གསེར་ཞོ་རེའི་འགྱེད་དང་བཅས་པའི་ཐོག་ཕྱག་འཚལ་ཉེར་གཅིག་བདུན་འབུམ་ཉི་ཁྲི་བཞི་སྟོང་ལྔ་བརྒྱ། ལྷ་སར་འཇིམ་པའི་མཆོད་རྟེན་སྟོང་དང་ཉེར་བརྒྱད་བྱིན་རྟེན་སྣ་ཚོགས་ཀྱིས་སྦགས་པ་གསར་དུ་བཞེངས་ཏེ་བར་ཁང་དུ་བཞུགས་སུ་གསོལ་བར་གནས་བརྟན་འཇམ་དབྱངས་གྲགས་པས་རབ་གནས་མངའ་གསོལ་ཞིང་བཀྲ་ཤིས་པའི་མེ་ཏོག་གི་ཆར་ཕབ། སྡེ་པའི་རིམ་གྲོར་འཕྱོང་རྒྱས་སུ་སྨན་བླ་ཁྲི་ཚར། ཡུལ་ལྷ་གཞི་བདག་ལ་གསོལ་མཆོད། ལྷ་སར་ཤེར་སྙིང་ལྔ་འབུམ། ཇུས་རིམ་ལ་འཕྱོང་རྒྱས་སུ་དཔལ་རི་བ་དང་། གཞིས་རྩེར་འུག་བྱ་ལུང་པས་མགོན་པོ་གཡུལ་བཟློག །གོང་དཀར་དུ་རྡོ་རྗེ་བྲག་པས་འཆར་ཀའི་མདོས། ཕོ་བྲང་དུ་བཀྲ་ཤིས་ཆོས་སྡེ་བས་ལྷ་མོ་དུད་སོལ་མའི་བསྐང་བ་བརྒྱ་ཚར། དབུས་གཙང་གི་ནད་རིམས་བཟློག་ཐབས་སུ་མི་སེར་ལག་ནས་བསྡུ་ཆ་བྱས་ན་གཟན་ཟོ་མི་འགབ་ཀྱང་རིམ་གྲོ་འགྱུར་ཁྱད་ཆེ་བར་སྒོ་རེ་ནས་རྩམ་ཕུལ་རེ་བསྡུས་དེ་ཕྱིན་དགོས་ཆ་གཞུང་ནས་སྤྲད་པའི་རྫོང་གཞིས་སོ་སོར་ཡུམ་རྒྱས་འབྲིང་བསྡུས་གསུམ། བསྟན་མ་བཅུ་གཉིས། མ་མོ། རྒྱལ་བཙན་བཞིའི་མདོས། རྣམ་འཇོམས་དང་སྨེ་


GLG007_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་ཀྱིས་གཙུག་ལག་ཁང་དང་ཡུལ་ཁམས་ཐམས་ཅད་ལ་ཁྲུས་གསོལ་ཏེ་མ་དག་པའི་རིགས་མཐའ་དག་དབྱུང་། དགྲ་ལྷ་དཔངས་བསྟོད་བརྒྱགས་རྔན་ཞག་བདུན་སྦྲེལ། ནད་བདག་སྟོབས་འཇོམས་ཀྱིས་ཡས་དབུས་གཙང་གི་མཚམས་སྒྲོལ་ཏེ་ལྷོ་ཕྱོགས་སུ་བསྐྱལ། ཡུལ་ལྷ་གཞི་བདག་གསོལ། ཟླ་བ་གཉིས་ཀྱི་བར་རི་རྒྱ་ཀླུངས་རྒྱ་བསྡེམ་མཁོས་དང་རྫོང་གཞིས་སོ་སོའི་རི་མགོ་མཐོ་སར་འཛུགས་རྒྱུའི་ནད་བདག་སྟོབས་འཇོམས་འཁོར་ལོ་རེ་བསྲིངས། ལྷུན་རབ་ཀྱི་རྒྱ་འདྲེ་དེའི་འཚུབ་འགྱུར་སླར་ཡང་བྱུང་བ་བཟློག་ཐབས་སུ་གསང་སྔགས་བྱང་ཆུབ་གླིང་པ་སུམ་ཅུས་བརྒྱད་སྟོང་པ། གསེར་འོད། ཐང་ཡིག་གསུམ་བརྒྱ་ཚར་རེ། སློབ་དཔོན་ཐེ་བའི་སུམ་ཅུས་ཐུགས་སྒྲུབ་ཀྱི་ལས་བྱང་དང་འབྲེལ་བའི་འགོང་པོ་ཨར་གཏད་འབུམ་ཐེ་བའི་མཐར་རྒྱལ་རྫོངས་གདང་ལ་བུད་མཚམས་བསྐྱལ། ཚེས་བཅུ་བཞིར་རྭ་སྒྲེང་མཁན་ཟུར། བྲག་ཡག་སྐུ་སྐྱེ་འགྲུལ་སྡེབས་ཉི་ཤུ་སྐོར། བི་ལིག་ཨེར་ཁེ་ཐའི་ཇི་དཔོན་མོ་སོགས་དང་ཕྲད་པ་གྲོལ་ནས་བྲག་ཡག་སྐུ་སྐྱེ། ཨེར་ཁེ་ཆོས་རྗེ། ཆོས་རྗེ་དཀོན་གཉེར་དཔོན་སོགས་ལ་འཇམ་དབྱངས་ཨ་ར་པ་ཙ་ན། སྤྱན་རས་གཟིགས་གཙོ་འཁོར་གསུམ་པ། སེང་ལྡེང་ནགས་སྒྲོལ་གསུམ་གྱི་རྗེས་གནང་བྱས་ཤིང་། བྲག་ཡག་སྐུ་སྐྱེའི་གཉེར་པ་སོགས་བསྙེན་རྫོགས་བཞི་བསྒྲུབས། ཚེས་བཅུ་དྲུག་ལ་དབུ་མཛད་བློ་བཟང་ཡོན་ཏན་གྱིས་བེར་སོགས་གོས་སྣ་ཆ་ཚང་། གོས་དར་ཇ་རས་ཀྱིས་གཙོས་དཔངས་བསྟོད་དེ་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་བགྱིས། ཚེས་ཉི་ཤུར་འབྲང་རྒྱས་ཤག་པས་རུང་མཐུན་གྱི་གོས་ཆ་འགྲིག་


GLG007_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་རིང་དུ་བརྐྱང་སྟེ་ལྷ་བཙུན་ཆེན་པོའི་བསུན་བཟློག་དང་འབྲེལ་བའི་རྟེན་འབྱུང་བྱུང་། བསྟན་འཛིན་ད་ལའི་རྒྱལ་པོ་བཙུན་མོ་སྲས་བཅས་དམ་ཕྱོགས་ལ་འདེགས་གདོང་གི་བྱིན་རླབས་བྱས་ཤིང་། འདུལ་བ་གྲ་ཚང་གིས་རིག་གྲའི་སྐལ་བ་བསྐྱལ། གཙང་བཀྲ་ཤིས་ལྷུན་པོ་ནས་རིང་འཚོ་སྤེལ་བར་ཆེད་དུ་མངགས་པའི་མགྲོན་གཉེར་དགེ་སློང་། པག་ཤོད་དང་སྔགས་ལྕོག་བླ་མ། རྒྱལ་མོ་བསོད་ནམས་ཆོས་འཛོམས་སོགས་ལ་ཇ་གྲལ་བཏང་ཞིང་ཤག་ཤར་པའི་སྤུན་གཞོན་པའི་སྐྲ་ཕུད་བླངས་ཏེ་མིང་ཚེ་དབང་དཔལ་བཟང་དུ་བཏགས། ཉེར་ལྔ་ནས་བདུན་གཉིས་ཀྱི་བར་བསྙེན་པ་ཁ་གསོ་བྱས་པ་གྲོལ་ནས་དབུ་མཛད་ངག་དབང་ཕུན་ཚོགས། བྲག་གདོང་ཆོས་མཛད་བློ་བཟང་ཚེ་དབང་། ནམ་མཁའ་གྲགས་པ་གསུམ་ལོག་ཏྲི། རྣམ་གླིང་ཆོས་མཛད་ངག་དབང་བློ་གསལ་ཕུར་པ། གོང་དཀར་བསླབ་གསུམ་དང་ཞལ་ཏ་བའི་བུ་ལེགས་བཤད་རྒྱ་མཚོ་གཉིས་བཀའ་བརྒྱད། ངག་དབང་ཀུན་བཟང་དང་བློ་བཟང་ཚེ་དབང་གཉིས་ཡང་བཟློག །བྱམས་པ་ནོར་བུ་རྡོ་རྗེ་གྲོ་ལོད་རྣམས་ཀྱི་བསྙེན་པ་བྱེད་པའི་དམིགས་སྐོར་ཕྱག་ལེན་བཅས་བསླབས་ནས་མཚམས་བསྡམ་བཅུག །ཆོས་འཁོར་རྒྱལ་གནས་སྲུང་གིས་བསྐུལ་བའི་རྩེ་ཤོད་ཐུན་མོང་གི་རིང་འཚོའི་ཚིགས་བཅད། ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་གྲ་ཚང་ལ་ཞིང་བཅུ་བཞི་སྦྱོར་འཇགས་མཛད། དེ་ལྷང་ལྷང་བྲག་གི་གཏེར་བྱུང་དང་རྒྱ་ཅན་ཕྱོགས་མཐུན་དགོངས་དོན་རྣལ་འབྱོར་དང་འབྲེལ་བའི་རིང་འཚོའི་ཚིགས་བཅད་བསྟན་པ་ནམ་གནས་བར་རྒྱུན་འཛུགས། བྱང་


GLG007_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་བློ་བཟང་ལྷུན་གྲུབ་མ་སྲུ་དང་བཅས་པའི་ངོར་གྲ་ཚང་དང་དགེ་འཕེལ་རི་ཁྲོད་སོ་སོར་རྒྱུན་འཛུགས་ཀྱི་རིང་འཚོའི་ཚིགས་བཅད། དབུ་མཛད་ཀྱིས་ཀརྨ་གུ་རུ་དང་ཡང་གསང་དྲག་པོ་བཞེངས་པའི་རྒྱབ་ཡིག །གསང་གླིང་སྔགས་རམས་པ་ངག་དབང་ལེགས་ལྡན་གྱིས་བསྐུལ་བའི་རིང་འཚོ། བློ་བཟང་དགེ་འདུན་གྱི་ངོར་བླ་མའི་རྣལ་འབྱོར། དགེ་སློང་འཇམ་དབྱངས་གྲགས་པས་བསྐུལ་བའི་རི་བོ་བདེ་ཆེན་དུ་འཛུགས་རྒྱུའི་སྨན་བླའི་ཇ་མཆོད། ཟུར་འཕྲིན་ལས་རྣམ་རྒྱལ་གྱི་འདོད་པ་བཞིན་མཚན་བརྒྱད་དང་འབྲེལ་བའི་བླ་མའི་རྣལ་འབྱོར། བློ་བཟང་ཐུགས་རྗེའི་ངོར་དུས་འཁོར་བཤད་པའི་འགོ་རྒྱངས། བྱིང་པ་བྱམས་པ་ནོར་བུའི་ངོར་རྡོ་རྗེ་གྲོ་ལོད་ཀྱི་བསྙེན་ཡིག་རྟ་ལྗང་དབང་པོ། རི་སྒོ་དགེ་འདུན་རབ་བརྟན་གྱི་ངོར་ས་སྐྱོང་བློ་བཟང་སྦྱིན་པའི་བརྟན་བཞུགས། རྡོ་རྗེ་བྲག་རིགས་འཛིན་སྤྲུལ་པའི་སྐུའི་ཐུགས་དམ་སྤེལ་ཆེད་རྟ་མགྲིན་ཡང་གསང་ཁྲོས་པའི་བསྙེན་ཡིག་ཡིད་བཞིན་དབང་གི་འདོད་འཇོ་རྣམས་བྲིས། ཧོར་ཟླ་བརྒྱད་པའི་ཚེས་གསུམ་ལ་རྒྱལ་ཚབ་སྤྲུལ་སྐུས་རང་གི་ཆིབས་པ་ལེགས་ངེས་ལྔས་ཐོག་དྲངས་པའི་བཅོ་ལྔ་དང་། ཞྭ་དམར་སྤྲུལ་པའི་སྐུས་ཀྱང་ཆིབས་ཆེན་བཞི་ཐེ་བའི་ཉི་ཤུ་རྩ་གཅིག་སྩལ། །ཚེས་བཞིར་སེ་འབྲས་ལྷ་ས་བཅས་པར་ལོ་མཉམ་གང་ཡོད་ཀྱི་སྟེང་སྦྲུལ་ལོ་པས་ཁ་བཀང་སྟེ་བརྒྱ་རྩ་བརྒྱད་ལ་སྟོན་མོ་བཟབས་རྒྱས་དང་གྲ་པ་གང་ཡིན་བཅུ་རེར་ཡ་ཇུ་བར་ཁག་རེ་དང་། མི་ནག་ཉི་ཤུར་བར་ཁག་རེའི་རྩིས་ཀྱི་གོས། ལྷ་སར་བློ་གསལ་གླིང་པ་བཅོ་ལྔས་ཀླུ་འབུམ་བཞི་བརྒྱ་དང་ང་བདུན། སྒྲོལ་མ་བརྒྱ་དང་བདུན་ཅུ། མཚན་བརྗོད་བརྒྱ་དང་བདུན་བཅུ།


GLG007_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཤེར་སྙིང་བཞི་བརྒྱ་ལྔ་བཅུ། ཇུས་རིམ་དུ་གྲ་ས་ཕན་ཚུན་སོ་སོར་ཇ་བཅུ་རེའི་ཐོག་ཤེར་སྙིང་འགྲོ་གང་ཆེའི་མདོ་སྒྲུབ། གེ་རེ་དཀའ་བཅུའི་ཚ་བོར་ཚ་བ་མཛོ་སྒང་ནས་དུད་རྐང་འབྲིང་སྟོང་བཅུ་གཉིས་ལག་འབབ་དང་བཅས་བྱིན། ཚེས་བཅུ་གསུམ་ལ་ལྷོ་མོས་ནས་ཆོས་རྗེ་དབོན་རིན་པོ་ཆེ་ཨཥྚའི་གཞི་བསྙེན་གེགས་མེད་གྲོལ་ནས་བྱོན་པ་དང་མཇལ་གསུང་གླེང་ཞིབ་པར་བྱུང་། ཚེས་བཅུ་བདུན་ནས་ཉིན་གསུམ་ཀྱི་བར་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་བསྟེན། ཚེས་བཅོ་བརྒྱད་ལ་རླུང་དམར་གྱི་འཁོར་ལོ་ནན་ཏན་བསྒྲུབས་པ་སྔགས་རམས་པ་ལེགས་འབྱོར་དང་ངག་དབང་ཕུན་ཚོགས་ཕག་རིར་འཛུགས་པར་རྫོང་བདའ་བགྱིས། ཚེས་ཉི་ཤུར་ཨུལ་ཇོའི་ཐུ་པཱ་ཐུར་ཐའི་ཇི་རྒྱ་མཚོ། དཔོན་ཆུང་སན་བི་ལིག །ཇའི་སང་གཉིས། མི་བཟང་བཞི་བཅུ་སྐོར། ཨ་པ་ལའི་གྱི་དཔོན་མོ། དུར་ཕོད་ཆོག་ཐུའི་བུ་བསྟན་འཛིན། ཨེར་ཁེ་ཆོས་རྗེ། ཁལ་ཁ་གཡས་རུ་དའི་ཆིན་ཨོ་པ་ཤི། དཔོན་མོ་བུ་བཅས། དགའ་ལྡན་ཁ་དན་པཱ་ཐུར་གྱི་བསྔོ་རྟེན་སྐྱེལ་མི། ནོ་གོན་དྷ་ར། ཀུན་འཛིན་ཁ་དན་པཱ་ཐུར། མ་ཁ་བཱ་ཁན་དགེ་ཚུལ། ཨེར་ཏེ་ནི་ཐོ་ཡོན། བིང་ཐུ་ཐའི་ཇི། ཨེར་ཏེ་ནི་པཱ་ཐུར། ཨོ་རོད་ཇོང་གར་ཨེར་ཏེ་ནི་འབུམ་རྡོ་རྗེ། ཨེར་ཏེ་ནི་པཱ་ཐུར་ཐའི་ཇི། ཨོད་ཁོན་སོགས་ཀྱི་མི་སྣ། དཔལ་འཁོར་ཆོས་སྡེའི་མཁན་ཟུར། འཕན་ཡུལ་ལྷ་ཁང་བླ་གཉེར། རི་ཁྲོད་དགའ་ལྡན་ཟུར་པ་བློ་བཟང་རྣམ་རྒྱལ། མྱུག་ཆོས་གླིང་གི་བླ་མར་འགྲོ་མི་རབ་འབྱམས་པ་དཔལ་ལྡན།


GLG007_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མོ་བའི་མགྲོན་གཉེར། ཁོ་ཁོམ་དང་གུ་གེའི་མི་སྣ་རྣམས་དང་ཕྲད་ཅིང་ཡིག་ངག་བླངས། བཀྲ་ཤིས་པཱ་ཐུར་ཐའི་ཇིས་གསེར་ཞོ་བརྒྱ་ལས་གྲུབ་པའི་ཕོར་པ་སྡེར་བཅས། ཇ་ཁོར་དྲུག་མ་བརྒྱ་དང་བཅུ་གསུམ། དངུལ་གོས་དར་སོགས་སྟོང་ཕྲག་བཏེག །དེ་ཐོག་བྱང་ངོས་པ་དང་གཞིས་ཀ་ཤར་མཆིས་བྲང་དང་བཅས་པས་དཀར་དྲོ་སྤོམས་སུ་བསྟར་ཞིང་ཕྱི་དྲོ་ཐོག་སྟེང་ནས་ཆས་པ། རི་རྩ། ཀླུ་འབུམ་སོགས་ཉིས་བརྒྱ་སྐོར། སོག་དམངས་བརྒྱད་བརྒྱ་ལྷག་བཅས་ལ་མེ་ཏོག་གཏོར་ཞིང་བཀའ་བརྒྱད་སྦུག་པས་རྟ་བཅུ་གཉིས་དང་དྲེའུ་བརྒྱད་བྱུང་། ཉེར་དགུར་འ་ཞ་མཁྱེན་རབ་རྣམ་རྒྱལ་འཁོར་ཞག་ནས་འཁོར་བ་དང་ཕྲད་ཅིང་ཟུར་ཆེན་སྤྲུལ་སྐུར་ཟུར་གསོས་ནས་མཁར་ཁལ་བརྒྱད་ཅུ། ཇ་ནག་པོ་བར་ཁག་གཉིས་དང་ཏཱ་ཚཱ་སྦག་གཅིག །མར་ཁལ་བཅུ་སཾ་ཊ་བཅས་སྐྱེལ་བར་བཏང་། ཨཱ་ཙཪྻ་ནེ་ཙ་ལ་པུ་རིར་གསེར་ཞོ་བཞི། དྷཱ་ནུ་ཏེ་ཝ་ཏི་ལ་གསེར་ཞོ་དོ། ར་གུ་ནཱ་ཐར་གསེར་ཞོ་གསུམ་རེས་གཙོས་ཚན་གྲངས་ཟུར་ཆས་དང་བཅས་པའི་བདག་རྐྱེན་སྤྲད། གནམ་གང་ལ་སྐྱར་པོ་བ་རྡོ་རྗེ་དབང་ཕྱུག་འཁོར་བ་དང་ཕྲད་ཅིང་རྒྱུ་མཚན་མང་དག་བྱུང་། དར་མོ་སྨན་རམས་པའི་སར་འདར་ལོས་འཕགས་ཡུལ་གྱི་གོ་ད་རའི་བེའུ་བུམ་གསར་དུ་བསྒྱུར་བའི་ཆེ་བརྗོད། ངག་དབང་འཕྲིན་ལས་ཀྱིས་གསེར་ཟངས་ལས་ངེད་རང་གི་འདྲ་འབག་བཞེངས་པའི་རྒྱབ་ཡིག །དམ་ཆོས་དབང་རྒྱལ་གྱིས་དགེ་སྐོས་འཇོག་ལ་དངུལ་སྲང་བཅུ་བཞིའི་པད་སྡེར་ཕུལ་བའི་ཁ་བྱང་། དབུ་མཛད་ངག་དབང་ཕུན་ཚོགས་ཀྱིས་ལོག་ཏྲིའི་ཐང་ག་བཞེངས་པའི་རྒྱབ་ཡིག །ཆོས་འཁོར་


GLG007_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྤྱི་ཚོགས་ཀྱི་ངོར་ངེད་རང་དང་སྡེ་པའི་རིང་འཚོའི་ཚིགས་བཅད། ས་སྐྱོང་བློ་བཟང་སྦྱིན་པས་ཤོ་མདོར་བཀའ་འགྱུར་རོ་ཅོག་བཞེངས་པའི་དཀར་ཆག་ཆེ་བརྗོད། ཨ་མདོ་མིན་ཇུ་ཆོས་རྫོང་དགོན་པ་བ་རབ་འབྱམས་འཇམ་དབྱངས་འོད་ཟེར་གྱིས་བསྐུལ་བའི་བུ་ཆོས་ལེའུ་ཉེར་གཉིས་དང་འབྲེལ་བའི་གསོལ་འདེབས། བློ་གསལ་གླིང་གི་བླ་བརྒྱུད་ཁ་སྐོང་གསོལ་འདེབས་རྣམས་བཀོད། ཧོར་ཟླ་དགུ་པའི་ཚེས་གཅིག་ལ་བཀྲ་ཤིས་རྩེ་ཆོས་རྗེ་དབོན་ལ་གསུང་ངག་བླ་མ་བརྒྱུད་པའི་བྲིས་ཐང་གྲ་ཚར་ལེགས་པ་དང་བཅས་པའི་སྐྱེས་དབུལ་ནས་ལྷོ་མོས་སུ་སྟན་ཆགས། ཧོར་ཨ་མདོའི་དཔོན་དབང་རྒྱལ། དཔང་རྒྱལ། བཟུང་མོ། བཙན་རྒོད་དར། གསེར་སྦར། དབང་གྲགས་ཅན་ཉིས་བརྒྱ་སྐོར་ལ་ཇ་གྲལ་བཏང་ཞིང་རྟ་སུམ་བརྒྱ་ཉི་ཤུ་བྱུང་། ཚེས་ལྔར་འཕགས་ཡུལ་ཝ་ར་ཎཱ་སིའི་བྲམ་ཟེ་ཛ་ཝནྟི་དང་ག་ཎེ་ཤ་ཏེ་བ་རི་གཉིས་ལ་ཇ་གྲལ་ཐོག་འདོད་ལྷ་གང་ཡིན་དང་ཡོན་ཏན་ཅི་ཤེས་སོགས་དྲིས་པར་སྲིད་སྒྲུབ་ཀྱི་རིག་བྱེད་ཤེས་ཤིང་ཡི་དམ་ཁྱབ་འཇུག་གི་རྗེས་སུ་ཞུགས་པ་ཡིན་ཚུལ་སོགས་ཟེར། ཛི་ཝནྟིར་གསེར་ཞོ་གསུམ། ཇ་བར་ཁག །སྣམ་དཀར། ག་ཎེ་ཤར་གསེར་ཞོ་བཞི། སྣམ་དཀར། སོ་སོར་ཟུར་ཆས་སོགས་འདོད་དོན་བསྒྲུབས། ཚེས་བརྒྱད་ལ་མངའ་རིས་གྲ་ཚང་། གསང་སྔགས་ཆོས་འཁོར་བ། ཚེར་གསེབ་དགོན་པ་གསུམ་སོ་སོ་ནས་དངོས་པོ་རང་འབྱོར་དང་བསྟུན་ཐོག་རིང་འཚོའི་ཚིགས་བཅད་རྒྱས་པར་གསུངས། གསང་སྔགས་ཆོས་འཁོར་བར་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་སྒོམ་ལུང་


GLG007_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིས་ནས་ཞག་བཅུ་བཞིའི་བར་འཁོར་ལོ་འབར་བའི་སྒྲུབ་པ་དང་བཅས་སྨིན་རྒྱས་བྱས། ཨུལ་ཇོའི་ཐུ་པཱ་ཐུར་ཐའི་ཇི་འཁོར་བཅས། རྒྱལ་པོའི་ཐ་གུ་སུ་ཨེར་ཏེ་ནེ་ཇའི་སང་། པཎྜི་ཏ་ཀླུའི་རྒྱལ་མཚན་གྱི་བསྔོ་རྟེན་སྐྱེལ་མི། སེ་ར་སྨད་སློབ་དཔོན་གསར་འཁོད། གསུང་རབ་གླིང་སློབ་དཔོན་པ་གུང་ཐང་ལོ་ཙཱ་བ། གྲོག་ཁང་སྟེང་བླ་ཟུར། ཉང་རེ་བྲག་ཡག་སྐུ་སྐྱེ་ཆུང་བ་ཐོན་གདོང་། བྷྲུཾ་པ། གཟིམས་ཤག་བྱང་པ་སྤུན། ཡམ་བུའི་མི་སྣ་སོགས་བརྒྱ་སྐོར་དང་ཕྲད། ཡམ་བུའི་སྐྱེས་སྨན་ཁྲོག་ཕོན་ཆེ་བ་དང་རྒྱ་གར་གྱི་ཕུག་རོན་གཉིས། རས་རྣམ་གྲངས་ཤིན་ཏུ་མང་བ་སྣང་། ཕྱི་དྲོ་གཙང་སྟོད་ཞ་ལུའི་ཆོས་གྲ་ནས་མཁན་ཆེན་ཀུན་སྤངས་པ་ཕེབས་པ་དང་མཇལ། ཚེས་བཅུར་ཁལ་ཁ་གཡས་རུ་ད་ལའི་ཨོ་པ་ཤིས་གཙོས་བསྙེན་རྫོགས་བཅུ་གཉིས། དགེ་ཚུལ་གཅིག་བསྒྲུབས། ཚེས་བཅུ་གཉིས་ཆད་པའི་བཅུ་གསུམ་གྱི་གཟའ་སྐར་བཟང་པོར་ཁྱབ་བདག་ཞ་ལུ་པ་ཆེན་པོ་དགའ་ལྡན་ཁང་གསར་དུ་ཐེགས། རྡོ་རྗེ་བྲག་ནས་རིགས་འཛིན་སྤྲུལ་པའི་སྐུས་དགོས་ཚུལ་ལྟར་འཇམ་དཔལ་ཁྲོ་ཆུ་དུག་སྡོང་གི་བསྙེན་ཡིག་རིན་ཅེན་ཀེ་ཏ་ཀ །སྟག་ལུང་ཕྱག་མཛོད་བློ་བཟང་ངག་དབང་གི་ཕྱི་རྟེན་ཡུམ་ཆེན་བརྒྱ་ཐང་གི་རྒྱབ་ཡིག །འཕྱོས་པ་ནམ་མཁའ་རྒྱ་མཚོའི་ངོར་རིང་འཚོའི་སྨོན་ལམ། འདར་པ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་པཎ་ཆེན་དགེ་འདུན་གྲུབ་སོགས་འཁྲུངས་རབས་ཐང་ག་བཞེངས་པའི་རྒྱབ་ཡིག་སྐྱེ་བར་རྗེས་འཛིན་དགོས་ཚུལ་བཞིན་ངོ་འཛིན། རྣམ་གླིང་བསླབ་གསུམ་རྒྱ་མཚོས་བསྐུལ་བའི་རིང་འཚོའི་ཚིགས་བཅད། བྲག་གདོངས་སྔགས་རམས་པ་བློ་བཟང་ཚེ་


GLG007_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་ངོར་བླ་མ་ཡི་དམ་དབྱེར་མེད་ཀྱི་གསོལ་འདེབས། ལྷ་ས་བ་ངག་དབང་དཀོན་ཅོག་གིས་བསྐུལ་ནས་རྗེ་དགེ་འདུན་གྲུབ་ཀྱི་འཁྲུངས་རབས་ལྔ་ཚར་བཞེངས་པའི་རྒྱབ་ཡིག །གསོལ་དཔོན་གེ་ར་བའི་ངོར་སྒྲོལ་མ་བཅས་ཐང་ག་གསུམ་གྱི་རྒྱབ་ཡིག །གྲོང་སྨད་ཀྱི་གཞིས་ཀ་མཚོ་སྨད་ཁང་གསར་དང་སྨོན་གྲོང་གཉིས་ཀྱི་བགས་དེབ་དང་ཤས་དེབ་གཉིས་ཀྱི་འགོ་བརྗོད། དཔོན་མོ་ཚེ་རིང་གིས་བསྐུལ་བའི་སྨོན་ལམ། སྒྱིད་ཐང་ནོར་བུས་རྒྱལ་བ་དགེ་འདུན་གྲུབ་ཀྱི་སྐྱེས་རབས་བཞེངས་པའི་རྒྱབ་ཡིག །མདོ་གཞིས་སྡོད་གཉིས་ཀྱི་ངོར་སྨོན་ལམ། ལྷ་ས་བ་ངག་དབང་མཁས་བཙུན་གྱི་ཕྱི་རྟེན་དུ་ཐུབ་དབང་སྟོང་ཐང་བཞེངས་པའི་རྒྱབ་ཡིག །བླ་མ་སངས་རྒྱས་བཀྲ་ཤིས་ཀྱི་སྐུ་སྐྱེ་གྲགས་པ་ཆོས་འཛིན་གྱིས་བསྐུལ་བའི་རིང་འཚོ་དང་གསོལ་འདེབས་རེ། གནང་བྱུང་ཆོས་མཛད་ངག་དབང་མཁྱེན་བརྩེའི་ངོར་ཀརྨ་གུ་རུའི་འཕྲིན་ལས་གཟི་འོད་སྟོངས་འབར། གཏོར་ནག་གི་ལས་མཐའ་གནམ་ལྕགས་སྤུ་གྲི། འཕྲིན་ལས་དྲག་པོའི་སྲོག་གཏད་བྱིན་རླབས་སྤྲིན་ཕུང་རྣམས་བྲིས། ཚེས་བཅོ་ལྔར་ཐོད་རི་བཤད་སྒྲུབ་གླིང་པའི་གྲ་པ་ངག་དབང་ཆོས་ལྡན། ཚོགས་གཉིས་རྒྱ་མཚོ། ཐུབ་བསྟན་རྒྱ་མཚོ། བྱམས་པ་རྒྱ་མཚོ། ཐབས་མཁས་རྒྱ་མཚོ་རྣམས་ཀྱིས་ཕར་ཕྱིན་སྤྱི་དོན་མཐའ་གཅོད་དང་བཅས་པའི་རྒྱུགས་སྤྲད། བློ་སྦྱོང་ལྟར་ན་ན་དགའ་ཤི་སྐྱིད་ལས་ཐབས་བཅོས་མང་བྱ་མི་རུང་ནའང་རང་གཞན་ཐམས་ཅད་རིང་པོར་མ་འཚོ་དོགས་རིམ་གྲོའི་སྐུལ་མ་བྱུང་བ་བློས་བླངས་ཏེ་རྫོང་གཞིས་ཁག་ཁ་ཤས་ནས་སྨན་བླའི་མདོ་ཆོག་ལྔ་ཁྲི་བཞི་སྟོང་སུམ་བརྒྱ། ཕྱག་འཚལ་ཉེར་གཅིག་ཆིག་


GLG007_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་བརྒྱད་སྟོང་བདུན་བརྒྱ་ཉི་ཤུ། གདུགས་དཀར་སུམ་སྟོང་། ཤེར་སྙིང་བཞི་ཁྲི་བརྒྱད་སྟོང་བདུན་བརྒྱ་ཉི་ཤུ། ཡིག་དྲུག་དུང་ཕྱུར་གསུམ་བྱེ་བ་གཅིག་ས་ཡ་གསུམ་བཞི་འབུམ། ཚེ་གཟུངས་ཉིས་འབུམ་ཉི་ཁྲི་བརྒྱད་བརྒྱ། པོ་ཏ་ལའི་ཞོལ་དུ་གསང་སྔགས་ཆོས་འཁོར་པ་གྲ་པ་ཉི་ཤུ་རྩ་བདུན་གྱིས་ཞག་བཅོ་ལྔའི་བར་ཕྱིར་བཟློག་འཁོར་ལོ་འབར་བ། སྡེ་པའི་རིམ་གྲོར་གངས་ཅན་ཆོས་འཕེལ་བས་སྒྲོལ་མ་ཉིས་འབུམ་ལྔ་ཁྲི་བདུན་སྟོང་དྲུག་ཅུ། གསེར་འོད་དྲུག་བརྒྱ། ཡུལ་ལྷ་གཞི་བདག་ལ་གསོལ་མཆོད། ཇུས་རིམ་ལ་སེར་འབྲས་གཉིས་བསྡོམས་པར་སྒྲོལ་མ་ས་ཡ་གཅིག་དང་ལྔ་སྟོང་དགུ་བརྒྱ། འབྲས་སྤུངས་སྔགས་ཁང་དུ་རྒྱུད་སྟོད་པ་བཞི་བཅུས་ཞག་དྲུག་པར་ཤཱ་ས་ན་འགྲོ་གང་ཆེའི་འཇུག་ཕྱག་དྲུག་པའི་གློ་བུར་ལས་བཅོལ་གྱི་གཏོར་བཟློག །ནད་རིམས་ཞི་བྱེད་ལ་དབུས་གཙང་གི་རྫོང་མགོ་ཆེ་ཁ་རྣམས་ནས་མ་མདོས། རྒྱལ་མདོས། བསྟན་མ་བཅུ་གཉིས་ཀྱི་མདོས་ཡས་རྣམས་ལྷོ་ནང་དུ་བསྐྱལ། པོ་ཏ་ལའི་ཞོལ་ནས་ངེས་གསང་རྡོར་གླིང་པ་གྲ་སློབ་ཀྱིས་ལྷ་འདྲེ་སྟོང་དྲའི་མདོས་ཆེན། ཡུལ་ཁམས་སོ་སོར་སྨེ་བརྩེགས་ཀྱི་ཁྲུས་གསོལ། དགྲ་ལྷ་དཔངས་བསྟོད་རྣམས་བཏང་། གངས་ཅན་ཕན་བདེའི་རྩ་ལག་དམ་པ་ཕ་བོང་ཁ་འདི་ཉིད་དར་རྒྱས་ཆེ་ན་སྤྱི་སྒེར་ཐམས་ཅད་ལ་སླེབས་ཆེ་བ་སངས་རྒྱས་གཉིས་པ་ཨྱོན་ཆེན་པོའི་ལུང་བསྟན་ནས་གསལ་བ་ལྟར་ཆོས་གཞིས་སུ་ཉང་བྲན་རྐ་མ་བ་ཅན་དུད་གསུམ་ལག་ཡོང་མཁའ་རུའི་ཁལ་དྲུག་ཅུ་རེ་བརྒྱད་སྐོར་ཐོན་ཁུངས་ཀྱི་སྦྱོར་འཇགས། བན་པ་ཐེག་ཕྱིར་དཀོན་གཉེར་རྙིང་པ་གཉིས་སྟེང་གསར་འཕར་དྲུག་བཅས་བརྒྱད་


GLG007_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

གྲས་སྨན་བླ་རྒྱུན་འདོན་གྱི་ཕོགས་ཇ་ཐུག་དང་། ས་སྤྲེ་ནས་མཆོད་པ་སྣ་ལྔ་བཅུ་ཚར་ཡོད་ཐོག་ལྔ་བསྣན་པའི་བཅོ་ལྔ་སྟར་ཆགས་སུ་བཙུགས། ལ་ཕྱི་རྡོར་འཛིན་པའི་ཆོས་གཞིས་བཀྲ་ཤིས་སྒང་ལ་གཏན་ཚིགས་ཁུངས་ཐུབ་མེད་པར་བརྟེན་སྙེ་ནང་འཕེལ་རྒྱས་གླིང་ཆོས་གཞིས་སུ་ཆོད་པའི་ཚབ་ཤེལ་དཀར་ནས་ལོ་སྟར་འབྲུ་ཁལ་སུམ་བརྒྱ་རེའི་གཤོར་འདེབས། ལྷ་ཁང་སྟེང་གི་ཆོས་གཞིས་ལ་ཕན་ཚུན་རྩོད་རེས་ཀྱི་རྨུ་ལེ་སྔགས་རམས་པའི་དབོན་པོ་བསམ་གཏན་བཟང་པོར་སྒེར་འཇགས་དང་། དེ་ཚབ་བླ་མ་འཇམ་དབྱངས་བཀྲ་ཤིས་ཀྱི་སྐུ་སྐྱེ་དང་རྨུ་ལེ་རབ་འབྱམས་པ་མཐུན་མོང་ལ་མི་ཉག་བརྒྱུད་རྨུ་ལེ་དང་འབྲེལ་མཚུངས་ནས་དུད་སུམ་བརྒྱ་སྐོར་མི་གྲ་ཡོང་འབབ་དང་བཅས་པ་སྤྲད། ཤར་དར་རྩེ་མདོ་རྒྱ་བོད་ཀྱི་ས་མཚམས་འདུ་སྒོ་ཆེ་ཞིང་འདོད་དགུ་འབྱུང་བའི་ཡུལ་གཞན་ལས་ཆེས་ཆེར་རྨད་དུ་བྱུང་ནའང་འདི་ཕྱིའི་བདེ་འབྲས་མ་ལུས་པ་འབད་མེད་དུ་སྩོལ་བའི་མཆོད་ཡུལ་རྣམ་དག་མི་འདུག་གཤིས་ཕྱོགས་དེར་གནས་པའི་སྐྱེ་རྒུ་རྣམས་མངོན་མཐོ་ངེས་ལེགས་ཀྱི་སར་བཀྲི་བའི་བྱེད་པ་པོར་སྔགས་གྲ་དགའ་ལྡན་འགྲོ་ཕན་གླིང་གི་ཆོས་སྡེ་གསར་ཙུགས་དགེ་འདུན་ལྔ་བཅུ་སྐོར་ལ་ཕོགས། ཚོང་པ་རུ་བ་སོགས་འཛིན་ཚུགས་བཟང་བ། ཀོང་པོ་སྤུང་དཀར་བར་བྱ་ལོ་ཕན་བདེ་བས་འཛིན་ཤུལ་མཚོ་ཆུ་བྱེ་སྟོད་ཡོད་སྟེང་མདོ་ཆེན་དགོན་གསར་རྩ་འཇགས་ངོས་མཚོ་ཆུར་དགེ་འདུན་བརྒྱད་གྲ་རེ་གསར་བཙུགས་ཀྱིས་སྨན་བླ་དང་ཀུན་རིག་གང་རུང་གིས་སྡེར་ཕན་ཐོགས་ཡོང་བ་དགོས་ཚུལ་ལྟར་ཕོགས་ཇ་ཐུག་གི་མཐུན་རྐྱེན་


GLG007_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བསྟར་ཞིང་ཨ་མདོ་འབུ་མིས་རྟ་ཉེར་དྲུག་དང་དབང་རྒྱལ་ཅན་དྲུག་སྡེ་བཅས་ཀྱིས་ཉིས་བརྒྱ་གྱ་བརྒྱད། གསེར་ཐོག་རབ་འབྱམས་པས་ཉེར་གཅིག །པཱ་རས་ནང་སོ་ཅན་གྱིས་བཅུ་དྲུག་དང་དབོན་པོས་ཉི་ཤུ། ཟུང་ཆུ་རྫན་ཚ་སྐུ་སྐྱེ་ཅན་གྱིས་བཅུ་བདུན་རྣམས་བྱུང་། ཚེས་བཅུ་བདུན་ལ་རྟ་ར་མདོ་པ་ངག་དབང་ལྷུན་གྲུབ་དང་སྤུན་བདུན་པ་ལྷུན་གྲུབ་རྒྱ་མཚོ་གཉིས་ཀྱིས་བདོག་པའི་སྐྱེས་བཟང་འགྱེད་བཅས་བསྐྲུན་ཏེ་གྲ་ཚང་ནས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པའི་རྟེན་འབྱུང་བསྒྲིགས། ཚེས་བཅུ་དགུར་ཁལ་ཁ་གཡས་རུ་དའི་ཆིང་གི་མི་སྣ་དང་དགའ་ལྡན་དའི་ཆིང་བོ་ཤོག་ཐུ་ཇི་ནོང་གི་ན་ཆི་ཅན་བརྒྱད་ཅུ་སྐོར་ལ་ཇ་གྲལ་བགྱིས། ཉེར་གཉིས་ལ་འོལ་དགའ་རྫིང་ཕྱི་བ་དགེ་འདུན་རགས་བསྡུས་ཀྱིས་མར་གཙོར་བཏོན་གྱི་སྐྱེས་བསྟར་ཏེ་མི་འགྱུར་བའི་བདེན་ཚིག་བརྗོད་རྗེས་སྣེ་མོ་བ་ཚོར་བྱིན་རླབས་དང་དམངས་ལ་མེ་ཏོག་གཏོར། མཚན་སྒྲོག་མཁན་པོ། གཡོན་རུ་སྐུ་སྐྱེ། བོ་དོང་འཆི་མེད་སྐུ་སྐྱེ། མཚལ་མཐའི་ཇི་གྲགས་པ། སྟག་རྩེ་ཐའི་ཇི་ལྷ་རྒྱལ་རབ་བརྟན། འགའ་ཤིང་རབ་འབྱམས་པའི་ཚ་བོ་ལང་ཇུ་བླ་མ། ཞང་སྟོན་རི་ཁྲོད་པའི་བུ། ཨ་མདོ་སྨད་པ། པཱ་རས། ལང་ཇུ། འ་ཤུར་སོགས་ཀྱིས་རྟ་བཞི་བརྒྱ་སྐོར། མཚམས་ར་བློ་བཟང་དོན་གྲུབ་ཅན་གྱིས་སོ་བརྒྱད། དཀའ་བཅུ་རིན་ཅེན་བློ་གྲོས་ཅན་གྱིས་ཉེར་གཉིས་རྣམས་བྱིན་ཅིང་ཐམས་ཅད་ལ་ཇ་གྲལ་གྲོལ་རྗེས་ཚོམས་ཆེན་སྟེང་ནས་མེ་ཏོག་གཏོར། མདུད་པ་དམ་རྫས་སོགས་ཀྱི་སྟེར་ཆ་གང་འཚམ་དང་བཅས་བཤུལ་རིང་བགྲོད་པ་རྣམས་ཀྱི་འདོད་པ་བཀང་


GLG007_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

འདར་པ་ཁུ་ཚན་འཁོར་ཞག་ལ་འགྲོ་ཁར་མགོན་པོ་ཞལ་གྱི་བཀའ་བསྒོ་སྟེར་ཆ་དང་བཅས་ཐོན། ཉེར་གསུམ་སྔ་མ་ནས་ཕྱག་རྡོར་འབྱུང་འདུལ་གྱི་བསྙེན་པ་ཁ་གསོ་བདུན་ཕྲག་བར་བྱས། ཉེར་དགུ་ནས་གྲ་ཚང་གིས་ཨྱཻ་རིང་འབུམ་ཐེར་དང་། གནམ་གང་ལ་ལྷ་ལྡན་བསྙེན་གནས་མ་ཚོ་ཡན་ལག་བརྒྱད་པའི་སྡོམ་པར་བཀོད། ཧོར་ཟླ་བཅུ་པ་སྔོན་མའི་ཚེས་གཉིས་ལ་མཚན་སྒྲོག་མཁན་པོ། ཡེར་པ་དང་རི་ཁུད་སློབ་དཔོན་པ། ཡང་དགོན། ཐར་པ་གླིང་པ། རྒྱང་རོ་གསེར་སྡིངས་གསུམ་གྱི་བླ་ཟུར། ནོ་མུན་ཨེ་ཇེན་གི་ནོ་ཡོན་ཁུ་ཐུག་ཐུ། ཨེར་ཁེ་དའི་ཆིང་། མེར་གན་ཆོས་རྗེ། ཨོ་རོད་བསོད་ནམས་ཧུང་ཐའི་ཇི་དཔོན་མོ་བུ་བཅས། ཁལ་ཁ་ཨོ་རོད་ཀྱི་མི་སྣ་མང་བར་ཇ་གྲལ་ཐོག་གསར་འབྱོར་རྣམས་ཀྱིས་གསེར་དངུལ་ཇ་གོས་དར་རས་སྒ་སོགས་དངོས་པོ་སྟོང་ཕྲག་ཏུ་ལོངས་པ་བྱིན། དམངས་བརྒྱད་བརྒྱ་སྐོར་ལ་ཚོམས་ཆེན་སྟེང་ནས་མེ་ཏོག་གཏོར། ཕྱི་དྲོ་ཁལ་ཁའི་དཔོན་ཁག་གཉིས། མེར་གན་ཆོས་རྗེ། ཏྲེ་བོ། ཀ་ཐོག་བླ་མ་སོགས་ལ་ཚེ་དཔག་མེད་ལྷ་གཅིག་མའི་ཚེ་དབང་། མགོན་པོའི་རྗེས་གནང་བར་གཅོད་ཀུན་སེལ། སོག་དམངས་སྤྱིར་ཐུགས་རྗེ་ཆེན་པོ་སྐྱེར་སྒང་ལུགས་ཀྱི་རྗེས་གནང་། ཨེར་ཏེ་ནི་འབུམ་གྱི་མི་སྣ་གཉིས་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཕབ། ཚེས་གསུམ་ལ་རྒྱལ་མོ་བསོད་ནམས་ཆོས་འཛོམ་དང་ཤག་བྱང་པའི་ནང་ཚང་ལ་ཇ་གྲལ་བཏང་། འདི་ཉིན་ནས་བཟུང་ཞག་བརྒྱད་བར་གྲ་ཚང་ནས་འདོད་ཁམས་དབང་ཕྱུག་མ་དང་རྒྱལ་པོ་


GLG007_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་རྣམ་ཐོས་སྲས་ལ་མཆོད་གཏོར་སྤྱན་གཟིགས་སྔོན་འགྲོའི་བསྐང་བཤགས་རྒྱས་པར་བསྟར། ཚེས་བཞི་ནས་རྐང་ལག་གི་ནད་རོ་མི་ལྡང་བའི་ཆེད་གཏེར་སྒྲོམ་གྱི་ཆུ་མཚན་ཉིན་བདུན་གྱི་བར་བསྟེན། ཚེས་དྲུག་ལ་བྲམ་ཟེ་དེ་བ་ནནྡས་རུས་སྦལ། བྱ་མེ་ན། བ་བླ་ཁུར་གཅིག་བཅས་བྱུང་བར་གསེར་སྲང་དོ། ཇ་ཁོར་གསུམ། གོས་ཁ་བདུན། སྣམ་དམར། ལམ་ཡིག །ཟུར་གསོས་སོགས་དང་། ཀརྐ་རཱ་མ་ཤྲཱིར་གསེར་ཞོ་གསུམ། ཇ་བར་ཁག །གོས་ཁ་གསུམ། ཟུར་ཆས་དང་བཅས་རེ་བ་བཀང་། ཚེས་དགུར་ཁྱབ་བདག་མཁན་ཆེན་ཞ་ལུ་པ་ཆེན་པོ་ཡུན་རིང་འཚོ་ཞིང་གཞེས་ན་སྤྱི་སྒེར་གྱི་བསྟན་པ་དར་རྒྱས་ཆེ་བར་བསམ་ཞབས་བརྟན་གྱི་ཚིགས་བཅད། ན་བཟའ་སྐོར་ཆ་འགྲིག །ཇ་གོས་དར་སོགས་ཚན་གྲངས་དང་བཅས་དགའ་ལྡན་ཁང་གསར་དུ་འབུལ་བར་དགེ་སློང་འཇམ་དབྱངས་གྲགས་པ་བཏང་སྟེ་མི་ཤིགས་རྡོ་རྗེའི་ཁམས་སུ་བྱིན་གྱིས་བརླབ་པར་མཛད། ཚེས་བཅོ་ལྔར་ཤར་ཕྱོགས་བསྟན་པའི་སྒྲོན་མེ་དྭགས་པོ་གྲ་ཚང་རགས་བསྡུསཔོ་སྤམས་བསྟོད་བཏེག་ནས་བདེན་ཚིག་དབྱངས་སུ་གྱེར། སྡེ་དྲུག་མཁན་པོ་བློ་བཟང་དར་རྒྱས་ཁལ་ཁ་ནས་འབྱོར་པའི་སྐྱོས་མར་གསེར་དངུལ་ཇ་གོས་དར་རྟ་སོགས་སྟོང་ཕྲག་ཏུ་ལོངས་པ། འགྲུལ་སྡེབས་བཟོད་པ་ཡེལ་དེང་གི་བུ་དང་དལ་མོ་ཁ་ར་ཁོ་ལས་ཀྱི་བུ་ཚེ་བརྟན། ལྷ་བཙུན་བློ་བཟང་བསྟན་འཇིན་གྱི་མི་སྣ་ཨེར་ཏེ་ནི་དགེ་སློང་། ཡེལ་དེང་གི་དལ་ཁལ་ནང་སོ། ཆེ་ཆེན་ཇི་ནོང་གི་དཀའ་བཅུ་ཛེ་ཏ་མུ་ནི། ཨེར་ཁེ་


GLG007_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དའི་ཆིང་གི་ཨེར་ཁེ་ནང་སོ། སངས་རྒྱས་སྐྱབས། ཡོ་ག་རྫ་རི་བླ་མ། བཻ་རོ་ཙ་ན། བློ་བཟང་མགོན་པོ་རབ་བརྟན་སོགས་ཀྱིས་རང་རང་གི་སྟོབས་འབྱོར་དང་བསྟུན་བདོག་པ་གང་ཡོད་བསྟབ། དེ་རྗེས་སེམས་དཔལ་སྤྲུལ་སྐུ། བཀྲ་ཤིས་ལྗོངས་ཆོས་རྗེ། གསེར་མདོག་ཅན་མཁན་པོ། སྒྱེ་ཆུ་མཁན་པོ། མལ་དྲོ་འཆད་ཀ་སྤྱན་སྔ། གསེར་མདོག་ཅན་ཤངས་པ་སློབ་དཔོན་གྲངས་ཆེན་རབ་འབྱམས་པ། གསང་ཕུ་མཆོད་ཁང་བླ་མ། དགུ་གཏར་ཇ་གསར་སྟེར་མི་བདུན་ཅུ་སྐོར་དང་ཕྲད། དྭགས་པོ་གྲ་ཚང་། རྫིང་ཕྱི་མཁན་པོ། གསེར་མདོག་ཅན་མཁན་སློབ་སོགས་ལ་མ་ཎིའི་བཟླས་ལུང་། ཁལ་ཁ་གཉིས་ཀྱིས་གཙོས་རགས་བསྡུས་ལ་ཚེ་དབང་གྲུབ་རྒྱལ་མ་དང་ཕྱག་དྲུག་པའི་རྗེས་གནང་བར་གཅོད་ཀུན་སེལ། སོག་དམངས་ལ་གུར་ནས་བཤད་པའི་འབྱུང་འདུལ་དང་སྤྱན་རས་གཟིགས་གཙོ་འཁོར་གསུམ་པའི་རྗེས་གནང་བསྐུར། སེམས་དཔའ་སྤྲུལ་པའི་སྐུ་འདི་ཉིན་ནས་འདི་གར་རྒྱུན་བཞུགས་མཛད། གསེར་མདོག་ཅན་ཤངས་པ་སློབ་དཔོན་པ་ཤཱཀྱ་ནོར་བུས་རྣམ་འགྲེལ་གྱི་རྩ་བ། ཚད་མ་ཀུན་ལས་བཏུས། སོ་ཐར་གྱི་མདོ། སྤྱོད་འཇུག །དབུ་མ་རྩ་བ་ཤེས་རབ། བཞི་བརྒྱ་པ། འཇུག་པ། འདུལ་བ་མདོ་རྩ། མངོན་པ་ཀུན་ལས་བཏུས། སྡོམ་གསུམ་རབ་དབྱེ། ཚད་མ་རིགས་བསྡུས། མངོན་པ་མཛོད། བྱམས་ཆོས་སྡེ་ལྔ། པཎ་ཆེན་ཤཱཀྱ་མཆོག་ལྡན་པའི་རྣམ་འགྲེལ་གྱི་ཊཱིཀྐ་ཀུན་བཟང་ཆོས་ཀྱི་


GLG007_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་མཚོ་སོགས་ཤོག་བུ་མདའ་ཚད་དགུ་བརྒྱ་སྐོར་གསལ་དག་བྱང་གསུམ་འཛོམ་པའི་རྒྱུགས་སྤྲད་པར་བསྟན་པའི་མིག་རྐྱེན་གོང་འཕེལ་ལ་བསམས་གོས་ཡུག་ཇ་དར་རས་སོགས་ཀྱིས་གཟེངས་བསྟོད། ངེད་རང་རིང་པོར་འཚོ་ཐབས་སུ་སྡེ་པ་སོགས་ཀྱིས་བསྐུལ་མ་བྱུང་བ་བཞིན་འཕྱོང་རྒྱས་ཀྱི་གཟིམས་ཆུང་བཀྲ་ཤིས་བཀོད་པའི་ཚེ་དཔག་མེད་ལྷ་ཁང་དུ་ཨྱོན་སྨིན་གྲོལ་གླིང་ནས་གྲ་པ་བཞི་སྡེ་རེས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཚེ་ཆོག་རྒྱུན་འཛུགས་ཀྱི་ཕོགས་ཡོན་སོགས་བཟང་བ། རྫོང་གཞིས་ཁག་དང་རིང་འཚོ་སྤེལ་བར་བྱོན་ཞོར་བ་ཚོར་བཙུགས་པ་བསྡོམས་བཀའ་འགྱུར་བརྒྱ་དང་དགུ །གསེར་འོད་དམ་པ་ཆིག་སྟོང་ཆིག་བརྒྱ་ཉེར་གཅིག །གསེར་འོད་རྔ་སྒྲ་ཆིག་སྟོང་དྲུག་བརྒྱ། མཚན་བརྗོད་ཆིག་འབུམ་སུམ་སྟོང་། སྒྲོལ་མ་ཉིས་འབུམ་ལྔ་ཁྲི་སུམ་སྟོང་དགུ་བརྒྱ་བརྒྱད་ཅུ། གདུགས་དཀར་ས་ཡ་གཉིས་དང་ཉིས་འབུམ་ཉི་ཁྲི་ཆིག་སྟོང་བདུན་བརྒྱ་བཞི་བཅུ། ཤེར་སྙིང་སུམ་འབུམ་བརྒྱད་ཁྲི་དགུ་སྟོང་སུམ་བརྒྱ་བདུན་ཅུ། ཚེ་གཟུངས་ལྔ་འབུམ་ཉི་ཁྲི་ལྔ་སྟོང་དྲུག་བརྒྱ། དབུས་གཙང་གི་དགོན་ཨང་དང་ལ་འགྱེད་དགེ་འདུན་རེར་གཤོར་ཁལ་གསུམ་རེ། གཉིས་པར་གཉིས་རེའི་རྩིས། མང་ཇ་བསྔོ་རྟེན་དེབ་གསལ་ཐོག་ས་དགེ་གཉིས་ནས་གདུགས་དཀར། དེ་ཕྱིན་སྒྲོལ་ཤེར་ཚེ་གཟུངས་གསུམ་འགྲོ་གང་ཆེའི་འགྱེད་ཁྱོན་བསྡོམས་གཤོར་ཁལ་ཆིག་འབུམ་དྲུག་ཁྲི་ཆིག་སྟོང་བརྒྱད་བརྒྱ་རེ་གསུམ་ཐོབ་པར་འབྲུ་དང་དཔུས་ཆ་གང་འོས། བསྟན་སྲིད་སྤྱི་རིམ་ལ་དྲི་མེད་བཤགས་རྒྱུད་དྲུག་སྟོང་ཉིས་བརྒྱ་དོན་ལྔ། སྒྲོལ་མ་ཆིག་ཁྲི་ལྔ་སྟོང་། ཚེ་གཟུངས་


GLG007_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཁྲི་སུམ་སྟོང་། ཇུས་རིམ་ལ་ས་དགེའི་དགོན་ཁག་རྣམས་སུ་མང་ཇའི་མཐུན་རྐྱེན་གཏང་པའི་གཏོར་བཟློག་དང་མདོ་སྒྲུབ། ནད་རིམས་བཟློག་ཐབས་སུ་ཡུལ་གྲུ་ཆེ་ཆུང་དང་བསྟུན་པའི་གསུང་སྒྲོག །བརྒྱ་བཞི། མ་མོ་དང་བསྟན་མ་བཅུ་གཉིས་ཀྱི་མདོས། དགྲ་ལྷ་དཔངས་བསྟོད། རྣམ་འཇོམས་དང་སྨེ་བརྩེགས་ཀྱི་ཁྲུས། རྡོ་གཞིས་ཀའི་ཤིང་ཆག་པའི་དོག་སེལ་ལ་ཤིང་ཚབ་བཙུགས་ཤིང་དམག་ཟོར་མའི་གཏོར་གཞི་བརྗེས་ནས་བསྐང་བ་བརྒྱ་ཚར་དགོན་པར་མང་འགྱེད། སྤོང་དག །མ་མོའི་ཁྲག་མདོས། གཞི་བདག་རྣམས་ལ་གསོལ་མཆོད་སྙན་དར། སག་ཐག་གོ་མཚོན་སོགས་ཀྱི་སྤྱན་གཟིགས་སྤེལ། མཚོ་སྔོན་ཕྱོགས་སུ་ལྟས་ངན་པ་སྣ་ཚོགས་བྱུང་འདུག་པ་བཟློག་ཐབས་སུ་གྲ་ས་ཕན་ཚུན་གཉིས་སུ་ཇ་ཚུལ་ཐོག་གདུགས་དཀར་བཞི་འབུམ་ལྔ་ཁྲི་དྲུག་སྟོང་། ཤེར་སྙིང་ས་ཡ་གཉིས་དང་ཆིག་འབུམ་བཞི་ཁྲི་དྲུག་སྟོང་ལྔ་བརྒྱ། མང་ཇ་སོགས་མཐུན་རྐྱེན་སྤྲད་པའི་དབུས་གཙང་གཉིས་ཀའི་དགེ་ལུགས་སྔགས་གྲ་རྣམས་ནས་གཏོར་བཟློག་དང་བཤད་གྲ་རྣམས་ནས་མདོ་སྒྲུབ། ཞི་བའི་སྦྱིན་སྲེག་ཚར་བཞི་བཅུ། ཆ་གསུམ་ཆིག་སྟོང་བདུན་བརྒྱ། གྲ་པ་བཞི་སྡེས་གསུར་བསྔོ་ཉིན་གང་མ། པེ་ཀར་དང་མ་མོའི་མདོས་བུད་མེད་བརྒྱ་སྐོར་དང་བྱ་རོག་ལ་སྲན་རྩམ་གྱི་ཟན་དང་ཤ་སྟོན། གདོལ་པའི་རིགས་སུམ་ཅུར་ཤ་ཁྲག་དང་བུར་ཆང་། དགེ་སློང་དང་ཨཱ་ཙཪྻ་བརྒྱ་སྐོར་ལ་མར་ཁུའི་སྟོན་མོ། གདུགས་དཀར་དང་འཆར་ཀའི་མདོས། མགོན་པོ་གཡུལ་བཟློག །ཁྲོ་རོལ་སླང་གང་མ་བདུན་རྣམས་བསྒྲུབས་པས་བར་གཅོད་ཀྱི་གཡུལ་ལས་རྒྱལ་ལམ་སྙམ།


GLG007_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་བཅོ་བརྒྱད་ལ་རྒྱལ་ལེགས་བཤད་གླིང་ཆོས་རྗེ། སྤྱི་གཉེར་དགེ་འདུན་སུམ་ཅུ་སྐོར་གྱིས་ཡུལ་ལུགས་དང་བསྟུན་ཟང་ཟིང་གི་རིགས་བརྐྱང་སྟེ་རིང་པོར་བརྟན་པའི་སྨོན་ལམ་ཤིས་བརྗོད་ཀྱིས་མཐའ་བརྒྱན། དགའ་ལྡན་ཁྲི་རིན་པོ་ཆེ་ཟུར་པ། རྒྱལ་མཁན་ཟུར། ཉང་རོང་གྲ་ཚང་དང་འཆད་ཀ་ཆོས་སྡེའི་བླ་མ། རྒྱལ་སྲས་དགེ་འདུན་བཀྲ་ཤིས་སོགས་བོད་སོག་ཉིས་བརྒྱ་སྐོར་དང་མཇལ་ཕྲད་བྱས། རྒྱལ་པའི་བླ་གྲ། མདོ་པ་ཆོས་རྗེ་དགེ་བའི་དབང་པོ། གྲ་ཚང་གི་གྲ་པ་ཁ་ཤས་བཅས་པར་ཚེ་དཔག་མེད་གྲུབ་རྒྱལ་མའི་དབང་དང་རྣམ་འཇོམས་ཀྱི་ལུང་བགྱིས། ཚེས་ཉི་ཤུར་དར་རྩེ་མདོ་དགའ་ལྡན་གཞན་ཕན་གླིང་གི་སློབ་དཔོན་དུ་ངག་དབང་འཇམ་དབྱངས།དབུ་མཛད་དགེ་རྒན་སོགས་ལ་བློ་གྲོས་ནོར་བུ། ནོར་བུ་རྒྱ་མཚོ། ངག་དབང་དགེ་ལེགས་གསུམ་འགྲོ་རྒྱུའི་བླ་མ་དང་ངག་དབང་དགེ་ལེགས་ཀྱིས་ཐོག་དྲངས་བསྙེན་རྫོགས་གྱ་གསུམ་དང་དགེ་ཚུལ་ཞེ་གཉིས། དགེ་བསྙེན་གསུམ་རྣམས་བསྒྲུབས། ཉེར་གཅིག་ལ་ཁལ་ཁ་ནོ་ཡོན་ཨུའི་ཆིང་གི་དགེ་ཚུལ་མ་བུ་བཅས་དང་ལྷོ་མོས་ནས་གནས་གསར་དབོན་རིན་པོ་ཆེ་ཕེབས་པ་དང་མཇལ་ཞིང་བསྟན་མ་ཁང་དུ་བཞུགས། ཉེར་དགུར་ཨ་ཡོ་ཁིའི་དཔོན་མོ་བསོད་ནམས་སྒྲོལ་མ་བུ་བཅས། ཨཱ་ནནྡའི་དབོན་མོ། ཐོར་གོང་ཁོན་ཆིང་སོགས་གསར་འབྱོར་དང་། དབུ་སྐོར་ཆེ་བ་སྲས་བཅས་ཆོས་རྗེ་དུང་དགོན་པ། སྤོང་རོང་མངོན་དགའ་བླ་མ། ལྕམ་མདའ་བླ་ཟུར། མངའ་རིས་རབ་འབྱམས་པ། ཨ་རིག་གི་རྟ་སྐྱེལ་བ་སྤྱོད་པ་བླ་མ་ཅན་བརྒྱ་སྐོར། སྡེ་པ་ཕོན་མདོ་བ། འབྲོང་རྩེ་བ་རྒྱལ་ཕུར་རབ་བརྟན་རྣམས་ལ་ཇ་གྲལ། བོད་སོག་དམངས་


GLG007_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་བརྒྱ་སྐོར་ལ་མེ་ཏོག་གཏོར། སྒོ་མངས་གྲ་སྤྱིས་བསྐུལ་བའི་སློབ་དཔོན་དོན་གྲུབ་རྒྱ་མཚོའི་གསོལ་འདེབས། ཡར་འབྲོག་པ་བློ་གྲོས་ལེགས་བཤད་ཀྱིས་གྲ་ཚང་དུ་སྙན་དར་བརྒྱ་དང་སུམ་ཅུ་སྐོར་ཕུལ་བའི་ཁ་བྱང་། ར་ཆེན་རྡོ་རྗེ་གྲགས་ཀྱི་ཐུགས་དམ་རྟེན་རྡོ་རྗེ་འཇིགས་བྱེད་ཀྱི་བྲིས་ཐང་ཞལ་བཤུས་ཟུར་འཕྲིན་ལས་རྣམ་རྒྱལ་བྱེད་བཅུག་པའི་རྒྱབ་ཡིག །མདོ་སྟོད་དགའ་ལྡན་འཕེལ་རྒྱས་གླིང་སློབ་དཔོན་པ་བློ་བཟང་བདུད་འཇོམས་ཀྱིས་བསྐུལ་བའི་འཁྲུངས་རབས་དང་། གུ་ཤྲཱི་ཇའི་སང་གི་ངོར་གསོལ་འདེབས། ངག་དབང་འཇམ་དབྱངས་ཀྱི་ངོར་རིང་འཚོ་བསྟན་པ་འཕེལ་རྒྱས་ཀྱི་སྨོན་ལམ། འབྲི་ལུང་པ་བློ་བཟང་དཔལ་འབྱོར་གྱི་ངོར་རྗེ་དགེ་འདུན་གྲུབ་པའི་འཁྲུངས་རབས། རྗེ་བླ་མ། བདེ་གཤེགས་བརྒྱད། གདུགས་དཀར་རྣམས་ཀྱི་རྒྱབ་ཡིག །རི་ཁུད་བླ་མས་བསྐུལ་བའི་ལུགས་གཉིས་ཀྱི་བསླབ་བྱ་དང་རིང་འཚོ། གྲོང་སྨད་དཔོན་ས་བུ་ཁྲིད་རྒྱལ་མོའི་སྡིག་སྦྱོང་ལ་སྨན་བླའི་སྟོང་ཐང་བཞེངས་པའི་རྒྱབ་ཡིག་སྨོན་ལམ། མཆོད་དཔོན་པ་དང་དགའ་གདོང་སྔགས་རམས་པའི་ངོར་ལོག་ཏྲིའི་སྦྱིན་སྲེག་ལག་ལེན་གསལ་བྱེད། ལྷ་ས་བྱང་གླིང་པས་ཆོས་འཁོར་རྒྱལ་དུ་སྦུབ་ཆོལ་སྤྱི་རྫས་སུ་སྦྱར་ནས་འཛུགས་རྒྱུའི་རིང་འཚོའི་ཚིགས་བཅད། དགོན་ཐང་པ་དགོས་པ་རྡོ་རྗེའི་ངོར་འབྲལ་མེད་རྗེས་འཛིན་གྱི་སྨོན་ལམ་རྣམས་བརྩམས། ཆུ་ཤུར་འཕྲང་གདོང་ཤར་པར་སྔར་འཛིན་ཁྲལ་རྐང་གཅིག་ཏུ་རྐང་གཉིས་རྩ་ཆག་ཐོག་ལྕང་གླིང་སྒང་ཁུངས་ནས་གཡོག་མོ་བྲན་གསུམ་དང་ལག་འདེབས་བརྒྱད་ཅུ་སྐོར་ཐོན་པ་བྱིན། སྒམ་པོ་ཉི་ཐང་དགོན་བླ་མ་གྲ་བཅས་ཀྱིས་རྟ་ཉེར་གཉིས། ལྷ་རི་


GLG007_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་དགོན་གྱིས་དགུ། ནག་ཤོད་ར་དར་བླ་མས་སོ་གཅིག །ཨ་རིག་སྤྱོད་པ་བླ་མས་དྲུག་ཅུ་རེ་བརྒྱད་རྣམས་བྱུང་། ཧོར་ཟླ་བཅུ་པ་རྟིང་མའི་ཚེས་གཅིག་ལ་ཨུལ་ཇོའི་ཐུ་པཱ་ཐུར་ཐའི་ཇིས་བསྐུལ་བའི་གསོལ་འདེབས་སྨོན་ལམ་དང་། ཨེམ་ཆི་ཐབས་མཁས་ཀྱིས་གྲ་ཚང་དུ་སྙན་ཤལ་བརྒྱ་སྐོར་ཕུལ་བའི་ཁ་བྱང་། དགེ་སློང་བློ་གྲོས་རྒྱལ་བས་ངེད་རང་གི་འདྲ་འབག་བཞེངས་པའི་རྒྱབ་ཡིག་རྣམས་བྲིས། འདི་ཉིན་ནས་བཟུང་ཟླ་གཅིག་བར་དགའ་གདོང་སྔགས་རམས་པས་རྡོ་རྗེ་སློབ་དཔོན་བྱས་ཏེ་སྔགས་རྒོད་ལོག་ཏྲིའི་སྲུང་བཟློག་བསད་མནན་གྱི་སྒྲུབ་བ་རྒྱས་པར་གཙུགས། ཚེས་གསུམ་ལ་སྡེ་དྲུག་མཁན་ཆེན་བློ་བཟང་དར་རྒྱས་ཀྱིས་བདོག་པའི་རིམ་པ་རྒྱ་ཆེར་བཏེག་ནས་འགྱེད་དང་བཅས་གྲ་ཚང་གིས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་མཛད། སྡིངས་པོ་ཆེ་སྤྲུལ་སྐུ། ཡང་དགོན་བླ་ཟུར་བེ་སེར་བླ་མ། ལྕམ་མདའ་བླ་མར་འགྲོ་མི་གོང་དཀར་གསེར་གླིང་སློབ་དཔོན་པ། གླིང་དགེ་སློང་གི་ནུ་བོ། པཎྜི་ཏ་ཀླུའི་རྒྱལ་མཚན་གྱིས་སྟེར་ཆ་བྱེད་མི་རྣམས་ལ་ཇ་གྲལ་བཏང་། ཚེས་བཞིར་བཅོ་བརྒྱད་ཆོས་རྗེ་གནས་གསར་དབོན་རིན་པོ་ཆེ། མདོ་པ་ཆོས་རྗེ་དགེ་དབང་། རི་ཁུད་བླ་མ། ནཱ་ལནྡ་སློབ་དཔོན་སོགས་ལ་ཉང་གི་དྲག་དམར་གྱི་བྱིན་རླབས་ལུ་གུ་རྒྱུད། ཕྱག་དྲུག་པའི་གཏོར་དབང་བར་གཅོད་ཀུན་སེལ་བྱས། ཚེས་བདུན་ལ་མཁན་ཆེན་ཁྱབ་བདག་ཞ་ལུ་པ་དགའ་ལྡན་ཁང་གསར་ནས་རྩེར་ཕེབས། ཚེས་བརྒྱད་ནས་གྲ་ཚང་གིས་གཟའ་མདོས་དང་དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ་གྱི་བསྐང་བ་ཞག་བརྒྱད་རེ་སྨིན་རྒྱས་སུ་བསྟར། ཚེས་བཅུར་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་ལ་དྲག་དམར་གྱི་བྱིན་རླབས་ལུ་གུ་རྒྱུད་


GLG007_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཆི་མེད་དཔལ་སྟེར་གྱི་ཚེ་དབང་བརྒྱ་ཚར་ཕུལ། ཚེས་བཅུ་གསུམ་ལ་འབྲོང་རྩེ་བ་རྒྱལ་ཕུར་རབ་བརྟན་གྱིས་ཚོགས་ཆས་རུང་མཐུན་གྱི་གོས་སོགས་གོས་དར་རས་ཆའི་དངོས་པོ་དང་བཅས་རྡུལ་ཚོན་དང་འབྲེལ་བའི་ཚེ་དཔག་མེད་ལོངས་སྐུ་མའི་སྒོ་ནས་གྲ་ཚང་གིས་ཆོ་ག་རྒྱས་པར་བཏང་། སྒོམ་སྡེ་ནང་ཆེན་པས་རྟ་ཉི་ཤུ་བྱིན་པ་རྩིས་བླངས། ཚེས་བཅུ་དྲུག་ལ་མཁན་ཆེན་རྡོ་རྗེ་འཆང་རྗེ་དབོན་ནམ་མཁའ་བསོད་ནམས། མདོ་པ་ཆོས་རྗེ་དགེ་བའི་དབང་པོ་སོ་སོ་ནས་བདོག་པའི་ཚན་གྲངས་རིང་པོར་བརྐྱང་ནས་བདེན་ཚིག་སྨོན་ལམ་ཡང་དག་གིས་མཚམས་སྦྱོར་མཛད། ཕྱག་མཛོོད་བསོད་ནམས་རིན་ཅེན་དང་། མ་ཧེ་མཆོད་པའི་དུས་ཙ་མུནྟིའི་འཆམ་པའི་སྔགས་པར་བར་གཅོད་ལས་རྒྱལ་བའི་བཀའ་བསྒོ་དང་རྫོང་བདའ་བགྱིས། ཚེས་བཅུ་བདུན་ལ་བློ་བཟང་མགོན་པོ་རབ་བརྟན་མིང་སྲིང་། ཨུ་ཞང་ནང་མི་བཅུ་བདུན། ཨེར་ཁེ་ཆོས་རྗེ། དར་ཁན་ཆོས་རྗེ། མཁའ་འགྲོ་དགེ་ཚུལ་མ། དུར་བོད་དཔོན་མོ་སྒྲོལ་མ། དཔོན་མོ་རྒྱ་མཚོ་སོགས་མང་དག་དང་ཕྲད། དེ་སྟེང་སོག་དམངས་བསྣན་པའི་སྟོང་བརྒལ་བར་སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་རྗེས་གནང་དང་། ཕྱི་དྲོ་བདེ་ཆེན་ཐའི་ཇི། ཆོས་འཁོར་རྒྱལ་བླ་སྤྱི། ཀོང་པོ་ཆུ་དག་དགོན་བླ་མ་སོགས་ལ་ཇ་གྲལ་བགྱིས། ཐན་ལྟས་ཁ་ཤས་བྱུང་བ་ཞི་ཐབས་སུ་གདུགས་དཀར་མདོས་ཆེན་བཞི། ཁྲོ་རོལ་སླང་གང་མ་ལྔ། རྩེ་སྒང་དུ་དགྲ་ལྷ་དཔངས་བསྟོད། ཀོང་བཙུན་དེ་མོ་གསོལ་ཞིང་མཆོད། ན་ཁ་ཅན་འོག་མར་སྒྲུབ་རྟེན་ས་བསྣོན་དུ་ར་མ་རྩེ་ཡོན་ཏན་གྱི་ལྟོ་སྐལ་ཁུངས་སྲས་ཁང་གཞིས་


GLG007_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་ལག་འདེབས་ནས་ཞིང་གསུམ་ལ་ཐོན་ཁལ་སོ་ལྔ་སྐོར་སྤྲད། ཚེས་བཅོ་བརྒྱད་ལ་ནོ་མུན་ཨེ་ཇེན་གྱི་དགེ་ཚུལ་མ་བུ། བྲག་ལ་བླ་མ། ཤ་རང་སྒྲུབ་སྡེའི་བླ་མ་བཅས་པ་དང་ཕྲད་ཅིང་ཆོས་རྗེ་དགེ་བའི་དབང་པོར་བཀའ་བསྒོ་བདོག་པ་བསྟར་ཏེ་ཐོན། འདི་ཉིན་ནས་ཧོར་ཟླ་བཅུ་གཅིག་པའི་ཚེས་བཞིའི་བར་ཐང་ལྷའི་གསོལ་མཆོད་བཏང་བའི་སྔ་ཕྱིར་ཁ་བ་ཆེར་བབས་པ་ནི་དྲི་ཟའི་རྒྱལ་པོ་མཉེས་པའི་མཚན་མར་གོ །བསྟན་པ་སྤྱི་དང་ཁྱད་པར་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོའི་བསྟན་པ་རིན་པོ་ཆེ་གཅེས་སྤྲས་སུ་བྱ་བའི་སླད་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་སོ་ཐར་གྱི་སྡོམ་པ་བསྲུངས་པས་གནས་སྐབས་སུ་མངོན་པར་མཐོ་བའི་སྲིད་པ་རྒྱུན་མར་ཐོབ་ཅིང་མཐར་ཐུག་སྒྲིབ་གཉིས་བག་ཆགས་དང་བཅས་པའི་དགྲ་ཚོགས་བཅོམ་པར་མེད་ཐབས་དང་བྲལ་བའི་ཕྱིར། སུམ་བརྒྱ་པར། ཉོན་མོངས་དགྲ་གཡུལ་རྒྱལ་བྱེད་ཚུལ་ཁྲིམས་ཏེ། །དགེ་ཚུལ་བརྟུལ་ཞུགས་ཆུ་ལོན་བརྩིགས་པ་དང་། །འཆི་བའི་མཆེ་བ་འབྱིན་པར་བྱེད་པའི་ཐབས། །རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར་ཡིན། །ཞེས་དང་། འདུལ་བ་སྨན་གྱི་གཞིར། དགེ་སློང་དག་ཚུལ་ཁྲིམས་གོམས་པར་བྱས་ན་ཏིང་ངེ་འཛིན་ཡུན་རིང་དུ་གནས་པར་འགྱུར་རོ། །ཏིང་ངེ་འཛིན་གོམས་པར་བྱས་ན་ཤེས་རབ་ཡུན་རིང་དུ་གནས་པར་འགྱུར་རོ། །ཤེས་རབ་གོམས་པར་བྱས་ན་འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་།གཏི་མུག་ལས་སེམས་ཡང་དག་པ་ཁོ་ནར་རྣམ་པར་གྲོལ་བར་འགྱུར་རོ། །ཞེས་ཐུབ་གསུང་བརྒྱད་ཁྲི་བཞི་སྟོང་


GLG007_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྙིང་པོར་དྲིལ་ན་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ། དེ་ནང་ནས་མངོན་པ་དང་མདོ་སྡེས་བསྟན་པའི་གོ་ཆོད་ཀྱང་སྟོན་པའི་གོ་མི་ཆོད་ཅིང་འདུལ་བ་གཉིས་ཀ་ཡིན་པའི་ཕྱིར། སློབ་དཔོན་ཆོས་ཀྱི་ཚོང་དཔོན་གྱིས། རྒྱལ་བ་སྟོན་པ་དེ་ཡི་དམ་ཆོས་དག །མདོ་དང་ཆོས་མངོན་ཡིན་གསུང་འདུལ་བ་ནི། །སྟོན་དང་བསྟན་བཅོས་དངོས་ཡིན་དེ་ཡི་ཕྱིར། །གཉིས་འགྱུར་ཕྱག་བྱས་སངས་རྒྱས་ཁྱོད་གཅིག་བཞིན། །ཞེས་ཁྱད་པར་འཕགས་པའི་སྡོམ་པ་དེའང་སོམ་ཉིར་ལུས་ན་རྒྱུ་འབྲས་མི་འཆོལ་བར་འབྱུང་བས་ན་འབྲས་བུའང་དེ་ལྟ་འབྱུང་བ་ལས་མ་འདས་པས་ངེས་ཤེས་འདྲོངས་པ་ཞིག་གལ་ཆེ་བ་བོད་ཡུལ་གླིང་དགུའི་རྒྱལ་ཁམས་འདིར་བསྟན་པ་སྔ་དར་ལ་ཟ་ཧོར་རྒྱལ་རིགས་མཁན་ཆེན་བོ་དྷ་ས་ཏྭས་སད་མི་མི་བདུན་སོགས་ལ་བསྟན་པའི་རྩ་བ་སོ་སོ་ཐར་པའི་སྡོམ་རྒྱུན་འཛུགས་པར་མཛད་པ་ལོག་སྨོན་ཉེ་བར་བདོ་སྟེ་གླང་དར་མ་འུ་དུམ་བཙན་གྱིས་བསྟན་པ་བསྣུབས་པའི་ཚེ་ཆུ་བོ་རིའི་སྒོམ་གྲའི་དམར་གཡོ་གཙང་གསུམ་གྱིས་གསན་པས་གསང་ཐབས་ཀྱིས་དྲེལ་རྒྱབ་ནོན་པའི་འདུལ་དཔེ་དང་བཅས་མངའ་རིས་ནས་བྱང་ལམ་བརྒྱུད་མདོ་སྨད་རྨ་ལུང་དན་ཏིག་ཡང་རྫོང་དུ་བཞུགས་པར་བོན་གྱི་བུ་ཤེས་རབ་ཅན་སྔོན་ལས་སད་དེ་རབ་ཏུ་བྱུང་བར་བསྐུལ་བ་འདུལ་འཛིན་གསུམ་གྱི་སྟེང་རྒྱའི་ཧྭ་ཤང་ཀེ་འབག་གཉིས་ཀྱིས་ཁ་སྐོང་བར་མཛད་ནས་བསྙེན་པར་རྫོགས་པའི་མཚན་དགོངས་པ་རབ་གསལ་དུ་བཏགས་པས་སྤ་པར་གཉིས། ཇ་ཅོག་གཉིས། བཞད་སྲགས་གཉིས། འལ་བསྣུབ་གཉིས། ཟོང་ཚུར་གཉིས་སོགས་མང་དག་སྡོམ་པར་བཀོད་དེ་སྐབས་དབུས་གཙང་དུ་སྡོམ་པ་འབོགས་ལེན་


GLG007_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཆད་ཉན་སོགས་ཀྱི་རྒྱུན་ལོ་བདུན་ཅུ་ཙམ་ཆད་པའི་རྗེས་དབུས་སུ་མདོ་སྨད་ན་བསྟན་པ་ཅུང་ཟད་ཚུགས་པ་མངའ་བདག་ཚ་ལ་ནས་སོགས་ཀྱིས་གསན་པ་ཅིས་ཀྱང་འབད་པས་བསྟན་པ་སྤེལ་བཞེད་དེ་ཀླུ་མེས་ཚུལ་ཤེ། འབྲིང་ཡེ་སྟོན། རྦ་ཚུལ་བློ། རག་ཚུལ་འབྱུང་། སུམ་པ་ཡེ་བློ་ལྔར་མཐུན་རྐྱེན་དང་བཅས་བརྫངས་པ་གཙང་གི་བཙད་པོ་རྣམས་ཀྱིས་ཀྱང་ཐོས་ནས་ལོ་སྟོན། ཚོང་བཙུན་མངའ་རིས་པ་གཉིས། བོ་དོང་པ་སྟེ་དབུས་གཙང་གི་མི་བཅུས་བླ་ཆེན་པོར་བསྙེན་པར་རྫོགས་པ་ལས་མཆེད་པ་ཀ་བཞི་གདུང་དྲུག་དང་ལོ་ཚོ་ཚོང་ཚོ་སོགས་མང་དུ་དར།འ་ཞ་ཡེ་གཡུང་གི་ཆབ་གཏོར་མ་དང་། འབྲེའི་དེར་བས་མ་གཉིས་ཀྱི་རྒྱུན་ཀྱང་གཙང་ཕྱོགས་སུ་མང་པོ་འཕེལ། ཀླུ་མེས་ཀྱི་སློབ་མ་གཟུས་ལ་བུ་ཆེན་བཞི་བྱུང་བའི་ཕྱི་མ་གསུམ་དང་རྒྱ་འདུལ་དབང་ཚུལ་གྱིས་རྒྱ་ཆེར་སྤེལ་བར་སྔ་ཕྱི་བར་ཚར་སོགས་ཤིན་ཏུ་མང་།བསྟན་པ་ཕྱི་དར་ལ་ལོ་ཆེན་རིན་བཟང་སོགས་སྔ་རབས་པའི་འདུལ་འཛིན་སྡོམ་རྒྱུན་དེར་བརྟེན་པ་དང་། ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་འཕགས་ཡུལ་ཤར་ཕྱོགས་ཀྱི་པཎ་ཆེན་དྷརྨ་པཱ་ལའི་སློབ་མ་པཱ་ལ་རྣམ་གསུམ་ལས་ཀྱང་མང་དུ་འཕེལ་བ་སྟོད་འདུལ་བར་གྲགས། མ་ཕམ་པའི་རྣམ་སྤྲུལ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་དཀའ་བ་བརྒྱ་ཕྲག་ཁྱད་དུ་སད་ནས་ཁ་ཆེའི་བསོད་སྙོམས་པ་པཎ་ཆེན་ཤཱཀྱ་ཤྲཱི་གངས་ཅན་བསོད་ནམས་གསོག་པའི་མགྲོན་དུ་སྤྱན་དྲངས་ཏེ་ཆུ་ཤུལ་སྲོག་མ་དགོན་པར་ཉིན་གཅིག་ལ་སྒྲུབ་ག་གསུམ་དང་མི་གཉིས་བསྙེན་པར་རྫོགས་པའི་ནང་ནས་གྲོ་ཤུལ་བ་ཁེར་གད་བྱང་ཆུབ་དཔལ་དང་། གཙང་པ་རྡོ་རྗེ་


GLG007_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གཉིས་མཁན་བུའི་གཙོ་བོར་གྱུར་ཏེ་བོད་མུན་གླིང་འདུལ་བསྟན་ཉི་ཟླ་ལྟར་ཤར་བས་ཁྱབ་ཅིང་། ཁྱད་པར་ས་པཎྜི་ཏ་ཀུན་དགའ་རྒྱལ་མཚན། སྲིད་གསུམ་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཤེས་བྱ་ཀུན་མཁྱེན་བུ་སྟོན་ཞབས། རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ། ངོར་ཆེན་ཀུན་དགའ་བཟང་པོ་སོགས་སྐྱེས་ཆེན་དམ་པ་དེ་དག་གིས་འདུལ་བསྟན་གྱི་རྒྱལ་མཚན་ཕྱོགས་ཐམས་ཅད་དུ་འཛུགས་པར་མཛད་ལ། བླ་ཆེན་སྡོམ་རྒྱུན་བཀའ་གདམས་སོགས་ཕལ་མོ་ཆེས་ཕྱག་ལེན་ལ་འདེབས་པར་མཛད་པར་མ་དག་པའི་སྐུར་པ་བཏབ་ན་ཆོས་སྤོང་གི་སྒྲིབ་པ་གསོག་མོད། འོན་ཀྱང་བླ་ཆེན་པོའི་བསྙེན་རྫོགས་མཛད་དུས་ཁ་སྐོང་གི་རྒྱ་བན་གཉིས་སྤྲུལ་པ་ཡིན་མིན་ཐེ་ཚོམ་པའི་སྒྲོས་རྙིང་དང་ཆབ་བས་སོགས་ཀྱིས་ཀྱང་སྦགས་མ་སྦགས་མངོན་ཤེས་ཀྱིས་དཔྱོད་མ་ཤེས་པའི་སྟེང་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་མཁན་པོ་པཎ་ཆེན་དམ་ཆོས་ཡར་འཕེལ་གྱིས་ཐོག་མར་ཤངས་སྟོན་བློ་གྲོས་ལེགས་བཟང་ལ་བསྙེན་པར་རྫོགས་པ་སྤོས་ཁང་ཚོགས་པཎ་ཆེན་གྱི་བརྒྱུད་པ་ཡིན་ཅིང་སླར་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ཨལ་ཐན་རྒྱལ་པོའི་ཏི་ཤྲཱིར་གདན་དྲངས་པའི་ཚེ་བསྐྱར་བསྒྲུབས་སྐབས་སྡོམ་གསུམ་རིམ་གྱིས་ནོད་ན་བླ་ཆེན་དང་བསྙེན་རྫོགས་ཁོ་ན་ཡིན་ཚེ་སྡོམ་པ་གཟུགས་ཅན་དབང་གིས་ཕྱི་མ་མི་སྐྱེ་ནའང་གང་ཡིན་ཆོས་འབྱུང་རྣམ་ཐར་ཚོར་མི་གསལ་བས་བརྒྱུད་པ་སོམ་ཉིའི་དྲ་བར་ཆུད་པ་དང་། ཕྱག་ལེན་ལའང་ཚོགས་ཀྱིས་ཚོགས་ལ་ལས་མི་བྱ་བ་བྱ་


GLG007_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བས་མཚོན་འདུལ་བའི་ཆོས་སྐད་མང་པོ་ཞིག་པ་སྔ་ཕྱིར་བསྟན་པ་རིན་པོ་ཆེ་འཛུགས་པར་ཆོས་རྒྱལ་མེས་དབོན་རྣམ་གསུམ་སོགས་ཀྱིས་དཀའ་བ་དེ་ཙམ་སྤྱད་པ་ཡལ་འདོར་བློས་མ་བཟོད་ཅིང་རྗེ་བཙུན་བཙོང་ཁ་པ་ཆེན་པོས་ཀྱང་ཚག་མིག་མཁན་ཆེན་ཚུལ་རིན་པར་པཎ་ཆེན་སྡོམ་རྒྱུན་བཞེས་པ་བཅས་རང་ལོ་རྒན་པོ་རེ་གཅིག་པར་སླེབས་ཀྱང་རང་གཞན་མང་པོར་ཕན་རེས་བརྩོན་པ་བསྐྱེད་དེ་སྟོད་འགྲེལ་བའི་ལུགས་ལྟར་འཕགས་ཡུལ་སྐད་དུ་པིངྒ་ལ་སྟེ་ལྗོངས་འདིར་དམར་སེར་ཅན་གྱི་ལོ་མགོ་ཟླའི་དམར་ཆའི་རྫོགས་པ་གཉིས་པ་དཔའ་བོ་མཁའ་འགྲོ་རང་བཞིན་འདུ་བ་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོ་ངོ་མཚར་རྨད་བྱུང་བཀོད་པའི་ཞིང་ཁམས་སུ་གཤེགས་པའི་དུས་ཆེན་དུས་འཁོར་བའི་དབྱངས་ཨཱ། གསལ་བྱེད་ྈྐ། འབྱུང་བ་ནམ་མཁའ། འདོད་ཡོན་སྒྲ། དབྱངས་འཆར་བའི་དབྱངས་ཨཽ། གསལ་བྱེད་ཋ། འབྱུང་བ་ནམ་མཁའ། འདོད་ཡོན་སྒྲ། གཉིས་ཀ་མཐུན་པར་དར་གུད་སྨིན་པ། རེས་གཟའ་པདྨའི་གཉེན་དར་ཞིང་། ལས་སྐར་མེ་བཞི་དགའ་མ་དང་བརྩེ་བའི་འཆི་མེད་འགྲུབ་པའི་སྦྱོར་བ། འཕྲོད་ཆེན་ཡིད། སྦྱོར་བ་སྐལ་བཟང་བྱེད་པ་བི་ཕྱི། རྟེན་འབྲེལ་རྣམ་ཤེས། སྤྲེའུའི་ཉི་མ། ཚེས་སྤར་དྭ། སྨེ་བ་བཞི་ལྗང་རྣམས་ཤར་བའི་སྔ་དྲོའི་ཆ་ཉིན་གུང་མ་སླེབ་ཙམ་པ་གྲིབ་ཚོད་རྐང་པ་གཅིག་གི་ཙེ་ཛཱ་ཏིའི་མེ་ཏོག་གི་འཁྲི་ཤིང་འཁྲིགས་པའི་ཚལ་ནས་ཟ་འོག་ཐགས་སུ་བསྐྲུན་པའི་ཀུན་བཟོད་ཀྱི་ཁྱོན་ལ་གནས་སོ་ཅོག་གི་སྐྱེ་དགུ་སྤྱི་དང་བྲེ་བྲག་མཐའ་བཞིའི་རྒྱལ་པོ་སོགས་དྲེགས་ལྡན་ཐམས་ཅད་ཀྱི་འདུད་ས་དགེ་བཅུའི་ཡོན་ཏན་ཀུན་ཚང་གངས་ཅན་ཡུལ་ལྗོངས་མཐའ་དག་གི་


GLG007_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

སའི་ལྟེ་བ་བཞིའི་སྒོ་འཕར་བརྒྱ་ཕྲག་ཅིག་ཅར་འབྱེད་གནས་རང་བྱུང་འཕགས་པ་འཇིག་རྟེན་དབང་ཕྱུག་གི་གཞལ་མེད་ཁང་ཕོ་བྲང་ཆེན་པོ་པོ་ཏ་ལའི་རྩེ་མོར་ལུང་སྡེ་སྣོད་གསུམ་ལ་མཁས་ཤིང་མངོན་རྟོགས་བསླབ་པ་གསུམ་གྱིས་ཐུགས་རྒྱུད་ཡོངས་སུ་གང་བ་མི་འཕྲོག་པའི་ཐུགས་རྗེ་དང་དམིགས་པ་མེད་པའི་མཁྱེན་བརྩེ་ནུས་ལྡན་བརྟན་མཁས་ཀྱི་ཡོན་ཏན་གཉིས་སོགས་ཁྱད་པར་བདུན་ཚང་འཕགས་པའི་གནས་བརྟན་ཉེ་བར་འཁོར་དང་དབྱེར་མ་མཆིས་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཡོངས་རྫོགས་བསྟན་པའི་མངའ་བདག་མཁན་ཆེན་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་མཁན་སློབ་སྦྲགས་མ་མཛད། སྒྲ་དོན་རིག་གནས་ཀུན་ལ་ནང་བྱན་ཆུད་པ་ཚངས་རིས་འཛིན་པའི་དབང་པོས་གསང་སྟེ་སྟོན་པའི་སློབ་དཔོན། གནས་བརྟན་འཇམ་དབྱངས་གྲགས་པས་གྲིབ་ཚོད་པ། མཆོད་དཔོན་ངག་དབང་ཤེས་རབ་དང་རཏྣ་མཉྫུ་ཤྲཱི་རྣམ་གཉིས་ཀྱིས་ཁ་སྐོང་། དད་པའི་དགེ་འདུན་གྲངས་ཚང་བ་དང་བཅས་ལྔའི་ཚོགས་ཀྱི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཡང་བསྐྱར་བསྒྲུབས། དེ་ནས་ཞག་ཤས་བར་བདག་གིས་མཁན་པོ། ཁྱབ་བདག་ཞ་ལུ་པ་ཆེན་པོས་སློབ་དཔོན། ཁ་སྐོང་དང་བཅས་པས་སྔ་དགོངས་རེ་རེ་དང་མགྱོགས་དུས་སྒྲུབ་གྲ་བདུན་རེ་ཙམ་ལས་མི་ཟིན། སྔ་མའི་ཕྱག་ལེན་ལ་གོས་བྱིན་རླབས་སུམ་ཚན་ལས་གྲལ་པས་རོགས་བྱེད་ཅིང་བསྙེན་རྫོགས་ཀྱི་མངོན་གྱུར་བཅུའི་ཐ་མ་ལས་མངོན་གྱུར་ཙམ་སུམ་ཚན་དུ་གཅོད་པ་མ་གཏོགས་གཞན་ཐམས་ཅད་སྡེབས་སུ་བྱས་ཆོག་གཤིས་ཉིན་


GLG007_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རེར་ཉིས་བརྒྱ་ཙམ་གྲུབ་པའི་ལས་སླ་ཞིང་ཆོད་ཆེ་བ་བྲེལ་བ་ཆེ་སྐབས་ཟོར་ཡང་བའི་ཚད་ཅིག་ཡོད་ཀྱང་ད་ལམ་གྱི་འདིས་སངས་རྒྱས་ཀྱི་བསྟན་ལ་བྱ་བ་ཅུང་ཟད་བྱས་པར་སོང་བས་སེམས་ཅན་ལའང་ཤུགས་ལ་ཕན་ནམ་སྙམ་རང་ལས་སླའང་བསྟན་པར་ཕན་ཁྱད་ཀྱིས་བརྩོན་པ་བསྐྱེད་དོ། །མཚམས་གྲོལ་ནས་སྡེ་པ་བློ་བཟང་སྦྱིན་པ་དང་། དེ་རྗེས་མཁན་ཆེན་ཞ་ལུ་པ་དང་ཆོས་རྗེ་དབོན་རིན་པོ་ཆེར་དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ་གྱི་རིག་གཏད་ཕུལ། ཚེས་བརྒྱད་ལ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་དཔལ་བཟང་པོར་སྟོབས་འཕྲོག་དབང་པོ་དཔལ་མགོན་ཞལ་བཞི་པ་སྒྲུབ་དུས་མཐུན་མོང་མ་ཡིན་པའི་རྗེས་གནང་ཞུས། ཁལ་ཁ་བཟོད་པ་ཡེལ་དེང་གི་སྲས་དཔོན་མོ་གཡོག་བཅས་བརྒྱ་སྐོར་དང་ཕྲད། འཕྱོས་ཆང་ཁྱིམ་པའི་བུ་གྲ་ཚང་དུ་ཞུགས་སྟོན་དཀར་དྲོ་ཚན་གྲངས་དང་བཅས་བཏེག །སྤྱི་སྒོས་ཀྱི་བླང་དོར་ཞུ་བར་བསམ་ཡས་སུ་སྤུན་བདུན་པ་ལྷུན་གྲུབ་མཚོ་དང་། ལ་མོར་དཀར་བྲག་པ་ངག་དབང་བྱམས་པ་ཚོགས་འཁོར་སྤྱན་གཟིགས་བདོག་པ་དང་བཅས་བརྫངས། ཚེས་བཅུ་གཅིག་ལ་མཐའ་ཀླས་དཀྱིལ་འཁོར་མངའ་བདག་བཅོ་བརྒྱད་ཆོས་རྗེས་བསྐུལ་མ་མཛད་པའི་རིང་འཚོའི་ཚིགས་བཅད་བརྩམས་ཤིང་ལྷ་ཆེན་ཟུར་ཕུད་ལྔ་པའི་རིག་གཏད་ཕུལ། ཚེས་བཅུ་བཞིར་སྤྲུལ་པའི་སྐུ་མཆོག་གཏེར་སྟོན་རིགས་འཛིན་ཆེན་པོར་ཚན་གྲངས་རིང་པོར་བརྐྱང་སྟེ་སྔ་འགྱུར་བསྟན་པ་རྒྱ་ཆེར་སྤེལ་བའི་སླད་སྙན་ངག་ནས་དྲངས་པའི་ཚིགས་བཅད་བཅས་རྩིས་རིག་སྨྲ་བ་ཕུ་ལུང་དགེ་སློང་བློ་བཟང་ཡོན་ཏན་རྫོང་བདའ་བགྱིས། བྲམ་ཟེ་སོ་


GLG007_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དཱ་སི་མི་ཤྲ་སེ་ནཱ་སི་གོ་ཀཱུ་ལ་གྲཱྀ་བ། མཽ་བྷིརྟི་བཅས་པར་ས་ཟླ་ཞོ་གསུམ། ཇ་ཁོར་བཞི། གོས་ཆེན། ཟུར་ཆས་སོགས་ཀྱི་ཕན་པ་བསྒྲུབས། ཚེས་བཅོ་ལྔར་བསྟན་འཛིན་ད་ལའི་རྒྱལ་པོ་དཔོན་མོ་སྲས་བཅས་དབུ་སྒོར་ཆུང་བ། ཨེར་ཏེ་ནི་དའི་ཆིང་གི་ཤོག་པཱ་ཐུར་ཁོ་ཤོའུ་ཆི། ཆོག་ཐུ་དགེ་ཚུལ། རྒྱལ་སྲས་བསོད་ནམས་བཀྲ་ཤིས། གཡོན་རུ་སྐུ་སྐྱེ། མ་གཅིག་དགེ་ཚུལ། ཐོར་གོད་མགོན་པོ་ཡེལ་དེང་གི་ཚ་བོ་དང་དུར་གེ་ཆི་དུར་ཕོད་མ་ལི། དཀའ་ངག་དབང་དོན་གྲུབ་བཞིའི་མི་སྣ། སྤུ་དཀར་བླ་མར་འགྲོ་མི་བློ་བཟང་ཀུན་དགའ། རྒྱས་གྲ་རབ་འབྱམས་པ། གཉེར་པ་ལྷ་སྐྱབས། མཚུར་ཕུ་ཕྱག་མཛོད། འོད་གསལ་གླིང་བླ་ཟུར། གཟིམས་ཁང་ཤར་བླ་མ། ཞང་སྟོན་བསྟན་རྒྱལ་གྱི་བུ། དྭགས་པོ་ལྕང་ར་ནས། ལུམ་པ་ནས་སོགས་ལ་ཇ་གྲལ་བཏང་། ཕྱི་དྲོ་བློ་བཟང་མགོན་པོ་རབ་བརྟན་དང་བུ་ཇིང་དྷ་ར་དགེ་ཚུལ་མ་འཁོར་བཅས་ཀྱིས་འབྱོར་བསྟུན་གྱི་བདོག་པ་བཏེག་པ་བསྔོ་སྨོན་གྱི་རྒྱས་བཏབ། བྱིངས་བོད་སོག་ཆིག་སྟོང་ཉིས་བརྒྱ་སྐོར་ལ་མེ་ཏོག་གཏོར། རབ་འབྱམས་པ་དགེ་འདུན་བསམ་གྲུབ་ཀྱིས་རྟ་ཉི་ཤུ་དང་འབྲི་གུང་ནས་རྟ་བཅུ་བྱུང་། ཚེས་བཅུ་དྲུག་ལ་ལྷ་ཆེན་ཚངས་པ་དུང་ཐོད་ཅན་གྱི་སྐུ་རྟེན་དབང་འདུས་རྒྱལ་པོ་དང་བཙུན་མོ་ཚལ་བཅས་པས་ཟང་ཟིང་གི་ཚན་གྲངས་འགྱེད་སོགས་སྦྱར་ཏེ་གྲ་ཚང་ནས་མཁའ་འགྲོ་སྡེ་ལྔར་བརྟེན་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་བསྟར། ཆོས་སྐྱོང་གིས་རིང་འཚོའི་ཚིགས་བཅད་ཤློ་ཀ་བཞི་པ་ཞིག་གསུངས་འདུག་པ་དང་བསྟུན་གྲ་ཚང་དུ་བཙུགས་


GLG007_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མཚུངས་ལྷ་ས་ཆུ་མིག་ཁ་པས་ཀྱང་བགྱིས། བསོད་ནམས་དབང་རྒྱལ་གྱི་མ། དཔོན་མོ་ཕུན་ཚོགས་དཔལ་འཛོམ་བུ་བཅས། དགའ་ལྡན་རབ་འབྱམས་པའི་ཚ་བོ་རབ་བརྟན། ཨེར་ཁེ་ཇི་ནོང་གི་བླ་མ་དགེ་འདུན་བསམ་གྲུབ། མེར་གན་ཇི་ནོང་གི་དཔོན་མོ་བུ་བཅས། སྟག་ལུང་ལྷུན་གྲུབ་རྫོང་པ་ཡབ་ཡུམ་སྲས་བཅས་ཀྱི་ངོ་མ་ཚོར་བྱིན་རླབས་དང་དམངས་བརྒྱ་སྐོར་ལ་མེ་ཏོག་གཏོར། ཤེལ་དཀར་ཆོས་སྡེའི་གྲ་པ་དགེ་སློང་བློ་བཟང་བསམ་གྲུབ་ཀྱིས་ལམ་རིམ་གྱི་ཁྲིད་འཇམ་དཔལ་ཞལ་ལུང་གི་རྒྱུགས་སྤྲད། རྡོ་རྗེ་བྲག་སྤྲུལ་པའི་སྐུར་འཚུབ་ལྟས་ཤིག་ཤར་བ་སེལ་བྱེད་དུ་ཀརྨ་གུ་རུའི་གཏེར་སྐུས་གཙོས་ཚན་གྲངས་སྤེལ་ཞིང་མི་འགྱུར་བདེན་ཚིག་བརྗོད་པའི་འཕྲིན་ཡིག་དང་བཅས་འབུལ་མི་ཆེད་དུ་མངགས། རྫོང་གཞིས་ཁག་ཁ་ཤས་ནས་ངེད་རང་རིང་པོར་འཚོ་ཐབས་ལ་འབུམ་རྒྱས་པ་ཚར་དྲུག་བརྒྱ་བདུན་ཅུ། བརྒྱད་སྟོང་པ་བརྒྱ། གཟུངས་འདུས་དྲུག་བརྒྱ་རེ་བདུན། མཚན་བརྗོད་ཆིག་སྟོང་ཉིས་བརྒྱ་དྲུག་ཅུ། སྒྲོལ་མ་ཆིག་འབུམ་ཉི་ཁྲི་དྲུག་སྟོང་དགུ་བརྒྱ་རེ་གཅིག་གདུགས་དཀར་ས་ཡ་གཅིག་དང་ཆིག་འབུམ་ལྔ་ཁྲི་དྲུག་སྟོང་ཉིས་བརྒྱ་དྲུག་ཅུ། ཤེར་སྙིང་ཉིས་འབུམ་ཉི་ཁྲི་དྲུག་སྟོང་དགུ་བརྒྱ་ཞེ་གཅིག །ཚེ་གཟུངས་ལྔ་འབུམ་དྲུག་ཁྲི་ལྔ་སྟོང་ཉིས་བརྒྱ། སཱཙྪ་ཁྲི། ཁྲོ་རོལ་གཉིས། སྲོག་བླུ་བརྒྱ། སྡེ་པའི་རིམ་གྲོར་བཀའ་འགྱུར་བཅུ་གཅིག །སྒྲོལ་མ་ཉིས་འབུམ་ཉི་ཁྲི། ཤེར་སྙིང་ཆིག་འབུམ་སུམ་ཁྲི། གདུགས་དཀར་ཆིག་འབུམ། སྲོག་བླུ་ལོ་གྲངས། རྒྱལ་པོའི་གེགས་སེལ་ལ་ཤེར་སྙིང་ཆིག་འབུམ་བརྒྱད་སྟོང་། ཚེ་གཟུངས་ས་ཡ་གཅིག་དང་ཉིས་འབུམ་བརྒྱད་ཁྲི། བསྟན་


GLG007_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་སྤྱི་རིམ་དུ་མང་ཇའི་མཐུན་རྐྱེན་སྤྲད་པའི་སྔགས་དགོན་རྣམས་ནས་གཏོར་བཟློག་དང་བཤད་གྲ་ཚོས་མདོ་སྒྲུབ། ཁྲོ་རོལ་གཉིས། དཀོན་བརྩེགས། ཐང་ཡིག་དང་སྡེ་ལྔ། དཔལ་གསོལ་རྣམས་བརྒྱ་རེ། བསྟན་མ་བཅུ་གཉིས་དང་སྲིད་པ་ཆགས་པའི་ལྷ་ཆེན་ཚོར་གསོལ་མཆོད། དམག་ཟོར་མར་བསྐང་བ་སྟོང་། གུར་ཞལ་ཕྱག་བཞི་པར་བརྒྱ་རེ། བོད་ཁམས་སྤྱིའི་བདེ་ཐབས་སུ་གནས་ཆེན་ཁག་བཅུར་བརྒྱ་མཆོད་སྣ་ལྔ་རེ། སྨན་བླ་དྲུག་སྟོང་བརྒྱད་བརྒྱ། སྒྲོལ་མ་ཉི་ཁྲི་སུམ་བརྒྱ། ཤེར་སྙིང་དྲུག་སྟོང་དགུ་བརྒྱ། ཚེ་གཟུངས་དགུ་ཁྲི། ཨྱོན་ཆེན་པོའི་སྒྲུབ་གནས་བརྒྱད་དུ་ཁད་གང་ཉེའི་སྔགས་འཆང་བཅུ་ཕྲག་རེས་ཉིན་བརྒྱད་ཀྱི་བར་ཚོགས་བརྒྱ། ཉིན་གཉིས་སྦྱིན་སྲེག །རྟགས་ངན་དུས་མིན་གྱི་མེ་ཏོག་གང་ཤར་སར་རྒྱས་འབྲིང་བསྡུས་གསུམ། ཀླུ་བཅོས། གོང་དཀར་ནས་ཁྲོ་རོལ་དང་མགོན་པོ་གཡུལ་བཟློག །ཕ་རོལ་པོའི་བྱད་ཀ་བཟློག་ཕྱིར་ཕྱག་བཞི་པའི་བསྐང་བ་སྟོང་ཕྲག་གསུམ། ར་ས་བསམ་ཡས་ཁྲ་འབྲུག་གསུམ་དུ་བརྒྱ་མཆོད་སྣ་ལྔ་རེ། མཆོད་རྟེན་ལྔ་བཅུ་ལ་ཞིག་གསོས། ས་གཡོས་པའི་ངན་བཟློག་ཏུ་འབུམ་ཚར་ལྔ། གཤིན་རྗེ་ནག་པོའི་དགྲ་མནན་བཞི། ནད་རིམས་མི་འབྱུང་བའི་ཆེད་རི་འགོ་མཐོ་སར་བསངས་དང་དར་ལྕོག་བརྒྱ་རེ། རྒྱུ་འགྲོས་ཆུང་ཞིང་རིམ་གྲོར་འགྱུར་ཁྱད་ཀྱི་མི་སེར་དུད་རེ་ནས་རྩམ་ཕུལ་རེ་བསྡུས་དེ་ཕྱིན་དགོས་ཆ་གཞུང་ནས་སྤྲད་པའི་སྒྲོལ་མ་ས་ཡ། རྫོང་གཞིས་ཆེ་ཁ་ནས་རྣམ་འཇོམས་དང་སྨེ་བརྩེགས་ཁྲུས་ཀྱིས་ལྷ་མི་རྣམས་ཀྱི་མ་དག་པའི་དྲི་མ་དབྱུང་བའི་སྦྱོར་བ་བྱེད་བཅུག །ཉེར་དགུར་གསེར་ཆོས་ཚོར་


GLG007_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

མོས་དུངས་ཆེ་བ་ལྟར་གོ་དོན་ཕྱག་བཞེས་རྣམས་མ་བསླབས་ཤེས་ཀྱི་གྲས་སུ་རང་ཉིད་མ་ཚུད་པར་བརྟེན་ཆོས་སྐྱོང་ཆེ་ཆུང་ལས་མཁན་དང་བཅས་པ་དང་དམར་པོ་སྐོར་གསུམ་གྱི་ལས་རབ་འབྱམས་ལག་ཏུ་བླང་བྱའི་བསྙེན་སྒྲུབ་ལས་གསུམ་དཔེ་རིས་ཀྱིས་མཚོན་དཀའ་གནས་ཐམས་ཅད་ལ་འོས་ཚོད་མིན་པར། ཁ་སྦྱོར་ལས། བསྟན་བཅོས་ཚད་མ་སློབ་དཔོན་དང་། །ལུང་གི་རྗེས་འབྲང་དེ་ཉིད་རིག །གསང་སྟོན་དེ་ཉིད་དངོས་པོ་ཡང་། །གཅིག་ནས་གཅིག་བརྒྱུད་ཤེས་པར་བྱ། །བླ་མ་རབ་ཀྱི་ཞལ་ལས་བླང་། །ཞེས་པ་ལྟར་བླ་མ་ཚད་མ། ཉམས་མྱོང་ཚད་མ། བསྟན་བཅོས་ཚད་མ། ལུང་ཚད་མ་སྟེ་བཞིས་གཏན་ལ་དབབ་དགོས་པ་བཞིན་དྲིན་ཅན་ཁྱབ་བདག་བཀའ་འགྱུར་བ་ཆེན་པོར་དོག་གནས་ཀྱི་ཤོག་ཧྲིལ་དུ་མ་ཕུལ་བར་བླ་མ་དབུ་ཡོན་པ་ཚོ་དང་མི་འདྲའི་གཤིས་འདི་ནི་འདིའོའི་བཀའ་མཆན་དང་། ལྷག་པར་ངོས་ཀྱིས་དཀའ་གནས་ཐམས་ཅད་ཀྱི་དོན་དྲི་བས་གཏན་ལ་ཕབ་པར་ཡི་གེར་བཀོད་པ་གཅིག་ཏུ་བླུན་པོ་སྙིང་ཁམ་ཅན་གྱི་ལག་ཏུ་ཚུད་ན་རྒྱུན་མེད་བཞིན་དུ་དཔེར་བླ་མ་འཆོལ་བའང་སྲིད་པས་དགེ་མེད་གསང་སྒྲོག་གི་སྐྱོན་དུ་མཆིས་མོད། གཉིས་སུ་དཔལ་ལྡན་བླ་མ་དམ་པ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོའི་རིགས་ཆོས་ཀྱི་དབོན་ནམ་མཁའ་བསོད་ནམས་དབང་གི་རྒྱལ་པོ་སོགས་བདག་ཆེན་རྡོ་རྗེ་འཆང་ཡབ་སྲས་ཀྱི་རྗེས་འཇུག་བསྟན་འཛིན་རྣམས་ལ་མེད་མི་རུང་ལྟ་བུའི་གནད་ཀུན་ཆད་ཚེ་བསྟན་རྒྱུན་ཉམས་པ་མ་བཟོད་པར་ཡི་གེར་འདྲི་བར་ཆོས་སྲུང་རྣམས་བཀའ་གཉན་པས་རུང་མི་རུང་བརྟག་པའི་ཕྱིར་མགོན་ཁང་ཕུར་ཆོས་སྐྱོངས་དངོས་དང་དབྱེར་མེད་པའི་རྟེན་བྱིན་ཅན་བཀྲམ་


GLG007_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མདུན་མཆོད་གཏོར་སྤྱན་གཟིགས་བསམ་གྱིས་མི་ཁྱབ་པ་བཤམས་ཏེ་གྲ་པ་ཁ་ཤས་ཀྱིས་མཁའ་འགྲོ་རྣམ་ལྔ་དགྱེས་པ་བསྐྱེད་ནས་གནང་བ་ཐོབ་དགོས་པ། དཀར་ཆག་སྙིང་གི་བདུད་རྩི་ཟིལ་དངར་ལས། འོག་མིན་ཞིང་དང་དུར་ཁྲོད་བརྒྱད་སོགས་འཇིགས་པའི་གནས་ན་ཁྲོས་པའི་གར་མཛད་བསྟན་དགྲའི་སྲོག་དབུགས་འཕྲོག་པ་དེ་ནི་ཕྱི་ཡི་མགོན་པོ་ཞེས་སུ་གྲགས། །རྩ་གསུམ་འཁོར་ལོ་རྣམ་ལྔའི་རྩ་ཁམས་རླུང་གི་ངོ་བོ་བཟུང་འཛིན་སྲོག་འཕྲོག་ལྷན་སྐྱེས་ཡེ་ཤེས་སྦྱིན་མཛད་དེ་ནི་ནང་གི་ཆོས་སྐྱོང་གང་དེ་ཉིད། །ཕྱི་ནང་སྒྱུ་འཕྲུལ་དྲེགས་པའི་རོལ་རྩེད་རང་སེམས་གཅིག་པུའི་དབྱིངས་སུ་ཞུགས་པས་གསལ་སྟོང་ཟུང་འཇུག་བརྗོད་བྲལ་དེ་ནི་གསང་ཆེན་རྒྱུད་གསུམ་དྲེགས་པའི་དངོས། །ཨ་ཧོ་སྣང་སྲིད་དྲེགས་པའི་རང་ཞལ་རྗེན་པར་མཐོང་བའི་རང་རིག་ཡེ་ཤེས་འགྱུར་མེད་བདེ་བས་མྱོས་པ་དེ་ནི་ཕྱག་དང་མཆོད་པའི་རབ་དང་ཕུལ། །ཞེས་པའི་ཟབ་གནད་དང་ལྡན་པ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་ཆོས་སྐྱོང་གྲངས་མེད་མངའ་བའི་གཙོ་བོ་ཡིན་ཏེ། ཀུན་མཁྱེན་མཁྱེན་བརྩེས། བགྲང་ཡས་བསྟན་སྲུང་ཀུན་གྱི་སྡེ་དཔོན་ཆེ། །དྲན་པས་སྙིང་གི་མུན་སེལ་རྡོ་རྗེ་གུར། །ཞེས་པར་རྒྱུན་འཛིན་ཀྱང་། དཀར་ཆག་ཟབ་དོན་གསལ་སྒྲོན་ལས། ཁོ་བོས་རྒྱལ་ཁམས་ཡངས་པའི་ཕྱོགས་ཀུན་མྱུལ། །མཁས་གྲུབ་བླ་མ་མང་པོའི་ཞབས་པད་བསྟེན། །རང་གཞན་གདམས་པ་ཟབ་མོའི་གནད་ཀུན་ཤེས། །དག་དང་མ་དག་འབྱེད་པའི་སྤོབས་པ་ཐོབ། ཁྱད་པར་ནག་པོ་ཆེན་པོའི་མན་ངག་ནི། །བརྒྱུད་ལྡན་བླ་མ་བཅུ་ཕྲག་གཅིག་


GLG007_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞུས། །འགྲན་ཟླ་ཀུན་བྲལ་དྲིན་ཅན་རྡོ་རིངས་པའི། །སྙན་བརྒྱུད་ཟབ་མོ་བུམ་པ་གང་བྱོར་ཐོབ། །ཨེ་ཝཾ་པ་ནི་བསྡུས་ལ་སྤྲོས་པ་ཆུང་། །མུས་སྲད་པ་ནི་དཀར་ཆག་ཁྲིགས་ཆགས་ཅན། །རྡོ་རྗེ་གདན་པ་འཆམས་དང་ནུས་པའི་བདག ཁོ་བོས་ཐོབ་པའི་ཐུན་མོང་བརྒྱུད་པ་གསུམ། །ཞེས་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་ཕྱི་མ་ས་སྐྱ་ཚང་གི་རྣ་བར་མ་གྲགས་པ་ཞལ་ངོ་ནང་བརྒྱུད་ཚད་མ་བཞི་ལྡན་གྲུབ་པའི་འཁོར་སྒྱུར་བི་རཱུ་པ། རྡོ་རྗེ་གདན་པ། བྲམ་ཟེ་མཆོག་སྲེད་སོགས་བཀའ་བབས་དུ་མ་མངའ་བ་དེ་ཉིད་ཀྱི་བཀའ་རྒྱ་འགྲོལ་བའི་ཚེ། བསམ་འཕེལ་ནོར་འཕྲེང་ལས། ཕྱི་ནང་གསང་བའི་མན་ངག་ཞུ་བའི་ཚེ། །ཚོགས་དང་གཏོར་མས་མཁའ་འགྲོ་མཉེས་པར་བྱས། །རིན་ཆེན་གསེར་གྱི་མཎྜལ་ལན་གསུམ་ཕུལ། །གསང་ཆེན་གྲུབ་མཐའ་འཛིན་པའི་དམ་བཅའ་བྱས། །ཞེས་པ་དང་མཚུངས་པས་རྟེན་འབྲེལ་བསྒྲིག་ཕྱིར་གྲ་ཚང་གི་གྲ་པ་ཁ་ཤས་ཀྱིས་མ་གྲུབ་པར་མཆོད་གཏོར་དབུལ་ཞིང་འཕྲིན་ལས་བཅོལ། གནང་བར་ཤེས་ནས་ཡི་གེ་འབྲི་མཁན་ཡང་དབང་དང་རྗེས་གནང་ཐོབ་དགོས་པ་ལྟར་དཔལ་གྲོང་སྔགས་རམ་པ་དང་། བསྟན་འཛིན་དབང་པོ་གཉིས་བཅོ་བརྒྱད་ཆོས་རྗེར་ཞུ་བཅུག་སྟེ་འཕྲོད་སྦྱོར་བཟང་པོར་དབུ་བཙུགས། དཔེ་འཚོལ་དགེ་སློང་འཇམ་དབྱངས་གྲགས་པས་བྱས་ཕྱི་མཚམས་སེ་བའི་རིང་ནས་དཔའ་བོ་མཁའ་འགྲོ་འདུ་བའི་དུས་ཆེན་འདིར་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་ཟབ་དོན་སྒོ་ལྕགས་འབྱེད་པའི་རིན་ཅེན་ལྡེ་མིག་དང་། མཁྱེན་རབ་དང་དམིགས་པ་མེད་པའི་ཐུགས་རྗེའི་མངའ་བདག་གདན་ས་གོང་ནས་བདག་ཆེན་རིན་པོ་ཆེ་ཀུན་དགའ་བསོད་ནམས་དབང་ཕྱུག་བཀྲ་ཤིས་


GLG007_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་རྒྱལ་མཚན་དཔལ་བཟང་པོ་དང་རིགས་སྲས་ཀུན་དགའ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་གཉིས་ཀྱིས་ཚར་ཆེན་རྡོ་རྗེ་འཆང་གིས་ཕྱོགས་གཅིག་ཏུ་བསྒྲིགས་པའི་གུར་མགོན་གྱི་འཁོར་ལོའི་དཔེ་རིས་ཀྱི་དོན་ཉམས་སུ་བླང་བདེ་ཞིག་གྱིས་ཤིག་ཅེས་བཀའ་ཕེབས་པར་རིགས་ཀུན་ཁྱབ་བདག་ཞ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ལེགས་སོ་སྩལ་བ་དང་དུ་བླངས། རང་གི་དྲན་གསོ་དང་རྗེ་བཙུན་མགོན་པོ་བསོད་ནམས་མཆོག་ལྡན་དཔལ་བཟང་པོའི་རིགས་དབོན་འ་ཞ་ནམ་མཁའ་བསོད་ནམས་དབང་གི་རྒྱལ་པོ་སོགས་རྗེས་འབྲང་རྣམས་ལ་ཕན་པའི་བློས་གསལ་བྱེད་མཐོང་བས་དོན་ལྡན་བཀོད། ཁྱབ་གདལ་དུ་འདྲི་མི་རུང་བ་འ་ཞ་མཁྱེན་རབ་རྣམ་རྒྱལ། གནས་གསར་འཇམ་དབྱངས་བསྟན་འཛིན། བོན་ཕྲུག་པ་ངག་དབང་རབ་བརྟན་རྣམས་ཉི་འོད་མདོར་ཕྱིང་གུར་ཕུབ་སྟེ་འདྲི་བཅུག །ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་ར་བ་སྟོད་བླ་མའི་ཁ་སྐོངས་སུ་དྲུང་ཆེན་ཕུན་ཚོགས་ཆོས་ལྡན་གྱི་གསོལ་འདེབས། རྒྱ་མཚོ་དགེ་ཚུལ་མའི་ངོར་སྨོན་ལམ། བློ་བཟང་ཐོགས་མེད་ཀྱི་འདྲ་འབག་གི་ཁ་བྱང་། ངག་དབང་མཁྱེན་བརྩེའི་ཡང་གསང་དྲག་པོའི་རྒྱབ་ཡིག །ངག་དབང་ཚུལ་ཁྲིམས་ཀྱིས་དགེ་སྐོས་འཇོག་ལ་དངུལ་སྲང་བཅོ་ལྔའི་པད་སྡེར་ཕུལ་བའི་ཁ་བྱང་། རྒྱལ་བ་ཆོས་རྗེའི་རྒྱུན་གྱི་སྨོན་ལམ། གཡོན་རུ་སྐུ་སྐྱེའི་ངོར་ཕ་བོང་ཁ་པ་འཇམ་དབྱངས་གྲགས་པའི་གསོལ་འདེབས། དབོན་བློ་བཟང་མཁས་བཙུན་གྱི་ངོར་སྤྲུལ་སྐུ་མྱུར་འབྱོན་གྱི་སྨོན་ལམ། དགའ་ལྡན་གསང་སྔགས་གླིང་སྤྱིའི་ངོར་རིང་འཚོ། དཀྱིལ་ཁང་བླ་མ་བློ་བཟང་


GLG007_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་གསོལ་འདེབས། བཀྲས་རབ་པ་དཀའ་བཅུ་ཀུན་དགའ་རྒྱ་མཚོའི་བྲིས་ཐང་ལྔའི་རྒྱབ་ཡིག །བློ་བཟང་ཐུགས་རྗེས་གྲ་སྐོར་བཏང་བའི་ཚེ་གྲ་ཚང་དུ་དངུལ་སྲང་ཉེར་གསུམ་གྱི་ཀོང་ཕུལ་བའི་ཁ་བྱང་། མཁན་ཆེན་ཞ་ལུ་པ་ཆེན་པོའི་གསུང་བཞིན་ཞང་བློན་གྱི་འཕྲིན་བཅོལ་དང་རིམ་ལྔའི་ཁྲིད་ཡིག་ཟ་མ་ཏོག་གི་ཁ་འབྱེད་ལྡེ་མིག་གི་སྦྱར་བྱང་འཕྲོས། གྲོང་སྨད་ཀྱི་དེབ་ཀྱི་འགོ་བརྗོད། དར་མོ་སྨན་རམས་པས་ལྷ་སར་མཆོད་འབུལ་གྱི་སྨོན་ལམ། དཀོན་གཉེར་དགེ་སློང་ཀུན་དགའ་ཅན་གྱི་འཇོག་གི་དཀྱིལ་ཐང་རྒྱབ་ཡིག །རྗེའི་རིམ་ལྔ་གསལ་སྒྲོན་གྱི་པར་བྱང་རྣམས་སོ་སོའི་འདོད་པ་དང་བསྟུན་ཏེ་བྲིས། ཚེས་གཉིས་ལ་སྟག་ལུང་ཟུར་པས་རྟ་བདུན་ཅུ་དོན་གསུམ་སོགས་སྤམས་བསྟོད་དེ་ཚོམས་ཆེན་དུ་འགྱེད་ཡོན་དང་བཅས་མཁའ་འགྲོ་སྡེ་ལྔའི་སྒོ་ནས་ཚེ་རིང་པོར་སྤེལ་བའི་ཆོ་ག་མཛད། ལྕགས་ཟམ་སྐུ་སྐྱེ། རྒྱལ་ལེགས་བཤད་གླིང་ཆོས་རྗེ། སྒེར་པ་རྗེ་དྲུང་། དཔོན་མོ་རྒྱ་མཚོ། མཚོ་ཁ་ནས་གསར་འབྱོར་དགའ་ལྡན་རབ་འབྱམས་པ་ཚ་བཅས་ཀྱིས་རྟ་བརྒྱ་དང་བཅུ་གཉིས་ཀྱིས་ཐོག་དྲངས་བདོག་པ་བཏེག །སེར་ཇི་སོགས་ལྔ་བརྒྱ་སྐོར་དང་ཕྲད། ལྕགས་ཟམ་སྐུ་སྐྱེ་དང་དཔོན་མོ་རྒྱ་མཚོར་བཀའ་བསྒོ་བསྟར། ཕྱི་དྲོ་སྟག་ལུང་ཞབས་དྲུང་སྐུ་རྐྱང་དང་མཇལ་དགེ་སྐྱོན་གྱི་གསུང་གླེང་སྨར་བ་བྱུང་། དེ་རྗེས་རྒྱལ་མོ་བསོད་ནམས་ཆོས་འཛོམ། ཁལ་ཁ་ནོ་ཡོན་ཁུ་ཐུག་ཐུ། ཉི་སྡིངས་སློབ་དཔོན་པ་རྣམས་ལ་བྱིན་རླབས་དང་བརྒྱ་སྐོར་ལ་མེ་ཏོག་གཏོར། རྨེ་རུ་ཨེམ་ཆི་ཐབས་མཁས་སྤུན་གྱིས་ཡོན་དང་དངོས་པོ་བརྐྱང་སྟེ་ཚེས་གསུམ་ལ་གྲ་ཚང་ནས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་སྤེལ་


GLG007_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཆེན་ཡབ་སྲས་གཉིས་དབོན་རིན་པོ་ཆེ་སོགས་བསྟན་འཛིན་རྣམས་ཀྱི་ཆེད། ཚར་ཆེན་རྡོ་རྗེ་འཆང་གིས། དེ་ལྟར་རྒྱལ་པའི་དྲི་མེད་རྒྱུད་སྡེ་ལས། །གསུངས་པའི་བསྟན་སྲུང་ཀུན་གྱི་མཆོག་གྱུར་པ། །དྲག་ཤུལ་མཐུ་ལྡན་སྟོབས་འཕྲོག་ནག་པོ་ཞེས། །རྒྱ་བོད་མཁས་གྲུབ་ཀུན་ལ་རླུང་ལྟར་གྲགས། །ཞེས་སངས་རྒྱས་གཉིས་པ་ཀླུ་སྒྲུབ། ཏ་ཐཱ་ག་ཏ་རཀྵི་ཏ། པཎ་ཆེན་འབུམ་ཕྲག་གསུམ་པ། རི་སུལ་གྱི་རྣལ་འབྱོར་མ་སོགས་པཎ་གྲུབ་དུ་མའི་ཆོས་སྐྱོང་གི་གཙོ་བོ་གཉན་ལ་དར་མ་གྲགས་ཀྱི་སྲུང་མ་བརྒྱ་རྩའི་མཆོག་རྗེ་བཙུན་ས་སྐྱ་བ་ཡབ་སྲས་ལ་བཀའ་བབས་པའི་མགོན་པོ་ཆུང་བ་འདི་ཉིད། དེ་ཡང་ཐོག་མར་ཚོགས་ཀྱི་འཁོར་ལོ་དང་། །རིན་ཆེན་གསེར་གྱི་མཎྜལ་ལ་སོགས་པ། །སྙན་བརྒྱུད་དང་པོའི་རྟེན་འབྲེལ་ཀུན་བསྒྲིགས་ནས། །ཞེས་པ་ལྟར་མ་འཕྱུགས་པར་བྱས་ཏེ་དཔལ་མགོན་སྟོབས་འཕྲོག་གདོང་བཞི་པའི་འཁོར་ལོའི་གསལ་བྱེད་ཡང་གསང་སྙིང་གི་ཁྲག་ཐིག་བྲིས། རྣམ་སྲས་གླིང་པ་དང་འཚོ་བྱེད་ངག་དབང་ལྷག་བསམ་ལ་ཇ་གྲལ། མཆོད་པའི་བྱེ་བྲག་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དཔེར་ལེན་པ་བཞིན་མུ་ཏིག་སོགས་རིན་པོ་ཆེ་ལེགས་ངེས་སྣ་ཚོགས་ཕྲ་བསྐོངས་དང་བཅས་པའི་དྲ་བ་དྲ་ཕྱེད་ཀྱི་ལྡ་ལྡི་བཀོད་ལེགས་སྡེ་པ་སྦྱིན་པས་ཁུར་ལེན་མཛད་པ་ཚེས་བརྒྱད་ལ་ཕུར་སྒྲུབ་ཚུགས་པའི་སྤྱན་གཟིགས་སུ་དབུལ། རྒྱ་བོད་ཀྱི་ཡིག་རྙིང་དང་རྗེས་འབྲང་མཁས་གྲུབ་རྣམས་ཀྱིས་གསལ་བྱེད་རིམ་མཛད་བླ་མ་དམ་པའི་ཞལ་གྱིས་དྲོད་རླངས་ཉམས་མེད་དམར་འཁྲིད་དུ་ངོ་སྤྲོད་མཛད་པ་ལས་ལྷག་པའི་གནད་ཟུར་བ་མེད་ཀྱང་སྣང་ལ་མ་ངེས་ཀྱི་ཐེ་ཚོམ་རྣམས་རྗེ་བླ་མའི་དྲུང་དུ་དོགས་གཅོད་


GLG007_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

གོ་དཀའ་སླར་བལྟོས་མེད་ཞུས་པ་ཡིད་ལ་གང་ཟིན་རིགས་དབོན་ལ་སོགས་བསྟན་འཛིན་རྣམས་ཀྱི་ཆེད་རྡོ་རྗེ་ནག་པོ་ཆེན་པོ་ཞལ་བཞི་པའི་མན་ངག་གི་དོགས་སེལ་སྙིང་བཅུད་ཟིལ་དངར་དཔའ་བོ་མཁའ་འགྲོ་འདུ་བའི་ཚེས་བཅུའི་ཉིན་བྲིས། ཚེས་བཅུ་བཞིར་ཟུར་ཐམས་ཅད་འཁྱེན་པའི་མཆོག་སྤྲུལ། དགའ་ལྡན་དའི་ཆིང་བོ་ཤོག་ཐུ་ཇི་ནོང་། ཨུལ་ཇོའི་ཐུ་པཱ་ཐུར་ཐའི་ཇི་རྣམས་ལ་ཇ་གྲལ་བགྱིས། ཚེས་བཅོ་བརྒྱད་ལ་བསོད་ནམས་དབང་རྒྱལ་མ་བུ། དགའ་ཆགས་ཨ་བོ་བཀྲ་ཤིས་རབ་བརྟན་གཉེར་པ། དགའ་ལྡན་དའི་ཆིང་གི་སོག་དམངས་ལོག་མི་བཞི་བརྒྱ་སོགས་བོད་སོག་བདུན་བརྒྱར་ཉེ་བར་ཀ་སྦུངས་སྟེང་ནས་སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་རྗེས་གནང་དང་མེ་ཏོག་གཏོར། མཁའ་འགྲོའི་ཞལ་རླངས་དངར་པོར་འཐུལ་བའི་ཟབ་ཆོས་ཆིག་བརྒྱུད་དུ་བཞུགས་པ་མི་ནུབ་པའི་ཕྱིར་བླ་མ་དམ་པའི་རིགས་དབོན་རིན་པོ་ཆེ་སོགས་སློབ་བཤད་འཛིན་ངེས་ལ་ཕན་པའི་བློས་ཆོས་སྐྱོང་ཆེ་ཆུང་ལས་མཁན་དང་བཅས་པར་མཆོད་གཏོར་ཕུལ་ཞིང་བཀའ་རྒྱ་བཀྲོལ་ནས་འདྲི་བའང་། དབང་སྡུད་པདྨ་རཱ་གའི་ཟ་མ་ཏོག་ཁ་འབྱེད་གནད་ཀྱི་ལྡེ་མིག་ལས། གངས་ཅན་འདི་ན་དཔལ་ལྡན་ས་སྐྱ་པའི། །གསེར་ཆོས་ཟབ་མོ་དམར་པོ་སྐོར་གསུམ་ཞེས། །མིང་ཙམ་སྐྱེ་བོ་ཀུན་ལ་རླུང་ལྟར་གྲགས། །ཇི་བཞིན་ཤེས་པའི་སྔགས་འཆང་ཉིན་སྐར་ཙམ། །ཤེས་རློམ་ཕལ་ཆེར་འབབ་ཆུས་རྫིང་བུ་བཞིན། །ཐུན་མོང་ལུང་དང་རྗེས་གནང་ཙམ་གྱིས་ཁེངས། །སྤྲིན་ཆེན་ཆུ་ཡིས་རྒྱ་མཚོ་ཇི་བཞིན་དུ། །ཡོངས་རྫོགས་གདམས་པའི་བཅུད་ལྡན་ཁོ་བོ་ཙམ། །ཞེས་ཞལ་གྱིས་བཞེས་པའི་
རྗེ་བཙུན་མ་ཀུ་རུ་ཀུལླེ། ལྷ་ཆེན་ཚོགས་ཀྱི་བདག་པོ། ཁྲོ་བོ་འདོད་པའི་རྒྱལ་པོ་གསུམ་གྱི་འཁོར་ལོའི་གསལ་བྱེད་ཁམས་གསུམ་འགུགས་པའི་ལྕགས་ཀྱུ་འདིའང་ཚེས་ཉི་ཤུ་པ་སངས་མེ་བཞི་འཛོམ་པའི་འཕྲོད་དགེ་བར་བརྩམས། གླེགས་བམ་དུ་གབ་དཀྲུགས་འཐོར་བའི་ཚུལ་དུ་ཡོད་པ་གསལ་བྱེད་ཕན་ཚུན་འཕྲུལ་ཤེས་དགོས་མོད། འོན་ཀྱང་ཞལ་ཤེས་ཕྱག་ལེན་མཛུབ་འཁྲིད་དུ་ནོས་པས་ཤེས་ནུས་རུང་རང་གི་བློ་གྲོས་ཀྱིས་མ་རྟོགས་པ་དང་ལོག་རྟོག་ཐེ་ཚོམ་གྱི་དྲ་བར་ཆུད་པ་རྣམས་བློ་མིག་ཆུང་ངུས་གང་མཐོང་རྗེ་བླ་མའི་དྲུང་དུ་བཅད་བརྡར་གྱིས་གཏན་ལ་ཕབ་པ་རྣམས་འདི་ཉིད་ཀྱི་རིང་ལུགས་འཛིན་ངེས་ལ་ཕན་པའི་བསམ་པས་གང་ཟིན་གསེར་ཆོས་དམར་པོ་སྐོར་གསུམ་གྱི་དཀའ་གནད་མདུད་འགྲོལ་གྱི་རེག་ཟིག་ལ་དམར་པོའི་ཆུན་པོ་དམར་ཕྱགས་མཁའ་འགྲོ་ཀུན་འདུ་བ་ཉེར་གསུམ་ལ་བཀོད། ཉེར་དྲུག་ལ་དབུས་དཔུང་དམག་དཔོན་བཞིས་གཙོས་དྲུང་འཁོར་དམག་ནས་འཁོར་བ་རགས་བསྡུས་དང་ཕྲད། རྟ་ཚག་རྗེ་དྲུང་གིས་རྟ་དྲུག་ཅུ་རེ་གཅིག་དང་ཨ་ཡོ་ཤིའི་བསྔོ་རྟེན་ལ་ཉེར་གཅིག་བྱུང་། ལྷ་སར་སྒོ་འགྱེད་ལ་དུད་རེར་མཁར་ཉག་དོ་རེ་བསྡོམས་འཁོར་དྲུག་མ་སོ་བརྒྱད་དང་། ནད་རིམས་བཟློག་ཐབས་སུ་བོད་སྐྱོང་བསྟན་མ་གནས་ཁག་བཅུ་བདུན་ལ་སྐུ་མདོག་དང་མཐུན་པའི་དར་ལྕོག་དམོད་བྱང་སྤེལ་ཆག་བཅས་གསོལ་མཆོད་དང་ལོ་མཇུག་གི་ཚེ་བདག་སྒྲུབ་མཆོད་བཏང་།


previousདགུང་ལོ་རེ་གཅིག་པར་རིས་མེད་འདུས་སྡེ་ཁག་ནས་བསྟན་སྲིད་སྤྱི་དང་བོད་ཁམས་བདེ་ཐབས་ཀྱི་རིམ་གྲོ་དང་། ཁ་ཆེ་པཎ་ཆེན་ལུགས་ཀྱི་བསྙེན་རྫོགས་ཀྱི་སྡོམ་པ་བསྐྱར་དུ་བཞེས་པ་སོགས་ཀྱི་སྐོར།next