Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
ཁྱབ་བདག་རྡོ་རྗེ་འཆང་མཁན་ཆེན་ཆོས་ཀྱི་རྒྱལ་པོ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསང་བའི་རྣམ་ཐར་དད་པའི་ཤིང་རྟ།
   
   
   
   


 
previousཁྱབ་བདག་རྡོ་རྗེ་འཆང་མཁན་ཆེན་ཆོས་ཀྱི་རྒྱལ་པོ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསང་བའི་རྣམ་ཐར་དད་པའི་ཤིང་རྟ།next

ཁྱབ་བདག་རྡོ་རྗེ་འཆང་མཁན་ཆེན་ཆོས་ཀྱི་རྒྱལ་པོ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསང་བའི་རྣམ་ཐར་དད་པའི་ཤིང་རྟ།


GLG008_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་རྡོ་རྗེ་འཆང་མཁན་ཆེན་ཆོས་ཀྱི་རྒྱལ་པོ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསང་བའི་རྣམ་ཐར་དད་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །


GLG008_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷི། །ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་ཚོགས་གཉིས་ས་བོན་སྨིན་པ་ལས། །སྐུ་བཞིའི་འབྲས་བཟང་གཡུར་དུ་ཟ་བའི་བཤེས་གཉེན་དཔག་བསམ་ཡོངས་འདུའི་ལྗོན། །ཅུང་ཟད་བསྟེེན་ཀྱང་འདོད་པའི་རེ་སྐོང་སྔོན་མེད་ཡིད་བཞིན་དབང་གི་རྒྱལ། །བློ་བཟང་ཆོས་ཀྱི་སྲིད་ལ་དབང་བསྒྱུར་བསྟན་པའི་རྒྱལ་མཚན་ཞབས་ལ་འདུད། །བློ་གསལ་སྐལ་བཟང་རིན་ཆེན་ཟ་མ་ཏོག །ལུང་རྟོགས་ཆོས་ཀྱི་བདུད་རྩིས་འགེངས་མཛད་པའི། །དུས་གསུམ་རྒྱལ་བ་ཀུན་དངོས་ངུར་སྨྲིག་གིས། །རྣམ་རོལ་མཚན་ལྡན་བླ་མ་ཕྱག་གི་ཡུལ། །གྲངས་མེད་བསྐལ་པར་གོམས་པའི་རྒྱལ་སྲས་ཀྱིས། ། རླབས་ཆེན་སྤྱོད་པའི་ཕ་མཐའ་འཆིང་བ་ལ། །བྱེད་པོས་ཀུན་གསལ་ཞགས་པར་སྤྲུལ་བྱས་ཀྱང་། །ཆ་ཙམ་འཇལ་བའི་གོ་སྐབས་ག་ལ་ཞིག །འོག་མིན་ཞིང་དུ་མཚན་དཔེའི་སྒྱུ་འཕྲུལ་གྱིས། །ངོ་མཚར་གར་དུ་བཞེངས་པའི་སྟོབས་བཅུའི་རྩལ། །ལྷུན་གྲུབ་གསང་བ་གསུམ་གྱི་རྣམ་ཐར་ཀུན། །སྒྲིབ་པའི་ཡིད་ཅན་རྣམས་ཀྱང་རྟོགས་ནུས་སུ། །འོན་ཀྱང་མཁའ་ལ་རྒྱུ་བའི་ཟླ་གཟུགས་གཅིག །རྙོག་བྲལ་འབུམ་ཕྲག་རྫིང་བུར་འཆར་བ་ལྟར། །


GLG008_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དམན་སྨན་པའི་བློ་དང་རབ་འཚམ་པའི། །ཕུན་ཚོགས་བཀོད་པའི་ངོ་མཚར་ཟད་མི་ཤེས། ཁྱད་པར་ཁ་བས་བསྐོར་བའི་སྨན་ལྗོངས་འདིར། །འཇམ་དཔལ་སྙིང་པོའི་བསྟན་པ་སྤེལ་བའི་ཕྱིར། །མཁས་བཙུན་བཟང་པའི་མཛད་པ་མཐའ་ཀླས་པ། །ལྕེ་བརྒྱས་བསྐལ་བརྒྱར་བརྗོད་ཀྱང་ག་ལ་རྫོགས། །འོན་ཀྱང་གསང་བའི་རྟོགས་པ་བརྗོད་མ་གྱུར། །སྐལ་བཟང་འཆི་མེད་ཚོགས་ཀྱི་ཐོད་བཅིངས་ནས། །དད་པའི་དོ་རར་རླབས་ཆེན་བསོད་ནམས་གར། །གཏན་བདེའི་གཟིགས་མོར་བསྒྱུར་ལ་འདི་ན་བྲེལ། །བགྲང་ཡས་སྐྱེ་རྒུའི་ཡིད་ཀྱི་ས་འཛིན་ལ། །རབ་དམར་དང་བ་མཚོ་ཡི་ཤིང་རྟ་ཡིས། །ལེགས་ཚོགས་བྱེ་བའི་ནོར་བུ་རབ་དྲངས་ནས། །འདི་ཕྱིར་དགེ་བའི་འདོད་རྒུ་ཆར་དུ་བསྙིལ། །ཞེས་ཤིས་པ་བརྗོད་པའི་ཚིག་གིས་སྔུན་བསུས་ཏེ། དུས་གསུམ་གྱི་རྒྱལ་བ་རྣམས་ནི་མཁྱེན་བརྩེ་ནུས་པའི་དཔུང་མཐའ་ཡས་པས་འགྲོ་བ་རྣམས་འདྲེན་པ་ལ་ཐབས་སྣ་ཚོགས་ཀྱི་སྒོ་ནས་སྤྲུལ་པ་གྲངས་མེད་པར་སྟོན་ལ། ཁྱད་པར་གྲགས་ཅན་གྱི་བསྐལ་བ་འདི་ཉིད་ལ་སངས་རྒྱས་སྟོང་འབྱོན་པ་རྣམས་ཀྱི་ནང་ནས་སྙིགས་མ་ལ་ཆེས་ཆེར་བདོ་ཞིང་འདུལ་བར་དཀའ་བ་ལ་སྙིང་སྟོབས་མཆོག་གི་པད་དཀར་ལྟ་བུར་


GLG008_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་པ་འོ་སྐོལ་གྱི་སྟོན་པ་ཟས་གཙང་གི་སྲས་པོའི་བསྟན་པ་རིན་པོ་ཆེ་འདི་ལ། ཆགས་པ་དང་བྲལ་བའི་སྐྱེས་མཆོག་གྲངས་མེད་པ་ཞིག་བྱོན་པ་རྣམས་ཀྱི་ནང་ནས། རང་ཅག་རྣམས་ཀྱི་དམ་པ་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ལུང་རྟོགས་བསྟན་པའི་མངའ་བདག་མཁན་ཆེན་ཆོས་ཀྱི་རྒྱལ་པོ་དབེན་ས་པ་ཆེན་པོ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱན་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོངས་སུ་རྫོགས་པ་ནི་བསྐལ་པར་བརྗོད་ཀྱང་རྫོགས་པའི་མཐའ་ག་ལ་ཞིག །འོན་ཀྱང་ཐུན་མོང་གི་རྣམ་ཐར་རགས་རིམ་ཙམ་ནི། རྗེ་བཙུན་བླ་མ་མཆོག་གི་བཀའ་འབུམ་དུ་བཞུགས་པ་ལྟར་ཡིན་ལ། དེ་ཉིད་དུ་ཤིན་ཏུ་སྤམ་པའི་ཚུལ་གྱི་གསང་བ་རྡོ་རྗེའི་ཚིག་རྣམས་འབྲི་བར་འདོད་ནས། རྗེ་ཉིད་ལ་གསོལ་བ་བཏབ་སྟེ་ཞལ་ལུང་ལས་བྱུང་བ་དང་། རྣམ་པར་དཔྱོད་པའི་བློ་ལྡན་གུ་གེ་ཆོས་རྗེ་སོགས། སྤྱན་སྔ་བ་འགའ་ཞིག་གི་ངག་ལས་བྱུང་བའི་ཁུངས་བཙུན་པ་རྣམས་ལ་བརྟེན་ནས་མཆོག་དམན་གྱི་སྐྱེ་རྒུ་སྐལ་བར་ལྡན་པ་རྣམས་ཀྱི་ཆེད་དང་། རང་ཉིད་ཀྱི་དད་པའི་གསོས་ཐུན་མོང་དུ་ཡི་གེའི་ལམ་དུ་འགོད་པ་ནི། དེ་ཡང་གྲུབ་པའི་དབང་ཕྱུག་ཆེན་པོ་དབེན་ས་པ་བློ་བཟང་དོན་གྲུབ་དེ་ཉིད། སྤྲུལ་སྐུ་རགས་པའི་ཟ་མ་ཏོག་བསྡུས་ནས། སླར་བསམས་བཞིན་འཚོ་བྱེད་དྲུག་བརྒྱ་བའི་སྲས་སུ་སྲིད་པ་བཟུང་བའི་སྤྲུལ་པའི་སྐུ་སྔོན་མ་དེ། མི་གཙང་བའི་གྲིབ་ལ་བརྟེན་གཤེགས་པ་ན། ཡུམ་མྱ་ངན་གྱིས་ནོན་པའི་རྣ་ལམ་དུ་ཛོ་གི་ཞིག་བྱུང་ནས་ལུང་བསྟན་ཚུལ་རྣམ་ཐར་ཐུན་མོང་བར་གསལ་བའི་ཨཱ་ཙཪྻ་དེ་ནི། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་སྟེ། དེ་ཡང་སྔོན་མཁས་གྲུབ་རིན་པོ་ཆེའི་དུས། མཉམ་མེད་ནམ་མཁའི་རྣལ་འབྱོར་ལ་མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་ཡོངས་སུ་རྫོགས་པ་


GLG008_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

གསན་ཅིང་། ཆོས་སྐྱོང་གི་གཙོ་བོར་མཛད་པས་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པའི་རྟེན་འབྲེལ་དུ་གོ །དབེན་དགོན་དུ་སངས་རྒྱས་བྱང་སེམས་དང་། ཡིད་དམ་ཆོས་སྐྱོང་མང་པོའི་ལྗགས་བསྙེན་གནང་བའི་ཚེ། ལྷ་གང་དང་གང་ཡིན་པ་དེ་དག་གི་ཞལ་མངོན་སུམ་དུ་གཟིགས་ཤིང་། ཁྱད་པར་རྡོ་རྗེ་འཇིགས་བྱེད། མགོན་པོ་ཕྱག་དྲུག་པ། དམ་ཅན་གཤིན་རྗེའི་རྒྱལ་པོ། དཔལ་ལྡན་དམར་ཟོར་མ་སོགས་ཀྱི་སྐུ་དང་གསུང་གི་སྣང་བ་དངོས་སུ་སྩལ་ནས་འཕྲིན་ལས་བསྒྲུབ་པར་ཞལ་གྱི་བཞེས། འདི་དག་གི་དུས་གཞན་གྱི་ལེགས་ཉེས་སོགས་ཤེས་བྱ་ལྐོག་གྱུར་བ་མཐའ་དག་ཀྱང་། སྐུ་ན་ཕྲ་བའི་རྒྱུ་མཚན་གྱིས་མ་གསངས་པར་གསུངས་པ་ན། ཇི་ལྟ་བ་བཞིན་འཕྱུགས་མེད་དུ་ཐོག་ཏུ་བབས་པ་ཁོ་ན་བྱུང་། དགུང་ལོ་བཅུ་བཞི་པའི་དུས། ངག་དབང་ལྷ་མོ་དབྱངས་ཅན་མའི་ལྗགས་བསྙེན་མཛད་པའི་ཚེ། མངོན་རྟོགས་དང་མཐུན་པའི་དབྱངས་ཅན་མ་ཞིག་ཞལ་གཟིགས་པའི་ཐུགས་ནས་དབྱངས་ཅན་མ་སྔོན་མོ་ཞིག་བྱུང་སྟེ། རིན་པོ་ཆེའི་སྣོད་ཤིང་ཏོག་གསར་པས་གང་པ་ཞིག་བསྣམས་ནས་གཙོ་མོའི་ཕྱག་ཏུ་ཕུལ་བས། ཤིང་ཏོག་གཅིག་ལས་དབྱངས་ཅན་མ་དམར་མོ་ཞིག་ཆུ་ལས་ཆུ་སྦུར་རྡོལ་བ་ལྟར་ཐོན། དེས་གཙོ་མོའི་ཕྱག་གི་ཤིང་ཏོག་སྣོད་དང་བཅས་པ་བླངས་ཏེ། རྗེ་བླ་མ་འདི་ཉིད་ཀྱི་ཕྱག་ཏུ་ཕུལ་ནས། རོ་བརྒྱའི་དཔལ་ལ་ལོངས་སུ་སྤྱོད་པར་མཛད་པ་དང་། པི་ཝང་གི་སྒྲ་སྙན་པ་ཡང་དངོས་སུ་གསན་པ་ནི། སྐུ་ཚེ་འདི་ཉིད་ལ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་པའི་རྒྱུ་མཁྱེན་རབ་འཇམ་པའི་དབྱངས་དང་གཉིས་སུ་མ་མཆིས་པར་བྱུང་བ་འདིའི་རྟེན་འབྲེལ་ཡིན་ལ། དེའི་ཚེ་གནང་བའི་དབྱངས་ཅན་མའི་བསྟོད་པ་དེ་ལ་གཟིགས་སྣང་བསྟོད་པར་གྲགས།


GLG008_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་རིམ་ཆུང་བ་ཐུགས་འཛིན་གནང་བ་ན། ནང་པར་ནས་ལམ་རིམ་ཆེན་མོ་ལ་གཟིགས་རྟོག་གནང་བས་ཐུགས་ལ་ཤིན་ཏུ་བབས་ཏེ་ཐུགས་འཛིན་གནང་བའི་དགོངས་པ་གཏད། དེའི་ཚེ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་སྐུ་ཆེ་ཞིང་བལྟ་བས་ཆོག་མི་ཤེས་པ་ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པ་ལྟ་བུ་ཞིག་ཞལ་གཟིགས་པས་ཡན་ལག་བདུན་པ་འབུལ་བར་གནང་འདུག་ནའང་། རྣམ་ཐར་ཆེན་མོར་མནལ་ལམ་དུ་བྱུང་བའི་སྒྱུ་ལ་བརྟེན་པར་མཆིས། བཀྲ་ཤིས་ལྷུན་པོར་གསན་སྦྱོང་ལ་ཕེབས་པའི་ནུབ་བུད་མེད་གཞོན་ནུ་ཕོ་ཆས་སྤྲད་པ་ཞིག་གིས་དགའ་བའི་རྣམ་འགྱུར་དུ་མ་དང་བཅས་ཏེ་གསེར་གྱི་མཎྜལ་འདྲ་བ་ཞིག་ཉི་མའི་དཀྱིལ་འཁོར་ཡིན་ཟེར་ཕྱག་ཏུ་གཏད་དེ་ལེགས་སོ་བརྗོད་པ་ནི། དཔལ་ལྡན་འདོད་ཁམས་ཀྱི་དབང་ཕྱུག་མས། ཐོས་བསམ་གྱི་ཚུལ་བསྟན་པ་ལ་བརྟེན་ནས་བསྟན་འགྲོའི་ཕན་བདེའི་སྣང་བ་གསལ་བར་འགྱུར་བའི་རྟེན་འབྲེལ་གྱི་བརྡ་ཆོས་སོ། །བརྩི་བཞག་འཛིན་པ་ལ་ཐོག་མར་ཕེབས་པའི་ཚེ། གཟིམས་སྤྱིལ་གྱི་སྒོ་དྲུང་དུ་རྣལ་འབྱོར་མ་ཞིག་གིས་འོ་མ་ཀ་པཱ་ལ་གང་ཁྱེར་ནས། སྐུའི་མདུན་དུ་བཏེག་བྱུང་བ་ལ། མཐེབ་སྲིན་གྱིས་རེག་པ་ཞིག་གནང་། ཅུང་ཟད་ཕེབས་ཏེ་རྣལ་འབྱོར་མ་དེ་ཅི་འདྲ་ཞིག་ཡིན་དགོངས་ཕྱི་མིག་གཟིགས་པ་ན། གར་སོང་ཆ་མེད་དུ་གྱུར། རྣལ་འབྱོར་མ་དེ་འཇིག་རྟེན་ལས་འདས་མ་འདས་མ་ངེས་ཅེས་གསལ་བར་མ་གསུང་ཡང་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དེ་ཉིད་བཀའ་གདམས་ཀྱི་བསྟན་པའི་སྙིང་པོ་ལྷ་ཆོས་བདུན་གྱི་བརྒྱུད་པ་འདི་ཉིད་གཙོ་བོར་འཛིན་པ་གནང་བས། རྣལ་འབྱོར་མ་དེ་ཡང་རྗེ་བཙུན་སྒྲོལ་མར་ངེས་སོ། །ཨེ་མ་དཔྱིད་ཀྱི་དཔལ་མོའི་མངལ་ཡངས་ལས། །ལེགས་འོངས་དབྱར་སྐྱེས་མྱུ་


GLG008_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

གུ་གསར་པའི་འབྲས། །བྱ་རྩོལ་བྲལ་ཡང་ཚར་དུ་དངར་བ་དེ། །རྟེན་འབྲེལ་མི་བསླུ་དངོས་པོའི་གནས་ལུགས་ཡིན། །གཟོད་མ་ཉིད་ནས་སྤངས་རྟོགས་ཡོན་ཏན་ཀུན། །ལྷུན་གྲུབ་འཁོར་ལོའི་མགོན་པོ་རྡོ་རྗེ་འཆང་། །ཚད་ཀྱིས་འཇལ་དཀའི་གསང་གསུམ་རྒྱ་མཚོའི་རླབས། །ནམ་ཡང་ཡོལ་བ་མེད་པ་རང་གི་གཤིས། །རྒྱལ་བ་སྲས་བཅས་ཆོས་བསྲུང་དགྱེས་པའི་ཆུ། །གསང་གསུམ་སྣང་བའི་རླབས་ཕྲེང་གཡོ་བཞིན་དུ། །ཚེ་རབས་དུ་མར་གོམས་པའི་རི་གཟར་ནས། །རྒྱུན་ཆད་མེད་པར་འབབ་འདི་སུ་ཡིས་བཟློག །ཡང་རྡོ་རྗེ་འཇིགས་བྱེད་ཀྱི་ལྗགས་བསྙེན་སྐབས། །འཇམ་དཀར་དང་འཇིགས་བྱེད་གཉིས་སྦྲགས་བསྒྲུབས་གྱི་ཚུལ་དུ་གནང་བས། །ཉིན་གཅིག་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་གྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་དཀར་པོའི་མཐར་ཡ་མ་རཱ་ཛཱ་ཤེལ་གྱི་མདོག་ལྟ་བུས་བསྐོར་བ་མངོན་སུམ་དུ་གཟིགས་སྣང་ཡང་། རྣམ་ཐར་ཆེན་མོ་ནི་མནལ་ལམ་གྱི་ཚུལ་དུ་མཆིས། འདི་དག་གི་སྐབས་རྒྱུ་མཚན་གཞན་གསལ་བར་མི་གསུང་ཡང་། དངོས་པོའི་གནས་ཚོད་ལ་དུས་དགྲའི་དབང་པོ་དཔལ་ལྡན་མ་ཧེའི་ཞལ་ཅན་མངོན་སུམ་དུ་འགྲུབ་པས། རྭ་ཆེན་ལོ་ཙཱ་བ་རྡོ་རྗེ་གྲགས་ལྟ་བུའི་མཐུ་སྟོབས་ནུས་པའི་བདག་ཉིད་དུ་གྱུར་པ་ནི་གདོན་མི་ཟ་ཞིང་། ཐམས་ཅད་མཁྱེན་པ་བུ་སྟོན་ཆོས་རྗེ་དང་། སྔགས་འཆང་ཆེན་པོ་རྡོ་རྗེ་དཔལ་གཉིས་ཀྱིས་སྲོལ་བཏོད་པའི་ཞ་ལུ་གསེར་ཁང་གི་མ་ཧེ་མཆོད་པར་གྲགས་པ་འདི་ཉིད་མཁན་ཐོག་འགའ་ཞིག་སོང་འཚམས། མ་ཧེའི་བཀའ་བསྒོ་འདི་གཉན་ཆ་ཆེས་པས། མཁན་པོ་རྣམས་ལ་གྲོངས་ཆད་སོགས་མི་ཤིས་པ་དུ་མ་བྱུང་བར་བརྟེན། དེ་ཕྱིན་ཆད་ཚར་ཆེན་ཆོས་ཀྱི་རྒྱལ་པོ་དང་། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གཉིས་མ་གཏོགས།


GLG008_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

འཚུབ་ཆ་མེད་པའི་དམ་བཞག་མཁན་མ་བྱུང་ཞིང་། དུས་ཕྱིས་ཀྱི་དཔལ་ལྡན་ས་སྐྱ་པའི་གདུང་བརྒྱུད་གཅིག་ལ་མཐུ་སྟོབས་ཀྱི་བདག་པོར་གྲགས་པའི་ཁྲི་ཆེན་བསོད་ནམས་དབང་པོས་ཀྱང་མ་ཧེ་བཀའ་བསྒོ་ལ་འབྱོལ་ཐབས་ཁོ་ན་མཛད་ཅིང་། ཕྱག་རྒྱ་ཆེན་པོའི་རྟོགས་པ་ཀློང་དུ་གྱུར་པའི་རྟོགས་ལྡན་གྲངས་ཀྱི་སེང་གེ་ལྟ་བུར་རློམ་པའི་ཞ་ལུ་སྐུ་ཞང་པ་བཀའ་བསྐོ་མཛད་པའི་མུ་ལ་ཤངས་མཚལ་ཤོར་ནས་རིང་པོ་མ་ལོན་པར་གྲོངས་པ་སོགས་འཚུབ་གྲགས་ཤིན་ཏུ་ཆེ་ན་ཡང་། དམ་པ་འདི་ཉིད་ཀྱིས་བཀའ་བསྒོ་མཛད་པའི་དུས་འཚུབ་སྟོབས་ཆུང་བ་ཐམས་ཅད་ཀྱི་མངོན་སུམ་དུ་གྲུབ་ཅིང་ཡ་མཚན་གྱི་གནས་སུ་བྱེད་པ་དེའོ། །དབེན་དགོན་དུ་བཞུགས་སྐབས་རྒྱལ་བ་ཙོང་ཁ་པ་ཆེན་པོ་མངོན་སུམ་དུ་ཕེབས་ནས། རང་དང་གཞན་ལ་ཕན་པའི་ཕྱིར། །ཐོས་པས་ངོམས་པར་མི་བྱ་སྟེ། །ས་གསུམ་བརྙེས་པའི་སེམས་དཔའ་ཡང་། །ཐོས་པའི་ངོམས་པ་མེད་ལ་ལྟོས། །ཅེས་སོགས་གསུང་གི་སྣང་བ་རྒྱ་ཆེན་པོ་སྩལ་བའང་མཆིས། སྐབས་ཤིག་ཕྲག་རྒྱ་རྡོ་རྗེའི་ཕོ་བྲང་ཞེས་བྱ་བའི་རི་ཁྲོད་དུ་དགུན་ཟླ་གསུམ་གྱི་རིང་མེ་ཏོག་རིལ་བུ་ཁོ་ནའི་བཅུད་ལེན་ལ་བརྟེན་ནས། ཉིན་མཚན་ཁོར་ཡུག་ཏུ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་ཏེ་ཐུགས་དམ་ཁོ་ན་ལ་གཞོལ་བར་མཛད་པས། ཕྱི་རོལ་གྱི་ཉེ་འདབ་ཏུ་འཁོད་པ་རྣམས་ལྭ་བའི་བེམས་པོ་མང་པོ་བརྩེགས་ཏེ་གྱོན་ཀྱང་གྲང་བའི་རེག་བྱ་མི་བཟོད་པར་འདར་བའི་སྐབས། བླ་མ་ཉིད་ཀྱི་སྐུ་ཟིལ་པ་ཕྲོམ་མེ་བ། ཕུག་པའི་ནང་ཡང་མེ་རྒྱུན་ཆད་མེད་པར་སྤར་བའི་གཡོས་ཁང་བཞིན་དུ་ཚ་འུར་རེ་བ་བྱུང་བ་ནི། ནང་གི་གཏུམ་མོའི་བདེ་དྲོད་རང་འབར་དུ་སོང་བའི་ནང་རྟགས་ཕྱིར་ཤར་བའོ། །སྲད་རྒྱུད་ན་བཞུགས་པའི་དུས་ནུབ་ཅིག་བཀྲ་ཤིས་ལྷུན་པོ་ནས་ཡིན་ཟེར་བའི། །


GLG008_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ཙཪྱ་དང་མོན་པ་འགའ་ཞིག་འོངས་ནས། ཁྱེད་མྱུར་དུ་བཀྲ་ཤིས་ལྷུན་པོར་ཕེབས་དགོས། ངེད་རྣམས་ཀྱིས་གྲབས་བྱེད་ཞུས་འདུག་པའི་ཨཱ་ཙཪྱ་གཙོ་བོ་དེ་མགོན་པོ་ཕྱག་དྲུག་པ་དང་། མོན་པའི་གཙོ་བོ་དེ་ལས་གཤིན་ཡིན་ཅིང་། བཀྲ་ཤིས་ལྷུན་པོའི་མཁན་ཐོག་ཏུ་གདན་འདྲེན་པ་འདུག །ཡང་སྐབས་ཤིག་མནལ་ལམ་དུ། བཀྲ་ཤིས་ལྷུན་པོའི་ལྷོ་འགྲམ་གྱི་གཞུང་ལམ་ལ་ཕེབས་པ་ན། མི་དཀར་པོ་ཞིག་དང་དམར་པོ་ཞིག་གིས་ཆིབ་མཐུར་ནས་བཟུང་སྟེ། བཀྲ་ཤིས་ལྷུན་པོའི་འདུ་ཁང་བར་གདན་དྲངས། མི་དཀར་པོ་དེས་དར་གྱིས་གྲིལ་བའི་གླེགས་བམ་ཞིག་ཕུལ་ནས། འདི་གསུང་དགོས་རྒྱུ་ཡིན་ཟེར་བས། ཅི་ཡིན་ནམ་དགོངས་གཟིགས་ཙ་ན། གླེགས་བམ་དེ་ལམ་རིམ་ཆེ་བར་འདུག །དེ་འཕྲལ་དུ་མནལ་སད་པར་སྣང་། མི་དཀར་པོ་དེ་སྤྱན་རས་གཟིགས་དང་། དམར་པོ་དེ་མགོན་པོ་ལྷོ་ནུབ་པ་ཡིན་པ་འདྲ། འདི་ནི་བཀའ་གདམས་གསར་རྙིང་གི་བསྟན་པའི་རྩ་ལག་དམ་པར་མངའ་གསོལ་བར་གདའ། ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་ཐོག་མར་བོད་དུ་ཕེབས་སྐབས། བཀྲ་ཤིས་ལྷུན་པོའི་མཁན་སློབ་ཐམས་ཅད་ཀྱིས་མཇལ་བར་ཕེབས་པའི་ལམ་དུ་མིག་འཕྲུལ་ལྟ་བུའི་བྱིས་པ་ཡ་མཚན་བྱུང་བ་ནི། ནག་ཚོ་ལོ་ཙཱ་བས་ཇོ་བོ་ཆེན་པོ་གདན་འདྲེན་ལ་རྒྱ་གར་དུ་བྱོན་པ་དང་། ཁུ་སྟོན་གྱིས་ཡེར་པར་བྱོན་པའི་ལམ་དུ་ལྟས་ཡ་མཚན་པ་བྱུང་བའི་ལོ་རྒྱུས་དང་ཚུལ་མཚུངས་པར་འདུག །ཐམས་ཅད་མཁྱེན་པ་དང་མཇལ་བའི་ཉིན་ཐོག་མར་སྤྱན་རས་གཟིགས་ཕྱག་བཞི་པའི་རྣམ་པར་གཟིགས། བཀའ་གདམས་ཀྱི་ཆུ་འགོ་རྭ་སྒྲེང་པའི་དབེན་གནས་མཇལ་བར་ཐོག་མར་ཕེབས་སྐབས་ཞབས་སྐོར་ལ་གཤེགས་པའི་ཚེ། ཇོ་བོའི་


GLG008_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་འདྲ་རང་བྱོན་གྱི་ཐ་སྙད་བྱེད་པ་དེའི་ས་ནས་གཟིགས་པས། ཇོ་བོ་འཕྱིང་དཀར་བ་གནས་པའི་རིའི་རྩེ་ནས་འཇའ་སྤྲིན་ཁ་དོག་སྣ་ལྔ་པ་ཞིག་ནར་གྱིས་བྱུང་བའི་སྟེང་དུ། ཇོ་བོ་ཆེན་པོ་ཨ་ཏི་ཤ། རྒྱལ་བ་འབྲོམ། རྔོག་ལེགས་པའི་ཤེས་རབ། ཁུ་སྟོན་ཆེན་པོ། ཨ་མེས། དགོན་པ་བ། པོ་ཏོ་བ། ཕུ་ཆུང་པ། སྤྱན་སྔ་བ། གླང་ཐང་པ། ཤ་ར་བ་སོགས་བཀའ་གདམས་ཀྱི་སྐྱེས་བུ་དམ་པ་གྲངས་མེད་པར་བཞུགས་པའི་སྣེ་མོར་རྗེ་བཙུན་སྒྲོལ་མ་ལྗང་གུ་དཀའ་ཐུབ་ཀྱི་ཆས་ཀྱིས་མཛེས་པ་བཞེངས་ནས་བཞུགས་པའི་ཕྱག་མཚན་ཨུཏྤ་ལའི་འདབ་མ་ཞིག་ནམ་མཁའ་ལ་བསྐྱུར་བའི་ཚུལ་གྱིས་གནང་བ་ཕྱག་ཏུ་བབས། ཞམ་རིང་དུ་འཁོད་པ་རྣམས་ཀྱིས་དར་ལྗང་ཁུའི་རྣམ་པར་མཐོང་། འདི་ནི་བཀའ་གདམས་རིན་པོ་ཆེའི་བསྟན་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བ་དང་། བསྟན་འགྲོའི་ཉེར་འཚོར་སྐུ་ཚེ་ཡུན་རིང་དུ་བརྟན་པར་བྱིན་གྱིས་བརླབས་པའི་རྟེན་འབྲེལ་ལོ། །འདི་སྐབས་ཤིག་རྭ་སྒྲེང་གནས་བཅུ་ཁང་དུ་བཞུགས་ཚེ། ཇོ་བོ་འཕྱིང་དཀར་བ་དངོས་སུ་བྱུང་ནས། འཕྲིན་ལས་བསྒྲུབ་པར་ཁས་བླངས་ཤིང་། གཏོར་བསྔོས་ཀྱི་ཚིགས་བཅད་ཅིག་ཀྱང་ཐུགས་རྩོམ་གནང་ངོ་། །རྒྱལ་ཀུན་གསུང་གི་ངོ་བོ་མངྒའི་སྒྲ། གཞོམ་མེད་དབྱངས་སུ་འཚེར་བ་འཇམ་པའི་དཔལ། །མ་རུངས་དུས་དགྲའི་དབང་པོ་གཤིན་རྗེའི་གཤེད། །འདི་ན་ངུར་སྨིག་འཛིན་པའི་གར་གྱིས་རོལ། །ཕུལ་བྱུང་ལྷ་ཆོས་བདུན་ལྡན་ཨཱ་དར་ཤར། །བཀའ་གདམས་བསྟན་པའི་གཟུགས་བརྙན་འབུམ་འཆར་བར། །རྣམ་གསུམ་མཁས་པའི་མཛད་བཟང་བྱི་དོར་གྱི། །བྱེད་པོར་རྒྱལ་བ་ཀུན་གྱིས་མགྲིན་གཅིག་བསྔགས། །རིགས་ལྡན་འཇམ་དཔལ་དབྱངས་དངོས་གྲགས་པའི་ཞབས། །དེ་སྲས་པད་དཀར་འཛིན་དང་གདན་འཛོམ་པའི། །


GLG008_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་བྱུང་གཟིགས་མོར་མཚར་བའི་སྒྱུ་མའི་འཕྲུལ། །ཉིན་མོར་བྱེད་དང་ཆུ་སྐྱེས་ཕྲད་པ་བཞིན། །རྗེ་བཙུན་བྱམས་མགོན་གྱི་ལུགས་སྐུ་ཆེན་མོའི་རབ་གནས་ཉིན། དགེ་སློང་ཆོས་གོས་རྣམ་གསུམ་གསོལ་བ་གཟི་བརྗིད་ཕུན་སུམ་ཚོགས་པ་དང་ལྡན་པ་ཞིག་ནམ་མཁའ་ལ་བྱོན་ཏེ། རྟེན་འདི་ལ་བརྟེན་ནས་འགྲོ་ཕན་རྒྱ་ཆེན་པོ་འགྲུབ་པ་ཞེས་གསུང་བ་དང་བཅས་ཏེ་རྟེན་ལ་ཐིམ་པ་གཟིགས། དེ་ནི་དགའ་ལྡན་ནས་ཡེ་ཤེས་སེམས་དཔའ་དངོས་བྱོན་པར་སྣང་ཞིང་། དགའ་ལྡན་གྱི་བྱམས་པའི་ཐུགས་ཀ་དང་རྟེན་གྱི་ཐུགས་ཀ་གཉིས་འོད་ཟེར་གྱི་དྲྭ་བས་འབྲེལ་བའི་གཟིགས་སྣང་ཁྱད་པར་ཅན་བྱུང་། ཚུལ་འདི་དག་ལ་དཔགས་ན། སྐུ་རྙན་འདི་ཉིད་མཐོང་ཐོས་དྲན་རེག་མཐའ་དག་མ་འོངས་པ་ན་བྱམས་པའི་འདུས་པ་དང་པོའི་འཁོར་དུ་སྐྱེ་བའི་བྱེད་ལས་ཁྱད་པར་ཅན་ཞིག་ཡིན་ནམ་སྙམ་མོ། །དབྱེན་བཟླུམས་མཆོད་རྟེན་གྱི་ནང་བཞུགས་ས་ཙྪ་འདེབས་པ་གནང་སྐབས། གྲུབ་ཆེན་ཤ་ཝ་རི་པ་བྱོན་ནས་གནས་ཆེན་རྣམས་ཀྱི་ས་སྣ་རྡོ་སྣ་འདྲེས་པའི་ཐུམ་བུ་ཞིག་ཕུལ། དྲུང་དུ་འཁོད་པ་རྣམས་ཀྱིས་ཛོ་ཀི་རང་བཞིན་པ་ཞིག་ཏུ་མཐོང་། མཆོད་རྟེན་གྱི་རབ་གནས་དུས། དེ་མོ་སྤྲུལ་སྐུ་ལྷ་དབང་ཕྱོགས་ལས་རྣམ་རྒྱལ་གྱི་གཟིགས་སྣང་ལ། མཆོད་རྟེན་ཆར་ཁེབས་ཀྱི་སྟེང་ན། དབུས་སུ་རྗེ་ཉིད། གཡས་སུ་གྲུབ་ཆེན་ཞིག་དང་། གཡོན་དུ་དགེ་སློང་དབུ་དཀར་པོ་ཞིག་འདུག་པ་གཟིགས་ནས་རྒྱུ་མཚན་ཞུས་པས། གྲུབ་ཆེན་དེ་ས་ར་ཧ་དང་། དགེ་སློང་དེ་གྲུབ་མཆོག་ཆོས་ཀྱི་རྡོ་རྗེ་ཡིན་ཞེས་བཀའ་སྩལ། སྐབས་ཤིག་ནམ་མཁའི་མཐོངས་སུ་རིན་པོ་ཆེའི་ཁྲི་ཞིག་ལ་རྗེ་བཙུན་བྱམས་མགོན་བཞུགས་པའི་གཡས་ཕྱོགས་སུ། །ཆོས་རྗེ་སངས་རྒྱས་ཡེ་ཤེས་གྲུབ་


GLG008_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ཀྱི་ཆ་ལུགས་སུ་བཞུགས་འདུག་པར་གསོལ་བ་བཏབ་པས། བྱམས་པའི་ཐུགས་ཀ་ནས་འོད་ཟེར་བྱུང་སྟེ་རྗེ་ཉིད་ཀྱི་སྐུ་ལ་ཐིམ་པས། སྐུ་འཇའ་ཚོན་ཡལ་བ་ལྟར་གྱུར་པ་ནི་གནས་ལུགས་ངེས་དོན་ཕྱག་རྒྱ་ཆེན་པོ་ལ་བརྟེན་ནས་འགྲོ་ཕན་རྒྱ་ཆེན་པོ་འགྲུབ་པའི་རྟེན་འབྲེལ་དུ་གོ །སླར་ཡུལ་བདེ་བ་ཅན་དུ་སེམས་དཔའ་ཆེན་པོ་དང་ཆུ་བཟང་པའི་སྒྲུབ་གནས་མཇལ་བར་ཕེབས་སྐབས། སྨྱུང་གནས་བརྒྱུད་པའི་བླ་མ་རྣམས་ཞལ་གཟིགས། སྐབས་ཤིག་མནལ་ལམ་དུ་འཛམ་བུ་གླིང་ཐམས་ཅད་ཆུས་གང་བས། རི་རབ་ལ་སྐོར་བ་མཛད་ནས་དགའ་ལྡན་དུ་ཕེབས་ཏེ། རྒྱལ་བ་མ་ཕམ་པ། ནམ་མཁའ་དྲི་མ་མེད་པ། རྒྱལ་བ་ཙོང་ཁ་པ་རྣམས་བཞུགས་འདུག་པ་ལ་རྒྱུ་མཚན་ཞུས་པས། ཉོན་མོངས་པའི་ཆུ་བོ་ཡིན་གསུངས་བྱུང་བ་ན། ཉོན་མོངས་པའི་ཆུ་བོ་ཡིན་ན་སེམས་ཅན་རྣམས་དེ་ལས་སྒྲོལ་བའི་ཁུར་ངེད་ལ་ཟབ་དགོངས་པའི་ངང་ལ་མནལ་སད་དོ། །མི་ཕམ་མགོན་པོའི་ཐུགས་རྗེའི་རྔ་བོ་ཆེ། །རྨད་བྱུང་མཛད་པའི་དབྱུ་གུས་ལེགས་བསྐུལ་ནས། །རིང་མིན་འགྲོ་རྣམས་སྐལ་བཟང་དགའ་སྟོན་ལ། །འགོད་པའི་གཏམ་སྙན་སྒྲ་དབྱངས་འཁྲོལ་བ་བཞིན། །མཁས་དང་གྲུབ་པའི་དབང་ཕྱུག་གྲངས་མེད་དང་། །དུས་ཀུན་འབྲལ་མེད་ལྷན་ཅིག་བཞུགས་གྱུར་ཀྱང་། །མ་རིག་སྒྲིབ་པས་སྦགས་པའི་འགྲོ་རྣམས་ཀྱིས། །མངོན་སུམ་མཐོང་བའི་སྐལ་པ་ཆེས་ཆེར་ཕྲ། །ལས་ཉོན་གཏིང་མཐའ་མེད་པའི་རྒྱ་མཚོ་ལས། །ཐར་འདོད་བློ་དང་ལྡན་པའི་སྐྱེས་བུ་རྣམས། །བཤེས་གཉེན་དམ་པའི་དེད་དཔོན་འདི་སྟེན་དང་། །སྐུ་གསུམ་ནོར་བུའི་གླིང་དུ་བགྲོད་པར་ངེས། །མངའ་རིས་སུ་ཕེབས་པའི་ཡར་ལམ། མཚོ་མ་དྲོས་པ་ནས་རྡེའུ་ཕྱག་གང་བཞེས་པ་རྣམས། སྤྱན་


GLG008_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

རས་གཟིགས་སོགས་ལྷའི་སྐུ་ཁོ་ནར་གསལ་བ་བྱུང་། །མངའ་རིས་སུ་ལས་དག་པ་ཞིག་གིས། རྗེ་ཉིད་ཀྱི་དབུ་ལ་གཙུག་ཏོར་དང་། ལྗགས་ཀྱི་སྟེང་ཨཱཿཡིག་རིང་པོ་ཁ་དོག་སྔོན་པོ་ཞིག་གསལ་བར་མཐོང་མ་ཐག་ཡིད་ཀྱིས་བསྟོད་ཅིང་གསོལ་བ་བཏབ་པས། རྗེ་ཉིད་འཛུམ་བག་དང་བཅས་ཏེ། སྤྱན་འབུར་ཚུགས་སུ་གཟིགས་བྱུང་བ་ན་འཇིགས་ཞུམ་པ་ཞིག་བྱུང་སྐད། ཕྱིར་ལམ་གངས་ཏེ་སེའི་མདུན་དུ་ཁྲོམ་དབང་ཞིག་གནང་བས། གངས་རི་དེ་དཔལ་འཁོར་ལོ་བདེ་མཆོག་གི་ཕོ་བྲང་དང་། ནང་དུ་འཁོར་ལོ་སྡོམ་པའི་ལྷ་ཚོགས་ཐམས་ཅད་བཞུགས་འདུག་པའི་གཙོ་བོའི་སྐུ་ལས་འོད་ཟེར་སྔོན་པོ་འཕྲོས་པས། ཕོ་བྲང་སྣོད་བཅུད་ཐམས་ཅད་སྔོན་པོར་གཟིགས། ཡང་ལྷོ་མོན་ཁམ་བུ་སྟག་ལུང་གི་ཕྱོགས་སུ་ཕེབས་སྐབས་དེ་དང་ཉེ་བ་ན་བཙན་རྒོད་འཇིགས་སུ་རུང་བ་ཞིག་ཡོང་འདུག་པའི་སར་ཞབས་ཀྱིས་བཙུགས་པས། ཆོས་སྐྱོང་བེག་ཙེ་ལྕམ་སྲིད་ཞལ་གཟིགས། བེག་ཙེ་ཞབས་ལ་ལྷམ་མ་གསོལ་བའི་ཞལ་གཟིགས་མ་དེ་འདིའི་སྐབས་ཀྱི་དེ་ཡིན་པ་འདྲ། བཙན་རྒོད་དེ་ཆོས་སྐྱོང་བེག་ཙེའི་འཁོར་ཡིན་འདུག་ཅེས་གསུང་། ལྷོ་ན་བཞུགས་པའི་དུས། མ་གཅིག་དཔལ་ལྷ་བྱོན་ནས་ར་ས་འཕྲུལ་སྣང་གི་རང་བྱོན་ལྔ་ལྡན་གྱི་རྒྱ་ཕིགས་ཞིག་གསོས་ཀྱི་བསྐུལ་མ་མཛད་ཅིང་། གསོལ་ཆོས་བསྡུས་པ་ཞིག་ཀྱང་གནང་། ལྷོ་ན་ཕེབས་དུས་ཅིག་ཨོ་རྒྱན་རིན་པོ་ཆེ་ཞལ་གཟིགས། སྐབས་ཤིག་རྗེ་མི་ལ་ཞལ་གཟིགས་ནས་གསང་བའི་མགུར་དྲུག་གི་ལུང་བཤད་པ་དང་སྦྲགས་པ་གནང་། གཞན་ཡང་སྔ་ཕྱི་མང་པོར་ལས་ལྡན་རྣམས་ལ་མཐོང་སྣང་ཡ་མཚན་ཅན་མང་པོ་བྱུང་བ་ནི། དེ་མོ་སྤྲུལ་སྐུ་ལྷ་དབང་ཕྱོགས་ལས་རྣམ་རྒྱལ་གྱིས་ཐེང་གཅིག་རྗེ་འདི་ཉིད་དཔལ་འཁོར་ལོ་


GLG008_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པ་དང་། །གཞན་མ་འགའ་ཞིག་གིས་ནི་རྒྱལ་བ་ཙོང་ཁ་པ་ཆེན་པོར་མཐོང་བ་དང་། དབུ་གཙུག་ཏོར་དང་ལྡན་པར་མངོན་པ་བྱུང་སྐད། གདན་ས་ཆེན་པོ་རི་བོ་དགེ་ལྡན་གྱི་གསེར་ཐོག་བཞེང་བ་གནང་སྐབས། དམ་ཅན་ཆོས་རྒྱལ་གྱིས་བནྡེའི་གཟུགས་སུ་བསྟན་ཏེ་གསེར་ཕུལ། རྒྱལ་བ་ཙོང་ཁ་པ་ལ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་ཡང་ཡང་ཞལ་གཟིགས་སོ། །སྐུ་གསུམ་རིན་ཆེན་ཐེམ་སྐས་ལ་འཛེགས་ནས། །རིགས་ཀུན་ཁྱབ་བདག་དབང་པོའི་སར་གཤེགས་ཏེ། །དཀྱིལ་འཁོར་སྤྲོ་དང་བསྡུ་བའི་བྱེད་པོ་ལ། །སྣོད་བཅུད་དག་པའི་སྣང་བ་མཚར་དུ་ཅི། །མཆོག་གསུམ་རྟེན་དང་བརྟེན་པར་བཅས་པ་ལ། །བྱ་བ་ལས་ཀྱི་འཁོར་ལོའི་སྲི་ཞུ་ཡིས། །མི་ཟད་འབྱོར་པའི་ཕུང་པོ་ཆེར་སྤུངས་པར། །རྨུགས་འཛིན་དབང་པོའི་མཛོད་ཀྱིས་བསྐྲུན་དུ་མེད། །འཇམ་མགོན་མཁྱེན་པའི་ལྷ་ཡི་ལམ་ཡངས་པོར། །རྣམ་དཔྱོད་འཇའ་ཚོན་བཀྲ་བའི་འཇོ་སྒེག་ཅན། །རྣམ་འདྲེན་ཀུན་ཀྱི་ཡབ་གཅིག་ཙོང་ཁ་པས། །དགྱེས་ཞལ་འཛུམ་གྱིས་ལན་ཅིག་མིན་པར་བསུས། །དེ་ལྟར་དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་དབང་ཕྱུག་ཆེན་པོ་འདི་ཉིད་ཀྱི་གསང་བ་ལས་ཀྱང་ཆེས་གསང་བའི་རྣམ་ཐར་མཐའ་དག་ནི་ཚུར་མཐོང་གི་སྐྱེ་བོ་རྣམས་ཀྱིས་རྟོགས་པར་ག་ལ་ནུས། འོན་ཀྱང་རྣམ་ཐར་ཆེན་མོ་ན། ཚེ་རིང་དུ་གནས་ན་རྣམ་དཀར་གྱི། །ལམ་བཟང་པོ་བསྒྲུབ་པོ་ཤི་ཡང་བདེ། །ཞེས་དང་། ཁྱད་པར་ལམ་ཐུན་མོང་བའི་རྒྱུད་སྦྱར་ནས་བཟུང་སྟེ་ཟུང་འཇུག་གི་བར་མངོན་དུ་མཛད་པའི་བར་གྱི་འདས་ཚིག་མང་དུ་ཡོད་པའི་གསུང་མགུར་དེའི་མཇུག་ཏུ། རྗེ་སངས་རྒྱས་ལས་ཀྱང་ཆེས་དཀོན་པའི། །ལམ་འདི་འདྲ་བླ་མའི་དྲིན་གྱིས་རྙེད། །ཅེས་དང་། གླུ་འདི་ཉིད་གསང་ཆེན་རྒྱུད་སྡེའི་བཅུད། །ཡུལ་ཉེར་བཞིའི་དཔའ་བོ་རྣལ་འབྱོར་མ། །


GLG008_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གླུ་འདི་འདྲ་གསང་བའི་མགུར་དུ་མཛོད། །ཞེས་དོན་གྱིས་བཤད་མ་ཐག་པའི་ལམ་རྣམས་ཐུགས་རྒྱུད་ལ་མངོན་དུ་མཛད་ཟིན་པར་ཞལ་གྱིས་བཞེས་པས་གསང་བའི་རྣམ་ཐར་གྱི་གཙོ་བོར་མཐོང་ངོ་། །དེ་ལྟར་ཕུན་ཚོགས་འོད་བརྒྱའི་སྣང་བ་ཡིས། །སྲིད་ཞིའི་གདུང་སེལ་རྟོགས་བརྗོད་ཉིན་མོར་བྱེད། །བློ་གྲོས་ནམ་མཁའི་ངོས་ལས་ཤར་བའི་ཚེ། །ཤེས་ལྡན་འདབ་བརྒྱ་འཛུམ་པའི་ཆོ་ག་བསྟར། །ཆགས་བྲལ་ངུར་སྨྲིག་སྒོ་ངའི་སྦུབས་རྒྱ་ནས། །ཁ་སྦྱོར་བདུན་ལྡན་གླུ་དབྱངས་སྙན་སྒྲོགས་པའི། །ཐེག་ཀུན་ཟུང་དུ་འབྲེལ་བའི་འདབ་གཤོག་ཅན། །རྗེ་བཙུན་ཀ་ལ་པིང་ཀ་འདི་ཀོ་མཚར། །འཆད་པའི་རྣམ་དཔྱོད་ཡངས་པའི་སྤྲིན་རུམ་ནས། །རྩོད་ངག་གནམ་ལྕགས་རྡོ་རྗེའི་ཐོག་མདའ་ཅན། །རྩོམ་པའི་ལེགས་བཤད་དབྱར་རྔ་དལ་སྒྲོགས་པས། །རྒྱལ་བའི་བསྟན་ལ་ཀུན་མཁྱེན་གཉིས་པར་ངེས། །རྒྱ་ཆེན་གསུང་རབ་མཐའ་དག་སྦྱངས་པས་མཁས། །རྣམ་དག་ཚུལ་ཁྲིམས་དྲི་བསུང་ལྡན་པས་བཙུན། །རིས་མེད་འགྲོ་ལ་རྗེས་སུ་བརྩེ་བས་བཟང་། །དྷི་པཾ་ཀ་རའི་རྣམ་ཐར་གཉིས་པར་ཁུམས། །མདོ་སྔགས་གཞུང་ལུགས་ཀུན་ལ་མང་དུ་ཐོས། །དེའི་དོན་ཕྲ་ཞིབ་དཔྱད་པས་རྣམ་པར་བསམས། །འཁྲུལ་མེད་ཟབ་དང་རྒྱ་ཆེའི་ལམ་ཀུན་བསྒོམས། །ན་རོ་པ་ཡང་འདི་ལས་གཞན་དུ་ཅི། །བདག་གཞན་བརྗེ་བར་ནུས་པའི་ལྷག་བསམ་ཅན། །ཇི་སྙེད་ཆོས་ཀུན་གཟིགས་པའི་མཁྱེན་དཔྱོད་ཡངས། །བདུད་དཔུང་ཕ་མཐར་སྤྲོད་པའི་མཐུ་སྟོབས་ཅན། །རིགས་གསུམ་མགོན་ཡང་འདི་ན་ལྷུན་གྱིས་གྲུབ། །རམ་འབྱམས་དུས་གསུམ་རྒྱལ་བ་ཀུན་གྱི་དངོས། །དངོས་གྲུབ་ལེགས་ཚོགས་འབྱུང་གནས་བླ་མ་མཆོག །མཆོག་གསུམ་དམ་པའི་དངོས་གྲུབ་གསང་བའི་ཚིག །ཚིག་གི་འཕྲེང་བར་རྟོགས་བརྗོད་དབྱངས་འདི་བླངས། །ཟབ་ཟབ་ཕ་མཐའ་རྟོགས་དཀའི་རྣམ་པར་ཐར། །ཡང་ཡང་ཕྲ་


GLG008_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་བློ་ཡིས་དཔྱོད་དཀའ་བར། །བཙུན་བཙུན་ཁུངས་ལྡན་ལོ་རྒྱུས་ལ་བརྟེན་ནས། །དག་དག་ཡི་གེའི་འཕྲེང་བར་འདི་ན་སྤེལ། །སྡེབ་ལེགས་ཚིག་སྦྱོར་ཤེས་པའི་མཁས་རྣམས་ལ། །སྙན་ངག་ངག་གི་འདོད་འཇོ་ལེགས་མོད་ཀྱང་། །བླུན་རྨོངས་རྨོངས་པའི་ཚོགས་ཀྱིས་རྟོགས་སླ་ཕྱིར། །གྲོང་གཏམ་གཏམ་གྱི་དོན་རྣམས་གསལ་བར་བྱས། །དེ་ལྟར་རྒྱལ་མཆོག་འཁོར་ལོའི་མགོན་པོ་ཡི། །མི་ཟད་གསང་གསུམ་རྣམ་ཐར་ཆུ་གཏེར་ལས། །རང་བློའི་མ་མའི་ཚི་གུས་ཉེར་བླངས་ནས། །ཚ་གདུངས་འགྲོ་ལ་བསིལ་བའི་ཆུ་རྒྱུན་སྦྲེངས། །དགེ་བ་འདིས་ཀྱང་རྗེ་བཙུན་བླ་མ་མཆོག །བསྟན་འགྲོའི་ཉེར་འཚོར་སྲིད་མཐའི་བར་དུ་ནི། །ནམ་ཡང་མི་འགྱུར་རྡོ་རྗེའི་ཁྲི་ཆེན་པོར། །ནམ་ཡང་གཡོ་བ་མེད་པར་བརྟན་གྱུར་ཅིག །གྲངས་རིང་སྐྱེ་བར་བཤེས་གཉེན་དམ་པ་ཡིས། །མི་འབྲལ་བརྩེ་བས་རྗེས་སུ་རབ་བཟུང་སྟེ། །སྟོབས་བཅུའི་རྩལ་གྱི་འཇིགས་མེད་སེང་གེའི་རྒྱུད། །དྲུག་ཅུའི་དབྱངས་སྙན་འགྲོ་ལ་སྤེལ་གྱུར་ཅིག །འཁོར་ལོའི་མགོན་པོ་རྡོ་རྗེ་འཆང་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། ཡོངས་རྫོགས་བསྟན་པའི་མངའ་བདག་མཁན་པོ་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་གསང་བའི་རྣམ་པར་ཐར་པ་དད་པའི་ཤིང་རྟ་འདི་ནི་དམ་པ་གང་ལ་བཀའ་དྲིན་གྱི་ཉེ་བར་འཚོ་བའི་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ། མིང་གཞན་འཇམ་དབྱངས་དགའ་བའི་བཤེས་གཉེན་དུ་འབོད་པས། རྒྱལ་བ་ཞེས་པའི་ཤིང་ལུག་ནག་པ་ཟླ་བའི་མཆོག་གཉིས་པའི་རྒྱལ་བ་དང་པོའི་ཚེས་ལ་དགའ་ལྡན་ཕོ་བྲང་དུ་སྦྱར་བའི་ཡི་གེ་པ་ནི་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོས་བགྱིས་པ་ཛཡནྟུ།། །།མངྒ་ལཾ།། །།


previousཁྱབ་བདག་རྡོ་རྗེ་འཆང་མཁན་ཆེན་ཆོས་ཀྱི་རྒྱལ་པོ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསང་བའི་རྣམ་ཐར་དད་པའི་ཤིང་རྟ།next