Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་པའི་རང་གཟུགས་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་རླབས་འཕྲེང་།
   
   
   


 
previousདུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་པའི་རང་གཟུགས་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་རླབས་འཕྲེང་།next

དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་པའི་རང་གཟུགས་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་རླབས་འཕྲེང་།


GLG008_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་པའི་རང་གཟུགས་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་རླབས་འཕྲེང་ཞེས་བྱ་བ་བཞུགས་སོ།།


GLG008_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷཾ། དུས་གསུམ་རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་རང་གཟུགས་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་རླབས་འཕྲེང་ཞེས་བྱ་བ་གདན་གསུམ་ཚང་བའི་དཔལ་ལྡན་བླ་མ་དམ་པའི་ཞབས་སེན་ཟླ་བའི་ཅོད་པན་བྱང་ཆེན་མཐར་ཐུག་གཙུག་ཏོར་རྩེ་མོར་འཆིང་བ་དེ་སྲིད་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ་བྱིན་གྱིས་བརླབ་ཏུ་གསོལ། །རིགས་ཀུན་བདག་པོ་རྡོ་རྗེ་འཆང་ཆེན་མི་ཡི་གཟུགས་སུ་སོང་བའི་གར། །དང་པོའི་མགོན་པོ་བསོད་ནམས་ཞིང་དུ་ཨེ་ཝཾ་ཟུང་འཇུག་སྒྱུ་མའི་འཕྲུལ། །རྣམ་ཀུན་མཆོག་ལྡན་འགྲོ་ལ་རྗེས་བརྩེ་བསྟན་པའི་རྒྱལ་མཚན་ལེགས་འཛིན་པ། །དཔལ་ལྡན་བླ་མ་མཁས་བཙུན་བཟང་པོའི་འཁོར་ལོས་སྒྱུར་དེ་རྒྱལ་གྱུར་ཅིག །གདུལ་དཀའ་འདུལ་ལ་དཔའ་བའི་སྙིང་སྟོབས་ཀྱིས། །བརྒྱ་པའི་ཚེ་དུས་མཆོག་


GLG008_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྤྲུལ་བའི་གར། །ལེགས་བསྒྱུར་ཤཱཀྱ་སེང་གེ་དཀྱིལ་འཁོར་གཙོར། །རབ་བཞེངས་དགྱེས་མཛད་རྡོ་རྗེ་ཧེ་རུ་ཀཿ །མཁའ་ལ་མཁའ་ཡི་སྦྱོར་ལྟར་གཉིས་མེད་ཡུམ། །ཟག་མེད་བདེ་ཆེན་བསྐྱེད་པའི་བདག་མེད་མས། །རྗེས་བཟུང་རྣལ་འབྱོར་དབང་ཕྱུག་བིཪྺ་པ། །པཎ་གྲུབ་ཡོངས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ། །མགོན་དེའི་དབང་གི་མཐོ་རིས་ཆུ་བོའི་རྒྱུན། །ལོ་པཎ་སྐལ་ལྡན་ཤིང་རྟས་ཉེར་དྲངས་པ། །རྣམ་དཔྱོད་ལྟོ་བར་འཁྱིལ་བའི་དྲང་སྲོང་ཆེ། །ས་སྐྱའི་བླ་ཆེན་རྗེས་འབྲང་བཅས་ལས་སུ། །གང་གི་བསྟན་སྲོག་རྒྱུ་སྐར་འཕྲེང་བའི་དབུས། །སྙན་བརྒྱུད་ཚད་མ་བཞི་ཡི་སྣང་བའི་གཟི། །ཆེར་འབར་སློབ་བཤད་འཛིན་པའི་བདག་ཆེན་རྗེ། །རྡོ་རྗེ་འཆང་དབང་བློ་གྲོས་རྒྱལ་མཚན་དཔལ། །མགོན་དེའི་གདམས་པའི་བང་མཛོད་ཁའུ་པ། །ཀུན་སྤངས་བླ་མའི་སྙན་བརྒྱུད་ཟིལ་དངར་གྱིས། །ཐུགས་ཀྱི་ཟ་མ་ཏོག་གཏམས་ཚར་པ་རྗེའི། །དྲི་མེད་རིང་ལུགས་ཡིད་བཞིན་དབང་གི་


GLG008_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ། །དམར་སེར་དྷཱིཿཡིག་བཞི་བླུགས་མི་ཡི་གཟུགས། །འཁོར་ལོའི་མགོན་པོ་བསོད་ནམས་སྐལ་བཟང་དཔྱིད། །མཆོག་ཏུ་མི་འགྱུར་བདེ་བའི་བདག་ཉིན་ཅན། །དཔལ་ལྡན་བླ་མ་ཁྱབ་བདག་རྡོ་རྗེ་སེམས། །ཨ་ཧོ་འཕགས་བོད་རིས་མེད་གྲུབ་མཐའི་སྲོལ། །འཛིན་པའི་མཁས་གྲུབ་ཡང་སྲིད་མཐའ་ཀླས་ཀྱང་། །ཞིང་འདིར་མཇམ་མགོན་བླ་མ་ས་སྐྱ་པའི། །བསྟན་པའི་ཁུར་ཆེན་རྣམ་དཔྱོད་ཕྲག་པར་ལྕི། །དབང་ལུང་རྗེས་གནང་རིག་གཏད་རྒྱུད་བཤད་ཟླས། །གདུལ་བྱའི་བློ་ཡི་ཀུནྡ་བཞད་པའི་མོད། །གྲོལ་ལམ་ཀ་སྤུ་ར་ཡི་གཟེགས་མའི་རྡུལ། །བབས་པས་སྒྲིབ་གཉིས་ཚ་གདུང་སེལ་ལ་སྦྱོར། །གཅིག་ཏུ་རྣམ་གསུམ་མཁས་པའི་བྱ་བ་ལ། །རྟག་པར་འགྲུས་ཀྱང་རིམ་གཉིས་རྣལ་འབྱོར་གྱིས། །གང་ཐུགས་མཚན་དཔེས་ཡོངས་སྤྲས་ཧེ་རུ་ཀར། །བཞེངས་པའི་ཆོ་ག་རྫོགས་པ་འདི་ཀོ་མཚར། །དེ་ཕྱིར་མེས་པོས་བསྐལ་པར་བསམས་བྱས་ཀྱང་། །གཏིང་མཐའ་དཔག་པར་དཀའ་ན་བདག་འདྲ་བས། །རྟོགས་བརྗོད་སྨྲ་བ་འདབ་ཆགས་རྩེ་སྒྲོ་ཡིས། །མཐོན་པོའི་བྲག་རི་ཟད་པར་བྱེད་པ་བཞིན། །འོན་ཏེ་རྣམ་འདྲེན་དུས་མཁྱེན་རྒྱལ་པོ་ཡིས། །བདེ་གཤེགས་རྩྭ་མཆོག་བསྟོད་པའི་ལེགས་བྱས་བཞིན། །རྡོ་རྗེ་སློབ་དཔོན་བསྔགས་པའི་སྐལ་བཟང་འདི། །གྲངས་མེད་སྐྱེ་བར་ཆོས་དཀར་ཟོང་གིས་བསྒྲུབས། །དེ་ཕྱིར་རྣམ་པར་ཐར་པའི་པི་ཝང་རྒྱུད། །བཅད་ལྷུག་ཚིག་གི་སོར་མོས་ལེགས་བསྐུལ་སྒྲ། །དཔྱོད་ལྡན་རྣ་བར་འཇེབས་པ་རྡོ་རྗེའི་གླུ། །གཞོམ་མེད་ནཱ་དའི་དབྱངས་སུ་བླངས་འདི་ཉོན། །དེའང་འཇམ་མགོན་


GLG008_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྐྱ་པཎྜི་ཏས། །མཆོད་བསྟོད་འདུད་པའི་བདག་ཉིད་ཅན། །ཤིས་པ་བརྗོད་སོགས་མི་འགལ་ཏེ། །ཐམས་ཅད་དུ་ཡང་སྟོན་པ་ཡི། །ཆེ་བ་འབའ་ཞིག་སྟོན་ཕྱིར་རོ། ཞེས་པའི་དོན་ལྟར་ཚིགས་བཅད་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སྔོན་དུ་འགྲོ་བའི་སྒོ་ནས་གླེང་བར་བྱ་བ་ནི། མཁས་པའི་གསུང་ལས། །གང་ཕྱིར་དགེ་ལེགས་ཐམས་ཅད་ནི། །རྟག་ཏུ་སྦྱིན་ཞིང་འཕེལ་འགྱུར་བའི། །ཐུབ་བསྟན་དཔག་བསམ་ལྗོན་ཤིང་གི །ངོ་མཚར་གླེང་ལ་སུ་མི་གུས། །ཞེས་བདག་ཅག་གི་རྣམ་འདྲེན་དམ་པ་རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་འདི་ཉིད། །བྱོན་དང་བྱོན་འགྱུར་འབྱོན་བཞིན་པའི་སྲས་བཅས་རྒྱལ་བ་མཐའ་དག་གི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། དེ་དག་གི་མགུར་གྱི་བུམ་པ་ནས་དམ་པའི་ཆོས་ཀྱི་ཕུང་པོ་ཟད་མི་ཤེས་པ་ལྗགས་ཀྱི་དབང་པོ་ལེགས་པར་བཀྲམ་སྟེ་གདུལ་བྱ་རྣམས་ཀྱི་རྣ་བར་འཇེབས་པའི་སྒྲ་བོ་ཆེ་ཡོངས་ཀྱི་སྙིང་པོར་གྱུར་པ་ནང་རིག་པ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་འབྱུང་གནས་དེ་རྣམས་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱི་སྒོ་ནས་ཚུལ་བཞིན་འཛིན་པའི་ཐེག་གསུམ་སྐྱེས་འཕགས་འདུས་པའི་དབང་ཕྱུག །རིས་སུ་མ་ཆད་པའི་གྲུབ་པའི་མཐའ་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་སོན་པས་མཁས་པ། ཉིས་བརྒྱ་ལྔ་བཅུ་རྩ་གསུམ་སོགས་ཉེས་ལྟུང་གི་ཆ་ཕྲ་མོ་ཙམ་གྱིས་ཀྱང་མ་གོས་པར་ལས་འབྲས་ལ་ཞིབ་མོར་དཔྱོད་པས་བཙུན་པ། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཐུགས་ལ་འཁྲུངས་པས་གཞན་དོན་ལྷུར་མཛད་པའི་བཟང་པོ། །


GLG008_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནུབ་དབང་གི་ཆུ་བོས་ཐུགས་རྒྱུད་སྨིན་པས་གྲོལ་བྱེད་བསྐྱེད་པ་དང་རྫོགས་པའི་རིམ་པ་ནི་ཟབ་ལམ་ལ་བརྟེན་ནས་གྲུབ་པའི་མཐའ་སྙོག་པར་ནུས་ལྡན་རིག་སྔགས་འཆང་བ་སོགས་གསང་བ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་གྱི་ཕུང་པོ་ཚངས་པ། དབང་ཕྱུག །ཁྱབ་འཇུག་སྟེ་འཇིག་རྟེན་གྱི་གཙོ་བོ་གསུམ་དང་ཉན་རང་བྱང་སེམས་སོ་སྐྱེའི་ཚོགས་ཀྱིས་གཞལ་བར་དཀའ་བ་འཕགས་པ་རྣམས་ཀྱི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་ཉག་གཅིག་པ་བདག་འདྲའི་བློ་གྲོས་ཀྱི་ཆ་ཕྲ་བས་ལྟ་ག་ལ་ཞིག །སྐུ་ཚེའི་འཕྲེང་བ་དུ་མར་ཐུབ་བསྟན་རིན་པོ་ཆེ་གསལ་བར་བྱེད་པའི་མཁས་གྲུབ་ཀྱི་སྐྱེས་རབས་མུ་ཐི་ལའི་འཕྲེང་མཛེས་དང་། སྐུ་ཚེ་འདིར་ཡང་ལྷ་དང་བླ་མ་མང་པོ་ཞལ་གཟིགས་ཤིང་ལུང་བསྟན་ཐོབ་པ། རྡོ་རྗེ་ཆོས་སྐྱོང་བྲན་དུ་འཁོལ་བའི་འཕྲིན་ལས་སྒྲུབ་པ། ས་ལམ་གྱི་ཡོན་ཏན་ཕུལ་དུ་བྱུང་བ་ནི། ཞུ་ལན་ནོར་བུའི་འཕྲེང་བར། བདག་གི་ཡོན་ཏན་སྦ་བྱ་ཞིང་། །གཞན་གྱི་ཡོན་ཏན་བསྒྲག་པར་བྱ། །ཞེས་པའི་དོན་བཞིན་ཡོན་ཏན་མཐའ་དག་རྒྱ་མཚོའི་གཏིང་གི་རྡོ་བ་ལྟར་མི་མངོན་པ་གཙོ་བོར་འདོན་པས་བསྙེལ་ཐོ་དང་ཞལ་སློབ་ཀྱི་རིགས་ལ་གསུང་འཕྲོས་ཀྱི་ཟུར་ཙམ་ཡང་ཆེར་མ་གསུངས་ཤིང་། ཁོ་བོས་གསུང་ངག་རིན་པོ་ཆེ་ཞུས་སྐབས་མདང་རྨི་ལམ་དུ་པོ་ཏ་ལའི་ལི་མ་ལྷ་ཁང་ཡིན་རྒྱུ་བ་ལ་ཟེའུ་ལྷ་ཁང་འདྲ་རུང་བའི་གློ་སྐར་ནས་བལྟས་པས་རྗེ་བཙུན་ས་སྐྱ་པ་ཆེན་པོ་བཞུགས་འདུག་པ་ཞིག་བྱུང་བ་གསུང་ངག་རིན་པོ་ཆེ་འདིའི་འཆད་ཉན་ལ་དགྱེས་པ་འདྲ་གསུང་བ་ཞིབ་ཏུ་ཞུས་ཀྱང་དེ་ཙམ་ལས་མི་དྲན་ཞེས་ཐུགས་དཀྱེལ་ཆེ་བས་གསལ་བར་མི་མཛད་ནའང་དོན་དུ་མནལ་ལྟས་མ་ཡིན་པས་གཟིགས་


GLG008_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ངོ་མཚར་བ་ཞིག་བྱུང་ཚོད་དུ་མཆིས།སྔ་ཕྱིར་མཇལ་བ་ཚོའི་སྐབས་ནན་ཏན་དུ་ཞུས་ན་ཐོར་བུ་ཙམ་མི་གསུང་བའི་ངེས་པ་མི་འདུག་ཀྱང་རང་ཉིད་རྟག་པར་འཛིན་པའི་འཆིང་བ་དམ་པོས་བཅིངས་པའི་དབང་གིས་རྗེ་བླ་མའང་སྐུ་ཚེ་མཐར་ཕྱིན་པར་བཞུགས་པ་གཞིར་བཅས་ཀྱི་སླར་རིམ་གྱིས་ཞུ་འདུན་ལ་ལུས་སོང་ཞིང་ཟུར་ཐམས་ཅད་མཁྱེན་པ་དང་། རྗེ་འདི་ཉིད་ཞལ་འདྲིས་ཡེ་མེད་པའི་སྐབས་མནལ་ལམ་ལ་གཟིམས་ཁང་ཤར་ཡིན་ཁུལ་དུ་ཁྲི་མཐོ་བར་ས་ལུགས་ཀྱི་བླ་མ་ཡིན་ཟེར་བ་སྐུ་བོང་ཆེ་ཞིང་གཟི་བརྗིད་ཕུན་སུམ་ཚོགས་པ་ཞིག་ལ་དབང་ཆོས་མང་པོ་གསན་པའི་མནལ་ལྟས་བྱུང་བ་ནས་ལོ་གཅིག་ཙམ་གྱི་ཐོག་ཡར་ཀླུངས་བཀྲ་ཤིས་རྩེ་ཆོས་སྡེར་ཟབ་ཆོས་གསན་པར་གློ་བུར་དུ་ཕེབས་པར་ཤར་བའི་སྒོ་དོད་ཅིང་ཞིང་སྐྱོང་དབང་པོའི་ཆོས་སྐོར་རྣམས་གསན་ནས་གུང་ཐང་དུ་ཕེབས་པའི་འོད་གསལ་ཞིག་ལ་རས་ལྗང་གུའི་ཨང་རག་ཙམ་ལས་གོས་གཞན་མེད་པ་སྐྲ་དང་སྨྲ་ར་དཀར་པོ་བྱས་པ་ལག་ཏུ་མི་རྐང་གི་གླིང་བུ་ཐོགས་པ་ཞིག་ན་རེ་མགོན་པོ་བསོད་ནམས་མཆོག་ལྡན་འདི་སློབ་དཔོན་དྷརྨ་པཱ་ལ། གཟིམས་ཁང་ཤར་གྱི་བླ་མ་ཞིག་དང་ཚར་པ་ཆོས་རྗེ་སོགས་ཀྱི་སྐྱེ་བ་ཡིན། ཁྱོད་ཀྱིས་ང་ལ་གཏོར་མ་རེའང་མ་ཆག་པ་གྱིས། ངའི་ཆོས་སྐོར་རྣམས་སུ་རུང་རུང་ལ་མ་སྟོན་ཟེར་བ་ཞིག་བྱུང་སྣང་བ་བདག་ཡིད་བཞག་ཆུངས་པས་ཁ་ཆེ་རིན་ཅེན་རྡོ་རྗེ་དང་དྷརྨ་པཱ་ལ་གཉིས་སོམ་ཉིར་གྱུར་རུང་སླར་དཔྱད་ཚེ་ཕྱི་མ་ཉིད་དུ་ངེས་ཤིང་བཀའ་ལས། རྗེས་སེར་གཟིམས་ཁང་ཤར་དུ་ཡུན་རིང་པོར་སྟན་ཆགས་པ་དང་མཛད་པའི་ཚུལ་རྣམས་ལ་རྗེས་སུ་དཔགས་ཚེ་ཚར་


GLG008_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཆོས་ཀྱི་རྒྱལ་པོ་ཐུབ་བསྟན་སྤྱི་དང་བྱེ་བྲག་རང་བསྟན་ཁའུ་བྲག་རྫོང་པའི་རིང་ལུགས་འཛིན་པར་སྤྲུལ་པའི་ཟློས་གར་བསྟན་པ་འདྲ་ཕེབས་པ་རྡོ་རྗེའི་གསུང་བླ་ན་མེད་པར་གོ །གཞན་དུ་བསམ་གྱིས་མི་ཁྱབ་པའི་རྟོགས་པ་བརྗོད་པའི་རྔོ་མ་ཐོགས་ནའང་སྙིགས་དུས་ཀྱི་གདུལ་བྱ་སྨིན་པ་གསུམ་ཤས་ཆུང་། སྒྲིབ་པ་གསུམ་གྱི་བག་ཆགས་ཆེས་ཆེར་བདེ་བའི་གང་ཟག་རྣམས་ཀྱི་བློ་དང་འཚམ་པ་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས་ཆེར་ལོང་ཙམ་དྲུང་དུ་འཁོད་པའི་རྒྱུས་ཡོད་འདྲས་ཟིན་བྲིས་སུ་བཏབ་ཅིང་། རིགས་ཀུན་ཁྱབ་བདག་ཞ་ལུ་མཁན་ཆེན་ཀུན་སྤངས་པ་ཆེན་པོའི་སྤྱན་རས་ཀྱིས་བཅའ་བར་མཛད་དེ་ལམ་ཙམ་ཞུས་དག་པའི་སྟེང་ནས་ཅུང་ཟད་འབྲི་བ་ནི། རིན་པོ་ཆེ་སྡུད་པ་ལས། འཛམ་བུའི་གླིང་འདིར་ཆུ་ཀླུང་ཇི་སྙེད་ཅིག་འབབ་ཅིང་། །མེ་ཏོག་འབྲས་ལྡན་སྨན་དང་ནགས་ཚལ་སྐྱེད་བྱེད་པ། །མ་དྲོས་གནས་པའི་ཀླུ་དབང་ཀླུ་བདག་བརྟེན་གནས་ཏེ། །དེ་ནི་ཀླུ་ཡི་བདག་པོ་དེ་ཡི་མཐུ་དཔལ་ཡིན། །རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། །འཆད་དང་རིག་པ་དག་དང་ལྡན་པར་བརྗོད་པ་དང་། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཞེས་འཛམ་བུའི་གླིང་གི་ཆུ་ཀླུང་སྨན་དང་ནགས་ཚལ་སོགས་ཀླུའི་རྒྱལ་པོའི་མཐུ་ལས་བྱུང་བ་བཞིན་ཐུབ་པའི་རྗེས་འཇུག་གི་ཚོགས་ཐོས་བསམ་སྒོམ་པའི་མཐུ་ལ་བརྟེན་ནས་འབྲས་བུ་ཐོབ་པ་རྣམས་དེ་བཞིན་གཤེགས་པའི་ཐུགས་རྗེ་ལས་བྱུང་བར་གསུངས་པ་སྤྱིར་སངས་རྒྱས་འཇིག་རྟེན་དུ་མི་འབྱོན་པའི་ཚེ་མུན་བསྐལ་དང་བྱུང་བའི་


GLG008_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སྒྲོན་བསྐལ་དུ་བཤད་པས་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་འབྱུང་བར་གསུངས་པའིའོ་སྐོལ་གྱི་སྟོན་པ་ཤཱཀྱ་སེང་གེའི་ལུང་རྟོགས་ཀྱི་བསྟན་པ་ཡུལ་དབུས་འགྱུར་འཆང་དུ་དར་རྒྱས་སུ་གྱུར་པ་ནས་ཡུན་རིང་ཞིག་ནས་བོད་དུ་དམ་པའི་ཆོས་འབྱུང་བར་ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། །ཞེས་སཱ་ལའི་ནགས་ཀྱི་སྨན་ལྗོངས་རི་ཁ་བ་ཅན་གྱི་ཁྲོད་དུ་རྒྱལ་བའི་བསྟན་པ་བྱུང་བའང་སྤྱིར་འགྲོ་བ་མིའི་བྱུང་ཚུལ་ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་དུ། སྐྱ་སེང་བུ་ལྔ་དང་དགྲ་ངན་དཔུང་ཚོགས་བཅུ་གཉིས་འཐབས་པའི་དུས་སུ་རྒྱལ་པོ་རཱུ་པ་ཏི་ཞེས་པ་དམག་སྟོང་ཕྲག་གཅིག་དང་བཅས་པ་བུད་མེད་ཀྱི་ཆས་སུ་ཞུགས་ཏེ། རི་གངས་ཅན་གྱི་གསེབ་ཏུ་བྲོས་པ་ལས་འཕེལ་ཚུལ་བྱུང་ཞིང་རྒྱལ་པོ་བཀའ་འབུམ་སོགས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་རྣམས་སུ་སྤྱན་རས་གཟིགས་དང་སྒྲོལ་མའི་སྤྲུལ་པ་སྤྲེའུ་དང་བྲག་སྲིན་མོ་འདུས་པ་ལས་འཕེལ་བར་བཤད་པ་གདོང་དམར་ཤ་ཟན་གྱི་ཕྲུ་གུ་ཤིན་ཏུ་གདུལ་པར་དཀའ་བར་ཆོས་ལ་བློ་མི་འཇུག་པ་རྣམས་བཀའ་གདམས་གླེགས་བམ་རིན་པོ་ཆེར། བོད་ནི་རྒྱལ་པོ་དག་ལ་ཚད་མར་འཛིན། མི་དབང་མཛོད་ལ་བོད་ཁམས་བདེ་བར་སྐྱོངས། །ཞེས་ཐོག་མར་འབངས་མཐའ་དག་རྒྱལ་པོའི་ཆེན་པོ་ཞིག་གི་མངའ་འོག་ཏུ་བསྡུས་ཏེ་རིམ་གྱིས་སངས་རྒྱས་ཀྱི་འཕྲིན་ལས་འབྱུང་བར་མཁྱེན་ནས་བོད་སྤྱིའི་རྒྱལ་པོས་ལ་སྔ་བ་རྗེ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་རིམ་པར་བྱུང་ལ་


GLG008_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་འདིའི་རིགས་ནི། བོད་རྒྱལ་པོའི་དབོན་དུ་གྱུར་པའི་འ་ཞ་ཞེས་བྱ་ཞིང་དེའང་ཟུར་མཁར་བློ་གྲོས་རྒྱལ་པོའི་ཤེས་བྱ་སྤྱིའི་ཁོག་དབུག་གཏན་པ་མེད་པའི་མཆོད་སྦྱིན་གྱི་སྒོ་འཕར་ཡངས་པོར་བོན་གྱི་གཏམ་རྒྱུད་དྲངས་པར། གྲི་གུམ་བཙན་པོའི་དུས་དམག་དྲངས་ནས་ཁ་ཆེའི་ཡུལ་བཅོམས་པའི་ཚེ་ཡུལ་བྱེ་བྲག་པ་པུཎྜ་སུར་བྲག་ཉུང་མ་ལྟར་གཤོག་པར་བྱེད་པའི་རྫུ་འཕྲུལ་ཅན་གྱི་མུ་སྟེགས་བྱེ་བྲག་པ་ཞིག་ལ་འ་ཞ་ཟེར་ཞེས་གང་ཟག་ཅིག་ལ་ངོས་བཟུང་ཞིང་མི་ཤི་བ་དང་ཕྱུགས་བསད་པ་རང་གི་མི་ཕྱུགས་སུ་སྐྱེ། ཕུང་པོ་དང་མཉམ་དུ་སྦས་པ་སྐྱེ་བ་ཕྱི་མ་དབང་བར་ལུང་སྟོན། ཤ་ཁྲག་གིས་མི་མ་ཡིན་བརྔན་ནས་སྨྲེང་གིས་དཀྲོལ་བས་ཕན་པར་བྱེད་པ་ལ་བོན་ནམ་ལིང་ཙེར་གྲགས་ལ། །དེས་མ་རུངས་ཏེ་རྒྱལ་པོའང་ལོང་ངམ་རྟ་རྫི་ཞེས་པས་བཀུམས་སྨྲ་བ་གྲི་གུམ་གྱི་དུས་བོད་དུ་འ་ཞ་བྱུང་བར་འདོད་པ་འདྲ་སྣང་བ་དང་། དཔའ་བོ་གཙུག་ལག་གིས་མཁས་པ་དགའ་བྱེད་དུ། གུ་རྞ་ཁ་ཏྲ་ཞེས་བྱའི་ཡུལ་ཁམས་ནས། །མུ་སྟེགས་བོན་པོ་འ་ཞ་ཞེས་པ་བྱུང་། །ཞེས་ངོས་བཟུང་བའི་རྫུ་འཕྲུལ་ཅན་དེས་རྒྱལ་པོའི་མཚན་གྲི་གུམ་ཞེས་བཏགས་པར་བརྟེན་ནས་རྒྱལ་པོ་གྲིར་བཀུམས་པར་བཤད། དེ་ནས་རྒྱལ་རབས་ཉི་ཤུ་རྩ་བཞི་པ་དམུས་ལོང་དཀོན་པ་བཀྲས་བྱུང་བར་ཡབ་འགྲོ་གཉེན་ལྡེའུས་འ་ཞའི་ཡུལ་ནས་སྨན་པ་བོས་ནས་མིག་ཕྱེ་གསུང་བ་བཞིན་ཕྱེ་བས་སྤྱན་བྱུང་སྟེ་ལྟག་རི་གཉན་གཟིགས་སུ་གྲགས་པ་ལྟར་ན་འ་ཞ་ཞེས་པ་ཡུལ་གྱི་མིང་དུ་བཤད། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་རྣམ་ཐར་ཞལ་གསུངས་མར། ཁྲི་སྲོང་


GLG008_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེའུ་བཙན་གྱི་སྐབས། རྗེ་སྲོག་པོ་ཁྱུང་བཞི་ལྷ་ཇོ་བོ་ལྕམ་དང་ལྔ། འབངས་ར་ཀློག་ཅན་དང་དྲུག །སེ་འ་ཞ་གཉིས་དང་བཅས་པ་རྣམས། ཆད་པ་མདོ་ཁམས་སྒང་ནས་ཆད། ཆགས་པ་གཡས་རུ་ཤངས་སུ་ཆགས་ཤེས་པ་རྣམས་གུངས་བསྒྲིགས་ན་གང་ཟག་རང་མཚན་པ་ཞིག་ལ་བཀར་ནས་རྒྱ་གར་ཕྱོགས་ན་ཡོད་ཚུལ་ཁུངས་དག་པར་མི་སེམས་ཏེ་བོན་དང་མུ་སྟེགས་མི་གཅིག་པས་ལོ་རྒྱུས་དེ་འདྲ་དྭགས་བརྒྱུད་པས་བོན་གྱི་རྗེས་སུ་འགྲངས་པའི་སྒྲུང་གི་བྱེ་བྲག་ཏུ་སྣང་། སྤྱིར་འཛམ་བུ་གླིང་པའི་མི་རིགས་ཕྱི་བར་ནང་གསུམ་ལས། རྒྱལ་རིགས། རྗེ་རིགས། བྲམ་ཟེའི་རིགས། དམངས་རིགས་ཏེ་ཕྱི་རིགས་བཞི། རྒྱ་གར་ལྷ། རྒྱ་ནག་ཀླུ། ཧོར་ལྷ་མ་ཡིན། བོད་སྤྲེའུ་དང་བྲག་སྲིན་མ་སྟེ་བར་གྱི་རིགས་བཞི། བཀའ་ཆེམསབཀའ་ཁོལ་མར། སྤྲེལ་ཕྲུག་སྤུན་བཞི་བརྒྱ་པོ་དེ་ཚན་པ་བཞིར་འཐབས་པ་དང་མེས་པོས་བར་མཚམས་བྱས་ཏེ་ཞིང་ལ་ཆ་བཞིར་བགོས། གཅིག་ལ་གཅིག་འཇིགས་ནས་ཚན་བཞིར་ཆད་པས་སེ་དང་། རྨུ་དང་། ལྡོང་དང་། སྟོང་སྟེ་ནང་མིའུ་རིགས་བཞི་རྣམས་བཅུ་གཉིས་པོ་རིགས་ཀྱི་ཕྱི་མོར་གྲགས། མིའུ་གདུང་དྲུག་ཏུ་དབྱེ་ན་བོད་མི་ཁྲི་ཐོ་ཆེན་པོ་བྱ་བ་དེ་ལ་དགྲ་འབྲུ་ལྡོང་ལྒ་དང་ནུ་བོ་དཔའ་རྡ་སྟེ་བུ་དྲུག་ཅེས་བཤད། སྤྱན་སྔ་ལྷ་གཟིགས་རས་པའི་ཡིག་ཚང་དུ། དགའ་ལྡོང་འབྲུ་གསུམ་དགྲ་དང་བཞི། ནུ་བོ་དཔའ་མདའ་གཉིས་ཏེ་དྲུག་ཏུ་གསུངས། ཚལ་པ་ཐམས་ཅད་མཁྱེན་པ་སི་ཏུ་དགེ་བའི་བློ་གྲོས་ཀྱི་ཧུ་ལན་དེབ་ཐེར་དུ་སྤྲེའུ་དང་བྲག་སྲིན་མོ་ལས་མཆེད་པ་


GLG008_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

མ་སངས་སྤུན་དགུ། རྒྱན་ཕྲན་ཉི་ཤུ་རྩ་ལྔ། བཅུ་གཉིས། སིལ་མ་བཞི་བཅུས་རིམ་གྱིས་དབང་བྱས་པར་བཤད་པ་ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག་གི་རྣམ་ཐར་དུ་མིའུ་གདུང་དྲུག་གི་ནང་ཚན་དུ་གསུངས་པ་གོང་དུ་དངོས་མིང་ངོས་མ་འཕྲོད་ཀྱང་ཞྭ་དམར་ཐམས་ཅད་མཁྱེན་པ་བཞི་པས་མཛད་པའི་ཁྲུས་ཁང་ལོ་ཙཱ་བ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དུ། ཕྱིའི་རུས་ཆེན་ལྡོང་ལ་ནང་ཚན་བཅོ་བརྒྱད་དུ་གྱེས་པའི་རོག་ཡིན་ཏེ། །ཞེས་ནང་གསེས་ཀྱི་ཁྱད་པར་དུ་ངོས་འཛིན་པ་རྣམ་དཔྱོད་དང་ལྡན་པའི་གསུང་འདི་བཞིན་ལྟར་རུས་སོ་སོར་དབྱེ་གཞི་གཅིག་ལ་དབྱེ་བའི་ཡ་གྱལ་མང་དུ་བྱུང་བའི་རུས་ཆེན་དྲུག་གི་དང་པོའི་ནང་གསེས་སུ་གཏོགས་པ་གོར་མ་ཆག །རྒྱལ་ཕྲན་སིལ་མའི་ཁྲོད་ཀྱི་རྒྱལ་པོར་གྱུར་པ་རྗེ་གཉའ་ཁྲི་བཙན་པོས་བོད་སྤྱི་ལ་དབང་སྒྱུར་བ་ནས་མངའ་འོག་ཏུ་གྱུར་ཅིང་རྗེ་དང་གཉེན་བསྲེས་པས་དབོན་དུ་སོང་། ལྷ་བཙན་པོས་བསྟན་པ་རིན་པོ་ཆེའི་ཆེད་དུ་ཆོས་ཀྱི་བཅའ་ཁྲིམས་མཛད་པའི་ཚེ་ན་རྗེར་གཏོགས་པས་རྡོ་རིང་གི་ཡི་གེར་ཡང་དབོན་འ་ཞ་ཞེས་རྒྱལ་རིགས་ཁུངས་བཙུན་དྲི་མ་མེད་པ་དེ་ལས་རིམ་པར་བརྒྱུད་དེ་གླང་དར་གྱིས་བསྟན་པ་བསྣུབས་རྗེས་སོ་ཐར་གྱི་བསྟན་པའི་མེ་རོ་སྨད་ནས་བསླང་བའི་ཚེ་འ་ཞ་མགོ་བོ་ཆེའི་སྲས་འ་ཞ་ཡེ་ཤེས་གཡུང་དྲུང་གིས་ཁམས་སུ་སྡོམ་པ་ལེན་པར་འབྱོན་པའི་ཞོར་དུ་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་མཇལ་དུ་བྱོན་པའི་དུས་སྟེང་ཁང་ལ་འགྲོ་བའི་སྐས་ཀྱི་མར་ཟུར་གདོང་ལ་དཔལ་ཡེ་ཤེས་མགོན་པོའི་སྐུ་གཟུགས་རི་མོར་བྲིས་པ་ཡར་འཛེག་སྐབས་ཡོད་པ་ལ་མར་ལམ་བྲིས་སྐུ་དེ་དཔལ་མགོན་པོ་དངོས་སུ་གྱུར་ཅིང་ཐོད་པའི་


GLG008_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ན་དགྲ་བོའི་སྙིང་ཁྲག་བླུག་པ་མི་རྩིབ་ཀྱིས་ཐུར་མ་བྱས་ཏེ་གསོལ་བ་མངོན་སུམ་དུ་བསྟན་ནས་རྗེས་སུ་བཟུང་བར་གསོལ་བ་བཏབ་པས། ཁྱོད་ཀྱི་མི་བརྒྱུད་དང་ཆོས་བརྒྱུད་བཅས་པའི་སྲུང་མ་ངས་བྱ། ཁྱོད་ཁམས་ན་ཟླ་བ་གཅིག་ལ་འཁོར་བར་གྱིས་ཞེས་གསུང་གི་གནང་བ་ཐོབ་པས་འ་ཞ་མཐུ་ཆེ་བར་གྲགས་ཤིང་མགོན་པོ་འདི་ཉིད་རྩིས་མགོན་ཡིན་པར་སེམས། ཁམས་སུ་བྱོན་ནས་བླ་ཆེན་གྱི་མཁན་བུ་ཏྲེ་བོ་མཆོག་བླ་ལ་སྡོམ་པ་དེར་བས་མའི་རྒྱུན་བླངས་ནས་སྣ་ནམ་འདྲེས་བརྡ། འོ་ཡུག །གནས་པོ་ཆེ་སོགས་དགེ་འདུན་གྱི་སྡེ་བཙུགས་པ་དེ་དག་ལས་གྱེས་ཏེ་མང་དུ་འཕེལ། ཀུན་མཁྱེན་བུའི་ཆོས་འབྱུང་དུ་སྡོམ་པ་ཆབ་གཏོར་མའི་རྒྱུན་བླངས་ཞེས་སྣང་། དེ་ནས་འ་ཞ་ལྷའི་བློ་གྲོས་ཀྱིས་ལྷ་ལྡན་གཙུག་ལག་ཁང་ལ་ཞིག་གསོས་དང་རྡོ་ཀོང་བཀྲ་ཤིས་འོད་འབར་ཕུལ། ཨ་མེས་ཇོ་སྲས་ཕུར་པ་འཕེལ་གྱིས་རྔོག་ལོ་རྒྱ་གར་དུ་འབྱོན་པའི་ཆ་རྐྱེན་ལ་གསེར་སྲང་བཅུ་བདུན་ཕུལ། གེགས་མེད་པར་ཕྱིར་བྱོན་ནས་ལོ་ཙཱ་བའི་ཆོས་འཁོར་གྱི་ཐོག་མ་ཡང་འདོལ་ཆུང་དུ་བསྐོར། དཔལ་ཨྱོན་ཆེན་པོས་བྱིན་གྱིས་རླབས་ཤིང་མ་ཧཱ་ཀཱ་ལ་དངོས་སུ་བཞུགས་པའི་གནས་དང་ཟུང་འབྲེལ་དུ་ཇོ་བོ་བློ་གྲོས་ཀྱིས་གནས་གཞི་བཏབ་པས་རྩིས་གནས་གསར་བར་གྲགས། དཔལ་ལྡན་ས་སྐྱ་པའི་མངའ་ཐང་སྒང་ལ་རྒྱག་པའི་དུས་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་དང་ཏི་ཤྲི་ཀུན་བློ་སོགས་ཀྱི་ཞབས་ལ། ནམ་མཁའ་རྒྱལ་མཚན། ནམ་མཁའ་བཟང་པོ། ཤཱཀྱ་སེང་གེ་ཅན་གྱིས་གཏུགས་པར་ཉང་གཞུང་མཐའ་དག་ཤེས་སུ་བཅུག་


GLG008_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཇའ་ས་ལ་གསེར་གྱི་ཐམ་ཀ །ཤེལ་གྱི་ཉིན་ཤན། དངུལ་གྱི་སྒོར་མོ་ལུང་དང་བཅས་ལས་ཀ་གནང་བས་གནས་གསར་སྟོང་དཔོན་དུ་གྲགས། རྒྱལ་པོ། སྔགས་འཆང་། གེ་སར་གྱི་ཡོན་ཏན་ཚང་བའི་མི་བདག་རིམ་བྱོན་ལས་སྟོང་དཔོན་ཀུན་དགའ་རྡོ་རྗེའི་སྲས་ནང་སོ་ཆོས་ཀྱི་རྒྱལ་པོའི་ཁབ་ཏུ་སྙན་བརྒྱུད་ཀྱི་མངའ་བདག་འཇམ་དབྱངས་ཆོས་རྗེའི་ལྕམ་རྡོ་རྗེ་རྣལ་འབྱོར་མའི་སྤྲུལ་པ་དཔལ་ལྡན་འཛོམ་པ་བྱོན་པར་ལྕམ་སྲིད་བརྒྱད་བྱུང་བའི་བགྲེས་པ་ནང་སོ་རྣམ་རྒྱལ་དཔལ་བཟང་སློབ་དཔོན་ཆེན་པོ་པདྨའི་རྣམ་འཕྲུལ་སྐུ་ཞང་འཇམ་དབྱངས་ཆོས་རྗེ་ནམ་མཁའ་རྒྱལ་མཚན་ཡབ་སྲས་གསུམ་བསྟེན་ནས་འཁོན་གྱི་ཡབ་ཆོས་རྡོ་རྗེ་ཕུར་པས་གཙོས་གསར་རྙིང་གི་ཟབ་ཆོས་མང་པོ་ཞུས་ཤིང་བསྙེན་སྒྲུབ་བཟླས་སྒོམ་མཐར་ཕྱིན། སློབ་དཔོན་ཆེན་པོའི་བསྙེན་ཕུར་མེ་འབར་བཞིན་པ་རྩིས་ཀྱི་མཆོད་རྟེན་ནག་པོ་ནས་བཞེས། དགུང་ལོ་བརྒྱད་ཅུ་རྩ་ལྔར་ཕེབས་ནའང་སྐྱེས་དར་མའི་ཡང་རྩལ་དང་ལང་ཚོ་ལྟར་གྱུར་པའི་གྲུབ་མཚན་ངོ་མཚར་བ་སྟོན། རིན་ཅེན་སྒང་པ་སྒོས་དང་ཡོན་མཆོད་དུ་གྱུར་པའི་ཞལ་ངོ་ཕྱི་མ་རྣམས་ཀྱིས་རང་བསྟན་གྱི་སྲོག་འཐུད་པའི་རྟེན་འབྲེལ་གྱི་སྒོ་འགྲིག །དེ་འོག་ཕྱག་ན་རྡོ་རྗེའི་སྤྲུལ་པ་ནང་སོ་མགོན་པོ་རིན་ཅེན་གྱིས་མགོན་པོ་ཞལ་གཟིགས་ཤིང་ཐལ་རྡེབ་ཀྱིས་ལོག་འདྲེན་སྒྲོལ་བ། རི་དྭགས་སོགས་ལ་བྱ་གླག་གིས་འཚེ་བའི་ཚེ་སྔགས་རྒྱ་ཏིང་འཛིན་ཙམ་གྱིས་སར་ལྷུང་བ། མི་ཆོས་ལའང་སྒྱུ་རྩལ་འགྲན་ཟླ་དང་བྲལ་བར་གྲགས། དེ་འོག་འཇམ་དབྱངས་ཀུན་དགའ་བློ་གྲོས་ཞེས་གཞུང་ལུགས་རྒྱ་མཚོར་སྦྱངས་པ་ཆེ་ཞིང་དངོས་སྟོབས་


GLG008_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པས་རྒོལ་བ་ཐམས་ཅད་ཞུམ་པར་ནུས་པའི་གནས་གསར་ཆོས་མཛད་ཅེས་སྙན་པའི་སྒྲ་བོ་ཆེ་ཀུན་ཏུ་བསྒྲགས། སྒྲོལ་དཀར་གྱི་སྤྲུལ་པར་རྒྱལ་དབང་པདྨའི་ལུང་གིས་ཟིན་པའི་ལྕམ་བགྲེས་པ་ཁྲོམ་གེ་སར་རྒྱལ་པོའི་མག་པའི་བརྒྱུད་པ་ཤར་ཁ་རྒྱལ་རྩེ་བའི་ཁབ་ཏུ་བྱོན་ནས་སྔ་འགྱུར་གྱི་རྒྱུད་འབུམ་བཞེང་བ་དང་བཀའ་གཏེར་བསྟན་པའི་སྦྱིན་བདག་ཟླ་མེད་དུ་མཛད། དེ་འོག་མར་པའི་ཡུམ་བདག་མེད་པའི་སྤྲུལ་པར་གྲགས་པ་ར་ལུང་དུ་ཞབས་དྲུང་འབྲུག་པ་དབོན་རིན་པོ་ཆེའི་ཇོ་མོར་ཕེབས། རྗེ་བཙུན་མ་གསུམ་གྱི་གཅིག་གིས་བདག་ཆེན་རྡོ་རྗེ་འཆང་ཆེན་པོར་གསུང་ངག་རིན་པོ་ཆེ་གསན་ནས་སྒྲུབ་པ་སྙིང་པོར་མཛད་པས་འདའ་ཁ་མའི་ཉམས་ལེན་གྱིས་གྲུབ་མཐའ་སྙོགས། རྣལ་འབྱོར་མ་ཀུན་དགའ་ཆོས་ལྡན་དང་ནི་གུ་ཆོས་སྒྲོན་མ་གཉིས་ཀྱིས་ཀ་ཐོག་པ་བཞག་བླ་ཡེ་ཤེས་འབུམ་དང་སྤྲུལ་པའི་གཏེར་སྟོན་པདྨ་གླིང་པ་གཉིས་ལ་བཏུགས་ནས་ཟབ་ལམ་རྫོགས་པ་ཆེན་པོའི་ཆོས་ཉིད་ཟད་པའི་སར་འཁྱོལ། ནང་སོ་སྐུ་མཆེད་གཉིས་ཀྱི་ཇོ་མོར་ས་སྐྱའི་ནང་ཆེན་ལྷ་ཁང་ཆེན་མོ་བའི་སྲས་མོ་དཔལ་འཛོམ་བསུས་པའི་སྲས་ནམ་མཁའ་རྡོ་རྗེ་ཚེ་བརྟན་དཔལ་འབྱོར་བཟང་པོ་ནི་ཡིག་རྩིས། བརྟག་པ་རྣམ་པ་བརྒྱད་ལ་སོགས་པ་ལུགས་ཀྱི་བསྟན་བཅོས་ལ་མཁས་པ། སྒམ་ཞིང་བརྟན་ལ་བློ་གྲོས་ཀྱི་མཐུ་ཕུལ་དུ་བྱུང་བ། བདག་ཆེན་ཆོས་རྗེ་ཡབ་སྲས་གསུམ། ལྕེ་སྟོན་སེང་གེ་སོགས་མཁས་གྲུབ་ཀྱི་དམ་པ་མང་དུ་བསྟེན། རང་གི་ཨ་ནེ་འཁྲུལ་ཞིག་ཀུན་དགའ་ཆོས་ལྡན་ལ་རྫོགས་པ་ཆེན་པོའི་ཁྲིད་གསན་


GLG008_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཉམས་གོང་འཕེལ་གྱི་རྟོགས་པ་ཀློང་དུ་གྱུར། ཐོས་གྲོལ་དང་གཅོད་ཡུལ་སོགས་ལ་བརྟེན་ནས་སྒྱུ་ལུས་རྨི་ལམ་ལ་རང་དབང་ཐོབ་པས་ལྕང་ལོ་ཅན་གྱིས་མཚོན་དག་པའི་ཞིང་ཕུལ། གམ་པ་རྫོང་དུ་ཕྱག་རྡོར་གྱི་བསྙེན་པའི་ཚེ་ཐུན་འཚམས་སུ་མར་མེ་ཤི་ཞིང་ཐུན་དངོས་ལ་རང་འབར་དུ་འགྲོ་བ། བྱང་ཆུབ་ཀྱི་སེམས་བཅོས་མིན་དུ་འཁྲུངས་ཤིང་ཀླུ་འབུམ་གཉན་ཁྲིའི་གདན་གསལ་པོར་གཟིགས་པ། མནལ་ལམ་དུ་ཁྱོད་ཁྱུང་འདི་ལ་ཞོན་ནས་རི་རབ་ལ་སྐོར་བ་ལན་གསུམ་བྱས་ཏེ་ལྕང་ལོ་ཅན་དུ་གཤེགས་པར་འགྱུར་རོ། །ཞེས་པའི་ལུང་བསྟན་རྙེད། གནོད་བྱེད་ཀྱི་ཀླུ་གདུག་པ་ཅན་བཏུལ་བ་སོགས་གསང་བདག་གིས་རྗེས་སུ་བཟུང་བར་བརྟེན། རྗེ་མཁྱེན་བརྩེའི་ཞབས་ཀྱིས། འདི་ནས་འཕོ་ཚེ་བྱང་ཕྱོགས་ལྕང་ལོ་ཅན། །ཞིང་དེར་ཕ་རྒན་དྲུང་དུ་ཐོག་མར་འགྲོ། །དེ་ནས་ཨྱོན་ཟངས་མདོག་དཔལ་རིའི་རྩེར། །སྐྱེ་བའི་རྟེན་འབྲེལ་བསྒྲིག་ལ་གསོལ་བ་འདེབས། །ཞེས་གསུང་བའི་དགོངས་གཞི་ཡང་དེ་ཡིན་ལ། སེང་གེ་རྩེ་བའི་བློན་པོ་མཛད་པ་སོགས་སྲིད་ཀྱི་རྣམ་གཡེང་དུས་འཁྲུག་ཆེ་སྐབས་ཀྱང་མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་ཡེ་མ་བཞག །སྙུན་དམ་པོས་བཏབ་པའི་དུས་ཁུ་བོ་གནས་གསར་ཆོས་མཛད་ཀྱི་སྒྲོལ་མའི་རྗེས་གནང་མཛད་པའི་ཚེ་སྒྲོལ་མ་རི་བོ་ཙམ་པའི་སྐུ་གཟིགས་པས་སྙུན་ལས་མྱུར་དུ་གྲོལ་བོ་དོང་དུ་ཇོ་ནང་མཁན་ཆེན། རྗེ་བཙུན་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པ་རིགས་ཀྱི་བདག་པོར་བསྟེན་ནས་བདག་ལུས་ལོངས་སྤྱོད་ཐམས་ཅད་མཆོད་སྤྲིན་དུ་ཕུལ། རྗེ་ཞིང་གཞན་དུ་གཤེགས་ཁར་རིགས་བརྒྱུད་དཀར་ནག་གི་འབྲེལ་པ་བཞག་


GLG008_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཐའ་བརྟེན་པ་ཀུན་རྗེས་སུ་འཛིན་པའི་ཞལ་བཞེས་ཞུས། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་དང་ངོར་ཆེན་སངས་རྒྱས་སེང་གེ་ལ་ཟབ་རྒྱས་ཀྱི་ཆོས་མང་དུ་གསན། སྲས་གཉིས་ལ་སྲིད་ཀྱི་བྱ་བ་མ་ལུས་པ་གཏད་དེ་བསྐྱེད་རྫོགས་ཀྱི་རྣལ་འབྱོར་བསྙེན་སྒྲུབ་བསྐང་བ་མདོས་གཏོར་སོགས་ཐུགས་དམ་གྱིས་ཉིན་མཚན་དུས་འདའ། དེ་དག་གི་ཚེ་རྡོ་རྗེ་ཆོས་སྐྱོང་ཞལ་གཟིགས་པ། བསྲེག་མཁན་མེད་པར་ཤ་ཆེན་དྲི་ངད་འཐུལ་བ། དགུན་སྨན་རག་ཁོལ་བ། ལིངྒ་འགུལ་བ། ཟོར་གཏོར་འཕར་བ། མདོས་གཏོར་གྱི་གསེབ་ནས་བཙོ་རྒྱུག་པ། གམ་པ་རྫོང་དུ་ཐོག་སྡིགས་མཛུབ་ཀྱི་རྩེ་ལ་བླངས་ཏེ་གཞན་དུ་འཕངས་པ་དང་། བོ་དོང་རྫོང་དུ་བབས་ཀྱང་མ་གནོད་ཅིང་སྡིགས་མཛུབ་དང་ཤཱ་ས་ནཱའི་ནུས་པས་ཧོར་དམག་བྲོས་པ། རོང་ཆུང་དུ་རྦབ་དང་ཙག་ས་དཀར་གྲུར་ཆུ་རླབས་ཀྱི་འཇིགས་པ་སྡིགས་མཛུབ་དང་བཅས་པའི་ཕཊ་སྒྲས་བཟློག་པ། མནལ་ལམ་ལ་ཏི་པུ་པས་སྐུ་ཚེའི་ཚད་ལུང་བསྟན་པ་སོགས་ངོ་མཚར་རྣམས་ཆེས་དཔག་པར་དཀའ་ནའང་ཞང་སྟོན་ཆོས་འབར། རྗེ་མར་པ། མཁས་པ་གཡུ་ཐོག་པ་སོགས་ལའང་ལས་མ་དག་པའི་སྐྱེ་བོ་ཕལ་ཆེར་ཁྱིམ་པ་རང་བཞིན་པའི་མཐོང་ལས་མེད་འདུག་པ་ལྟར་འདི་སྐབས་ཀྱང་སྡེ་དཔོན་དཀྱུས་མའི་རྩིང་ཧྲལ་ཞིག་གི་ཉམས་ལས་མེད་པར་སྣང་། དེའང་མནལ་ལམ་དུ་རི་རབ་ལ་ལན་གསུམ་བསྐོར་ཞེས་པ་སྐྱེ་བ་གསུམ་བརྒྱུད་དགོས་རྒྱུར་ལམ་ཟབ་མོའི་ཉམས་ལེན་ལ་བརྟེན་ནས་དགུང་ལོ་རེ་བརྒྱད་པ་ཁྲུམས་ཟླའི་ཚེས་བཅུའི་ཉིན་གཤེགས་ཁར་ཚར་ཆེན་ལ་


GLG008_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ལྟོས་ཞུས་པས་སྐྱབས་འཇུག་ཤིན་ཏུ་རྒྱས་པ་དང་ཁྱད་པར་རྡོ་རིང་རིན་པོ་ཆེར་གསོལ་འདེབས་ཤུགས་དྲག་གནང་བས་མནལ་ལམ་དུ་རྡོ་རིང་པ་ཆེན་པོས་ཁོང་པ་ལས་ཀྱི་རྣམ་སྨིན་གྱི་འཕྲོ་ཞིག་གིས་རྒྱ་ནག་གི་མཐའ་འཁོབ་ཏུ་རུ་དྲ་མོའི་མངལ་དུ་ཟླ་བ་དྲུག་གནས་དགོས་པ་ཆོས་སྐྱོང་གིས་མ་དེ་བསྒྲལ་ནས་ལྕང་ལོ་ཅན་དུ་སྐྱེ་ནའང་ཆོས་རྗེ་པས་འབད་རྩོལ་མཛད་ན་ཟླ་བ་གཅིག་ཙམ་གྱིས་ཆོག་ཉེན་འདུག་ཅིང་གང་ལྟར་དོ་ནུབ་མཇལ་དུ་འོང་བ་ཡོད་གསུང་བ་ལྟར་སྔོན་དུས་ཀྱི་ཆ་ལུགས་ཇི་ལྟ་བ་ཛོ་ཀེའི་འཁོར་ལ་བརྟེན་ནས་བྱུང་བ་བདག་ཚེ་འཕོས་ཀྱང་བླ་མ་དང་ཆོས་སྐྱོང་གི་མཐུས་རྒྱལ་ཁ་བྱུང་། ཕྱག་རྡོར་གྱི་དབང་གནང་བར་གསོལ་བས་སང་ནས་བཟུང་ཕྱག་རྡོར་གྱི་དཀྱིལ་འཁོར་དུ་ལྷོ་སྒོའི་ཆོ་ག་ལན་གསུམ་མཛད་པས་ནུབ་ཅིག་འོད་གསལ་དུ་འབྲུག་སྒྲ་དིར་རིར་སྒྲོག་པར་གཟིགས་པ་ན་ནང་འོད་ཀྱི་རྣམ་པའི་ནོར་བུ་མིག་གསུམ་པས་གང་བ་གསལ་བས་སྡེ་པ་དེ་ལྕང་ལོ་ཅན་དུ་འབྲུག་གི་ཞོན་པ་ཅན་གྱི་གནོད་སྦྱིན་བདེ་ལྡན་འོད་ཟེར་དུ་སྐྱེས་ནས་དྲིན་ལན་འཇལ་དུ་འོངས་པར་མཁྱེན་ཅིང་གནོད་སྦྱིན་དེ་ཕྱག་ན་རྡོ་རྗེས་རྗེས་སུ་བཟུང་བར་བརྟེན་ཐུགས་བདེ་བར་གྱུར། འདི་པའི་ཡུམ་སྔ་མོ་ནས་གྲོངས་པས་ཆུན་མར་གཙང་ཚོང་འདུས་མགུར་མོའི་ཁྲི་དཔོན་གྱི་ལྕམ་སྲིང་བྱངས་སེམས་བུ་ཁྲིད་བླངས་པའི་སྲས་ནམ་མཁའ་རྒྱལ་བ་ལྕེ་སྟོན་པཎ་ཆེན་ལས་དགེ་བསྙེན་གྱི་སྡོམ་པ་ནོས། གོང་གི་ཡོངས་འཛིན་ཕལ་ཆེར་དང་། སྤྲུལ་སྐུ་ཤཱཀྱ་བཟང་པོ། གནུབས་ཆེན་རིན་ཅེན་དཔལ་བཟང་། ལྷ་བཙུན་ལེགས་ལྡན་བདུད་འཇོམས་རྡོ་རྗེ་སོགས་དམ་པ་མང་དུ་བསྟེན། ཚར་ཆེན་ཆོས་ཀྱི་རྒྱལ་


GLG008_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་ཐུགས་སྒྲུབ་དྲག་པོ་རྩལ་གྱི་ཆོས་སྐོར་གསན་པ་གཙོ་བོར་གྱུར་པའི་བདེ་མཆོག །གཤེད་དམར། ཕུར་པ། སྒྲོལ་དཀར་སོགས་ཡི་དམ་གྱི་ལྷ་རྣམས་ཀྱི་བསྙེན་སྒྲུབ་དང་མཁའ་འགྲོ་ལྔའི་མཆོད་གཏོར་གྱིས་མཚོན་ཐུགས་དམ་ཤིན་ཏུ་སྨིན། སྐུ་ཚེའི་སྨད་ལ་ཚར་ཆེན་གྱི་དྲུང་དུ་རབ་ཏུ་བྱུང་ཞིང་དགུང་ལོ་དོན་གཉིས་པའི་ཚེ་ཚར་ཆེན་རྡོ་རྗེ་འཆང་སྤྱན་དྲངས་པ་སྔས་མགོར་བླ་མ་འདི་ལྟ་བུ་ཕེབས་ནས་འཆི་བ་སྐལ་བ་བཟང་ཚུལ་སོགས་དགྱེས་དགྱེས་དང་བར་དོར་ཡང་ཧཱུྃ་སྒྲ་དིར་རིར་འགྲོ་གསུང་། གཤེགས་ནས་དབུ་ཐོད་སོར་བཞི་ཙམ་འཕགས་ཤིང་མེ་ཏོག་གི་ཆར་གྱིས་མཚོན་ལྟས་ཡ་མཚན་གཤིས་རྟོག་གེ་པ་རྒན་པོ་འགའི་ང་རྒྱལ་ཆག་པ་སོགས་ལ་དཔགས་ན་གཅེན་དུ་མ་ཟད་འདི་ཉིད་ལའང་དིང་སང་གི་ཆོས་པ་བཟང་པོར་རྩི་བ་རྣམས་ཀྱིས་བསྒྲུན་དཀའ་བར་མཆིས། མཆེད་གཉིས་ཀྱི་ཇོ་མོར་སེ་སྟོན་དཔལ་ཆེན་འབུམ་དང་མཐུ་ཆེན་ཉི་མ་བཟང་པོ་སོགས་ཡང་ཕུར་གཤིན་རྗེས་གཙོས་ལྷའི་སྣང་བ་ཐོབ་ཅིང་ཆོས་སྐྱོང་བྲན་དུ་འཁོལ་བའི་རིགས་བརྒྱུད་རྗེ་བཙུན་ས་སྐྱ་པའི་དབོན་པོར་གྱུར་པ་འདར་ཆོས་རྫོང་པ་དོན་ཡོད་རྣམ་རྒྱལ་གྱི་སྲས་མོ་ཚེ་བརྟན་བུ་འདྲེན་ཞེས་བདག་ཆེན་རྡོ་རྗེ་འཆང་། རྗེ་སྒོ་རུམ་པས་མཚོན་དམ་པ་དུ་མའི་ཞབས་པད་བསྟེན་ཅིང་ཚར་ཆེན་ཆོས་ཀྱི་རྒྱལ་པོ་དང་འཁྲུལ་ཞིག་ཀུན་དགའ་ཆོས་ལྡན་ལ་གདམས་པའི་ཉིང་ཁུ་ནོས་ནས་མགོན་པོའི་ཡིག་བདུན་མ་ས་ཡ་གསུམ་དང་ནཱ་རོ་མཁའ་སྤྱོད་ཀྱི་ཆག་མེད་མཛད་པས་མནལ་ལམ་དུ་རྗེ་བཙུན་ཞལ་གཉིས་མ་གསེར་གྱི་མདོག་ལྡན་གཟིགས་ཤིང་ཕག་སྐད་ངུར་སྒྲས་ཁེངས་པ་སོགས་གྲུབ་པའི་མཚན་མ་བརྙེས་པ་བུད་མེད་ཕལ་


GLG008_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ཚུལ་ལས་འདས་པ་དེ་བསུས་པ་ལ་མཆེད་ཁ་ཡར་འཁྲུངས་པའི་དང་པོ་ཞབས་དྲུང་བསྟན་པའི་དྲུང་ངམ་བསོད་ནམས་རབ་བརྟན་དུ་གྲགས་པ། དེ་འོག་ཆོས་ཀྱི་རྒྱལ་མཚན། དེ་འོག་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །ཆུང་བ་ནོར་བུ་བཟང་པོ་རྣམས་ལས་གཅེན་དང་གཅུང་རྣམས་ནི་སྒྱུ་རྩལ་དྲུག་ཅུ་རྩ་བཞིས་གཙོས་ལུགས་དང་འབྲེལ་བའི་ཡོན་ཏན་གྱི་མཐུ་ཕུལ་དུ་བྱུང་ཞིང་རྗེ་བཙུན་སྒོ་རུམ་པ་ཆེན་པོ་དང་རྡོ་རྗེ་འཆང་ཚར་པ་ཆོས་རྗེ་སོགས་སྔགས་གསར་རྙིང་གི་མཁས་གྲུབ་དུ་མའི་ཞབས་རྡུལ་ཉེ་བར་བསྟེན་ནས་ཟབ་ཆོས་མང་དུ་གསན་ཅིང་དེའང་ཚིག་ཙམ་དུ་མ་ལུས་པར་བསྐྱེད་རྫོགས་ཀྱི་རྣལ་འབྱོར་བསྙེན་ཅིང་སྒྲུབ་པ་རྡོ་རྗེ་ཆོས་སྐྱོང་རྣམས་ཕྱི་ནང་གསང་བའི་མཆོད་པས་ཐུགས་དམ་སྐོང་བའི་མཛད་པ་སོགས་སྡེ་དཔོན་ཕལ་པའི་སྤྱོད་ཚུལ་དང་ཡེ་མི་འདྲ་བའི་གོང་མའི་ཞབས་རྗེས་ཟིན་པ་ཐུབ་པའི་རིང་ལུགས་འཛིན་ནོ་ཅོག་ལ་དག་པའི་སྣང་བ་དང་ལྡན་ནའང་རང་བསྟན་ཁའུ་བྲག་རྫོང་པའི་བླ་མ་དང་ཆོས་ལས་བསྟན་དང་སྟོན་པ་གཞན་ནས་མི་འཚོལ་བའི་དམ་བཅའ་བརྟན་པོ་སྤང་ལ་བེ་ཕུར་བཏབ་པའམ་རྡོ་ལ་རི་མོ་བྲིས་པ་ལྟ་བུའི་དམ་པའི་ངང་ཚུལ་དང་ལྡན་པ་ཤ་སྟག་ཡིན་ནོ། །ཨེ་མ་གངས་ཅན་དཔལ་མོའི་མངལ་ཡངས་པོར། །བསོད་ནམས་འབྲས་བུའི་ཁུར་གྱིས་རབ་ལྕི་བ། །རིགས་གསུམ་སྒྱུ་དྲའི་གར་མཁན་མི་ཡི་བདག །ཆད་མེད་མཐོ་རིས་ཆུ་བོའི་སྤུན་ཟླ་བཞིན། །དེ་དབོན་འོད་གསལ་ལྷ་བབས་འ་ཞའི་གདུང་། །ཆེ་གཉན་བཙུན་གསུམ་འཛོམ་པ་རྒྱལ་པོའི་བརྒྱུད། །མཐུ་སྟོབས་ནུས་པར་ལྡན་པ་རིག་སྔགས་འཆང་། །དཔའ་རྩལ་


GLG008_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་ངར་ཆེ་བ་གེ་སར་རིགས། །རླུང་གིས་མཐོན་པོར་བཏེག་པའི་འདབ་ཆགས་སྒྲོ། །འགྲོ་མངས་རལ་པའི་རྩེ་མོར་སྟེས་དབང་ལས། །གཡེངས་མིན་ཁུངས་འབྲེལ་ལུས་ཕྲའི་འགྲམ་ཆང་གིས། །དཔྱོད་ལྡན་བློ་ཡི་བ་ཀུ་ལ་དེ་བཞད། །རྡུལ་མང་ཕང་པར་ཉལ་བའི་ཁྲི་སྟན་སྟེང་། །ཆེན་པོར་བཀུར་བར་མི་བསྙེངས་བྱང་ཚན་ལ། །གཞོམ་པས་ཨིནྡྲ་བྷཱུ་ཏི་རྣ་རྒྱན་གྱིས། །ལྗོངས་འདིར་གཟུགས་ཅན་གཉིས་པ་བཟུང་བ་བཞིན། །དེའང་ཚིགས་གསུམ་པ། འཇམ་དབྱངས་མཁྱེན་རྩེའི་དབང་ཕྱུག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་ཡོངས་གྲགས་ཀྱི་རྣམ་པར་ཐར་པ་དགུང་ལོ་སུམ་ཅུ་སོ་བརྒྱད་ཡན་གྱི་རྟོགས་བརྗོད་རང་ཉིད་ཀྱིས་མཛད་པའི་ངོ་མཚར་སྙེ་མར་གསུངས་པ་སྨོས་མ་དགོས། དེ་ནས་ཀྱང་ལོ་ཕྱེད་དྲུག་ཙམ་གྱི་བར་ཞིང་འདིར་བཞུགས་པས་འཕྲོ་འཐུད་ཐུབ་ན་ལེགས་པར་སྣང་ཡང་ཟིན་བྲིས་སོགས་ངེས་ཏིག་མ་འབྱོར་ལ། སྐུ་ཚེ་སྔོན་མ་སྣམས་སུ་གངྒཱའི་ཀླུང་གི་རྡུལ་སྙེད་ལས་འདས་པའི་ཞིང་ཁམས་རྒྱ་མཚོར་མཆོག་དམན་བར་པའི་ཚུལ་སྣ་ཚོགས་པས་འགྲོ་བའི་དོན་མཛད་པའི་མཐའ་ལ་རྟོགས། འོན་ཏེ་སྐྱེ་བ་རིམ་བརྒྱུད་དང་ཐུགས་རྒྱུད་གཅིག་པའི་སྤྲུལ་པ་སོགས་ཀྱིས་བསྟན་འགྲོའི་སྨན་ཡོན་དུ་གྱུར་པའི་རིམ་པ་ནི། རྗེ་ཉིད་ཀྱི་ཞལ་གསུངས་མར། ན་མོ་གུ་རུ་བྷྱཿརྒྱལ་བ་སྐུ་དངོས་ཨྱོན་ཆོས་ཀྱི་རྗེ། །རྡོ་རྗེ་འཆང་དབང་ཀུན་དགའ་ལེགས་པའི་ཞབས། །སྐུ་དྲིན་མཉམ་མེད་བློ་གསལ་རྒྱ་མཚོ་སོགས། །སྐྱབས་མཆོད་བླ་མ་རྣམས་ལ་གསོལ་བ་འདེབས། །ཨྱོན་དྲུང་ན་ལང་འགྲོ་དཀོན་ཅོག་འབྱུང་། །


GLG008_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དག་དང་མ་དག་སྐྱེ་བ་འགའ་ཡི་མཐར། །ཆོས་དབང་གསུང་སྤྲུལ་པདྨ་དབང་ཆེན་ཞེས། །མཁས་གྲུབ་དམ་པར་གྱུར་ལ་གསོལ་བ་འདེབས། །རྫོགས་ཆེན་རྣལ་འབྱོར་འོད་གསལ་རང་གྲོལ་དང་། །བཀའ་བརྒྱད་བཀའ་བབས་རྡོར་འཆང་བསོད་ནམས་བཟང་། །འཇམ་དབྱངས་སྒེག་པ་བསོད་ནམས་གྲུབ་ལ་སོགས། །དག་པའི་སྐྱེ་བར་གྱུར་ལ་གསོལ་བ་འདེབས། །རྒྱལ་བས་ལུང་བསྟན་ཟབ་གཏེར་བསྟན་པའི་བདག །འབྲེལ་ཚད་དོན་ལྡན་རྒྱལ་པོའི་བླ་མཆོད་དེ། །ཆོས་ཀྱི་རྒྱལ་པོ་རཏྣ་གླིང་པ་ཞེས། ཁམས་གསུམ་གྲགས་པས་ཁྱབ་ལ་གསོལ་བ་འདེབས། །ཉམས་རྟོགས་མཐར་ཕྱིན་ཨ་སེང་རྒྱལ་མོ་དང་། །འཕགས་ཡུལ་བྲམ་ཟེ་བྷྲ་མ་ནཱ་ཐ་ཉིད། །གངས་རིའི་ཁྲོད་འདིར་རྒྱལ་པོའི་རིགས་སུ་སྐྱེས། །མཁྱེན་བརྩེའི་དབང་ཕྱུག་ཉིད་ལ་གསོལ་བ་འདེབས། །དེ་ཡི་སྐུ་གསུང་ཐུགས་དང་ཡོན་ཏན་དང་། །འཕྲིན་ལས་སྤྲུལ་པ་ཤེས་རབ་སྙིང་རྗེ་ཅན། །རབ་བྱུང་རྒྱལ་ཆེན་རྣལ་འབྱོར་ཚུལ་ཅན་ཞེས། །པདྨས་ལུང་བསྟན་ཁྱོད་ལ་གསོལ་བ་འདེབས། །རྒྱལ་སྲས་གུ་རུ་ཆོས་ཀྱི་དབང་ཕྱུག་གིས། །ཡང་སྲིད་གཉིས་སུ་ཕ་བུའི་འབྲེལ་པ་བཞག །ད་དུང་འབྲལ་མེད་རྗེས་སུ་འཛིན་ནོ་ཞེས། །བྱིན་རླབས་ལུང་བསྟན་ཐོབ་ལ་གསོལ་བ་འདེབས། །དགྱེས་པ་རྡོ་རྗེ་འཁོར་ལོ་སྡོམ་པ་དང་། །རྡོ་རྗེ་ཕག་མོ་སྒྲུབ་ཆེན་བཀའ་བརྒྱད་ལྷ། །འཇམ་དཔལ་ཁྲོས་པ་འཇོམས་བྱེད་འབར་བ་ཡིས། །བྱིན་རླབས་མཚན་མ་ཐོབ་ལ་གསོལ་བ་འདེབས། །ལྷ་ཆེན་དཔལ་འབར་ལྕམ་བྲལ་ཕོ་ཉར་བཅས། །གུར་གྱི་མགོན་པོ་གཉན་མགོན་རྣམ་སྲས་སོགས། །དམ་ཅན་


GLG008_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་ཕལ་ཆེར་བྲན་དུ་འཁོལ། །འཕྲིན་ལས་ཐོགས་མེད་སྒྲུབ་ལ་གསོལ་བ་འདེབས། །འདི་ནས་འཕོ་ཚེ་བྱང་ཕྱོགས་ལྕང་ལོ་ཅན། །ཞིང་དེར་ཕ་རྒན་དྲུང་དུ་ཐོག་མར་འགྲོ། །དེ་ནས་ཨྱོན་ཟངས་མདོག་དཔལ་རིའི་རྩེར། །སྐྱེ་བའི་རྟེན་འབྲེལ་བསྒྲིག་ལ་གསོལ་བ་འདེབས། །དེ་ལྟར་ཁྱེད་ལ་གུས་པས་གསོལ་བ་འདེབས་ན། །དུས་འདི་ནས་བཟུང་ཚེ་རབས་ཐམས་ཅད་དུ། །ནམ་ཡང་འབྲལ་མེད་མཉེས་པ་ཀུན་བསྒྲུབས་ནས། །ཆམ་གཅིག་གདོད་མའི་ཀློང་དུ་གྲོལ་བར་ཤོག །ཅེས་པ་འདི་སྙིང་ནས་དད་ལྡན་གཉོས་དཀའ་བཅུ་པ་ཆོས་རྒྱན་གྱིས་བསྐུལ་བའི་ངོ་མ་ཆོགས་པར་ངེད་རང་གི་ཁོང་ཁྲག་ཤོག་བུའི་ལོགས་ལ་བཀོད་པ་ཡིན་པས། ཐམས་ཅད་ལ་བསྟན་ན་ངེད་ཀྱི་ཚེ་ལ་གནོད་པས་ཤིན་ཏུ་གསང་ཞིང་སྦས་པའི་ཚུལ་དུ་མཛད་པ་གལ་ཆེ་ཆེ། དམ་ཚིག་ལ་དགོངས་མཛོད་ཅིང་། དགེ་སློང་ཆོས་རྒྱན་ལ་བསྟན་ཀྱང་བཟོད། ཚ་བོ་བཙུན་ཆུང་རྣམས་སྣོད་ལྡན་ཡིན་ཀྱང་། ན་སོ་གཞོན་པས་གཞན་ལ་ཤོར་ཉེན་ཡོད་པས་ཐེང་གཅིག་ལ་མ་སྟོན་མཛོད། ས་མ་ཡ། ཞེས་པ་དང་ཤེས་རབ་རྒྱ་མཚོ། བུདྡྷ། སངས་རྒྱས་ལྷུན་གྲུབ། སྦྱིན་པ་དཔལ་བཟང་། དཀོན་ཅོག་ལེགས་པ་ལྔས་ཞུས་དེར་གནང་བའི་ཀུན་ཁྱབ་ཆོས་དབྱིངས་མ་གཉིས་འདུག་པ་རྒྱས་བསྡུས་ཙམ་དུ་མཐོང་བས་གཅིག་ཏུ་བྱས་ན་སྤྲུལ་གཞི་རྒྱལ་ཀུན་ཡབ་གཅིག་འཇམ་དབྱངས། འོ་སྐོལ་གྱི་སྟོན་པའི་དྲུང་དུ་ཤེས་རབ་ཅན་གྱི་མཆོག་ཤཱ་རིའི་བུ། ལྷ་སྲས་ཁྲི་སྲོང་ལྡེའུ་བཙན། རྫུ་འཕྲུལ་གྱིས་ཐོག་ཆེན་མདའ་ལྟར་འཕེན་པའི་ལང་འགྲོ་དཀོན་ཅོག་འབྱུང་གནས། མངའ་བདག་ཉང་གི་


GLG008_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་ཟབ་གཏེར་ཆོས་ཀྱི་བང་མཛོད་འགྲོ་མགོན་ནམ་མཁའ་དཔལ་ལྡན་ཞེས་བླ་མའི་བཀའ་བབས་ཤིང་ཐུགས་རྗེ་ཆེན་པོ་དངོས་སུ་འགྲུབ་པ། གཏེར་ཁ་འོག་མ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་གདུང་ལས་བླ་རྫོགས་ཐུགས་གསུམ་གྱི་བཀའ་བབས་པ་རྒྱལ་སྲས་པདྨ་དབང་ཆེན། བདུད་འཇོམས་སྐྱེ་བ་རིགས་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་ཕྲུས་རྗེས་སུ་བཟུང་ཞིང་སངས་རྒྱས་གཉིས་པ་ཨྱོན་ཆེན་པོ་ཞལ་གཟིགས་ནས་གདམས་པ་ཐོབ་པའི་ཟུར་ཚོ་རྡོར་འཆང་བསོད་ནམས་བཟང་པོ་ཞེས་བཀའ་བརྒྱད་ཀྱི་བཀའ་བབས་པ། འདི་ཉིད་ཀྱི་སྐུ་སྐྱེ་ཡིན་ཚུལ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིགས་འཛིན་མངའ་རིས་པ་ཆེན་པོས་ཡང་ཡང་གསུངས་པས་རྡོར་འཆང་པ་ཡན་ཁོང་རང་གི་རྣམ་ཐར་དུ་གསུངས་པ་ལ་ཐེ་མི་ཚོམ་པར་མ་ཟད་མངའ་བདག་ཡིན་པའི་ཁུངས། རིགས་འཛིན་ཡོངས་འདུས་ཀྱི་ཆོས་བདག་ལུང་བསྟན་སྐབས་སུ། ཆོས་རྒྱལ་ཁྱོད་སྤྲུལ་མེ་ཏོག་མིང་འཛིན་པ༔ དངོས་ལས་ལྷག་པའི་སྐྱེས་བུ་སྙིང་སྟོབས་ཅན༔ བཀའ་གཏེར་ཆོས་བདག་བོང་རིང་ལུག་སྤྲེལ་ལོ༔ རིན་ཅེན་ཕྱག་རྟེན་དགོངས་ཀྱི་དུས་སུ་འབྱུང་༔ ཞེས་ཤིན་ཏུ་གསལ། ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པའི་ཐུགས་སྲས་འོད་ཆེན་གོ་ཆ་ཞེས་སྙིང་ཏིག་གི་བཀའ་བབས་པས་འོད་གསལ་ལོངས་སྐུའི་ཞིང་ཁམས་མྱུལ་ཞིང་ཚེ་དཔག་མེད་ཀྱིས་མངོན་སུམ་དུ་ཞལ་གཟིགས་པ། མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་སྤྲུལ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱིས་སྦྱོར་བ་ཡན་ལག་དྲུག་གི་ཟབ་མོས་གྲོལ་བར་མཛད་པ་འཇམ་དབྱངས་སྒེག་པ་ནམ་མཁའ་དཔལ། ཟབ་དོན་གདམས་པས་ཡོངས་


GLG008_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བསོད་ནམས་གྲུབ་པ། སྲས་པདྨ་དབང་ཆེན་གྱི་ཡང་སྲིད་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རཏྣ་གླིང་པའམ་གཏེར་གནས་དང་ལུང་བསྟན་གྱི་དབང་གིས་འགྲོ་འདུལ་གླིང་པ་དང་ཞིག་པོ་གླིང་པ་སྟེ་གཏེར་སྟོན་གཅིག་ལ་གླིང་པ་གསུམ་དུ་གྲགས་ཤིང་གཏེར་ཁ་ཉེར་བརྒྱད་ཞལ་ཕྱེ་ནས་སྔ་འགྱུར་བསྟན་པའི་སྲོག་འཐུད་པར་མཛད་པ་པོ། ཆོས་ཀྱི་རྒྱལ་པོའི་རྣམ་པར་སྤྲུལ་པ་གྷ་ཏ་ནཱ་ཐས་བྱིན་གྱིས་བརླབས་ནས་དྲག་སྔགས་ནུས་པ་མཆོག་ཏུ་བརྙེས་ཤིང་ཨཽཌྜི་ཡ་ནའི་གནས་སུ་རྡོ་རྗེ་ཕག་མོས་དངོས་སུ་རྗེས་སུ་བཟུང་བ་བྷྲ་མ་ནཱ་ཐ། རྗེ་བཙུན་བརྩེ་པ་ཆེན་པོའི་རྣམ་འཕྲུལ་འཇམ་དབྱངས་དཀོན་ཅོག་བཟང་པོའི་ཟབ་དོན་ཆོས་ཀྱི་ཉིང་ཁུས་འོད་གསལ་ཕ་མཐར་ཕྱིན་པས་ཐོགས་བཅས་ཀྱི་བདུད་ལས་རྒྱལ་བ་ཨ་སེང་རྒྱལ་མོ། རཏྣ་གླིང་པ་དང་བསོད་ནམས་གྲུབ་པ་མ་གཏོགས་པའི་བཞི་པོ་དམ་པ་འགའི་ལུང་བསྟན་དང་བསྟུན། བཙུན་མ་འདི་བྱིས་པའི་དུས་ཝལ་གྱིས་དྲན་ཞེས་གསོལ་འདེབས་ཀུན་ཁྱབ་ཆོས་དབྱིངས་མའི་མཇུག་ན་གསུངས། ལང་འགྲོ་ལོ་ཙཱ་བ་ནི། ལས་འགྲོ་གླིང་པའི་ལུང་བསྟན་དུ། ལང་འགྲོའི་སྤྲུལ་པ་བཀའ་གཏེར་བདག་པོ་ནི༔ མཁྱེན་བརྩེའི་མིང་ཅན་རིག་གནས་ལྔར་མཁས་པ༔ གཙང་ཕྱོགས་འདི་ནས་འཁོར་གྱི་ཐོག་མར་འབྱུང་༔ དེ་ལ་གདམས་པ་གཏད་ན་བསྟན་པ་འཕེལ༔ ཞེས་གསལ་བར་ལུང་གིས་ཟིན་ཅིང་རཏྣ་གླིང་པ་ནི་ལང་འགྲོའི་སྐྱེ་བར་ཡོངས་སུ་གྲགས། བསོད་ནམས་གྲུབ་པ་ནི། གོང་དུ་གསོལ་འདེབས་བྲིས་པར་གསལ། འཇམ་སྒེག་ནི་འདར་དུ་ཞལ་གཏོར་ཆེན་གྱི་ཕྱག་ལེན་ཞུ་བ་གནང་སྐབས་ཚར་ཆེན་གྱི་མནལ་ལམ་དུ་རྡོ་རྗེ་རིང་པ་


GLG008_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྡོ་རྗེ་གདན་པ་གཉིས་ཞལ་སྤྲོད་དུ་བཞུགས་སར་བྱོན་པ་ན་རྡོ་རིང་རིན་པོ་ཆེས་ཆོས་རྗེ་པ་ཁ་སང་ནས་གར་བྱོན་གསུངས་པ་ཇོ་ནང་འཇམ་སྒེག་ཅེས་པར་ཆོས་ཤོད་ཀྱི་བསྡད་ཞུས་པའི་ཚེ་རྡོ་རྗེ་གདན་པས་རྫུན་མ་གསུང་གནས་གསར་ཆོས་རྗེ་ཡིན་གནང་བའི་ལན་རྡོ་རྗེ་རིང་པས་གཉིས་ཀ་མེད་ཁོང་ཡར་ཀླུངས་པའི་དུས་སུ་འཇམ་སྒེག་ད་ལྟ་གནས་གསར་ཆོས་རྗེ་ཡིན། ཞེས་དང་། གསུང་མགུར་དུ། ཨྱོན་ཐུགས་རྗེའི་སྨོན་ལམ་མཐུ་བཙན་པས། །རྡོ་རྗེ་འཆང་ཆེན་ཚར་པ་ཆོས་ཀྱི་རྗེས། །མི་ནས་མིར་གྱུར་སྐྱེ་བ་ལྔ་ཡི་བར། །རྗེས་བཟུང་བྱང་ཆུབ་མཆོག་གི་ས་བོན་བཞག །ཅེས་བྱུང་བ་ལྟར་ཚར་ཆེན་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པར་འཁྲུངས་པའི་ཚེ་སྙན་བརྒྱུད་ཀྱི་གདམས་པ་གནང་བར་གསོལ་བཏབ་པས་བྲག་རྫོང་མའི་འཁྲིད་ཡིག་ཏུ། སྐྱེ་བ་གསུམ་གྱི་གོང་ནས་གསོལ་བཏབ་ཅིང་། །ཚེ་འདིར་ལོངས་སྤྱོད་སྒྲུབ་པས་མཉེས་པར་བྱས། །དད་དང་སྙིང་རྗེ་ཤེས་རབ་མི་དམན་ལ། །ཀུན་སྤངས་ཆོས་རྗེའི་བསྟན་ལ་ལྷག་པར་དད། །སྟོན་དང་བསྟན་པ་གཞན་ནས་མི་འཚོལ་བར། །ཅི་མཛད་ཁྱེད་ཤེས་མོས་གུས་ལྡེ་མིག་གིས། །གསང་ཆེན་ཐུགས་ཀྱི་བང་མཛོད་སྒོ་ཕྱེ་ནས། །སྙན་བརྒྱུད་ཡིད་བཞིན་ནོར་བུ་ཁོ་བོས་རྙེད། །ཅེས་པའང་འཇམ་སྒེག །བྷྲ་མ་ནཱ་ཐ། ཨ་སེང་རྒྱལ་མོ་གསུམ་རིམ་པར་བྱུང་བ་ལ་དགོངས་ལ། ཀུན་ཁྱབ་ཆོས་དབྱིངས་མ་ལས། བཅུ་གསུམ་སྐྱེ་བར་མཁས་དང་གྲུབ་པ་དང་། །ཞུ་བྱེད་སྒྱུར་བྱེད་རིག་སྔགས་འཆང་བའི་ཚུལ། །དུ་མར་སྤྲུལ་ནས་སེམས་ཅན་སྐྱོང་མཛད་པ། །ཞེས་པའི་བཅུ་གསུམ་པོ་ངོས་འཛིན་ཚུལ་ཁ་ཚོན་གཅོད་དཀའ་ནའང་


GLG008_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཞིན་ཡིན་ནམ་སྙམ། ཞལ་གཟིགས་སོགས་ངོ་མཚར་བའི་མཛད་པ་རྣམས་ནི་ཚིག་གཅིག་ཙམ་ཡང་རླུང་ཕྱོགས་སུ་མ་གྲགས་པར་བསྙེལ་ཐོ་ཕྱག་བྲིས་མ་ཞིག་སྣང་བའི་ཁ་ཡིག་ཏུ། སྤྲང་བཙུན་འཁྱམས་པོའི་གསང་བའི་གཏམ་འདི་དག །ཇི་སྲིད་འཚོ་ཡི་བར་དུ་ཁ་ཐམ་རྒྱ། །སྙིང་ནས་དད་ལྡན་རེ་རེ་ཙམ་ལ་བསྟན། །དེས་ཀྱང་སྙིང་གི་དཀྱིལ་དུ་ཨ་ཐམ་རྒྱ། །བླ་མ་སངས་རྒྱས་དངོས་དང་མཇལ་བ་དང་། །མན་ངག་རྒྱུད་སྡེའི་སྙིང་པོ་ཟབ་ཆོས་པས། །སྙིང་རུས་མེད་ཀྱང་བླ་མའི་སྐུ་དྲིན་གྱིས། །རང་ལ་ངོ་མཚར་ཡིད་ཆེས་བྱུང་ཚུལ་ཡིན། །ཞེས་ཁ་བྱང་བཏབ་ནས་ཚེས་དང་བཅས་རྒྱ་འབྱར་དུ་ཞ་ལུ་ཤེལ་ཐམ་གྱི་སྒམ་མཁན་པོ་མ་བཞུགས་པར་ཁ་འབྱེད་སྲོལ་མེད་འདུག་པ་དེར་བཅུག་པ་དེའི་ངང་ལ་བོ་དོང་དུ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པས་རྗེས་སུ་མཁན་པོ་རྩིས་སྤྲོད་ཀྱིས་དུས་ཐམ་སྒམ་ནས་བྱུང་བར་ལུང་མེད་ཀྱང་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་འགོ་མཇུག་གི་ཐུགས་རྩོམ་འགའ་ཞིག་མཛད་པར་ལུང་རྒྱུན་ཀྱང་འདུག་ལ། རྣམ་ཐར་འདི་དཔེ་རྒྱུན་དཀོན་གཤིས་རྒྱུན་མི་ནུབ་པར་བྱ་བའི་སླད་དུ་གསུང་དྲི་མ་མེད་པ་ཡི་གེར་བཀོད་པ་ནི། ན་མཿ བཛྲ་དྷཱ་ར་ཛྙཱ་ན་ད་ཡེ་ཤྭ་ར་པཱ་དཱ་ཡ། །འཕགས་ཡུལ་ཨཽཌྜི་ཡ་ནར་པདྨའི་མཚན། །བྱང་ཕྱོགས་བྷོ་ཊའི་གཉེན་གྱུར་ཁྲི་སྲོང་ཞབས། །སྙིགས་དུས་རྒྱལ་བའི་རྒྱལ་ཚབ་ཆོས་ཀྱི་རྗེ། །དབྱེར་མེད་མཁྱེན་བརྩེའི་ཞབས་པད་གཙུག་ན་རྒྱལ། །དེ་ལ་འདིར་ལྷ་དང་བཅས་པའི་འཇིག་རྟེན་པ་ཀུན་གྱི་གཙུག་གི་ནོར་བུ། སྙིགས་དུས་ཀྱི་འགྲོ་བ་མ་ལུས་པ་ཐར་པའི་གླིང་དུ་འདྲེན་པའི་ས་མཁན། དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་གཅིག་ཏུ་བསྡུས་པའི་སྤྱི་གཟུགས། སྲས་བཅས་རྒྱལ་བའི་ཡབ་


GLG008_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །དཀྱིལ་འཁོར་རྒྱ་མཚོའི་རིགས་བདག །རིག་པ་འཛིན་པ་དང་མཁས་དང་གྲུབ་པ་ཡོངས་ཀྱི་དེད་དཔོན། རྡོ་རྗེ་འཛིན་པ་ཀུན་གྱི་རལ་པའི་ཁྲི་ལ་ཞབས་ཀྱི་པདྨ་ངལ་གསོ་བ། རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཁྱེན་བརྩེའི་དབང་ཕྱུག་བསྟན་པའི་རྒྱལ་མཚན་དཔལ་ལྡན་སྐལ་པ་བཟང་པོའི་ཞལ་སྔ་ནས་དེ་ཉིད་ཀྱི་རྣམ་པར་ཐར་པ་ནི་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་མོད། འོན་ཀྱང་མདོ་ཙམ་ཞིག་བརྗོད་ན། རྗེ་དེ་ཉིད་ཀྱི་མཛད་པའི་ཚུལ་ཆེ་ལོང་ཙམ་ནི་རྣམ་ཐར་ཆེན་མོར་རྟོགས་པར་བྱ་ཞིང་། དེ་བས་ཀྱང་ཆེས་སྙིང་པོར་གྱུར་པའི་གསང་བའི་རྟོགས་བརྗོད། གདུལ་བྱ་སྣོད་ལྡན་པ་དད་པ་དང་དམ་ཚིག་ལ་གནས་པ་ལྷག་བསམ་ལ་ཉེས་པའི་དྲི་མ་དང་བྲལ་བ་རྣམས་ཀྱི་སྤྱོད་ཡུལ། ལོག་ལྟ་དང་ང་རྒྱལ་འཛིན་པ་ཀུན་གྱི་རྣ་བའི་ལམ་ཙམ་དུ་ཡང་མི་བསྒྲག་པའི་གསང་ཆེན་དཔའ་བོ་ཌཱ་ཀིའི་ཚོགས་ཀྱི་ཟབ་པ་བས་ཆེས་གསང་བའི་རྣམ་པར་ཐར་པ་གསང་ཆེན་བདུད་རྩིའི་ཆུ་རྒྱུན་ཞེས་པ་དེ་ལ། རྗེ་དེ་ཉིད་ཀྱིས། ས་ཁྱི་ཟླ་བ་དང་པོའི་ཚེས་བཅུའི་ནུབ་རྨི་ལམ་དུ། ངའི་མལ་སའི་འཁྲིས་ན་མགར་མོ་གཞོན་ནུ་མ་ཞིག་གཅེར་བུ་སྐྲ་བཤིག་ནས་འདོད་པ་བསྟེན་པའི་གྲབས་སུ་འདུག་པ་ང་སྙིང་ནས་ངོ་ཚ་ཞིང་འདི་འདྲ་བྱེད་དུ་མི་ཉན་སྙམ་ནས་དེ་ལ་འུར། ང་རང་འགྲོས་པའི་གྲབས་བྱས་པས་དེ་ཙུག་མ་བྱེད་འདི་ལ་སྐྱོན་མེད། ཁྱོད་ཀྱིས་ཡུན་རིང་པོ་ནས་ང་བོས་པ་ཡིན་མོད་ཟེར་བས། ངས་ནི་ཁྱོད་འབོད་པ་ལྟ་ཅི་ད་ལམ་ལས་མཐོང་ཡང་མ་མྱོང་། སྡོམ་པ་ཉམས་ནས་དམྱལ་བར་སྐྱེ་བ་ལས་སྐྱོན་ཆེ་བ་གར་ཡོད་བྱས། ང་ཐོང་བྱས་སྤྲུགས་པས། ཁྱོད་ལ་མི་དགོས་ན་ང་


GLG008_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་ཐམས་ཅད་དང་བྲལ་བ་ཞིག་ཡིན་ཟེར་ནས་ནམ་མཁར་འཕགས་སོང་བ་དང་། རྗེ་བཙུན་རྡོ་རྗེ་ཕག་མོ་ཞལ་གཉིས་མ་ཕག་ཞལ་གྱི་སྨིན་མཚམས་དང་། བྷ་གའི་ནང་ན་དགའ་འཁྱིལ་འཁོར་བ་ཞིག་ཏུ་གྱུར་སོང་བས་དེའི་ཞབས་ལ་འཇུས་གསོལ་བ་བཏབ་པས། ད་ཚེ་འདིར་རྗེས་སུ་འཛིན་པའི་སྐལ་བ་མེད། ཡི་གེ་སོ་གཉིས་པོ་འབྲུ་འབུམ་སྦྱིན་སྲེག་དང་བཅས་པ་བཟློས། རང་སེམས་ཕག་མོའི་རང་ཞལ་མ་ཡེངས་པར་སྐྱོངས། སྙིང་རྗེ་བྱང་སེམས་ཀྱིས་འགྲོ་བ་ལ་ཕན་ཐོགས། བར་དོར་རྗེས་སུ་འཛིན་ནོ་གསུངས་ནས་ཡལ་སོང་། གཉིད་སད་པ་ན་སྐྱོ་སྣང་དྲག་པོ་སྔར་ཡོང་མ་མྱོང་བ་ཞིག་གདའ་འོ། །མེ་ལུག་ཟླ་བ་བཅུ་གཉིས་པའི་ཉེར་ལྔའི་ནུབ་རྨི་ལམ་དུ། །ཨོ་ལོ་དགེ་བསྙེན་དང་བློ་གྲོས་བཟང་རོགས་ལ་ཁྲིད་དེ་རྫ་རི་དཀར་པོ་རྩེ་མོ་རྣོ་བ་རོང་ངེ་བ་ཞིག་གི་ལྡེབས་ལ་ཕྱིན་ནས་རྒྱ་གར་ནུབ་ཕྱོགས་ལ་འགྲོ་རྒྱུ་ཡིན་ཟེར་བསམ་འགྲུབ་ཡིན་སྙམ་པ་ཞིག་གིས་རྟ་སྔོན་པོ་སྒ་སྲབ་ཆབ་པ་བྱས་པ་ཞིག་གིས་གདོང་ལ་ཁྲིད་འགྲོ་གི་འདུག །ངས་བལྟས་པས་རིའི་ལོགས་ཐམས་ཅད་ལ་རྡོ་དང་བྱེ་མ་རླུང་གི་བཏབ་པ་འདྲ་བའི་སྐྱ་ཉོལ་ལས་གྲུབ་པའི་ཡི་གེ་ལཱཉྩ་དང་། དབུ་ཆེན་གྱི་དབྱངས་གསལ་དང་། ཨཥྚ་དང་། བདེ་མཆོག་གི་རྩ་སྔགས་སོགས་ཧྲམ་མེ་འདུག །རི་གདོང་དེ་ནས་མར་བབས་པའི་སྟེང་ཁ་ཞིག་ན། དབུས་ན་རྣམ་རྒྱལ་མཆོད་རྟེན་ཆེན་པོ་ཞིག་དང་། མཚམས་བཞི་ན་དེའི་ཕྱེད་ཙམ་གྱི་མཆོད་རྟེན་རེ་འདུག །ངའི་ཡིད་ལ་རྗེ་བཙུན་རྡོ་རྗེ་འཆང་གི་ཕྱི་རྟེན་ཡིན་པ་ལ། ད་ལོ་ཁོང་ཚོ་དམག་གིས་བྲེལ་ནས་སྐུ་དཀར་ཡང་མ་གསོལ་པ་


GLG008_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

འདུག །ང་བླ་མ་མཆོད་རྟེན་ལ་རེ་བའི་དུས་བྱུང་སྙམ་ནས་མཆི་མ་མང་པོ་ཤོར། སྐོར་བ་དུ་མ་བྱས་གསོལ་འདེབས་བརྒྱ་ཕྲག་མང་པོ་བྱས་ཤིང་དད་གུས་ཀྱི་ཡུས་བརྣགས་ནས། མཆོད་རྟེན་དབུས་མ་དེ་ལ་འཇུས་ནས་བསྟན་པ་དང་སེམས་ཅན་སྤྱི་ལ་ཕན་པའི་སྨོན་ལམ་མང་པོ་བཏབ་ཁྱད་པར་སྐྱེ་བ་ཕྱི་མ་སེམས་ཅན་ཐམས་ཅད་རྗེ་བཙུན་རྡོ་རྗེ་འཆང་གི་ཞབས་དྲུང་དུ་སྐྱེ་བར་སྨོན་ལམ་དུངས་པར་བཏབ་པས། མཆོད་རྟེན་ལྔ་པོ་གཡོ་ཞིང་ལྡེག །དབུས་མའི་ཁེབས་གདུགས་ལྟར་གཡས་སུ་འཁོར་བ་ལས་འོད་ལི་ཁྲི་འདྲ་བ་མང་དུ་འཕྲོས་ནས་ངོ་མི་ཤེས་པའི་ལུང་པ་མང་པོ་གང་སོང་། དྲིལ་བུ་དུ་མ་འདུག་པ་རྣམས་ཀྱང་སྐད་སྙན་པ་འབྲུག་ཙམ་སྒྲོག །དེའི་གདངས་ལས། སུ་ཞིག་ཁ་ཙམ་མ་ཡིན་དད་པ་ཡིས། །བླ་མ་མཆོག་ལ་ཕྱག་འཚལ་གསོལ་འདེབས་པ། །དེ་ནི་མྱུར་དུ་མངོན་པར་འཚང་རྒྱ་སྟེ། །རང་ཉིད་གྲོལ་ནས་གཞན་ཡང་སྒྲོལ་བར་འབྱུང་། །ཞེས་ཐོས་པས་ཕན་ཡོན་འདི་ཙམ་ཡོད་པ་ཡིན་བྱས། །ཟླ་བོ་ཀུན་ཁྲིད་ནས་སྐོར་བ་གསོལ་འདེབས་མང་དུ་བྱས། ངས་རྟ་ལ་ཞོན་བློ་བཟང་གིས་བལ་དྲ་པོ་ཏིས་གང་བ་ཞིག་ཁྱེར་ནས་ཐུར་དེ་ལ་བབས་ཕྱིན་པས། ཉང་སྟོད་རྒྱལ་ཁང་ཡིན་སྙམ་པ་ཞིག་ཏུ་སླེབས་པ་ན། སྡེ་པ་ནོར་བཟང་དྲུང་གིས་སྤོས་སྣ་བྱས། ཁང་པ་གཡབས་སྒོར་ཉི་མ་དྲོ་བ་ཞིག་ཏུ་སླེབས་ཨ་ཇོ་ལགས་སྐུ་མཆེད་ཀྱིས་ཇ་བུར་སོགས་ཀྱི་བཀོད་པ་ཡང་བཤམས་བྱུང་། ཨ་ཇོ་ཆོས་ཀྱི་ཞལ་ནས་ཁྱོད་གང་ལ་འགྲོ་རྒྱུ་སོགས་དྲིས་བྱུང་བ་ལ་ལོ་རྒྱུས་རྣམས་ཞིབ་ཏུ་ཞུས་པས། ཁོང་ཚོའི་ཞལ་ནས། རྒྱ་གར་ནུབ་


GLG008_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ན་འདུལ་ཞིང་ལེགས་པོ་ཡོད་པ་དང་ཆོས་ཧ་ཅང་མི་དར་བས་དེར་ཕྱིན་ན་ཕན་པ་རྒྱ་ཆེ་ནའང་། ད་ལམ་ལ་ཕར་ལ་མ་འབྱོན། ལོ་ཁ་ཡར་ཞིག་འདི་ཚོར་བཞུགས་ལ། ཆོས་བཀའ་ནུབ་ཉེ་བ་འདི་པ་གསོས་ཕན་སེམས་རྒྱ་བསྐྱེད་ནས་གཞན་ལ་ཆོས་མང་དུ་ཤོད། འདི་སྐད་བྱས་ན་རང་གཞན་ཀུན་ལ་ཕན་ཕྱིར་དཔེ་ཆ་མེད་པ་ཀུན་བྲིས། ཡོད་པ་ཀུན་ལྟོས།ཆོས་ཐོབ་པ་ཐམས་ཅད་བེད་མེད་ལ་མ་བཞག །ཆོས་བཀའ་དམ་པོ་བྱེད་ཟེར། ནོར་མེད་པ་ལ་མི་སྟེར་བ་དང་ཆོས་ལ་དཔེ་མཁྱུད་བྱེད་མི་ཉན་པས། སེམས་བསྐྱེད་རྒྱ་ཆེན་པོས་ཀུན་ནས་བླངས་པའི་ཆོས་ཉན་པ་དང་། དཔེ་གཞན་ལ་སྤེལ་བ་དང་། དེའི་དོན་རང་རྒྱུད་ལ་སྦྱོར་བ་རྣམས་མཛོད་ལ། རིམ་གྱིས་རྒྱ་གར་ནུབ་ཕྱོགས་སུ་བྱོན། ངེད་སྤུན་གསུམ་ཡང་ཁྱེད་གར་འབྱོན་སར་ཡོང་བ་ཡིན་གསུངས་པ་ལ། དེ་སྐད་ཞུ་སྟེ། ཆོས་ཉན་ས་ཡང་མི་རྙེད། རྙེད་ན་ཡང་ཞུས་ཡང་མི་ཡོང་། ངས་ཆོས་བཤད་ཀྱང་ཉན་མཁན་ནི་མི་ཡོང་སྟེ། ད་ལམ་ཐབས་མི་གདའ་བས་སྡོད་ལགས་ཞུས་པས། རྟ་རྫི་ངོ་ནག་ཐིང་བྱས་རྟ་དང་བཅས་པ་ནུབ་ཕྱོགས་ཕར་ལ་འུར་སྒྲ་དང་བཅས་ནས་འཕུར་སོང་བ་དང་གཉིད་སད་པ་མཉམ་དུ་བྱུང་ངོ་། །ས་སྤྲེལ་ཟླ་བ་དང་པོ་ནས་རྐང་པའི་ནད་དེ་ལངས་ནས། རེ་མིག་ལ་ཟླ་བ་གཉིས་པའི་ཚེས་བཞི་ལ་འགྲོ་སྨོན་ཅན་དུ་ཕྱིན། གཅོད་བཀའ་མ་དང་གསང་བ་རྨད་བྱུང་སྦྲགས་ནས་ཉམས་ལེན་གང་ལྕོགས་བྱས་པས་ཞག་གཅིག་ནས་རྐང་པ་ནས་འདྲུད་པ་དང་ཁྱི་ནག་པོས་རྨུགས་པ་སོགས་པ་སྡིགས་རི་དང་། བུད་མེད་མཛེས་མ་སྔར་མ་མཐོང་བའི་བྱད་བཞིན་དང་། གོས་རྒྱན་ཕུན་སུམ་ཚོགས་པས་


GLG008_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བསླུ་བྲིད་བྱེད་པ་སོགས་ལྷོངས་ཚད་བསམ་གྱིས་མི་ཁྱབ་པ་བྱུང་ནའང་། ཕུང་པོའི་གཅེས་འཛིན་བཏང་ནས་ཉལ་བསྡད་པས། ཞག་གསུམ་སོང་བ་ན་ཉམས་སྣང་ལ་བུད་མེད་བྱད་དམར་བྱང་ངེ་བ་བོང་ཆེ་ཞིང་སྐྲ་དམར་བ་ཞིག་ཕྱག་འཚལ་ཞིང་། །(ཊཀྲ)ཞེས་པའི་སྲོག་སྙིང་འབུལ་བ་སྙམ་བྱེད་པར་དམ་ལ་བཏགས། ཚེས་བཅུའི་ཐོ་རེངས་དགེ་སྦྱོར་རྣམས་བྱེད་འཕྲོ་ལ་གཉིད་དུ་སོང་བའི་རྨི་ལམ་དུ། གཡབས་ལྷོ་ཡིན་སྙམ་པ་ཞིག་ན་དར་སྨན་ཙེའི་ཡོལ་བ་རྒྱ་ཆེ་བར་བཏང་འདུག་པའི་ནང་ན། སྤྲུལ་སྐུ་གྲང་སོ་གཏེར་སྟོན་ཆེན་པོ་ལྕམ་སྔོན་སྡུད་མ་ཞིག་བསྣམས། རྡོ་རྗེ་དྲིལ་བུ་གསིལ་ཞིང་བཞུགས་འདུག །ཕྱག་འཚལ་ནས་འདིར་ཕེབས་པ་ཡིན་ནམ་ཞུས་པས། དྲུང་པ་འོག་གདོན་གྱིས་ཞབས་བསྙེལ་གྱི་འདུག་ཟེར་ཕྱག་རྡོར་གྱི་དབང་ཞིག་འབུལ་དུ་ཡོངས་པ་ལགས། སྒྲུབ་མཆོད་བདག་འཇུག་དང་བཅས་པ་ཚར་བདོག །ད་གསན་པས་ཆོག་པ་བདོག་གསུངས། ཕྱག་རྡོར་ཆེ་བ་བརྒྱད་སྐོར་གང་ལགས་ཞུས་པས། ཨུ་ཙ་དྲག་སྔགས་ཀྱིས་ཆེ་བའི་དབང་ཡིན་གསུང་། སྐུ་གཞོགས་གཡས་ན་ཨུ་ཙ་ལྷ་བཅུ་དགུ་དཀྱིལ་འཁོར་ཞིག་བཀྲམ། མར་མེ་ཆེན་པོ་མང་པོ་སྤར། སྐུ་མདུན་ན་ལྕོག་ཙེའི་ཁ་ན། རྡོ་རྗེ་དྲིལ་བུ། བུམ་པ། ཅོད་པན། མཆོད་རྟེན་སྔོན་པོ་མཐོ་གང་པ་ཞིག་དང་། ཕྱག་རྡོར་གྱི་སྐུ་ཤེལ་འདྲ་བ་ཞིག་དང་། གཞན་ཡང་ཕྱག་མཚན་གྱི་བྱེ་བྲག་མང་པོ་འདུག །གཡོན་ན་རྡུལ་ཚོན་གྱི་གཞལ་ཡས་ཁང་མཚན་ཉིད་ཚང་བ་ཞིག་གི་དབུས་ན། པདྨ་ཕྱོགས་མདོག་འདབ་བཞིའི་ལྟེ་བ་ལ་ཁྱུང་དཀར་པོ་གཟི་བརྗིད་འབར་བ། གཤོག་པ་སྔོན་པོ་རྡོ་རྗེའི་རང་བཞིན་མེ་འོད་འཕྲོ་བ། གཡས་རྡོ་རྗེ་འཕྱར་ཞིང་གཡོན་


GLG008_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་ནག་པོའི་མགོ་བོ་ཟ་བའི་རྐེད་པ་ནས་བཟུང་བ། འདབ་མ་ཤར་ན་སྦྲུལ་དཀར་པོ་གཉིས། ལྷོ་ན་སེར་པོ། ནུབ་ན་དམར་པོ། བྱང་ན་ལྗང་གུ་གཉིས་རྣམས་ཀྱི་མཇུག་མ་བསྣོལ་ནས་གདན་དུ་བྱས་པ། རྐེད་པ་ཡན་ལངས་ནས་ཁྱུང་གི་པུས་མོའི་ཙམ་ན་གདེང་ཀ་བྱས་པ་ཞིག་འདུག །འདི་གང་ཡིན་ཞུས་པས་རྡོ་རྗེ་མཆུའི་དཀྱིལ་འཁོར་ཡིན་གསུངས་ནས། ཕྱག་རྡོར་ལ་དབང་བཞི་རྫོགས་ཤིག་དང་། རྡོ་རྗེ་མཆུ་ལ་རྗེས་གནང་རྒྱས་པ་ཞིག་གནང་བའི་མཐར། འདི་རྣམས་ཀྱང་ཁྱེད་ལ་མཁོ་བ་ཡིན་གསུངས་ནས་པོ་ཏི་གླེགས་ཤིང་མེད་པ་མང་དུ་གཏད་བྱུང་། དེ་རྣམས་བདག་གིས་པང་དུ་བཞག་པས་མགོ་བོ་དང་མཉམ་པོར་སོང་། རེས་ང་རང་དཔེ་ཆར་འགྲོ། རེས་དཔེ་ཆ་རྣམས་ངའི་ལུས་སུ་འགྱུར། རེས་ངའི་རྒྱབ་མདུན་དུ་གླེགས་ཤིང་བཞག་ནས་སྐུད་པས་སྡེམ་པ་རྣམས་བྱེད་པ་བྱུང་བ་དང་གཉིད་སད་དོ། །ཚེས་བཅུ་བཞིའི་ནམ་ལངས་ཁར་གཉིད་དུ་སོང་བ་ན། དཔོན་ས་ཚེ་དབང་པ་ཡིན་སྙམ་པའི་བུད་མེད་དཀར་དམར་མཛེས་པ་ཞིག་གིས་ཆང་ཐོད་པ་གང་སྦྱིན་པ་འཐུང་གི་ཡོད་ཙ་ན། བློ་གྲོས་བཟང་གིས་སྐྱེས་པ་སློག་པ་གྱོན་པ་ཞིག་ཁྲིད་ནས་འདི་ལ་ཐོད་འཕྲེང་ལེགས་པོ་ཡོད་པས་མཇལ་བ་ཞུ་ཟེར། སྟོན་དང་བྱས་པས་ཐོད་འཕྲེང་བྱུ་རུ་ལྟར་དམར་བ་བརྒྱ་རྩ་གཅིག་བསྟན་ནས་འདི་ཁ་ཆེ་པཎ་ཆེན་གྱི་འཕྲེང་བ་ཡིན་ཟེར། ང་ལ་གནང་དགོས་བྱས་པས་ལག་ཏུ་སྤྲད་བྱུང་ཙ་ན་ཐོད་པ་ལེགས་པ་ཁྱིད་གང་ཙམ་ལ་འཁོར་ལོ་སྡོམ་པ་ཞལ་བཞི་ཕྱག་བཅུ་གཉིས་པ་ཡུམ་དང་བཅས་པའི་སྐུ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟ་བུ་ཞིག་གསལ་བར་མཐོང་བ་དང་གཉིད་སད་དོ། །ཨྠྀི། སྔ་མོ་ཞིག་


GLG008_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

རྙིང་མའི་གཤེད་དམར་ལ་ཐུགས་དམ་བྱས་ན་ཚེ་ལ་ཕན་ཟེར་བ་བྱུང་སྟེ་ཞུ་ས་མ་རྙེད། མྱུག་ཏུ་སླེབ་ནས་བཙལ་བས་ཉི་སྦུག་པ་ལ་བཞུགས་ཟེར། བྱ་ལོ་ཟླ་བ་ལྔ་པའི་ནང་དུ་ཉི་སྦུག་ལ་འགྲོ་ཁར། ཤངས་ཆུ་ཆེ་དྲགས་ཐར་ས་མི་འདུག་ཟེར་ནས་བཤོལ་བའི་ནུབ་རྨི་ལམ་དུ་ལུང་པ་ཁ་ལྷོ་བསྟན་རི་སྐྱ་ཧྲོབ་སེ་བ་ཞིག་གི་ལྡེབས་རབ་གསལ་ཉིས་བརྩེགས་ཡོད་པའི་ཁང་པ་ཞིག་ན་བླ་མ་འབེར་མོ་བྱིན་ཆགས་ཤིག་གི་དྲུང་ན་ང་འདུག་པ་ན་བླ་མ་དེའི་འཁྲིས་ན་ཨོ་ལོ་ནོར་བཟང་བ་ཡིན་སྙམ་པ་ཞིག་གི་ཕྱག་ན་རག་གི་འཕྲེང་བ་རྙིང་པ་ཞིག་བཟུང་ནས་འདི་ཨ་ཇོ་ལགས་རང་གི་ཐུགས་དམ་དང་ཐོག་མ་ནས་ཡིན་པས། ད་དུང་མཛད་ན་ཁེ་ཆེ་བ་འདུག་སྟེ་ཐེ་ཚོམ་ལས་མི་འདུག །དིང་སང་མ་བཟུང་ན་དེ་ནས་མི་ཡོང་ཟེར་བ་རྨིས་པ་ནས། སང་དེ་ག་ཆུ་ལ་མ་འཛེམས་པར་ཕྱིན་པས་ཁང་པ་སོགས་རྨི་ལམ་སོར་བཞག་གདའ། གཤེད་དམར་ནག་གི་དབང་ལུང་རགས་པ་ཐོབ། དབང་མ་ཐོབ་པ་ཞིག་གཤེད་དམར་གྱི་རྡུལ་ཚོན་གྱི་དྲུང་དུ་བཏང་བས་སྣ་ཁྲག་དར་འཕྱར་འཕྱར་བྱེད། ཤིན་ཏུ་གཉན་ལ་བྱིན་རླབས་ཆེ་བར་གོ་ལགས། དེ་རེས་ཞག་བཅུ་བསྡད། དབོན་པོ་དེས་ཆོས་གནང་བའི་སྤྱན་ཚབ་མི་ནུས་པར་གེགས་ཆེན་པོ་བྱས། རིན་པོ་ཆེའི་ཞལ་ཏ་ལ་མ་དང་ཞག་མནོས་པ་བཞིན་འབུལ་མི་ཐུབ་པ་འདུག་པས་ཕྱིར་བྱོན། ཁོང་ཚོ་མེ་ཏོག་ལ་སོང་ཤུལ་ལྟ་བུ་འགོལ་བ་ཞིག་ལ་ང་རང་གིས་གང་ཐོས་འདི་ཚང་ན་ཞིག་འབུལ་ཐུབ་བྱེད་དོ་གསུངས། ཟླ་བ་བདུན་པའི་ནང་དུ་རྨི་ལམ་ལ་ལྷོ་སྟེང་གི་ཁང་ཐོག་ཡིན་སྙམ་པ་ཞིག་ན། རིན་པོ་ཆེ་ཉི་སྦུག་པ་ཞལ་ནུབ་གཟིགས་བྱས་བཞུགས་པའི་དྲུང་ན་བདག་འདུག་པ་ལ། གཤེད་དམར་གྱི་སྐོར་པོ་ཏི་གཅིག་གི་ལུང་རྫོགས་


GLG008_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

པར་གནང་། དཔེ་རིས་ཚོན་རྫོགས་བྱས་པའི་ལེགས་པོ་མང་པོ་བསྟན་ནས་མཛུབ་ཁྲིད་མཛད། ཁྱད་པར་ཐོད་པ་ཞལ་དབྱེ་དང་རུ་མཚོན་ལ་ཞི་རྒྱས་མང་པོ་གནང་བ་ཞིག་རྨིས། གཉིད་སད་ནས་ཀྱང་ཤིན་ཏུ་གསལ་བ་འདུག་པས་ཟིན་བྲིས་བྱས་ན་ཐུབ་ངེས་འདུག་སྟེ། དགའ་མོ་ཞིག་ཐོས་པའི་ལྟས་ཡིན་སྙམ་པ་ལས་མ་བྱུང་བས་ཡི་གེར་མ་བཏབ། དེ་ནས་མེ་ཏོག་རན་པ་དང་ཕར་འགྲོ་རྩིས་ཀྱིས་སྐོར་ཡང་ལ་བཏང་བ་དང་ཕ་གི་ནས་ཞི་བར་གཤེགས་པའི་གསང་བརྟོལ་གྱི་མི་གནང་བ་ལམ་དུ་འཕྲད་ལོག་བྱུང་། བར་དོ་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བར་གདའ་བས་བཀའ་དྲིན་ཆེ། ཆུ་ཕག་ས་ག་ཟླ་བའི་ཚེས་བཅུ་བཞིའི་ཉི་མ་དྲོས་ཆེན་ཙམ་ལ་ལམ་ཟབ་ཀྱི་དེ་ཁོ་ན་ཉིད་ལ་བློ་བཞག་པའི་ངང་ལ་གཉིད་དུ་སོང་བ་ན་ནང་ཐམས་ཅད་འོད་དམར་སེར་ལི་ཁྲི་འདྲ་བ་ཞིག་གིས་ཁེངས་ནས་ཕྱི་ནང་ཐམས་ཅད་གསལ་བའི་ཁྲོད་ནས་འཇའ་ཚོན་ཁ་དོག་ལྔ་ལྡན་ལས་གྲུབ་པའི་ཡི་གེ་དབུ་ཆེན་མཐོ་རེ་ཙམ་བྱས་པའི་རྗེ་ས་སྐྱ་པ་ཆེན་པོའི་རྣམ་ཐར་དིང་སང་ཡོངས་གྲགས་རྣམས་ལས་ཆེས་ཞིབ་པ་ཞིག་ཡིག་འཕྲེང་དུ་ཡོད་པ་སོ་སོའི་སྒྲ་སྒྲོག་པ་ཞིག་འདུག །དེ་ལ་དད་གུས་བྱས་ཚིག་རྣམས་སྒྲོགས། སྒྲ་དེའང་སྙན་བཞིན་པའི་ངང་ནས་ས་སྐྱ་པ་ཆེན་པོའི་ཞལ་རས་གདོང་དཀྱུས་རིང་པོ་ལ་ཤ་དཀར་ལ་སྣུམ་པ་ཞལ་ཆེན་པོ་འཛུམ་བག་ཅན་ག་ཐེར་བྱས་པ་ཞིག་ཡོད་དེ་སྙམ་མིག་སྔར་ལམ་ལན་ཡོང་བ་ལ། དད་གུས་ཀྱི་མཆི་མ་འཆོར་བ་ཞིག་གི་ངང་ནས་གཉིད་སད་དོ། །ཆུ་ཕག་ཟླ་བ་ལྔ་པའི་ཚེས་བཅུའི་ཐོ་རེངས་རྨི་ལམ་དུ་བོ་དོང་རྫོང་གི་ཉི་འོད་འཁྱིལ་པ་ཡིན་སྙམ་པ་ཞིག་ན་ཨ་ཕ་ལགས་དྲུང་ན་བཟའ་རིང་འགག་དཀར་པོ་གསར་པ་ཞིག་གི་སྟེང་ན་རས་སྔོན་


GLG008_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་འོད་དང་འཕྲོ་བཞིའི་སྐུ་གཟན་བཞེས་རཀ་ཤའི་འཕྲེང་བ་བསྣམས་ནས་བཞུགས་འདུག་པའི་དྲུང་དུ་སླེབས། སྔ་ཕྱིའི་ལོ་རྒྱུས་མང་པོ་ཞུས་པའི་མཐར་བདག་འཚམ་པོར་གནས་ཁྱེད་གར་ཐེགས་ད་ངེད་ཚོ་ཅི་ཙུག་བྱེད་ཟེར་ཞིང་མཆི་མ་གཏོང་གིན་ཞུས་པས་མ་བཤུམ་ཁྱེད་ཚོ་ཨ་ཕ་རྐྱེན་གྱིས་ཤི་བར་བྱེད་ཀྱི་གདའ་སྟེ་དེ་འདྲ་མིན། སྐུ་ཚེ་རྫོགས་ནས་ལོ་ལྔ་སོང་སྟེ་སྔགས་ཀྱི་དམ་བཅའ་ཞིག་མ་ཐེམས་པས་བསྡད་པ་ཡིན་པས་དེ་ཐུག་བསྡད་པའང་ཡ་མཚན་ཆེ། ད་ལམ་ཨ་ཕ་ལྕང་ལོ་ཅན་དུ་སླེབས་གསང་བའི་བདག་པོ་ལ་ཐེག་པ་ཆེན་པོའི་ཆོས་ཀྱི་དགའ་སྟོན་རྒྱུན་ཆད་མེད་པར་མྱོང་ནས་མྱུར་དུ་འཚང་རྒྱ་བར་ཡོད། ཁྱེད་རང་ཡང་ལྕང་ལོ་ཅན་དུ་སྐྱེས་ནས་སེམས་ཅན་དུ་མའི་དོན་བྱེད་པར་འགྱུར། དེའི་སླད་དུ་དགེ་སྦྱོར་འདི་གྱིས་གསུངས་ནས་ནམ་མཁའ་ལ་ཇེ་མཐོར་འོད་ཅིག་ལ་བཞུད་སོང་བས་དྲུང་ལགས་ཟེར་འབོད་འཕྲོ་ལ་གཉིད་སད་དོ། ལོ་དེའི་ཟླ་བ་དྲུག་པའི་ཉེར་གསུམ་ནས་རྗེ་བཙུན་རྡོ་རྗེ་འཆང་གི་དུས་ཆེན་སྒྲུབ་མཆོད་བཙུགས་པའི་ཚེ། བུག་སྒོའི་ནང་ན་ངེད་གཉིས་ལམ་མེད། ཐིག་སུས་ཀྱང་སློབ་མ་མྱོང་། ཕྱི་ནས་འབོད་ཀྱང་མ་བདེ་བར་གང་དྲག་ཅི་དྲག་ལ་སོང་སྐབས། ཐིག་ཀྱང་མི་ཤེས་པའི་རྡོ་རྗེ་སློབ་དཔོན་དུ་ཁས་ལེན་པའི་བླུན་པོ་སྙིང་ཁམ་ཅན་ང་འདྲ་སྙམ་དུས། གསོལ་བ་བཏབ་པས་ཐིག་རྩ་ཞིག་བློ་ལ་ལམ་ལམ་བྱེད་ནས་བརྒྱབ་པས་ཐིག་ཤིན་ཏུ་ལེགས། དེའི་དཀྱིལ་འཁོར་དེས་མར་མེ་བཟུང་། ཞག་བཅུ་གསུམ་བཞག་ཀྱང་རྡུལ་ཡེ་མ་བླངས་སོ། ཟླ་བ་བདུན་པའི་ཚེས་བརྒྱད་ནས་ཞིང་གཤེགས་ཀྱི་དུས་མཆོད་ལ། འཁོར་ལོ་ཆེན་པོའི་སྒྲུབ་མཆོད་སྦྱིན་སྲེག་དང་བཅས་བྱེད་ཀྱིན་ཡོད་དུས། སྦྱིན་སྲེག་གི་སྐབས་ན་དྭོགས་པ་འདྲ་


GLG008_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཙ་ན་རྨི་ལམ་དུ། ང་སྦྱིན་སྲེག་ཅིག་བྱེད་ཀྱི་འདུག་པ་ལ། དེའི་ཕ་ཚད་ན་རྡོ་རྗེ་འཆང་ཆེན་པོ་དང་དྲུང་ལགས་གཉིས་བཞུགས་ནས་འཁོར་ཆེན་ལ་སྦྱིན་སྲེག་གི་ཡི་གེ་མང་པོ་ཡོད་དེ། གཉགས་སྙིང་པོ་རྒྱལ་མཚན་གྱིས་འདི་ལ་ཐུགས་གཙིགས་ཆེ། འདིའི་སྐབས་སུ་ཕྱག་ལེན་འདི་བཞིན་མཛད་གསུངས་ནས། འགྲིག་ཤིན་ཏུ་ཞིབ་པར་གསུངས། དཔེ་ཆ་དེའང་གདའ་བ་འདི་ཁྲོད་ན་གདའ་གསུངས་ནས་བསྟན། དེ་ནས་དྲུང་ལགས་ཀྱིས་ཞུ་མཁན་མཛད་ནས་འཁོར་ཆེན་གྱི་སྐོར་ལ་དཀའ་གནད་མང་པོ་ལ་བཤད་པ་མཛད་པའི་སྒང་ལ་གཉིད་སད་པ། བླ་མ་ཡབ་སྲས་གཉིས་ཀྱི་ཞལ་མིག་སྔར་ལམ་མེ་བའི་ངང་ནས་ཚིག་དེ་དག་ཀྱང་བློ་ལ་གསལ་པོར་འདུག །སང་ཉིན་མདང་ཕྱག་མཛུབ་བཙུགས་པའི་དཔེ་ཧྲུལ་བྲལ་བྲུལ་བསྡུས་པའི་པོ་ཏི་དེ་བལྟས་པས་སྦྱིན་སྲེག་གི་དཔེ་ཆ་ཡང་འདུག་ཅིང་། ཇི་སྐད་གསུངས་པ་ཞིག་འདུག་གོ །བྱི་ལོ་ཟླ་བ་དང་པོའི་ཉེར་ལྔ་ལ་སྡིང་མ་ནས་འཁོར་གདོང་དུ་གཏོར་མའི་རྒྱབ་ན་བཀྲམ་པའི་གུར་མེ་ཏོག་མའི་ཞལ་ཁེབས་འོད་འབར་བ་དང་བཅས་པ་ཇ་སྦྱོར་གཅིག་གི་བར་ལམ་མེ་འདུག །གྲལ་གྲོལ་རྗེས་ན་ཞལ་ཁེབས་སད་རྩས་ཁད་དེ་བཀབ་འདུག་པས་མིག་འཁྲུལ་བའམ་ཡ་མཚན་ཅན་ཞིག་གདའ་འོ། །ལྕགས་ཕག་ཟླ་བ་ལྔ་པའི་ནང་དུ་རྨི་ལམ་དུ། མངའ་རིས་སྤྲུལ་སྐུ་དང་མཇལ་དཔེ་ཆ་གནང་བདོག་གམ་ཞུས་པས། ན་ནིང་ཁྱེད་རང་གིས་བལྟས་པ་དེ་ནས་ཤོག་ལྡེབས་གཉིས་ལས་ནི་མ་བྲིས། དཔེ་ཆུང་དེ་གཉིས་བསྐུར་ཡོད་གསུངས། སྤ་གམ་ཞིག་ནས་ཞི་ཁྲོའི་དཔེ་ཆ་ཡིན་སྙམ་པའི་དཔེ་ཆུང་ཞིག་གནང་བྱུང་བས། འདི་ཐམས་ཅད་ལ་ངོམ་དགོས་སྙམ་དགའ་ཚོར་ཚད་མེད་པའི་ངང་ནས་


GLG008_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

གཉིད་སད། སང་ཕྱག་དམ་དཔེ་ཆ་ཕེབས་པས་དེ་ག་སོར་བཞག་འདུག་གོ །ཡང་ནུབ་ཅིག་ཨ་ལྷུན་པ་ཡིན་སྙམ་པ་ཞིག་གིས་སྤྲུལ་སྐུས་སྐྱེལ་དུ་བཏང་བ་ཡིན་ཟེར་རག་བུམ་མགུལ་ཆིངས་དར་དཀར་ནོག་པོ་ཞིག་གིས་བྱས། ཁ་རྒྱན་རྨ་བྱ་དང་། ཤེལ་གྱིས་བྱས་པ་ཞིག་དང་། པོ་ཏི་བྲུ་ལེ་དཀོན་རྩོས་གྲིལ་བ་སྤྲད་པ་རྨིས་པས་སང་བཀའ་འདུས་ཀྱི་ཕྱག་དཔེ་སླེབས་ནམ་ལ་བྲིས་པའི་སྒང་ལ། རྨི་ལམ་སྤྲུལ་སྐུ་བྱོན་ནས་རིགས་འཛིན་གདུང་སྒྲུབ་ཀྱི་དབང་གནང་བ་བྱུང་ངོ་། །ཤིང་གླང་ཟླ་བ་བཞི་པའི་ཚེས་བཅུ་བདུན་ནས་བཀའ་བརྒྱད་སྒྲུབ་ཆེན་སྨན་སྒྲུབ་དང་བཅས་པ་མཛད་དུས་བཀའ་བརྒྱད་ཀྱི་དཀྱིལ་འཁོར་གསུམ་གྱི་ཐིག་འདེབས་ཤིང་། ནམ་མཁའ་ལའང་དཀྱིལ་འཁོར་གྱི་ཐིག་རྫོགས་པ་ཞིག་སྐྱ་ཏ་ལེ་འདུག་པ་རྨིས། ཡང་ནུབ་ཅིག་ནུབ་ཕྱོགས་ཀྱི་ནམ་མཁའ་ལ་མངའ་རིས་པཎ་ཆེན་བཞུགས་ནས། སྟོང་པ་སྟོང་པ་སྟོང་གསལ་འཛིན་མེད་ཡིན་གསུངས་ནས་ལི་སེར་པོའི་ཟ་མ་ཏོག་ནོར་བུ་མིག་གསུམ་པའི་དབྱིབས་ཅན་ཞིག་བདག་ལ་གནང་བྱུང་བ་དང་གཉིད་སད་དོ། །ནུབ་ཅིག་བཀའ་བརྒྱད་ཀྱི་དཔལ་དགུ་ཐོག་ཚད་ཙམ་འོད་འབར་བའི་མདུན་ན་སྤྲུལ་སྐུ་བཞུགས་ནས་བཀའ་བརྒྱད་ཀྱི་རྒྱུད་ལུང་མན་ངག་ཐམས་ཅད་འདིར་འདུས་ཤིང་ཁྱོད་རང་བདག་པོ་ཡིན་པས་ཡེ་གསུང་པོ་ཏི་གཅིག་ང་ལ་གནང་བྱུང་ངོ་། །སྟག་ལོ་ཆོས་ལུང་སྒང་གི་ཁང་ཆུང་དེ་མཚམས་དམ་པོའི་ཁོང་ནས་དཔོན་ས་ནམ་མཁའི་དྲུང་སོགས་ཁ་ཅིག་ལ་རོ་སྙོམས་སྒང་འབྲིལ་བུག་ཆོས་བྱས་བཤད་པའི་གྲོལ་ཁ་ཚེས་བཞིའི་སྔ་དྲོ་རྨི་ལམ་དུ། གཅུང་རིན་པོ་ཆེ་སྐུ་གཟི་འོད་ཤིན་ཏུ་འབར་ཞིང་། ན་བཟའ་ཀོང་གཟན་ངུར་ཁ་ཞིག་བཞེས། འཁོར་མང་ཆེན་དང་བཅས་


GLG008_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ལ་ཐེགས་རྒྱུ་བའི་རྣམ་པས། རྫོང་ཞིག་གི་བརྒྱ་སྒོའི་ཕྱིར་ཕེབས་ཀྱི་འདུག་པའི་ཐེགས་སྐྱེལ་ལ་ཕྱིན་ཕྱག་འབུལ་བྱས་པས་ཕྱག་ལན་མཛད་རྗེས་མགུལ་ཕྲག་ནས་ཞྭ་དམར་ལེགས་ཚད་ཐུབ་ཡུག་ཅིག་གནང་བྱུང་ནས་ད་འཕྲིན་ལས་ཡང་འདི་ཆེ་བ་ཡོད་པ་འདུག་པས་ད་ཕྱིས་དབུ་ཞྭ་འདི་བཞེས་ལས་འགྲོ་དོན་མཛད་པ་ཞུ་གསུང་བ་དང་གཉིད་སད། ཞལ་རས་གསལ་ལ་དྲགས་མཆི་མ་མང་པོ་ཤོར། དང་པོ་སྒོམ་ཞྭ་གོན་གསུང་གནང་སྐབས་རྟེན་འབྲེལ་འཕྱུགས་དྭོགས་མི་མང་ས་ལ་མང་པོར་གྱོན། ཕྱིས་སུ་གྲོལ་ཆ་ཞིག་ཞུ་སྙམ་པ་མ་གྲུབ་པའི་ངང་ནས་ཞིང་བརྗེས། ད་ཅི་དྲག་སྙམ་སེམས་མ་བདེ་བའི་ངང་ལ་ཡོད་པ་བླ་མ་ཐུགས་རྗེ་ཆེ་བས་གྲོལ་ཆ་གནང་བར་འདུག་བསམ་མོས་གུས་བགྱིས་སོ། །ན་མོ་གུ་རུ་ཤྲཱི་བཛྲ་བྷཻ་ར་ཝཱ་ཡ། བདག་དང་པོ་ནས་དཔལ་རྡོ་རྗེ་འཇིགས་བྱེད་ལ་དད་པོ་ཞིག་ཡོད་དོ། །མན་ངག་མ་ཐོབ་པས་དགེ་སྦྱོར་བྱེད་ལུགས་ཇི་ལྟ་བ་ནི་མ་བྱུང་འདུག །མྱུག་དུ་སླེབ་འཕྲལ་བཅུ་གསུམ་མའི་ཐོག་ནས་ཡ་མ་རཱ་ཛ་འབུམ་ཕྲག་གཅིག་བཟླས་པའི་ཚེ་ནུབ་ཅིག །རྡོ་རྗེ་འཇིགས་བྱེད་ཆེན་པོ་ཞལ་ཕྱག་ཡོངས་རྫོགས་མི་ཙམ་ཞིག་གསལ་ལམ་སྟེ་མཐོང་མ་ཐག་གཉིད་སད། ས་རྟ་ཟླ་བ་དགུ་པའི་ནང་དུ། བླ་ཆེན་རིན་པོ་ཆེའི་དྲུང་དུ་གསུང་ཆོས་ཞུ་ཡིན་རྒྱ་ཆེན་ཡོད་པའི་ནུབ་ཅིག་རྨི་ལམ་དུ། བོ་དོང་བླ་བྲང་དཀར་པོའི་ཚོམས་ཆེན་གྱི་དབུས་ན་བཞུགས་གདན་ཤིན་ཏུ་མཐོ་བ་ཞིག་ལ། ལོ་ཆེན་བྱང་རྩེ་ཡིན་ཞུ་བའི་སྐུའི་རྣམ་པ་ད་ལྟ་བྲིས་ཡོད་པའི་སྐུ་འདྲ་འདི་རྣམས་སོར་བཞག་ལ། གོས་བེམ་དམར་སྨུག་ཉིས་བརྩེགས་བཞེས་པ་ཤིན་ཏུ་གཟི་བརྗིད་ཆེ་བ་ཞིག་དང་། དེའི་སྐུ་གཞོགས་གཡོན་ན་བླ་ཆེན་ཆོས་དཔལ་བཟང་པོ་ཡིན་ཞུ་བ་ཞིག་བཞུགས།


GLG008_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྲལ་པ་མང་པོ་བྱས་པ་ཞིག་གི་དྲུང་ན་བདག་འདུག་པ་ན། ལོ་ཆེན་རིན་པོ་ཆེ་བདག་ལ་ཆེད་དུ་གཟིགས་ཤིང་། བླ་ཆེན་པའི་རྣམ་ཐར་བསྔགས་བརྗོད་མང་པོ་གསུངས། དེ་ནས་ལོ་ཆེན་དང་ཡང་ཡང་མཇལ་བ་དཀའ་སྙམ་རྗེ་བླ་མ་དམ་པའི་རྣམ་ཐར་ལོ་ཆེན་རང་གིས་མཛད་པ་དེའི་ལུང་ཞིག་གནང་དགོས་ཞུས་པས་ཤིན་ཏུ་ལེགས་དེ་ག་བྱ་ཡིས་གསུང་། གཅིག་ལ་ཕྱག་དཔེ་ཁྱེར་ཤོག་གསུངས། ལེན་དུ་སོང་བ་མ་སླེབ་པ་ལ་གཉིད་སད། སེམས་འཕྲང་བའི་ཚད་ཐུབ་པ་ཞིག་བྱུང་། བླ་ཆེན་རིན་པོ་ཆེ་བླ་ཆེན་ཆོས་རིན་པའི་སྐྱེ་བ་ཡིན་འདུག་པས་དེའི་བྱིན་རླབས་ཡིན་ནམ་སྙམ།ལྕགས་སྤྲེལ་ཟླ་བ་བརྒྱད་པའི་ཚེས་གཅིག་ནས་གཞི་བསྙེན་གྱི་སྔོན་འགྲོ་བླ་མའི་རྣལ་འབྱོར་ཚུགས་པའི་ཚེས་བཞིའི་ནུབ་རྨི་ལམ་དུ། རྗེ་བཙུན་རྡོ་རྗེ་འཆང་ཕ་ཚར་པ་རྗེ་དང་མཇལ། རྟ་མགྲིན་ཡང་གསང་གི་དབང་རྫོགས་པར་གནང་། དཀྱིལ་འཁོར་གཏོར་མ་དབང་ཚིག་སོགས་ཀྱང་ཤིན་ཏུ་གསལ་བ་དང་། ཕྱག་ལེན་ལ་དོགས་གཅོད་འདྲ་ཞུ་རྒྱུ་ཡོད་པའང་ཞུས་ཤིང་། ལན་གནང་བ་ཞིག་བྱུང་ངོ་། །ནུབ་ཅིག་ཡང་ཕ་བླ་མ་བཞུགས་ཁྲི་ཐོག་རྩར་སྙོགས་པ་ཞིག་གི་སྟེང་ན་བེར་ཐུལ་ནེལ་ཆོ་གསར་པ་རང་ཞིག་བཞེས་ནས་བཞུགས་པའི་སྐུ་གཞོགས་གཡོན་ན་བདག་འདུག་པས། ཨ་སྐྱབས་ཀྱིས་གསོལ་ཇ་ཞུས་རྗེས་གསོལ་ཁ་ཞུ་ཡི་འདུག་པས། ངའི་དེ་ཁོང་ལ་དྲོངས་གསུངས། གསོལ་ཁ་དེ་བདག་ལ་དྲངས་པ་ཞིག་རྨིས། ཡང་ནུབ་ཅིག་དབུ་རྩེ་འོག་འདྲ་བ་ཞིག་ན་ཁྲི་སྔར་གྱི་དེ་ལས་མཐོ་བ་ཞིག་ལ་བཞུགས་ནས་ཚེ་ཁྲིད་ཀྱི་ཚར་ཆོས་དེ་གསུང་རྒྱུ་ཡིན་སྙམ་པ་བྱས། བདག་སྐུ་མདུན་ན་འདུག་པ་ལ་གསུང་ཆོས་ཧ་ཅང་གསལ་བ་ནི་མ་བྱུང་། རླུང་བུམ་


GLG008_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་བཟུང་སྤྱན་ལྟ་སྟངས་མཛད་ཧ་རེ་བཞུགས་པ་གསལ་པོ་ཞིག་རྨིས། །ཡང་ནུབ་ཅིག་བོ་དོང་རྫོང་དུ་བདེ་བ་ཅན་ཡིན་སྙམ་པ་ཞིག་ན་བཞུགས་གདན་མཐོ་པོ་ཞིག་ལ་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་བཞུགས། དེའི་སྐུ་གཞོགས་གཡོན་ན་བདག །བདག་གི་གཡོན་ན་རྗེ་བཙུན་དཔོན་བཞུགས་པ་ལ་རིན་པོ་ཆེས་གཞི་ལེན་གཅིག་མཛད་རྒྱུ་བའི་སྟོན་ཤོམ་བཟང་པོ་བྱས་པ་ཞིག་རྨིས། ནུབ་ཅིག་དཔལ་སྦུག་བཞུགས་ཁྲིའི་སྟེང་ན་ཕ་བླ་མ་བཞུགས་གསུང་ངག་རིན་པོ་ཆེ་བསྐྱར་ནས་གནང་རྒྱུ་ཡིན་ཟེར་ཞུ་མཁན་མང་པོ་འཚོགས་འདུག་པ་ལ་བསླབ་གསུམ་པ་གསལ་པོ་འདུག་གཞན་ངོ་ཤེས་རང་ནི་མི་འདུག །ཁོག་ཕུག་ཡིན་སྙམ་པའི་དཔེ་ཆ་ཞིག་གི་ལུང་མཛད་བྱུང་བ་ན། ཐོད་ཕུའི་བློ་གསལ་རྒྱ་མཚོ་དེ། བིཪྺ་པ་ལགས་སམ་ཟེར་བ་ཞིག་འདུག་པ་ལ། དོན་འདི་ག་ཡིན་དེ་ཚིག་འདི་ཅུང་སྡེབ་མ་ཤེས་འདུག་གསུང་། བདག་གིས་ཐོད་ཕུའི་རྣལ་འབྱོར་དབང་ཕྱུག་དེ། ད་ལྟའི་བློ་གསལ་རྒྱ་མཚོ་ཡིན་བྱས་ན་བདེ་བ་འདྲ་ཞུས་པས་དེ་ག་བྲིས་པས་ཡོང་གསུང་། དེ་ནས་གཞུང་བཤད་ཅིག་ཀྱང་འགོ་བཙུགས།སྣང་གསུམ་ཀྱང་བཙུགས་བྱུང་ནས་ན་ནིང་གི་ཟིན་བྲིས་དེ་ལ་ཞུ་དག་བྱེད་དགོས་སྙམ་པ་དང་གཉིད་སད། བསམས་པས་ཐོད་ཕུར་བྱོན་པའི་རྗེ་གྷ་ཡ་དྷ་ར་རྣལ་འབྱོར་དབང་ཕྱུག་གི་ཐུགས་ཀྱི་སྤྲུལ་པར་མནལ་ལམ་བཀའ་རྒྱ་མ་ནས་བཤད། དེ་དང་ཕ་བླ་མ་ཐུགས་རྒྱུད་གཅིག་པའི་བརྡའ་རུ་འདུག་སྙམ་པ་བྱུང་ངོ་། ། ཨཥྚ་འབུམ་ཕྲག་གསུམ་སོང་བའི་ཉི་མ་ཤར་ལྷོར་བཟླས་པའི་སྒང་ལ། གཉིད་དུ་ཅུང་ཟད་སོང་བ་ན་མདུན་གྱི་ནམ་མཁའ་ལ་དཔལ་ཀྱེ་རྡོ་རྗེ་ཞལ་བརྒྱ་ཕྱག་བཅུ་དྲུག་པ་ཡབ་ཡུམ་གཉིས་ཀ་སྐུ་མདོག་གཡུ་དྲུག་དཀར་གྱི་མདོག་


GLG008_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་དང་གསལ་རྙོག་མེད་འོད་ཀྱི་རང་བཞིན་ཞིག་ཇ་དཀར་ཡོལ་གང་ལྷོད་བྱས་འཐུང་བའི་ཡུན་ཙམ་གྱི་བར་ལ་འཛིན་མེད་ཀྱི་ངང་ལ་ཆམ་མེ་བ་ནས་མཐོང་། དེ་ནས་ཚོགས་པ་མང་པོས་ཕུན་ཚོགས་འདོད་དགུ་མ་འུར་དིང་གིས་གྱེར་བྱུང་བའི་སྐད་ཀྱིས་གཉིད་སད་ཀྱང་སེམས་བདེ་ཆམ་མེ་འདུག་གོ །ཡང་གཏུམ་ཆེན་གྱི་མངོན་དཀྱིལ་བསྒྲིག་པའི་སྒང་ལ་རྨི་ལམ་དུ་ཕ་རྡོ་རྗེ་འཆང་ཚར་པ་དང་མཇལ་ནས། གཏུམ་ཆེན་གྱི་དབང་རྫོགས་པར་གནང་། ཤེས་རབ་ཡེ་ཤེས་བླ་མེད་སྤྱི་དང་འདྲ་བ་དང་དབང་བཞི་པའི་སྐབས་སུ་བླ་མ་རྡོ་རྗེ་འཆང་གི་རྣམ་པ་སྤྱི་བོར་གསལ་བཏབ་ནས་སློབ་མ་ལ་བསྟིམ། དེ་དང་རང་སེམས་འདྲེས་པའི་གནས་ལུགས་ལ་ངོ་སྤྲོད་མཛད། དེ་ཙམ་མ་གཏོགས་དཀྱིལ་ཆོག་སོར་བཞག་མཛད། གཏང་རག་གི་མཎྜལ་ཚུན་ཚར་ནས་བརྒྱུད་པ་ཞུས་པས་ངས་ནི་རྡོ་རིང་རིན་པོ་ཆེ་ལ་ཐོབ། དེས་མཁྱེན་རབ་རིན་པོ་ཆེ་ལ་གསན་པ་ཡིན་ནམ་གསུང་། དེ་ནས་གཉིས་སད། ཡང་ནུབ་ཅིག་སྐུ་ནི་མ་མཐོང་། རྗེ་བཙུན་བསོད་ནམས་དཔལ་བའི་གསུང་ཡིན་སྙམ་པའི་སྐད་གོག་གེ་བ་ཞིག་གི་གཏུམ་ཆེན་འདི་སྲིའུ་ཆུང་བའི་ཕ་ཆོས་ཐུན་མོང་མ་ཡིན་པ་ཞིག་ཡིན་ཏེ། རྣམ་པར་ཉམས་ཤིང་འཐོར་བར་གྱུར། འདི་ཁྱོད་ཀྱི་ལེགས་པར་བསོས་ཤིག །ངས་བྱིན་གྱིས་བརླབས་ཀྱི་གསུང་བ་གསལ་བར་ཐོས། ཡང་ནུབ་ཅིག་སྤྲུལ་སྐུ་དབང་ཕྱུག་རྡོ་རྗེ་ཡིན་གསུང་བའི་སྔགས་པ་ཞལ་རས་དམར་ཆམ་མེ་བ་ལ། དབུ་སྐྲ་སིལ་བུ་རིང་ཤག་དཀར་པོ་དང་ལྕམ་སྨུག་སྡུད་མ་བཞེས་པ་ཞིག་མཇལ་ནས་ཞིབ་རྒྱས་མང་དུ་གསུངས། གཏུམ་ཆེན་ལ་གནང་བ་རྒྱས་པར་མཛད་པ་


GLG008_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བྱུང་བར་རང་དོན་མེད་པར་བསྟན་པར་བསམས་པའི་བྱིན་རླབས་ཡིན་ནམ་སྙམ། རིན་པོ་ཆེ་རོང་པའི་དྲུང་དུ་འཇོམས་བྱེད་ཀྱི་དབང་ཞུས་པའི་དུས། རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་དབུས་ན་བཅོམ་ལྡན་འདས་འཇོམ་བྱེད་འབར་བ་སྐུ་མདོག་མུ་མེན་དྭངས་པའི་མདོག་ལྟ་བུ་རྩ་ཞལ་ཁྲག་སྐམ་པ་འདྲ་བའི་སྨུག་པོ་ཞལ་གསུམ་ཕྱག་དྲུག་ཕྱག་མཚན་སོགས་གམ་ལ་ཆེར་མ་ཟིན། སྐུ་ཁྲུ་གང་ཙམ་གསལ་ཞིང་དྭངས་ལ་རྙོག་པ་མེད་པ་ཞིག །མིག་ཕྱེ་བ་ནས་བཟུང་སྟེ། བུམ་དབང་མ་རྫོགས་བར་མིག་ཕྱེ་བཙུམ་མེད་པར་དངོས་སུ་གསལ་ལེར་མཐོང་། དེ་དུས་སྐུ་དང་རྩ་ཞལ་ཁ་དོག་སོ་སོ་བ་དེ་གང་ཡིན་ནམ་སྙམ་མོད། དེ་ནས་ཡུན་རིང་པོ་སོང་ནས་ལྕེ་བློ་ལྡན་སེང་གེའི་ཐུགས་དམ་བྲིས་སྐུ་མཐོང་བ་ལའང་ཁ་དོག་དེ་ག་འདུག་ཅིང་། འཕྲིན་ལས་ཀྱི་ཚིག་གི་གོ་བ་མྱངས་ན་དེ་ཁོ་ན་དགོས་རྒྱུར་འདུག་པས་ཡིད་ཆེས་རྙེད། རྗེ་བཙུན་རོག་པའི་ཞབས་དེ་ལྕེའི་གདུང་འཁྲུལ་མེད་སྤྱིར་བྱིན་རླབས་ཆེ་ཞིང་། སྒོས་ལྷ་འདི་ལ་མངའ་བརྙེས་པས་དེ་ཁོ་ནའི་བྱིན་རླབས་སུ་གདའ་འོ། ། ཁྱི་ལོ་མྱུག་ཆོས་སྡེའི་འདུ་ཁང་དུ་མངའ་རིས་རིགས་འཛིན་ཆེན་པོའི་ཕྱག་ཕྱི་བྱས་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་སྒྲུབ་ཆེན་མཛད་དུས་ཉིན་གཅིག་སྐོར་བ་བྱེད་འཕྲོ་ལ་ངལ་ནས་སྙེལ་བྱས་བསྡད་པས། གཉིད་དུ་ཧྲིབ་ཙམ་སོང་བ་ན་རིགས་འཛིན་ཆེན་པོ་ཕེབས་ནས་ཨྱོན་པདྨའི་བཀའ་ལུང་ལ་ཚེ་ཆུ་འདི་ཁོལ་ཞིང་འདུག་པས་དངོས་གྲུབ་ལེན་རན་གསུང་གི་འདུག །ད་ལྟ་ཚེ་དབང་བྱེད་གསུང་མ་ཐག་གཉིད་སད། སྐོར་བ་ལ་ཕྱིན་པས་མཆོད་དཔོན་བྱོན་ནས་དེ་རིང་བཀའ་དབང་ཞིག་ཡོད་པས་ཞལ་ངོ་ཚོ་གདན་འདྲེན་


GLG008_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཐོང་གསུང་། དེ་འཕྲལ་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཞི་བའི་ཚེ་དབང་གནང་བྱུང་ངོ་། །ཡང་སྒྲུབ་དབང་ཆེན་མོའི་ཆུ་དབང་གི་སྐབས་སུ་རིགས་འཛིན་ཆེན་པོས་བུམ་པ་ཐོགས་ནས་འདུར་དབྱངས་བཅས། བུམ་པ་མགོ་ལ་བཞག་པའི་ཚེ་ལུས་སྦྲིད་ཅིང་ཤེས་པ་ཀྱི་བུན་པའི་ཟིལ་ཆེན་པོ་ཞིག་བྱུང་སྐབས། ལྷོ་ནུབ་ཀྱི་ནམ་མཁའ་ན་ཚུར་གུ་རུ་ཆོས་ཀྱི་དབང་ཕྱུག་སྔགས་པ་སྒང་ཡོལ་དབུ་སྐྲའི་ཐོར་ཅོག་དར་དམར་པོས་བཅིངས་པ། སྐུ་ཤག་ཤམ་ཐབས་དཀར་པོའི་སྟེང་ན་ཚེམ་གེ་སྔོ་སང་བཞེས་པ། མགུལ་ལ་མེ་ལོང་འོད་ལམ་མེ་བཏགས་པ་ཞིག་ཕྱག་བུམ་པ་ཐོགས་ཏེ། འཛུམ་ཡེ་རེ་རེ་བྱོན་བྱུང་ནས་བུམ་པ་སྤྱི་བོར་བཞག །ངའི་ལོ་ཚད་ཀྱི་སྟེང་དུ་ལོ་བརྒྱད་བསྣན་པའི་ཚེ་ཐུབ་པར་འགྱུར། མི་ཉམས་པའི་སླད་དང་སེམས་ཅན་མང་པོའི་དོན་ལ་ལུང་བཞིའི་འདི་ལྟ་བུའི་སྒྲུབ་པ་ཆེན་པོ་མ་ཆགས་པ་གྱིས་ཤིག་གསུངས་ནས་འོད་དུ་ཡལ་སོང་། རེ་ཞིག་རྟོག་མེད་དུ་ཆམ་མེ་ལུས་འདུག །སད་པ་ན་མཆི་མ་བུན་པ་ཞིག་བྱུང་། འདི་ནས་བཟུང་སྟེ་ནམ་གསོལ་བ་བཏབ་རེས་ཀྱིས་ཉམས་ཀྱི་སྣང་བ་ལ་མཇལ་བྱུང་བ་ཡང་ཕ་རིགས་འཛིན་ཆེན་པོ་ཁོ་ནའི་ཐུགས་རྗེར་གདའ་འོ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སི་དྡྷི་ཧཱུྃ། ཕག་ལོ་ཟབ་ལུང་དུ་སྐུ་འདྲའི་སྒོ་དྲུང་དུ་ཞག་བདུན་མཚམས་བྱས་ནས་བླ་མ་བཀའ་འདུས་ཀྱི་སྤྱིའི་བསྙེན་པ་བྱས་པའི་དུས། དེ་བར་ལ་ནི་རྨི་ལམ་བརྡ་འདྲ་མོ་ཚེ་འདིའི་ལེགས་ཉེས་སྟོན་པ་ཤས་ཆེ་བར་བྱུང་། ཟབ་ལུང་ནས་ལམ་ཞག་གཉིས་བྱས་གཡང་དུ་བསྡད་པའི་ཐོ་རངས་མདུན་གྱི་ནམ་མཁའ་ལ་ཨྱོན་རིན་པོ་ཆེའི་སྐུ་བྱིས་པ་ལོ་བརྒྱད་པའི་ཚོད་ཙམ་སྐུ་མདོག་མི་ཤ་ཁ་དམར་མདངས་ཆེ་བ། སྤྱན་གཉིས་ཤིན་ཏུ་ཟླུམ་པ་ཧ་རེ་གཟིགས་


GLG008_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཕོད་ཀ་མཐིང་ཁ། ཆོས་གོས་དམར་པོ། པདྨ་མཐོང་གྲོལ་དམར་པོ་གསོལ་བ། སྐུ་ལྕམ་ཁ་ཐི་སྨུག་ཁྲ་འདྲ་བའི་པདྨ་ལྡུམ་རིས་ཁྲ་ཆིལ་ལེ་བ་བཞེས་པ་ཕྱག་མཚན་སྤྱི་དང་འདྲ་བ་ཞིག་གསལ་བར་མཐོང་ནས། དེའི་ཞབས་ཀྱི་ཐད་ཙམ་དུ་མགོ་བཙུགས་ནས། ཉི་མ་ལྟ་བུར་མ་རིག་མུན་པ་སེལ། །ཟླ་བ་ལྟ་བུར་ཉོན་མོངས་གདུང་བ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻཌཱུཪྻ་ཡི་འོད་ལ་ཕྱག་འཚལ་ལོ། །ཟེར་བ་འདི་ཁོ་ནས་སྟོན་མ་ཐག་གཉིད་སད། དེ་ནས་བཟུང་སྟེ་ཚེ་འདིའི་བྱ་བྱེད་འདུ་འགོད་ཐམས་ཅད་བུན་ལོང་ངེ་བ་འའི་ནམ་འཆིའམ། བྱང་ཆུབ་ཅིག་མ་བསྒྲུབ་ན་ན་མ་མི་འདུག་སྙམ་པའི་དུང་དུང་མ་གཏོགས་བློ་རྒྱ་ཡེ་མེད་ལ། ཆགས་ཞེན་འཇིགས་སྐྲག་ཅི་ཡང་མེད་པའི་ཟི་ཆོད་དེ་བ་ཞིག་རྒྱུན་དུ་བྱུང་བ་དེ། རིན་པོ་ཆེ་ལ་བདག་ཆེན་གྱིས་ངན་བྱས་པ་ལ་ཞེ་སྡང་དྲག་པོ་སྐྱེས་མ་ཐག་གཉིད་སད་པ་བཞིན་ཡལ་སོང་། བྱི་ལོ་བོ་དོང་ཀུན་ར་རྙིང་མར་སྐྱེ་བདུན་བསྒྲུབས་ཚེ་ཞལ་ངོ་རྣམས་ལ་འཁོར་བ་དོང་སྤྲུག་གི་ལམ་དབང་ཕུལ་བའི་སྤྱན་འདྲེན་གྱི་ཚེ། འཇའ་འོད་འཁྱིལ་བའི་ཀློང་ན་ཨྱོན་རིན་པོ་ཆེ་སྔར་མཐོང་བ་ལྟར་དང་།དེའི་གཡས་ན་གུ་རུ་རིན་པོ་ཆེ་ཆོས་དབང་བབས་དང་མོའི་དེ་ག་ལ། ཕོད་ཀའི་སྟེང་ན་ཆོས་གོས་ལི་ཁྲིའི་མདོག་འདྲ་བ་ཞིག་བཞེས། ཕྱག་ན་བུམ་པ་བསྣམས། གཡོན་ན་ཕ་མངའ་རིས་གཏེར་སྟོན་ད་ལྟའི་དབྱིབས་ཇི་ལྟ་བ་མདུན་གྱི་སྨད་ཙམ་ན་རྒྱ་མཚོ་དགེ་སློང་བ་དེ་མེ་ཏོག་དམར་པོ་ཞིག་ཐོགས་པ་རྣམས་ཡེ་རེ་རེ་བྱོན་བྱུང་ནས་མདུན་གྱི་ནམ་མཁའ་ལ་འོད་བུང་ངེ་བཞུགས། གུ་རུ་ཆོས་དབང་གི་ཕྱག་གི་བུམ་པ་ནས་བདུད་རྩི་འོ་མ་འདྲ་བ་རེ་སྐྱ་


GLG008_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ནར་ནར་ཞལ་ངོ་ཐམས་ཅད་ཀྱི་དབུ་གཙུག་ནས་བླུག །དབང་གི་སྤྲོ་བསྡུའི་སྐབས་སུ་ཡང་མདུན་ན་བཞུགས་པ་དེ་རྣམས་ཀྱི་གནས་གསུམ་གྱི་འོད་རང་གཞན་ཀུན་ལ་ཐིམ་པའི་སྣང་བ་དང་བཅས་དབང་དེ་མ་གྲོལ་རིང་ཉམས་ཀྱི་སྣང་བ་ལ་གསལ་འགྲིབ་མེད་པར་མཐོང་། དེ་སྐབས་ཁྲོམ་ཐམས་ཅད་དད་པ་འུར་ལངས། ས་འཕགས་གནམ་འཕགས་ལ་སོང་། ཞལ་ངོ་འདྲ་ལ་དེ་གོང་དུ་འཆི་བལྟས་འདྲ་གསལ་བར་འདུག་པ་དེ་ནུབ་ནས་གྲོལ་བྱིན་རླབས་ཡིད་ཆེས་པར་བྱུང་ངོ་། །དེ་སྐབས་ངན་སོང་ཀུན་སྦྱོང་ཀྱི་དབང་བྱས་པའི་ཚེ་ཡང་བབས་སྔ་མ་སོར་བཞག་ལ་རྒྱབ་ན་རྡོ་རྗེ་གླིང་པ་ལོ་ཆབ་སྤེལ་བའི་སྟེང་ན་པད་ཞྭ་སྔོན་པོ་བཞེས་པ། ཕོད་ཀ་སྔོན་པོ་བྱས་པའི་སྐམ་སེང་བ་ཕྱག་ན་ཐོད་པ་བསྣམས་པ་ཞིག་བཞུགས་འདུག་པ་ཉམས་སྣང་ལ་གསལ་བར་དབང་མ་གྲོལ་བར་དུ་བྱུང་། ལྕགས་མོ་གླང་ལོ་བདེ་གཟར་ཉེན་ཆེ་ལ་ཉམས་དམའ་བའི་སྒང་ལ། བོ་དོང་ཚོམས་ཆེན་དུ་དབོན་རིན་པོ་ཆེ་ལ་གདན་བཞུགས་ཀྱི་རྒྱབ་ཆོག་ཐུགས་སྒྲུབ་ཀྱི་ལས་ཀྱང་བགྱིས་པའི་སྤྱན་འདྲེན་གྱི་སྐབས་སུ། དྲིན་ཅན་ཨྱོན་ཆེན་པོ་སྔར་ཁོ་ན་འདྲ་བ་ཞིག་གི་ཞལ་ནས། འདི་འདྲ་རང་གི་སྲེད་པ་ཡང་བྱེད་མི་དགོས་གསུངས་ནས་ཡུད་ཀྱིས་ཡལ་སོང་། ཉམས་དགའ་ལ་ཤེས་པ་འུར་བ་ཞིག་བྱུང་། དེ་སྐབས་མགོན་པོ་གཡུལ་བཟློག་བྱས་པའི་བྱང་ཤར་གྱི་གྱེར་གྱི་སྐབས་སུ། སྔགས་སྲུང་ཨེ་ཀ་ཛ་ཏཱི་སྐུ་མདོག་སྨུག་ནག་རལ་པ་གཡུ་དྲུག་དམར་འདྲ་བ་གཅིག་སྐྱེས་ནམ་མཁའི་མཐོངས་སུ་བུན་ནེ་བ། དཔྲལ་བར་སྤྱན་གཅིག་ཨོང་ཀོང་ལྟར་དམར་བུང་ངེ་བ་། རྨ་བྱའི་སྒྲོ་ཐུལ་ཁྲ་བུན་བུན་གྱི་གསེབ་ནས་མེ་དམར་ལྷབ་ལྷབ་ཡོད་པ། གཡས་སྙིང་ཟ་ཞིང་


GLG008_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་སྤྱང་ཀི་འགྱེད་པ་ཐོག་ཚད་ཙམ་ཞིག་གྱེར་མ་གྲོལ་བར་དངོས་སུ་མཐོང་། དེ་སྐབས་གཟའ་བདུད་ཆེན་པོ་བབས་སྔར་ཡོང་བ་དེ་ག་སོར་བཞག་ལ་མིག་ཐམས་ཅད་ཨོང་ཀོང་བཏང་བ་ཙམ་དམར་ཧུར་རེ་བ། ཁ་དགུ་ཅར་མི་རེ་ཁུར་ནས་ཁྱུ་རུ་རུ་ཟ་བ་ཞིག་ལན་ཁ་རེ་མཐོང་། འདི་ཡན་རྗེ་ཉིད་རང་གི་ཕྱག་བྲིས་དངོས་ལས་བཤུས་པ་ཡིན་ཅིང་། དེ་མན་ཁ་བསྐང་བ་ཡིན། ཡང་སྐབས་ཤིག་བྱང་ཕྱོགས་ནས་རྦོད་གཏོང་གི་ལྟས་ཤིག་གིས་མནལ་ལམ་དུ་མི་མང་པོས་ཕྱག་ཞབས་ནས་བཏེག་ནས་མཚོ་ཆེན་པོ་ཞིག་ལ་བསྐྱུར་གྲབས་བྱས་པ་ན། རྗེ་ཉིད་ཀྱི་ཞབས་གཉིས་ཀྱི་བར་དུ་མཚོ་བཅུག་ནས་ཏིང་ངེ་འཛིན་ལ་བཞུགས་པའི་ཚེ། དཔལ་མགོན་ཆེན་པོ་ཞལ་བཞི་ཡོངས་རྫོགས་གཟིགས་ནས་རྦོད་གཏོང་ཀྱང་རང་ས་ལ་ཞི། ཡང་སྐབས་ཤིག་ཐུགས་ཉམས་ལ་མྱུག་ཡིན་དགོངས་པའི་ལུང་པ་འཕྲ་ཤུར་བ་ཞིག་ན་མར་ཁྲག་གི་ཆུ་རྒྱུན་ཆེན་པོ་འབབ་པ་ནམ་མཁའ་ནས་དམག་ཟོར་རེ་མ་ཏཱི་ཞེས་པའི་སྒྲ་བྱུང་བ་ལ་བརྟེན། ཁྲག་གི་རྦ་ཀློང་འཚུབ་པའི་ཁྲོད་ནས་ཁྲོ་མོ་ཁྲག་གི་རལ་པ་ཅན་འཇིགས་སུ་རུང་བ་སྐུ་རྐེད་ཡན་འཐོན་པ་ཞིག་གཟིགས་གསུང་། སྟག་ལོ་ཚར་ཆེན་ཆོས་ཀྱི་རྒྱལ་པོ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཚེ། རྗེ་ཉིད་ཀྱི་གཟིགས་སྣང་དུ་མདུན་གྱི་ནམ་མཁའ་ལ་དབུས་སུ་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ། གཡས་སུ་སྤྲུལ་སྐུ་ཤཱཀྱ་ཐུབ་པ། གཡོན་དུ་ཨྱོན་ཆོས་ཀྱི་རྒྱལ་པོ་རྣམས་དངོས་སུ་གཟིགས་གསུང་། ཡོས་ལོ་ཞ་ལུར་མ་ཧེ་མཆོད་པ་ལ་ཕེབས་སྐབས། ལས་ཀྱི་གཤིན་རྗེ་ཡབ་ཡུམ་གྱི་ཞལ་འབག་ལ་བཀའ་བསྒོ་གནང་བའི་ཚེ་ལས་ཀྱི་གཤིན་


GLG008_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཡབ་ཡུམ་མདོག་ཁམ་ནག་ཤིན་ཏུ་འཇིགས་པ་སྤེལ་དཀར་དང་མཉམ་པ་ཞིག་ལ་དངོས་སུ་བཀའ་བསྒོ་གནང་གསུང་། རྗེ་ཉིད་ཞིང་འདིའི་མཛད་པ་ལེགས་པར་མཐར་ཕྱིན་ནས་གཟུགས་ཀྱི་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུ་བའི་ཚུལ་སྟོན་པར་མཛད་ཚེ། མདུན་གྱི་ནམ་མཁའ་ལ་ཨྱོན་ཆོས་ཀྱི་རྒྱལ་པོ། རྡོ་རྗེ་འཆང་ཀུན་དགའ་ལེགས་པ། རྗེ་བཙུན་བློ་གསལ་རྒྱ་མཚོ། སྤྲུལ་སྐུ་བདུད་འཇོམས་རྡོ་རྗེ། གུ་རུ་ཆོས་ཀྱི་དབང་ཕྱུག་རྣམས་ཕེབས་བྱུང་གསུང་བ་དང་། དེ་སྐབས་སུ་དྲུང་ན་བཞུགས་པའི་ཕྱག་ཕྱི་རྣམས་ལ་ཁྱེད་རྣམས་ཀྱིས་ཉི་མ་འདི་ཁ་དོག་ཇི་འདྲ་ཞིག་ཏུ་མཐོང་། ངས་ནི་ཉི་འོད་ཐམས་ཅད་འོད་ཟེར་ཁ་དོག་སྣ་ལྔར་འདུག་གསུངས། དེ་ཅི་ལགས་ཞུས་པས། སྦྱོར་དྲུག་བསྒོམས་པའི་ཡོན་ཏན་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཤར་བར་འདུག་གསུངས། ཡང་མཁའ་འགྲོ་མ་ཁ་དོག་སྣ་ལྔ་སོ་སོའི་སྐུ་མདོག་དང་མཐུན་པའི་སེང་གེ་ལ་ཆིབས་པ་རིགས་ལྔ་དངོས་སུ་བྱོན་ནས་སྤྱན་འདྲེན་པར་བརྩམས་པ་ན། དེ་ཉིན་བུ་སློབ་རྣམས་ཀྱིས་བརྟན་བཞུགས་ཕུལ་ནས་བཞུགས་གསོལ་གཏབ་པ་ན་མཁའ་འགྲོ་མ་རྣམས་ཀྱང་སླེབ་ཡོང་གསུངས་ནས་ཞག་བདུན་བར་བཞུགས་པའི་མཐར། འབྲུག་ལོ་ཟླ་བ་ལྔ་པའི་ཉེར་གཅིག་གི་མཁའ་འགྲོ་འདུ་བའི་དུས་ཀྱི་ཆ་ལ། གོང་དུ་བརྗོད་པའི་བླ་མ་རྣམས་དང་ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་མངོན་སུམ་དུ་བྱོན། དཔའ་བོ་དང་ཌཱ་ཀིའི་ཚོགས་ཀྱིས་གདུགས་དང་རྒྱལ་མཚན་ལ་སོགས་པ་མཆོད་པའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པས་སྤྱན་དྲངས། ལྷ་


GLG008_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དང་རིག་པ་འཛིན་པ་ཀུན་གྱིས་མདུན་ནས་བདར། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་སྔུན་ནས་བསུས། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་ཞབས་ནས་བཏེག །ལྷ་དང་ལྷ་མོའི་ཚོགས་དཔག་ཏུ་མེད་པས་མེ་ཏོག་གི་ཆར་འབེབས་ཤིང་འཇའ་དང་འོད་ཀྱི་ལམ་ནས་དག་པའི་ཞིང་དུ་གཤེགས་པར་གྱུར་ཏོ། །ཀྱེ་མ་ཡབ་རྗེ་རྡོ་རྗེ་འཆང་དབང་དེ། །རྟག་པར་ཞེན་ཚེ་ཆོས་དབྱིངས་ངང་དུ་གཟིམས། །ཆད་པར་རློམ་ཚེ་སྒྱུ་མའི་གཟུགས་སྐུར་བཞེངས། །ཀྱེ་མ་ཀྱི་ཧུད་ཐུགས་རྗེའི་བདུད་རྩིས་སྐྱོངས། ཁྱོད་སྐུ་ཉིན་བྱེད་ཆོས་དབྱིངས་ནུབ་རིའི་རྩེར། །གཟིམས་ཚེ་འགྲོ་རྣམས་ལག་གི་ཀུ་མུ་ད། །འགྲམ་པའི་ཆུ་མཚོར་བརྟེན་པ་དལ་བའི་ལུས། །ཞིང་འདིར་ཁྱོད་སྐུའི་ངང་ཚུལ་བརྡས་བསྟན་ནས། །ད་ནི་སྲིད་ཞིའི་ཆོ་འཕྲུལ་སྒྱུ་མའི་གར། །གཉུག་མའི་ངང་ནས་རོ་སྙོམས་གཡོ་མེད་བདེ། ཁྱོད་སྐུ་དག་པའི་རང་ཞལ་དབྱིངས་སུ་མཇལ། །ཨ་ཧོ་སྙིང་ལ་བདུད་རྩིའི་ངལ་གསོ་བྱིན། །ཅེས་བརྗོད་ནས། དམ་པ་འདི་ཉིད་ཀྱི་གསང་བའི་རྟོགས་པ་བརྗོད་པའི་གཏམ། སོ་སོ་སྐྱེ་བོ་དག་གི་སྤྱོད་ཡུལ་མ་ཡིན་པ་གོང་དུ་བརྗོད་པ་དག་གིས་ཚད་མས་གྲུབ་པ་ཡིན་མོད། འོན་ཀྱང་འདི་ཙམ་གསང་ཚིག་ཀྱང་ཀུན་གྱི་བློར་མི་ཤོང་བའི་སྣོད་ལྡན་རེ་རེ་རྣམས་ཀྱི་སྤྱོད་ཡུལ་དུ་བྱ་ཞིང་། འདིས་མཚོན་པའི་གསང་བ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་མོད། འདིར་བརྗོད་པར་ག་ལ་ནུས་སོ། །དམ་པ་ཁྱོད་ཀྱི་ངོ་མཚར་གསང་བའི་གཏམ། །བགྲང་ཡས་རྒྱལ་བས་བསྐལ་བར་མ་གསུང་ན། །དེང་འདིར་


GLG008_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ཤས་རྫོགས་པར་མི་སྤོབས་ཀྱང་། ཁྱོད་ཞལ་དྲན་ཚེ་ཡིད་ལ་དབང་མ་མཆིས། །དེ་ཕྱིར་དམ་པའི་རྟོགས་བརྗོད་ཆ་ཤས་ཀྱང་། །བརྗོད་པའི་དགེ་ཚོགས་བླ་ན་མེད་དོ་ཞེས། །རྒྱལ་རྣམས་བདེན་པའི་དབྱངས་ཀྱིས་ཡིད་དྲངས་ནས། །གསང་ཆེན་སྙིང་པོའི་གཏམ་འདི་ཕྱོགས་བརྒྱར་བསྒྲགས། །དམ་པའི་རྣམ་ཐར་ཟླ་ཤེལ་ཐིག་ལེར་བཻ་ཌཱུར་ཚོན་རིས་འཁྱིལ། །རྨད་བྱུང་གཏམ་གྱི་བདུད་རྩིའི་འོད་དཀར་སྙན་ཚིག་ལེགས་བཤད་ཆ་ཡི་གཏེར། །རྟོགས་བརྗོད་ཀུནྡའི་རྩེ་ལ་གར་བྱེད་དཔྱོད་ལྡན་མགྲིན་སྔོན་གཙུག་ཕུད་རྒྱན། །དེང་འདིར་སྐལ་བཟང་བློ་མུན་སེལ་ལ་ཨེ་མ་ཧོ་ཤར་གྱི་ཐིག་ལེ་མཚར། །ཨ་ཧོ་འདི་ན་གསང་བ་མི་ཟད་པའི། །སྙན་ཚིག་སྙིང་གི་གདུང་སེལ་མལླི་ཀཿ །ངོ་མཚར་རྟོགས་བརྗོད་ལི་ཤིའི་ལྗོན་པ་དག །སྐལ་བཟང་གཞོན་ནུའི་གྲིབ་བསིལ་འདི་ངོ་མཚར། །རིགས་བརྒྱའི་ཅོད་པན་རྡོ་རྗེ་འཆང་དབང་དེ། །གསང་ཆེན་ཡེ་ཤེས་གཟིགས་པའི་རྨད་བྱུང་གཏམ། །བདག་ལྟའི་བློ་ཆུང་ཟ་ཟིས་སེམས་མྱོས་ནས། །ཐུན་མོང་གཏམ་དུ་སྒྲག་ལ་གནང་བ་སྩོལ། །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །གང་གི་མཚན་ཡང་བགྲང་ཡས་བསྐལ་པའི་བར། །རྙེད་པར་དཀའ་བའི་རྗེ་བཙུན་ཆོས་ཀྱི་རྗེ། །མཁྱེན་བརྩེའི་དབང་ཕྱུག་ཞབས་པད་བསྟེན་པར་ཤོག །མཁྱེན་བརྩེའི་དཔལ་མངའ་དབང་ཕྱུག་བརྒྱད་དང་ལྡན། །བསྟན་པའི་རྒྱལ་མཚན་འཛིན་པའི་དཔལ་ཡོན་ཅན། །འདྲེན་མཆོག་བཟང་པོ་ཕ་རྒོད་བླ་མ་རྗེས། །སྐྱེ་བ་ཀུན་ཏུ་ཐུགས་རྗེས་འཛིན་པར་ཤོག །དཀྱིལ་འཁོར་རྒྱ་


GLG008_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་རིགས་བདག་རྡོ་རྗེ་འཆང་། །ངུར་སྨྲིག་ཟོལ་གྱིས་རོལ་བའི་བཀའ་དྲིན་ཅན། །མགོན་པོ་ཁྱོད་ལ་གསོལ་བ་བཏབ་པའི་དགེ །མ་གྱུར་མཁའ་མཉམ་འགྲོ་བའི་དོན་དུ་བསྔོ། །སྐྱབས་ཆེན་བླ་མ་རྣམས་ཀྱི་བྱིན་རླབས་དང་། གསང་ཆེན་རྒྱུད་སྡེ་ཟབ་མོའི་བདེན་ཚིག་དང་། །མཐུ་ཆེན་མཁའ་འགྲོ་སྲུང་མའི་མཐུ་སྟོབས་ཀྱིས། །རླབས་ཆེན་སྨོན་ལམ་འགྲུབ་པའི་བཀྲ་ཤིས་ཤོག །ཤུ་བྷ་མསྟུ་སརྦྦ་ཛ་ག་ཏཾ། འདི་ན་སྔོན་མེད་གསང་བའི་གཏམ། །མཁའ་འགྲོ་དཔའ་བོའི་ཕྱག་སོར་རྩེར། །བཞུགས་ནས་སྣོད་ལྡན་བུ་ལ་བྱིན། །སྐལ་མིན་རྣ་བར་ས་མ་ཡ། །ཞེས་བཀའ་རྒྱས་ཀྱང་བཏབ་བོ། །ས་མཱ་ཡ་གུ་ཧྱ། རྡོ་རྗེ་འཆང་དབང་རྗེ་བཙུན་མཁྱེན་བརྩེ་ཞབས། །བཀའ་དྲིན་མཚུངས་མེད་དྲན་མཆོག་བསླབ་གསུམ་རྗེ། །ཡབ་སྲས་ཞབས་རྡུལ་མཆོད་པའི་སྐལ་བཟང་ཅན། །ཐུགས་ཡིད་གཅིག་གྱུར་གང་དེས་སྦྱར་བ་དགེ །དཔེ་འདི་ཕ་བླ་མས་བདག་ལ་དགྱེས་བཞིན་དུ་གནང་བ་བྱིན་རླབས་ཆེའོ། །ཞེས་པའོ། །དབྱར་གྱི་ཆར་སྤྲིན་སྔོན་པོར་འཁྲིགས་པའི་རུམ། །གཡུ་འབྲུག་མགྲིན་རྔ་ཤུགས་ཀྱིས་སྒྲོག་བྱེད་ན། །དམ་པའི་རང་བཞིན་རྨད་དུ་བྱུང་བའི་གཏམ། །དངོས་པོའི་གཤིས་ལ་མཚར་འཛིན་བྱིས་པའི་བློ། །འཇམ་མགོན་བྱིན་རླབས་ཉ་གང་འོད་དཀར་ནས། །མཁས་གྲུབ་ག་པུར་གཟེགས་མས་སྒྲིབ་གཉིས་ཀྱི། །གདུང་སེལ་སྒྱུ་འཕྲུལ་ལྷ་ལམ་མཐའ་རྙེད་ན། །ཡོན་ཏན་འདི་ཙམ་རྡུལ་གྱི་ཆ་ལས་ཕྲ། །གང་ཐུགས་


GLG008_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡི་དམ་ཆོས་སྲུང་དང་། །དབྱེར་མེད་མཁའ་ལ་མཁའ་ཡི་སྦྱོར་བ་བཞིན། །སོ་སོར་མེད་ཀྱང་སྣ་ཚོགས་གཟིགས་པའི་ཚོན། །ཀུན་རྫོབ་དྭངས་ཤེལ་དངོས་སུ་འཇའ་ལྟར་བཀྲ། །རྣལ་འབྱོར་དབང་མོས་རྗེས་བརྩེ་དྲིལ་བུའི་ཞབས། །སྐྱེངས་ནས་མཁའ་སྤྱོད་ཞིང་དུ་བྲོས་པ་དང་། །ལྷན་ཅིག་ཚངས་སྤྱོད་བརྟུལ་ཞུགས་བརྟན་པོ་ཡིས། །ཉེ་བར་འཁོར་གྱི་བསྙེམས་པ་ཆུང་ངུར་བྱས། །རྡོ་རྗེ་ཆོས་སྐྱོང་བྲན་འཁོལ་གནམ་ལྕགས་ཐོག །ཡིད་སྲུབས་བྲག་རི་བཏགས་ལ་མཚར་དུ་ཅི། །དབང་བཞིའི་ལམ་གྱི་བགྲོད་པས་ཚེ་གཅིག་ལ། །སྐུ་བཞིའི་གོ་འཕང་རྙེད་དེར་གང་གིས་བསྙོན། །འབུམ་ཕྲག་ལྕེ་ཡིས་བསྐལ་བར་བརྗོད་པའི་ཚད། །བཟུང་བར་ནུས་མིན་བདག་བློས་ག་ལ་སྲིད། །ཚངས་པས་ཟག་བཅས་བདེ་བའི་གཉིད་སྤངས་ཏེ། །བསམས་ཀྱང་རྟོགས་དཀས་སྙིང་ལས་ཆུང་ངུར་གྱུར། །འོན་ཀྱང་འདི་ཙམ་མཐོང་སྤེལ་སྨྲ་བ་ཡི། །འདབ་ཆགས་གྲིབ་ལྟར་རྗེས་འབྲེལ་ཡང་སྲིད་ཀུན། །ཚད་མ་བཞི་ལྡན་ཆོས་དང་དེ་སྟོན་པའ། །བླ་མས་རྗེས་འཛིན་སྐལ་བཟང་ཐོབ་བམ་སྙམ། །ཞབས་དྲུང་བརྟན་པའི་དྲུང་ངམ་བསོད་ནམས་རབ་བརྟན་དུ་གྲགས་པ་ལ་འདར་ཆོས་རྫོང་པའི་སྲས་མོ་དཔོན་ས་ནམ་མཁའི་དྲུང་བླངས་པར་སྲས་མོ་བྱུང་བའི་ཆུན་མར་ཚེ་དབང་དྲུང་བསུས་པའི་སྲས་འ་ཞ་ནམ་མཁའ་ཕུན་ཚོགས་ལ་རྭ་ལོའི་གདུང་བརྒྱུད་སྡེ་པ་བརྒྱ་ཚོ་བའི་ལྕམ་བསོད་ནམས་འབོལ་ཞེས་པར་སྲས་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ནམ་མཁའ་ཚེ་བརྟན་རྡོ་རྗེ། ནམ་མཁའ་མགོན་པོ། ནམ་མཁའ་


GLG008_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་དང་བཞི་བལྟམས་པའི་གཅེན་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་རྣམ་པར་ཐར་པ་ལོགས་སུ་འབྲི་བར་སྤྲོ་བས་འདིར་མ་བཀོད། ནམ་མཁའ་ཚེ་བརྟན་དང་ནམ་མཁའ་བཀྲ་ཤིས་གཉིས་ཀྱང་། ལེགས་བཤད་རིན་པོ་ཆེ་ལས། ཕལ་ཆེར་བུ་ཚའི་སྤྱོད་པ་ནི། །རིགས་བརྒྱུད་སྔ་མའི་རྗེས་སུ་འགྲོ །ཁུ་བྱུག་ཕྲུག་གུ་རྒྱ་ཁྲ་རུ། །འགྲོ་བ་རྒྱ་ལམ་སྲིད་པ་ཙམ། །ཞེས་ཡབ་མེས་གོང་མ་རྣམས་ཀྱི་ཆས་ཀྱིས་དཔའ་ཞིང་བསྒྲིགས་ཀྱིས་ཆེ་བ་སོགས་ལུགས་གཉིས་ཀྱི་སྤྱོད་ཚུལ་མཐའ་དག་ཡ་རབས་བཟང་པོའི་ངང་ཚུལ་ཁོ་ནར་བྱུང་ལ། ཁྱད་པར་འ་ཞ་ནམ་མཁའ་མགོན་པོའི་ཁབ་ཏུ་མངའ་རིས་གོང་མའི་བླ་སྨན་པའི་སྲས་མོ་ཚེ་དབང་བསོད་ནམས་དཔལ་མོ་བསུས་པའི་ཡབ་ཡུམ་གཉིས་ཀའང་ཆེ་བཙུན་གདུང་གིས་མཐོ་བའི་ངང་ཚུལ་དང་ལྡན་ཞིང་ཚེ་འདིའི་དོན་དུ་གཏན་མདུན་རྒྱབ་ཏུ་བསྐྱུར་བའི་གྱ་གྱུའི་ངན་སྤྱོད་ཡེ་མི་མཛད་པར་རྗེ་ལ་གུས་ཤིང་འབངས་ལ་བྱམས་པ་ངོ་ཚ་ཤེས་ཤིང་ཁྲེལ་གཞུང་གི་བག་ཡོད་པ། བསོད་ནམས་ཀྱི་ཞིང་དཀོན་ཅོག་གསུམ་ལ་མཆོད་པ་དང་མ་ནུས་པར་སྦྱིན་གཏོང་། དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞབས་རྡུལ་བསྙེན་ནས་གསང་ཆེན་ཟབ་མོའི་ཉམས་བཞེས་ལ་ལྷོད་པ་མི་མངའ་བས་ཕྱིའི་ལྟར་སྣང་གི་ཆ་ལུགས་གཅིག་ཀྱང་དིང་སང་གི་སྡེ་དཔོན་དུ་གྲགས་པ་རྣམས་ཀྱིས་དཔེ་ཟླར་མི་འོས་པ་ཞིག་ཡིན་ལ། ཡབ་ཡུམ་དེ་གཉིས་ཀྱི་སྲས་སུ་ནམ་མཁའ་བསོད་ནམས་རབ་བརྟན་དང་གཅུང་ནམ་མཁའ་དོན་གྲུབ་དབང་པོ་


GLG008_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་འཁྲུངས་པའི་གཅེན་དམ་པ་འདི་ཉིད་ལྷུམས་སུ་མ་ཞུགས་པའི་སྔོན་དུ་ཡུམ་གྱི་མནལ་ལམ་དུ་རྡོར་འཛོམ་ཟེར་པའི་ཞིང་གི་ཚིགས་ནས་གྲོང་ཆུང་དུང་གི་གང་བ་རྙེད་ཁྲོད་ནས་ལྕམ་གྱི་ཨ་ཇོས་དུང་དཀར་གཡས་འཁྱིལ་ལེགས་པོ་ཞིག་ཚེ་དབང་བསོད་ནམས་དཔལ་རང་གྱིས་ཞེས་གཏད་པ་སྐུ་ཕག་ཏུ་བཅུག་པ་རྨིས། ལྷུམས་སུ་ཞུགས་པའི་ཚེ་སྲིད་པ་འཁོར་བའི་ངང་ཚུལ་མཐའ་དག་མེ་འབར་བའི་རླུབས་ལྟར་སྡུག་བསྔལ་གྱི་རང་བཞིན་ཅན་ལྷ་མིའི་དབང་ཕྱུག་རྣམས་ཀྱང་ཟག་བཅས་ཀྱི་བདེ་བར་འགྱུར་བའི་སྡུག་བསྔལ་ཡིད་བརྟན་མི་རུང་བའི་ཆོས་ཅན་དང་། ཚུལ་དེས་དྲངས་ནས་རང་ཉིད་གཅིག་པུར་མ་ཟད་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་གསུམ་ཅི་རིགས་ཀྱིས་མནར་བར་མི་བཟོད་པའི་སྙིང་རྗེ་དང་སྐྱོ་ཤས་ངེས་འབྱུང་བཅོས་མ་མ་ཡིན་པ་དང་། སྡུག་བསྔལ་དེ་དག་ལས་ཐར་པའི་སྐྱབས་གནས་དཀོན་ཅོག་རིན་པོ་ཆེ་རྣམ་པ་གསུམ་ཡིན་པར་རྒྱུ་མཚན་ཤེས་ནས་མི་འཕྲོག་པའི་དད་པ་བརྟན་པོ་གོང་དུ་འཕེལ་བ་སོགས་ཡུམ་གྱི་ཐུགས་ལ་འགྱུར་བ་སྔར་དང་མི་འདྲ་བ་འཁྲུངས་པར་བརྟེན་ནས་དེ་དག་ཀ་མད་སུམ་ཅུར་གྲས་པའི་ཚིགས་བཅད་ཀྱང་མཛད། མནལ་ལམ་དུ་བྲག་མཐོན་པོ་ཞིག་གི་རྩེ་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་ཕྱག་ན་བུམ་པ་བསྣམས་ཏེ་བཞུགས་པའི་བྲག་རྩར་ཡུམ་ཉིད་འཁོད་པའི་དབུ་གཙུག་ནས་བུམ་ཆུ་སྐྱ་ནར་གྱི་བླུག་པས་ལུས་སེམས་བདེ་བ་ཁྱབ་པའི་ཉམས་ཤར། དེ་ཡང་སྐུ་བལྟམས་པའི་ཡུལ་ནི། ཁྲུས་ཁང་ལོ་ཙཱ་


GLG008_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བ་བསོད་ནམས་རྒྱ་མཚོས། ལར་དུས་གསུམ་རྒྱལ་བའི་ཐུགས་རྗེ་དང་། །རྒྱལ་སྲས་པད་དཀར་ཞབས་དྲིན་ལས། །བོད་ཀྱི་ཡུལ་ཁམས་འདི་ཉིད་ཀྱང་། །འཕགས་ཡུལ་དང་སྐལ་བ་མཉམ་པ་སྙམ། །ཞེས་སྲས་བཅས་རྒྱལ་བ་སྤྱི་དང་ལྷ་གཅིག་ཕྱག་ན་པདྨས་བྱིན་གྱིས་བརླབས་པས་དགེ་བ་བཅུའི་ཁྲིམས་དང་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་གར་འཕགས་པའི་ཡུལ་ལས་མི་ཞན་པར་གསུངས་ཤིང་པཎྜི་ཏ་ཆེན་པོ་གྷ་ཡ་དྷ་རའི་ཞབས་ཀྱིས། ད་དགེ་སྦྱོར་བྱེད་པ་ལ་རྒྱ་གར་ལས་བོད་འདི་ཆུ་བཟང་ཞིང་བསིལ་དྲོད་སྙོམས། སྲོག་ཆགས་ཉུང་ལ་ཟས་བཅུད་ཆེ་བས་རྒྱ་གར་དུ་མི་འགྲོ་ང་བོད་དུ་སྡོད། ཅེས་འཁོར་འདས་དབྱེར་མེད་དག་པའི་སྣང་བས་འབྱམས་སུ་ཀླས་པའི་གྲུབ་པའི་འཁོར་ལོས་སྒྱུར་པ་དེས་ཀྱང་ཆེས་ཆེར་བསྔགས་པའི་བོད་ཡུལ་གྱི་སྟོད་སྤུ་རངས། མང་ཡུལ། ཟངས་དཀར་ཏེ་གསུམ་པོ་སྐོར་གཅིག །རྩེ་ལི། གྲུ་ཤ །སྦལ་སྡེ་སྟེ་གསུམ་པོ་སྐོར་གཅིག །ཞང་ཞུང་། ཁྲི་ཏེ་སྟོད་སྨད་དེ་གསུམ་པོ་སྐོར་གཅིག་རྣམས་མངའ་རིས་སྐོར་གསུམ། མདོ་ཁམས་ལ་སྨད་ཁམས་བཏགས་པ་ཁམས་གཅིག །མདོ་སྨད་གཡར་མོ་ཐང་བཏགས་པ་ཁམས་གཅིག །བཙོང་ཁ་ལ་གྱི་ཐང་བཏགས་པ་ཁམས་གཅིག་རྣམས་སྨད་ཁམས་སྒང་གསུམ་སྒང་དྲུག་ཟེར་བ་ནི་བར་ཁམས་རང་ལ་ནང་གསེས་ཀྱི་དབྱེ་བར་མངོན། བར་ན་དབུས་རུ་དང་གཡོ་རུ་གཉིས། གཡས་རུ་དང་རུ་ལག་གཉིས་ཏེ་དབུས་གཙང་རུ་བཞིར་གྲགས་པའི་གཡས་རུའི་ཆ་ཤར་གོང་མའི་ལུང་གིས་བོད་ཆོལ་


GLG008_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་གསུམ་ལ་དཔལ་ལྡན་ས་སྐྱ་པས་མངའ་སྒྱུར་བའི་ཚེ་ཤངས་ཁྲི་སྐོར་གྱི་ནང་ཚན་དང་གནམ་གྱིས་བསྐོས་པའི་དཔལ་ཕག་མོ་གྲུ་པའི་དུས་རྫོང་ཆེན་བཅུ་གསུམ་དུ་གྲགས་པ་ཕོ་བྲང་ཆེན་པོ་རིན་ཅེན་སྤུངས་པའི་ཆབ་འབངས་སུ་གཏོགས་པ་གནུབས་ཁུ་ལུང་ཞེས་སྔོན་དཔལ་བསམ་ཡས་མཆིམས་ཕུར་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝས་སྒྲུབ་པ་བཀའ་བརྒྱད་ཀྱི་དབང་བསྐུར་བའི་དུས་རྗེ་འབངས་དགུར་གྲགས་པའི་སྐུ་འཇམ་དཔལ་གཤིན་རྗེའི་དཀྱིལ་འཁོར་དུ་མེ་ཏོག་ཕོག་པ་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་སོགས་སྐྱེས་ཆེན་དུ་མ་འཁྲུངས་ཤིང་ཁྱད་པར་ཁུ་ལུང་པ་ཡོན་ཏན་རྒྱ་མཚོས་མཚོན་གནུབས་ཀྱི་སྔགས་འཆང་རིམ་པར་བྱོན་པའི་བསྟི་གནས་རྗེ་མི་ལས་ལྷ་རྗེ་གནུབས་ཆུང་པར་དྲགས་སྔགས་གཟའ་གདོང་དམར་ནག་ཞུས་ཧཱུྃ་ཤི་ཕགས་སྒྱེལ་གྱི་མཐུས་སྐུ་དགྲའི་ཚོགས་ཆམ་ལ་ཕབ་ཅིང་བྱང་ཁར་པཎ་ཆེན་རིན་པོ་ཆེ་ཤཱཀྱ་ཤྲཱིའི་བརྒྱུད་འཛིན་པའི་བསྟན་པའི་རྩ་བ་སོ་སོ་ཐར་པའི་འབྱུང་ཁུངས་ཆོས་ལུང་ཚོགས་པར་གྲགས་པའི་སྡེ་ཚུགས་པ། ལྷོ་བྱང་གི་ཡུལ་གྲུ་རྣམས་ཀྱང་། རྟོགས་བརྗོད་རིན་པོ་ཆེ་ལས། གསེར་གྱི་བ་གམ་གཞལ་ཡས་ཁང་། ཁང་པས་བསྐོར་བའི་གྲོང་ཁྱེར་ནི། །འོད་ལྡན་ཞེས་བྱ་བསོད་ནམས་ནས། །འོད་ལྡན་མཐོ་རིས་ལྟ་བུ་ཡོད། །ཅེས་མརྒད་གོས་སུ་ཀླུབས་པའི་སྤང་ལྗོངས་མེ་ཏོག་རྣམ་པར་བཀྲ་བ་སྣ་ཚོགས་པའི་འབྲུ་རིགས་ཀྱི་སྙེ་མས་ཡོངས་སུ་དུད་པའི་ཞིང་གི་ཕྱོགས་མཚམས་སུ་ལྗོན་ཤིང་གི་འཕྲེང་བས་ཀུན་ནས་དཀྲིས་པ། གྲོང་དང་གྲོང་བརྡལ་གྱིས་ཁྱབ་པ་འཆི་མེད་ཀྱི་


GLG008_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ཚལ་ལ་ཅོ་འདྲི་བས། མེ་ལོང་མར། སྐྱེད་ཚལ་འཕྲེང་འདི་བུ་མོ་བཞིན། །མཛེས་ལྡན་སཱ་ལ་ཀཱ་ན་ན། །ཞེས་ཡིད་དུ་འོང་བར་གསུངས་ཤིང་ཐག་ཧ་ཅང་མི་རིང་བར་པཀྵུའི་ཀླུང་ཆེན་པོ་འབབ་པ་ནི། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དུ། ལི་ཤིའི་ཡལ་འདབ་དག་ནི་ཟོས་གྱུར་པའི། །ལག་ལྡན་ཆུ་ཡི་སྒྲེགས་པའི་དྲི་བཟང་གིས། །ཆུ་དང་ལྡན་པ་རྒྱ་མཚོའི་རྦ་རླབས་འདི། །རིན་ཅེན་འོད་ཟེར་དག་གིས་སྤྲས་ཏེ་མཛེས། །ཞེས་མཐོ་རིས་ལྷའི་ཆུ་བོ་མ་དག་པའི་དྲི་མ་འཁྲུ་བ་ལ་རིང་དུ་ཆས་པ་ལྟ་བུ། བ་ད་རའི་གླིང་བགྲོད་ཀྱི་རྟོགས་པ་བརྗོད་པའི་ཡལ་འདབ་ལས། །རྩེ་མོ་ཤིན་ཏུ་མཐོ་བ་ཡི། །ཤེལ་གྱི་ས་གཞི་མདུན་དུ་མཐོང་། །བྱ་རྣམས་ཀྱིས་ཀྱང་བགྲོད་དཀའ་ན། །འཇམ་པའི་བྲག་ནི་གཅིག་པུ་དེར། །ཞེས་ལྷོ་བྱང་གི་རི་བོ་རྣམས་མཁའ་ལ་བསྙེག་པ་ལྟར་མཐོ་ཞིང་ཤེལ་དཀར་གྱི་བྲག་རི་བཅལ་དུ་བཀྲམ་པ་དང་ལ་ལར་སྤང་དང་རྩི་ཤིང་ནགས་ཚལ་མངོན་པར་དཀྲིས་པའི་ཡུལ་གྱི་ཆ་ཁུ་ལུང་གཞིས་ཀར་ཡབ་དགུང་ལོ་ཉེར་བཞི་དང་ཡུམ་བཅོ་བརྒྱད་ཀྱི་བགྲང་བྱར་བབས་པའི་ཚེ་འཕགས་ཡུལ་དུ་སྟོད་འགྲེལ་བའི་ལུགས་ལ་ཤོ་བྷ་ན་ཞེས་ཕྱོགས་འདིར་མཛེས་བྱེད་དུ་གྲགས་ཤིང་འཇམ་དབྱངས་གོང་མའི་ཁབ་ཏུ་གུའི་མའུ་ཞེས་ཆུ་མོ་ཡོས་ཀྱི་ལོ་དུས་ནི། འཕགས་སྐྱེས་པོའི་རྟོགས་པ་བརྗོད་པའི་ཡལ་འདབ་ལས། དེ་ནས་ཡིད་སྲུབས་ལོངས་སྤྱོད་གྲགས། །སྦྲང་རྩི་འཐུང་བ་རྣམས་ཀྱི་གཉེན། །སྐལ་བཟང་འཁྲི་ཤིང་འཁྱུད་བྱེད་པ། །ལེགས་


GLG008_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དཔྱིད་ནི་མཐོང་བར་འགྱུར། །ཞེས་སྤྱིར་འདུལ་མངོན་དུས་འཁོར་ནག་རྩིས་རྒྱལ་པོ་ལོ་གསར་སོགས་ལོ་འགོ་འཛིན་ལུགས་མང་ནའང་རྒྱ་རྩིས་རྙིང་མ་ལ་བཅུ་གཅིག་པ་དཔྱིད་ཟླ་ར་བ་སྟག་ཏུ་ངོས་འཛིན་པས་ཀུན་ཡིད་དགའ་སྟོན་སྟེར་བ་ལེགས་ལྡན་དཔྱིད་ཀྱི་དུས་ལ་བབས་པ་མཱརྒ་ཤཱི་ར་ཞེས་པ་ཧོར་ཟླ་བཅུ་གཅིག་པའི་དམར་ཆའི་གང་བ་གསུམ་པ་མཁའ་འགྲོ་འདུ་བ་ཉེར་དགུ་རེས་གཟའ་ཟླ་བ། སྐར་མ་སོག་པ། ཉི་ཤར་བུམ་པའི་དུས་སྦྱོར་གྱི་ཚེ་ཡུམ་ལ་བསྙུན་མི་མངའ་བའི་ངང་ནས་ལྟེ་བའི་ག་ཤ་གསུམ་རིམ་དུ་དཀྲིས་ཏེ་ཨ་ཞེས་པའི་རང་སྒྲ་དང་བཅས་སྐུ་འཁྲུངས། དེའང་ཀུན་མཁྱེན་བུའི་གསུང་སྐྱོར་ལུང་པས་དྲངས་པར། དོན་དམ་གཤིས་ཀྱི་གནས་ལུགས་ལ། །རྩིས་དང་འབྲས་བུའི་སྤྲོས་པ་བྲལ། །ཐ་སྙད་ལས་འབྲས་མི་སླུ་བས། །དགེ་བའི་འབྲས་བུ་བདེ་བ་དང་། །སྡིག་པས་སྡུག་བསྔལ་སྦྱིན་པར་བྱེད། །གཟའ་སྐར་བདེ་སྡུག་བྱེད་པོ་མིན། །བྱེད་ཅན་བཅུ་གསུམ་མུ་སྟེགས་སྨྲ། །དེ་ནི་ལོག་པའི་ཀུན་རྫོབ་ཡིན། །ཐ་སྙད་སླུ་མེད་བདེན་པ་རུ། །རྩིས་ཚུལ་ངེས་པར་འཛིན་དགོས་ཏེ། །དཔེར་ན་ཐ་སྙད་དབང་བསྐུར་དང་། །ཆོ་ག་ལྷ་སྒྲུབ་བྱས་པ་ཡིས། །དོན་དེ་འགྲུབ་པར་སངས་རྒྱས་དང་། །པཎ་གྲུབ་རྣམས་ཀྱིས་གསུངས་པ་བཞིན། །རྩིས་ཚུལ་རྒྱུད་སྡེ་མདོ་མང་པོར། །རྩིས་ཚུལ་བྱེད་པར་གཅེས་པར་གདམས། །ཞེས་ཟླ་བ་བསོད་ནམས་ཀྱི་གཟའ་བཙན་ཕྱུག་དང་ལྡན་ཞིང་། སོག་པ་ཆོས་ལྡན་ཐོས་ཤིང་ལས་ཀུན་མཁས་པ་སོགས་རྟེན་འབྲེལ་གྱི་སྒོ་འཕར་འགྲིག་པ་ནི། མདོ་


GLG008_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་རྒྱན་ལས། སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ནས། །སྤྲོ་བའི་སེམས་དྲངས་དགའ་ཞིང་དེ་ལ་འཇུག །ཅེས་དམ་པ་རྣམས་ནི་འགྲོ་བའི་དོན་དུ་སྲིད་པར་སྐྱེ་བ་ལེན་པ་ལ་ཆགས་ལྡན་གྱི་སྐྱེས་བུ་སྐྱེད་མོས་ཚལ་དུ་འཇུག་པ་ལྟ་བུའི་སྤྲོ་བ་དང་ལྡན་པར་བཤད་པས་རྗེ་འདི་ཉིད་རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་རྣམ་པར་སྤྲུལ་པར་གདོན་མི་ཟ་བས་སྤྱི་དང་བྱེ་བྲག་གི་བསྟན་པའི་བཙས་སུ་མཁའ་སྤྱོད་དག་པའི་ཞིང་ན་ཉི་མ་ལས་འོད་ཟེར་བཞིན་དུ་ཤར་ཡང་གདུལ་བྱ་ཐུན་མོང་བ་རྣམས་ཀྱི་སྣང་ངོ་དང་མཐུན་པར་བྱིས་པའི་རྣམ་པར་བསྟན་པ་དེ་ལ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་མཚན་ནམ་མཁའ་བསོད་ནམས་རབ་བརྟན་དུ་གསོལ། དེ་འཕྲལ་དུ་ཞུགས་སྐོངས་ཀྱི་ལྕི་ཤིང་དང་ན་བཟའི་རྒྱུའི་སྣམ་ཕྲུག་རྩོལ་མེད་དུ་གཞན་གྱིས་འབུལ་མི་བྱུང་ཞིང་། ཡུམ་གྱི་ཆབ་ཞོའང་ཤིན་ཏུ་མང་བས་བཞེས་པའི་ལྷག་མ་སྨན་གྱི་རྒྱུར་དཀྲོགས་པ་དང་ཉིན་མཚན་བར་མ་ཆད་པར་འཛག་པ་ན་དབང་ཐང་ཆེ་བའི་ལྟས་ལེགས་ཟེར། སྐུའི་དབྱིབས་དཔྲལ་བ་དབྱེས་ཆེ་ཞིང་ཞལ་ཁྱིམ་སྒོར་བ། དབུ་གདུགས་ལྟར་ཕུག་པ་སོགས་མཚན་དཔེ་རྗེས་མཐུན་པས་སྤྲས་ཤིང་། མདངས་དཀར་ལ་གསལ་བ། སྐུ་བོང་གཞན་ལས་ཆེ་ལ་ཀུན་གྱི་ཡིད་དུ་འོང་བ་སྙུན་ནད་གདོན་ཞུད་ཀྱི་འཚེ་བ་དང་བྲལ་བ་ཞིག་བྱུང་ཞིང་གསུང་མ་བྱེ་བའི་དུས་ཞལ་ངོ་ལྷན་རྒྱས་སུ་བཞུགས་པའི་ཚེ་ཡུམ་གྱི་སྐུ་པང་ན་གྲལ་མཇུག་ཏུ་ཡོད་པ་ལ་གསུང་གཙེར་བ་སོགས་མི་དགྱེས་པའི་རྣམ་འགྱུར་བསྟན་པ་རྨོ་མོས་གྲལ་གཤམ་


GLG008_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཞུགས་མ་འདོད་པར་འདུག་གྲལ་འགོར་བཞུགས་ཆུག་ཟེར་བ་དེ་བཞིན་དུ་མཛད་པས་དགྱེས་པའི་རྣམ་འགྱུར་བསྟན་པ་ན་ཉེ་སྐོར་དུ་འཁོད་པ་རྣམས་བྱིས་པ་དཀྱུས་མའི་ངང་ཚུལ་དང་མི་ལྡན་པ་ཞིག་གོ་སྙམ་ངོ་མཚར་དུ་འཛིན། དགུང་ལོ་གཉིས་འགྲོ་བའི་ཚེ་དབང་ཕྱུག་རབ་བརྟན་གྱི་སྐུ་འགག་གསར་པ་བཞེས་ནས་བྱང་གཏེར་གྱི་ཚེ་དབང་ལྕགས་སྡོང་མ་སྩལ་བའི་སྐབས་སྐུའི་དབྱིབས་དང་ན་བཟའི་ཁྱད་པར་སོགས་ཐུགས་ལ་ངེས་ཏེ་སྐུ་ན་ཡར་ཕེབས་ནས་དྲན་ཞེས་སྐུ་འཁོར་བ་ཚོར་བཀའ་སྩལ་བ་ནི་ལོ་ངོ་གཉིས་ཀྱི་དུས་དེ་འདྲ་གང་ཟག་ཕལ་བར་འབྱུང་བ་མི་སྲིད་ཅིང་གལ་ཏེ་དུས་དེར་ངོ་འཕྲོད་པ་ལྟ་བུའི་དབང་དུ་བྱས་ནའང་རྗེས་སུ་དྲན་གསོས་པ་རང་ཅག་རྣམས་ལ་མི་འབྱུང་བ་མངོན་སུམ་དུ་གྲུབ་པས། མངོན་པ་ཀུན་ལས་བཏུས་སུ། དྲན་པ་གང་ཞེ་ན། འདྲིས་པའི་དངོས་པོ་ལ་སེམས་ཀྱིས་བརྗེད་པ་མེད་པ་སྟེ་རྣམ་པར་མི་གཡེང་བའི་ལས་ཅན་ནོ། །ཞེས་སྐུ་ཚེ་གཞན་དུ་ཞི་གནས་སམ་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ལ་གོམས་པའི་ནང་རྟགས་ཕྱིར་ཤར་ཏེ་བློ་ལྡན་ཞིག་གིས་དཔྱད་ན་འདི་གཅིག་པུའི་རྣམ་ཐར་ཡང་དཔག་པར་དཀའོ། །སྔོན་མེད་པའི་རྡོ་ཆུང་ངུ་དང་འཇིམ་པ་སྦྱིན་པོ་མང་པོ་ཁུ་ལུང་གི་གཞིས་ཀའི་ལྟག་ནས་རྙེད་པ་དང་། ཟན་སོགས་ལ་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེའི་དབྱིབས། དཀོན་ཅོག་གི་སྐུ་གསུང་ཐུགས་རྟེན་གྱི་རྣམ་པར་བསྒྲིགས་པར་ཏིང་དང་ཀོང་བུ་སོགས་བཟོས་ནས་མཆོད་པ་འབུལ་བ། དུང་དཀར་བུས་ཏེ་དགེ་འདུན་ཚོགས་པ། ཆོས་འཆད་ཉན་གྱི་ཚུལ་དང་། དེ་བཞིན་དུ་རང་ཉིད་ཀྱི་བླ་མ་དང་


GLG008_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བྱིས་པ་གཞན་རྣམས་གྲྭ་པའི་ཚུལ་དུ་མཛད་དེ་ཆོས་འཆད་པའི་རྣམ་པ། ངའི་མིང་ལ་བཙུན་ཆུང་ཚུལ་ཁྲིམས་ཟེར་གསུང་བ། མདོས་གཏོར། ཆོ་ག །བསྐང་བས་མཚོན་པའི་ལད་མོ་སོགས་བསྐྲུན་པ་སྐུ་སྐྱེ་བ་མང་པོར་འཁོར་ལོ་གསུམ་གྱི་བྱ་བ་ལ་རྟག་འགྲུས་སུ་གནང་བའི་བག་ཆགས་ཀྱི་མཐུ་བརྟས་པ་ཡིན་ཅིང་དུས་ཕྱིས་སྐུ་རིམ་ལ་དགོས་པའི་འཇིམ་པ་སྔར་ཤུལ་ནས་བཙལ་ཀྱང་ལར་མ་རྙེད་པས་བཀའ་ལས་ངེད་ཆུང་ངུའི་དུས་སུ་བློ་བྲིད་ཀྱི་རྩེད་མོའི་ཆེད་དུ་གཞི་བདག་གིས་བྱིན་པ་ཡིན་འདྲ་གསུང་། མདོར་ན་ཀུན་སྤྱོད་མཐའ་དག་ཆོས་དང་མཐུན་པའི་རྣམ་འགྱུར་མ་གཏོགས་བྱིས་པ་ཐ་མལ་པའི་ངང་ཚུལ་ཡེ་མི་མཛད་པས་ཐུགས་སྒམ་པའི་ཚད་ཐུབ་པར་གླེང་། དགུང་ལོ་ལྔ་དྲུག་ཙམ་ལ་ཡུམ་གྱིས་སྙན་པད། ཀོང་ན། སོར་གདུབ་སོགས་ཕུལ་བར་མི་དགྱེས་ཤིང་འདོགས་པར་མི་མཛད་པ། རྡོ་རྗེ་འཆང་ཚར་པ་ཆོས་རྗེས། ལ་ལ་བ་ལང་ཇི་བཞིན་སྤྱོད། ཁ་ཅིག་བྲམ་ཟེའི་རྣམ་ཐར་སྐྱོང་། ཁོ་བོ་ཉན་ཐོས་སྤྱོད་པས་མཛེས། །ཤུག་འབྱུང་སྐྱོང་བ་བླ་མའི་དྲིན། །ཞེས་པའི་དོན་བཞིན་ཡང་སྲིད་དུ་མར་ཉན་ཐོས་ཀྱི་བསླབ་པ་ལ་གནས་པའི་བག་ཡོད་ཀྱི་ངང་ཚུལ་ཉམས་སད་པས་ཁྱིམ་པའི་རྟགས་དང་ཆ་ལུགས་སོགས་ལ་ཐུགས་མི་གཞོལ་བར་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་འབྱུང་བའི་སྔ་ལྟས་སོ། །དགུང་ལོ་བདུན་གྱི་སྟེང་དུ་གངས་རིའི་ལྗོངས་འདིར་ཐུབ་བསྟན་ཡོངས་སུ་རྫོགས་པའི་ཤིང་རྟ་པ་ཆེན་པོ་མ་བྱོན་སངས་རྒྱས་གསུམ་པ་རབ་གསལ་གྱི་རྣམ་པར་སྤྲུལ་པ་ཐམས་


GLG008_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་གདན་ས་ཞ་ལུ་རི་ཕུག་ཆོས་ཀྱི་ཕོ་བྲང་དུ་རིགས་བརྒྱའི་བདག་པོ་དབང་ཕྱུག་རབ་བརྟན་བཞུགས་པའི་སྤྱན་སྔར་ཕེབས་གཙུག་ཕུད་བཞེས་ཤིང་མཚན་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་གསོལ། རྐྱེན་སེལ་རྗེས་གནང་ཅི་རིགས་གསན་ནས་གཞིས་སུ་ཐེགས། ཐུན་མོང་ཞེས་པ་ལྕགས་ཁྱིའི་ལོ་དགུང་ལོ་བརྒྱད་ཀྱི་ཐོག་སླར་ཞ་ལུ་རི་ཕུག་ཏུ་ཕེབས་པའི་ནུབ་སྔ་མ་རྗེ་བླ་མའི་འོད་གསལ་དུ་རྩིས་ཀྱི་མགོན་པོ་ཆོས་སྐྱོང་ཡིད་བཞིན་ནོར་བུའི་མངག་གཞུག་དམ་ཚིག་སྲོག་གི་བདག་པོ་ཟབ་བོར་དཀར་པོའི་གོས་དང་ཁྲབ་གསོལ་ཞིང་སེང་གེ་དཀར་པོར་ཞོན་པ་ལག་ན་རྒྱ་སྤོས་ཁྲེས་ཀྱི་ཆུན་པོ་དར་སྐུད་ཀྱིས་བཅིངས་པ་སྤར་བའི་ཐ་སྙད་མེད་པ་དྲི་ཞིམ་པ་ཕུན་སུམ་ཚོགས་པས་ཁྱབ་པ་ཞིག་ཁྱེར་ནས་ནམ་མཁར་ཡུད་ཡུད་འགྲོ་བ་བྱུང་བ་སང་ཉིན་བཀའ་ལས་མདང་དེ་བཞིན་བྱུང་བ་ཁྱེད་འབྱོན་པའི་ལྟས་སུ་འདུག་ཅིང་ཚུལ་ཁྲིམས་རྣམ་པར་དག་པ་ཡོང་བའི་བརྡར་གོ་གསུང་། རྗེ་ཉིད་ཀྱི་དྲུང་དུ་ཚིགས་སྔ་མ་དགེ་ཚུལ་གྱི་དངོས་པོར་བསྒྲུབས། མི་རིང་བར་རྗེ་རྡོ་རྗེ་འཆང་ལ་སྟོད་ལ་ཆིབས་ཁ་བསྒྱུར་བའི་ཞམ་འབྲིང་མཛད་ནས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཕེབས་འཇམ་དབྱངས་གཟི་འོད་འབར་བ་དང་ཆོས་སྐྱོང་མངོན་སུམ་དུ་བཞུགས་པའི་སྒོ་རུམ་མགོན་ཁང་སོགས་ལ་གནས་གཟིགས་རྒྱས་པར་མཛད། ཕྱིར་ལམ་ལྷ་རྩེ་དང་འདར་ཕྱོགས་སུ་ཐེགས་སྐབས། སྐུ་ན་གཞོན་པ་ལ་ངེས་ཤིང་མཛངས་པ་རྣམ་དཔྱོད་ཀྱི་མཐུ་ཕུལ་དུ་ཕྱིན་པ་ལ་ཕྱོགས་དེའི་སྐྱེ་བོ་རྣམས་ངོ་མཚར་ཞིང་ཡི་རང་བར་གྱུར།


GLG008_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྡེ་པ་བཀྲ་ཤིས་རྩེ་བ་དང་ཆོས་སྡེ་བ་ཡོན་མཆོད་ནས་གདན་འདྲེན་བྱུང་བ་ལྟར་ཡབ་སྲས་ཆབས་ཅིག་པར་ཆིབས་ཁ་བསྐྱོད། བྱམས་ཆེན་དུ་རྗེ་བཙུན་ཞ་ལུ་པ་ཆེན་པོ་དང་ཐོག་མར་མཇལ། དེ་ནས་དབུས་འགྱུར་གྱི་ལྟེ་བ་ཡར་ཀླུངས་སྐྱིད་པའི་སྨན་ལྗོངས་སུ་ཕེབས། རྗེ་བཙུན་ས་སྐྱ་པའི་གསང་ཆེན་སློབ་བཤད་ཀྱི་སྔགས་གྲྭ་བཀྲ་ཤིས་རྩེ་ཆོས་སྡེར་སྟན་ཆགས། ལོ་ཤས་བཞུགས་རིང་རྗེ་རྡོ་རྗེ་འཆང་ཆེན་པོས་གཉུག་མར་གནས་པ་དང་ཕྱོགས་འདུས་ཀྱི་དམ་པའི་ཆོས་དོན་དུ་གཉེར་བ་ཆུའི་རླབས་འཕྲེང་བཞིན་ཡོལ་བ་མེད་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཞར་ཆོས་དང་། སྙིང་པོ་ཀྱེ་རྡོ་རྗེ་མན་ངག་ལུགས། འཇིགས་མཛད་རྡོ་རྗེ་སོགས་དཀྱིལ་འཁོར་དུ་མའི་དབང་བཞི། མཁའ་སྤྱོད་སྐོར་གསུམ། དམར་པོ་སྐོར་གསུམ། ཆོས་སྐྱོང་ཆེ་ཆུང་ནས་ཉེར་མཁོའི་རིགས་དང་གཞན་ཡང་རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་། བྱིན་རླབས། རྗེས་གནང་། ལུང་ཁྲིད་མན་ངག་མང་དུ་གསན་ཅིང་དེ་དག་ཀྱང་གསན་ལོ་ཙམ་མ་ཡིན་པར་སྐུ་ན་ཕྲ་ཡང་ཐུགས་ལ་ངེས་ཤིང་བྱང་ཆུབ་པར་མཛད། རྗེ་རྡོ་རྗེ་འཆང་གི་དགོངས་པར་སྙན་བརྒྱུད་མངའ་བདག་རིན་པོ་ཆེ་བོད་མཁར་ནས་ཀྱི་ཞལ་སློབ་སྤྱན་སྔ་མི་ཕམ་ཆོས་ཀྱི་རྒྱ་མཚོའི་གདམས་ངག་བུམ་པ་གང་བྱོར་བཞུགས་པ་ཆོས་རྗེ་རབ་འབྱམས་པ་ཀུན་དགའ་ལྷུན་གྲུབ་གདན་སར་བསྐོས་ནས་ཡབ་སྲས་གཉིས་ཀ་གཙང་དུ་ཐེགས་བཞེད་དེ་རིན་པོ་ཆེ་ཆོས་སྐུ་བ་གདན་དྲངས་ཀྱང་ཆོས་སྡེ་བ་ཚོའི་བློར་བབས་རྒྱུ་མ་བྱུང་བར་བརྟེན་ངེད་ཀྱི་ཚ་བོ་འདི་ཆོས་བཀའ་འདྲ་ཞུ་རྩིས་ཡིན་ཚུལ་ལ་བསྙད་པའི་བཀའ་


GLG008_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཆག་ལུགས་དང་ཛེ་ཏཱ་རིའི་ཚེ་དཔག་ལྷ་དགུ །ཁྲོ་ཕུའི་འཇམ་དཀར། ཕག་དཀར་ཤེས་རབ་གསལ་བྱེད། རྣམ་རྒྱལ་ལྷ་དགུ །རྣམ་འཇོམས་ལྗང་སྔོན། སེང་གེ་སྒྲ། ནོར་རྒྱུན་མ་སེར་མོ། ཁྲོ་བོ་སྨེ་བརྩེགས། ཁྲོ་མོ་སྨེ་བརྩེགས། ཛམ་སེར་ནག་རྣམས་ཀྱི་རྗེས་གནང་། དེ་དག་ལ་མཁོ་བའི་ཡིག་ཆའི་ལུང་། སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་། མགོན་པོད་མེ་འབར་མའི་ལུང་སོགས་མང་དུ་གསན་ནའང་སྐུ་ན་ཕྲ་བ་དང་ཕྱག་གཡོག་གྲུལ་ཐུབ་མེད་གཤིས་བརྒྱུད་ཡིག་གི་དྭོགས་གཅོད་གནང་རྒྱུ་མ་བྱུང་འདུག་རུང་འཆད་བཟང་པོ་ཡིན་ཞེས་ཐུགས་མོས་པར་མཛད། དགུང་ལོ་བཅོ་ལྔར་ཕེབས་པ་དམར་སེར་ཅན་ཞེས་མེ་མོ་སྦྲུལ་གྱི་ལོ། དེའང་མཉན་ཡོད་མཆོད་པ་སྔ་བསྣུར་བ་ལ་བརྟེན་ནས་བདེ་ལེགས་ཕུན་སུམ་ཚོགས་པ་བྱུང་བས་རྒྱ་བོད་ཀུན་ཏུ་རྟ་ཆེན་ཟླ་བར་མཛད་པར་གྲགས་ནའང་། རྩ་བའི་དུས་རྗེ་མར་པས། ཆོ་འཕྲུལ་ཁྲ་ཡི་ཟླ་བ་ལ། །མི་ཁོ་བོ་ལམ་དུ་ཞུགས་ཏེ་མཆིས། །ཞེས་ས་ཧོར་མཆོད་ཡོན་གྱི་ཟླ་བ་གཉིས་པའི་ཚེས་ལྔ་གཟའ་སྐར་འཕྲོད་སྦྱོར་དགེ་བར་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཆིག་བརྒྱུད་རྡོ་རྗེའི་བརྒྱུད་པ་བདུན་ལྡན་གི་ནང་ཚན་སངས་རྒྱས་གཉན་སྟོན་ཆེན་པོའི་སྤྲུལ་པའི་ཟློས་གར་མཁན་རིན་པོ་ཆེ་གཞོན་ནུ་བློ་གྲོས་ཀྱི་བཞུགས་ཁྲིའི་ཐོག་ཏུ་བསྟན་པ་སྤྱི་དང་བྱེ་བྲག་རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་རིང་ལུགས་རྒྱ་ཆེར་སྤེལ་བའི་ཆེད་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོར་རིགས་ཀྱི་སྲས་སྟོང་ཕྲག་ཙམ་ཡོད་ནའང་ཐུ་བོར་གྱུར་པ་རྒྱལ་སར་དབང་བསྐུར་བ་བཞིན་དམ་པའི་


GLG008_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྒྱལ་ཚབ་ཆེན་པོར་ཁྱབ་བདག་བླ་མ་དབང་ཕྱུག་རབ་བརྟན་གྱིས་མངའ་གསོལ་བར་མཛད་ནས་ཤིས་པ་བརྗོད་པའི་མེ་ཏོག་ཆར་ཆེན་པོ་ཕྱོགས་ཀུན་ཏུ་བསྙིལ། དེའི་ཚེ་གཙང་སྡེ་སྲིད། སྡེ་པ་ཡར་སྟོད་པ། བཀྲ་ཤིས་རྩེ་གསུམ་ན་བསྐོ་འཇའ། གྲྭ་རིགས་སྦྱིན་བདག་རྣམས་ཀྱིས་ལེགས་སྐྱེས་རྒྱ་ཆེར་བསྟོད། ལྗགས་བསྔོ་གསུང་དཔངས་མཐོ་ཞིང་སྙན་ལ་བརྗོད་བྱ་རྗོད་བྱེད་ཀྱི་དོན་ཕུན་སུམ་ཚོགས་པས་དེ་འཁོར་ཐམས་ཅད་དགའ་མགུ་ཡི་རང་གི་སར་བཀོད། རྗེ་རྡོ་རྗེ་འཆང་གཙང་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་བསྐྱོད་ནའང་དམ་པ་འདི་ཉིད་ཀྱིས་གྲྭ་སའི་ཁུར་བཞེས་སོ་བའི་བཏགས་མིང་ཙམ་མ་ཡིན་པར་སྒྲུབ་མཆོད་དང་བསྐང་བ་གཏོར་སྒྲུབ་སོགས་ཀྱི་རྡོ་རྗེ་སློབ་དཔོན་རྗེ་བླ་མའི་དུས་ཇི་ལྟ་བའི་ཕྱག་ལེན་ཕྲ་རགས་མཐའ་དག་ལ་ཐུགས་ཞིབ་ཅིང་འཕྱུགས་མེད་ཀྱི་དག་ཐེར་ཁོ་ན་བསྟར་བ་མ་གཏོགས་འཇིག་རྟེན་བྱ་བ་གཙོ་བོར་བཟུང་སྟེ་གལ་ཆུང་ཆོས་སུ་སྨྲ་བའི་ཐེབས་ཆག་ཡེ་མི་གནང་བས་རྗེ་བླ་མ་ཀུན་སྤངས་མཛད་པར་གྲྭ་རིགས་རྣམས་མྱ་ངན་གྱི་མེས་ཡིད་གདུངས་པའང་དམ་པ་འདིའི་མཛད་པའི་ཆར་ཆེན་པོས་བསིལ་བས་གསོས་སྨན་བླ་ན་མེད་པར་གྱུར་ཏོ། །ཆེས་བཙུན་འོད་གསལ་ལྷ་ཡི་གདུང་མ་འཆོལ། །མཁས་དང་གྲུབ་པའི་བྱིན་རླབས་རྒྱུན་མ་ཆད། །བསྟན་འགྲོའི་ཉེར་འཚོར་ལྷག་བསམ་མཐུ་མ་ཉམས། །རྒྱལ་སྲས་སློབ་མར་སྤྲུལ་བའི་མཐའ་མ་རྫོགས། །མ་དང་མཁའ་འགྲོའི་གྲོང་དུ་བདེ་ཆེན་ཀློང་། །གཟིམས་ལ་ཚད་མེད་ལྷ་མོས་ཡོངས་བསྐུལ་མཐུས། །ཞིང་འདིར་མཚན་དཔེའི་ཟློས་གར་མངོན་སུམ་དུ། །གསལ་འདི་ཡིད་ཅན་ལེགས་བྱས་བྱེ་


GLG008_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཉོས། །ན་ཚོད་གཞོན་ནུས་ཕལ་སྤྱོད་གླང་པོའི་མཆེ། །ཕྱུངས་ཏེ་དམ་པའི་རྣམ་ཐར་མདོངས་མཐའ་ལ། །ཞོན་ནས་རྒྱལ་བསྟན་མཐོ་རིས་མཛེས་པའི་རྒྱན། །གདོང་དྲུག་གཉིས་པའི་ལྷ་གཞན་གང་དུ་རྙེད། །སྲིད་པ་ཆུ་སྲིན་འབྱུང་གནས་སྡུག་བསྔལ་རླབས། །མི་ཡོལ་མཚང་རིག་མྱང་འདས་གྲུ་རྫིངས་ཀྱིས། །གཏན་བདེའི་ནོར་བུ་ལེན་ལ་ལེགས་ཞུགས་པའི། །ཉེས་མེད་དང་པོའི་ཕུན་ཚོགས་ཆོ་ག་རྫོགས། །ས་ལ་མངོན་སུམ་གནས་པའི་འོག་མིན་ཞིང་། །ས་ཆེན་བརྒྱུད་པ་རིམ་བྱོན་གཞལ་མེད་ཁང་། །ས་སྟེང་ཟླ་བྲལ་སྐུ་གསུང་ཐུགས་རྟེན་རྣམས། །ས་སྐྱའི་བསྟན་འཛིན་ཁྱོད་ཀྱི་གཟིགས་མོར་མཚར། །ཚར་ཆེན་གདུང་ཆོས་མཻ་ཏྲི་ཡབ་སྲས་ཀྱི། །མཐའ་ཀླས་སྙན་བརྒྱུད་བཀའ་བབས་ཀུན་ཏུ་དགའ། །ལམ་བཟང་སྟོན་ལ་སྤོབས་པ་ལྷུན་གྲུབ་རྗེ། །རྡོ་རྗེ་འཛིན་པའི་ཞབས་པད་ཡུན་དུ་བསྙེན། །མཆོག་གི་གདུལ་བྱར་གདམས་པ་གསང་ཆེན་ལམ། །སློབ་བཤད་བཀྲ་ཤིས་ཆོས་ཀྱི་འདུས་སྡེའི་ཁྲིར། །ཡབ་གཅིག་བླ་མས་བསྟན་པའི་བདག་པོ་རུ། །མངའ་གསོལ་གྲགས་སྙན་ཚངས་པའི་ཡུལ་སར་བསྒྲགས། །འདི་ནས་བཟུང་ལྕགས་སྤྲེལ་བར་ཕལ་ཆེར་བཀྲ་ཤིས་ཆོས་སྡེ་ཉིད་དུ་བཞུགས་ནས་ཆོས་སྡེའི་འཛིན་སྐྱོང་སྤེལ་གསུམ་བཅའ་བ་ཆོས་ཁྲིམས། ནང་གི་གྲྭ་རིགས་དང་ཕྱོགས་འདུས་ཀྱི་ཆོས་དོན་དུ་གཉེར་བ་རྣམས་ལ་དབང་། བྱིན་རླབས། རྗེས་གནང་། རིག་གཏད། ཉམས་ཁྲིད། ལུང་མན་ངག །ཕྱག་ཁྲིད་སོགས་བློ་དང་འཚམ་པའི་རེ་བ་སྐོང་ཞིང་སྦྱིན་བདག་སྐྱ་སེར་གྱིས་མཚོན་པའི་སྐྱེ་བོ་མཆོག་དམན་བར་པ་རྣམས་ལའང་རྐྱེན་སེལ་གྱི་བྱིན་རླབས་


GLG008_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་གནང་། ཡན་ལག་བརྒྱད་པའི་ཁྲིམས་དང་ཡིག་དྲུག་གི་བཟླས་ལུང་སོགས་གང་ལ་གང་འཚམ་གྱི་སྒོ་ནས་མངོན་མཐོ་དང་ངེས་ལེགས་ཀྱི་ས་བོན་ཁྱད་པར་ཅན་བསྐྲུན། བར་འཚམས་མང་པོར་ཟླ་སྦྲེལ་དུ་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ལྷ་བཅུ་གསུམ་མ་སོགས་དཀྱིལ་འཁོར་འགའ་དང་ལྷ་བྲན་དུ་མའི་ལྗགས་བསྙེན། བཅུ་ཆའི་སྦྱིན་སྲེག་གིས་མཚོན་ཕྲ་ཞིབ་ཕྱག་ལེན་བཞིན་ཐུགས་ཉམས་སུ་བསྟར། སྐུ་མཚམས་མིན་པའི་སྐབས་ཀྱང་བསྐྱེད་རྫོགས་ཀྱི་ཉམས་བཞེས་བཟླས་བརྗོད་གཏོར་བསྔོས་སོགས་མཚན་བཅས་མཚན་མེད་ཀྱི་ཐུགས་དམ་ལ་ལྷོད་པ་ཅུང་ཟད་ཙམ་ཡང་མི་མངའ་ཞིང་ཤི་གསོན་གྱི་ཆེད་དུ་བདོག་པ་འབུལ་བར་ཐུགས་བརྩེ་བ་ཆེན་པོས་ཀུན་ནས་བླངས་པའི་ནད་གདོན་ལས་གྲོལ་བ་དང་དུས་ཀྱི་ཆོས་ཉིད་དུ་གྱུར་བ་རྣམས་འཁོར་བ་དང་ངན་སོང་གི་འཕྲང་རིང་པོ་ལས་བསྒྲལ་ཏེ་ངེས་པར་ལེགས་པའི་སར་བཀྲི་བའི་སྐྱབས་འཇུག་ཆེད་དུ་གསོལ་བར་རིགས་དྲུག་གནས་འདྲེན་སོགས་གཤིན་པོ་རྗེས་འཛིན་གྱི་ཆོ་ག་རྒྱུད་སྡེ་རིན་པོ་ཆེ་ལས་ཇི་ལྟར་བྱུང་བ་བཞིན་མ་གཏོགས་སླ་ཆོས་ཀྱི་རིགས་མི་མཛད། དངོས་པོ་རྣམས་ཀྱང་དཀོན་ཅོག་ལ་སྲི་ཞུ། དགེ་འདུན་ལ་བསྙེན་བཀུར། ཉམ་ཐག་ལ་སྦྱིན་གཏོང་སོགས་རྣམ་དཀར་གྱི་ཆེད་ཁོ་ནར་འགྲོ་བའི་ཞལ་ཏ་དང་མདོར་ན་མགོན་པོ་བྱམས་པས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་ལེན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ཀྱི། །བསོད་ནམས་ཕུང་པོ་གཞལ་དུ་མེད། །ཅེས་ཆོས་སྤྱོད་བཅུའི་


GLG008_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལྷུར་མཛད་པས་ཡར་སྟོད་སྨད་ཤར་ནུབ་ཀྱིས་མཚོན་པའི་ལྷོ་བྱང་གི་སྐྱེ་རྒུ་ཕྱོགས་འཛིན་དྲག་པོའི་གདོན་གྱིས་མ་ཟིན་པ་མཐའ་དག་དད་པའི་ས་ལ་འགོད་བཞིན་པའི་ངང་ནས་གཙང་ཕྱོགས་སུ་བཏེག །ལྕགས་སྤྲེལ་ཁྱབ་བདག་དབང་ཕྱུག་རབ་བརྟན་མཇལ་བར་ཕེབས་པའི་ཚེ་གུར་མགོན་གྱི་གསང་འཁྲིད་ཟླ་བ་གསུམ་གྱི་བར་སྨིན་རྒྱས་དང་། གཞན་ཡང་ཟབ་ཆོས་མང་པོ་ལྕགས་བྱ་ཞབས་ཕྱིར་བཞུགས་མུ་ནས་ཀླུ་སྒྲུབ་ཆོས་ཀྱི་རྒྱལ་མཚན་སོགས་དུ་མ་དང་ལྷན་ཅིག་ཏུ་གསང་སྔགས་གསར་རྙིང་གི་ཆོས་རྒྱ་ཆེར་གསན། གཙང་སྡེ་སྲིད་ནས་རྗེ་རྡོ་རྗེ་འཆང་ཞ་ལུ་རི་ཕུག་གི་དབུ་མཛད་ཆེན་མོར་བསྐྱར་བསྐོས་གྲུབ་ནས་སྒྲུབ་ཆེན་དང་འབྲེལ་བའི་བཀའ་བརྒྱད་གསང་རྫོགས་ཀྱི་དབང་གིས་ཐུགས་ཀྱི་བུམ་བཟང་གཏམས་ནས་སྟོན་བཀྲ་ཤིས་རྩེ་ཆོས་སྡེར་ཕེབས་ཟླ་ཤས་ཀྱི་བར་བཞུགས་ནས་གཙང་དུ་ཆིབས་ཁ་བསྐྱོད། བླ་མ་དགོན་པ་སྒྱེ་ལུང་པས་རྡོ་རྗེ་འཆང་སྐྱེ་བདུན་སྒྲུབ་པར་གདན་དྲངས་པའི་ཕྱག་ཕྱི་མཛད། ཡང་འུག་གིས་གཙོས་པའི་སྔགས་པ་མང་པོར་བཀའ་བརྒྱད་སྒྲུབ་དབང་གནང་བ་དང་ལྷན་དུ་གསན། རྗེ་རྡོ་རྗེ་འཆང་ལ་བསྙེན་པར་རྫོགས་པའི་བསླབ་སྟོན་ཞུ་བ་གནང་བར་འདི་ཚོར་ལས་སློབ་གསང་སྟོན་ཁ་སྐོང་སོགས་ཆ་ཚང་བསྒྲིག་དཀའ་བར་འདུག་པས་ངོར་དུ་བསྙེན་རྫོགས་ཀྱི་གྲྭ་བཟང་བས་འགབ་ཚུལ་ཕེབས་པ་ལྟར་རྔ་ཆེན་ཞེས་པ་ཆུ་ཁྱིའི་ལོ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་སེང་གེ་ཚེས་བདུན་ལ་སྐུ་བལྟམས་ཤིང་ཚེས་བཅོ་ལྔར་མངོན་པར་བྱང་ཆུབ་པ་དང་མྱ་ངན་ལས་འདས་པའི་དུས་ཆེན་ཁྱད་པར་ཅན་འབྱུང་བའི་ས་གའམ་ནམ་མཐོང་


GLG008_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་སྔོན་མར་གྲགས་པ་གཟའ་སྐར་སྦྱོར་བྱེད་ཕུན་སུམ་ཚོགས་པའི་སྐབས་ཡོན་ཏན་རིན་པོ་ཆེ་མ་ལུས་པ་འབྱུང་བའི་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་གཙུག་ལག་ཁང་དུ་མི་འཕྲོགས་པའི་མཁྱེན་རབ་དང་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་མངའ་ཞིང་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་བཅས་པ་ཕྲ་མོ་ལས་ཀྱང་མི་འདའ་བས་ཚུལ་ཁྲིམས་ཀྱི་དྲི་བསུང་ཕྱོགས་བརྒྱར་ཁྱབ་པས་འཕགས་པ་ཉེ་བ་འཁོར་ས་འདིར་འཕོས་པ་ལྟ་བུ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཐམས་ཅད་མཁྱེན་པ་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ་ཀྱིས་མཁན་པོ། སྔོན་རྗེ་མངའ་བདག་གི་དུས་རྒྱལ་པོའི་བླ་སྨན་སྟོད་ན་བི་ཇི་ཆེར་རྗེ་འུག་པ་གསུམ། བར་ན་མི་ཉག་བྲང་ཏི་གཡུ་ཐོག་གསུམ། སྨད་ན་གཉའ་དང་མཐའ་བཞི་སྟོང་དང་གསུམ་སྟེ་དགུའི་ནང་ནས་མཆོག་ཏུ་གྱུར་པ་བྲང་ཏིའི་རིགས་ལས་མཁས་བཙུན་གྲུབ་པའི་དབང་ཕྱུག་ཐར་པ་རྩེ་པ་ནམ་མཁའ་སངས་རྒྱས་པས་ལས་ཀྱི་སློབ་དཔོན། དཔལ་ལྡན་ས་སྐྱའི་ཤར་ནུབ་གུང་གསུམ་དུ་གྲགས་པའི་ཤར་པ་རྡོ་རྗེ་འོད་ཟེར། ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱལ་མཚན་སོགས་བསྟན་འཛིན་རིམ་པར་བྱོན་པའི་དབོན་གནས་བརྟན་འདུལ་བ་འཛིན་པ་ཤེས་རབ་འབྱུང་གནས་པས་གསང་སྟེ་སྟོན་པའི་སློབ་དཔོན།དུས་བསྒོ་བ་སྒྲུབ་ཁང་མངའ་རིས་པ་ནམ་མཁའ་དཔལ་ལྡན་སོགས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་ལས་ཆོག་གི་ཕྱག་བཞེས་སླ་ཆོས་དང་རུང་མཐུན་


GLG008_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བ་ཙམ་མ་ཡིན་པའི་ཕྲ་ཞིབ་ཀྱི་རྒྱུན་བཟང་པོ་མཛད་བཞིན་པའི་སྟེང་ནས་བསྟན་པར་ཞུགས་པ་ཡོངས་སུ་རྫོགས་པ་དགེ་སློང་གི་དངོས་པོ་རྣམ་དག་ཏུ་གྱུར་ནས་ཉེས་ལྟུང་གི་དྲི་མས་མ་གོས་པ་གནས་བརྟན་འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཏུ་གྱུར་ཅིང་འདི་ནས་བཟུང་ཇི་སྲིད་པར་ལུས་ངག་གི་སྡོམ་པ་ལས་ཅུང་ཟད་ཀྱང་མི་གཡོ་བས། ཐམས་ཅད་མཁྱེན་པའི་གསུང་མགུར་ལས། ཐུབ་དབང་དགེ་བའི་བཤེས་གཉེན་ཀུན་དགའ་ལེགས་པའི་ཞབས་ལས། སོ་ཐར་སྡོམ་པ་ཐོབ་པ་ཉམས་སུ་ལེགས་པར་བླངས་ནས། །ཉེས་ལྟུང་དྲི་མས་མ་གོས་ངོ་ལྐོག་མེད་པར་བསྲུངས་པས། །བཙུན་པ་ཚོགས་པའི་ཁྲོད་འདིར་མཁྱེན་བརྩེའི་དབང་ཕྱུག་སྐྱིད་དོ། །ཞེས་གསུངས་པའི་དོན་དང་མཐུན་ནོ། །བླ་མ་དམ་པ་འདི་གསུམ་ལ་ཟབ་རྒྱས་ཀྱི་ཆོས་སྔ་ཕྱིར་གསན་པ་ཆེར་ལོང་ཙམ་འདིར་ཕྱོགས་གཅིག་ཏུ་བསྡོམས་པ་ལ་མཁན་ཆེན་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ་ཀྱི་དྲུང་དུ་འདུལ་བ་མདོ་རྩ། མེ་ཏོག་ཕྲེང་རྒྱུས། སུམ་བརྒྱ་པ། འགྲེལ་པ་འོད་ལྡན། ཀུན་མཁྱེན་བུའི་ལས་ཆོག །ངོར་དུ་གྲགས་ཆེ་བའི་མདོ་ཆུང་བཅུ་བདུན། རྡོར་གཅོད། སྡུད་པ། སྨན་མདོ་བརྒྱད་བརྒྱ་པ། མཁན་པོའི་མདོ་ཆོག །བྱམས་ཆོས་སྡེ་ལྔ། སྤྱོད་འཇུག་རྣམས་ཀྱི་ལུང་། ཀྱེ་རྡོར་ཌོམྦྷི། མཚོ་སྐྱེས། ནག་པོ་ལུགས། བདག་མེད་ལྷ་མོ་བཅོ་ལྔ། གུར་རིགས་བསྡུས། སམྦུ་ཊིའི་རྡོར་དབྱིངས། བདེ་མཆོག་ལོ་ནག་དྲིལ་གསུམ། འཇིགས་བྱེད་ས་ལུགས་དང་རྭ་ལུགས། སྒྲོལ་མ་ལྷ་བཅུ་བདུན་མ། རིགས་བྱེད་མ་ལྷ་ལྔ། ཕྱག་རྡོར་འཆི་བདག་འཇོམས་པ་


GLG008_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་ཨ་ར་པ་ཙ་ན་ལྷ་ལྔ། རིགས་གསུམ་སྤྱི། མི་འཁྲུགས་པ་ལྷ་དགུ །ཚེ་དཔག་མེད་ཛེ་ཏཱ་རི་ལུགས་རྣམས་ཀྱི་དབང་དང་དེ་རྣམས་ཀྱི་མངོན་དཀྱིལ་ཁ་ཤས། ཌོམྦྷི་པའི་བདག་མེད་མའི་སྒྲུབ་ཐབས་བདུད་རྩིའི་འོད་སོགས་ཀྱེ་རྡོར་གྱི་རྒྱ་གཞུང་མང་ཙམ། ཇོ་བོའི་ཆོས་ཆུང་བརྒྱ་རྩ། ཐོགས་མེད་བཀའ་འབུམ་རྣམས་ཀྱི་ལུང་། རྗེ་ཐར་པ་རྩེ་བའི་དྲུང་དུ་གསར་མ་རྒྱུད་འབུམ། འཕྲེང་བསྐོར་གསུམ། མངོན་དཀྱིལ་གྱི་ཆོ་ག་ཐར་རྩེ་པཎ་ཆེན་གྱིས་མཛད་པ། སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་ལུང་བཅས། གདོང་དྲུག་གི་དབང་དང་ཡིག་སྣ་ཁ་ཤས། ངོར་ཆེན་གྱིས་མཛད་པའི་མཁའ་འགྲོ་རྒྱ་མཚོའི་ཡིག་སྣ། ཀུན་མཁྱེན་གོ་བོ་རབ་འབྱམས་པའི་བཀའ་འབུམ། གནུབས་ལུགས་སྟག་ཞོན་གཉོས་ཏྲག །ཛམ་དཀར་གསུམ་གྱི་རྗེས་གནང་། རྗེ་ཤར་པ་ཤེར་འབྱུང་བའི་དྲུང་དུ་ཀྱེ་རྡོར་མན་ངག་ལུགས་ཀྱི་རྒྱུ་དབང་། ལམ་དབང་། བདེ་མཆོག་བོང་ཞལ་ཅན་དང་ཚེ་དཔག་མེད་ལྷ་དགུ་གཉིས་ཀྱི་དབང་། དཔའ་བོ་གཅིག་སྒྲུབ་ཀྱི་འཇམ་དབྱངས། ཕ་དམ་པའི་འཇམ་དབྱངས། ཆག་ལུགས་ཚེ་དཔག་མེད་དཀར་པོ། ཀླུ་དབང་རྒྱལ་པོ། ཨུ་ཙ་ཡ། སྨེ་བརྩེགས་ལྗང་ནག །ཁྱུང་ནག །དབྱངས་ཅན་མ་དཀར་དམར། རྣམ་འཇོམས་མཐིང་ཁ། སེང་གདོང་མ་སྔོ་དམར་རྣམས་ཀྱི་རྗེས་གནང་དང་ཡི་གེའི་ལུང་ཁ་ཡར་རྣམས་གསན་ནོ། །གསོལ་བཞིའི་ཆོ་ག་མ་ལ་ཡ་ཀླུང་ནས། །བག་ཡོད་ཁྲིམས་ཀྱི་དྲི་བསུང་རབ་འཐུལ་བའི། །འདུལ་འཛིན་ཙནྡན་སྡོང་པོ་དར་དྲག་པས། །ཕྲ་རྒྱས་ཚ་གདུང་བཅིལ་བའི་ཆོ་ག་མཁན། །རང་


GLG008_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཞི་བྱེད་འཕགས་བོད་སྡོམ་པའི་ཆབ། རྩིང་སྤྱོད་དུག་བྲལ་ཉོན་མོངས་ནད་བརྒྱའི་སྨན། །རྒྱལ་ཀུན་དགྱེས་པའི་མཆོད་སྤྲིན་ཐུན་འཚམས་གོས། །འཆང་བའི་ཚུལ་ལ་མི་སྨོན་ཤེས་ལྡན་སུ། །ཐུབ་པས་ལུང་བསྟན་རྗེ་བཙུན་ཨེ་ཝཾ་པའི། །ལུགས་འཛིན་དཀྱིལ་འཁོར་སྤྲོ་བསྡུའི་བྱེད་པོ་འགས། །ངེས་གསང་ཆོས་སྒོ་བརྒྱ་ཕྲག་ཕྱེ་བའི་ཚེ། །ཨཽཌྜི་ཡ་ན་ས་འདིར་འཕོས་པ་བཞིན། །རིམ་གཉིས་ཆང་གིས་མྱོས་པའི་བདེ་སྟོང་ཟུང་། །འཇུག་པའི་མཛའ་མོར་རྩེ་དགས་རྟག་རོལ་ཡང་། །ལུས་ངག་སྡོམ་ལ་ཕྱི་ནང་མེད་བརྩོན་པའི། །རྣམ་འདྲེན་བསྟན་པའི་རྩ་བར་ད་གདོད་འཁུམས། །ཞ་ལུར་ཕེབས། ཆུ་ཕག་གི་དགུན་སྟོད་བར་ཞམ་འབྲིང་དུ་བསྙེན་ཏེ་མཁན་ཆེན་སྒྲུབ་ཁང་པ་བྱོན་པའི་དཔོན་སློབ་གཉིས་ཀར་ཐོས་བསམ་མང་དུ་མཛད། རྡོ་རྗེ་འཆང་དགུང་ལོ་རེ་ལྔར་ཕེབས་ཤིང་དབུས་གཙང་གི་བར་ས་ཁད་འགྱངས་པར་མ་ཟད་འདར་གྱི་མཁན་པོ་གནང་གཤིས་སྐུ་ན་དང་བཅས་འགྲུལ་བསྐྱོད་གནང་སྟབས་མ་བདེ་བའི་མཁན་ཆེན་གཞོན་ནུ་བློ་གྲོས་གྱི་གདུང་ཞུགས་འབུལ་དང་རྟེན་བཞེངས་སོགས་བསླབ་སྟོན་རྒྱས་པར་སྩལ་ནས་དབུས་སུ་བྱོན། ཧོར་ཟླ་བཅུ་གཉིས་པའི་ནང་དུ་རྗེ་བཙུན་གཞོན་ནུ་བློ་གྲོས་ཀྱི་སྐུ་པུར་དགྱེས་མཛད་རྡོ་རྗེའི་དཀྱིལ་འཁོར་ལ་བརྟེན་ནས་བཞུགས་སུ་ཕུལ་བའི་ཚེ་སྔར་ངེད་ཀྱི་བུར་སུ་ལའང་མ་སྟོན་གསུང་བའི་ཞལ་ཆེམས་ཡོད་པ་ལ་དཔགས་གྲྭ་དམངས་ཚོས་གོ་མེད་ཀྱིས་མཛད་དཀའ་ཞུས་དྭོགས་ཚོགས་པ་རྣམས་གདུགས་རོལ་ཆ་སོགས་མཆོད་རྫས་ཀྱི་ཕྱག་མཚན་དང་བཅས་


GLG008_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཆོག་མ་ཚར་བར་གཙུག་ལག་ཁང་ལ་སེར་སྦྲེང་གི་སྐོར་བ་དང་པུར་ཁང་གི་སྟེང་ཐོག་ཏུ་གདུགས་དང་གཡས་གཡོན་དུ་བཀྲ་ཤིས་ཁྲ་རིང་བཏང་ཞིང་སྦྱངས་ཟིན་ནས་ཞག་ཤས་བར་རྒྱས་བཏབ་པ་ཞལ་ཕྱེ་ནས། གདུང་རྟེན་བཞེང་བར་བལ་པོ་མཁས་པ་མི་གྲངས་བཅུ་གཅིག་འབོད་པ་གནང་བའི་གསེར་ཟངས་ཀྱི་རྣམ་རྒྱལ་མཆོད་རྟེན་ཟླ་གཉིས་ཁོངས་སུ་གྲུབ་པར་དྲི་མེད་ཀྱི་སྲོག་ཤིང་འཛུགས་པའི་ཆོ་ག །རིང་བསྲེལ་རྣམ་པ་བཞིའི་གཟུངས་འབུལ་དངོས་གཙང་བ་རྟེན་བཞེངས་སོའི་སྙན་གྲགས་ལྷུར་བླངས་པ་མ་ཡིན་པའི་ཁུངས་བཙུན་པའི་ཡིད་ཆེས་སུ་གྱུར་པར་བཅོམ་ལྡན་འདས་དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་སྒྲུབ་མཆོད་དང་འབྲེལ་བའི་རབ་གནས་ཀྱི་ཆོ་ག་ཉིན་གཉིས་མའི་སྒོ་ནས་དམ་ཚིག་པ་ལ་ཡེ་ཤེས་ཀྱི་ཚོགས་དངོས་སུ་བཅུག་པས་ལྷ་རྣམས་ཀྱིས་མཆོད་པའི་སླད་དུ་འཇའ་ཚོན་སྣ་ལྔའི་གུར་དང་མེ་ཏོག་གི་ཆར། རྒྱ་སྤོས་བཟང་པོའི་དར་ཀྱིས་སྒྲུན་དུ་མེད་པའི་དྲི་བཟང་པས་ཕྱོགས་ཀུན་ཏུ་ཁྱབ་པ་ངོ་མཚར་བའི་ལྟས་ཡ་མཚན་པ་བྱུང་བ་ནི། རྗེ་བཙུན་བླ་མ་རིམ་པར་བྱོན་པ་མཐའ་དག་ལ་དད་པ་སྔར་མ་སྐྱེས་པ་རྣམས་གསར་དུ་སྐྱེ་ཞིང་། སྐྱེས་པའི་ཚོགས་གོང་འཕེལ་དུ་འགྱུར་བའི་ཐབས་ཁྱད་པར་ཅན་ཏེ། མཁས་མཆོག་དཔའ་བོས། གྲགས་པའི་མཚན་མར་གྱུར་པ་བཟང་པོ་འདི་རྣམས་ཀྱིས། །བདེ་བར་གཤེགས་གྱུར་ལམ་རྣམས་གང་ཡིན་བསྟན་པར་འགྱུར། །ཡིད་ལ་དད་པ་མེད་པ་རྣམས་ཀྱང་དད་པར་བྱེད། །ཆོས་དང་ལྡན་པའི་གཏམ་གྱིས་རབ་ཏུ་དགའ་བར་འགྱུར། །ཞེས་པའི་དོན་དུ་མངོན་ཞིང་། སྡེ་པ་བཀྲ་ཤིས་རྩེ་བས་གསུང་ངག་བརྒྱུད་པའི་ཞལ་ཐང་


GLG008_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་ཚད་མ་སྐྱ་རིས་གྲུབ་ཅིང་ཚོན་འགོ་ཚུགས་ཙམ་ལ་ལུས་པར་ཁ་སྐོང་ཅུང་ཟད་དང་བཅས་གྲངས་སུམ་ཅུ་ཐམ་པ་གོང་གཤམ་ཞལ་ཁེབས་ཏོག་ལྡན་ལེགས་པར་བསྒྲུབས་པར་ཀྱེ་རྡོ་རྗེའི་དཀྱིལ་འཁོར་ལ་བརྟེན་ནས་རབ་ཏུ་གནས་པ་རྒྱས་པར་གནང་། དེ་ནས་གསུང་ངག་བརྒྱུད་པའི་ཞལ་ཐང་གྲ་ཚར་བསྣམས་ཏེ་གཙང་དུ་ཐེགས་པའི་ལམ་ནས་ངོར་དུ་མཁན་ཆེན་དཔལ་ལྡན་དོན་གྲུབ། བྲང་ཏི་པ་ནམ་མཁའ་སངས་རྒྱས། ཤར་པ་ཤེས་རབ་འབྱུང་གནས་གསུམ་དང་མཇལ་ཞིང་བྲིས་ཐང་ལ་ཕྱག་ནས་ཞུ་བ་མཛད། རིམ་གྱིས་འདར་སྟོད་བླ་མའི་གདན་སར་ཕེབས། རྗེ་རྡོ་རྗེ་འཆང་ལ་ཕྱི་ནང་ཕྱག་རྫས་ཡོད་དགུ་ལྟ་བུའི་འབུལ་ཆེན་དང་བཅས་གསུང་ངག་བརྒྱུད་པར་དམ་ཚིག་པ་ལ་ཡེ་ཤེས་པ་འཇུག་པའི་ཕྱག་ནས་ཞུས། དེ་ནས་བདག་ཚེ་དད་སྒྲུབ་པ་མཉམ་པའི་བུག་སྒོ་འདམ་སྦྱར་བྱས་ཆོག་པའི་གསོལ་པ་བཏབ་པར། ཁྱོད་ཀྱི་སྒོམ་སྒྲུབ་གཅིག་པུ་མཛད་པས་ག་ལ་ཁྱབ། ཐོས་བསམ་འཆད་ཉན་བྱ་བ་ལས་ཀྱི་འཁོར་ལོ་སོགས་ཚང་མ་མཛད་ན་བསྟན་འགྲོའི་དོན་རྒྱ་ཆེར་འགྲུབ་ཚུལ་བསླབ་བྱ་ལུང་བསྟན་གྱི་ཚུལ་དུ་གནང་བར་བརྟེན་བླ་མ་དམ་པས་ཇི་ལྟར་བཀའ་སྩལ་བ་བཞིན་སྙིང་སྟོབས་ཀྱི་མཐུ་ཕུལ་དུ་བྱུང་བའི་དམ་བཅའ་བརྟན་པོས་དེ་ལྟར་བསྒྲུབ་པར་ཞལ་གྱིས་བཞེས་སོ། །ཐོས་བསམ་སྒོམ་པའི་ནོར་བུ་གཞོན་ནུའི་དུས། །བློ་གྲོས་གདེངས་ཀའི་རྩེ་མོར་གཟི་འབར་བས། །མཁས་བཙུན་གྲུབ་མཆོག་ཀླུ་ཡི་དབང་པོའི་གདུང་། །རྒྱུད་སྡེའི་དགོངས་པ་ཇི་བཞིན་སྲི་ཞུར་བསྐྲུན། །རབ་མཛེས་ས་ཟླའི་འོད་འཕྲོ་མཆོད་སྡོང་ཆེ། །རབ་ཏུ་བརྩོན་པའི་མཐུ་


GLG008_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཉེར་བསྟར་ཚེ། །རབ་འབྱམས་རྒྱལ་ཀུན་བཞུ་བླུགས་ཀྱིས་བསྟིམ་པས། །རབ་ཡངས་མཁའ་ལ་ངོ་མཚར་གཟིགས་མོར་ཆེ། །ཐུགས་གསང་དཔལ་གྱི་བེའུར་དབང་གི་ཆུ། །མ་ནུབ་གཡས་སུ་འཁྱིལ་བ་བརྒྱུད་པའི་འཕྲེང་། །སྣང་སྲིད་རི་མོར་འབྲི་ལ་ཟླ་མེད་པས། །བསྐྲུན་ཚེ་སྒྱུ་མའི་ཁེངས་པ་ཐུང་ངུར་བྱས། །དྲེགས་ལྡན་ལངྐའི་སྟོབས་ལས་མི་འཇིགས་པའི། །རྣམ་དཔྱོད་ཡངས་པའི་ཉག་ཕྲན་རྩལ་ཆེ་ཡང་། །ཡོངས་འཛིན་ར་གྷུའི་བཀའ་ལས་མི་འདའ་བའི། །རྒྱལ་སྲས་སྤྱོད་པའི་ཁུར་ཁྱེར་དགའ་བྱེད་ལྷ། །ཤིང་ཕོ་བྱ་བའི་ལོ་འགྲོ་བའི་བླ་མ་ཤཱཀྱ་སེང་གེས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་ཆོས་ཀྱི་རྒྱལ་པོ་ཟླ་བ་བཟང་པོ་ལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་བཀའ་སྩལ་བའི་དུས་ནག་པ་ཟླ་བའི་གཟའ་ཚེས་དུས་སྦྱོར་བཟང་བར་དབུ་བཙུགས་ཟླ་བ་བརྒྱད་ལ་ཉེ་བའི་བར་ལམ་མཐུན་མོང་བ་སྣང་བ་གསུམ་སེམས་བསྐྱེད་ཆེན་མོ། རྒྱུ་དབང་། ལྟ་བ་འཁོར་འདས་དབྱེར་མེད། ཕྱི་སྐྱེད་པའི་རིམ་པའི་འཁྲིད། ལམ་དབང་། ནང་ལུས་ཀྱི་བསྐྱེད་རིམ། ལམ། ལྟ་བ། གྲུབ་མཐའ། འདའ་ཀ་མ། བར་དོ། རྨི་ལམ། སྒྱུ་ལུས། དབང་ཕྱི་མ་གསུམ་གྱི་འཁྲིད། རྡོ་རྗེ་བདག་མེད་མ་ལྷ་བཅོ་ལྔའི་དབང་། ལམ་ཟབ། བིར་སྲུང་ཕྱི་ནང་། སྒྲུབ་པ་ལུང་སྦྱིན་གྱིས་མཐའ་བརྟེན་པ་ལ་དེ་དག་ལ་དགོས་པའི་སོ་སོའི་སྐབས་ཀྱི་རྒྱབ་བརྟེན་ལུང་དང་བཅས་པ་གསུང་ངག་རིན་པོ་ཆེ་སློབ་བཤད་ཚད་མ་བཞི་ལྡན་རྗེས་འབྲང་གི་མཁས་གྲུབ་ཕལ་ཆེར་ལ་མ་གྲགས་པའི་སྙན་ནས་སྙན་དུ་


GLG008_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པའི་ཞལ་ཤེས་ཀྱིས་བརྒྱན་ཏེ་རྗེ་བཙུན་དམ་པ་འདི་ཉིད་ཀྱིས་དབུ་མཛད་སྣོད་ལྡན་གྱི་སློབ་མ་ཉི་ཤུ་རྩ་གསུམ་ལ་སྨིན་རྒྱས་སུ་སྩལ་བས་རྗེ་མཁྱེན་བརྩེའི་གསུང་མགུར་ལས། དུས་ད་རེས་དམ་ཆོས་སྒོར་ཞུགས་ཀྱང་། །ཆོས་ཚོགས་བཤད་སྦུན་པས་གཡེངས་པའི་ཚེ། །རྗེ་ཁྱོད་ཀྱི་ཐུགས་ཀྱི་རྒྱ་མཚོ་ལས། །ལམ་ཟབ་མོ་སྙན་བརྒྱུད་རིན་ཅེན་སྩལ། ད་ཁྱེད་ཀྱི་བྱིན་རླབས་ཁོ་ན་ཡིས། །བདག་རྩེ་གཅིག་དམ་ཆོས་སྒྲུབ་འདོད་ཤར། །ཚེ་འདི་ཕྱིར་སྐྱིད་པའི་གཏན་བརླིང་ཁེལ། །ཆོས་ཟབ་ཟབ་གཞན་ལ་སེམས་མ་ཤོར། །དོན་སྙན་བརྒྱུད་གདམས་པའི་བདུད་རྩིས་མྱོས། །ལར་ཤི་ཡང་མི་འགྱོད་གདེངས་ཤིག་ཐོབ། །ཅེས་གསུངས་པ་ལྟར་རོ། །གཞན་ཡང་སྔ་ཕྱིར་ཟབ་ཅིང་རྒྱ་ཆེ་བའི་ཆོས་མཐའ་ཀླས་པ་གསན་པའི་རགས་རིམ་ཙམ་འདིར་བསྡོམས་ཏེ་བརྗོད་ན། དུས་འཁོར། བདེ་མཆོག །མཁའ་འགྲོ་རྒྱ་མཚོ། སངས་རྒྱས་མཉམ་སྦྱོར། ཡང་དག་མར་མེ་དགུ་པ། མ་ཧཱ་མཱ་ཡ། ཕྱག་རྡོར་འཁོར་ཆེན། ཕག་མོ་ལྷ་སོ་བདུན། བཅུ་གསུམ། ལྷ་ལྔ་མ། ཀླུ་སྒྲུབ་ལུགས་ཀྱི་ཕྱག་རྡོར་གཏུམ་ཆེན་ལྷ་ཉེར་གཅིག་པ། གསང་འདུས་འཇམ་རྡོར། དགྲ་ནག་ཞང་ལུགས། གཙུག་ཏོར་དྲི་མེད། འོད་ཟེར་དྲི་མེད། གདུགས་དཀར་ལྷ་ཞེ་གཅིག །རྣམ་འཇོམས་མ་ཎི་ཀ་ལྷ་བཅུ་དགུ །དཀར་པོ་ས་བ་རི་ལུགས་ལྷ་བཅོ་ལྔ། འཆི་མེད་རྔ་སྒྲ། མགོན་པོ་སྔོན་འབྱུང་གི་ལེའུ་ང་གཉིས་པ་ནས་བཤད་པའི་མགོན་པོ་ཞལ་བཞི་ཕྱག་བཅུ་དྲུག་པ་ཡུམ་ལྷ་མོ་བརྒྱད་ཀྱིས་བསྐོར་བ། ཛེ་ཏཱ་རིའི་ཚེ་དཔག་མེད་རྣམས་ཀྱི་དབང་། གཤེད་དམར་ལྷ་ལྔའི་དབང་བྱིན་རླབས་


GLG008_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་མེད་ཀྱི་འཁྲིད། དེ་དང་འབྲེལ་བའི་ཡིག་སྣ། བདེ་མཆོག་དཀར་པོའི་བྱིན་རླབས་དང་འཁྲིད། རྭ་ལུགས་འཇིགས་བྱེད་བཅུ་གསུམ་མ། དཔའ་བོ་གཅིག་པ་ཕྱག་མཚན་གྱིས་བསྐོར་བའི་དབང་། དཔའ་བོ་གཅིག་པའི་རྗེས་གནང་། སྔགས་བཏུ། རྭ་འཁྲིད། རྣལ་འབྱོར་བཞིའི་འཁྲིད། ལས་གཤིན་དཔའ་གཅིག །བཅུ་གསུམ་མ། ཁྲག་མདོག་དམར་པོ། བསེ་བྱ་བཞི་བསྐོར་རྣམས་ཀྱི་རྗེས་གནང་། གྲུབ་རྒྱལ་ལྷ་གཅིག་བུམ་གཅིག །རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་བྱིན་རླབས་དང་འབའ་ར་ལུགས་ཀྱི་ཉམས་འཁྲིད། ཆག་ལུགས་ཚེ་དཔག་མེད་དཀར་པོ། འཇམ་དབྱངས་ཨ་ར་པ་ཙ་ན། འཇམ་དཔལ་ཡོན་ཏན་ཡེ་ཤེས་བཟང་པོ། མ་ཏི་ལུགས་ཀྱི་འཇམ་དཀར། འཇམ་ནག །སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ། ཕྱག་རྡོར་ཨུ་ཙཪྻ་མེ་དབང་ཡོད་མེད་གཉིས། འབྱུང་འདུལ་མེ་དབང་ཡོད་མེད་གཉིས། གོས་སྔོན་ཅན། བ་རི་ལུགས་ཀྱི་རྣམ་འཇོམས། རྣམ་རྒྱལ་ལྷ་དགུ །གཙུག་ཏོར་འབར་བ། སྨན་བླ་བདེ་གཤེགས་བདུན། སྣ་ཚོགས་ཡུམ། ཁྱུང་ཁྲ། སོར་འབྲང་། འོད་ཟེར་ཅན་མ། ལོ་མ་གྱོན་མ། མི་གཡོ་བ་སྔོན་པོ། གཏུམ་པོ་དཀར་པོ། སྨེ་བརྩེགས་ལུགས་གཉིས། ཁྲོ་མོ་སྨེ་བརྩེགས། རྟ་མགྲིན་རས་ཆུང་དང་། ཟླ་རྒྱལ་ལུགས་ཀྱི་ལྕགས་རལ་ཅན། སེང་གདོང་མ། སྒྲོལ་དཀར་ཡིད་བཞིན་འཁོར་ལོ། སེང་ལྡེང་ནགས་སྒྲོལ་རྣམས་ཀྱི་རྗེས་གནང་དེ་དང་འབྲེལ་བའི་ཡིག་སྣའི་ལུང་། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་རྗེ་བཙུན་ཡབ་དང་


GLG008_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་དང་ཐུན་མོང་མ་ཡིན་པ་རྩ་དབུ་མའི་ཉམས་འཁྲིད། ཨིནྡྲ་མཁའ་སྤྱོད་དང་། མཻ་ཏྲི་མཁའ་སྤྱོད་ཀྱི་བྱིན་རླབས། དེ་རྣམས་ཀྱི་ཆོས་སྐོར་གྱི་ལུང་། རྗེ་བཙུན་རིགས་བྱེད་མའི་ཐུང་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང་། སིནྡྷུ་ར་ལྷ་ལྔའི་བྱིན་རླབས། ཚོགས་བདག་གི་བྱིན་རླབས་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཁྱད་པར་བའི་རྗེས་གནང་། འདོད་རྒྱལ་གྱི་འདོད་པ་ལྷ་དང་གསང་སྔགས་སྒྲའི་རྗེས་གནང་། དམར་ཆུང་སྐོར་གསུམ། གསེར་ཆོས་ཛམ་དམར་དང་བཞིའི་རྗེས་གནང་། དེ་དག་རྣམས་དང་འབྲེལ་པའི་ལས་རབ་འབྱམས་སྐོར་གྱི་ལུང་། གུར་མགོན་གྲི་གུག་ལྷ་ལྔ། ལྷ་བརྒྱད། ལྷ་བཅུ་གཉིས། ལྷ་བཅུ་བདུན། སིནྡྷུ་ར་ལ་བརྟེན་པའི་དབང་། སྒྲུབ་ཐབས་ཀུན་ལས་བཏུས་པའི་མགོན་རྐྱང་། མགོན་པོ་ལྷ་གསུམ་མ། ལྷ་བརྒྱད་མ་དང་། ལྷ་བཅུ་གཉིས་མ་གཉིས་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་རེ། མགོན་པོ་ཁྲོ་བཅུ། གསང་འཁྲིད། དུད་སོལ་མའི་ཐུན་མོང་དང་ཐུན་མོང་མ་ཡིན་པ། ཟངས་གྲི་ཅན་ཕྱི་ནང་། པུ་ཏྲ་མིང་སྲིད། བྲན་བདུད་གཤིན་རྗེ་ནག་པོ་རྣམས་ཀྱི་རྗེས་གནང་། བྲག་རྫོང་མ་ཕྱི་ནང་གསང་གསུམ། རྩ་གསུམ་འཁོར་ལོ་ལྔ་ལྡན་གྱི་ཉམས་འཁྲིད། མེ་འབར་གླེགས་བམ། ཁ་སྐོང་། གྱི་ལྗང་། སྙན་བརྒྱུད། དུད་སོལ་པོ་ཏི་རྣམས་ཀྱི་ལུང་མགོན་པོ་ཞལ་བསྙེན་པ་སྒྲུབ་དུས་ཐུན་མོང་དང་ཐུན་མོང་མ་ཡིན་པ། གདོང་བརྙན་ཅན། ལས་བཞིའི་མགོན་པོ། གསང་འཁྲིད། ཤི་ས་བསྟན་པ། བྲམ་ཟེའི་མངག་གཏད། ཁྱུང་ཞལ་ཅན། སེང་གེ་ནག་པོ་རྣམས་ཀྱི་རྗེས་


GLG008_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གནང་། ཚེ་སྒྲུབ་སྲུང་འཁོར་མ་དང་། རྩ་གསུམ་འཁོར་ལོ་བཞིའི་ཉམས་འཁྲིད། བེའུ་བུམ་ཡོངས་རྫོགས། གནོད་སྦྱིན་བེག་ཙེའི་རྗེས་གནང་དང་ལུང་། ཚར་ཆེན་གྱི་བཀའ་འབུམ། རྣམ་སྲས་སེར་ཆེན་སོགས་རིགས་གསུམ་ཙམ། ཕྱག་བཞི་པ། བེང་དམར། ལེགས་ལྡན་མཆེད་གསུམ། དུར་ཁྲོད་བདག་པོ། དཀར་བདུད། རྡོ་རྗེ་རབ་བརྟན་མ། དམག་ཟོར་མ་རྣམས་ཀྱི་རྗེས་གནང་། བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་ཆེན་ཉང་གི་གཏེར་མའི་དྲག་དམར་རྡོ་རྗེ་སྤྱི་བླུགས་ཀྱི་དབང་དང་ཆོས་སྐོར་ཡོངས་རྫོགས་ཀྱི་ལུང་། གཏེར་མགོན་ཕྱག་བཞི་བའི་དབང་། བཀའ་བརྒྱད་གསང་རྫོགས་ཀྱི་སྒྲུབ་དབང་དང་འགྱོགས་དབང་། ཕུར་པ་སྤུ་གྲིའི་དབང་དང་ཆོས་སྐོར་རྣམས་ཀྱི་ལུང་། འཁོར་བ་དོང་སྤྲུག །ནཱ་ག་རཀྴའི་དབང་། མ་ནིང་དང་བསྟན་མ་བཅུ་གཉིས་ཀྱི་སྲོག་དབང་། ཇོ་མོའི་ཉམས་ལེན་སྐོར་དགུའི་ལུང་། གནུབས་ལུགས་འཆར་ཀ་འཇོམས་བྱེད་འབར་བ་དང་། སྟག་ཞོན་གྱི་དབང་སྟག་པོད་ཀྱི་ལུང་། གྲྭ་པའི་ཛམ་དམར། བྱང་གཏེར་ཐུགས་སྒྲུབ་རྣམ་གསུམ། ཚེ་དཔག་མེད་འཆི་མེད་འོད་སྣང་རྣམས་ཀྱི་དབང་། ཨེ་ཀ་ཛ་ཏཱི། རེ་མ་ཏཱི། ཐང་ལྷ། རྡོར་ལེགས་བཞིའི་སྲོག་དབང་དེ་རྣམས་དང་འབྲེལ་བའི་ཡིག་སྣ་ཐོར་བུའི་ལུང་། པདྨ་དབང་ཆེན་ཡང་གསང་ཁྲོས་པ། རྫོང་ཆུང་ཚེ་དབང་དང་བཅས་པ་རྟ་པོད་ཡོངས་རྫོགས་ཀྱི་དབང་ལུང་། རཏྣ་གླིང་པའི་ཕུར་པ་ཡང་གསང་བླ་མེད་ཀྱི་དབང་། པདྨ་གླིང་པའི་ཚེ་དཔག་མེད་རྡོ་རྗེ་འཕྲེང་


GLG008_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་དྲག་དམར་གྱི་དབང་ཆེན། རྣམ་སྲས་མདུང་དམར་ཅན། ཕྱག་རྡོར་དྲེགས་འདུལ། འཇམ་དབྱངས་བླ་མའི་རྩ་གསུམ་རྣམས་ཀྱི་དབང་། རིགས་འཛིན་ཡོངས་འདུས་ཀྱི་རྩ་དབང་སྒོས་དབང་དང་ཐོར་བུ། ཚེ་དཔག་མེད་ཡེ་ཤེས་འོད་མཆོག །དྲག་པོ་དབུ་དགུ་རྣམས་ཀྱི་དབང་དང་ཆོས་སྐོར་ཡོངས་རྫོགས་ཀྱི་ལུང་། རིན་ཅེན་གླིང་པའི་ནཱ་ག་རཀྴའི་བྱིན་རླབས། ཨོ་རྒྱན་གླིང་པའི་སྟག་ཞོན་གྱི་དབང་ལུང་ཡོངས་རྫོགས། གསང་འདུས་མི་བསྐྱོད་རྡོ་རྗེའི་རིམ་ལྔའི་ཉམས་འཁྲིད་ཐུགས་རྗེ་ཆེན་པོ་ཚེམ་བུ་ལུགས། བློ་སྦྱོང་དོན་བདུན་མ། སུམ་པ་ལོ་ཙཱ་བའི་བློ་སྦྱོང་རྣམས་ཀྱི་འཁྲིད། རྗེ་ཐང་སྟོང་པའི་ཚེ་དཔག་མེད་དཔལ་སྟེར་གྱི་ཚེ་དབང་སོགས་ཟབ་རྒྱས་ཀྱི་ཆོས་ཇི་སྙེད་པ་གསན་པ་དེ་དག་ཀྱང་གསན་པ་ཙམ་མ་ཡིན་པའི་སྔགས་གསར་རྙིང་། རྒྱུད་སྡེ་ཕྱི་ནང་གིས་གཙོས་པར་སོ་སོའི་ལུགས་ཀྱི་གནད་འགག་མཐའ་དག་ཐུགས་སུ་ཆུད་པར་མཛད། ཁྱད་པར་གསུང་ངག །གསེར་ཆོས་བཅུ་གསུམ། མགོན་པོ་ཆེ་ཆུང་སོགས་འཇམ་མགོན་ས་སྐྱ་པའི་ཡབ་ཆོས་ཐུན་མོང་མ་ཡིན་པ་རྣམས་ཀྱི་ཞལ་ཤེས་མན་ངག་ཡི་གེར་མ་འཁོད་པ་དང་ཡི་གེ་ཙམ་གྱིས་རྟོགས་མི་ནུས་པ་ཐམས་ཅད་ལ་ཕྱག་ལེན་དམར་འཁྲིད་མཛུབ་བཙུགས་སུ་ཞིབ་མོར་དཔྱད་པས་ཐེ་ཚོམ་ཅུང་ཟད་ཀྱང་མི་དགོས་པར་འདི་ནི་འདིའོ་ཞེས་ཐུགས་ཀྱིས་བསྐྱུད་པ་ནི་ནམ་ཡང་མི་མངའ། ཆོས་ཕྱིར་དཀའ་སྤྱད་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྗེས་སུ་འགྲོ་ཞིང་། ཇི་སྐད་དུ། སྦྲང་རྩི་འཛིན་པ་སྦྲང་རྩིའི་བརྟུལ་ཞུགས་ཅན། །


GLG008_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲང་བུ་མིན་པས་སྦྲང་རྩིའི་བཅུད་མ་མྱོང་། །གཞུང་ལུགས་སྨྲ་བ་ཀུན་དགའ་རྒྱལ་མཚན་དཔལ། །བཟང་པོ་མིན་པས་ཤེས་བྱའི་བཅུད་མ་མྱོང་། །ཞེས་འཇམས་དབྱངས་ས་པཎ་གྱི་གསུང་ལྟར་རྗེ་བླ་མ་ལ་སློབ་མ་སྐར་ཚོགས་ལྟར་མང་ན་ཡང་སྙན་བརྒྱུད་གདམས་པ་ཡོངས་སུ་རྫོགས་པའི་ཐུགས་ཀྱི་ཉིང་ཁུ་བུམ་པ་གང་བྱོའི་ཚུལ་དུ་གསན་པ་ནི་བླ་མ་དམ་པ་འདི་ཉིད་དང་། དེ་དང་ཆ་མཐུན་པ་ནི་གླང་ཕུ་ནས་ཆོས་རྗེ་ཙམ་དུ་མངོན། འདར་གྲང་མོ་ཆེར་ཁའུ་བྲག་རྫོང་པའི་ལུགས་སྲོལ་ཐུན་མོང་མ་ཡིན་པའི་ཤིང་རྟའི་སྲོལ་ཕྱེ་ནས་འཛིན་པར་མཛད་པའི་རྗེ་བཙུན་བརྩེ་བ་ཆེན་པོའི་རྣམ་སྤྲུལ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། གྲུབ་པའི་དབང་ཕྱུག་བྲམ་ཟེ་མཆོག་སྲེད་ཀྱི་ཟློས་གར་རྗེ་བཙུན་རྡོ་རིང་པ་ཆེན་པོ། མཁས་དང་གྲུབ་པའི་དབང་ཕྱུག་སྒོ་རུམ་པ་ཆེན་པོ། མ་བྱོན་སངས་རྒྱས་གསུམ་པ་ཁ་ཆེ་པཎ་ཆེན་གྱི་རྣམ་སྤྲུལ་ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཕགས་མཆོག་ཤཱ་རིའི་བུའི་སྒྱུ་འཕྲུལ་རོལ་པ་ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །སྙན་བརྒྱུད་རྒྱ་མཚོའི་དེད་དཔོན་མཁན་ཆེན་བསླབ་གསུམ་རྒྱལ་མཚན། གྲུབ་ཆེན་ཀུ་ཀུ་རི་བའི་ཡང་སྲིད་ཁྱབ་བདག་དབང་ཕྱུག་རབ་བརྟན་རྣམས་ཀྱི་བྲིས་སྐུ་བཞེངས་པ་རྡོ་རྗེ་འཆང་ལ་ཕྱག་ནས་ཞུ་བ་གནང་། མྱུག་བཀྲ་ཤིས་རྒྱལ་ཁང་གི་གཙུག་ལག་ཁང་དུ་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་ཞབས་ཀྱིས་ཞལ་བཀོད་དང་སྦྱིན་བདག་སྡེ་པ་གནས་གསར་བས་མཛད་པའི་གསུང་ངག་བླ་མ་བརྒྱུད་རིམ་སྨན་སྐུ་མདའ་ཚད་མ་ཞེ་མཚུངས་བཞེངས་ནས་བཞུགས་


GLG008_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

པ་དུས་འགྱུར་གྱི་དབང་གིས་ཞ་ལུར་གདན་དྲངས། དེ་ནས་རིམ་གྱིས་ཆོས་འཁོར་ཡང་རྩེར་ཕེབས་པའི་ཁ་སྐོངས་མཁན་ཆེན་བསླབ་གསུམ་རྒྱལ་མཚན། མཐུ་སྟོབས་ཀྱི་དབང་ཕྱུག་བསོད་ནམས་ཆོས་འཕེལ། རྗེ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གསུམ་བཞེངས་ཏེ་གྲང་མོ་ཆེར་ལམ་འབྲས་ལྷ་ཁང་གི་ཞལ་བཀོད་སོགས་བྲིས་འབུར་གྱི་སྐུ་བརྙན་རྣམས་ལ་རྡོ་རྗེ་འཆང་གིས་རབ་ཏུ་གནས་པར་མཛད་དེ་ངོ་མཚར་བའི་ལྟས་དུ་མ་བྱུང་ཞིང་ལྷ་མཆོད་མི་མཆོད་ཀྱི་དགའ་སྟོན་རྒྱ་ཆེར་གནང་། རྗེ་བླ་མའང་དགྱེས་པའི་རྩེར་སོན་ནོ། །དབུས་འགྱུར་མཁས་བཙུན་རྩེར་སོན་ཆོས་སྐྱོང་ཞབས། །བདག་མེད་རྡོ་རྗེ་བཙུན་མོས་རྗེས་བཟུང་མཐུས། །ཚེ་གཅིག་ཟུང་འཇུག་སྐུ་བཞི་མངོན་གྱུར་པས། །གྲུབ་པའི་འཁོར་ལོས་སྒྱུར་བ་བི་རཱུ་པ། །གང་གི་ཐུགས་བཅུད་གསང་ཆེན་དབྱར་སྐྱེས་སྒྲ། །ཐོས་པས་འཕགས་བོད་སྐལ་བཟང་རྨ་བྱ་ཀུན། །བཅུ་གསུམ་རྡོ་རྗེའི་ས་ལ་གྲུབ་པའི་མཐའ། །རབ་སྙོག་མངལ་ཁུར་འཛིན་ལ་གཅིག་ཏུ་བྲེལ། །ཕྱོགས་རེ་ཙམ་མིན་ཐུབ་བསྟན་ཡོངས་རྫོགས་ཆོས། །ཚོགས་སློབ་བཤད་སྲོལ་བཞེད་པ་ཆེས་མང་བའི། །སྙིང་པོའི་ཡང་ཤུན་སྙན་བརྒྱུད་བདུད་རྩིའི་བཅུད། །སྣོད་ལྡན་ལེགས་བྲིས་ལས་གཞན་སྐལ་བ་ཕྲ། །རིན་ཅེན་སྒང་དང་རྒྱལ་ཚ་ལུང་མང་པོའི། །གདུང་རིགས་རིམ་བྱོན་ཞལ་བརྒྱུད་གསེར་གྱི་ཆོས། །མགོན་ཟུང་མན་ངག་མཁའ་འགྲོའི་ཁ་རླངས་ཅན། །འཛིན་ཁྱོད་ཟླ་མེད་ནམ་མཁའི་ཟླ་བ་འདྲ། །རྒྱུད་སྡེའི་ཐིག་ལེ་ཀུན་བསྡུས་ལུང་རྟོགས་བཞིན། །མཐོང་མོད་


GLG008_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་སྒམ་ཚངས་པའི་ཡིད་འཕྲོག་ཚེ། །ལྷ་རྣམས་བ་སྤུ་ལྡང་བར་ཆུན་པོའི་ཐོད། །མེ་ཏོག་འདབ་མ་འཛུམ་དབུས་གེ་སར་རྒོད །ཚོགས་གཉིས་སྡོང་པོ་དར་དྲག་ཨ་མྲའི་ལྗོན། །ཐོས་བསམ་འབྲས་བུའི་རོ་བདའ་སྨིན་པའི་ཞར། །བྱ་བ་ལས་ཀྱི་གྲིབ་མར་སྐྱེ་རྒུ་ཀུན། །བདེ་བའི་ངལ་གསོ་བསོད་ནམས་གཟུགས་ཅན་བཞིན། །དེ་ནས་སླར་བསྟི་གནས་ཡར་ཀླུངས་བཀྲ་ཤིས་རྩེར་ཕེབས། ཆོས་སྡེ་ལྕགས་སྟག་བཏབ་པ་ནས་ལོ་སོ་དྲུག་ལས་མ་སོང་ཡང་བར་སྐབས་སུ་སྡེ་པ་དངོས་གྲུབ་རྡོ་རྗེ་བསམ་སྡིངས་ནས་དབེན་བཅོས་པའི་གྲུབ་མཐའི་འཛིན་སྟངས་གཞན་དུ་གཞོལ་བའི་བསྟན་སེལ་ཆེན་པོའི་རྐྱེན་གྱིས་ཆོག་གྲྭ་སོགས་མང་བ་མ་ཚུགས་པ་ད་ལམ་གཉིས་སུ་མེད་པའི་རྒྱུད་ཀྱེ་རྡོར་མན་ངག་ལུགས། བདག་མེད་ལྷ་མོ་བཅོ་ལྔ། གུར་རིགས་བསྡུས། རྡོ་རྗེ་སྒྲོལ་མ། ཀུ་རུ་ཀུལླེ། ཕ་རྒྱུད་གསང་བ་འདུས་པ་འཕགས་ལུགས་དང་ཡེ་ཤེས་ཞབས་ལུགས། འཇིགས་བྱེད་རྭ་ལུགས། ཕྱག་རྡོར་འཁོར་ཆེན། མ་རྒྱུད་ལོ་ནག་གཉིས། ནཱ་རོ་མཁའ་སྤྱོད། མཁའ་འགྲོ་རྒྱ་མཚོ། སངས་རྒྱས་མཉམ་སྦྱོར། རྡོ་རྗེ་གདན་བཞི། སམྦུ་ཊི། གུར་ལྷ་བརྒྱད། རྣལ་འབྱོར་རྒྱུད། ཀུན་རིག །བྱ་རྒྱུད་རིགས་གསུམ་སྤྱི། མི་འཁྲུགས་པ་ལྷ་དགུ །ཛེ་ཏཱ་རིའི་ཚེ་དཔག་མེད། འོད་ཟེར་ཅན་མ་རྣམས་དཀྱིལ་འཁོར་ལ་བརྟེན་པ། རྣམ་རྒྱལ་སྟོང་མཆོད་རྣམས་ཀྱི་ཆོ་ག་ནག་འགྲོས་སུ་བཀོད་ནས་འཛུགས་པའི་སྟ་གོན་དུ་རྒྱུགས་བཞེས། རྣམ་བཅད་དང་པོ་ས་ཆོག །གཉིས་


GLG008_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟ་གོན། གསུམ་པ་སྒྲུབ་མཆོད་དངོས་རྣམས་ལ་དགོས་པའི་གར་ཐིག་དབྱངས་གསུམ་ཕྱག་ལེན་ཆེ་ཕྲ་མཐའ་དག་སྐུ་ངོས་ཀྱི་ཕྱག་ཁྲིད་དུ་མཛད། དཀྱིལ་འཁོར་སོ་སོའི་དབང་ལུང་། རྣམ་རྒྱལ་མའི་རྗེས་གནང་རྣམས་ནས་དབང་ཆ་གྲངས་སུ་བཅད་པར་ཤིན་ཏུ་འགྲུས་ཤིང་དངོས་གཙང་བའི་སྒོ་ནས་རྒྱས་པར་བསྟར། མེ་ཡོས་ཧོར་ཟླ་དང་པོའི་ཆོ་འཕྲུལ་མཆོད་པའི་དུས་ཆོག་གྲྭ་རྣམས་བཙུགས་ཏེ་འཛུགས་སྟོན་དང་བསྙེན་བཀུར་སོགས་ལྷ་མཆོད་མི་མཆོད་ལྷག་པར་རྒྱ་ཆེ་བར་སྤེལ། ལོ་ཕྱི་མ་རྣམས་སུ་རྒྱུན་མི་ཉམས་པར་བྱ་བའི་སླད་དུ་སྒྲུབ་མཆོད་ཐེབས་ཀྱི་མཐུན་རྐྱེན་སྦྱར་བས་མཚོན་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་སྲིད་མཐའི་བར་དུ་ཉམས་པ་མེད་པའི་ཐབས་ཚུལ་འདི་ནི། རྒྱལ་བ་གཉིས་པ་བུ་སྟོན་རིན་པོ་ཆེ། བྱམས་པའི་རྣམ་སྤྲུལ་བདག་པོ་ཀུན་བཟང་འཕགས། ཀུན་མཁྱེན་རྡོ་རྗེ་གདན་པ་དང་གསུམ་གྱི་མཛད་པའི་རྗེས་སུ་འཇུག་པའི་ངོ་མཚར་གྱི་གནས་ཆེ་བ་ཞིག་ཏུ་སྣང་། འཕགས་པ་གང་པོས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔས་མ་ཐོས་ཆོས། །ཐོས་ན་དོན་དུ་ཚུལ་བསམ་བྱའི། །བདག་གིས་སྔོན་ཆད་མ་ཐོས་ཞེས། །དེ་སྐད་དུ་ནི་སྨྲ་མི་བྱ། །མ་ཐོས་ཆོས་ནི་ཐོས་གྱུར་ན། །ཡང་དག་དྲན་པས་སེམས་བྱེད་ན། །རྒྱ་མཚོར་འབབ་ཆུ་ཤོང་བ་བཞིན། །དེ་ཕྱིར་ཤེས་རབ་འཕེལ་བར་འགྱུར། །ཞེས་དམ་པ་རྣམས་ནི་ཐོས་པས་ནམ་ཡང་མི་ངོམས་པས་སྔོན་ཆད་གསན་བསམ་རྒྱ་ཆེར་མཛད་ནའང་དེ་ཙམ་གྱི་ཁོ་བོས་མང་དུ་ཐོས་སོ་སྙམ་པའི་མངོན་པའི་ང་རྒྱལ་གྱི་ཆོག་ཤེས་ཤིང་འདོད་ཡོན་ལ་སྐོམ་


GLG008_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

པ་བ་ཚའི་ཆུ་བཞིན་ངོམས་པ་མེད་པར་བྱེད་པའི་བཤེས་གཉེན་དུ་རློམས་པ་དུ་མ་དང་ཕྱོགས་ཙམ་ཡང་མི་འདྲ་བར་བོད་འདིར་ཆོས་རྒྱུན་ཡོད་པ་རྣམས་མི་ནུབ་པ་ཐུགས་ལ་བརྣག་པ་ཡང་། རྗེ་མཁྱེན་བརྩེའི་གསུང་མགུར་ལས། སྟེང་ནས་གནམ་རྡེབ་འོག་ནས་ས་རུབ་ཀྱང་། །བོད་འདིར་ཡོད་པའི་ལམ་བཟང་འཁྲུལ་མེད་རྣམས། །མ་ལུས་ལེན་པའི་བརྩོན་འགྲུས་མི་རྩོམ་རི། །ཞེས་པའི་དོན་ལྟར་ཡིན་ཅིང་། འོ་སྐོལ་གྱི་སྟོན་པ་སློབ་པ་ལམ་གྱི་གནས་སྐབས་སུ་ཆོས་ཚིགས་བཅད་གཅིག་གི་ཆེད་དུ་སྐུ་ལུས་ལ་ལྕགས་གཟེར་སྟོང་བཏབ་པ་དང་། རྒྱ་བོད་ཀྱི་པཎ་གྲུབ་མང་པོས་ཆོས་ཕྱིར་ལུས་སྲོག་ཐེད་ལ་བོར་བའི་རྣམ་པར་ཐར་པ་ལ་རྗེས་སུ་འཇུག་པས་རྗེ་རྡོ་རྗེ་འཆང་ལ་ཆོས་འཕྲོ་དོན་དུ་གཉེར་བར་མ་ཟད་སྐུ་ན་སྨིན་པ་ལ་སྲི་ཞུའི་སླད་དུ་ས་འབྲུག་གཙང་ལ་ཆིབས་བསྐྱོད་པའི་ཞར་དུ་རྗེ་མར་པ་ལོ་ཙཱའི་དངོས་སློབ་རྔོག་ཆོས་སྐུ་རྡོ་རྗེ་ནས་བཟུང་མཁས་པ་དང་གྲུབ་པའི་བླ་མ་ཟམ་མ་ཆད་པ་བྱུང་བའི་གདུང་ལས་བྱོན་ཅིང་རིགས་ཙམ་ལྷུར་ལེན་པ་མ་ཡིན་པའི་ཡབ་སྲས་ཆོས་མཐའ་དག་ལ་མཁྱེན་པའི་སྤྱན་ཡངས་པ་རྔོག་སྟོན་འཇམ་དབྱངས་འོད་ཟེར་གྱི་ཞབས་ཀྱི་རྡུལ་དམར་དབུའི་གཙུག་ཏོར་དུ་བསྟེན་ནས། དགྱེས་རྡོར་ལྷ་དགུ །བདག་མེད་ལྷ་མོ་བཅོ་ལྔ། རྡོ་རྗེ་གུར་ལྷ་ཞེ་དགུ །རྣལ་འབྱོར་ནམ་མཁའ་ལྷ་དགུ་བཅུ་རྩ་བདུན། གདན་བཞི་ཡུམ་བཀའ་ལྷ་བཅུ་གསུམ། སྒྱུ་འཕྲུལ་ཆེན་མོ་ལྷ་ལྔ། འཇམ་དཔལ་གསང་ལྡན་ལྷ་ང་གསུམ་མ་སྟེ་རྔོག་དཀྱིལ་བདུན་གྱི་དབང་


GLG008_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་གི་ཡི་གེ་འགའ་ཞིག་འཁྲིད་བཅས། མཻ་ཏྲི་པའི་ཕྱག་ཡིག་དགུ་ཕྲུགས་ཀྱི་བྱིན་རླབས། དུད་སོལ་མའི་གསང་སྒྲུབ་ཀྱི་རྗེས་གནང་། གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱི་འཕོ་བ་འཇག་ཆུགས་མ། ཚེ་དཔག་མེད་གྲུབ་རྒྱལ་མའི་བྱིན་རླབས་རྣམས་གསན། རིམ་གྱིས་འདར་དུ་རྡོ་རྗེ་འཆང་གི་ཞབས་དྲུང་དུ་ཕེབས་ནས་དབང་ཆོས་ཅི་རིགས་གསན། ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ་དགེ་བའི་བཤེས་གཉེན་སྤྱན་སྔ་ཚུལ་ཁྲིམས་འབར་གྱི་རིགས་དབོན་བཀའ་གདམས་ཀྱི་བསྟན་འཛིན་ཆེན་པོར་མ་ཟད་ཕྱིས་སུ་ཁའུ་བྲག་རྫོང་པའི་བསྟན་སྲོག་མཐུད་པའི་མཁས་གྲུབ་ཀྱི་སྙན་པས་གདན་ས་གོང་འོག་གཉིས་ཀྱི་རིགས་ཀྱི་བདག་པོར་བཞེས་ཏེ། གཙང་ཕྱོགས་སུ་ལན་ཁ་ཡར་ཕེབས་པའི་སྐབས་ཤིག་དམ་པ་འདི་དང་གདན་འཛོམ་ནས་བཀའ་གདམས་ལྷ་བཞིའི་འཁྲིད། སྒྲོལ་དཀར་ཡིད་བཞིན་འཁོར་ལོ། མིའུ་ཐུང་གསོད་བྱེད། ཞང་བློན་དང་བཞིའི་རྗེས་གནང་། དེ་དག་གི་ཡིག་ཆ་ཐོར་བུའི་ལུང་སོགས་ཁ་ཡར་གསན་ཅིང་། སླར་ཡང་བཀའ་གདམས་སོགས་མ་གསན་པའི་རིགས་ལ་ཐུགས་རྩོལ་གནང་བཞེད་ཆེ་ཞིང་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་ཡང་སྤྱན་སྔ་རིན་པོ་ཆེར་བཀའ་གདམས་སྐོར་གསན་མ་ཐུབ་པ་ལ་ཐུགས་འགྱོད་ཆེ་ཞིང་ཁོ་བོའང་དེ་ལྟར་སེམས་མོད་ཀྱང་ཡིད་སྲུབས་བརླང་སྤྱོད་ཀྱི་ལྷོངས་ཆེན་པོས་གནས་ངེས་མེད་དུ་གཤེགས་པའི་འོ་བརྒྱལ་བའི་ཆོས་གེགས་སུ་གྱུར་ཏེ་བླ་མ་དམ་པ་རྣམས་ཀྱི་ཐུགས་བཞེད་ཇི་བཞིན་བྱུང་མ་སོང་། ཀུན་མཁྱེན་ཀླུ་སྒྲུབ་རྒྱ་མཚོ་དབྱངས་ཅན་མས་རྗེས་སུ་


GLG008_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ནས་ཤེས་བྱའི་གནས་མཐའ་དག་ལ་ཆགས་ཐོགས་མི་མངའ་ཞིང་ཁྱད་པར་གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱི་སྐོར་ལ་རྩལ་དུ་བཏོན་པའི་བདག་ཆེན་རྡོ་རྗེ་འཆང་ཡབ་སྲས་ཀྱི་རིང་ལུགས་སྲོལ་འཛིན་བླ་ན་མེད་པ་ཡིན་རུང་། སྐུའི་སྐྱེ་བ་ཀླུ་སྒྲུབ་ཆོས་ཀྱི་རྒྱལ་མཚན་དུ་གྲགས་པ་སྤྲུལ་སྐུ་ཀུན་སྙིང་པར་ཐུགས་དད་དེ་ལོག་པའི་བཤེས་ཀྱི་མཐུས་རང་བསྟན་སྤེལ་བའི་གོང་མའི་རྣམ་ཐར་མ་འཁྱོངས་ཀྱང་མ་ནས་མདོ་སྔགས་ཀྱི་གསན་པ་རྒྱ་ཆེར་མཛད་ཅིང་། ཁྱད་པར་སྤྲུལ་པའི་སྐུ་མངའ་རིས་པ་ཆེན་པོ་དང་ཁྲི་སྲོང་རྣམ་སྤྲུལ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱིས་གཙོས་དམ་པ་དུ་མའི་ཞལ་སློབ། བླ་ཆེན་སྔགས་འཆང་ཚེ་རིང་དབང་པོ་ཡོངས་འཛིན་དུ་བསྟེན་པས་སྔགས་རྙིང་མའི་ཕྱོགས་ལ་གསན་རྒྱ་ཆེ་གཤིས་སྔ་འགྱུར་གཙོ་བོར་བཏོན་པའི་ཟབ་ཆོས་མང་དུ་གསན་པ་ནི་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་ཆོས་སྐོར། གཏེར་སྟོན་གྱི་རྣམ་ཐར། ཐུགས་སྒྲུབ་དྲག་པོ་རྩལ་གྱི་དབང་ལུང་། རྫོགས་པ་ཆེན་པོ་རང་བྱུང་རང་ཤར་གྱི་ཉམས་འཁྲིད་ལུང་བཅས། བཀའ་བརྒྱད་རང་བྱུང་རང་ཤར་གྱི་ཆོས་སྐོར། ཕུར་པ་ཆེ་མཆོག་དང་དྲག་སྔགས་གཉིས་ཀྱི་དབང་། ལུགས་གསུམ་གའི་ལུང་། ལྷ་ཆེན་སྟོབས་འདུལ་གྱི་ཆོས་སྐོར། སྟག་ཞོན་གྱི་ཆོས་སྐོར་བཀའ་གཏེར། ཞལ་ཆེམས་ལུང་བསྟན་གྱི་སྐོར། རྡོར་ལེགས་ཀྱི་སྲོག་དབང་ལུང་བཅས། གཏེར་སྟོན་བལ་པོ་ཨ་ཧུང་གི་ཛམ་ལ་ནག་པོའི་ཆོས་སྐོར། སྤྲུལ་སྐུ་ཚེ་བརྟན་རྒྱལ་མཚན་གྱི་བླ་མ་རྡོ་རྗེ་འཆང་གི་དབང་ལུང་། ཡང་


GLG008_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཡཀྴ་མེ་དབལ་དབུ་དགུ་ཕྱག་བཅོ་བརྒྱད་པའི་དབང་ལུང་། གཞན་ཡང་ལས་ཕྲན་ཐོར་བུ། ཀུན་སྐྱོང་གླིང་པའི་རྡོར་སེམས་སྙིང་ཏིག་གི་ཆོས་སྐོར། པདྨ་ལས་འབྲེལ་རྩལ་གྱི་མཁའ་འགྲོ་སྙིང་ཏིག་གི་དབང་ལུང་། པདྨ་གླིང་པའི་ཚེ་དཔག་མེད་རྡོར་ཕྲེང་གི་ཆོས་སྐོར་གྱི་ལུང་། ཕྱག་རྡོར་དྲེགས་འདུལ་གྱི་ཆོས་སྐོར། གུ་རུ་དྲག་དམར་ཐེམས་མེད་ཀྱི་སྐོར། རཏྣའི་རྟ་མགྲིན་གསང་འདུས་ཀྱི་ཆོས་སྐོར་ནས་ཐོར་བུ། བསྟན་གཉིས་གླིང་པ་པདྨ་ཚེ་དབང་རྒྱལ་པོའི་འཇམ་དཔལ་གཤིན་རྗེ་དྲག་སྔགས་ཀུན་འདུས་ཀྱི་དབང་ལུང་ལ་སོགས་པས་ཐུགས་རྒྱུད་ཡོངས་སུ་གཏམ། རྗེ་འདི་ཉིད། གླང་ཕུ་ཆོས་རྗེ། ཞ་ལུ་མཁན་རིན་པོ་ཆེ་གསུམ་ཞ་ལུ་རི་ཕུག་དང་འདར་དུ་སྔ་ཕྱིར་རྡོ་རྗེས་འཆང་གི་སྐུ་ཞབས་སུ་ཆབས་ཅིག་པར་བཞུགས་ནས་དམ་པའི་ཆོས་ཀྱི་གསན་བསམ་རྒྱ་ཆེར་མཛད་པའི་དུས་ཁྱེད་གསུམ་རྡོ་རྗེའི་མཆེད་པོ་ཟླ་མེད་པ་ཡིན་པས་དབོན་གྱིས་ས་ལུགས། གླང་ཕུ་རྗེ་དྲུང་གིས་རྙིང་ལུགས། སྨན་ཁང་ནས་ཀྱིས་བུ་ལུགས་རྣམས་གཙོ་བོར་བཏོན་པའི་ཐོས་བསམ་བྱས་པ་སོགས་ཆོས་རྒྱུན་གཅིག་ལ་མེད་པ་རྣམས་གཅིག་གིས་བསབས་པའི་ཉན་བཤད་བྱེད་དགོས་ཞེས་གསུངས་པ་ལྟར་གླང་ཕུ་ནས་ཆོས་རྗེ་རིན་པོ་ཆེ་འཇམ་དབྱངས་ཆོས་སྐྱོང་དབང་ཕྱུག་ཞལ་ངོ་གོང་མ་རྣམས་ཀྱི་དུས་ནས་ཁའུ་སྐྱེས་ལྷས་པའི་རིང་ལུགས་ལ་དབང་རྣོན་ཆོས་རྗེས་འབྲང་བའི་དད་པ་བརྟན་པོས་སྦྱིན་བདག་ལྷུར་ལེན་པའི་རྒྱུན་དང་ཆོས་རྗེ་ཉིད་ས་སྐྱ་པའི་བསྟན་འཛིན་ཆེན་པོ་འགྲན་ཟླ་མེད་པས་ཆོས་གསན་པའི་ཡུལ་དུ་གྱུར་པ་ནས་ཐོག་མར་ཆོས་འབྲེལ་ཅི་རིགས་གསན་ཅིང་རྟིང་སོར་གསན་པ་


GLG008_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

རགས་རིམ་སྨོས་ན་བླ་མ་དགོངས་འདུས་ཀྱི་ཆོས་སྐོར་ནས་ཉེར་མཁོ་དང་ཀརྨ་གླིང་པའི་ཞི་ཁྲོ་དགོངས་པ་རང་གྲོལ་ནས་ཐོར་བུའི་ལུང་། བསྟན་གཉིས་གླིང་པའི་རྫོགས་ཆེན་ཀློང་གསལ་སྙན་བརྒྱུད་ཀྱི་ཆོས་སྐོར། འོད་གསལ་ཐིག་ལེ་ཉག་གཅིག་གི་ཆོས་སྐོར། ཕག་མོ་ཟབ་རྒྱའི་ཆོས་སྐོར། དཔྱལ་ཕུར་གྱི་དབང་ལུང་། ཀློང་ཆེན་པའི་བླ་མ་ཡང་ཏིག་དང་ཟབ་མོ་ཡང་ཏིག་གཉིས་ཀྱི་ལུང་སོགས་མང་དུ་གསན། རྗེ་བཙུན་རྡོ་རྗེ་འཛིན་པ་ཆེན་པོ་བྱང་གླིང་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོའི་ཡང་སྲིད་ཞ་ལུ་མཁན་ཆེན་རིན་ཅེན་བསོད་ནམས་མཆོག་གྲུབ་ལ་རྗེ་བླ་མས་ཚིག་བཀྲའི་ཁྱད་ནས་ཕུན་ཚོགས་དངོས་གྲུབ་མའི་ལུང་ཞུས་ཕེབས་པ་ལྟར་དང་རྡོར་དབྱིངས་ཀྱི་དབང་གསན་ཅིང་རྗེས་སོར་རིམ་གྱིས་ཐུགས་རྩོལ་གནང་བར་འཁོར་ལོ་སྡོམ་ཆེན་། བདེ་མཆོག །པདྨ་དྲ་བ། དྲིལ་བུ་ལྷ་ལྔ། ཆོས་དབྱིངས་གསུང་དབང་། དཔལ་མཆོག་རྡོར་སེམས། མི་འཁྲུགས་པ་ལྷ་བཅུ་གསུམ། ཕྱག་རྡོར་འཆི་བདག་འཇོམས་པ། ཤཱཀྱ་སེང་གེ་གཙུག་ཏོར་དགུ་པ། རྣམ་སྣང་མངོན་བྱང་། ཕྱག་རྡོར་འགྲོ་བཟད་དང་བཅས་པའི་དབང་། རྣམ་སྲས་བཀའ་མི་འདྲ་བ་བཅོ་ལྔ། ཛམ་ལ་དམར་པོ་སོགས་རྗེས་གནང་དང་ལུང་གི་རིགས་ཁ་ཡར་གསན། རྗེ་རྡོ་རྗེ་འཆང་དགུང་ལོ་ཕེབས་པར་མ་ཟད་སྐུ་གཅོང་གིས་མ་ལྕོགས་པའི་གཙང་སྡེ་སྲིད་དུ་དགོངས་ཁྲོལ་ཞུ་བ་མཛད་པ་གྲྭ་རིགས་སྦྱིན་བདག་གི་འདོད་སྦྱར་བཞིན་དབོན་རིན་པོ་ཆེ་ནང་བསྐོས་ཀྱི་བཅའ་གཞི་ཤར་བ་དཀར་པོ་ཞེས་པ་ས་སྦྲུལ་གྱི་ལོའི་དུས་ཚེས་དགེ་བར་རྒྱལ་བ་ཀུན་


GLG008_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་སློབ་བཤད་འཇིགས་མེད་སེང་གེའི་རྒྱུད་ཀྱི་ང་རོ་སྒྲོག་པའི་ཆོས་ཀྱི་ཁྲི་ཆེན་པོར་གདན་ས་གོང་དང་གཞིས་ཀ་རྩེ་ནས་བསྐོ་འཇའི་གནང་སྐྱེས་འདར་ནས་སོགས་སྦྱིན་བདག་གྲྭ་རིགས་རྣམས་ཀྱིས་འབུལ་འགྱེད་ཚ་རའི་ཐོག་རྡོ་རྗེ་འཛིན་པ་ཆེན་པོ་དབང་ཕྱུག་རབ་བརྟན་གྱིས་བཀྲ་ཤིས་མེ་ཏོག་གི་ཆར་ཆེན་པོ་ཕབ་ནས་མངའ་གསོལ་ལོ། །ལྕགས་མོ་ལུག་གི་ལོ་ལ་སྟོད་ལྷོ་ནས་སྤྲུལ་སྐུ་འཇམ་དབྱངས་པ་ཞེས་པར་ཐོགས་དབང་པོ་སྨན་ཐང་པའི་སློབ་རྒྱུན་མཁས་པ་ཞིག་བཀུག་ནས་ཐམས་ཅད་མཁྱེན་པའི་རྣམ་ཐར་ཞིང་བཀོད་ཐང་ཁ་གསུམ་ལ་ཚང་བ་དེ་ཞོར་དུ་གུར་མགོན། དུད་སོལ་མ། ལས་གཤིན་གསུམ་གྱི་སྐུ་བརྙན་བཞེངས་ཏེ་རྡོ་རྗེ་འཆང་ལ་རབ་གནས་ཞུ་བ་མཛད་པ་བྲིས་བཀོད་ཕུན་སུམ་ཚོགས་པ་བྱུང་ཞེས་དགྱེས་པའི་རྩེར་སོན་འདི་གྲས་ལྕགས་སྟག་ལོ་སྐྱིད་ཤོད་གུང་ཐང་དུ་བཞུགས་ཡུལ་གནང་སྐབས། གཉན་མགོན་ཞལ་བཞི་པ་དང་གནོད་སྦྱིན་བེག་ཙེ་ལྕམ་དྲལ་གཉིས་ཟུར་ཀུན་མཁྱེན་ཆེན་པོས་ཕྱག་བྲིས་གནང་ཞིང་བེག་ཙེའི་སྐྱ་བྲིས་ཀྱི་དུས་ཟུར་ཆེན་གྱི་འོད་གསལ་དུ་དུར་ཁྲོད་སོགས་ཀྱི་བཀོད་པ་སྣ་ཚོགས་བྱུང་བ་མུས་སྲད་པའི་ཐང་རྙིང་ཁུངས་བཙུན་ཞིག་གཟིགས་འདུག་པ་དེ་ཁོ་ན་ལྟར་སྣང་ཞེས་ཐུགས་ངེས་མཛད། ཆུ་ཕོ་སྤྲེལ་ལོ་གསོལ་འདེབས་གནང་བས་རྡོ་རྗེ་འཕྲེང་བའི་དབང་བསྐུར་བར་ཞལ་གྱིས་འཆེས་སྐབས་གདན་ས་འོག་གི་བདག་ཆེན་ཁྲི་ཐོག་པ་འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་དྲུང་དུ་མཁན་རིན་པོ་ཆེ་ངག་དབང་ཆོས་གྲགས་ཀྱིས་ཕྲེང་བ་གསན་པའི་


GLG008_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཚུལ་བྱུང་བར་བརྟེན་བདག་རྒན་པོའི་དགེ་སྦྱོར་བཅག་པ་ལས་རིན་པོ་ཆེ་བ་སྐུ་ན་གཞོན་ཞིང་མཁྱེན་པའི་ཀློང་ཡངས་པས་དེར་ཞུས་ཤིག་པའི་སྐབས་དབྱེ་བ་བཀའ་བཞིན་སྒྲུབ་པའི་ཆེད་དུ་གྲང་མོ་ཆེའི་གཙང་པོ་བྱང་ཁ་བླ་བྲང་རྫོང་དུ་ཡོངས་རྫོགས་གནས་ལྔ་རིགས་པའི་པཎྜི་ཏ་ཆེན་པོ་ཐམས་ཅད་མཁྱེན་པ་ངག་དབང་ཆོས་ཀྱི་གྲགས་པའི་ཞབས་དྲུང་ཉེ་བར་བསྙེན་ཏེ་རྗེ་བཙུན་རྡོ་རྗེ་བཙུན་མོའི་གནང་བ་ཐོབ་པར་བརྟེན་ནས་སློབ་དཔོན་འཇིགས་མེད་འབྱུང་གནས་ཞབས་ཀྱིས་རྒྱུད་སྡེ་བཞིའི་དཀྱིལ་འཁོར་མཐའ་དག་སྤྱི་བཀའི་ཚུལ་དུ་དགོངས་པ་བཀྲལ་བ་ཕྲེང་བ་སྐོར་གསུམ་མཛད་པ་དང་ཕྱོགས་མཚུངས་པར་སློབ་དཔོན་ཆེན་པོ་དཪྦན་ཨཱ་ཙཪྻས་ཀྲྀ་ཡས་མུཉྩ་མཛད་པ་གཉིས་ཀྱི་དབང་གི་ཆུ་བོ་ས་བཟང་འཕགས་པ་ནས་གཅིག་ཏུ་འདྲེས་པ་རྡོ་རྗེ་འཆང་ཨེ་ཝཾ་པ་ཀུན་དགའ་བཟང་པོ་བརྒྱུད་པར་བཅས་པའི་ཕྱག་བཞེས་ཉམས་པ་མེད་པ་ཕྲེང་བ་ཞེ་ལྔ་མའི་དབང་། ཀུན་རིག་དང་བསྲུང་བ་ལྔའི་དབང་། ས་སྐྱ་པ་ཆེན་པོ་དང་སློབ་དཔོན་རིན་པོ་ཆེའི་བཀའ་འབུམ། གླང་རི་ཐང་པས་མཛད་པའི་བློ་སྦྱོང་གི་རྩ་བ་རིན་པོ་ཆེ་རྟ་ར་བའི་རྣམ་ཐར་སྔགས་འཆང་ཉིད་ཀྱིས་མཛད་པ་སོགས་སྔ་ཕྱིར་ཆོས་མང་དུ་གསན་ནོ། །གྲངས་མེད་འགྲོ་ངོར་གཅིག་ལ་དུ་མའི་གར། །སྣང་ཚུལ་རྒྱུད་སྡེ་བཞི་ཡི་ལྷར་ཤར་འགའ། །ལོ་པཎ་བཞེད་པ་མ་ནོར་སྒྲུབ་མཆོད་སྲོལ། །ལེགས་བཏོད་སྙིང་པོའི་རིང་ལུགས་སྲོག་གི་ཟུངས། །ཕག་མོའི་བྱིན་རླབས་ཙམ་ལ་དབང་བསྐུར་དུ། །རེ་བའི་དུག་བྲལ་ནཱ་རོ་མཻ་ཏྲི་ཡི། །བཞེད་གཞུང་སྨན་གྱི་ཆུ་བོ་ཨརྒའི་རྒྱུན། །སྦྲེང་བའི་རྔོག་སྟོན་ཨ་ག་སྟྱ་ཡི་སྤུན། །འགྲོ་ཀུན་བདེ་བའི་དགའ་


GLG008_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ལ་སྦྱར་ནས། །འདི་ཕྱིའི་དོན་གཉིས་ཡོངས་གྲུབ་བཀའ་གདམས་ཀྱི། །ཟབ་ཆོས་ཇོ་འབྲོམ་ཉིང་ཁུ་ལྷ་བཞིའི་ཁྲིད། ཁྱོད་ཐུགས་རིན་ཅེན་ཟ་མ་ཏོག་ཏུ་བསྐྱིལ། །ཀླུ་སྒྲུབ་སྙན་གྲགས་གཡུ་དམར་འདབ་འཕྲེང་རྒྱན། །སྒྲ་འཛིན་མུན་པའི་མལ་ནས་སློང་བ་ལ། །བལྟོས་མིན་སྔ་འགྱུར་སྒྲོན་མེ་ལམ་བཟང་གཟུགས། །གཟིགས་ལ་དགྱེས་པའི་ཞལ་འཛུམ་ཚར་དུ་དངར། །འཇམ་དབྱངས་འཁོན་སྟོན་ཆོས་ཚུལ་ཀུནྡའི་ཚལ། །སྐྱོང་ལ་ཐོས་བསམ་སྒོམ་པར་དབང་ཕྱུག་ཟླས། །མགོན་ཁྱོད་མཉེས་བྱེད་ཐེག་མཆོག་མཆོད་པའི་སྤྲིན། །ཀུན་བཟང་རྣམ་པར་ཐར་དེ་ངལ་གསོར་འགྱུར། །མཐའ་ཀླས་རྒྱུད་སྡེ་རྒྱ་མཚོའི་བང་མཛོད་སྒོ། །རྣམ་དཔྱོད་ཡངས་པའི་ལྡེ་མིག་འཕྲུལ་པོ་ཆེས། །འབྱེད་ལ་ཕུར་བུའི་བློར་འགྲན་ཞ་ལུ་པས། །བཞེད་པའི་རེ་བཀང་ཡོངས་འདུ་ས་བརྟོལ་བཞིན། །ཚོགས་བཤད་གཅན་གཟན་དྲེགས་པའི་ངར་སྐད་ལྟར། །རབ་གནོན་སློབ་བུ་མཆོག་ལ་གདམས་བྱའི་འཁྲིད། །འཇིགས་མེད་སེང་གེའི་ང་རོ་སྒྲོག་པའི་འཁྲིད། །ཕྱོགས་བཅུའི་རྒྱལ་བས་དབང་བསྐུར་ལེགས་སོ་བྱིན། །ངག་གི་དབང་ཕྱུག་དབྱངས་ཅན་ངང་མོ་དཀར། །རབ་འབྱམས་མཁྱེན་པའི་ཐུགས་མཚོར་རྟག་རོལ་བས། །ཆོས་ཕུང་མགྲིན་པའི་དྲིལ་ཆུང་སྒྲོག་པའི་གླུ། །ལེན་པའི་གྲགས་སྙན་སྲིད་པའི་རྩེ་ལས་བརྒལ། །མཐའ་ཡས་འགྲོ་ཁམས་དང་འཚམ་ཐུབ་གསུང་དོན། །འཆད་མཁས་གཏམ་གྱི་སྦྱོར་བ་ལག་པའི་རྗེས། །གཙུག་ལག་བྱེ་བའི་རྩིག་པར་ལེགས་བཞག་པའི། །རི་མོ་མིག་གསུམ་པས་ཀྱང་དབྱེ་ནུས་མིན། །རིན་ཅེན་སྒང་པའི་གདུང་བརྒྱུད་རིམ་བྱོན་གྱི། །རང་བསྟན་ས་ཆེན་གྱེན་དུ་རབ་བཏེག་པའི། །སྙིང་སྟོབས་ཁྱབ་འཇུག་ཁེངས་འཕྲོག་ཡོངས་འཛིན་འདིས། །ཡབ་རྗེ་བླ་མའི་བཞེད་པ་ཅི་ཡང་བཀང་། །


GLG008_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རྡོ་རྗེ་འཆང་གཞན་སྣང་དུ་སྐུ་ན་ཆེར་སྨིན་ཅིང་སྤྱན་མི་གསལ་བ་སོགས་ནས་དཔལ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་དང་འབྲོམ་སྟོན་ཆོས་ཀྱི་རྒྱལ་པོ་དཔོན་སློབ་ཀྱི་རྣམ་ཐར་བཞིན་ཡར་ཀླུངས་བཀྲ་ཤིས་ཆོས་སྡེར་ཕེབས་དགོས་སོགས་ཐུགས་བྲེལ་གཞན་རྣམས་ཁྱད་དུ་བསད་དེ། བླ་མའི་སྲི་ཞུའི་ཞམ་འབྲིང་ལ་གལ་ཆེ་བར་དགོངས་ནས་བཅར་བཞུགས་གནང་བའི་ལོ་སྔོན་མ་རྣམས་སུ་རྡོ་རྗེ་འཆང་གཞན་དོན་དུ་གཤེགས་གྲབས་ཁ་ཡར་བྱུང་བར་རྗེ་འདི་ཉིད་ཀྱིས་གསོལ་འདེབས་བརྟན་བཞུགས་གནང་བས་ཞལ་ངོ་མ་བཟློག་པར་བཞུགས་ཤིང་ཁྱད་པར་ཕ་དམ་པ་ལུགས་ཀྱི་འཆི་མེད་མགོན་པོའི་སྒོ་ནས་བརྟན་བཞུགས་འབུལ་བ་གནང་བས་ཚེ་གཏོར་དགུ་འདྲེན་སྒང་ལ་བདུད་རྩིར་ཞུ་བ་སོགས་རྟགས་མཚན་ལེགས་པར་བྱུང་། ཆོས་སྡེའི་གྲྭ་པ་འཕྱོས་པ་འཕྲིན་ལས་རྒྱ་མཚོ་ཟེར་བ་ཞིག་ལ་སེམས་སྐྱོན་མ་ཆགས་རུང་རྗེ་བཀའ་འགྱུར་པ་དབུས་ལ་ཕེབས་པར་ཡིད་གདུངས་ནས་རྡོ་རྗེ་འཆང་ལ་ད་ཆ་རྡོའི་ངོས་རང་ཡིན་འདུག་ཡང་ན་ནི་སྐུ་ཁམས་གཞི་མེད་དུ་གདངས་ན་ལེགས་ཤིང་། དེ་མིན་ཞིང་གཞན་གཤེགས་ན་ཞེས་གླེང་མོ་བཏང་བ་བྱམས་པས་སྙན་དུ་གསོལ་པ་ན་ཁོ་བདེན་དཔོན་དྲུང་གིས་ནན་ཆགས་གསུངས་པ་མ་བཟློག་པར་བསྡད་པ་མ་གཏོགས་སྡོད་འདོད་ཀྱང་མེད་ཅིང་གཞན་དོན་མི་ནུས་པའི་ལུས་འདི་དེ་ག་རང་དུ་འདུག་གསུང་ཆུ་བྱ་ཚེས་བཅུ་ཞིག་ལ་རྗེ་བླ་མ་ཕྱི་རོལ་ཏུ་མངོན་པའི་སྙུན་སོགས་ཡེ་མེད་པའི་ངང་ནས་དྲུང་ཆེན་བྱམས་པ་བསྟན་འཛིན་པར་ཁོ་བོ་འགྲོ་བ་ཡིན་ཚུལ་གསུངས་པ་བྱམས་པས་རྗེ་ཉིད་ལ་ཞུས་པར་བརྟེན་དྲུང་དུ་ཕེབས་ཤིང་ནན་ཏར་གསོལ་འདེབས་གནང་བས་ཞལ་གྱིས་བཞེས་ཏེ་སྐུ་ཚེ་བྱིན་གྱིས་


GLG008_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་ནས་ལོ་གསུམ་བཞུགས་པའི་བར་མཚམས་སུ་སྐུ་ཅུང་ཟད་དྭངས་སྐབས་ཚོར་དབང་རྗེས་གནང་འཁྲིད་ཀྱི་རིགས་འགའ་གསན་ཅིང་། རྭ་པོད། དཔལ་འཛིན་པོད་ཆུང་གིས་མཚོན་པའི་ལུང་དུ་མ་སྤྱན་ཆབ་བཅུག་ནས་གནང་། སྙན་བརྒྱུད་ཞལ་བཞེས་གལ་ཆེ་བའི་རིགས་སོགས་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་པར་བཞུགས། འཇམ་དབྱངས་རྡོ་རྗེས་དགེ་སློང་རབ་འཛིན་བསད་པའི་རྐྱེན་གྱིས་རྗེ་བཙུན་བཀའ་འགྱུར་བ་ཤིང་ཕག་ཧོར་ཟླ་བཅུ་གཅིག་པའི་ནང་དུ་དགོན་པའི་དོན་སྐོར་ལ་གཞིས་ཀ་རྩེར་ཕེབས་དེ་དུས་ཡར་འབྲོག་ཏུ་སོག་པོ་ཨ་ས་ལང་གི་དམག་རྒྱུགས་པས་དབུས་གཙང་ཐམས་ཅད་ཟི་ཆོད་དེ་བའི་སྐབས་དང་འགྲིག་པའི་གཙང་སྡེ་སྲིད་ནས་སོག་བཟློག་ལ་དམིགས་པའི་སྐུ་རིམ་གནང་དགོས་ཚུལ་ཕེབས་པ་ལྟར་མགོན་པོ་ཁྲོ་བཅུའི་གཏོར་བཟློག་མཛད། རྫོང་གི་གཏོར་རྒྱག་པ་ཕལ་ཆེར་འཆམས་སོགས་སྤྲོས་བཅས་ལྷུར་ལེན་ཅིང་གཟིགས་མོའི་ཁྱད་ཀྱིས་ཆོ་ག་རྫོགས་མ་རྫོགས་ལ་མི་བལྟོས་པར་གཅིག་རྗེས་སུ་གཅིག་འདོན་པ་ཞིག་ཡོད་འདུག་པ་དྲུང་ཡིག་བདེ་རྒྱས་པ་འོངས་ནས་དོན་དགོས་ཚུལ་དང་འཆམས་སོགས་ཇི་ཙམ་ཡོད་ཀྱི་དྲི་བ་བྱུང་བར་རྡོ་རྗེ་སློབ་དཔོན་གྱི་ཆས་ཞུགས་ཙམ་ལས་འཆམས་བྱེད་ཀྱིན་མེད་ཆོ་གའང་ཉིན་འཚམས་ལས་མི་གྲུབ་འདུག་གསུངས་པས་གཞན་ཚོའི་པད་ལས་དང་མ་མཐུན་པས་དགོངས་པ་ལ་འཐད་རྒྱུ་རང་མ་བྱུང་འདུག །འོན་ཀྱང་ཆོས་སྐྱོང་བྲན་དུ་འཁོལ་བའི་སྙན་གྲགས་ལ་བརྟེན་མཐོངས་ལྕགས་རྫོང་དུ་སྐུ་རིམ་ལ་རྫོང་བདའ་གནང་བའི་ཕེབས་ཞོར་ནང་སོ་དགེ་འདུན་རྒྱ་མཚོའི་ཇོ་ཇོ་ཐར་པའི་གཉེར་པས་གདན་དྲངས་ཀུན་མཁྱེན་དཔྱལ་བའི་གདན་ས་ཐར་པ་དགོན་གྱི་རྟེན་བརྟེན་པ་རྣམས་ཞིབ་མཇལ་


GLG008_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཚེ་སྟག་ཞོན་ཡབ་ཡུམ་གྱི་འཆམས་སྐུའི་ཞལ་རས་ལས་བདུད་རྩི་བབས། ལོ་ལོ་བཞིན་ཚོགས་བརྒྱའི་དུས་འཆམས་སྐུ་ཕྱིར་འདོན་ཁར་སྣུམ་ཕྱིས་སོགས་བྱེད་དགོས་པ་ལ་དེ་ནས་ལོ་ཤས་དགོས་པ་མ་བྱུང་ཟེར། འདར་དུ་ཡུལ་སར་ནང་པར་བྱོན་པའི་སྟག་སྣ་ནང་པའི་སྲས་མོ་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་སྣང་དཔོན་བྱང་སེམས་ལགས་ཀྱིས་རྡོ་རྗེ་འཆང་གི་དྲུང་དུ་མཆི་མ་དང་བཅས་མཐོང་ལྕགས་རྫོང་ཤིན་ཏུ་གཉན་པ་ཡོད་འདུག་པས་སྲུང་འཁོར་གནང་དགོས་ཞུས་པས་དེ་ལྟ་བུ་བསམས་པ་དགའ་རབ་ཡིན། དཔོན་རིན་པོ་ཆེ་གཞན་དང་མི་འདྲ་བས་སྐྱོན་མི་ཡོང་གསུངས། མཐོངས་ལྕགས་རྫོང་བདག་ཆེན་རྡོ་རྗེ་འཆང་གི་སྙན་སྒྲུབ་ལས་སྦྱོར་གནང་ས་གསང་བའི་མགོན་ཁང་བོད་ཡུལ་ན་གཉན་པ་དེར་ལས་སྦྱོར་གྱི་བཅའ་གཞི་རྣམས་ཀྱང་ཤིན་ཏུ་འགྲིག་པ་ནས་གསང་བ་ཡིད་བཞིན་ནོར་བུ་ནས་བཤད་པ་ལྟར་གྱི་མངོན་སྤྱོད་རྒྱས་པར་གནང་སྐབས་བདག་ཆེན་རིན་པོ་ཆེའི་གསོལཕོད་རེ་ནག་དང་དབུ་ཞྭ་ཡང་མཆོད་ཅིང་རྫས་ལ་རྟ་དང་བྱ་རོག་གི་སྙིང་དགོས་པ་ཆེད་དུ་གསོད་པ་མ་འགབ་པའི་རྙེད་དཀའ་ཚེ་མགོན་ཁང་སྟེང་གི་ནམ་མཁར་བྱ་རོག་སྡེར་འཛིངས་བྱས་པས་གཅིག་ཤི་ནས་ལྷུང་བ་དང་རྒྱལ་རྩེའི་ལྟག་ཏུ་མི་ཞིག་གི་རྟ་ནག་ལ་གློ་བུར་དུ་བཙན་རྒྱབ་སྟེ་འབད་མེད་དུ་རྙེད་གདབ་ལས་ཀྱི་དུས་ཤ་ཚིལ་དྲི་ཆེན་སྤོས་སོགས་ཀྱི་དྲི་ངེས་མེད་བསྲེག་མཁན་མེད་པར་འཐུལ་བ་དང་མགོན་ཁང་མདོའི་བར་འཁྱམས་སུ་སྐད་ངན་འཁུན་བུ་འདོན་ཞིང་བཤུག་གླུ་ལེན་པ་སོགས་ཚུབ་ཆ་ཆེ་བས་གསོལ་དཔོན་དང་མཆོད་དཔོན་གཅིག་པུར་འགྲོ་མི་ནུས་པ་བྱུང་ཞིང་། དམིགས་བྱ་ཨས་ལང་ཧུང་ཐའི་ཇི་བློན་པོ་དང་བཅས་པ་ལོ་གཅིག་ཙམ་ནས་ནང་འཁྲུགས་ཀྱི་


GLG008_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་མེད་དུ་སོང་རྟགས་མཚན་ཆེ་ཡང་རྣམ་ཤེས་འོག་མིན་དུ་རྒྱལ་བའི་སྲས་སུ་བསྐྲུན་པ་རྒྱུད་སྡེའི་དགོངས་པ་བླ་ན་མེད་པ་ཡིན་པས། ཀུན་མཁྱེན་མཁྱེན་བརྩེའི་གསུང་མགུར་ལས། ཨེ་མ་རྒྱུ་འབྲས་རྟེན་འབྲེལ་དགོད་རེ་བྲོ། །དལ་མེད་སྔགས་སྨྱོན་འདྲེན་པའི་སྔགས་འཆང་ལ། །འབད་རྩོལ་མེད་པར་ནུས་མཐུ་ཤུགས་ལ་འབྱུང་། །ཆང་འཐུང་འུར་གོག་འཐག་པའི་སྔགས་འཆང་རྣམས། །བན་ལིང་རྔ་བརྡུང་དྲག་ཀྱང་ངལ་བའི་རྒྱུ། །ཞེས་པའི་དོན་ཐོག་ཏུ་ཁེལ་བར་བསམ་མོ། །འདར་དུ་ཕེབས་གདུལ་བྱ་རྟག་པར་འཛིན་པའི་དངོས་ཞེན་ལྡོག་སྟེ་གཏན་མདུན་སྒྲུབ་ལ་བརྩོན་པའི་སྙིང་སྟོབས་ཀྱི་གོ་བགོ་བ་དང་སྐལ་ལྡན་རྗེས་སུ་འཛིན་པའི་འཕྲིན་ལས་ཀྱི་སྒོ་འཕར་ཞིང་ཁམས་གཞན་དུ་འབྱེད་པར་དུས་བབས་ཀྱི་འཛིན་བྱེད་ཅེས་པ་མེ་ཕོ་བྱི་བའི་ལོ་སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་བཟང་པོ་དང་པོར་རྟ་བདུན་རྒྱལ་པོ་ནུབ་རིའི་ཕག་ཏུ་ཞུགས་པར་ཉེ་བའི་ཚེ་ཞིང་བརྗེ་བའི་རྣམ་པ་བསྟན་པ་ན་རྗེ་འདི་ཉིད་ཀྱིས་གསོལ་འདེབས་ཤུགས་དྲག་པོར་མཛད་པས་སྤྱན་ཧུར་གྱིས་གཟིགས་ནས་རྡོ་རྗེ་འཆང་ཚར་པ་ཆོས་རྗེ་དང་ཐམས་ཅད་མཁྱེན་པ་གཉིས་ཕེབས་ནས་དེ་ལ་རིག་པ་ཞུགས་པ་བཞིན་དུ་བདེ་ཆམ་མེར་ཡོད་པ་དེ་སད་པ་ཞིག་བྱུང་། སྔར་ཁྱེད་ཀྱིས་ནན་ཏན་མཛད་པར་བརྟེན་དེ་ཙམ་བསྡད་ཡོད་ད་ཆ་དེ་འདྲ་མཛད་ནས་ཅི་གནང་ཁྱེད་རང་ལ་བལྟོས་བཅས་ཐམས་ཅད་རྗེས་སུ་འཛིན་ཞེས་ཞལ་གྱིས་འཆེས་པ་ནི། ཚར་ཆེན་གྱི་གསུང་མགུར་ལས། ལར་ང་རང་ཐ་མལ་སྙོམས་ལས་ཅན། །ཚེ་འདི་ཕྱི་གང་འགྲོའི་གདེངས་མེད་ཀྱང་། །མི་ང་ལ་བློ་གཏད་བྱས་པ་ཀུན། །ཕ་ཀུན་སྤངས་ཆོས་རྗེས་མཁའ་དབྱིངས་ནས། །དུས་རྟག་ཏུ་སྐྱོང་


GLG008_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཀའ་བཞེས་ཡོད། །ཅེས་གསུངས་པའི་དོན་དང་མཐུན་པར་སྣང་། །གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་སྐབས་བྱམས་པའང་གླིང་གསེབ་ཏུ་སོང་བ་དང་འགྲིག་པའི་རྗེ་ཉིད་ལས་ཕྱག་གཡོག་གཞན་སུའང་མེད་པས་མདོར་ཕེབས་ཏེ་སྒྲུབ་རྙིང་སློབ་དཔོན་འཇམ་དབྱངས་རྒྱལ་མཚན་རྡོ་རྗེ་འཆང་གི་སྐུ་བེར་གྱི་གོང་བ་ལ་འདྲ་སྐུ་འདྲི་ཡིན་ཡོད་སྣང་བར་སྐོར་ཅིག་ལས་མཚམས་ཞོག་ལ་བྱམས་པ་བོས་ཤོག་གསུང་། དེའང་དམ་པ་གང་དེ། མ་ཕམ་པས། །དེ་བཞིན་འཁོར་བ་ཇི་སྲིད་པར། །ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་གསུངས་པ་དང་མཐུན་པར་དམ་པའི་ཆོས་ཀྱི་འཕྲིན་ལས་ནམ་མཁའི་མཐའ་ལྟར་མཉམ་མོད། མཆོད་སྦྱིན་བརྒྱ་ཕྲག་གཅིག་གིས་ལྷའི་བདག་པོར་འགྱུར་བ་བཞིན་ཚེ་རབས་གཞན་དུ་སྦྱིན་ཤུགས་ཀྱི་འབྲས་བུ་ཚེ་འདིར་སྨིན་པར་བླུན་པོ་རྣམས་ཀྱི་ངོར་འཕྲིན་ལས་འཕྲིན་ལས་ཞེས་འབོད་པའི་ཆེན་པོར་གྲགས་པ་རྣམས་དང་མཚུངས་པའི་འབྱོར་བ་མི་མངའ་ནའང་བླ་ཆུང་འགམ་ཁུམས་འཇུགས་པའི་ངང་ཚུལ་ཅན་ཅི་རིགས་ལྟར་བྲེ་གསོག་ཕུལ་གསོག་མཛད་ན་དེ་འདྲར་མ་བལྟོས་པའི་དད་འབུལ་ལ་བརྟེན་ཕྱག་རྫས་འཁྱིལ་ཡོང་ཚོད་དུ་སྣང་ཡང་། ཐམས་ཅད་མཁྱེན་པའི་གསུང་མགུར་དུ། ནོར་ལོངས་སྤྱོད་འབད་པས་བསགས་ན་ཡང་། །ཚེ་ཕྱི་མར་མི་ཕན་ལུས་སེམས་སྡུག །དེ་བསགས་པ་སྙིང་པོ་མ་མཆིས་ཀྱི། །ད་ཟས་ནོར་ཅི་ཡོད་གང་དགར་ཞོག །ཅེས་སྙིང་པོ་མེད་པ་དང་། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་གཟིགས་པས་འདོད་སྲེད་ཀྱི་འཆིང་བ་དང་བྲལ་ཏེ་དཀོན་ཅོག་གི་མཆོད་པ་དང་དབུལ་ཕོངས་ལ་གཏོང་བ་སོགས་འཕྲལ་དག་མཛད་པའི་གཤིས། ཡབ་སྲས་གཉིས་ཀར་གནང་བདེའི་བདོག་


GLG008_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐུ་དམན་པས་དགོངས་རྫོགས་ཀྱི་མཐུན་རྐྱེན་སྒྲུབ་རྩོལ་ཁྱད་ཞག་བདུན་པར་གསང་བའི་ཚུལ་མཛད། ཞག་གཅིག་གི་བར་འོད་གསལ་གྱི་ངང་དུ་མཉམ་པར་བཞག་ནས་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་ཞིང་དུ་གཤེགས་པའི་གདུང་ཡིད་བཞིན་གྱི་ནོར་བུ་གདན་གསུམ་ཚང་བའི་རྡོ་རྗེ་དཔོན་དགྱེས་མཛད་རྡོ་རྗེའི་དཀྱིལ་འཁོར་གྱི་གཙོ་བོར་གྱུར་པར། དངོས་སུ་བཤམས་པ་དང་ཡིད་ཀྱིས་སྤྲུལ་པའི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་བཞིན་ནམ་མཁའ་མཛོད་ཀྱི་སྒོ་འཕར་ཡོངས་སུ་ཕྱེ་སྟེ་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་བསྐྲུན་པའི་མཆོད་པ་སྣ་ལྔ་བརྒྱ་རྩ་ཚར་རེ་ཉིན་ཞག་རེར་བརྗེ་དགོས་ལ་གྲོགས་གཞན་མེད་པས་བླ་མ་འཇམ་དབྱངས་རྒྱལ་མཚན་གཉིད་ལོག་ལོང་མེད་པ་ལྟ་བུ་བྱུང་སྐད། གྲང་མོ་ཆེར་ཀྱེ་རྡོར་མན་ངག་ལུགས་དང་རྡོ་རྗེ་འཇིགས་བྱེད། འདར་བསམ་གྲུབ་དགོན་གསར་བས་ཀུན་རིག །མང་མཁར་ཆ་ལུང་པས་པདྨ་ཡང་གསང་ཁྲོས་པ། ཤིང་མངས་པས་དཔལ་མོ་ལུགས་ཀྱི་ཐུགས་རྗེ་ཆེན་པོ་རྣམས་ཀྱི་ཆོག་གྲྭ་ཞག་བདུན་གྱི་བར་བཙུགས། གནས་དེ་གར་དགེ་འདུན་འདུས་པའི་སེར་ཚོགས་ཀྱི་གྲལ་དབུར་ཡོངས་རྫོགས་གནས་ལྔ་རིག་པའི་པཎྜི་ཏ་མཁན་ཆེན་ངག་དབང་ཆོས་གྲགས་གདན་དྲངས་པའི་མང་ཇ། འབུལ་འགྱེད། ཚ་ར་སོགས་ཀྱིས་བསྙེན་བཀུར། ཉེ་སྐོར་ཕུ་མདའ་བར་གསུམ་གྱི་སྐྱེ་བོའི་ཚོགས་ལ་རྩམ་ནས་སྣམ་རས་ཟངས་ལྕགས་ཁྲོ་ཇ་མར་རྟ་དྲེལ་གྱིས་མཚོན་པའི་ཟང་ཟིང་གི་བདོག་པས་ཚིམ་པར་མཛད། ཧོར་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཀྱི་མཚན་མོའི་ཆར་ཀྱེ་རྡོར་མན་ངག་ལུགས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས་རྗེ་བཙུན་ཉིད་ཀྱིས་ཕྱག་དར་ཏེ་སྐུ་གདུང་རིན་


GLG008_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་དཀྱིལ་འཁོར་གྱི་གཙོ་བོ་དང་ཐ་མ་དད་པར་མཆོད་པའི་ཚུལ་དུ་ཞུགས་སུ་ཕུལ་བའི་ཚེ་ཡེ་ཤེས་ཀྱི་མེ་རང་འབར་ཞིང་སང་ཉིན་ལྷ་རྣམས་ཀྱིས་མཆོད་པའི་ཕྱིར་མེ་ཏོག་གི་ཆར་དང་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་ཟ་འོག་རིས་སུ་ཕུབ་པ་སོགས་ངོ་མཚར་བའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པར་མཆིས། དེ་ནས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཕེབས་ཏེ་བཞི་ཐོག་ཏུ་ཁྲི་རིན་པོ་ཆེ་འཇམ་མགོན་གྲུབ་པའི་དཔའ་བོ་ངག་དབང་ཀུན་དགའ་བསོད་ནམས་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོར་ཐུགས་དམ་འདོགས་རྟེན། ཆོས་དུང་དཀར་པོ་རྒྱང་གྲགས་བཏང་བའི་དགེ་འདུན་ཚོགས་ཆེན་ལ་མང་འགྱེད། ལྷ་ཁང་ཚོར་མཆོད་པ་སྙན་ཤལ་བཟབས་རྒྱས་དང་བཅས་རྡོ་རྗེ་སློབ་དཔོན་དཔལ་ལྡན་བླ་མ་དམ་པ་བསྟན་འགྲོའི་ཕན་བདེ་རླབས་པོ་ཆེ་བསྐྲུན་པར་མཛད་བཞེད་ཀྱི་སྨོན་ལམ་གྱི་རྒྱས་འདེབས། མགོན་ཁང་རྣམས་སུ་མཆོད་གཏོར་བསྐང་བཤགས་བསྟོད་འཕྲིན་རྒྱས་པར་གནང་བའི་དམ་བསྒྲགས་ཤིང་ཁྱད་པར་བས་འབག་ནག་པོ་འཕུར་ཤེས་ཀྱི་དབུ་དཔྲལ་ནས་ཟིལ་པ་ཁྲོམ་ཁྲོམ་བྱུང་བ་ཇེ་འཕེལ་དུ་སོང་བ་ཤངས་རྩེར་བབས་པ་ཞལ་དུ་མཆོད་ཅིང་སྐུ་འཁོར་བ་བྱམས་པ། མཁན་ཆེན་གཞོན་ནུ་བློ་གྲོས་ཀྱི་སྣག་དབོན་ནང་སོ་དགེ་འདུན་རྒྱ་མཚོ། མཆོད་དཔོན་གསུམ་ལ་གནང་བ་ཟས་གང་དང་ཡང་མི་འདྲ་བའི་ཞིམ་ལ་བཅུད་ཆེ་བ་དྲི་བཟང་ཆགས་པ་བྱུང་ཞིང་དེའི་ཤར་གཡུ་ཐོག་ཏུ་བཞུགས་པའི་མགོན་པོའི་སྐུ་ལས་བདུད་རྩིའི་རྒྱུན་གོང་དང་འདྲ། ས་བཟང་སྐུ་འབུམ་མཆོད་ཁང་ན་མགོན་པོའི་སྐུ་ཐལ་བའི་རྡུལ་གྱིས་ཆེར་གོས་པའི་ལྟ་སྣང་མི་སྤྲོ་བ་ཞིག་ལ་སྙན་དར་འབུལ་གྲབས་མཛད་པའི་ཚེ་སྐུ་འཁོར་


GLG008_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདྲས་འདི་ལ་ཕུལ་ནས་ཅི་གནང་ཞུས་པར་ཡེ་ཤེས་པ་གང་ན་བཞུགས་མི་ཤེས་ཞེས་ལྷ་གོས་སྒྲོན་པ་དང་དུས་མཉམ་དུ་བདུད་རྩི་བབས་པ་གསུམ་ག་མཆོད་དཔོན་འཇམ་དབྱངས་རྒྱལ་མཚན་གྱིས་ཐོག་མར་ངོས་ཟིན། བདུད་རྩི་བབས་པར་བློ་ཆུང་བ་རྣམས་ཡ་མཚན་གྱི་གནས་སུ་བྱེད་ནའང་སྐུ་ཚེ་མང་པོར་ཆོས་སྐྱོང་བྲན་དུ་འཁོལ་བར་མ་ཟད་གསང་རྟེན་ལུས་ལ་སྦ་བའི་རྣལ་འབྱོར་དང་ལྡན་ན་དམ་ཅན་གྲིབ་མ་བཞིན་འཁོར་བར་དཔལ་བརྩེ་བ་ཆེན་པོ་ལ་དགག་མཁན་མེད་པའི་དབུ་སྙུང་བཞེས་པར་དཔགས་ན་མཚར་འཛིན་གྱི་ཆེན་པོར་མི་སེམས་སོ། ། ཁའུ་སྐྱེས་ལྷས་སུ་ཕེབས་སྐབས་དགོན་པའི་འོག་ཙམ་དུ་ཆིབས་གཤོལ་ནས་སྤྱན་ནམ་མཁའ་ལ་ཧུར་རེར་གཟིགས་ཏེ་རྒྱང་ཙམ་བཞུགས་པ་འཕྲལ་དུ་འདི་ཡིན་མི་གསུང་ཡང་རྗེས་སུ་རྡོ་རིང་རིན་པོ་ཆེ་མན་ཆད་ཀྱི་བླ་མ་རྣམས་ཕེབས་དུས་གཉན་མགོན་བྲམ་ཟེའི་གཟུགས་ཀྱི་བསུ་བ་རེ་ངེས་པར་བྱུང་འདུག་ཅེས་དྲུང་དུ་འཁོད་པར་བཀའ་སྩལ་བ་ལ་དཔགས་ན་དེ་དུས་གཟིགས་སྣང་ཁྱད་པར་ཅན་བྱུང་བ་གོར་མ་ཆག །སྐྱེས་ལྷས་ཀྱི་དགེ་འདུན་རྣམས་ལ་སྒེར་དུ་མང་ཇ་མི་རེར་ཞྭ་འགྱེད། རྟེན་གྱི་ཚོགས་ལ་མཆོད་པ་སྙན་ཤལ་བསྐང་བ་འཕྲིན་བཅོལ་དམ་བསྒྲགས། ཞབས་དྲུང་བདག་ཆེན་རིན་པོ་ཆེ་མཇལ་ཞིང་དགྱེས་པའི་གསུང་གླེང་མང་དུ་སྩལ། བཀའ་ཆོས་ཀྱི་སྙན་གསན་གནང་བས་འབྲུམ་ནད་ལས་གྲོལ་ནས་ཡུན་རིང་ཙམ་སོང་རུང་དཔོན་ཚང་རྣམས་ཀྱིས་སྐོར་ཅིག་དཔེ་ལྟ་སོགས་མི་འགབ་ཟེར་བས་ད་ལམ་མི་ཐུབ་འདུག་སླར་ལོང་དང་བསྟུན་པའི་བྱེད་ཅེས་དགྱེས་པའི་ཞལ་གྱིས་བཞེས། ཞ་ལུར་མང་ཇ་ཚ་ར་དང་། ངོར་ཨེ་


GLG008_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཝཾ་ཆོས་ལྡན་གཙོ་བོར་གྱུར་པའི་ས་ལུགས་དང་། གཞན་ཡང་གྲུབ་མཐའ་རིས་མེད་རགས་བསྡུས་དབུས་གཙང་གི་སྡེ་དགོན་མང་དག་ལ་མང་ཇ་བསྔོ་རྟེན་རྒྱ་ཆེར་སྤེལ། རྗེ་རྡོ་རྗེ་འཆང་ཞི་བའི་དབྱིངས་སུ་གཞོལ་བར་ཉེ་ཚེ་སྐུ་ཅུང་ཟད་ཧྲེབ་པའི་ཚུལ་བསྟན་པར་ཉིན་མཚན་ཀུན་ཏུ་སྐྱོ་ངལ་མེད་པར་གནང་བས་ཐུགས་དམ་ཆག་མེད་རྣམས་ལ་ཐང་ལྷོད་ཅི་རིགས་བྱུང་བར་བརྟེན་མེ་གླང་དབུས་སུ་ཕེབས་ཞོར་ངོར་ཨེ་ཝཾ་ཆོས་ལྡན་དུ་མཁན་ཆེན་ཐར་པ་རྩེ་བ་ནམ་མཁའ་སངས་རྒྱས་ལ་ལམ་དུས་སོགས་ཆག་མེད་གསོ་བ་མཛད། རིམ་གྱིས་ཡར་ཀླུངས་བཀྲ་ཤིས་ཆོས་སྡེར་ཕེབས་ནས་རྩེ་ཚོགས། རྩེས་དང་ས་དགེ །དཀོན་གཉེར་ཕྱི་ནང་། རི་བོ་ཆོས་གླིང་། བཀྲ་ཤིས་ཆོས་སྡེ། ལམ་རིམ། བཀྲ་ཤིས་བདེ་ཆེན། རས་ཆུང་ཕུག་སོགས་ཀྱི་སེར་ཚོགས་གྲལ་དབུར་ཐུབ་བསྟན་རྡོ་རྗེ་བྲག་ནས་དུས་གསུམ་སངས་རྒྱས་དཔལ་ཨོ་རྒྱན་ཆེན་པོའི་རྒྱལ་ཚབ་བྱང་པ་ངག་དབང་རིགས་འཛིན་རྡོ་རྗེ་ཆོས་རྒྱལ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་སྤྱན་དྲངས་འབུལ་འགྱེད་མང་ཇ་ཚ་ར་ལ་བརྟེན་པའི་རྙེད་བཀུར་ཡང་དག་བསྒྲུབས། རིགས་འཛིན་ངག་གི་དབང་པོའི་དྲུང་དུ་རྡོ་རྗེ་དྲག་པོ་རྩལ་གྱི་བྱིན་རླབས་ཐུགས་དབང་། ལྕགས་སྡོང་མ་དང་ཚེ་གུར་སྦྲགས་མ། ཉང་གི་དྲག་པོ་མེའི་སྤུ་གྲི་རྣམས་ཀྱི་དབང་། རིག་འཛིན་ཆེན་པོའི་འཁོར་བ་དབྱིངས་སྒྲོལ་གྱི་ཆོས་སྐོར། གུ་རུ་ཡོན་ཏན་གཏེར་མཛོད་ཀྱི་དབང་ལུང་། སྔགས་སྡེབས་སྙིང་གཟེར་ནག་པོ་དང་གཏེར་སྟོན་བརྒྱ་རྩའི་གསོལ་འདེབས་ཀྱི་ལུང་། གྲུ་གུ་ཡང་ཝཾ་གི་འཇོམས་བྱེད་ཉི་ཟླ་ནག་པོའི་ཆོས་སྐོར། པདྨ་གླིང་པའི་གུར་ཕུར་ཞབས་ཅན་དང་རཀྴའི་ཞལ།


GLG008_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

གཟི་ལྡན་དབང་ཕྱུག་གི་སྒྲུབ་ཐབས། གདོང་བཞི་པའི་བསྙེན་སྒྲུབ་ལས་གསུམ་གྱི་ལུང་སོགས་སྔ་ཕྱིར་དམ་པའི་ཆོས་ཀྱི་བཀའ་དྲིན་མང་དུ་གསན་པར་གནང་། དགོངས་པ་རིན་པོ་ཆེ་ཆོས་ཀྱི་དབྱིངས་སུ་རྫོགས་པ་དང་ཕྱི་རབས་གདུལ་བྱ་རྣམས་ཀྱི་ལེགས་བྱས་རྒྱ་མཚོའི་ཞིང་གི་ཆེད་དུ་ཨེ་ནས་སྤྲུལ་སྐུ་མཁས་པ་ཆོས་འཕེལ་ཅན་ལྔ་བཀུག་སྟེ་བཟོ་གྲ་བཙུགས་ཤིང་རྡོ་རྗེ་འཆང་གི་སྐུ་ཚབ་མགུལ་པ་ཡན་རྗེ་བླ་མ་དམ་པས་ཕྱག་བཟོ་གནང་བས་ཞལ་ཁྱིམ་མངོན་སུམ་ལྟ་བུ་མཐོང་ཐོས་དྲན་དང་རེག་པས་རྣམ་པར་གྲོལ་བའི་བྱིན་རླབས་ཀྱི་གཟི་བྱིན་འོད་དུ་འབར་བ་གཙོ་བོར་བཞུགས་པའི་མཐའ་སྐོར་དུ་སངས་རྒྱས་རྡོ་རྗེ་འཆང་། རྡོ་རྗེ་བདག་མེད་མ། གྲུབ་ཆེན་བི་རཱུ་པ། བརྩེ་ཆེན་སྙིང་པོའི་ཞབས། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་པཎྜི་ཏ། ཆོས་ཀྱི་རྒྱལ་པོ་འཕགས་པ། ཚོགས་སྒོམ་རིན་པོ་ཆེ། ཉན་ཆེན་བསོད་ནམས་བརྟན་པ། རྒྱལ་བ་བྲག་ཕུག་པ། དཔལ་ལྡན་བླ་མ་དམ་པ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་རྡོ་རྗེ་འཆང་། མུས་ཆེན་འཁོར་ལོ་སྡོམ་པ། བདག་ཆེན་རྡོ་རྗེ་འཆང་། རྗེ་བཙུན་ཁའུ་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །མཚུངས་མེད་གཞོན་ནུ་བློ་གྲོས་མཁན་ཆེན་བསླབ་གསུམ་རྒྱལ་མཚན་བར་གྱི་ལམ་ཟབ་བརྒྱུད་པའི་སྣང་བརྙན་གྱི་ཞལ་ཁྱིམ་བཟོ་བོས་དཔེ་མ་ལོན་པ་མི་འཕྱུགས་པའི་ཁྱད་ནས་ཕྱག་སོར་གྱིས་བསྐྲུན་པ་དང་བཅས་པར་གནས་ཆེན་དུ་མའི་ས་སྣ་རྡོ་སྣ། དམ་རྫས་ཁྱད་པར་ཅན། སྨན་སྣ། དར་སྣ་སོགས་བསྲེས་པའི་སྐུ་རྒྱུ་ལ་བྱད་དབྱིབས་བགྲེས་གཞོན་བཞུགས་སྟངས་ན་བཟའ་ཁ་དོག་རྣམས་དཔེ་ཁུངས་


GLG008_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་དང་གསུང་རྒྱུན་ལས་བྱུང་བ་ལྟར་ལ་དེ་བཞིན་གཤེགས་པའི་འཕེལ་གདུང་གིས་གཙོས་ཡུངས་འབྲུ་ལྟ་བུའི་རིང་བསྲེལ། བླ་མ་གོང་མ་དེ་དག་གིས་མཚོན་པའི་དམ་པ་དུ་མའི་སྐུ་བལ་དང་སྐུ་གདུང་གི་རིང་བསྲེལ། རྒྱུད་སྡེ་རྣམ་བཞིའི་གཟུངས་ཆོས་སྐུའི་རིང་བསྲེལ་གནོད་སྦྱིན་འཁོར་ལོ་སོགས་གཟུངས་བཞུགས་ཀྱི་རིམ་པ་རྟེན་བཞེངས་སོ་བྱས་སོ་བའི་འཇིག་རྟེན་ཆོས་བརྒྱད་ལྷུར་ལེན་པ་དང་མི་འདྲ་བར་དམ་པའི་ཕྱག་བཞེས་འཁྲུལ་པ་མེད་པར་ཐུགས་རུ་ཤིན་ཏུ་ང་བ་རྣམས་ཀྱི་བཞུགས་ཁྲི་ན་བཟའ། མདུན་ལྕོག །ཅང་ཏེ། རྡོར་དྲིལ། ནང་མཆོད་ཀ་པཱ་ལ། བུམ་པ། ཞལ་དཀར། སྤྱི་བླུགས། བཟེད་ཞལ་སོགས་རུང་མཐུན་མཁོ་བའི་ཡོ་བྱད་རྣམས་སླ་ཆོས་སུ་མ་སོང་བའི་ལེགས་པར་བསྒྲིག་པ་གནང་སྟེ་བཀྲ་ཤིས་ཆོས་ཀྱི་འདུས་གྲྭ་ཆེན་པོར་ལམ་ཟབ་བླ་མ་ལྷ་ཁང་ངོ་མཚར་བ་གྲུབ་པར་གཉིས་སུ་མེད་པ་དཔལ་དགྱེས་མཛད་རྡོ་རྗེ་མན་ངག་ལུགས་ལྷ་དགུའི་དཀྱིལ་འཁོར་དང་རྗེས་སུ་འབྲེལ་བའི་རབ་གནས་ཉིན་གསུམ་མའི་སྒོ་ནས་འོག་མིན་ཞིང་ཁམས་རྒྱ་མཚོ་ནས་ཡེ་ཤེས་པ་གངྒཱའི་ཀླུང་གིས་བགྲང་བར་མི་ནུས་པ་སྤྱན་དྲངས་ཏེ་དམ་ཚིག་པ་དང་རོ་གཅིག་ཏུ་བརླབས་པ་དེའི་ཚེ་འཆི་མེད་ཀྱི་ལམ་ཀུན་གུར་གྱི་དབྱིབས་ལྟ་བུའི་འཇའ་རིས་སྣ་ལྔ་བཀྲག་ཏུ་འཚེར་ཞིང་གསོལ་གདབ་སེམས་བསྐྱེད་ཀྱི་དུས་མེ་ཏོག་གི་ཆར་བབས་པ་ཐམས་ཅད་ཀྱི་མངོན་སུམ་པའི་སྤྱོད་ཡུལ་དུ་གྱུར། བཟོ་བོ་རྣམས་ཀྱང་ཡོན་ཏན་གྱིས་ཚིམ་པ་སོགས་ལྷ་མཆོད་མི་མཆོད་རྒྱས་པར་མཛད། ས་སྟག་ཧོར་ཟླ་བཅུ་གཅིག་པའི་དམར་ཆེན་གཏོར་བཟློག་གི་རྡོ་རྗེ་སློབ་དཔོན་དུ་ཕེབས་སྐབས་དགེ་སློང་ཡེ་ཤེས་བློ་གྲོས་ཀྱི་མཐོང་སྣང་ལ། གསོལ་ལྕོག་གི་ཁར་


GLG008_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲ་ལོ་དང་ཀོང་རྣ་བཏགས་པའི་མགོ་ཞིག་མི་ནག་པོ་ཞིག་གིས་ཁྱེར་ནས་བཞག་སོང་བ་རིང་པོར་མ་ལོན་པར་སྡེ་པའི་ནང་ཟན་ཆོས་སྡེར་ཤིན་ཏུ་བརྣག་པ། ཁྱབ་འཇུག་གཟའི་གདོང་ཐུག་གིས་སྐད་ཅིག་ལ་འཇིག་རྟེན་ཕ་རོལ་ཏུ་སོང་བའི་མི་ནག་པོ་དེ་ནི་འཆི་བདག་གཤིན་རྗེའི་རྒྱལ་པོ་པུ་ཏྲ་ནག་པོར་ངེས་སོ། །དྭགས་པོ་ཕྱོགས་སུ་བཀག་པོའི་ཟི་བུན་ལ་བརྟེན་པའི་འཁྲུག་ཟིང་ཆེར་སོང་བ་གྲ་དོལ་ཡར་ཀླུངས་ལྷོ་བྱང་གི་དམག་དཔོན་བཀྲས་སྒང་ནས་ཀྱིས་བྱས་ནས་ཕྱིན་སྐབས་སྡེ་པ་བཀྲ་ཤིས་རྩེ་བའི་སྐུ་རིམ་དུ་འཇམ་དཔལ་གཤིན་རྗེ་དམར་པོ་རླུང་སྒྲུབ་ཀྱི་དགྲ་མནན་གྱི་ལས་སྦྱོར་གཞིས་ཀར་གནང་བའི་ཚེ་གཏོར་མ་ལས་ཁྲག་རྒྱུན་མང་དུ་འཛགས་པས་ལྕགས་སླང་ཁེངས་ཤིང་མཆོད་དཔོན་འཇམ་དབྱངས་རྒྱལ་མཚན་གྱི་རྨི་ལམ་དུ་ས་དོང་རིང་པོར་སྲོག་ཆགས་མང་པོ་འཇུག་པ་དང་འགྲོ་བ་རྨིས་ཚུལ་ཞུས་པ་ན་ལས་སྦྱོར་འདི་རིགས་ལ་རྨིི་ལྟས་དེ་བཞིན་འོང་གསུང་། ནུབ་ཅིག་སྟོབ་པའི་གཏོར་མ་ཕུལ་དུས་མཆོད་དཔོན་གྱི་རྒྱབ་དང་མདུན་སྟེང་དུ་གཟུགས་མི་མཐོང་བའི་ཧབ་ཤ །ཅག་ཅག །ཤབ་བེ་ཤོབ་བེ་སོགས་ཀྱི་སྒྲ་ཐོས་པས་འཇིགས་ཞུམ་ཞུམ་བྱེད་པ་སོགས་ལྟས་ལེགས་པ། བྲག་ཁ་བའི་དམག་དཔོན་སྐྱེར་པོ་གོང་འོག་གིས་མཚོན་ཤོར་ཐལ་ཆེ་བ་བྱུང་ཡང་བཀྲ་ཤིས་རྩེ་བ་དཔོན་གཡོག་ཉེས་སྐྱོན་མེད་པའི་དགེ་མཚན་དུ་གྱུར། རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་རྭ་འབྲོ་ཤོང་གསུམ་གྱི་འགྱུར་དང་ཇོ་ཞལ་སོགས་མཁས་པ་དུ་མའི་བཞེད་སྲོལ་མང་བའི་ནང་ནས་གཙོ་བོར་གྱུར་པ་རྩོད་དུས་ཀྱི་རྒྱལ་བ་གཉིས་པ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་ཡིག་ཆ་སོར་བཞག་གི་དཀྱིལ་འཁོར་སྒྲུབ་མཆོད་འཛུགས་པར་བཞེད་དེ་ས་ཡོས་ཧོར་ཟླ་དང་པོར་དཔེ་རྣམས་


GLG008_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

གྲྭ་པ་ཚོར་བཀྲམ་པའི་བློ་འཛིན་བྱེད་དུ་བཅུག །ཞ་ལུ་ནས་བླ་ཆེན་མཁྱེན་རབ་པ་བོས་པའི་དཔོན་སློབ་ཚང་མས་གར་ཐིག་སྦྱོང་བསྟར་གནང་། རྗེས་སོར་སློབ་དཔོན་འཕེལ་ཁྱད་ནས་དེང་སང་གི་སྒྲུབ་རྙིང་བླ་མ་འཇམ་དབྱངས་རྒྱལ་མཚན། གཟིམས་ཁང་ཤར་བླ་མ་དཔལ་ལྡན་རྒྱལ་མཚན། ནང་སོ་ཚེ་འཕེལ་གསུམ་ཡང་བསྐྱར་སྦྱོང་བདར་བྱེད་དུ་འཇུག་པར་མཛད། གར་པ་ཉི་ཤུའི་གར་གོས། པང་ཁེབས། རུས་རྒྱན། སྐྲ་ཞྭ། རྩེ་ཕྲན། རྡོ་དྲིལ། བསྡུས་རྒྱུད་ཀྱི་བཤད་ཁུངས་དང་འབྲེལ་བའི་རྣམ་བུམ་ཆེ་ལེགས་བཅུ་རྣམས་ཐུགས་རྩོལ་བ་ཆེན་པོས་ལེགས་པར་བསྒྲིག་པར་གནང་སྟེ་གྲྭ་པ་རྣམས་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དུ་སྨིན་པར་མཛད་ནས་ནམ་མཐོངས་ཟླ་བ་ཕྱི་མ་སྣོན་གྱིས་ཉ་བའི་དུས་ཚེས་གཟའ་སྐར་སྦྱོར་བྱེད་བཟང་པོར་བཙུགས་པའི་ས་གར་གྱི་སྐབས་རྗེ་ཉིད་གར་དཔོན་དུ་ཕེབས་པའི་སྐུ་རྒྱབ་ཀྱི་བར་སྣང་ལ་ཡི་གེ་དབུ་ཅན་གྱི་ཚིགས་བཅད་འདུག་པ་ཞ་ལུ་བླ་ཆེན་གྱིས་མཐོང་ཞིང་བློར་ཟིན་ནའང་རྗེས་སུ་མ་དྲན། སྦྱིན་སྲེག་གནང་བའི་སར་མཆོད་གར་བ་རྣམས་འགྲོས་དང་བཅས་འབྱོར་བ་དང་དུས་མཉམ་དུ་ནམ་མཁའ་གཡའ་དག་པ་ལས་མེ་ཏོག་གི་ཆར་བབས། ཞག་སྦྲེལ་གྱི་བར་དཔལ་ལྡན་རྒྱུ་སྐར་གྱི་འཁོར་ལོའི་གཙོ་བོར་ཁྱབ་བདག་བླ་མ་དབང་ཕྱུག་རབ་བརྟན་བཞུགས་པར་སྒྲུབ་མཆོད་ཀྱི་དགའ་སྟོན་ཆ་བསགས་ཀྱི་གྲོང་ཁྱེར་ལ་འགྲན་པར་གྱུར། འདི་ལོ་གྲབས་གཤོམས་སྟབས་ཀྱིས་སྣོན་ཟླར་མཛད་ཀྱང་ལོ་ཕྱི་མ་ནས་ནག་ཟླར་བཙུགས་སོ། ། ཨེ་ནས་དཔོན་ཡིག་མཁས་པ་ཁ་ཤས་བཀུག་ནས་མཁན་ཆེན་ཐམས་ཅད་མཁྱེན་པ་ཚར་པ་ཆོས་རྗེའི་གསུང་


GLG008_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་པོ་ཏི་བཞི། བཀྲ་ཤིས་རྩེའི་དཔོན་ས་དབང་འདུས་རྒྱལ་མོས་སྦྱིན་བདག་མཛད་དེ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་གསུང་འབུམ་གསང་བསྒྲིགས་ཀྱི་གླེགས་བམ་གསུམ་དང་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་བཀའ་འབུམ་པུ་སྟི་ཀཿགཅིག་རྣམས་བསྟན་པ་རིན་པོ་ཆེའི་བཅས་སུ་དགོངས་ཏེ་བླ་མ་གོང་མ་རྣམས་ཀྱི་བཀའ་བསྡུའི་ཚུལ་དུ་ལེགས་པར་བསྒྲུབ་པར་གནང་ངོ་། །ཞིང་མང་སྐལ་ལྡན་དོན་ལ་དགྱེས་པའི་ཞལ། །འཛུམ་པའི་གཟུགས་བརྙན་སྡུད་ལ་ཉེར་གཞོལ་ཚེ། །གསོལ་བའི་རེ་སྐོངས་འཇའ་ལུས་རྡོ་རྗེའི་སྐུ། །གྲུབ་དེ་ལྷར་བཅས་འགྲོ་ལ་སྟོན་པ་བཞིན། །སྤུར་རྒྱལ་བདེ་འཕྲོག་ཆོམ་རྐུན་དུ་རུཥྐ། །སྡེ་དཔུང་མངོན་སྤྱོད་ལས་ཀྱིས་ཕྱེར་བཏགས་ནས། རྣམ་ཤེས་མི་བསྐྱོད་ཞིང་དུ་རབ་འཕངས་པས། །ཀུན་ལ་བརྩེ་ཡང་ཁྱད་པར་ཁྱོད་ཀྱི་གཉེན། །རྟག་བརྟན་གཡུང་དྲུང་ཆོས་སྐུ་མངོན་གྱུར་ཀྱང་། །རྟག་འཛིན་སྲིད་ཞེན་འཆིང་རྒྱ་ལས་གྲོལ་ཆེད། །རྟག་མིན་ཞིང་འདིར་མཛད་པའི་མཐའ་བཏུལ་ཡང་། །རྟག་ཏུ་ཕྱོགས་འདིའི་བསྟན་འགྲོར་གཅིག་ཏུ་བརྩེ། །འཆི་བ་འོད་གསལ་དོན་གྱི་ཧེ་བཛྲ། །སོ་སོར་སྣང་བའི་ཆོ་འཕྲུལ་ཐ་མི་དད། །འོག་མིན་ཞིང་ཁམས་ཞིང་གི་གཙོར་གཤེགས་པ། །ངོ་མཚར་མཆོད་སྤྲིན་སྤྲོ་ལ་ལྷ་རྣམས་བྲེལ། །གྲངས་མེད་འགྲོ་འདྲེན་སེམས་བསྐྱེད་དམ་བཅའི་ཁུར། །ནམ་ཡང་གཏོང་བའི་གོ་སྐབས་མི་སྲིད་མོད། །ཐུགས་རྗེ་བསྐུལ་བའི་ལེགས་བྱས་ཕུང་པོ་རུ། །སོང་ན་སྣོད་དུ་འཇིག་རྟེན་ཁམས་འདི་ཆུངས། །འོན་ཏེ་བསྟན་སྲུང་བྱེ་བའི་འཁོར་ལོས་སྒྱུར། །བྱིན་རླབས་མཛོད་སྤུའི་ཐིགས་ཕྲེང་གཟུགས་ཅན་དུ། །གྲུབ་ཚེ་བདུད་རྩིའི་བུམ་པ་ཆུ་གཏེར་ནས། །ལེན་པའི་ལྷ་རྣམས་བྱ་


GLG008_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

དཀའི་འབྲས་བུར་ཟད། །སྔ་འགྱུར་བསྟན་པའི་བདག་པོར་མཁྱེན་བརྩེ་དང་། །ནུས་པས་དབང་སྒྱུར་སྔགས་འཆང་བྱང་པ་རྗེ། །ཉི་ཟླ་འོད་ཟེར་སྤྲུལ་པར་ཆོས་རྗེས་སུ། །འབྲངས་ཏེ་རིགས་ཀྱི་བདག་པོར་ཐོད་དུ་བཅིངས། །མཁས་གྲུབ་གཞན་གྱི་སྤྱོད་ཡུལ་མ་གྱུར་པ། །ས་སྐྱའི་བླ་ཆེན་ཁོ་ནའི་ཁྱད་པར་ཆོས། །ལམ་ཟབ་བཀའ་བབས་བརྒྱུད་པ་ནོར་བུའི་འཕྲེང་། །ངོ་མཚར་བཀོད་པའི་སྲད་བུར་གཅིག་ཏུ་རྒྱུས། །རྣམ་ཀུན་མཆོག་ལྡན་སྟོང་ཆེན་ཕྱག་རྒྱ་ཆེ། །ཨེ་ཝཾ་ཟུང་འཇུག་དང་པོའི་སངས་རྒྱས་ཀྱི། །འཁོར་ལོའི་མགོན་དུ་བཞེངས་པའི་རྡོ་རྗེའི་འགྲོས། །ཚངས་པའི་ཡུལ་ས་སོར་མོའི་རྡུལ་གྱིས་གནོན། །དུས་གསུམ་འདྲེན་པ་གསུང་གི་ཡང་སྙིང་དཔྱིད། །བརྗོད་པ་རྣམ་དག་ཀ་འཕྲེང་གླེགས་བམ་དུ། །ལེགས་བསྡུས་སྲིད་མཐར་རྨ་མེད་བསྟན་པའི་སྲོག །བཙུགས་པས་འོད་སྲུངས་བགྲེས་པོའི་སྙན་པ་ཕྲོགས། །རེ་ཞིག་གདན་སར་སྟན་ཆགས་མུར་གཉུག་མར་གནས་པ་དང་ཕྱོགས་འདུས་ཀྱི་གདུལ་བྱ་རྣམས་ལ་ཁམས་དང་དབང་པོར་འཚམ་པར་རྒྱུད་སྡེ་རྣམ་བཞིའི་དབང་ཁྲིད་རྗེས་གནང་རིགས་གཏད་ལུང་བློ་སྦྱོང་བའི་རིམ་པ་སོགས་ཐེག་ཆེན་ཐུན་མོང་བ་དང་ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་སོ་སོའི་རིགས་ཀྱི་བསླབ་པ་ལ་འགོད་པས་མཚོན་རྣམ་པར་དཀར་པའི་འཕྲིན་ལས་དབྱར་མཚོ་ལྟར་འཕེལ་ནའང་དོན་མེད་ཟང་ཟིང་གི་འདུ་འཁོད་ཀྱི་དབང་དུ་ནམ་ཡང་མི་འགྲོ་བར་མཚན་བཅས་མཚན་མེད་ཀྱི་ཉམས་བཞེས་དུས་གཏོར་སོགས་ཐུགས་དམ་ཟབ་མོའི་རིམ་པ་བླ་ནས་བླར་འཕེལ་བཞིན་པའི་ངང་ནས་བཀའ་ཆོས་མང་དུ་གསན་པར་མ་ཟད་སྔར་ས་སྟག་དང་ཞ་ལུའི་ལོ་གསུམ་མའི་རྗེས་ཐུགས་རྩོལ་གནང་བ་འགའ་ཞིག་ཕྱོགས་གཅིག་


GLG008_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཀོད་པར། ཀུན་མཁྱེན་ཡེ་བཟང་རྩེ་པས། དེ་ལྟར་འདུལ་བའི་བསྟན་པར་འཕེལ་འགྲིབ་ཆེར་བྱུང་མོད་ཀྱི་ཐེག་པ་ཆེན་པོ་གསང་སྔགས་ནི་དེང་སང་གི་བར་ནུབ་མ་མྱོང་ཞེས་གསུང་བ་གླང་དར་གྱི་བསྟན་པ་བསྣུབས་ཞེས་པའང་སོ་ཐར་ལ་དགོངས་པས། ཇི་སྐད་དུ། ཇི་ལྟར་འདི་ནི་ཤིང་རྩའི་གཙོ་བོར་སྟེ། །རྣམ་པར་འཕེལ་དང་ཀུན་འཛིན་གཉིས་ཀྱི་རྒྱུ། །དེ་བཞིན་དམ་ཆོས་ཚོགས་རྣམས་ཐམས་ཅད་ཀྱི། །གཞི་དང་རྩ་བ་འདུལ་བ་ཡིན་པར་གསུངས། །ཞེས་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རིང་ལུགས་འཇིག་རྟེན་གསུམ་གྱི་སྒྲོན་མེ་ཡོད་མེད་ཆོས་འདུལ་བ་ལ་རག་ལུས་ཤིང་ལྷག་ཏུ་དམ་པ་འདི་ཉིད་ཚུལ་ཁྲིམས་མིག་གི་འབྲས་བུ་ལྟར་གཅེས་པར་འཛིན་པས་སྔ་མོ་ནས་ལུང་སྡེ་བཞི་གསན་བཞེད་ཡོད་པ་ལྟར་སྣ་ནམ་པ་ཆེན་པོ་རྡོ་རྗེ་བདུད་འཇོམས་དང་སྲིད་གསུམ་འགྲན་ཟླ་བྲལ་བ་ཆོས་རྗེ་བླ་མ་དམ་པའི་རྣམ་འཕྲུལ་མཐུ་སྟོབས་ཀྱི་དབང་ཕྱུག་ཀུན་དགའ་རྣམ་རྒྱལ་གྱི་བསྟི་གནས་གོང་དཀར་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོའི་དཔལ་འབྱོར་གླིང་དུ་ཁུ་སྟོན་ངག་དབང་རྣམ་རྒྱལ་ལ་འདུལ་བ་ལུང་སྡེ་བཞི་དང་གཞན་ཡང་ཆོས་བཀའ་ཅི་རིགས་གསན་ཅིང་སྔ་ཕྱི་མང་པོར་ཉི་མ་གླིང་དུ་མཐུ་སྟོན་འཇིགས་མེད་དཔའ་བོའི་རིང་ལུགས་འཛིན་པ་ལ་འགྲན་ཟླ་མེད་པ་མཁས་བཙུན་གྲུབ་པའི་དབང་ཕྱུག་ཆེན་པོ་བླ་ཆེན་ཚུལ་ཁྲིམས་བཀྲ་ཤིས་པར་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དབང་། གོང་དཀར་བ་ལུགས་ཀྱི་ལམ་འབྲས་ཀྱི་འཁྲིད་ཡོངས་རྫོགས། བྱིན་རླབས་དང་ལུང་ཁ་ཤས། ལམ་སྐོར་ཕྱི་མའི་ལུང་། ཡི་གེ་མེད་པ་དང་མཆོད་རྟེན་དྲུང་ཐོབ་ཀྱི་བྱིན་རླབས། ཡོ་ག་ཁམས་གསུམ་རྣམ་རྒྱལ། དཔལ་མཆོག་རིགས་བསྡུས། རྡོར་དབྱིངས་ཕྲེང་བའི་


GLG008_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་བདུད་རྩི་གསུམ། ས་ཕུར་སྟོད་ལས་གསུམ་གྱི་དབང་། སྨད་ལས་དྲག་པོ་སྒྲོལ་བའི་རྗེས་གནང་པཎ་ཆེན་ཀུན་བཀྲས་པར་བདེ་ཆེན་རལ་གཅིག །རྡོ་རྗེ་རྩེ་མོ་རིགས་བསྡུས་ཀྱི་དབང་སོགས་ཟབ་ཆོས་རྒྱ་ཆེ་བས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གང་བར་མཛད། སླར་ཡང་བཀྲ་ཤིས་ཆོས་སྡེར་ཕེབས། དེའང་བསྟན་པ་སྤྱི་དང་བྱེ་བྲག་རྗེ་བཙུན་ས་སྐྱ་བའི་བསྟན་པ་དང་སྟོན་པ་ལས་གཞན་དུ་མི་འཚོལ་བའི་ཐུགས་ཀྱི་དམ་བཅའ་བརྟན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོའི་ལམ་ཡིག་ཏུ། རྗེ་བཙུན་རྡོ་རིང་པ་ཆེན་པོ་དང་མཇལ་ནས་གསུང་ངག་རིན་པོ་ཆེ་ཐོབ་པ་མན་གཞན་བླ་མ་དང་གདམས་ངག་གང་ལའང་བྱང་ཆུབ་སྒྲུབ་པའི་ཆེད་དུ་མི་སྨོན་ཞིང་འགྲམ་ཆུ་མི་ལྡང་བའི་ངེས་ཤེས་གཏིང་ཚུགས་པ་ཞིག་ཡོད། ཅེས་གསུངས་པ་ལྟར་འགྱུར་བའི་གོ་སྐབས་ག་ལ་སྲིད་ཀྱང་། རྗེ་བཙུན་གྲོལ་མཆོག་གིས། དམ་ཆོས་ཀུན་གདུལ་བྱའི་བློ་བྲིད་ལས། །ཕྱོགས་འཛིན་གྱི་གྲུབ་མཐའ་སྐྱོང་མ་མྱོང་། །ཆོས་དུ་མ་རོ་གཅིག་གི་རྣལ་འབྱོར་པ། །གྲུབ་མཐའ་རྐང་མཚུགས་ཟེར་ཀྱང་འགྱོད་རྒྱུ་མེད། །ཅེས་པ་བཞིན་བདག་ཅག་གི་སྟོན་པས་ཀྱང་ལ་ལར་གང་ཟག་གི་བདག་ཡོད་པར་བསྟན་པ་སོགས་གདུལ་བྱ་རྗེས་སུ་འཛིན་པ་ལ་ཐབས་སྣ་ཚོགས་ཤིག་དགོས་པས་རིས་མེད་པའི་ཆོས་ལུགས་ལ་གསན་བསམ་འཆད་ཉན་མཛད་པའང་གདུལ་བྱ་རྗེས་སུ་འཛིན་པར་དགོངས་ཤིང་ཁྱད་པར། ཀུན་མཁྱེན་མཁྱེན་བརྩེའི་གསུང་མགུར་ལས། ངས་སྦྱངས་པ་དེ་ས་སྐྱ་པའི་གཞུང་ལུགས་ལ་སྦྱངས་ཀྱང་། མཁས་པ་དེ་གསང་སྔགས་རྙིང་མ་ལ་མཁས་པ། འདི་ཀོ་སྔོན་གྱི་ལས་འཕྲོ་ཞིག་ཡིན་ནམ། །ཨ་ཧོ་ངོ་མཚར་དུ་ཆེ་བྱུང་། ངས་བསྒོམས་པ་དེ་གསུང་ངག་ལམ་འབྲས་བསྒོམས་ཀྱང་། རྟོགས་


GLG008_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་རྫོགས་པ་ཆེན་པོ་ལ་ཤར་བ། འདི་ཀོ་སྔོན་གྱི་ལས་འཕྲོ་ཞིག་ཡིན་ནམ། ཨ་ཧོ་ངོ་མཚར་དུ་ཆེ་བྱུང་། ངས་གསོལ་བ་དེ་རྣལ་འབྱོར་དབང་ཕྱུག་ལ་བཏབ་ཀྱང་། བྱིན་རླབས་དེ་ཨྱོན་པདྨ་ཁོས་གནང་བ། འདི་ཀོ་སྔོན་གྱི་ལས་འཕྲོ་ཞིག་ཡིན་ནམ། ཨ་ཧོ་ངོ་མཚར་དུ་ཆེ་བྱུང་། ངས་བཤད་པ་དེ་དམ་ཆོས་ཕྱོགས་མེད་ཅིག་བཤད་ཀྱང་། འགྲོ་ཕན་དེ་གསང་སྔགས་རྙིང་མ་ལ་བྱུང་བ། འདི་ཀོ་སྔོན་གྱི་ལས་འཕྲོ་ཞིག་ཡིན་ནམ། ཨ་ཧོ་ངོ་མཚར་དུ་ཆེ་བྱུང་། ཞེས་གསུངས་པ་བློ་ཆུང་ཅི་རིགས་ཀྱི་ཁོང་པར་མི་ཤོང་ཡང་འཁོན་ཀླུ་དབང་སྲུངས་ནས་དཀོན་ཅོག་རྒྱལ་པོ་ཡན་ལ་རྙིང་མ་བཀའ་མའི་སྔགས་འཆང་ཤ་སྟག་ཏུ་བྱོན་ཞིང་། དེ་ནས་ཀྱང་ཡི་དམ་ཡང་ཕུར་དང་ཆོས་སྐྱོང་དཀར་བདུད་ལ་མཛད་ལ། མཉམ་མེད་བསམ་གཏན་གླིང་པའི་ཨ་ཏི་ཡང་ཕུར་གྱི་རྫོགས་རིམ་ཁྱད་པར་ཅན་དང་རྗེ་བཙུན་རྡོ་རིང་པ་ཆེན་པོ་སྐུ་ཐོག་ཏུའང་རྙིང་མ་བའི་སྔགས་འཆང་འཇའ་ལུས་གྲུབ་པ་གཉིས་ཙམ་བྱུང་ཚུལ་བླ་ཆེན་རུ་ཐོག་པ་ནམ་མཁའ་གཟི་བརྗིད་ཀྱིས་གསུངས་པ་ལྟར་ཚར་ཆེན་ཡབ་སྲས་བཀའ་གཏེར་ཆོས་ཀྱི་གནད་མཁྱེན་པའི་ཐུགས་གཙིགས་ཆེ་ཙམ་གནང་བའི་རྒྱུན་བཞིན་རྗེ་བླ་མ་འདི་ཉིད་ཀྱིས་ཀྱང་ཀླུ་སྒྲུབ་རྗེར་གསན་པ་ཙམ་དུ་མ་ཟད་ཉང་ཏིང་འཛིན་བཟང་པོ་དང་མངའ་བདག་ཉི་མ་འོད་ཟེར་སོགས་གྲུབ་བརྙེས་ཉང་རིགས་སྟོད་སྨད་མང་པོར་གྱེས་པའི་ཉང་སྟོན་སྨན་ལུང་པ་མི་བསྐྱོད་རྡོ་རྗེའི་གདུང་རིགས་ལས་སོན་ཅིང་བླ་མ་མངའ་བདག་གི་བྱང་ལས་ཀྱི་མཁའ་འགྲོའི་བཀའ་བབས་གཉོས་ཞིག་ཆེན་པོ་ནས་རིམ་བརྒྱུད་ཁྲ་ཚང་པའི་སྣག་དབོན་རྗེ་ཁྱབ་བདག་བློ་མཆོག་རིག་པའི་རྡོ་རྗེ་ཞེས་པཎ་ཆེན་བི་མཱ་ལ་མི་ཏྲའི་སྤྲུལ་པར་ལུང་གིས་ཟིན་པ་དེ་ལ་


GLG008_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཁ་འོག་མ་བླ་མ་ཡོངས་རྫོགས་ཀྱི་དབང་ལུང་། བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ཆོས་སྐོར། རྟ་མགྲིན་དབུ་དགུ་ཕྱག་བཅོ་བརྒྱད་པའི་སྒྲུབ་སྐོར། རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་དབང་ལུང་། འཆར་ཀ་གནམ་སྐས་མའི་སྒྲུབ་སྐོར། ཐུགས་སྒྲུབ་དྲེགས་པ་ཚར་གཅོད་དུ་གྲགས་པའི་དྲག་དམར་གྱི་དབང་ལུང་། ཕྱག་རྡོར་གཏུམ་པོའི་སེང་གེ་སྒྲ་སྒྲོག་དབང་ལུང་། དྲེགས་པ་དབུ་དགུའི་སྲོག་དབང་ལུང་བཅས། ཛམ་བྷ་ལ་དམར་པོའི་ཆོས་སྐོར། གྲྭ་པའི་འཛམ་དམར་གྱི་སྒྲུབ་སྐོར། དུང་ཚོ་རས་པའི་རྫོགས་ཆེན་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་མའི་དབང་ལུང་ཁྲིད་བཅས། རཏྣ་གླིང་པའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་དབང་ལུང་། གུ་རུ་དྲག་པོའི་དབང་ཆེ་འབྲིང་ཆུང་གསུམ་སྒྲུབ་སྐོར་ལུང་བཅས། ཉང་གི་བླ་མ་དམར་འཁྲིད་ཀྱི་ཆོས་སྐོར། གཏེར་རྒྱུད་སྙིང་པོའི་དབང་ལུང་། རྟ་མགྲིན་ནག་ཆུང་ལྷ་བརྒྱད་གྱི་དབང་ལུང་། སྣང་རྩེ་བའི་རྟ་ནག་གི་དབང་ལུང་། གདུགས་དཀར་ལྷ་བཅུ་བདུན་མའི་དབང་། ཕ་དམ་པའི་འཇམ་དབྱངས་ཆོས་སྐོར། སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་དང་མཐུན་པའི་རྗེས་གནང་། འཁྲུངས་རབས་སོ་བཞི་པའི་ལུང་སོགས་མང་དུ་གསན། ཆོས་དབང་རིན་པོ་ཆེའི་གདུང་འཛིན་ལྷ་བྲོ་སྤྲུལ་སྐུ་ཀརྨ་གུ་རུ་ཞེས་ལོ་ཆེན་བཻ་རོ་ཙ་ནའི་སྤྲུལ་པར་ལུང་གིས་ཟིན་ཅིང་བཀའ་གཏེར་ཆོས་ཀྱི་སྲོག་ཤིང་ཆེན་པོ་གང་དེའི་གདམས་པའི་བཀའ་བབས་སྒྲུབ་མཆོག་ཆོས་དབང་བསམ་གྲུབ་ཀྱི་གདམས་པས་ཐུགས་རྒྱུད་ཡོངས་སུ་གང་བའི་མཐུས་སྲིད་པའི་ཕུན་ཚོགས་མཐའ་དག་ཆུ་ཤིང་གི་འབྲས་བུ་དང་མེ་འོབས་ལྟ་བུར་གཟིགས་ནས་ཆོས་བརྒྱད་ཀྱི་བུན་ལོང་ཐམས་ཅད་རྒྱབ་


GLG008_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བསྐྱུར་ཉེ་བས་མཐའི་དབེན་གནས་སུ་ལྷུན་གྲུབ་སྣང་བ་བཞི་ཁོར་ཡུག་ཏུ་འདའ་བའི་མཚུངས་མེད་ཆོས་དབང་ཀུན་བཟང་ལ་ཆོས་དབང་གི་བླ་མ་གསང་འདུས་ཀྱི་དབང་ལུང་། བླ་མ་སྐུ་གསུམ་གྱི་སྒྲུབ་པ། པདྨ་ལམ་ཟབ་ཀྱི་གུ་རུ་ཁྲོ་བོ་རིགས་གསུམ་གྱི་དབང་ལུང་། ཚེ་དཔག་མེད་རྫོང་ཆེན་མའི་ཚེ་དབང་། རྫོགས་ཆེན་སངས་རྒྱས་མཉམ་སྦྱོར་གྱི་ཆོས་སྐོར། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་དབང་ལུང་། རྟ་མགྲིན་ནག་པོའི་དབང་ལུང་། བླ་མ་གསང་འདུས་ཀྱི་ཆ་རྐྱེན་པདྨ་བཅུད་བསྡུས་ཀྱི་ཆོས་སྐོར་དོན་ཚན་བཅུ་གཉིས་པ། དཔལ་མགོན་མ་ནིང་གི་ཆོས་སྐོར། མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་གྱི་པདྨ་སྙིང་ཏིག་གི་ཆོས་སྐོར། རྫོགས་པ་ཆེན་པོ་ཀུན་བཟང་སྙིང་ཏིག་གི་ཆོས་སྐོར། རྫོགས་པ་ཆེན་པོའི་རྒྱུད་བཅུ་བདུན་སོགས་ཀྱིས་མཚོན་པའི་ཟབ་ཆོས་མང་དུ་གསན། གངས་ཅན་གྱི་ལྗོངས་འདིར་བསྟན་པ་དབུ་བསྙེངས་པའི་གནས་ཆེན་ཕོ་བྲང་ཡུམ་བུ་བླ་མཁར་མཇལ་བར་ཕེབས་ཏེ། ཆོས་རྒྱལ་ཐོ་ཐོ་རི་སྙན་ཤལ་གྱི་མཁར་བྱིན་རླབས་ཅན་དེར་བསྟན་པ་རྒྱས་པའི་ཕྱག་མཆོད་སྨོན་ལམ་མཛད་ཞོལ་དེར་ཚལ་དུས་བཞེངས་པའི་གྱང་ལོགས་ཤིག་ལ་མགོན་པོ་གུར་གྱི་བལ་བྲིས་རྙིང་པ་བྱིན་རླབས་ཅན་ཞིག་ཡོད་པར་འདི་བབས་ཆགས་ཤིང་ཟིལ་ཆེ་ཞེས་སྙན་ཤལ་སྒྲོན་པའི་ཚེ་དེ་འཕྲལ་ཞལ་ནས་བདུད་རྩི་ཟིལ་པ་ཁྲོམ་ཁྲོམ་བྱུང་བའི་ཤུལ་ད་ལྟ་ཡང་ཡོད། དེའི་ཤར་ཕྱོགས་ཀྱི་བང་སོ་དེར་གཏེར་མང་པོ་ཡོད་པ་འདྲ་ཞེས་གཟིགས་རྟོག་གནང་བས་གྱང་ཧྲབ་ཙམ་བརྐོས་ཤུལ་ཀྱི་སྟེང་ན་གཡམ་པའི་གནམ་སྒོ་ཞིག་འདུག་པར་ཕྱག་རེག་པས་ཁྲལ་ཁྲོལ་བྱེད་པར་འདི་རྔོགས་ན་གཏེར་ཡོད་ངེས་རུང་རེ་ཞིག་གཞོག་གསུངས་པ་ཞམ་


GLG008_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་པ་སོགས་དེར་ཡོད་ཐམས་ཅད་ཀྱིས་ངེས་ཤེས་སུ་གྱུར་ནའང་རྗེས་སུ་བལྟས་པས་ཤུལ་ཙམ་ཡང་མ་བྱུང་སྣང་། བསྟན་པ་སྤྱི་སྒོས་ཀྱི་ཆེད་དུ་འཇིགས་བྱེད་དྲུག་ཅུ་པའི་གཏོར་བཟློག་གནང་། སྐབས་ཤིག་གཟིམས་ཆུང་གི་ནང་ཤ་ཆེན་གྱི་གསུར་དུད་ཆེན་པོས་ཁེངས་པ་བཀའ་ལས་ཁྱོད་ཚོས་ཤ་བསྲེགས་པའི་དྲིས་ངའི་གྲེ་བ་འགགས་གསུངས་པར་མཆོད་དཔོན་གྱི་ངེད་ཚོའི་ཁྲོད་ན་བསྲེག་མཁན་མེད་གཟིམས་ཆུང་ནང་རང་ནས་དྲི་མ་བྱུང་ཞུས་པས་ཅང་མི་གསུང་། དེ་ནུབ་བླ་བྲང་ཐོག་ནས་གཏོར་མ་འཕེན་པ་གནང་བས་སྨན་ལུང་གི་མདའ་ན་ཆོས་སྡེ་ལ་ཤིན་ཏུ་བརྣག་པའི་མ་རུངས་པ་ཞིག་ཡོད་པ་དེ་སྲོད་འཁོར་ལ་གྲིར་གུམ། བླ་བྲང་གི་རྒྱབ་ཏུ་སྔར་ནས་བཙན་ཞིག་ཡོད་པ་གཏོར་ཟོར་བབས་པ་དཔལ་ལྡན་དུས་ཀྱི་དགྲ་བོའི་གཟི་བྱིན་མ་བཟོད་པར་སྣེ་མོ་ཁང་གསར་གྱི་རྒྱ་ལམ་ཁར་སྤོས་པ་ད་ལྟའང་ཡོད་དོ། །ཆགས་བྲལ་ཚངས་པར་སྤྱོད་ཀྱང་འདོད་ཡོན་ཀུན། །ལམ་ཁྱེད་རྡོ་རྗེ་གདན་མཚུངས་ཆོས་ཀྱི་སྡེར། །ཐུབ་བསྟན་དགོངས་པ་གཅིག་པའི་འགལ་མེད་གར། །བསྒྱུར་ཚེ་ཀླུ་སྒྲུབ་སྙིང་པོ་གཟུགས་གཞན་བཟུང་། །དཔལ་ལྡན་ཆོས་ཀྱི་འབྱོར་པ་གླིང་ཡངས་པོར། ཁུ་སྟོན་སྨྲ་ལ་ངག་གི་དབང་ཕྱུག་པ། །རྣམ་དཔྱོད་ཡིད་བཞིན་རྒྱལ་མཚན་རྩེར་བཀོད་ལས། །སྡེ་བཞིའི་ལུང་གི་འདོད་རྒུ་ཆར་དུ་བསྙིལ། །ཚུལ་ལྡན་ཁྲིམས་གནས་མཁྱེན་པའི་ལྷ་ལམ་ངོས། །སྨིན་གྲོལ་གཞུང་བཤད་འཇའ་ཚོན་རབ་བཀྲ་བ། །ཤིས་བརྗོད་གླུ་ཡི་ཉི་མས་ཡོངས་ཁྱབ་པའི། །གླིང་འདིར་ངེས་གསང་བསྟན་པའི་བདག་པོར་བསྐོས། །གཞོམ་མེད་བློ་མཆོག་ཡངས་པ་རྡོ་རྗེའི་ཁམས། །རྣམ་དཔྱོད་གཡས་


GLG008_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱིལ་མགྲིན་ལས་ལེགས་བཤད་སྒྲ། །འདྲེན་པའི་སྙན་གྱི་དབང་པོར་ཆེས་དངར་བས། །དབྱངས་བདུན་ཚང་བའི་གླུ་ལ་ཡི་རང་བཅད། །ཆོས་བརྒྱད་ཚ་ཟེར་སྤངས་པའི་རྟ་ལྡན་སྣར། །ཀུན་བཟང་ཆོས་ཀྱི་ས་བོན་ཡོངས་ཞུགས་འབྲས། །འོད་གསལ་སྣང་བཞིའི་ལུས་རྫོགས་ཐ་སྐར་སྐྱེས། །འཇམ་མགོན་མཐོ་རིས་དབང་པོའི་བླ་ཡི་སྨན། །གངས་ཅན་འཛིན་མའི་མངལ་དུ་བསྟན་པའི་དབུ། །ཐོག་མ་སྦྲུམས་པའི་ཕོ་བྲང་ཡོམ་བུ་རུ། །ཀུན་ཡིད་ཚར་དུ་མངར་བའི་བརྗོད་པའི་མཐའ། །འཚོལ་ལ་ཁྱབ་འཇུག་གོམ་པས་མ་བགྲོད་ངལ། །རིས་བྲལ་འགྲོ་ལ་རང་བདེ་གཏོང་ནུས་པའི། །རྒྱལ་སྲས་སྤྱོད་ལ་བསླབ་པའི་སེམས་དཔའ་ཆེ། ཁྲག་འཐུང་ཡེ་ཤེས་རྡོ་རྗེའི་མཚོན་རྣོན་པོས། །བརྩེ་མེད་དགྲ་བགེགས་དོན་སྙིང་འབིགས་འདི་ཅི། །ཧོར་ཟླ་དྲུག་པའི་ནང་དུ་ཆིབས་ཁ་བསྐྱོད་དེ་གོང་དཀར་རྡོ་རྗེ་གདན་གྱི་ལྷ་གླིང་སྤྱིལ་པོར་ཕྱི་རོལ་རྣམ་པར་གཡེང་བའི་འདུ་འཛི་ཐམས་ཅད་རྒྱང་དུ་བསྲིངས་ནས་སྐུ་གསུང་ཐུགས་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པས་ཁོར་ཡུག་ཏུ་འདའ་བའི་བཅད་རྒྱ་ཟླ་བ་བརྒྱད་ཀྱི་རིང་མཛད་པའི་སྐབས་དམ་བཅའི་ཕྱག་བྲིས་སུ་གནང་བ་སྐུའི་བཀོད་པ་བསྡུས་རྗེས་རྙེད་པ་ལས་འདི་ལྟར། ཨོཾ་བདེ་ལེགས་སུ་གྱུར་ཅིག །རང་བྱུང་ལྷུན་གྲུབ་ཡེ་ཤེས་ཁྱབ་བརྡལ་ལས། །མ་འགགས་རང་རྩལ་སྤྲུལ་པའི་སྐུ་རུ་བྱོན། །འགྲོ་བ་ཀུན་གྱི་སྐྱབས་གཅིག་པདྨ་འབྱུང་། ཁྱད་པར་བདག་གི་འདི་ཕྱིའི་མགོན་གཅིག་པུ། ཁྱེད་ལ་གསོལ་འདེབས་སྙིང་ནས་སྐྱབས་སུ་མཆི། །རྒྱལ་བ་གང་དེའི་ཡེ་ཤེས་རྣམ་རོལ་ལས། །སྤྲུལ་པའི་ཟློས་གར་བཤེས་གཉེན་དམ་པའི་ཚུལ། །མདོ་སྔགས་གསར་རྙིང་བཀའ་གཏེར་མ་ལུས་པ། །ཉི་ལྟར་


GLG008_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་མཛད་མཁྱེན་བརྩེའི་དབང་ཕྱུག་མཁྱེན། །དེ་ཡི་རྡོ་རྗེ་ཡེ་ཤེས་རྣམ་གསུམ་གྱིས། །བསྐྲུན་པའི་རྒྱལ་ཚབ་གྲུབ་དབང་རྡོ་རྗེ་འཆང་། །བཀའ་དྲིན་མཉམ་མེད་དབང་ཕྱུག་རབ་བརྟན་གྱི། །ཞབས་ལ་ཕྱག་འཚལ་གསོལ་འདེབས་སྐྱབས་སུ་མཆི། །ཆོས་དབྱིངས་བདེ་ཆེན་མཐའ་བྲལ་རང་ཉིད་ལས། །གང་འདུལ་ཐབས་ཀྱིས་འགྲོ་བ་རྗེས་གཟུང་ཕྱིར། །ཞི་དང་ཁྲོ་དང་ཞི་མ་ཁྲོ་ཡི་ཚུལ། །རབ་འབྱམས་ལྷ་ཚོགས་བདག་གིས་བསྙེན་ཅིང་སྒྲུབ། །རྡོ་རྗེ་འཆང་དབང་ཐུགས་ལས་རྣམ་སྤྲུལ་པའི། །རྒྱལ་བའི་བསྟན་སྲུང་མ་རུངས་ཚར་གཅོད་པ། །དྲག་ཤུལ་མཐུ་ལྡན་དམ་ཅན་ཚོགས་རྣམས་ཀྱིས། །བྱང་ཆུབ་བསྒྲུབ་པའི་གྲོགས་མཛོད་བར་ཆད་སོལ། །ཇི་ལྟར་འདབ་བཟང་དབང་པོ་མཁའ་ལ་བགྲོད། །དེ་ལ་འགྲན་མིན་ཉམ་ཆུང་བུང་བའི་ཚོགས། །རང་རྩལ་འབད་ནས་ནམ་མཁར་འཕུར་བ་ལྟར། །སྔོན་བྱོན་དམ་པ་རྣམས་ལ་འགྲན་མིན་ཡང་། །རང་ཉིད་འཁོར་བའི་འདམ་ལས་རབ་བརྒལ་ནས། །མ་རྒན་འགྲོ་བ་སྨིན་གྲོལ་ལ་འགོད་ཕྱིར། །དམ་པའི་རྗེས་ཞུགས་གོ་ཆ་ཆེར་གྱོན་ནས། །ཉོན་མོངས་དགྲ་ཚོགས་གཡུལ་ལས་རྣམ་རྒྱལ་ཏེ། །སྐུ་བཞིའི་རྒྱལ་སྲིད་འཐོབ་ཕྱིར་ངས་འདིར་འབད། ། དེ་ལ་འ་ཞའི་རྒྱལ་རིགས་ལས་བྱུང་བའི་བཙུན་པ་མཁས་གྲུབ་དམ་པ་མང་པོའི་དབོན་དུ་གྱུར་ཅིང་རྗེས་སུ་བཟུང་བ། དམ་པའི་ཆོས་ཚུལ་མང་དུ་ཐོས་པ། རྒྱུ་འབྲས་ཀྱི་ཆོས་ལ་བདེན་པའི་དད་པ་ཐོབ་པ། བླ་མ་རྒྱལ་བ་སྲས་དང་བཅས་པ་ལ་མི་ཕྱེད་དད་པས་ཕྱུག་པ་མིང་གནས་གསར་དབོན་པོ་མགོན་པོ་བསོད་ནམས་མཆོག་ལྡན་ཞེས་བགྱི་བ་བདག་ཡོངས་འཛིན་བླ་མ་མང་པོས་ཐུགས་རྗེས་


GLG008_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱངས་པའི་དབང་འཁྲིད་གདམས་པ་མང་དུ་ཐོབ་ཀྱང་རང་ཉིད་ཀྱི་རྒྱུད་ལ་ནི་མ་འབྱོར། ལུང་རྟོགས་དང་སྦྱངས་པའི་ཡོན་ཏན་ནི་མེད། ཤེས་རབ་དང་བརྩོན་འགྲུས་ནི་ཞན། དཀའ་སྤྱད་སྡུག་རུས་ནི་ཆུང་། ལེ་ལོ་དང་སྙོམ་ལས་ནི་ཆེ། སྦྱིན་སྟོབས་དང་བསྒོམས་སྟོབས་ནི་ཉུང་། གཉིད་རྨུགས་དང་རྣམ་གཡེང་ནི་མང་། དེ་ལ་སོགས་པའི་སྐྱོན་དང་ཉེས་པ་ནི་བརྗོད་པས་མི་ལང་། ཡོན་ཏན་དང་དགེ་བ་ནི་བཙལ་བས་མི་རྙེད་པའི་ཚོད་ཙམ་དུ་འདུག །མི་ཚེ་ནི་ཕྱེད་ལྷག་སོང་འདུག །འཚང་རྒྱ་བར་ནི་སྤུ་ཙམ་མི་ཉེ་བའི་ཁར་ཉེས་ལྟུང་མང་པོ་ཞིག་གིས་མར་ལ་ཨེན་ཙམ་ཉེ་རུ་སོང་འདུག་སྙམ་པའི་བློ་ལ་བདེ་བའི་སྐབས་མ་བྱུང་བས་སླར་ཡང་ཡང་བསམས་པས་མཚམས་མེད་པའི་སྡིག་པོ་ཆེ་ཡང་གསང་སྔགས་ཀྱི་གནད་གསང་ཤེས་ན་མྱུར་དུ་འཚང་རྒྱ་བར་གསུངས་འདུག །སྙིང་རུས་དང་ལྡན་ན་ཟླ་བ་དྲུག་རྩེ་གཅིག་བསྒོམས་པས་ཕུང་པོ་ལྷག་མེད་འགྲུབ་པར་ཡང་གསུངས། ཚུལ་བཞིན་དུ་བསྒོམས་ན་ཞག་བདུན་གྱིས་བདེན་པ་མཐོང་བར་དུས་འཁོར་ལས་གསུངས་པ་སོགས་ཀྱིས་སྤྲོ་བ་སླར་རྙེད། ད་ཆ་རང་ལོ་སོ་བརྒྱད་པ་འབྲུག་ལོ་ཟླ་བ་དང་པོ་ནས་བཟུང་ཇི་སྲིད་འཚོའི་བར་ཚེ་འདིའི་བདེ་སྐྱིད་སྙན་གྲགས་ཆེད་དུ་མི་སྒྲུབ་ཟས་སྟེར་མི་བྱུང་ན་བྱོལ་ཉོག་ཏུ་མ་སོང་བར་ལོངས་སྤྱོད། མ་བྱུང་ན་བཅུད་ལེན་ལ་སོགས་པའི་ངན་ངོན་ལ་བརྟེན་གོས་སྟེར་མི་བྱུང་ན་གྱོན། མ་བྱུང་ནའང་ཆོས་གོས་རྣམ་གསུམ་ངན་རྙིགས་དག་གཏུམ་མོ་ལ་བརྟེན་པ་བྱེད། ཆོས་བཀའ་གཏེར་མདོ་སྔགས་རྣམ་དག་ཞུ་ས་གང་ན་ཡོད་ཀྱང་ཞུ། ཁྱད་པར་ཁེ་དང་རྒྱལ་ཁ་གཞན་ལ་བསྐུར་ཞིང་གྱོང་རང་གིས་ལེན་པ་གང་ཡོང་ཡོང་བྱེད། ལྷག་


GLG008_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

པར་ལྷའི་བསྙེན་པ་རིགས་མི་གཅིག་པ་བརྒྱ་ཕྲག་བྱེད། རྟགས་དང་མཚན་མ་ཡོད་རེ་མེད་ཀྱང་གྲངས་བསྙེན། དུས་བསྙེན། གཙོ་འབུམ། འཁོར་ཁྲིར་ལོངས་པ་བརྒྱ་ཕྲག་གཅིག་ལོ་ཞེ་དགུ་ཚུན་ལ་གྲུབ་པ་བགྱིད། དེ་ནས་ཀྱང་མ་ཤི་ན་ཅི་འགྲུབ་བྱེད། དེ་དག་གིས་ཁས་ལེན་དང་དམ་བཅའ་ལ་རྟ་ཟི་བ་དང་ཉམས་ལེན་ལག་ཐོག་ཡོད་པ་ལ་ཁྱི་མི་རི་བ་བྱུང་གི་དོགས་འདུག་པས་ཡང་ཡང་ཞུས་དག་བྱེད། གྲུབ་ན་ཁེངས་རློམས་སྤངས་ཏེ་ཆོས་ཆོས་སུ་སོང་བ་བྱེད། དེ་དག་འགྲུབ་མ་འགྲུབ་བལྟ་ཕྱིར་ཡི་གེ་བྲིས་པ་ཡིན། སྤྲང་བན་བདག་གི་དམ་བཅའི་ཚིག་འདི་དག །བྱས་བྱུང་ཡི་གེར་འདྲི་བའང་མི་འོས་མོད། །འོན་ཀྱང་ཁེངས་དྲེགས་བཟང་འདོད་མ་ཡིན་པའི། །མ་འགྲུབ་ཚེ་ན་རང་ག་རང་ཁྲེལ་འདེབས། །ཚུལ་བཞིན་འགྲུབ་ན་ཞེན་མེད་དགའ་བ་སྒོམ། །དེས་ན་བླ་མ་ཡི་དམ་ཆོས་སྐྱོང་ཚོགས། །བདག་གི་དམ་བཅའ་ཚུལ་བཞིན་འགྲུབ་པ་དང་། །བསྒྲུབས་པའི་འབྲས་བུ་ཚུལ་བཞིན་འཐོབ་པར་མཛོད། །ཅེས་གསུངས་པ། རྗེ་མཁྱེན་བརྩེའི་གསུང་མགུར་ལས། དུས་དང་པོར་འཇིག་རྟེན་བྱ་བ་ཐོང་། །དུས་བར་དུ་ཚེ་འདིའི་བྱ་བ་ཐོང་། །དུས་ཐ་མར་ཆོས་ཀྱི་བྱ་བ་ཐོང་། །ང་ཅི་ནུས་བྱ་བཏང་རྣལ་འབྱོར་བགྱིད། །ལུས་སྣ་ཚོགས་རྒྱན་གྱིས་རབ་བརྒྱན་ཀྱང་། །རུས་ཤ་དང་པགས་པས་གཡོགས་པ་འདིས། །གོས་མཛེས་པས་བརྒྱན་ཀྱང་སྣང་ཤས་རྒྱུ། །ང་ཆ་ལུགས་ངན་ངོན་ཙམ་ལ་བརྟེན། །ཞེས་པའི་དོན་དང་མཚུངས་པར་མ་ཟད་ལྗོངས་འདིའི་མཁས་གྲུབ་ཆེན་པོའི་རྣམ་ཐར་ངོ་མཚར་བའི་གནས་འགངས་ཆེ་ཤོས་སུ་འདུག་ཅིང་ཞིབ་ཏུ་བརྟགས་ཚེ་ཞལ་གྱིས་འཆེས་པ་ཁོ་ན་མཛད་པར་ཡིད་ཆེས་ཀྱི་ངེས་པ་རྙེད་


GLG008_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

པས་དད་པའི་གསོས་བླ་ན་མེད་པའོ། །དེ་ནས་དྲང་སྲོང་སྲིན་པོ་རིའི་གནས་མཇལ་ལ་བྱ་བྲལ་འགྲོས་ཀྱིས་ཕེབས། དེང་ང་འབྲི་གུང་པས་པཎ་ཆེན་ཤཱཀྱ་གདན་དྲངས་པའི་ཚེ་པཎྜི་ཏའི་བྷཱུ་ཏི་ཙནྟྲས་ཕྱག་རྒྱ་བ་རྫུན་ཆེ་ཞེས་སྐུར་པ་བཏབ་པའི་སྒྲིབ་སྦྱོང་དུ་རྗེ་བཙུན་མའི་ལུང་བསྟན་ལྟར་བདེ་མཆོག་གི་ལྷ་ཁང་བཞེངས་པའི་སྐུ་ཁྱད་པར་ཅན་དེའི་ཞབས་འོག་ཏུ་དར་སྐུད་འདྲོངས་པ་སོགས་བར་སྣང་མར་གྲགས་པ་དེ་ལམ་ཁྱུད་གང་ཙམ་ས་ལ་མ་རེག་པའི་ངོ་མཚར་གྱི་བཀོད་པ་དཀོན་གཉེར་དང་ཞམ་འབྲིང་བས་མཚོན་དེར་འཁོད་ཀུན་གྱི་འདྲེན་བྱེད་ཀྱི་ཡུལ་དུ་གྱུར། སྙན་དར་དང་ལྷ་བཤོས་མར་མེ་སོགས་མཆོད་སྤྲིན་སྤྲོས་ཏེ་བླ་མ་དང་དཔལ་འཁོར་ལོ་སྡོམ་པ་དབྱེར་མེད་ངོ་བོ་གཅིག་པའི་རྣལ་འབྱོར་གྱི་དབང་བཞི་བཞེས་པ་དང་བསྟན་འགྲོ་རྒྱས་པའི་སྨོན་ལམ་རྒྱ་ཆེར་འདེབས་པར་མཛད། དེ་ནས་གོང་དཀར་ཆོས་སྡེ་བརྒྱུད་རིམ་གྱིས་ཧོར་ཟླ་བཅུ་གཉིས་པ་ཉིས་བརྩེགས་ཀྱི་ལྕགས་འབྲུག་ཧོར་ཟླ་དང་པོར་རོང་ཁུ་ལུང་དུ་ཕེབས། རྗེ་བཙུན་མི་ལས་ལྷ་རྗེ་གནུབས་ཆུང་པར་དྲག་སྔགས་གཟའ་གདོང་དམར་ནག་གསན་ནས་ལས་སྦྱོར་གྱི་མཐུ་ཁང་ལག་མཐུས་གླགས་མི་རྙེད་པའི་ཆེད་དུ་བྲུས་པའི་ཕུག་པ་དེར་བྱོན་ཏེ་ནམ་ཟླ་ཟད་དུས་ཡིན་རུང་བྲག་ལས་སྒྲུབ་ཆུ་གློ་བུར་དུ་བབས་པ་ཕྱག་ཕྱི་བ་རྣམས་ཀྱིས་ལྕེ་ཐོག་ཏུ་མྱོང་ཞིང་ཡིད་ཆེས་ཀྱི་གནས་སུ་གྱུར། ཡུམ་བགྲེས་མོས་གསོལ་བ་བཏབ་པར་བརྟེན་གཞིས་ཀར་ཟླ་བ་ལྔ་ཙམ་གྱི་རིང་ལྗགས་བསྙེན་ཁ་གསོའི་སྐུ་མཚམས་དང་ཕྱོགས་འདུས་ཀྱི་སྣོད་ལྡན་རྣམས་ལ་དབང་འཁྲིད་ལུང་མན་ངག་སོགས་ཆོས་འཁོར་མཐའ་ཡས་པ་བསྐོར། དེ་ནས་བཀྲ་ཤིས་རྩེ་ཆོས་སྡེར་བྱོན། ཐུབ་གསུང་རིན་པོ་ཆེ་བཀའ་འགྱུར་རོ་ཅོག་ཡོངས་རྫོགས་ཀྱི་ལུང་


GLG008_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཉག་ཕྲ་བ་ཐུགས་ཀྱིས་མ་བཟོད་པའི་ཕྱོགས་གང་དང་གང་དུ་ཡོད་ཅེས་རྩད་གཅོད་གནང་ཡང་ངེས་ཁུངས་མ་ཆོད་པའི་མུར་ཀོང་པོ་གཏེར་སྟོན་འཇའ་ཚོན་སྙིང་པོར་ཡོད་པའི་གནས་ཚུལ་གསན་པར་བརྟེན་འདེགས་རྩིས་མཛད། མེ་བྱི་བྱར་དྭགས་རྣམས་ཀྱིས་གཙང་སྡེ་སྲིད་ཀྱི་ཞབས་འདྲེན་བྱས་པ་ནས་བཟུང་བཀག་པོ་མང་དུ་འཕེལ་བའི་དྭགས་ཀོང་ཕྱོགས་སུ་རྒྱུ་འགྲུལ་མི་བདེ་བ་ཡོད་པས་ཕེབས་པ་མི་འགབ་པ་ཞུ་མི་མང་བ་བྱུང་ནའང་གསན་འཇོག་མ་གནང་བར་ཆོས་ཀྱི་གདུང་ཤུགས་དྲག་པོས་བལྟོས་མེད་དུ་ཕེབས་པའི་དྭགས་པོ་རུའི་གྲུ་བཏོན་སྒམ་པོའི་གཞིས་ཀ་ཀླུ་མཁར་ཞོལ་དུ་བཞུགས་ནུབ་སྔར་ཞལ་འདྲིས་མེད་ཀྱང་གདུང་བརྒྱུད་ནས་སྣེ་ལེན་དང་བཀག་པོའི་ཉེས་སེལ་ལ་སྡེ་པ་བཀྲ་ཤིས་རྩེ་བའི་སྐུ་སྐྱེ་ཡིན་ཟེར་བའི་བཙུན་པ་དྲག་པ་ཞིག་གིས་འགོ་བྱས་མི་བཅུ་གཉིས་ཙམ་ཕེབས་སྐྱེལ་དུ་བཏང་བའི་དྭགས་ལ་སྒམ་པོའི་ཕུ་གཉལ་ལ་མ་ཐེབས་ཙམ་གྱི་བྱང་སྟོངས་ན་ཆུ་ཆེན་པོས་བཅད་ནས་མི་ཐར་བར་ཐུག་ཚེ་བཀའ་ལས་ཡས་མས་ཚོར་འཁྱགས་ཟམ་ཡོད་འདྲ་ལྟོས་དང་གསུངས་པ་ལྟར་བྱ་རོག་ཅིག་གིས་སྣ་དྲངས་པའི་སྙེད་ནས་ཕ་རིར་བྱོན་པ་དང་འཁྱགས་ཟམ་བརྡེབ་པ་ན་སྣ་མོ་ཤག་གྲུབ་ཆེན་པས་མཆི་མ་འདོན་ཞིང་ཕྱག་མང་དུ་བཙལ་བླ་མ་ཁྱེད་ལ་ཐུགས་རྗེ་ཡོད་ཀྱང་ཡོད་བྱུང་ཡང་བྱུང་། ཞུས་ཤིང་ཇག་པ་ཁ་ཤས་འོང་བའང་ཆུར་མ་ཐར་པ་སོགས་ཆོམ་རྐུན་གྱི་འཇིགས་པ་ལས་གྲོལ་ཏེ་ཀུན་ཡ་མཚན་དུ་གྱུར། ཞབས་སྐྱེལ་བ་དམངས་ལ་ལ་འགྲོ་མ་འདོད་པའི་བྲོས་ཤིང་རྒད་བུ་ཞིག་ལུས་པས་ལམ་རྒྱུས་ཞུས་གཉལ་ལ་དེ་ཁ་བ་ཆེས་པས་ཁལ་རྣམས་དབང་སྐྱེལ་དང་རྐང་ལག་འཕྱིད་པ་ཁ་ཡར་སོགས་ཚང་མ་འོ་བརྒྱལ་བའི་ངང་ནས་ཕེབས་པའི་གནས་མལ་དུ་


GLG008_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ནུབ་ཕྱག་གཡོག་ཚོ་སྡོད་སའི་ཐོག་བརྡིབ་སྟེ་འུར་ཞོགས་ཆེའང་ཉེས་སྐྱོན་མ་བྱུང་བས་གཏེར་གསར་གྱི་སྲུང་མ་རྣམས་གཉན་པའི་འཚུབ་ཏུ་ངོས་འཛིན་མཛད། སང་ཉིན་བཤུལ་དུ་བཞུགས་སྐབས་ཕར་གནས་ཚུལ་གྱི་སྔན་ཕར་གནང་བ་མདའ་རྒྱང་དེ་ཙམ་ནས་མི་ཞིག་དང་འཕྲད་དེ་གླེང་མོ་བྱས་ཡར་སླེབས་བྱུང་བ་གཏེར་སྟོན་གྱིས་ཕེབས་བསུར་བརྫངས་པའི་ང་ལ་དབོན་པོ་ཡིན་ཟེར་བས་ཁ་བཏགས་ཀྱི་ཕྱག་མཇལ་དང་སྤོས་ཆག་སྤར་བཞིན་པས་སྤྱན་དྲངས། ཁྱེད་དཔོན་སློབ་ལ་སུས་ཞུས་གནང་བས་སྐད་ཆ་མི་དགོས་ཁོ་རང་གིས་ཤེས་ཡོང་ཟེར་སྐད། གཏེར་སྟོན་དཔོན་སློབ་དགུན་ཚང་དུ་ཆོས་ཐོག་ལ་ཕེབས་པ་དང་འགྲིག་པར་དངོས་པོ་བརྒྱ་ཕྲག་ཏུ་ལོངས་པའི་འབུལ་བ་དང་བཅས་མཇལ། གཏེར་སྟོན་གྱིས་བཀའ་འགྱུར་ཐོག་མཐའ་བར་གསུམ་གྱི་ལུང་ལས་མཚན་ཉིད་པ་གསན་ཚོད་ཀྱང་མིན་འདུག །གཏེར་སྟོན་རང་གི་ཕྱག་གཡས་གཡོན་མཛུབ་མོ་གཉིས་སྦྲེལ་བའི་ཕྱག་རྒྱ་མཛད་ནས་ངེད་རང་དཔོན་སློབ་གཉིས་འདི་ག་བྱུང་བ་བཀའ་འགྱུར་གྱི་ལུང་ཡིན། ཕྱག་སོར་རྣམས་ཟླུམ་པོ། ཟླ་གམ། གྲུ་བཞི། གྲུ་གསུམ་དུ་མཛད་དེ་སྤོས་ཕོར་ནང་དུ་ཏིལ་བཏབ་པའི་ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་ཅིག་ཅར་དུ་གྲུབ་པ་སོགས་སྣང་ཚུལ་དང་གནས་ཚོད་མི་གཅིག་པའི་གྲུབ་ཐོབ་ཞིག་པོའི་རྣམ་ཐར་རྟོགས་དཀའ་བ་དང་མ་ནས་ཚད་ཐུབ་ཀྱི་གཏེར་སྟོན་དུ་ཐུགས་ངེས་ཤེས་འདྲོངས་པའི་གཏེར་གསར་ཡང་ཟབ་དཀོན་ཅོག་སྤྱི་འདུས། ཚེ་དཔག་མེད་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འབྱུང་། ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ། ཞི་ཁྲོ་ངེས་དོན་སྙིང་པོ། རྟ་ཕག་ཡིད་བཞིན་ནོར་བུ་ཀརྨ་གླིང་པའི་ཞི་ཁྲོ་དགོངས་པ་རང་གྲོལ་རྣམས་


GLG008_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབང་ལུང་། སྒྲུབ་ཐབ་གསེར་ཆོས་མའི་ལུང་། བི་མཱ་ལའི་སྙིང་ཏིག་གི་ཆོས་སྐོར། ཡང་རྫོང་སྙིང་ཏིག་གི་ཆོས་སྐོར། མཁའ་འགྲོ་སྙིང་ཏིག་གི་ཆོས་སྐོར་རྣམས་གསན། ཕར་ས་ལུགས་ཀྱི་ཆོས་སྐོར་ཁ་ཤས་འབུལ་བ་གནང་། གཏེར་སྟོན་གྱི་རྣམ་ཐར་དུ་ལམ་འབྲས་དགོང་བསྟད་མ་གསན་གསུང་བ་དགོངས་བསྟད་དང་ཐོག་མཐའ་བར་གསུམ་བྱེད་པ་ས་ལུགས་ལ་མངོན་སུམ་མི་དགོངས་རྨི་ལམ་དུའང་མི་སྲིད་ཅིང་རྗེ་འདི་ཉིད་ཀྱི་ཐུགས་ལ་ཡང་ག་ནས་ཤོང་ཕལ་ཆེར་ཀྱེ་རྡོར་གྱི་དབང་དང་ཟབ་ལམ་གྱི་རྣལ་འབྱོར་ལྟ་བུ་གནང་བར་ལམ་འབྲས་སུ་མིང་བཏགས་པའི་རྟག་བརྟན་སྤྲུལ་སྐུའི་རྣམ་ཐར་ཞིག་དེ་རུ་ཕེབས་པ་འདྲའོ། །གསུང་གླེང་ཞིག་ལ། གཏེར་གསར་ལུང་བསྟན་དུ། ནུབ་ནས་བྱང་སེམས་འགྲོ་འདུལ་ཉི་ཤུ་གཅིག༔ སྟག་ཡོས་ལོ་པ་རང་རྟགས་དཔྲལ་སྨེ་ཅན༔ ཞེས་པ་ཉིད་ཡིན་པར་འདུག་ཅེས་ངོས་འཛིན་མཛད་པ་ལྟར་དགུང་ལོ་ཡོས་དང་དབུ་དཔྲལ་ལ་སྨེ་བ་ཉིས་བརྩེགས་ཡོད་པར་དེར་ཚོགས་རྣམས་ངེས་པ་རྙེད་ཀྱང་རྗེ་བླ་མ་བདག་གིར་ཆེར་མི་མཛད། གཞན་ཡང་གཏེར་སྟོན་རྗེ་ལྕགས་ཟམ་པར་འཁྲུངས་པའི་དུས་ལྕགས་ཟམ་ཐེན་པའི་སྤྲུལ་པའི་གྱད་དུ་གྱུར་པ་དང་རྗེ་འབངས་ཉེར་ལྔའི་ནང་ཚན་ཞིག་ཡིན་ཚུལ་ཁྲོམ་བསྒྲགས་སུ་གསུངས་པ་སོགས་ཐུགས་ཡིད་གཅིག་ཏུ་འདྲེས། གཏེར་སྟོན་གྱི་དུས་ཚོད་འདི་གང་འདྲ་ཡོད་མི་ཤེས་པས་ཡར་མགྱོགས་ཙམ་ཕེབས་གསུང་བ་ཟླ་ཤས་ནས་གཙང་སོག་གི་བདེ་གཟར་ལངས་པ་སོགས་མཁྱེན་པར་སྣང་། ཡར་ལམ་ཡང་འདུལ་གྱི་གཙུག་ལག་ཁང་བུ་ཆུར་ཐུགས་རྗེ་ཆེན་པོ་དང་རྟ་མགྲིན་སོགས་གནས་རྟེན་མཇལ་ཞིང་མཆོད་འབུལ་དང་སྨོན་ལམ་གནང་། དུང་མཚོར་ཚོང་དཔོན་བཀྲ་ཤིས་ཀྱིས་


GLG008_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

གཙོས་པ་རྣམས་ཀྱིས་ཇ་སྣམ་ཐུག་གི་འབུལ་བ་དང་བཅས་བྱིན་རླབས་དང་ཆོས་འབྲེལ་ཞུས། གཏེར་སྟོན་སངས་རྒྱས་གླིང་པའི་གདུང་བརྒྱུད་ཀྱི་ཇོ་མོ་སྒམ་པོའི་ལྕམ་གྱིས་གཞིས་ཀར་མཇལ་ནས་གཞིས་ལེན་བསྟབ། སང་ཉིན་ཕུའི་གནས་སུ་བྱོན་ཤོག་སེར་དམ་རྫས་སོགས་རྟེན་རྣམས་ཞིབ་ཏུ་མཇལ། ང་ལར་ཕེབས་མཚམས་དྭགས་པོ་གྲོ་ལུང་གི་ཨྱོན་ཟེར་བའི་རྩུབ་སྤྱོད་ཅན་དེའི་མ་རུངས་པའི་བློ་ཞི་སྟེ་ཞབས་འདྲེན་མ་ཞུས་པར་མ་ཟད་བྱིན་རླབས་ཞུ་བས་མཚོན་གུས་པའི་རྣམ་འགྱུར་བྱས། ཉེར་འཚེ་ཅུང་ཟད་ཀྱང་མེད་བཞིན་པ་ནས་ཡར་ཀླུངས་སུ་བདེ་བར་ཕེབས་ཏེ་གདན་ས་ཆེན་པོ་ཉིད་དུ་སྟན་ཆགས། བླ་མ་བཀའ་བརྒྱད་ཡོངས་འདུས་ཀྱི་སྤྱི་ལུང་མདོར་བསྡུས་སྙིང་པོ་ལས། ཁྱད་པར་གདུག་པ་སྦྲུལ་གྱི་ལོ་ཤར་དུས༔ གནམ་རྟགས་འོད་དཀར་སྐྱ་རེངས་ཡང་ཡང་འཆར༔ གཟའ་སྐར་འཁྲུག་ཅིང་བྱང་དུ་ཧོར་སོག་གཡོ༔ འོལ་དགའི་ཕྱོགས་སུ་ཆོས་པས་རྐྱེན་བྱས་འཁྲུག༔ དབུས་གཙང་སྡེ་འཁྲུག་འགྲོ་རྣམས་ཉམ་ཐག་འགྱུར༔ ས་གཡོས་ནད་རིམས་ལོ་གསུམ་ལོ་ཉེས་འབྱུང་༔ ལོ་དགུའི་བར་དུ་དབུས་གཙང་དབུ་རུར་འཚོག༔ ཅེས་པ་དང་། ཡོལ་མོ་སྤྲུལ་སྐུ་གཏེར་སྟོན་བསྟན་འཛིན་ནོར་བུའི་གཏེར་གསར་དུ། ཡོས་ཀྱི་ལོ་ལ་ངལ་གསོ་བྱེད༔ འབྲུག་གི་ལོ་ལ་འབྲུག་ལྟར་ལྡིར༔ སྤྲུལ་པ་སྤྲུལ་ཤུན་ལྟ་བུར་འཐོར༔ དེ་ཕྱིར་ཡོས་བུའི་ལོ་ལ་ལོང་༔ ཞེས་པའི་ལུང་བསྟན་དུས་ལ་བབ་པའི་གཙང་སོག་གི་དུས་འཁྲུག་ཆེན་པོ་ལངས་པར་ཉེ་བ་མཆོག་དམན་མཐའ་དག་བློ་འཚུབ་པར་བརྟེན་གཙང་སྡེ་སྲིད་ནས་ས་རྙིང་གི་སྔགས་སྡེ་ཕལ་ཆེར་ལ་སོག་བཟློག་གི་སྐུ་རིམ་བཙུགས་པའི་རྣམ་གྲངས་མང་ཙམ་བྱུང་སོང་བ་དང་ཕྱོགས་མཐུན་དུ་བསླབ་སྟོན་དང་བསྟུན་པའི་དམར་ཆེན་


GLG008_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་བཟློག་གི་ཚེ་ཟངས་གྲི་ཅན་གྱི་གཏོར་མ་སྒོ་ཕྱོགས་སུ་འཆུས་ཤིང་ཡུངས་ཀར་གང་བཟང་རྣམས་རང་བཞིན་གྱི་སིལ་སྒྲ་ཆད་མེད་སྒྲོགས། གཏོར་མ་འཕེན་སར་གཏོར་མ་ལས་མེ་ལྷབ་ཀྱི་འབར་ཏེ་རྩེ་མོ་ནས་བཙོ་བྱད་ཤར་ཕྱོགས་སུ་རྒྱུགས་པ་སོགས་རྡོ་རྗེ་ཆོས་སྐྱོང་རྣམས་བྲན་དུ་བཀོལ་བའི་མཐུ་སྟོབས་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་ཅིང་དེ་ལོ་ལྷོ་བྱང་ཀུན་ཏུ་དུས་ཀྱི་ཆད་པའི་བརྡབས་གསིགས་སྣ་ཚོགས་བྱུང་ནའང་ཡར་ཀླུངས་སྟོད་སྨད་ཀྱི་སྡེ་དགོན་ཡུལ་གྲུ་ཚོར་གནོད་པ་ཆེར་མ་བྱུང་བའི་ཁར་སྒོས་སུ་དམིགས་མེད་ཀྱི་དབྱིངས་སུ་རྒྱས་འདེབས་པའི་གྲ་བསྒྲིག་ཀླུངས་སུ་མ་རྒྱུགས་པའི་ཉེས་པ་རྣམས་རིམ་གྱིས་ཞི་བས་ནུས་མཐུའི་གཟི་བྱིན་འོད་དུ་འབར། འོན་ཀྱང་ལོ་འདི་དང་ཆུ་རྟའི་བར་སྟོད་སྨད་ཀྱི་བདེ་གཟར་གཅིག་མཇུག་གཅིག་ནོན་ལྟ་བུའི་རྒྱ་མཚོའི་རླབས་ལྟར་ཡོལ་བ་མེད་པས་འཁོར་ལོ་གསུམ་གྱི་མཛད་འཕྲིན་ཧ་ཅང་གི་རྒྱ་ཆེ་བ་གནང་མ་ཐུབ་རུང་གདན་ས་ཉིད་དུ་སྟན་ཆགས་ཤིང་། གོང་དཀར་ཆོས་སྡེར་ཡང་ཉི་མ་གླིང་དུ་ཆོས་ཀྱི་གསན་པ་མཛད། ཁྲ་འབྲུག་གི་ལི་མ་རྣམས་བྱིན་རླབས་ཞུ་མི་མངས་པར་བརྟེན་དྲེག་པས་ནོགས་པ་ཆུ་ལུག་སྡེ་པ་བཀྲ་ཤིས་རྩེ་པས་སྦྱིན་བདག་མཛད་དེ་སྟར་བུ་སོགས་ཀྱིས་བཀྲུས་ནས་གསར་པ་ལྟ་བུར་སོང་བར་ཞལ་གསེར་སྤྱན་འབྱེད་དབུ་མཐིང་གི་ཞིག་གསོས། རྗེ་ཉིད་ནས་རས་ལས་གྲུབ་པའི་སྟོད་སྨད་ཀྱི་གོས་ཟུངས་འབུལ་བ་གནང་། ལྕགས་སྦྲུལ་བདེ་གཟར་སྐབས་རྒྱལ་ཁང་བཤིག་པར་བརྟེན་གནས་རྙིང་རྒྱལ་པོ་རྟེན་མེད་དུ་སོང་བའི་ཨེ་གཉལ་ཡར་ཀླུངས་ལྷོ་ཁ་ཕྱོགས་སུ་འཁྱར་བའི་གནོད་པ་སྣ་ཚོགས་བྱས་པ་འདི་དུས་ཁྲ་འབྲུག་གི་ཕྱག་བཞི་པའི་མགོན་ཁང་མདོར་ཡོད་པ་སྣ་མོ་ཤག་གྲུབ་ཆེན་པས་རབ་གནས་ཀྱི་


GLG008_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་བདག་ཞུས་ཏེ་རྗེ་ཉིད་ཕེབས་རྒྱུའི་སྔ་ནུབ་ལྷ་འདྲེའི་དམག་སྒར་རྣམས་འུར་བའི་ཆུ་བྱང་ཁར་སོང་བ་ལེགས་བཤད་གླིང་པའི་གྲ་པ་དགེ་སློང་རྗེ་བཙུན་ཟེར་བའི་མིག་མཐོང་ཤིན་ཏུ་གསལ་བས་ངེས་ཤེས་འདྲོངས་པའི་ཡ་མཚན་དུ་བྱེད་པ་བཅོམ་ལྡན་འདས་ཧེ་བཛྲ་གྱི་རྣམ་པར་རོལ་པའི་གཟི་བྱིན་མ་བཟོད་པར་སྣང་། དེའང་གཏེར་ཁ་མང་པོར་གནས་ཆེན་རྣམས་ལ་རབ་གནས་བསྐྱར་ན་བོད་འབངས་ཀྱི་བདེ་ཐབས་ལ་ཕན་པར་གསུངས་བཞིན་མཆོད་ཡོན་ཐམས་ཅད་ཐུགས་རྩེ་མཐུན་ཏེ་ཐོག་མར་སྡེ་བརྒྱད་ཆ་མཉམ་པའི་ཕྱིར་བསངས་དང་གསེར་སྐྱེམས། དངོས་གཞི་དགྱེས་མཛད་རྡོ་རྗེའི་དཀྱིལ་འཁོར་ལ་བརྟེན་ནས་རབ་ཏུ་གནས་ཤིང་མེ་ཏོག་གི་ཆར་ཆེན་པོ་ཕབ་པའི་ཚེ་ལྷ་སྲས་ཀྱི་ཕྱག་བཟོའི་དཔལ་ཨྱོན་ཆེན་པོའི་སྐུ་ལ་རང་ཉིད་ཀྱིས་ང་འདྲ་གསུངས་ཏེ་མཁུར་ཆོས་ལ་ཕྱག་མཛུབ་བཙུགས་ཤུལ་རྒྱལ་བློན་གྱི་དུས་ནས་ཀྱོང་ཙམ་ཡོད་པའི་ནང་དུ་སྔར་མེད་པའི་ཨ་འབུར་དོད་གསལ་བ་དཀོན་གཉེར་གྱིས་མཐོང་བ་སོགས་གངས་ཅན་བདེ་ལེགས་སྤེལ་བའི་རྩ་ལག་ཏུ་གྱུར། སྦྲུལ་ལོ་བསྟན་པ་སྤྱི་རིམ་སོགས་མཛད་པར་བསྙད་གཞན་སྦྱོར་ཕུན་ཚོགས་མི་བཟོད་པར་ཕྲག་དོག་ཅན་འདྲས་སྙན་ཕྲ་སྣ་ཚོགས་ཕུལ་བར་བརྟེན་ས་སྐྱོང་བསོད་ནམས་རབ་བརྟན་ཀྱང་ཐུགས་ཀྱི་འཛིན་སྟངས་གཞན་དུ་གཞོལ་བའི་གནང་སྒོ་ལ་ཞོགས་དྲུད་དེ་དགོན་གནས་ལ་འཕོ་ལེན་སོགས་བཀའི་ལུང་ལྕི་བའི་ཆད་པ་འདྲ་འོང་ངམ་ཞེས་བརྗོད་རིགས་དུ་མས་ཕྱོགས་དེའི་སྐྱ་སེར་ཕལ་ཆེར་རེ་དོགས་དང་སོམ་ཉིར་གྱུར་པ་སྡེ་པ་བཀྲ་ཤིས་རྩེ་པས་དག་སངས་ཀྱི་རྒྱུ་མཚན་ཕུལ་བ་འགབ་ཚུལ་ཞུས་ཚོད་དུ་འདུག་རུང་ཧ་ཅང་དབྱིངས་ཆེས་པས་མཛུབ་མོས་གནམ་མི་ཐེག་པའི་དཔེ་བཞིན་ཞུ་འབུལ་སྣ་ཕིབས་ཡོང་བ་


GLG008_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བ་དང་རྗེ་ཉིད་ཀྱི་དགོངས་པ་ནི། ཐམས་ཅད་མཁྱེན་པའི་གསུང་མགུར་དུ། སྡུག་མི་འདོད་ཅི་དང་ཅི་བྱུང་ཡང་། །དེ་བྱུར་ངན་རང་གི་ཉེས་པ་ཡིན། །མི་གཞན་ལ་སྡུག་ཡུས་མི་འཚོང་བ། །ང་ཅི་ནུས་ཀུན་གྱི་སྡུག་བསྔལ་འཁུར། །སྐྱིད་བདེ་བ་ཅི་དང་ཅི་བྱུང་ཡང་། །རྗེ་མཉམ་མེད་བླ་མའི་བཀའ་དྲིན་བསམ། །བདག་རང་གི་བསོད་ནམས་མི་བགྱིད་པར། །ད་འགྲོ་དྲུག་ཀུན་ལ་མཉམ་པར་འབུལ། །ཞེས་གསུངས་པ་ལྟར། སྐྱིད་ན་དཀོན་ཅོག་གི་ཐུགས་རྗེ་དང་སྡུག་ན་ལས་ངན་འཛད་པའི་ཆོས་ཐོག་ཏུ་འཇོག་བཞེད་ཁོ་ནས་ལྷ་བཙུན་བོ་དྷི་རཱ་ཛས། ཇོ་བོ་ཆེན་པོ་བསམ་ཡས་སུ་བཞུགས་པར་མ་འདོད་པའི་ཚེ། གང་ན་འཐབ་ཅིང་རྩོད་པ་བས། །དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ། །ཞེས་གཞན་དུ་ཕེབས་པའི་ལོ་རྒྱུས་དང་མཚུངས་པའི་འཕྲལ་རྐྱེན་བསྐུལ་མ་ལྟ་བུའི་དོན་ལོ་གསུམ་གྱི་བཞེད་པ་འགྲུབ་པའི་དུས་བབ་ཀྱི་རིང་པོར་མ་ལོན་པར་ཞ་ལུར་ཕེབས་ཏེ་ལོ་གསུམ་གྱི་བར་རི་ཕུག་གི་རྣམ་གྲོལ་ཡང་རྩེར་ཤིང་སྤྲེལ་ཧོར་ཟླ་བདུན་པའི་ཚེས་བཅུ་གསུམ་ནས་ཕྱི་རོལ་གྱི་རྣམ་གཡེང་མཐའ་དག་རྒྱང་དུ་བསྲིང་བར་མཛད་པའི་ཀྱེ་རྡོར་བསྙེན་ཆེན། རིགས་འཛིན་གདུང་སྒྲུབ། ནཱ་རོ་མཁའ་སྤྱོད། མ་ཧཱ་མཱ་ཡ། དགྲ་ནག །བདེ་ཆེན་རལ་གཅིག །གསང་འདུས་མི་བསྐྱོད་པ། དུས་འཁོར་སོགས་རྒྱུད་སྡེ་བཞིའི་དཀྱིལ་འཁོར་དང་ལྷ་ཕྲན་གྱི་རིམ་པ་སྐུ་ན་ཕྲ་བའི་དུས་གནང་བ་ནས་བཟུང་ད་ལམ་སྟན་ཐོག་གཅིག་ཏུ་གྲུབ་པ་ཡན་ཆད་བསྡོམས་པར་ལྕགས་འབྲུག་དམ་བཅའ་གནང་བའི་བརྒྱ་རྩ་བརྒྱད་པོ་ལྷག་དང་བཅས་པ་ལེགས་པར་སོང་བར་གོང་གི་ལྷ་གྲངས་ཀྱི་ལྗགས་བསྙེན་ཞིབ་ཆའི་ཐོ་མ་རྙེད་ཅིང་དམ་བཅའི་ལྗགས་བསྙེན་བརྒྱ་


GLG008_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་རྒྱུན་བཟླས་མི་ཐེ་བའི་སྔ་ཕྱིར་མང་ཙམ་མཛད་པའི་བསྙེལ་ཐོའི་སྙིང་པོ་བསྡུས་པ་འདི་ལྟ་སྟེ། སྐྱབས་འགྲོ་བཞི་ཁྲི་བཞི་སྟོང་བཞི་བརྒྱ། སེམས་བསྐྱེད་སུམ་བརྒྱ། ཡིག་བརྒྱ་ཉིས་འབུམ་ཆིག་ཁྲི་དགུ་སྟོང་བརྒྱད་བརྒྱ། བཛྲ་སཏྭ་དྲུག་འབུམ་ཆིག་ཁྲི་མཎྜལ་ཉིས་སྟོང་ཉིས་བརྒྱ། བཛྲ་གུ་རུ་ས་ཡ་གཉིས་དགུ་ཁྲི་བདུན་སྟོང་། ཚིག་བདུན་མ་བཞི་ཁྲི་བདུན་སྟོང་བདུན་བརྒྱ། སྔགས་འཆང་བསོད་ནམས་ཆོས་འཕེལ་གྱི་སྐུ་བསྟོད་སྐྱབས་གནས་མ་སུམ་ཁྲི་བརྒྱད་སྟོང་བདུན་བརྒྱ། རྡོ་རྗེ་འཆང་གི་སྐུ་བསྟོད་མཁྱེན་ལྡན་མ་ཆིག་འབུམ་བརྒྱད་ཁྲི་བཞི་སྟོང་བདུན་བརྒྱ། འཇིགས་བྱེད་ཀྱི་སྙིང་པོ་ས་ཡ་གསུམ་སུམ་འབུམ་སུམ་ཁྲི། ཉེ་སྙིང་བདུན་འབུམ་དྲུག་ཁྲི་དྲུག་སྟོང་དྲུག་བརྒྱ། ཀཱ་ལ་རཱུ་པ་བཞི་འབུམ་བཞི་ཁྲི་བཞི་སྟོང་བཞི་བརྒྱ། གསང་འདུས་ཀྱི་སྔགས་ཆིག་འབུམ། མི་གཡོ་བའི་སྔགས་བཞི་འབུམ། ཨོཾ་གསུམ་མའི་སྔགས་དྲུག་ཁྲི། རྣམ་རྒྱལ་མའི་གཟུངས་རིང་ཐུང་སྟོང་ཕྲག་རེ། དུན་ཉིས་སྟོང་། སརྦ་རཱུ་པ་ཆིག་ཁྲི་ཉིས་སྟོང་། པདྨ་སཾ་བྷ་བའི་སྔགས་འབྲུ་བཅོ་བརྒྱད་པ་སུམ་འབུམ་སུམ་སྟོང་། ཡིག་དྲུག་བྱེ་བ་གཅིག་ས་ཡ་གཅིག་ཉིས་འབུམ་དྲུག་ཁྲི་ལྔ་སྟོང་། འཆི་མེད་འོད་སྣང་གི་གཟུངས་དྲུག་སྟོང་། དྲག་སྔགས་སོ་ལྔ་པ་ཆིག་འབུམ་སུམ་སྟོང་། རྡོ་རྗེ་གྲོ་ལོད་ཀྱི་སྔགས་བྱེ་བ་གཉིས་དང་ཆིག་སྟོང་། དྲག་སྔགས་བཅུ་གཉིས་པ་ས་ཡ་གཅིག་དང་བཞི་འབུམ། བཀའ་བརྒྱད་བདེ་འདུས་ཀྱི་ཆེ་མཆོག་གི་གཟུངས་ས་ཡ་གཅིག་དང་ཉིས་འབུམ། མགོན་པོའི་ཡིག་བདུན་ས་ཡ་གཅིག་དང་ཉིས་འབུམ་སུམ་ཁྲི་བདུན་སྟོང་། ལྷ་མོའི་སྔགས་བརྒྱད་ཁྲི། བོད་རྦད་ཁྲི་ཚོ་ལྔ། ཕྱག་རྡོར་གཏུམ་པོའི་སྔགས་ས་ཡ་གཅིག་དང་བདུན་འབུམ། །


GLG008_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་མཆོད་ཁ་ཐོར་ལྗགས་ཐོག་ནས་སོང་བ་ལ། ཀྱེ་རྡོར་བདུན་ཅུ་དོན་བཞི། བདག་མེད་མ་ལྔ། བདེ་མཆོག་ཉི་ཤུ་རྩ་དགུ །དུས་འཁོར་བཅོ་བརྒྱད། འཇིགས་བྱེད་ཉིས་བརྒྱ་དང་ལྔ། གཤེད་དམར་གཉིས། གསང་འདུས་བདུན་ཅུ་དོན་དགུ །མ་ཧཱ་མཱ་ཡ་གཉིས། མཁའ་འགྲོ་རྒྱ་མཚོ་བཅུ་བཞི། སངས་རྒྱས་མཉམ་སྦྱོར་ལྔ། སཾ་བུ་ཊི་ལྔ། ནཱ་རོ་མཁའ་སྤྱོད་བདུན། ཨིནྡྲ་མཁའ་སྤྱོད་གཉིས། མཻ་ཏྲི་མཁའ་སྤྱོད་གཉིས། ཕྱག་རྡོར་གཏུམ་ཆེན་བཅོ་བརྒྱད། བཀའ་བརྒྱད་བཅུ་དྲུག །ཐུགས་རྗེ་ཆེན་པོ་ཉིས་བརྒྱ་བཅུ་བཞི། ཚེ་དཔག་མེད་ཛེ་ཏཱ་རིའི་ལུགས་བརྒྱད། ཀུན་རིག་ལྔ། སྒྲོལ་དཀྱིལ་བརྒྱད། འོད་ཟེར་ཅན་མ་བཅུ་གཅིག །རིག་བྱེད་མ་བརྒྱད། མི་འཁྲུགས་པ་ཉི་ཤུ་རྩ་བཞི། བླ་མ་དྲག་པོ་གསུམ། རྣམ་རྒྱལ་སྟོང་། འཆི་མེད་འོད་སྣང་བཅུ་དགུ། བསྐང་གསོ་ཁ་ཐོར་ལ་གུར་མགོན་ལ་སྟོང་དང་ལྔ་བརྒྱད་བཅུ་གསུམ། ལྷ་མོ་ལ་སྟོང་དང་སུམ་བརྒྱ་དོན་གཉིས། ཞལ་ལ་སྟོང་དང་བཞི་བརྒྱ་ང་གསུམ། ལས་མགོན་པུ་ཏྲ་དང་བཅས་པར་བརྒྱ། བེག་ཙེ་ལ་སུམ་བརྒྱ་སོ་བཞི། ལས་གཤིན་ལ་དྲུག་བརྒྱ་རེ་གཅིག །རྩིས་མགོན་ལ་སོ་གཅིག །བེང་ལ་བརྒྱ་དང་ཞེ་བརྒྱད་རྣམས་ཆ་ཤས་ཙམ་ཡིན་འདུག་རུང་རྗེས་འཇུག་རྣམས་ཀྱི་མིག་རྒྱན་ལ་ཕན་ནམ་སྙམ་གྱིས་བྲིས་སོ། །ད་ལྟའི་ཞ་ལུ་མཁན་ཆེན་ཀུན་སྤངས་པ་དེ་སྐབས་རི་ཕུག་གི་དབུ་མཛད་ཆེན་མོ་ཡིན་པ་ཐུན་འཚམས་སུ་གསུང་གླེང་དང་བཅས་འཕྲལ་འཕྲལ་ཕེབས་ཤིང་དཀྱིལ་འཁོར་རེའི་ལྗགས་བསྙེན་རྫོགས་འཚམས་ཆོས་བཀའ་ཕར་གསན་ཚུར་གསན་ཀྱང་ཅུང་ཟད་གནང་ངོ་། །འཚོ་བ་ཆོག་ཤེས་རྒྱལ་


GLG008_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་ཕུ་ཆུང་པ། །བདག་གཞན་མཉམ་པར་བརྗེ་ནུས་འཆད་ཀ་བ། །རབ་འཁུ་དམ་ཆོས་འཚོལ་ལ་བག་སྟོན་རྗེ། །རྩེ་གཅིག་སྒྲུབ་ལ་གཞོལ་བ་བྲག་ཕུག་པ། །ཧཱུྃ་འོད་ཉང་བན་ཐུགས་ལས་ཉེར་འཕྲོས་པས། །ཧཱུྃ་སྒྲའི་ང་རོ་ཆེར་སྒྲོག་གཏེར་སྟོན་གྱིས། །ཧཱུྃ་ནག་ཆོས་ཀྱི་བདག་པོར་བཀའ་བབས་ཞེས། །ཧཱུྃ་མཚན་ཐུགས་དགྱེས་ངང་ནས་ལྗགས་རིང་བརྐྱང་། །ཡོམ་ཡོམ་གླིང་དགུའི་རྒྱལ་ཁམས་འདར་བའི་ཚེ། །རྔམ་རྔམ་རྡོ་རྗེ་སྲིན་པོའི་བརྟུལ་ཞུགས་ཀྱིས། །ཐིབས་ཐིབས་བསམ་ངན་འཆང་བའི་སྦྱོར་རྩུབ་མུན། །འཇིགས་འཇིགས་མངོན་སྤྱོད་རྟ་ལྗང་ཅན་དེས་སངས། །ཀུན་བཟང་བླ་མའི་ཆོས་ཀྱི་གདུང་གསོབ་ཆེད། །ཀུན་མཁྱེན་བུ་སྟོན་ཞབས་ཀྱི་དབེན་གནས་སུ། །ཀུན་དགའི་མཛའ་བ་སྟེར་བའི་བསྙེན་སྒྲུབ་ལ། །ཀུན་ཏུ་ལྷོད་མེད་ལོ་གསུམ་བཅད་རྒྱས་བཅིངས། །ལྷ་སྔགས་ཡེ་ཤེས་རྣལ་འབྱོར་མཐར་ཕྱིན་པས། །ལྷ་ཚོགས་རང་ཞལ་གཟིགས་སོགས་ངོ་མཚར་ལྟས། །ལྷ་མིའི་བློར་འདས་ཆོ་འཕྲུལ་དཔག་ཡས་ཀྱང་། །ལྷར་བཅས་འགྲོ་ཁྱོད་མི་མངོན་བརྫུ་ལ་བརྟེན། །ཆེར་རློམ་མང་ཞིག་རྡུལ་ཕྲའི་ཡོན་ཏན་ལ། །ལའུར་ལྟོས་ཞེས་མཁའ་ལ་འཕྱར་མཐོང་ཚེ། །ཚེ་རབས་དུ་མར་གོམས་པའི་དམ་པའི་ཚུལ། །ཚུལ་མིན་རྐུན་པོའི་ནོར་ལྟར་སྦ་འདི་མཚར། །མེ་ཁྱིའི་དབྱར་སྡེ་པ་བཀྲ་ཤིས་རྩེ་པ་མཆོད་ཡོན་མཇལ་ཐོག་ལྷ་སར་གྲོངས་པ་ཡར་འདྲེན་ལ་གདན་དྲངས་ཆོག་པ་དགོས་ཚུལ་དཔོན་སས་སྡེ་པ་བསོད་ནམས་རབ་བརྟན་ལ་སྙན་འབུལ་ཞུས་པ་ཁྲོལ་བར་བརྟེན་གདན་འདྲེན་གདོས་དྲག་གཤིས་ལོ་གསུམ་མཐེངས་པ་དང་འགྲིག་པའི་དེ་


GLG008_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲལ་དུ་ཆིབས་ཁ་བསྒྱུར་ཏེ་བཀྲ་ཤིས་རྩེ་ཆོས་སྡེར་ཕེབས། སེར་ཚོགས་ཀྱི་གྲལ་དབུ་གནང་ནས་དགེ་སྒྲུབ་ཀྱི་དངོས་པོ་ཐམས་ཅད་དོན་ལྡན་སྙིང་པོར་སྨིན་པའི་འབྲས་བུ་སྦྱིན་བདག་འཁོར་བཅས་གནས་སྐབས་ལྷ་མི་དང་རིང་མིན་འཁོར་བ་མཐའ་ཅན་དུ་མཛད་པའི་རེ་བ་ཡོངས་སུ་བཀང་། རྟ་ལུག་ཚོར་མཆོད་ཡོན་དུ་ཞུ་འབུལ་མ་གནང་བའང་གནས་སྐབས་སུ་ཐུགས་སུ་མ་ཆུན་པའི་རྣམ་པ་འདྲ་ཞིག་ཏུ་མཆིས་རུང་མ་འོངས་པའི་འབྱུང་འགྱུར་མཁྱེན་ནས་རེ་ཞིག་བཏང་སྙོམས་སུ་བཞག་པ་གོར་མ་ཆག །དེ་ཡང་བོད་དུ་འགྱུར་རོ་ཅོག་གི་རྒྱལ་བའི་བཀའ་རྣམས་ལས་རྒྱུད་ཤེར་ཕྱོགས་མདོ་ལུང་སོགས་ཀྱི་རྒྱུན་སྔོན་ནས་དར་ནའང་མདོ་མང་གི་ལུང་ཤིན་ཏུ་དཀོན་པར་གྲོ་ལུང་པ་བློ་གྲོས་འབྱུང་གནས་ཀྱིས་སྟེངས་པ་ལོ་ཙཱ་བ་རྒྱ་གར་དུ་འཚོལ་བར་བཏང་བ་དང་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་སྤྱིལ་བུ་བ་སྟག་སྟོན་ཤེས་རབ་འོད་ཟེར་ལ་མདོ་མང་གི་ལུང་དག་པ་ཞིག་འཚོལ་བཀའ་གནང་བ་སོགས་ལུང་རྒྱུན་མཐའ་དག་ཤབ་པ་བག་སྟོན་གཞོན་ནུ་ཚུལ་ཁྲིམས་ཀྱིས་གསན་ཞིང་བར་སྐབས་སུ་རིན་པོ་ཆེ་གྲགས་དོན་པ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། ཀུན་མཁྱེན་རྡོ་རྗེ་གདན་པ་སོགས་རྒྱལ་བའི་བསྟན་པ་རིན་པོ་ཆེ་གཅེས་པར་འཛིན་པའི་སྔོན་བྱོན་དམ་པ་དུ་མའི་བཀའ་དྲིན་ལས་དར་རྒྱས་སུ་གྱུར་པ་དུས་དབང་གིས་རིམ་གྱིས་འགྲིབ་ཅིང་གྲུབ་མཐའ་སོ་སོར་ཡང་རང་རང་གི་ཆོས་ལུགས་ཀྱི་ཁ་འཛིན་ཙམ་ལས་སངས་རྒྱས་ཀྱི་བཀའ་རྣམས་སྤྱི་རྟ་སྒལ་རལ་བཞིན་དུ་ལུས་པ་རྗེ་བཙུན་བླ་མ་འདི་ཉིད་ཀྱིས་བདེ་བར་གཤེགས་པའི་རིང་ལུགས་


GLG008_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྲོལ་འཆད་ཉན་རྩི་སྨན་ལྗོན་པས་འཐུད་པའི་སྙིང་སྟོབས་ཀྱིས་ཁུར་ཕྲག་པར་བཞེས་པའི་རྒྱུད་འབུམ་དང་འདུལ་ལུང་གཉིས་ངོར་དང་གོང་དཀར་དུ་གསན་ཟིན་ཀྱང་། ཤེར་ཕྱོགས་དང་མདོ་མང་གཉིས་ཕྱོགས་ཀུན་ཏུ་འཚོལ་བ་གནང་བར། འཐོར་ཀློག་ལྕགས་རི་མ། དབའ་བཤུར་མ། ཐོག་མཐའ་བར་གསུམ་སོགས་ཉན་བཤད་ཀྱི་གཟུགས་བརྙན་ཙམ་ལས་མཚན་ཉིད་དང་ལྡན་པ་མ་བྱུང་བ་སྡེ་པ་རྣམ་གླིང་པ་སྡོམ་བརྩོན་ཚོགས་གཉིས་དཔལ་གྲུབ་ལ་མཐར་ཆགས་སུ་ཆད་མེད་ཀྱི་ཀློག་ལུང་ཡོད་པའི་ཁུངས་ཆོད་པར་བརྟེན་ཁྲ་ཚང་པ་ཆེན་པོ་མཁས་གྲུབ་བློ་མཆོག་རྡོ་རྗེར་གཡུ་པད་གསེར་དངུལ་སོགས་སྐུ་ཆས་ཀྱི་མཐུན་རྐྱེན་གྱ་ནོམ་པ་དང་བཅས་ལྷོ་བྲག་ཕྱོགས་སུ་རྫོང་བདའ་གནང་བ་དྷཱི་ཚ་སྤྲུལ་པའི་སྐུར་བླ་མ་ཚོགས་གཉིས་དཔལ་གྲུབ་ཀྱིས་ལུང་ཕུལ་བའི་ཤེར་ཕྱོགས་རྫོགས་མཚམས་དང་འགྲིག་པའི་སྐོར་གཅིག་གསན་མ་ཐུབ་རུང་མདོ་མང་རྣམས་རྫོགས་པར་བྱུང་བ་དམ་པའི་ཆོས་ཀྱི་སྐྱེས་བཟང་པོ་དང་བཅས་བྱོན་པར་ས་བྱི་ལོ་གསན། དེའང་ངེད་རང་ཚར་ལུགས་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་ཆོས་ལ་ཤིན་ཏུ་མོས་ནའང་ཡུལ་དུས་གནས་སྐབས་ཀྱི་མོས་པ་ལམ་བྱེད་དུ་ལུས་ཤིང་ཟུར་ཐམས་ཅད་མཁྱེན་པ་ཟབ་ལམ་ནཱ་རོ་མཁའ་སྤྱོད་གསན་བཞེད་པ་ཉེ་སྐོར་ཚོར་གསན་ཡུལ་གཞན་མ་རྙེད་པའི་ཆོས་རྗེ་རབ་འབྱམས་པ་ཀུན་དགའ་ལྷུན་གྲུབ་ཀྱི་ཞལ་སློབ་དགེ་སློང་རི་ཁྲོད་པ་ཞིག་ལ་ཡོད་པ་ཁུངས་ཆོད་རུང་། དེ་ལ་ཉམས་ལེན་ལས་སྤྲོས་པའི་འཆད་ཉན་ཚད་ལྡན་ཡོང་མི་ཡོང་སོམ་ཉིར་གྱུར་པའི་ངང་ལ་ལུས་པའི་མུར་འ་ཞའི་རྡོ་རྗེ་འཛིན་པ་ཞ་ལུ་ནས་སྐུ་མཚམས་


GLG008_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་འཕྲལ་ཕེབས་ལམ་དུ་བཤད་དྲགས་པས་སྐྱ་བབས་ཀྱི་སྐུ་མ་བདེ་བ་ལ་རོང་ནས་དྲུང་འཚོ་དབོན་པོ་གདན་དྲངས་པའི་སྐུའི་འཕྲོད་བསྟེན་དང་མཆོད་ཡོན་གྱི་དགོངས་བབས་ཐུགས་ལྷུས་མ་ཐིངས་པའི་མངོན་ཆུང་ལྟ་བུར་བཞུགས་གཤིས་མེ་ཕག་གི་དབྱར་བར་གནས་ཚུལ་ཞིབ་པ་མ་ཐོས་ཤིང་སྟོན་མཇུག་ཉེ་ལེན་གྱི་ཡི་གེ་ཕུལ་བར་ལན་ཚིགས་བཅད་མ་ཞིག་བྱུང་བས། འདི་ག་ནས་བསྐུལ་མ་དང་རྗེ་བླ་མའང་ཕེབས་བཞེད་འདོམ་པའི་ས་བྱི་ཟླ་བ་དང་པོ་ཉིས་བརྩེགས་ཀྱི་སྔོན་མར་ཡར་ཀླུངས་སུ་ཐེགས་ནས་ཟླ་གཅིག་གི་བར་ཆོས་སྡེར་བཞུགས། དཔོན་སློབ་གཉིས་སྔར་ནས་འདྲིས་པ་ལྟ་བུའི་ཐུགས་ནང་དག་ཅིང་དགྱེས་རྩེར་སོན་པའི་ཟུར་ཀུན་མཁྱེན་ཆེན་པོར་ཀྱེ་རྡོར་མན་ངག་ལུགས་རས་བྲིས་ལ་བརྟེན་པའི་དབང་། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས། ཉམས་ཁྲིད་ཤིན་ཏུ་ཞིབ་པ་ཆོས་སྐོར་ཡོངས་རྫོགས། ཨིནྡྲ་དང་མཻ་ཏྲི་མཁའ་སྤྱོད་གཉིས་ཀྱི་ལུང་། རིག་བྱེད་མའི་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་རྗེས་གནང་ལྷ་ལྔའི་བྱིན་རླབས། ཚོགས་བདག་གི་ཐུན་མོང་བའི་རྗེས་གནང་། དམར་པོ་སྐོར་གསུམ་གྱི་ལུང་། དམར་ཆུང་སྐོར་གསུམ་གྱི་རྗེས་གནང་དང་། ཆོས་སྐོར་ཡོངས་རྫོགས་ཀྱི་ལུང་། ཞལ་བསྙེན་དུས་ཀྱི་རྗེས་གནང་། གསང་ཁྲིད་མ་གཏོགས་རྗེ་ཚར་ཆེན་གྱི་དཀར་ཆག་ལྟར་གྱི་བེའུ་བུམ་དང་ཧ་ལ་ནག་པོའི་སྐོར་སོགས་ཆོས་འཁོར་རྒྱ་ཆེར་བསྐོར། གསེར་ཆོས་ཀྱི་དམར་པོ་སྐོར་གསུམ་གྱི་གདམས་པ་ཟབ་གྲགས་ཆེས་པས་མཁས་གྲུབ་ཆེན་པོ་བོད་མཁར་བ། སྤྱན་སྔ་རིན་པོ་ཆེ། ཆོས་རྗེ་ཀུན་


GLG008_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ལྷུན་གྲུབ་གསུམ་སྡེ་པ་དགའ་ལྡན་པའི་བླ་མར་གྱུར་པ་སོགས་འཕྲིན་ལས་ཆེས་པ་ལ་སྐྱིད་ཤོད་ཕྱོགས་སུ་ངན་དོགས་ཀྱི་དབང་སྡུད་ཡོད་ཟེར་བའི་སྒྲོ་སྐུར་ཐུགས་ལ་མངའ་བ་དང་། ཕག་མོ་གྲུ་པ་དང་ཤེན་རྡོར་སེང་གཉིས་ཀྱི་ལོ་རྒྱུས་ལྗགས་ལུང་གི་དུས་གསན་པས་ཀྱང་རྐྱེན་བྱས་རྗེ་འདིའི་མཆོད་གྲལ་དུ་འཕེལ་གདུང་བཞུགས་པའི་བ་སོའི་ཟེའུ་ཞིག་ཡོད་འདུག་པ་དེར་དབང་སྡུད་ཀྱི་འཁོར་ལོ་མེད་དམ་དགོངས་པའི་ཐུགས་རྟོག་འཕྲོས་པ་མཁྱེན་ཏེ་གཟིགས་འབུལ་དགོས་འདུག་གསུངས་ནས་ཟ་མ་ཏོག་ཁ་ཕྱེ་ནས་སྤྱན་འབེབས་ཕུལ་བས་མངོན་མཁྱེན་ལ་ཐུགས་ཡིད་ལྷག་པར་ཆེས། ཚུར་སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ་ལ་དག་སྣང་དུ་སློབ་དཔོན་ཆེན་པོས་གནང་བའི་ཚེ་དབང་ཧྲཱིཿགཅིག་མ་གསན་ཅིང་འདོད་ཆོས་མང་ཙམ་ཞུ་བའི་སྙན་གསན་མཛད། ཧོར་ཟླ་དྲུག་པའི་ནང་དུ་ཁྱབ་བདག་བཀའ་འགྱུར་བ་སྐྱིད་ཤོད་དུ་ཆིབས་ཁ་བསྐྱོད་དེ་འབྲས་སྤུངས་སུ་ཞག་ཤས་སུ་བཞུགས་རིང་ངོས་མཇལ་ཁ་ཡར་བྱུང་བའི་ཐོག་མའི་ཉིན་ཆོས་ཀྱི་གསུང་གླེང་གནང་བ་ཙམ་ནས་མོས་གུས་ཀྱི་དད་པ་ལྷག་པར་འཕེལ། ཆོས་འབྲེལ་དགོས་ཚུལ་ཕེབས་པ་བཞིན་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོར་གྲུབ་ཆེན་དཔལ་ལྡན་རྡོ་རྗེས་གནང་བའི་ཚེ་དབང་ཉེ་བརྒྱུད། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་ཡིག་རྙིང་། ཕ་ཆོས་ནས་ཆོས་ཐུན་གསུམ་ཙམ། ཤ་བ་རི་པའི་ལུགས་ཀྱི་ཞལ་གྱི་ལས་ཚོགས་གང་ཐོབ་ཀྱི་ལུང་རྣམས་ཕུལ། དེ་ནས་ཞང་བདེ་བའི་རྡོ་རྗེའི་བསྟི་གནས་གུང་ཐང་དུ་ཕེབས་པའི་གཟིམས་ཁང་ཤར་དུ་བཞུགས་རིང་གི་གསོལ་ཕོགས་དང་དགོས་


GLG008_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་མཐའ་དག་གཞུང་ནས་བསྐྲུན། ཟུར་ཐམས་ཅད་མཁྱེན་པ་ལ་ཨིནྡྲ་མཁའ་སྤྱོད་མཻ་ཏྲི་མཁའ་སྤྱོད་ཀྱི་བྱིན་རླབས། གུར་མགོན་ལྷ་བརྒྱད། བཅུ་གཉིས་མ། ལྔ་མ། བཅུ་བདུན་མ་དང་བཞིའི་དབང་། མགོན་པོ་ལྷ་གསུམ། བརྒྱད་མ། བཅུ་གཉིས་མ་དང་གསུམ་གྱི་ཐུན་མོང་བ། མགོན་པོ་ཁྲོ་བཅུ་རྣམས་ཀྱི་རྗེས་གནང་། ཕྱི་འཁྲིད་རྡོ་རྗེ་བྲག་རྫོང་ལ་ཕྱི་ནང་གསང་གསུམ་གྱི་ཉམས་འཁྲིད། རྩ་གསུམ་འཁོར་ལོ་ལྔ་ལྡན་གྱི་གསང་བའི་ཉམས་འཁྲིད། མེ་འབར་ཁ་སྐོང་། གྱི་ལྗང་། སྙན་བརྒྱུད། དུད་སོལ་དང་བཅས་པའི་པོ་ཏི་རྣམས་ཀྱི་ལུང་མན་ངག །ཞལ་སྒྲུབ་དུས། ཐུན་མོང་བ། ལས་བཞི། བྲམ་ནག་ཤན་པ་དྲུག་སྐོར་རྣམས་ཀྱི་རྗེས་གནང་། ཕྱི་འཁྲིད་སྲུང་འཁོར་ཚེ་སྒྲུབ། ནང་གི་ཉམས་འཁྲིད། དེའི་རྒྱབ་བརྟེན་ལུང་གི་སྐོར། མགོན་པོ་ཕུར་ཞབས་མའི་སྒྲུབ་ཐབས། རྡོ་རྗེ་གདན་པའི་གཏོར་སྐྱོང་དང་གཏོར་ཆེན་སོགས་ཆོས་སྐྱོང་ཆེ་ཆུང་གི་ལས་ཚོགས་ཐོར་བུའི་ལུང་། བདག་ཆེན་རྡོ་རྗེ་འཆང་གི་བདུད་རྩི་རིལ་བུའི་སྒྲུབ་ཐབས། གནོད་སྦྱིན་བེག་ཙེའི་རྗེས་གནང་དང་ཆོས་སྐོར། འཇམ་དཔལ་ནག་པོའི་རྗེས་གནང་དང་ཆོས་སྐོར། འདོད་རྒྱལ་གྱི་འདོད་པ་ལྷའི་རྗེས་གནང་།སེང་ལྡེང་ནགས་སྒྲོལ། དཔལ་ལྡན་དམག་ཟོར་མ། ཁྲོ་མོ་སྨེ་བརྩེགས། གནས་བཅུ་རྣམས་ཀྱི་རྗེས་གནང་དང་སྒྲུབ་ཐབས་སོགས་ཡིག་སྣའི་ལུང་ཁ་ཤས། གཏེར་ཁ་འོག་མའི་བླ་མ་གསང་འདུས་ཀྱི་ཟླུམ་པོ་བཞི་དབང་དང་ལུང་། བཀའ་བརྒྱད་གསང་རྫོགས། ཕུར་པ་སྤུ་གྲི། བསྟན་མ་བཅུ་གཉིས། པདྨ་ཡང་གསང་ཁྲོས་པ་རྣམས་ཀྱི་དབང་


GLG008_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་ཡོངས་རྫོགས། མངའ་རིས་སྐུ་མཆེད་ཀྱི་བླ་མ་བཀའ་བརྒྱུད་ཡོངས་འདུས་ཀྱི་རྩ་དབང་དང་སྒོས་དབང་ཐོར་བུ་དེ་དག་དང་འབྲེལ་བའི་ཆོས་སྐོར། ལེགས་ལྡན་རྗེའི་དྲག་པོ་དབུ་དགུའི་ཆོས་སྐོར། ཉང་གི་དྲག་དམར་དབང་ཆོག་རྡོ་རྗེ་སྤྱི་བླུགས་ཀྱི་དབང་རྫོགས་པ། དུམ་པ་བརྒྱའི་འཆར་ཀ་སྒྲོམ་བུ་མ་དང་བཀའ་མ་སྤྲིན་ཤུགས་མ་ཉིས་འདུས་གཤིན་རྗེ་འཇོམས་བྱེད་འབར་བའི་དབང་། ཆོས་སྐོར་ཐོར་བུ། རྣམ་སྲས་སྤྲིན་གསེབ་པའི་རྗེས་གནང་དང་སྒྲུབ་སྐོར། བྱང་གཏེར་གྱི་ཚེ་དབང་ལྕགས་སྡོང་མ་བཀྲ་བཟང་པ་ཆོས་སྐྱོང་བསོད་ནམས་ཀྱི་ཕྱག་བཞེས། ཐང་ལྷའི་སྲོག་གཏད། ཐང་སྟོང་པའི་ཚེ་དབང་འཆི་མེད་དཔལ་སྟེར་སོགས་ཟབ་ཆོས་མང་དུ་ཕུལ། །དེ་ཡང་ཟུར་ཀུན་མཁྱེན་ཆེན་པོས་སྔོན་ཆད་གསང་སྔགས་གསར་རྙིང་གི་ཆོས་བཀའ་མང་དུ་གསན་མོད་ཀྱང་ཉེ་ལམ་ཤིན་ཏུ་དགྱེས་པའི་ངེད་ལའང་སྐུ་ཞབས་ཐུགས་རྩོལ་གྱིས་ཁྱབ་པར་བརྟེན་ད་ཆ་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པའི་ཐོབ་རྒྱ་བྱུང་ཞེས་བཀའ་ཕེབས་པ། འཇམ་དབྱངས་མཁྱེན་བརྩེའི་གསུང་མགུར་དུ། སྨིན་བྱེད་དབང་གི་ཆུ་བོ་མཐའ་དག་ལེགས་པར་ཐོབ་ནས། །དེ་དག་རྗེས་སུ་འབྲེལ་བའི་རིམ་གཉིས་ཉམས་སུ་བླངས་ཤིང་། །དམ་ཚིག་སྡོམ་པ་སྐྱོན་མེད་སྲོག་བཞིན་གཅེས་པར་བསྲུངས་པས། །རྡོར་འཛིན་ཚོགས་པའི་ཁྲོད་ནས་མཁྱེན་བརྩེའི་དབང་ཕྱུག་སྐྱིད་དོ། །རྒྱ་བོད་མཁས་གྲུབ་བླ་མ་མཚན་ལྡན་མང་དུ་བསྟེན་ནས། །མདོ་སྔགས་གསར་རྙིང་སྨིན་གྲོལ་བཤད་བཀའ་མང་དུ་ཐོས་ཤིང་། །རྣམ་ཐར་ཐོས་པའི་དོན་མང་ཚུལ་བཞིན་ཅུང་ཟད་རྟོགས་པས། །མང་ཐོས་ཚོགས་པའི་


GLG008_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ན་མཁྱེན་བརྩེའི་དབང་ཕྱུག་སྐྱིད་དོ། །ཞེས་པའི་དོན་འདི་ཉིད་ཀྱི་རྣམ་ཐར་དུ་སོང་ངོ་། །གུང་ཐང་པ་རྣམས་གཙོ་བོར་གྱུར་པའི་ཁྲོམ་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་། མ་ཎི་བ་རྣམས་ལ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་རྗེས་གནང་སྩལ། བར་དེར་མོང་བཟའ་ཁྲི་བཙུན་གྱིས་བཏབ་ཅིང་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝ་དང་མཉམ་མེད་ཇོ་བོ་ཆེན་པོ་དཱི་པཾ་ཀ་ར་སོགས་དམ་པ་དུ་མས་བྱིན་གྱིས་བརླབས་པ་ཡེར་པའི་གནས་མཇལ་བར་ཕེབས་ཏེ་རྟེན་བརྟེན་པ་རྣམས་ལ་ཡན་ལག་བདུན་པ་རྒྱས་པར་ཕུལ། འཚོ་རྒྱལ་ཕུག་ཏུ་གསོལ་འདེབས་ལེའུ་བདུན་མའི་སྐབས་སྐུ་ཆོས་ལ་ཚེ་ཆུ་ཐིགས་པ་རེ་གཉིས་བབས་པ་ཇེ་འཕེལ་ལ་སོང་བ་ནས་དཔོན་སློབ་ཐམས་ཅད་ལ་མཆོད་རྒྱུ་བྱུང་ཞིང་སྣོད་དུ་བླུག་སྟེ་བསྣམས་ཕེབས་རྒྱུ་སོགས་ཡེ་ཤེས་མཁའ་འགྲོའི་གཙོ་མོ་དེས་རྗེས་སུ་བཟུང་བའི་མཚན་མ་ཁྱད་པར་ཅན་དུ་གདའོ། །ཟུར་ཀུན་མཁྱེན་ཆེན་པོར་གསན་པ་བླ་མ་ནོར་བུ་རྒྱ་མཚོའི་སྒྲུབ་དབང་། བཀའ་བརྒྱད་བདེར་གཤེགས་འདུས་པའི་དབང་། རཏྣའི་ཀློང་གསལ་སྙིང་ཐིག་གི་ཆོས་སྐོར། དམ་ཅན་སྐྱེས་བུའི་སྲོག་དབང་ལུང་བཅས། གཤིན་རྗེ་ཚེ་བདག་ལྕགས་འདྲ་དང་ལྕགས་སྡིག །ཁྲོ་ཆུ། དྲི་མེད་ལྷུན་པོའི་དོན་ཏིག་འགྲོ་བ་ཀུན་སྒྲོལ་རྣམས་ཀྱི་དབང་ལུང་ཡོངས་རྫོགས། རླུང་དམར་གྱི་སྐོར། རྡོར་འབུམ་ཆོས་གྲགས་ཀྱི་བདུད་རྩི་བུམ་པ་དང་། གཡུ་ཐོག་སྙིང་ཐིག་གཉིས་ཀྱི་དབང་ལུང་། བྲང་ཏིའི་གདམས་ངག་དངུལ་བྲེའི་དྲང་སྲོང་སེར་སྐྱའི་སྒྲུབ་ལུང་། སངས་རྒྱས་གླིང་པའི་རྣམ་སྲས་སེར་ཆེན་


GLG008_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྲོག་དབང་ལུང་བཅས། གྲྭ་པའི་ཞང་བློན་ལས་ཚོགས་ཀྱི་ལུང་། ལས་འབྲེལ་རྩལ་གྱི་བདུད་མགོན་གྱི་བཀའ་གཏད་དྲེགས་དབང་ལུང་བཅས། འབྲོ་ལོའི་ཁམས་གསུམ་འཁྲུག་བྱེད་རླུང་ནག་གི་སྐོར། བྲམ་ཟེ་སྡོམ་བཟང་གི་རླུང་འཁོར་བླ་མ་ཞང་གི་བཀའ་འབུམ་པོད་བཞི་བཀའ་རྒྱ་མ་དང་བཅས་པ། སྣར་ཐང་བརྒྱ་རྩའི་རྗེས་གནང་ལུང་བཅས་སོགས་ཆོས་བཀའ་མཐའ་ཀླས་པ་གསན། འདི་དང་ལྕགས་སྟག་གི་ཆོས་འཁོར་གྱི་འདུས་པ་དང་གཉིས་ཀྱི་གཙོ་བོ་སྐྱེད་ཚལ་མཁན་ཆེན་བྱམས་པ་ངག་དབང་བསྟན་འཛིན་ཡོད་པར་སྣང་ངོ་། །ཧོར་ཟླ་དགུ་པའི་ནང་དུ་ཁྱབ་བདག་བཀའ་འགྱུར་བ་འབྲས་སྤུངས་སུ་ཕེབས་ནས་ཕ་དམ་པའི་འཆི་མེད་མགོན་པོར་བརྟེན་པའི་རིང་པོར་འཚོ་བའི་རྟེན་འབྱུང་གི་གསུང་ཆོག་རྒྱས་པར་གནང་། རྗེ་མཁྱེན་བརྩེའི་གསུང་མགུར་དུ། ཡོངས་བླ་མ་བསྟེན་པ་མང་ན་ཡང་། ཁོང་སློབ་འཁོར་རྒྱས་པའི་འུར་རྒྱང་ཅན། །སྒྲོབ་གང་ཆེའི་རྗེས་སུ་རྒྱུག་པ་ལས། །རྗེ་མཚན་ལྡན་བསྟེན་པ་དཀོན་ན་ཡང་། །དཔལ་རྒྱལ་བ་ཀུན་དངོས་སྒོ་རུམ་པ། །སྲས་ཚར་པའི་ཞབས་པད་བསྟེན་ལགས་པས། །བདག་སྤྲང་པོ་བསམ་བཞིན་སྐྱིད་དུ་ཚོར། ཁྱེད་མཆེད་གྲོགས་ཚོའི་ཐུགས་ལ་ཇི་ལྟར་གདའ། །ཞེས་པའི་དོན་ལྟར་སྐུ་གསུང་ཐུགས་ཀྱི་མཛད་པ་ལ་གུས་པར་བྱུང་བས། ཚར་ཆེན་ཆོས་ཀྱི་རྒྱལ་པོས་ཟབ་ལུང་བདེར་གཤེགས་འདུས་པའི་སྐུ་བརྙན་དྲུང་དུ་མཛད་པའི་ཨྱོན་རིན་པོ་ཆེའི་གསོལ་འདེབས་ཀྱི་ལུང་དང་ཚར་ཆེན་གྱི་ཕྱག་དཔེ་ངོས་མའི་ཧ་ལ་ནག་པོའི་བེའུ་བུམ་མགོ་ཐོག་ཏུ་འཇོག་པ་གནང་བའི་བཀའ་བསྒོ་ཞིག་ཞུས་ཕེབས་རྫོངས་གཟབས་


GLG008_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དང་བཅས་ཡར་ལམ་ཟུར་ཀུན་མཁྱེན་བླ་མ་དང་ཞལ་རྒྱས་ངོས་རྒོད་དཀར་ལ་བརྒྱུད་དཔལ་ཟན་གཡང་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོར་ཕེབས་ཏེ་དབུ་རྩེ་རིགས་གསུམ་ཡཀྴ་བླ་འོག །གླིང་བཞི། གླིང་ཕྲན། ཇོ་མོའི་གླིང་གསུམ་དང་བཅས་པའི་རྟེན་བརྟེན་པ་རྣམས་ལ་དཀར་མེ་སྙན་ཤལ་སོགས་ཀྱི་ཚོགས་གསོག །བཤད་སྒྲུབ་ཀྱི་རིང་ལུགས། སྐྱེ་རྒུའི་ལེགས་བྱས་འཕེལ་བའི་སྨོན་ལམ་གྱིས་མཚམས་སྦྱར་བའི་དུས་མཁན་ཚང་པ་དང་རབ་བྱུང་བ་རྣམས་ཀྱིས་ཞབས་དྲུང་སྒར་ཆེན་ཞིང་ཁམས་གཞན་དུ་གཤེགས་ནས་ལྕོག་ཏུ་རང་ལུགས་ཀྱི་བླ་མ་ཕེབས་མཁན་གཞན་མ་བྱུང་གཤིས་ད་ལམ་ཆོས་སྐྱོང་ཆེན་པོ་སྐུ་ཕེབས་དང་འགྲིག་པས་ངོས་མཇལ་འགབ་ཞུས་རུང་སྙན་དར་དང་དམོད་ནས་ཙམ་ཕུལ་བས་འཐུས་རྩིས་ལ་སྨོན་གྲོང་གི་དྲེའུ་གཡར་པོར་བཙད་འབངས་པའི་མཛོས་བརྡུངས་པ་མ་མཇལ་ན་འཁྲེན་པའི་བརྡར་དགོངས་ཏེ་ལྕོག་ལ་ཕེབས་པ་དྲེགས་པ་ཡོངས་ཀྱི་སྡེ་དཔོན་གནོད་སྦྱིན་ཙེའུ་དམར་པོ་ཁོག་ཏུ་བརླམས་པ་རྡོ་སྐྱགས་མགོར་བསུ་བར་ཕེབས་ནས་ཁྲོམ་པ་རྣམས་ལྷ་རྒྱལ་ལན་གསུམ་ཐེན་བཅུག་ཅིང་དགྱེས་པའི་རྣམ་འགྱུར་མཛད།སྡེ་པ་སྟག་རྩེ་བས་དུང་ཆེན་གསར་བརྡུངས་སྤྱན་འབེབས་ཞུས་པ་ད་རེས་མཁན་པོ་བྱོན་པ་དང་འགྲིག་པ་རྟེན་འབྲེལ་གྱི་སྒོ་ཡོད་པས་ཕྱོགས་བཞི་ནས་འབུད་དུ་བཅུག་པ། ཇི་སྐད་དུ། སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས། །ངག་གི་རང་བཞིན་མེ་ལོང་ཐོབ། །དེ་ཉིད་ཉེ་བར་མི་གནས་ཀྱང་། །རང་ཉིད་ཉམས་པ་མེད་ལ་ལྟོས། །ཞེས་པ་ལྟར་རྗེ་བླ་མ་དག་ཞིང་དུ་གཤེགས་ནས་ལོ་བཅོ་བརྒྱད་ཙམ་སླེབས་ཀྱང་སྐུ་གསུང་ཐུགས་ཀྱི་རྣམ་པར་ཐར་པའི་


GLG008_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་སྙན་ཕྱོགས་བྲལ་གྱི་རྣ་བའི་རྒྱན་དུ་ཇེ་ཆེར་འཕེལ་བའི་བརྡར་མངོན། སྔོན་དགེ་སློང་ནག་པོ་སོགས་ཀྱི་སྐྱེ་རྒྱུས་བྷ་ཏ་ཧོར་གྱི་སྒོམ་གྲྭ་ནས་བྱོན་ཏེ་གུ་རུ་པདྨས་གཙུག་ལག་ཁང་གི་སྲུང་མར་བསྐོས་པ་ནས་ད་བར་མ་ཉམས་པར་མཛད་ལུགས་ཀྱི་རྒྱུ་མཚན་རྒྱས་པར་གསུངས་པའི་ཚེ་རྗེ་ཉིད་ཀྱིས་ཤིན་ཏུ་ལེགས་ཚུལ་དང་དགེ་རྒྱས་འདི་བྱེ་མའི་གནོད་པས་འཇིག་པར་ཉེ་བ་ཆོས་སྐྱོང་ཆེན་པོའི་རྫུ་འཕྲུལ་གྱིས་ཞི་བ་བྱུང་ན་ཞེས་ཞུས་པའི་ལན་དུ་སྤྱིར་འགྲོ་བའི་ལས་གཙོ་ཞིང་སྒོས་སུ་གཟུགས་ཅན་གྱི་མིས་མ་བྱས་ན་ངེད་གཟུགས་མེད་ཀྱིས་དཀའ་གསུང་། དམོད་ནས་དང་བཅས་བསྟན་འགྲོའི་ཕན་བདེ་སྒྲུབ་པའི་འཕྲིན་བཅོལ་དང་འགྲོ་བ་རྣམས་ཀྱང་མི་དགེ་བར་སྤྱོད་པ་ཤས་ཆེ་བས་མི་ལུས་ཐོབ་པའང་དཀའ་མོར་མཆིས་པ་ཞིང་བཅུ་ཚང་བའི་རིགས་མ་གཏོགས་སྐྱེ་འགྲོའི་སྲོག་དབུགས་ལ་གནོད་པ་མཛད་ན་མི་ལེགས་ཚུལ་ཞུ་བ་གནང་བར་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་བྱ་ར་བྱེད་ཅིང་བསྟན་འགྲོའི་བདེ་སྐྱིད་འཕྲོག་པའི་དགྲ་བགེགས་ནི་སྔར་ཡང་ཚར་བཅད་ད་རུང་གུ་རུ་པདྨའི་བཀའ་ལས་མི་འདའ་དེ་མིན་སྡུག་འདྲེས་སེམས་ཅན་ཚོར་གནོད་པ་ག་ལ་བྱེད། འགྲོ་བ་རྣམས་ཀྱིས་སྡིག་པ་མི་དགེ་བ་བསགས་པའི་འབྲས་བུ་སྡུག་འདྲེའི་རྣམ་པར་ཤར་བ་ཡིན་པས་བྱ་ཐབས་ག་ལ་ཡོད་གསུངས་པར་རྗེས་སུའང་ཐུགས་ངེས་ཤེས་འདྲོངས་པར་སྣང་།སྔར་ཁྱེད་ཀྱིས་མཛད་ཟེར་རྒྱུ་མིན་ཀྱང་སྡུག་འདྲེར་དམིགས་པའི་སྲུང་མདུད་མངས་ན་བར་ཆད་ཀྱི་རྒྱུར་འགྲོ་བས་མི་འགབ་ཚུལ་གསུང་བའི་ཤུགས་བསྟན་ཆེད་དུ་དམིགས་ནས་བསྐྱེད་ཆོག་མཛད་པ་རེ་གཉིས་ལ་སྔོན་རྗེ་བཙུན་རྡོ་རིང་པ་ཆེན་པོར་གནས་རྙིང་རྒྱལ་པོས་ཁས་བླངས་པ་དང་འདྲ་


GLG008_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

བར་སེམས་ཤིང་སླར་སྐུ་རིམ་སོགས་བླང་དོར་གྱི་ལུང་བསྟན་ཞིབ་ཏུ་མཛད། རྡོ་སྐྱགས་མགོའི་བར་ཕེབས་སྐྱེལ་ཞུས་ཤིང་མཆོད་རྟེན་དམར་པོ་བའི་བཙུན་པས་སྟག་ལུང་ཞབས་དྲུང་ཕེབས་པ་ལས་འཚུབ་པ་དང་ད་རེས་ལས་འཇམ་པ་མ་དྲན་ཟེར་བ་ནི། རྗེ་མཁྱེན་བརྩེའི་གསུང་མགུར་ལས། ཕྱི་རོལ་གྱི་དྲེགས་པ་རྒྱུད་གསུམ་པོ། །རང་སེམས་ཀྱི་རྩལ་དུ་རང་ངོ་འཕྲོད། །ཡིན་ལུགས་ཀྱི་ཤེས་པ་ལྷུག་པ་ལ། །བཟོ་བཅོས་མེད་པ་བླ་མའི་དྲིན། །ཞེས་པའི་དོན་བཞིན་གསང་ལས་ཡང་གསང་སྙིང་པོའི་མན་ངག་གི་ཆེ་བའོ། །རིམ་གྱིས་བཀྲ་ཤིས་ཆོས་ཀྱི་སྡེ་ཆེན་པོར་ཕེབས། ཞོལ་ནས་ནང་པ་ཤོད་པ་བས་སྤྱན་དྲངས་ཏེ་ནང་མི་དམངས་ལ་ཚེ་དབང་གྲུབ་རྒྱལ་མ་དང་སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གྱི་བྱིན་རླབས། ཚོང་དཔོན་ཕུན་ཚོགས་ཁྱོ་ཤུགས་གཉིས་ལ་ལྕག་སྡོང་མའི་ཚེ་དབང་བརྒྱ་རྩ་དང་། རྣམ་སྲས་སེར་ཆེན་གྱི་རྗེས་གནང་སྩལ། དབང་གཏོར་གྱི་ཁང་བརྩེགས་དེ་ལོ་འཁོར་དུ་བཞག་པ་སོས་ཀའི་ཚ་བ་དང་གཏོར་མ་བཞག་པའི་ནང་དེར་ལོ་རོ་བ་ལྔ་ཙམ་གྱིས་མཆོད་ཀོང་དང་ཏིང་སོགས་བླུག་པའི་མེ་དུགས་རྣམས་འདོམས་ནའང་རྒྱན་སྤྲོད་ཀྱི་མར་མ་ཞུ་ཞིང་བག་རྡུལ་གྱིས་བཀྲག་མ་ཉམས་པས་མཚོན་སྐྱོན་གང་ཡང་མ་བྱུང་གནོད་སྦྱིན་ངལ་བསོས་པོ་འདོད་རྒྱལ་གྱི་ལྕགས་ཀྱུས་བཅུག་པའི་རྟགས་མཚན་མངོན་སུམ་དུ་གསལ་བ་དེའོ། །ས་མོ་གླང་ལོར་ཁྱབ་བདག་ཁྲ་ཚང་བ་ཆེན་པོ་ལྷོ་བྲག་ཉི་ལྡེར་དྷཱི་ཚ་སྤྲུལ་སྐུ་འཇིག་རྟེན་དབང་ཕྱུག་གི་དྲུང་དུ་ཤེར་ཕྱོགས་སྐོར་གསན་པར་རྫོང་བདའ་གནང་། ཕེབས་སྒོ་བཞིན་གསོལ་ཆས་རྣམས་དོ་བོ་རྫོང་ནས་འཚེམས་མེད་དུ་བསྟར། དབྱར་ཟུར་ཀུན་


GLG008_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་ཆེན་པོས་ཡར་ཀླུངས་སུ་ཕེབས་པར་མགོན་པོ་ལྷ་བརྒྱད་དང་བཅུ་གཉིས་མ་ཐུན་མོང་མ་ཡིན་པ། དུད་སོལ་མའི་རྗེས་གནང་ནན་ཆགས་མ། པུ་ཏྲ། བེར་ནག་ཟངས་གྲི་ཅན་ཕྱི་ནང་། བྲན་བདུད་ཐུན་མོང་བ། ལས་སྦྱོར་གྱི་མགོན་པོ་གླང་གདོང་མ། ཕྱག་རྡོར་གོས་སྔོན་ཅན། རྣམ་སྲས་སེར་ཆེན་སྨད་ལུགས། དཀར་བདུད་ལྕམ་བྲལ་རྣམས་ཀྱི་རྗེས་གནང་། ཡང་གསང་ཁྲོས་པའི་རྫོང་ཆུང་ཚེ་དབང་། བྱང་གཏེར་འཆི་མེད་འོད་སྣང་གི་དབང་། དྲག་པོ་དབུ་དགུའི་རྩ་དབང་། ཚེ་དཔག་མེད་གྲུབ་རྒྱལ་ལྷ་གཅིག་བུམ་གཅིག་མ། ཚེ་སྦྱིན་དཀར་པོ་ཞག་བདུན་མ། ཚར་ཆེན་གྱི་བཀའ་འབུམ། བླ་མ་དམ་པ་དང་མུས་ཆེན་གྱི་ཀྱེ་རྡོར་མངོན་རྟོགས། དཀྱིལ་ཆོག་བྱ་བྲལ་མ། སྒོ་རུམ་པའི་རྣམ་ཐར་རྗེ་མཁྱེན་བརྩེས་མཛད་པ་སོགས་དགོངས་བཞེད་ཀྱི་ཆོས་བཀའ་མང་དུ་འབུལ་བ་གནང་། རྗེ་ཁྲ་ཚང་བ་ཆེན་པོ་ལྷོ་བྲག་ནས་ཕྱིར་ཕེབས་པ་ལ་བརྒྱད་སྟོང་པ་མ་གཏོགས་པའི་ཤེར་ཕྱོགས་ཡོངས་རྫོགས་ཀྱི་ལུང་གསན་དུས་གསུང་ངག་ལམ་འབྲས་དང་རྡོ་རྗེ་ཕྲེང་བ་སོགས་སྤྱི་བཀའ་ཟུར་བཀའ་མང་ཙམ་ཞུ་བའི་སྙན་གསན་འབེབས་པར་སྡེ་པ་བསོད་ནམས་རབ་བརྟན་གྱིས་ཐུགས་ཁུར་བཞེས་ནས་རྒྱལ་རྩེ་སྨན་གྲོང་ཚེ་དབང་དར་རྒྱས་རྫོང་བདའ་མཛད། ཤེར་ཕྱོགས་ཀྱི་ལྗགས་ལུང་འཕྲོ་གསན་དགོས་དང་ཕྱག་དཔེ་གཟིགས་རྟོག་སྦྲགས་པའི་ཐུགས་བྲེལ་ཁྱད་ཀྱི་ཟླ་བ་ཕྱེད་གཉིས་ཙམ་ནས་འབྱོན་པའི་དུས་ཚེས་བསྒྲིགས། ཧོར་ཟླ་བཅུ་པའི་འགོར་རྒྱལ་ཁབ་ཆེན་པོ་ཕོ་བྲང་པོ་ཏ་ལར་ཕེབས་ཏེ་ཐོག་མར་རྟེན་འབྲེལ་གྱི་ཁྱད་ནས་ཚེ་དཔག་མེད་གྲུབ་རྒྱལ་མའི་བསྐྱེད་རྫོགས་ཀྱི་ཉམས་འཁྲིད་དང་ཚེ་དཔག་མེད་དཀར་པོ་ཆག་ལུགས་ཀྱི་རྗེས་གནང་སྩལ་བའི་སྔ་དྲོ་ལི་མ་ལྷ་ཁང་དུ་


GLG008_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ངག་གི་ཁྲིད་དང་དགོངས་ཇ་ཁར་རང་བྱུང་འཕགས་པའི་ལྷ་ཁང་དུ་དབང་རྗེས་གནང་གི་རིགས་རིམ་གྱིས་གནང་བར་གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱི་ཉམས་ཁྲིད་སྨིན་རྒྱས། རྒྱུ་དབང་། ལམ་དབང་། བདག་མེད་ལྷ་མོ་བཅོ་ལྔའི་དབང་བྱིན་རླབས་ཀྱི་སྐོར་རགས་རིམ། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས། རྒྱབ་རྟེན་གྱི་ལུང་། རྡོ་རྗེ་ཕྲེང་བ་ཞེ་ལྔ་མ། བདེ་མཆོག་ལཱུ་ཨི་པའི་དབང་བཀའ་བབས་བདུན་ལྡན། ནག་པོ་པ། མཁའ་འགྲོ་རྒྱ་མཚོའི་དབང་བཀའ་བབས་བཞི་ལྡན། གཤིན་རྗེ་དགྲ་ནག་ར་ལུགས་བཅུ་གསུམ་མ། གདན་བཞི་ལྷ་དགུ་བཅུ་རྩ་བདུན་མ། བདེ་མཆོག་བོང་ཞལ་ཅན་ལྷ་སོ་བདུན་མའི་དབང་། གསང་བ་འདུས་པ་ས་ལུགས་ལྷ་བཅུ་དགུ་མའི་དབང་། གཤེད་དམར་ལྷ་ལྔའི་དབང་བརྒྱུད་པ་སུམ་ལྡན། འཇིགས་བྱེད་ལྷ་ཞེ་དགུ་མ་དང་རོ་ལངས་བརྒྱད་སྐོར། ཀུ་རུ་ཀུལླེ་ལྷ་ལྔ། གུར་མགོན་ལྷ་ལྔ་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་པ། དམ་པ་ལུགས་ཀྱི་འཇམ་དབྱངས་སྨྲ་སེང་གི་དབང་། ཛེ་ཏཱ་རི་ལུགས་ཀྱི་ཚེ་དཔག་མེད་ལྷ་དགུ་རྣམས་ཀྱི་དབང་དེའི་སྒྲུབ་ཐབས་དབང་ཆོག་བསྟོད་པ་ཛེ་ཏཱ་རིས་མཛད་པ། དཀོན་ཅོག་ལྷུན་གྲུབ་ཀྱི་དཀྱིལ་ཆོག་དབང་བཅས་པའི་ལུང་། འདོད་རྒྱལ་གསང་སྔགས་སྒྲའི་རྗེས་གནང་། བྲམ་ཟེ་ནག་པོའི་མངག་གཏད་ཐུན་མོང་མ་ཡིན་པ། འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་། དེའི་སྒྲུབ་ཐབས་ས་པཎ་གྱིས་མཛད་པ་དང་རྗེས་གནང་གི་ཡི་གེ་ངོར་ཆེན་གྱིས་མཛད་པ། བརྟག་གཉིས། ཚེ་མདོ་ལེ་ཚན་གཉིས། མི་འཁྲུགས་པའི་རྒྱུད་རྣམས་ཀྱི་ལུང་། གཉན་སྒྲོལ་ཡན་ལག་དྲུག་པའི་རྗེས་གནང་། མཚན་བརྒྱ་རྩ་བརྒྱད་པའི་ལུང་དང་བཅས་པ།


GLG008_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་ཀྱི་ཆོ་ག་ཚར་ཆེན་གྱིས་མཛད་པ་དང་རྗེ་ཉིད་ཀྱིས་མཛད་པའི་གུར་མགོན་གྱི་སྐུ་རྟེན་བཞེངས་ཚུལ་རབ་གནས་དང་བཅས་པའི་ལུང་། ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་ཉམས་འཁྲིད། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་འོད་ཟེར་དྲུག་སྦྲགས་ཐུན་མོང་མ་ཡིན་པའི་རྗེས་གནང་རྣམས་ཐུགས་དགྱེས་པ་ཆེན་པོའི་སྒོ་ནས་སྩལ་ཞིང་གསེར་དངུལ་གོས་དར་ཇ་རས་འབྲུ་སོགས་ཟང་ཟིང་གི་མཎྜལ་ཆོས་ཡོན་ཏུ་བཏེག །དེ་ཡང་། ཀུན་མཁྱེན་མཁྱེན་བརྩེའི་གསུང་མགུར་ལས། སྤྲང་པོ་ལས་ངན་གྱི་དབང་གིས་སྙིགས་དུས་མཐའ་འཁོབ་ཏུ་སྐྱེས་ཀྱང་། །ཚེ་སྔོན་དག་པའི་སྨོན་ལམ་གྱིས་མཚན་ལྡན་བླ་མ་དང་མཇལ་ནས། །ཐོས་དཀའ་རྟོགས་པར་དཀའ་བའི་ཟབ་ལམ་དུ་མ་ཞིག་ཐོབ་པས། །ཤི་ཡང་འགྱོད་མེད་ཀྱི་བློ་བདེ་གཞན་ལས་ལྷག་པ་ཞིག་གདའ་བས། །དགའ་དགའ་སྐྱིད་སྐྱིད་མོ་གཞན་ལ་ཡིད་སྨོན་མེད་པ་ཞིག་གདའོ། །ཞེས་པའི་དོན་བཞིན། སྔོན་ཆད་རྡོ་རྗེ་སློབ་དཔོན་མང་དུ་བསྟེན་པའི་སྐལ་པ་ཕྲ་ཞིང་ཅུང་ཟད་རྙེད་པའང་ཞབས་པད་བསྟེན་ཡུན་ཐུངས་པ་དང་གཞན་རྐྱེན་གྱི་འཇིགས་པས་གསང་ཐབས་རྐུན་ནོར་ལྟར་སྤྱོད་དགོས་པ་ལ་ཉེ་ལམ་དེ་རིགས་ཀྱི་སྐྱོན་དང་བྲལ་ཞིང་ཐོས་བསམ་གྱི་ཆ་སྤྱོད་ཡུལ་ཡངས་པ་སྔོན་བསགས་ལེགས་བྱས་ཀྱི་འབྲས་བུ་དུས་སུ་སྨིན་པར་མ་ཟད་དམ་པ་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པ་མཐའ་དག་སྔར་དམ་བཅའ་གནང་འདུག་པའི་དོན་དང་ཆ་མཚུངས་པའི་ཞལ་གྱིས་འཆེས་པ་ལ་དཔའ་བ་ཙམ་མ་ཡིན་པར་དོན་མཐུན་ཁོ་ནར་སྣང་བ་ཤ་སྟག་ཏུ་མཐོང་བ་དཔེར་ན་འཕྱོང་རྒྱས་ཞབས་དྲུང་དམག་དཔོན་ལྷའི་དབང་ཕྱུག་གིས་བཀའ་ཤོག་གཏན་ཚིགས་ཐམས་ཅད་


GLG008_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

རས་སུ་བོར་བའི་འཕྱོས་ལམ་རིམ་པས་བཀྲ་ཤིས་ཆོས་སྡེ་བའི་དཀོར་སའི་གྲལ་ཁུངས་སོགས་ཕྲོགས་པ་ཆོས་སྡེ་བ་རྣམས་ཀྱང་རེ་བ་ཆེ་ཞིང་ཕྱི་ཡུལ་ནས་བལྟས་པར་ཡང་བབས་འབྲེལ་འདུག་རུང་ཕེབས་སྒོར་ཁོ་རང་ཚོར་དཀོར་སྐལ་ཟ་རྒྱུ་ནི་འདུག་གྲལ་གྱི་རྒྱབ་མདུན་གང་དུ་བསྡད་ཀྱང་ཁྱད་ཅི་ཡོད་ཅེས་ཞུ་བའི་རྩོམ་པ་ཙམ་ཡང་མི་མཛད་ཅིང་སྐུ་སྒེར་དོན་དུ་གཏོགས་པ་རྗེ་སྨན་ལུང་པ་ཤེར་ཕྱོགས་གསན་པའི་གསོལ་ཕོགས་དང་དབོན་མཁྱེན་རབ་རྣམ་རྒྱལ་ཕྱག་ཕྱིར་བསྡད་ཆོག་པའི་དགོངས་ཁྲོལ་ཙམ་མ་གཏོགས་ཞུ་དོན་མཛད་པ་མ་མཐོང་ཞིང་དགོན་གྲ་རིགས་སྦྱིན་བདག་སོགས་རེ་བ་མཁན་པོ་དུ་མར་ཡང་ངེད་རང་ཕེར་ཕེར་དང་ཡོང་ཡོང་བ་དེ་འདྲ་ལར་མི་དགའ་ཞེས་ཞུ་དོན་གྱི་སྣ་ལེན་ཡེ་མི་གནང་། བསྟན་པ་འཕེལ་བ་དང་འགྲོ་བའི་བདེ་སྐྱིད་སོགས་སྤྱི་ལ་ཕན་པའི་ཞལ་ཏ་ལྷུར་བཞེས་ཤིང་། ཤེས་རབ་སྡོང་བུ་ལས། འགྲོ་བ་ཤིན་ཏུ་གྲངས་མེད་ཀྱང་། །སེམས་ཅན་ཡོན་ཏན་ལྡན་པ་དཀོན། ཡུལ་ལྗོངས་དཔག་ཏུ་མེད་མོད་ཀྱི། །རིན་པོ་ཆེ་དག་འབྱུང་བ་དཀོན། །ཞེས་གསུངས་པ་ལྟར། ཁྱད་པར་དབང་བྱིན་རླབས་རྗེས་གནང་རིག་གཏད་ཉམས་འཁྲིད་ལ་ད་ལམ་ལོང་ཆུངས་པའི་དགག་བྱ་དགོས་པ་ཡིན་ཞེས་མཚོན་དོན་ཙམ་གྱི་བསྡུ་བ་དང་འདིའི་ཚབ་འདིས་འོང་འདིའི་དོད་འདིས་བྱེད་ཅེས་ཆོས་ལ་དབང་མི་ཟ་བར་སོ་སོའི་ལུགས་བཞིན་མ་འདྲེས་པ་ཁོ་ན་དང་ལྗགས་ལུང་གི་སྐབས་དཔེ་རྣམ་གྲངས་ཕྲ་མོ་མང་དུ་ཡོད་པའི་རིགས་ལ་བསྙེལ་ཐོ་དང་བསྟུན་ནས་གསན་མ་གསན་གྱི་དབྱེ་བ་འབྱེད་པ་ལས་ཡི་གེ་ལྷོགས་པ་རྒྱུ་མཚན་དུ་བྱས་ཏེ་བྱུང་ཚད་ལྗགས་སྒྲོག་མི་གནང་། ཕྱག་ལེན་གྱི་རིགས་གང་ལ་


GLG008_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དོགས་གཅོད་ཞུས་ཀྱང་འདི་ནི་འདིའོ་ཞེས་ཤིག་མཛུབ་སྤྲད་པའི་ངེས་ཤེས་ཁོ་ན་ལས་མུན་ནག་འདོམ་འཇལ་གྱི་ཟོལ་སྦྱོར་ཅི་ཡང་མི་སྲིད་པས་དབང་རྣོན་ཆོས་རྗེས་འབྲང་བའི་དད་པ་བརྟན་པོའི་གཏིང་ཚུགས་སོ། །ཐུགས་རྗེ་འོད་ཀྱི་སྤུབས་གུར་བདེ་བའི་ལམ། །ས་སྤྱོད་རིག་པའི་ཁྱེའུ་ཆུང་དག་ཞིང་དུ། །དྲངས་ཚེ་དགེ་སྡིག་གཅིག་ཏུ་དཀར་རོ་ཞེས། །ལས་ཀྱི་མེ་ལོང་ལྟ་བའི་ངལ་བ་བཏང་། །མཁས་པའི་གཞུང་ལུགས་ས་ཧ་ཀ་ར་ཡི། །སྙེ་མ་ནམ་མཁའི་ཕ་མཐར་ཡོངས་དུད་ཀྱང་། །ས་བོན་ཐུབ་པའི་གསུང་རབ་གཅེས་པའི་ནོར། །བསྟན་འཛིན་ཕལ་གྱིས་དོར་བས་དགུན་ཆུ་བཞིན། །དེ་ཚུལ་བཟོད་མིན་སྙིང་སྟོབས་རི་རྩེའི་ཆབ། །བརྩོན་འགྲུས་ཤུགས་ཀྱིས་འབབ་པ་ལེ་ལོའི་རགས། །སྡིག་ཏོའི་འཕྲུལ་གྱིས་མི་ལྡོག་ཆོས་འཚོལ་བར། །མི་ཞུམ་རྒྱལ་སྲས་སྤྱོད་པ་འདི་རྨད་བྱུང་། །བཅོས་མིན་ངེས་པར་འབྱུང་བའི་ཆོས་བརྒྱད་ལས། །ལོག་པའི་ཐུགས་ཀྱི་སྣ་དེ་རབ་ཐུང་ཡང་། །ཤཱཀྱ་སེང་གེའི་རིང་ལུགས་སྤེལ་བའི་བློའི། །ཞགས་རིང་བརྐྱངས་མཐའ་བསྐལ་པར་རྫོགས་ནུས་མིན། །ཉང་སྟོན་རིག་སྔགས་འཆང་བའི་དབང་ཕྱུག་དེ། །དམ་པའི་བཞེད་པ་སྐོང་བའི་མཎྜ་ལ། །བཏེག་ཚེ་སྲིད་ཞིའི་ཡོན་ཏན་ནོར་བུའི་དཔྱ། །ཕྱུར་བུར་སྤུངས་ཏེ་ཆོས་བཟང་མདུན་སར་གླེང་། །གསར་རྙིང་ཉི་ཟླ་ཟུང་འབྲེལ་འོད་པོ་ཆེས། །འཁོར་མུན་མཐར་བྱེད་ལས་སྨོན་མཐུ་བཙན་པོས། །ཟུར་ཆེན་རྗེ་དང་སྟབས་ཅིག་སྟན་འཛོམ་པ། །ཕན་བདེའི་སྣང་བ་འདྲེན་པའི་ཤིང་རྟ་བཞིན། །མ་རིག་ལས་འཁོན་འཇམ་མགོན་རིམ་བྱོན་ཆོས། །མ་དག་འཁྲུལ་བའི་དྲ་བ་གཅོད་པའི་མཚོན། །མ་ལུས་


GLG008_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་གཉེན་ས་སྐྱའི་བླ་ཆེན་གྱིས། །མ་སྨད་སྙན་བརྒྱུད་གསེར་འཁོར་མཁའ་ལ་འཕགས། །གཉགས་བན་ཛྙཱ་ནའི་སྤྲུལ་པའི་ཟློས་གར་དེས། །མགོན་ཁྱོན་པདྨཱ་ཀ་རའི་གདུང་འཚོབ་ཁྲིར། །ཐེག་མཆོག་ནོར་བུའི་ཅོད་པན་དབུར་བཅིངས་ནས། །བཀོད་ཚེ་ཕྱོགས་བཅུའི་རྒྱལ་ཀུན་མེ་ཏོག་གཏོར། །བདེ་ཆེན་འདྲེན་པའི་ལས་རྒྱ་མཁར་ཆེན་བཟས། །འཆི་མེད་བདུད་རྩིའི་རྒྱུན་གྱི་བཅུད་བྱིན་ཚེ། །གནས་འདི་ལས་གཞན་ཌཱི་ཀ་ཌཱ་ཀྐིའི་ཚོགས། །འདུ་བའི་ཨྱོན་ཡུལ་དེ་འཚོལ་རྣམས་ངལ། །སྣང་སྲིད་དྲེགས་པའི་སྡེ་དཔོན་ཙི་དམར་བས། །མགོན་ཁྱོད་འཕྲིན་ལས་སྒྲུབ་པར་ཞལ་འཆེས་པ། །ལྷུན་གྲུབ་རྟེན་ཅིང་འབྲེལ་འབྱུང་དུང་ཆེན་སྒྲ། །ཕྱོགས་བྲལ་བུ་མོའི་རྣ་ལུང་མཛེས་པ་བཞིན། །བཤེས་གཉེན་མངལ་དུ་མ་སྦྲུམས་སྟོང་པའི་སྒྲ། །གྲང་དྲོད་ལས་བཙས་ཁྱེའུ་དཀར་མིན་འབྲས། །དྲང་སྲོང་ཨུ་པའི་རེ་སྐོང་རྒོད་མ་ཁ། །གཏན་མདུན་རྒྱ་མཚོ་སྐམ་པའི་ཆོ་ག་ལྟར། །འོན་ཏེ་སྲིད་མང་འཕྲང་བགྲོད་དཀའ་སྤྱད་ཀྱི། །བསོད་ནམས་ཛམ་བུའི་ཤིང་འབྲས་མཚོར་ལྷུངས་པ། །དལ་རྟེན་དོན་ལྡན་གསེར་གྱི་ཕུང་པོ་ལ། །སྤྱོད་པའི་སྐལ་བཟང་འདི་ལ་གཅིག་ཏུ་རངས། །སྙན་བརྒྱུད་རིམ་བཞིའི་རྟེན་འབྲེལ་ཡོངས་འགྲིག་པ། །མ་ནུབ་དབང་བཞིའི་ལམ་ལས་འབྲས་བུར་སྨིན། །རྒྱུད་སྡེ་རྣམ་བཞིའི་ཆོས་ཀྱི་ཐེམས་སྐས་ལ། ཁྲིད་ནས་སྐུ་བཞིའི་གྲོང་དུ་བཅུག་འདི་མཚར། །ཁུ་ལུང་དུ་ཡུམ་བསྙུན་པའི་གདན་འདྲེན་བྱུང་བར་བརྟེན་ལྕགས་སྟག་གི་ལོ་གསར་གདོང་རོང་ཕྱོགས་སུ་ཐེགས་ནས་ཟླ་གཅིག་གི་བར་བྱིན་རླབས་སྐུ་རིམ་དང་འཕྲོད་བསྟེན་གྱི་ཞལ་བཀོད་དང་བཅས་ཞལ་ངོ་རྣམས་ཀྱི་དགོངས་པ་བཀང་སྟེ་


GLG008_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཞང་འགྲོ་བའི་མགོན་པོའི་བསྟི་གནས་སུ་ཕེབས་པའི་དབྱར་སྟོན་གྱི་རིངས་བཞུགས། གསོལ་ཆས་དགོས་ཆ་རྣམས་བྱི་ལོའི་སྐབས་ལྟར་ཕུལ་ཞིང་ཟུར་ཀུན་མཁྱེན་ཆེན་པོས་དབུ་མཛད་དོན་གཉེར་ཅན་དུ་མ་ལ་གང་བློ་མ། དབང་གི་སྒྲོལ་མ་དམར་མོ། དུས་འཁོར་གྱི་ཐུན་མོང་སྒྲུབ་པའི་ལྷ་གསུམ། སྨན་བླ་བདེར་གཤེགས་བདུན། ཕྱག་རྡོར་ཨུ་ཙཪྻ། བ་རིའི་རྣམ་འཇོམས། སྨེ་བརྩེགས། མི་གཡོ་བ་དཀར་སྔོན། རྟ་མགྲིན་རས་ཆུང་ལུགས། རྟ་ནག་ལྕགས་རལ་ཅན། སེང་གདོང་ནག་པོ། ཛམ་སེར་ནག །སྤྱན་རས་གཟིགས་གཙོ་འཁོར་གསུམ་པ། དུར་ཁྲོད་བདག་པོ། རྣམ་སྲས་དྲག་པོ་བཀའ་ཤིན་ཏུ་གཉན་པ། གསང་སྒྲུབ་ལྗང་སེར་བེ་ཅོན་ཅན། དྲག་བྱེད་རྟ་སྔོན་སྲིན་མོ་བཞི་སྐོར། ནང་གསང་ལྟར་སྒྲུབ་པ་ལྷ་དགུ། དྲག་བྱེད་སེང་ཞོན་ཀླུ་བརྒྱད་ཀྱིས་བསྐོར་བ། དྲག་བྱེད་རྐང་ཐང་ལྷ་བརྒྱད། མདུང་དམར་ཅན་ལྷ་བཅུ་གསུམ། ཡང་གསང་དྲག་པོ་སྲིན་པོ་བཞི་སྐོར། མཐིང་ཁ་ཞལ་གསུམ་ཕྱག་དྲུག་པ་ལས་མཁན་མདུང་དམར་ཅན་དང་བཅས་པའི་གཙོ་འཁོར་གཉིས་གར་མཁན་མཆོག་ལྗང་གུ་ཞལ་གསུམ་ཕྱག་བཅོ་བརྒྱད་པ་ལྷ་བརྒྱད། གར་མཁན་མཆོག་དམར་སྨུག་ཞལ་གསུམ་ཕྱག་བཅོ་བརྒྱད་པ། དཀར་པོ་ཚེ་འཕེལ་ལྷ་དགུ། ཡང་གསང་མདུང་དམར་ཅན་ཕྱག་མཚན་བཞི་པ། གུར་གསང་འཁྲིད་རྣམས་ཀྱི་རྗེས་གནང་། བྲན་བདུད་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པ། ཞལ་སྒྲུབ་དུས་ཐུན་མོང་མ་ཡིན་པ། ཁྱུང་ཞལ་ཅན། སེང་གདོང་ནག་པོ། ལྷ་མོ་རྡོ་རྗེ་རབ་བརྟན་མ་རྣམས་ཀྱི་རྗེས་གནང་། ཕག་དཀར་ཤེས་རབ་གསལ་བྱེད་དང་རྟ་མགྲིན་སྐྱེར་སྒང་


GLG008_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཀྱི་བྱིན་རླབས། རྡོ་རྗེ་ནམ་མཁའ་ལྡིངས་གསེར་མིག་འཁྱིལ་བའི་རྗེས་གནང་ལུང་བཅས་སྒྲུབ་ཐབས་རྒྱ་མཚོ་ལས་སྐུའི་རྣམ་འགྱུར་དང་སྔགས་མི་འདྲ་བ་བརྒྱ་བཞི་བཅུའི་རྗེས་གནང་དང་རྒྱ་གཞུང་གི་ལུང་། དུས་འཁོར་གྱི་བདག་པོ་ཆེན་པོ་མ་གཏོགས་སྐུ་གསུང་ཐུགས་ཡོངས་རྫོགས། གཤིན་རྗེ་གདོང་དྲུག །རྣམ་སྣང་མངོན་བྱང་། རྣམ་འཇོམས་མཐིང་ནག་ལྷ་བཅུ་དགུ །རིགས་གསུམ་སྤྱི། གདུགས་དཀར་ལྷ་བཅུ་བདུན། སྲུང་བ་ལྷ་ང་གཅིག །མི་འཁྲུགས་པ་ལྷ་མོ་བརྒྱད་ཀྱིས་བསྐོར་བ། ས་ཕུར་ལྷ་ཁྲའི་སྟོད་ལས་རྣམས་ཀྱི་དབང་དང་སྨད་ལས་དྲག་པོའི་རྗེས་གནང་། ཨེ་ཛ་ཀ་ཏཱིའི་སྲོག་གཏད་དང་ལུང་། མ་ཎི་ཀ་ནཱ་ཐས་འཇམ་དབྱངས་མཁྱེན་བརྩེར་གནང་བའི་གསར་འགྱུར་ཨྱོན་སྐུ་གསུམ་སྒྲུབ་པ་རྒྱ་འགྱུར་དེའི་ལོ་རྒྱུས་འགྲེལ་པ་དང་བཅས་པ་འཇམ་དབྱངས་མཁྱེན་བརྩེའི་ཟིན་བྲིས་ཀྱི་ལུང་། དཀར་བདུད་ལྕམ་དྲལ་གྱི་སྒྲུབ་སྐོར། ལམ་སྐོར་ཕྱི་མ་བརྒྱད་ཀྱི་ལུང་ཡོངས་རྫོགས། ཚར་གསུམ་ཁུག་པའི་བྱིན་རླབས། གསུང་ངག་སློབ་བཤད་ཀྱི་ཆོས་འབྱུང་ཟིན་བྲིས་འཇམ་དབྱངས་མཁྱེན་བརྩེས་མཛད་པ། ཚར་ཆེན་གྱི་ཀྱེ་རྡོར་བསྐྱེད་རིམ་སོགས་ཆོས་སྦྱིན་རྒྱ་ཆེར་མཛད་ཅིང་རྗེ་བླ་མ་ཟུར་ཆན་ལ་སྔ་འགྱུར་གཙོ་བོར་གྱུར་པའི་ཟབ་ཆོས་མང་དུ་གསན། དྲན་པ་ནམ་མཁའ་དང་གནུབས་ཆེན་གྱི་རྣམ་པར་སྤྲུལ་པ་དར་རྒྱས་ཆོས་སྡིངས་པ་འཕྲིན་ལས་ལྷུན་གྲུབ་བྱོན་པར་དཔོན་སློབ་གཉིས་ཀས་ལྷན་དུ་པཎ་ཆེན་པདྨ་དབང་རྒྱལ་གྱི་རིག་འཛིན་ཡོངས་འདུས་ཀྱི་དབང་ལུང་། ལྷོ་བྲག་གུ་རུ་ལྷ་ཁང་ནས་ཡང་གཏེར་གྱི་སྐོར། རཏྣའི་ཕུར་པ་ཡང་གསང་


GLG008_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མེད། རྟག་ཕག་གསང་སྒྲུབ། ཐུགས་རྗེ་ཆེན་པོ་ཞི་དྲག་ལམ་གྱི་ཆ་རྐྱེན་གསང་བ་སྙིང་པོ་འདུས་པ། སྐུ་གསུམ་ཡོངས་རྫོགས་རྩ་གསུམ་འབྲས་བུའི་དོན་འཁྲིད། ཕྱག་རྒྱ་ཆེན་པོ་མུན་སེལ་ཉི་མའི་སྙིང་པོ། སྐྱེས་རབས་ལུང་གི་ལྡེ་མིག་སོགས་ཟབ་གཏེར་ཁ་ཐོར་བའི་སྐོར། མནལ་ལམ་དག་སྣང་གི་སྐོར། རིག་འཛིན་རྒོད་ལྡེམ་གྱི་གུ་རུ་མཐིང་ཁ་སྤྱན་མངས་ཀྱི་སྒྲུབ་ལུང་། ལས་འབྲེལ་རྩལ་གྱི་དྲེགས་འདུལ་སྒྲུབ་ཐབས་ཆིག་བརྒྱུད་མའི་ལུང་། ཀུན་མཁྱེན་ཀློང་ཆེན་པའི་ཡིད་བཞིན་མཛོད། ཤེས་རབ་མེ་འབར་གྱི་རྫོགས་ཆེན་འཁོར་འདས་རང་གྲོལ་གྱི་དབང་ལུང་། སྤ་གྲོ་གཏེར་སྟོན་ཚེ་རིང་རྡོ་རྗེའི་རྫོགས་ཆེན་ཅི་ཏིའི་གསལ་བྱེད་ནོར་བུའི་དབང་ལུང་། དྲི་མེད་ཀུན་དགའི་ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག །ལྷོ་ལས་འཕྲོ་གླིང་པ་ནམ་མཁའ་རྡོ་རྗེའི་རྡོ་རྗེ་སེམས་དཔའི་ཐུགས་སྒྲུབ་ཀྱི་དབང་ལུང་། ཨེ་སྤེེལ་ལྕོག་ལས་འཕྲོ་གླིང་པའི་བླ་སྒྲུབ་ཕྱི་ནང་གསང་གསུམ་གྱི་དབང་ལུང་། གཏེར་སྟོན་འཇམ་དཔལ་རྡོ་རྗེའི་ཚེ་སྒྲུབ་ཐུགས་ཀྱི་ཡང་སྙིང་གི་ཆོས་སྐོར། སྣང་རྩེ་བའི་ཚེ་འཁྲིད་ཡང་སྙིང་འདུས་པ། འཇམ་དཔལ་ནག་པོའི་ཡིག་སྣ་གཉིས། གཏེར་སྟོན་ཤེས་རབ་འོད་ཟེར་གྱི་འཆི་མེད་སྐུ་གསུམ་འདུས་པ། སྤོ་བོ་གཏེར་སྟོན་པདྨ་རིག་འཛིན་རྩལ་གྱི་ནོར་བུ་པདྨའི་འཕྲེང་བའི་གསང་སྒྲུབ་ཀྱི་སྐོར། ཟླ་བན་གཟི་བརྗིད་འབར་གྱི་སྔགས་སྡེབས་སྙིང་གི་མེ་ལོང་ཟུང་གི་ལུང་། རྒྱ་བན་རྡོ་རྗེ་དབང་ཕྱུག་གི་བཅུད་ལེན་གྱི་གདམས་སྐོར། སྤྲུལ་སྐུ་དམ་པ་དམར་པོའི་བདུད་རྩི་བུམ་པའི་བཅུད་ལེན་སྐོར། བལ་པོ་བཛྲ་མ་ཏིའི་རིམ་སྲུང་། གུ་རུ་ཁྱུང་ནག་གི་གཤིན་རྗེའི་སྐུ་གསུང་ཐུགས་ཀྱི་ཟ་ཡིག །གཏེར་སྟོན་བོན་པོ་དྲག་རྩལ་གྱི་རཱ་ཧུ་


GLG008_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཤིས་བསྟན་པ་དང་རུས་སྦལ་སེར་སྲུང་། ལྕང་སྨན་དོན་གྲུབ་དར་གྱི་དུག་སྨན་གྱི་གདམས་པ། གཡུ་ཐོག་སྙིང་ཐིག་གི་སྨན་ལྷ་མཆེད་གསུམ་ཡེ་ཤེས་ཁྱེའུ་དང་བཅས་པའི་རྗེས་གནང་། དེ་བཞིན་དུ་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་ལ་བླ་མ་སྙིང་ཏིག་གི་དབང་ལུང་སོགས་གསན་ཞིང་ཁོང་དཔོན་སློབ་གཉིས་ལ་ཕར་ཡང་བཀའ་ཆོས་ཅི་རིགས་སྩལ། ཆར་འབེབས་ལ་ཟུར་ཀུན་མཁྱེན་ཆེན་པོ་དང་ཆབས་ཅིག་པར་ཚལ་ཡང་དགོན་དུ་ཕེབས། ཞང་རིན་པོ་ཆེའི་གཟིགས་སྣང་དང་ཕྱག་བཟོར་གྲགས་པའི་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་སྐུ་ལ་ཁྲུས་གསོལ་དང་བཅོལ་དམ་གནང་བས་མགོན་པོའི་ཞལ་ལས་བདུད་རྩི་བབས་པ་དེར་འཁོད་རྣམས་ཀྱིས་མཐོང་ནས་རྒྱུ་མཚན་གསོལ་བ་ན་དཔོན་སློབ་རིན་པོ་ཆེ་ཕེབས་པས་ཡིན་གསུང་། སྐྱིད་ཤོད་པ་ལམ་ནུབ་ཤེ་མ་མཁར་བའི་བུ་ནད་ཚབས་ཆེན་པོས་བཏབ་སྟེ་སྨན་པས་མི་འཚོ་བར་ཐག་བཅད་པའི་དུས་བྱིན་རླབས་གནང་བས་ནད་ལས་གྲོལ། ལྷ་གདོང་ཤན་ཁ་བའི་མ་འཆི་བར་ཐུག་པར་སྔོན་གྱི་ཕ་མེས་ཚེས་གཅིག་དཔལ་འབྱོར་གྱིས་བསྒྲུབས་པའི་དུར་ཁྲོད་ཀྱི་བདག་མོ་འདྲེ་མོ་ངན་ནེ་མའི་སྒྲུབ་ཁང་ཡོད་པ་དེའི་འཁྲེན་དོགས་སུ་མཁྱེན་ནས་དུར་ཁྲོད་བདག་མོ་ལ་ཐུན་རྫས་དང་བཅས་བཀའ་བསྒོ་གཉེར་གཏད་གནང་བས་དེ་འཕྲལ་གཞི་མེད་དུ་བདེ། གཟིམས་ཁང་ཤར་དུ་རྩིས་མགོན་གྱི་འཛིན་གཏོར་བཙུགས་པ་འཇིག་པར་ཉེ་བར་གསར་དུ་བརྗེ་བའི་སྟ་གོན་གྱི་རྙིང་པ་བཏོན་པའི་ཤུལ་གྱི་གཏོར་སྣོད་བདུད་རྩིས་ཁེངས་པ་མཆོད་དཔོན་འཇམ་དབྱངས་རྒྱལ་མཚན་དང་ཞ་ལུ་ཤེར་རིན་པ་གཉིས་ཀྱིས་ལོངས་སྤྱོད་རྒྱུ་བྱུང་བས་མཚོན་ཡ་མཚན་གྱི་ལྟས་མང་པོ་ཞིག་བྱུང་ཚོད་དུ་མཆིས། བཀྲ་ཤིས་རྩེའི་


GLG008_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ས་བསམ་ཡས་ཆོས་སྐྱོང་གི་འཁོར་དུ་སྐྱེས་པ་མཁྱེན་པའི་ཚེ་བྱང་བཞུ་གནང་བས་ཁུགས་ཟིན་ནས་རྗེས་སྙེགས་ལ་བཙུན་པ་དང་ཨ་ཙར་འདྲ་བ་འོངས་ཏེ་ཕྱིར་ཁྲིད་སོང་བ་ཨ་ལགས་བསོད་ནམས་ཀྱིས་ཞུས་པས་སང་ཉིན་གླུད་སྔོན་དུས་ཀྱི་སྲིད་པའི་དབྱིབས་ཇི་ལྟ་བ་བཟོས་པ་བྱིན་གྱིས་བརླབས། རྣམ་ཤེས་ཁུགས་འཕྲལ་གླུད་སྔགས་རྒྱ་ཏིང་ངེ་འཛིན་གྱིས་བསྔོས་པའི་མཐུས་ལྷ་འདྲེའི་ཕོ་ཉ་རྣམས་རབ་ཏུ་ཚིམས་ནས་ལོག་རྗེས་ལམ་སྟོན་རྒྱས་པར་མཛད་དེ་དག་ཞིང་དུ་བསྐྱལ་ལོ། ། གུང་ཐང་གི་བཀའ་ཆོས་རྣམས་གྲོལ་བའི་རྗེ་བཀའ་འགྱུར་བ་ཆེན་པོས་འབྲས་སྤུངས་སུ་ཕེབས། རིང་འཚོའི་རྟེན་འབྱུང་གི་གསུང་ཆོག་གནང་། རྗེ་བཙུན་རྡོ་རིང་པས་མཛད་པའི་གུར་གྱི་གསང་འཁྲིད། ཚར་ཆེན་གྱི་བྲག་རྫོང་དང་གསང་འཁྲིད་རྒྱུན་ཁྱེར་གཉིས། རབ་གནས་དོན་གསལ་སོགས་ཀྱི་ལྗགས་ལུང་དང་། རྒྱལ་སྲས་རིན་པོ་ཆེའི་བློ་སྦྱོང་དོན་བདུན་མའི་སྟེང་ནས་ཉམས་འཁྲིད་མདོར་བསྡུས། དཀྱིལ་འཁོར་གྱི་ཆོ་ག་མང་པོའི་ཕྱག་ལེན་དང་ཕྱག་རྒྱ་འཆིང་ཚུལ་གྱི་སྐོར་སོགས་ལ་དོགས་གཅོད་ཞིབ་ཏུ་ཞུས། བསམ་གཏན་པར་རློམ་པའི་ཚུལ་འཆོས་མཁན་འདྲས་གཞན་འབྱོར་ཕུན་ཚོགས་མ་བཟོད་པར་བྱད་རྦོད་ཀྱིས་རྗེའི་སྐུ་ལ་སྡོ་བའི་སྦྱོར་ངན་ཡོད་འཕྲོས་ཐོས་པས། བྲག་རྫོང་མའི་སྲུང་བཟློག་གི་ཐུགས་དམ་གཙོ་བོར་གནང་དགོས་ཚུལ་ཞུས་པར་སྔ་སོར་གནད་བསྣུན་ཁ་ཡར་བྱས་པར་བསམ་སྦྱོར་ངན་པ་ཡོད་འདྲ་བསམ་པ་འགའ་ཞིག་འདས་སོང་བས་རྣམ་ཤེས་འདྲེན་པའི་ནུས་པ་དཀའ་བས་དེ་རིགས་ཀྱང་ལས་གསག་པར་སོང་དོགས་བྱེད་འདུན་མེད་གསུང་། དགུན་ཡར་ཀླུངས་ཕྱོགས་སུ་ཐེགས།བོང་བུ་ཞེས་


GLG008_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྕགས་ཡོས་ཀྱི་དཔྱིད་གོང་དཀར་རྡོ་རྗེ་གདན་དུ་ཕེབས་ནས་སྐུ་མཚམས་ཀྱི་བཅད་རྒྱ་ཡུན་རིང་དུ་བསྡམས། ངེད་རྡོ་རྗེ་ཕྲེང་བའི་དབང་ཚོགས་ཆེན་ལ་འབུལ་བའི་གྲབས་ཡུལ་གྱི་སྐབས་སུ་སླེབས་པ་སྔར་ཕྱག་ལེན་རྣམས་ལ་རྟོག་འཇུག་དང་དོགས་གཅོད་ཞིབ་པར་ཞུས་ཁུལ་ཡིན་ནའང་གསང་སྔགས་ཀྱི་ཕྱག་བཞེས་ཆེས་ཞིབ་ཅིང་ཕྲ་བ་དང་རང་རེ་བློ་གྲོས་དམན་པའི་གཤིས་ཀུན་རྟོག་གི་སྤྲོས་པ་བན་བུན་དུ་ཤར་བའི་ཡིད་གཉིས་རྣམས་ལ་དོགས་སེལ་གྱི་ཤོག་དྲིལ་ཕུལ་བར་བཀའ་མཆན་ཞིབ་པར་སྩལ། འདི་ལོ་ཆར་དཀོན་པའི་ལོ་ཏོག་རྣམས་ཐན་པའི་འཇིགས་པས་ཉེན་པ་ཐུགས་ཀྱིས་མ་བཟོད་པར་རྫས་སྔགས་ཏིང་ངེ་འཛིན་ལ་བརྟེན་པའི་ཆར་འབེབས་ཀྱི་ཕྱག་ལེན་གནང་ཡང་ལྷ་འདྲེའི་ཚུབ་ལྷོངས་ལྟ་བུས་ཕེབས་དཀའ་བར་དཔལ་ཨྱོན་ཆེན་པོ་ལ་གདུང་ཤུགས་དྲག་པོས་གསོལ་འདེབས་གནང་བས་ཀླུ་དབང་གླིང་གི་རྒྱ་དང་མཉམ་པའི་སྤྲིན་ལས་ཆར་བབས་ཤིང་གཞན་དུ་སྤྲིན་མ་འཁྲིགས་པས་དེ་ལོ་ཚོས་ལས་ཀྱི་བུད་ཤིང་ལ་ཁ་རེག་གི་ནགས་བཅད་པས་ཁྱུང་བཙུན་ཁྲོས་པའི་དེ་ཕྱོགས་སུ་ཡམས་དང་ལྕེ་འབབ་པ་སོགས་བྱུང་སྣང་བས་དེ་དང་དབྱིབས་མཚུངས་པར་དགོངས་ཏེ་རྡོ་རྗེ་དཔལ་གྱི་ཡུམ་ལ་གཏོར་བསྔོས་དང་བཅས་དམ་བསྒྲགས་པས་ཁ་རེག་གི་རི་རྩེ་ལས་ཆུ་འཛིན་དཀར་པོ་ལང་ལོང་དུ་གཡོས་ཤིང་ཐོག་མར་དྲག་ཆར་གྱི་ལྷོངས་ཆེ་ཙམ་དང་བཅས་རིམ་གྱིས་སྤྲིན་ཕྱོགས་ཀུན་ཏུ་ཁྱབ་པའི་ཆར་གྱི་རྒྱུན་ཆེན་པོས་མྱུ་གུའི་ཚོགས་ཀྱི་བསྐྱེད་རབ་ཏུ་བསྲིངས་ནས་ཡུལ་ཁམས་མང་པོར་འབྲུའི་མཆོད་སྦྱིན་དོན་གྱིས་སྩལ་ལོ། །ཆོས་སྡེ་འདི་ག་དང་ཕྱོགས་འདུས་ཀྱི་དོན་གཉེར་ཅན་ཁ་ཤས་


GLG008_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཤིན་རྗེ་གདོང་དྲུག །སངས་རྒྱས་མཉམ་སྦྱོར། འཇིགས་བྱེད་བཅུ་གསུམ་མ། མི་འཁྲུགས་པ་ལྷ་དགུ་རྣམས་ཀྱི་དབང་། ཚེ་དཔག་མེད་ལྷ་དགུའི་དབང་བརྒྱ་རྩ། གུར་ལྷ་བཅུ་བདུན། བཅུ་གཉིས། བརྒྱད་མ་གསུམ་གྱི་དབང་། བྲག་རྫོང་མའི་ཕྱི་འཁྲིད་དང་ཞལ་གྱི་གསང་འཁྲིད་གཉིས་ཀྱི་ཉམས་འཁྲིད། རིན་ཅེན་གླིང་པའི་ནཱ་ག་རཀྴའི་རིག་གཏད། དབྱུ་གུ་སྤུན་གསུམ་གྱི་སྒྲུབ་སྐོར། མགོན་པོད་ནས་ཁ་ཤས་ཀྱི་ལུང་། མགོན་པོ་མ་ནིང་གི་ཆར་འབེབས། དབུ་མ་ལུགས་ཀྱི་སེམས་བསྐྱེད། སྤྱན་རས་གཟིགས་ཀྱི་དམར་འཁྲིད། རབ་འབྱམས་སྨྲ་བ་རིན་ཅེན་རྒྱ་མཚོར་གཡུ་ཐོག་སྙིང་ཏིག་གི་དབང་ལུང་། ཁྲོ་བོ་སྨེ་བརྩེགས་དང་ཁྲོ་མོ་སྨེ་བརྩེགས་ཀྱི་རྗེས་གནང་། དམར་ཆེན་སྐོར་གསུམ། སྐྱེས་རབས་སོ་བཞིའི་ལུང་སོགས་ཆོས་བཀའ་སྔ་ཕྱིར་དུ་མར་གནང་།དགའ་བ་ཞེས་པ་ཆུ་འབྲུག་ཧོར་ཟླ་གཉིས་པའི་ནང་དུ་ངེད་རྒྱ་ནག་ལ་འགྲོ་བའི་ངོས་འཕྲད་ལ་ཕེབས་ནས་གཟིམས་ཆུང་མགོན་ཁང་ལྕང་ལོ་ཅན་དུ་རིང་པོར་གནས་པའི་རྟེན་འབྲེལ་གྱི་ཆོ་ག་རིགས་མི་གཅིག་པ་གསུམ་ཙམ་ཞིག་གནང་། ཚེ་དབང་ཁ་ཤས་དགོས་ཚུལ་ཕེབས་པ་བཞིན་འཆི་མེད་དཔལ་སྟེར་གྱི་སྒོ་ནས་ཕུལ་བཅས་དེ་ཀའི་སྟེང་ནས་ངེད་རང་གིས་ཀྱང་ཚར་གཅིག་ཞུས་ཤིང་འཕྲལ་ཡུན་གྱི་བསླབ་སྟོན་མང་དུ་གནང་བར་རྒྱ་ནག་ནས་རིང་པོར་མི་ཐོགས་པར་ལྡོག་པའི་འདུན་པ་ཡོད་པས་དེ་བར་རྡོ་རྗེའི་རྣལ་འབྱོར་མཆོག་ལས་མི་གཡེལ་བའི་སྲུང་འཁོར་དང་འཆད་ཉན་ལ་ཐུགས་རྩོལ་གང་ཆེའི་ངོས་གཙོ་བོར་བསྟན་འགྲོའི་གཉེན་དུ་འཚོ་གཞེས་ཀྱི་ཐབས་ཚུལ་ལྷོད་མེད་དགོས་པའི་སྙན་འབུལ་དང་བརྟན་བཞུགས་ཕུལ། དེ་ནས་གུང་ཐང་དུ་ཐེགས་པའི་ཟླ་བ་ཕྱེད་གཉིས་ཙམ་གྱི་བར་ཟུར་


GLG008_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཆོས་ཀྱི་རྒྱལ་པོར་གཤེད་དམར་ལྷ་ལྔའི་དབང་དང་སྤྲོས་མེད་ཀྱི་ཉམས་འཁྲིད། རྭ་ཆེན་གྱི་སྒྲུབ་དཀྱིལ་ལ་འཇམ་དབྱངས་མཁྱེན་བརྩེའི་ལྷན་ཐབས་སྦྱར་བའི་རྭ་ལུགས་ཐུན་མོང་མ་ཡིན་པ་ལྷ་བཅུ་གསུམ་མའི་དབང་། རྭ་ཁྲིད་མཁའ་འགྲོ་སྙན་བརྒྱུད་ཀྱི་ཉམས་འཁྲིད། རྭ་ཆེན་ཤེས་རབ་རྒྱལ་མཚན་གྱི་དཀར་ཆག་ཏུ་གསལ་བ་དང་དེར་མ་འདུས་པའི་ཁ་སྐོང་བཅས་པའི་རྭ་པོད། འབྲི་གུང་དཔལ་འཛིན་གྱི་པོད་ཆུང་། བུ་སྟོན་ཐམས་ཅད་མཁྱེན་པའི་གསང་འདུས་མི་བསྐྱོད་པའི་འཁྲིད་ཡིག་ཟ་མ་ཏོག་ལ་འཇམ་དབྱངས་མཁྱེན་བརྩེའི་ཁ་འབྱེད་ལྷན་ཐབས་སྦྱར་བའི་རིམ་ལྔའི་དམར་འཁྲིད། ཁ་ཆེ་པཎ་ཆེན་ལུགས་ཀྱི་བདེ་མཆོག་དཀར་པོའི་ཉམས་འཁྲིད། རིག་འཛིན་ཆེན་པོ་ལེགས་ལྡན་རྡོ་རྗེས་ཆུ་བོ་རི་ནས་གདན་དྲངས་པའི་བླ་མ་སྐུ་གསུམ་གྱི་ཉམས་འཁྲིད། འཁྲིད་ཡིག་སོ་སོའི་ལུང་། གཙུག་ཏོར་དྲི་མེད་ལྷ་ལྔའི་དབང་། བིར་སྲུང་ནང་མའི་བྱིན་རླབས། ཇོ་བོའི་ཆོས་ཆུང་བརྒྱ་རྩ། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་། གསར་མ་རྒྱུད་འབུམ་ནས་རྒྱུད་ཆེ་ཆུང་བསྡོམས་པ་རེ་ལྔ་དང་བཅས་པའི་ལྗགས་ལུང་འབུལ་བ་གནང་། དེ་ནས་ལ་མོར་ཚངས་པ་དུང་གི་ཐོར་ཚུགས་ཅན་གྱི་གནས་ཁང་དུ་ཕེབས། ཆོས་སྐྱོང་ཁོག་ཏུ་བརླམས་པས་བསུ་བ་མཛད། ཚོགས་འཁོར་སྤྱན་གཟིགས་གྱ་ནོམ་པ་བསྟབ། སྤྱི་སྒོས་ཀྱི་དྲི་བ་གནང་བར་མཁན་པོ་རང་གི་ཐུགས་ལ་ལྐོག་གྱུར་གྱི་ཆོས་ཀུན་གསལ་བཞིན་དུ་དྲི་བ་མཛད་སྤྱི་སྒོས་སོགས་བསྟོད་བསྔགས་དང་བཅས་སྐུ་རིམ་གྱིས་མཚོན་པའི་བླང་དོར་གནང་རྒྱུའི་ལན་ཞིབ་ཏུ་ཕུལ་ཞིང་ཁྱེད་སྔོན་རྗེ་འབངས་ཉེར་ལྔའི་ནང་ནས་


GLG008_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

གནུབས་ནམ་མཁའི་སྙིང་པོའི་རྣམ་འཕྲུལ་ཡིན་ཞེས་ངོས་འཛིན་མཛད་པ་གཏེར་སྟོན་འཇའ་ཚོན་སྙིང་པོས་རྗེ་འབངས་ཉེར་ལྔའི་ཁྲོད་ནས་གཅིག་ཡིན་གསུང་བའི་རྒྱབ་ཆོས་སུ་སོང་བས་ཡིད་ཆེས་ཀྱི་གནས་སུ་ངེས། བཀའ་འགྱུར་གྱི་ལྗགས་ལུང་གནང་བའི་སྦྱིན་བདག་སྡེ་པ་སྲས་གླིང་པས་མཛད་པའི་ས་དཔྱད་གྲུབ་ནའང་། མཚུངས་མེད་ཉི་མ་གླིང་ནས་ཀྱིས་གོང་དཀར་རྡོ་རྗེ་གདན་རང་དུ་བཙུགས་ན་གནས་བཟང་ཞིང་ཚོགས་འདུ་ཆེ་བ་དང་། བསྟན་པ་ཕྱོགས་མཐར་རྒྱས་པའི་རྟེན་འབྲེལ་ཡོད་ཚུལ་གསུངས་པ་ལྟར་ནམ་མཐོངས་ཟླ་བའི་ཚེས་བཅུ་སྐོར་ལ་ཀུན་མཁྱེན་འཇིགས་མེད་དཔའ་བོའི་གདན་ས་གསང་སྔགས་ཀྱི་ཆོས་སྡེ་ཆེན་པོར་ཐེགས། ཐུགས་སྲས་ཀུན་དགའ་རྒྱལ་པོའི་གཟིམས་སྤྱིལ་ཀླུ་དབང་གླིང་དུ་རྡོ་རྗེ་བྲག་ནས་རིག་འཛིན་སྤྲུལ་པའི་སྐུ་མཆོག །སྐྱེད་ཚལ་གོང་འོག་གི་མཁན་པོ། སྣ་མོ་ཤག་གྲུབ་ཆེན་མི་ཕམ་ཀརྨ་སངས་རྒྱས་སོགས་ཕྱོགས་འདུས་ཀྱི་དོན་གཉེར་ཅན་དུ་མ་དང་རྡོ་རྗེ་གདན་གྱི་གྲྭ་ཚང་ཁག་གི་སློབ་དཔོན་འགའ་ཞིག་བྲེལ་བས་མ་འབྱོར་ཞིང་། རིན་པོ་ཆེ་ཉི་མ་གླིང་པས་བསྐལ་བཟང་། དཀོན་བརྩེགས། འཇམ་དབྱངས་རྣམ་པར་རོལ་པ། རྣམ་པར་འཕྲུལ་པ། པད་དཀར་རྣམ་གསུམ་སོགས་ཁ་ཤས་ལས་ཚང་མར་བསྙུན་ནས་འབྱོན་མ་ཐུབ། དེ་ཕྱིན་ཆོས་འཆད་པ་རྣམས་ཀྱིས་གཙོས་པའི་གྲྭ་པ་རགས་བསྡུས་ལ་འོ་སྐོལ་གྱི་སྟོན་པ་རྒྱལ་བ་ཟས་གཙང་གི་སྲས་པོ་རྡོ་རྗེ་གདན་གྱི་སྤོར་བདུད་བཞི་ལས་རྣམ་པར་རྒྱལ་བའི་བྱང་ཆུབ་བརྙེས་པའི་ཚུལ་བསྟན་ཏེ་མཆོག་གི་སྤྲུལ་པའི་སྐུའི་རྣམ་པར་རོལ་བའི་དུས་ཆེན་ཚེས་བཅོ་ལྔ་ལ་ཐོག་མར་རྟེན་འབྲེལ་ཁྱད་ཀྱི་མདོ་སྡེ་བསྐལ་པ་བཟང་པོ་ནས་


GLG008_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་བཞིན་དབུ་འཛུགས་པ་གནང་བ་དེའི་ཚེ་ནམ་མཁའ་ཐམས་ཅད་དྲི་མ་དང་བྲལ་བའི་གཡའ་དག་པར་ཆོས་སྡེའི་ཁྱོན་དང་མཉམ་པར་ཆུ་འཛིན་གྱི་ཉི་འོད་མི་སྒྲིབ་པ་ཞིག་ནས་རྒྱ་གར་སྐད་དུ་གསུང་བ་དང་ལྷན་ཅིག་པར་ས་སྦངས་པའི་ཆར་ཤར་གྱིས་བབས་ཤིང་སྔར་ཕན་ཆར་དཀོན་པ་ཡོད་པ་དེ་ཉིན་ནས་དཀར་ཕྱོགས་ཀྱི་ལྷ་རྣམས་དགའ་བའི་ཆོས་ཡོན་གྱི་ཆེད་དུ་ཕབ་ཅིང་ཐག་རིང་བ་ཚོས་མཐོང་བ་ན་ཀླུ་དབང་གླིང་ལ་འཇའ་ཟུག་པ་སོགས་བླ་མ་དང་ཆོས་ཀྱི་ཆེ་བས་གཟུར་གནས་རྣམས་མི་ཕྱེད་པའི་དད་པ་ལ་བཀོད། མདོ་སྡེ་ཟ་མ་ཏོག་གི་སྐབས་ཚོགས་པ་རྣམས་ལ་ཡིག་དྲུག་གསུང་བ། ཡེ་ཤེས་རྒྱས་པའི་མདོའི་དུས་སངས་རྒྱས་ཀྱི་མཚན་རེ་འཛིན་དགོས་ཚུལ་གྱི་བསླབ་བྱ་དང་བཀའ་འགྱུར་ལྕེ་ཐོག་ནས་ཚར་རེ་སྒྲོག་པའི་དམ་བཅའ་འབུལ་མི་ཁ་ཤས་བྱུང་། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཐུབ་པ་འོད་སྲུངས་ཀྱིས་གདུལ་བྱ་རྣམས་གཏད་པ་བཞིན་དུ་ངའི་བསྟན་པ་ལ་རབ་ཏུ་བྱུང་བ་ལ་སོགས་པ་བྱམས་པར་ཡོངས་སུ་གཏད་པ་ཡིན་ནོ་སོགས་གསུང་སྐབས་བདག་ཅག་ལ་སྟོན་པ་བདེ་བར་གཤེགས་པ་ཐུགས་བརྩེ། ཞེས་སྤྱན་ཆབ་རྒྱུན་རིང་བར་སྣང་། དེས་མཚོན་ཁྱིམ་པ་བྱིན་རླབས་ཞུ་མཁན་གྱི་རྣ་བར་བྱམས་པས་དམ་བཅས་པའི་གཟུངས་ཚར་རེ་སྒྲོག་པར་མཛད། ས་སྐྱོང་བསོད་ནམས་རབ་བརྟན་ལ་གཡར་པོ་ཞུས་པའི་བཀའ་འགྱུར་མཚལ་པར་མ་དང་། ཆོས་སྡེའི་བཀའ་འགྱུར་གཉིས་ལ་ཞར་བྱུང་དུ་ཞུས་དག་པའི་ཡི་གེའི་འདུ་བྱེད་དགེ་སློང་འཕྲིན་ལས་རྣམ་རྒྱལ་དང་། གོང་དཀར་གྱི་གླེགས་


GLG008_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བམ་ཁྲོད་དུ་མ་བཞུགས་པ་འདྲ་མཚལ་པར་མའི་སྟེང་ནས་ལུང་གནང་བ་ཞལ་སྔ་ནས་བྲག་སྣ་བས་སྡེ་པར་སྙན་ཕྲ་ཕུལ་ནའང་ཡར་བཞེས་རྒྱུ་ཐུགས་ཀྱིས་བསྙེལ་ནས་ལྗགས་ལུང་གི་བགེགས་སུ་མ་སོང་བར་གདའ། མདོ་མངས་ཐོར་བུ། དཀོན་བརྩེགས། ཕལ་ཆེན། ཤེར་ཕྱོགས་སྐོར་གྲུབ་ནས། དེ་ཡང་སྔར་ངོར་དུ་བསྒྲུབས་པ་གནང་བ་དེ་ཕྱག་ལེན་མཁན་སློབ་ཁ་སྐོང་ཚང་མ་ཁུངས་བཙུན་ནའང་ཤར་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་ཡར་ཀླུངས་རྣམ་རྒྱལ་དུ་ཚག་མིག་མཁན་ཆེན་དཀའ་བཞི་ཚུལ་ཁྲིམས་རིན་ཅེན་ལ་བསྒྲུབས་པའི་སྡོམ་རྒྱུན་ཡིན་ལ། གོང་དཀར་རྡོ་རྗེ་གདན་གྱི་སྡོམ་རྒྱུན་ལ་ས་པཎ་བརྒྱུད་པར་བཞུགས་པ་དང་། ཕྱོགས་དེའི་གདུལ་བྱ་རྗེས་འཛིན་ལ་དགོངས་ཏེ་སྨིན་དྲུག་ཟླ་བའི་ཚེས་ཉི་ཤུའི་གཟའ་ལྷག་པ་དང་སྐར་མ་རྒྱལ་འཛོམ་པའི་ཉིན་སྔ་དྲོ་སྡོམ་པ་འབུལ་བ་གནང་བའི་བརྡ་ཆད་ཙམ་དུ་ཙར་མོའི་སྟེང་ན་བཟའ་དཀར་པོ་ཞིག་བཞེས། ཕྱི་དྲོ་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ཚུལ་ཁྲིམས་བཀྲ་ཤིས་པས་མཁན་སློབ་སྦྲགས་མ། གསང་སྟོན་སྐྱིད་ཚལ་འོག་མཁན་པོ་ངག་དབང་བསྟན་འཛིན། དུས་སྒོ་བ་རབ་འབྱམས་ཆོས་རྗེ་རིན་ཅེན་རྒྱ་མཚོ། ཁ་སྐོང་བ་བྲག་ཐོག་པ་ཤཱཀྱ་མཆོག་ལྡན་སོགས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་ཚིགས་སྔ་མ་དགེ་བསྙེན་ནས་བཟུང་སྟེ་སྡོམ་གསུམ་རིམ་གྱིས་མནོས་པའི་ཉི་མ་རི་རྐེད་ལ་ཡོད་དུས་བསྙེན་པར་རྫོགས་པའི་སྡོམ་པ་ཐུགས་རྒྱུད་ལ་བསྟར། དེ་ནས་ཞག་ལྔ་ཙམ་ན་འདུལ་ལུང་ཁྱིམ་པའི་སྤྱོད་ཡུལ་དུ་མ་འོས་ཤིང་རབ་བྱུང་ཤ་སྟག་དགོས་པ་ཆོས་སྡེ་གཉིས་ཀྱི་གྲྭ་རིགས་ཉི་ཤུ་སྐོར་གྱིས་


GLG008_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་གླིང་དུ་སྐུ་ངོ་སྦྲན་པས་རྗེ་ཚུལ་ཁྲིམས་བཀྲ་ཤིས་ཀྱིས་ད་ལམ་བསྐྱར་བཞེས་གནང་ནས་ཡུན་རིང་མ་སོང་ཡང་མཁན་པོའི་བྱ་བ་མཛད་དགོས་པར་གསོལ་བ་བཞིན་རྗེ་ཉིད་ཀྱིས་མཁན་པོ། མཚུངས་མེད་ཉི་མ་གླིང་པས་ལས་སློབ་བསྟར་ཏེ་རྩེས་དང་ཆེན་མོ་བྱང་མ་བ་ངག་དབང་བསྟན་འཛིན་གྱིས་གཙོས་པའི་བསྙེན་རྫོགས་པ་ཁ་ཤས་དང་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ་དཔོན་སློབ་ལྔ་དགེ་ཚུལ་དུ་བསྒྲུབ་པ་གནང་བའི་ཆེན་མོ་བྱང་མ་པའི་མཚན་ལ་སླར་བྱམས་པ་བསྣན་ཏེ་འདོགས་པར་མཛད། ཆོས་ཞུ་བ་པོ་རྣམས་ཀྱིས་དཀྱིལ་འཁོར་ལ་བརྟེན་པའི་དབང་ཐོབ་གཤིས་གསང་སྒྲོག་གི་ཉེས་པ་མི་འབྱུང་ཡང་རྒྱུད་དང་འབྲེལ་བའི་ལྷའི་རིག་གཏད་ལྟ་བུ་བྱུང་ན་ཕྱག་ལེན་གཙང་བའི་དབང་དུ་མཛད་ཟུར་བཀའི་དཀྱིལ་འཁོར་རྗེས་གནང་གི་སྲོལ་མི་འདུག་རུང་། སྒྲུབ་ཐབས་རྒྱ་མཚོའི་ཀྱེ་རྡོར། གསང་འདུས་འཇམ་རྡོར། ཧེ་རུ་ཀཿཕྱག་གཉིས་པ། བདག་མེད་མ། གཤིན་རྗེའི་གཤེད་དམར་ནག །ཕག་མོ་ལྷ་ལྔ་ཕྱག་རྡོར་། མི་གཡོ་བ། སྤྱན་རས་གཟིགས་གཙོ་འཁོར་གསུམ་པ། གུར་མགོན། མགོན་པོ་ཕྱག་བཞི་པ། ཟུར་བཀའ་སྣ་ཚོགས་ཡུམ། ཁྲོ་ཕུའི་འཇམ་དཀར། ཕྱག་རྡོར་འགྲོ་བཟང་སོགས་སྤྱི་བཀའ་ཟུར་བཀའ་སྐབས་སུ་གང་བབས་ནས་རྒྱུད་སྡེ་ཚན་དུ་ཕྱེ་བ་ཕལ་ཆེར་དང་འབྲེལ་བར་སྔོན་དུ་རྗེས་གནང་རེ་མཛད་པའི་རྒྱུད་འབུམ་ནས་བདེ་མཆོག་མཁའ་འགྲོ་རྒྱ་མཚོ་ལ་སོགས་པའི་སྔགས་ཡས་མས་དཀྲུགས་པ་རྣམས་བསྡེབས་པས་མཚོན་མདོར་ན་ཆོས་བཤད་པའི་དུས་ཚོད་སྔ་ཕྱི་སོགས་གང་ལའང་ཐུགས་བྲེལ་གྱི་རྗེས་སུ་མི་འབྲང་ཞིང་དཔོན་སློབ་རྣམས་


GLG008_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཀུན་ཏུ་སྤྱོད་པ་ཡང་མདོ་རྒྱུད་ལས། ཇི་ལྟར་བྱུང་བ་ལྟར་བསྟན་རྒྱུན་ལ་དགོངས་པའི་ཐུགས་རུ་ཤིན་ཏུ་ང་བའི་སྒོ་ནས་ཆོས་སྡེའི་རིགས་གྲ་དང་རྣལ་འབྱོར་རྒྱུད་ཀྱི་སྒྲུབ་མཆོད་སོགས་ལ་རྟ་མ་ཆག་ཙམ་དང་གཞན་མ་ཉི་ཁྱོངས་སུ་གནང་བ་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ལ་ལེགས་པར་གྲུབ་ཅིང་རྟེན་འབྲེལ་ཁྱད་ཀྱིས་བསྟན་འགྱུར་གསན་ཁྲོད་ནས་པོ་ཏི་གསུམ་ཙམ་དང་། ཆོས་ཞུ་བའི་ཚོགས་ལ་ཉིན་རེ་བཞིན་མང་ཇ་གཉིས་རེ་ཆད་མེད་དང་། ཀུན་མཁྱེན་བུ། རྗེ་རྡོ་རྗེ་གདན་པ། ཚར་ཆེན། འཇམ་དབྱངས་མཁྱེན་བརྩེ་ཁུ་དབོན་རྣམས་ཀྱི་དུས་དྲན་ལ་བཀའ་འགྱུར་རིན་པོ་ཆེར་བརྒྱ་མཆོད། ཚོགས་སུ་མང་ཇ་འཕར་མ། སྐབས་འགར་ཆོས་སྟོན་མཇུག་ཏུ་གྲོལ་སྟོན་གྱི་ཚིམ་པ་སོགས་བསྡུ་བ་རྣམ་པར་བཞིའི་སྒོ་ནས་རྗེས་སུ་བཟུང་ཞིང་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་ཁོང་ནས་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེའི་ཡབ་གཞིས་ནས་བསྙེན་བཀུར་གཟབས་རྒྱས་ལན་གཉིས། གཞན་ཕལ་ཆེར་གྱིས་མང་ཇའི་ཐོག་འབྱོར་པ་དང་བསྟུན་པའི་ཟང་ཟིང་གི་བདོག་པ་མཎྜལ་དུ་བཏེག །མཚོ་སྔོན་པོའི་སྒར་ཐོག་ནས་དྷརྨ་ཁེ་ཡ་ཐའི་ཇི་བོད་དུ་བཏང་སྐབས་ངེད་རང་ནས་འཕྲིན་གསོལ་དངུལ་གྱི་རྟེན་ལྡན་བརྟན་བཞུགས་ཀྱི་ཚིགས་བཅད་དང་བཅས་ཕུལ་བ་ཆོས་ཞུ་བ་རྣམས་ཀྱིས་ཤེས་ནས་འཕྲལ་དུ་བཙུགས་ཏེ་ཉིན་སྟར་གྱིས་གསུང་བ་སོགས་རྟེན་འབྲེལ་འགྲིག་ཅིང་གཞན་དོན་དུ་དགོངས་ནས་བརྟན་བཞུགས་གསོལ་འདེབས་སུ་བསྒྱུར་ཏེ་དེང་སང་ཡང་ཚོགས་འདོན་ཆག་མེད་དུ་ཡོད་སྣང་། ཆོས་གྲོལ་རྗེས་རྟེན་འབྲེལ་གྱི་ཁྱད་ནས་སྐྱ་སེར་གྱི་ཁྲོམ་ཆེན་པོ་ཚོགས་པར་ཕྱི་རོལ་གྱི་རྡོ་ཅལ་བཞུགས་ཁྲིའི་ཐོག་ཏུ་ཕེབས་ཤིང་འཇམ་དབྱངས་ས་པཎ་གྱི་


GLG008_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་ཞྭས་ཞུ་མཆོད། གྲུབ་རྒྱལ་ལུགས་ཀྱི་ལྷ་གཅིག་བུམ་གཅིག་ལ་བརྟེན་པའི་ཚེ་དབང་། ད་ལམ་གྱི་ཆོས་འཁོར་འདི་ལ་བརྟེན་པའི་འཆད་ཉན་ཞབས་ཏོག་མཐུན་རྐྱེན་སྒྲུབ་སོ་ཅོག་ཀུན་གྱི་དགེ་བའི་རྩ་བ་རྣམས་བྱང་ཆུབ་ཆེན་པོར་བསྔོ་བའི་ཡོན་བཤད། བཀྲ་ཤིས་ཀྱི་མཐའ་བརྟེན་དང་བཅས་རྒྱས་པར་སྩལ་བ་ནི། ཀུན་མཁྱེན་མཁྱེན་བརྩེའི་གསུང་མགུར་ལས། གང་འདིའི་ཐུབ་བསྟན་ཐ་མར་གྱུར་པའི་མཐུས། །ཇི་སྙེད་ཆོས་ཀྱི་བཀའ་བབས་ཆད་གྱུར་ཅིང་། །ཅུང་ཟད་ལུས་རྣམས་འཆད་ལ་ཉེ་བ་འདི། །བསམས་བཞིན་སྙིང་ནས་མ་དགའ་ཤེས་པར་འཕྱོ། །རྒྱལ་བའི་བསྟན་པ་མཆོག་ལ་དད་པ་དང་། །མར་གྱུར་འགྲོ་ལ་བརྩེ་བའི་ལྷག་བསམ་གྱིས། །ཕན་བདེའི་འབྱུང་གནས་ཐུབ་བསྟན་རིན་ཅེན་སྒྲོན། །སྤེལ་བའི་ཐབས་ལ་སྙིང་ནས་སྤྲོ་བར་གྱུར། །ཞེས་པའི་དོན་དང་མཐུན་པར་མཆིས་སོ། ། རིན་ཅེན་ཚུལ་ཁྲིམས་བཀྲ་ཤིས་དང་གསུང་གླེང་ལ་རི་ཕུག་ཏུ་ལོ་གསུམ་མའི་སྐབས་སྒྲུབ་ཐབས་རྒྱ་མཚོའི་ལྷ་རྣམས་ཀྱི་བསྙེན་པ་ཚད་དུ་འཁྱོལ་བ་ཁྱད་པར་བྱ་རྒྱུད་ལ་ལེགས་གྲུབ་ཀྱི་དགོངསཔ་བཞིན་གཡལ་དང་སྦྲིད་པ་སོགས་བྱུང་ན་ཕྲེང་སྐོར་གཅིག་པུ་དེ་གྲངས་སུ་མི་བརྩི་བས་མཚོན་ཕྲ་མོ་རྣམས་ལའང་ཐུགས་རུ་ང་ཚུལ་གསུངས་པ་དཔྱོད་ལྡན་འཕྲིན་ལས་རྣམ་རྒྱལ་གྱི་ཐོས་འཛིན་དུ་གྱུར་པར་ཡ་མཚན་དུ་འཛིན་ཞིང་ཁོ་བོའང་རྗེས་སུ་ཡི་རང་ངོ་། །ཉེ་སྐོར་ནས་ཞིང་འཁྱར་ཁ་ཤས་གཟིགས་པ་ཧོར་ཟླ་བདུན་པའི་རྣལ་འབྱོར་རྒྱུད་ཀྱི་སྒྲུབ་མཆོད་ཐེབས་སུ་ཉིན་གཅིག་འཕར་བའི་སྦྱོར་འཇགས་གནང་། དེ་ནས་མི་རིང་བར་རྣམ་སྣང་མངོན་བྱང་ལ་


GLG008_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་ལྔར་གཅོད་མི་དགོས་པ་རྒྱུད་ཀྱི་དགོངས་པ་དང་དམ་པའི་ཕྱག་བཞེས་བཞིན་ཆོས་སྡེ་ཡས་མས་ཀྱི་གྲྭ་པ་བཞི་བཅུར་དབང་། གཙུག་དགུའི་དབང་ཆ། གྲངས་བཅོ་ལྔར་དྲིལ་བུ་ལུས་དཀྱིལ་གྱི་དབང་། རྣམ་སྲས་སྤྲིན་གསེབ་མ་དང་ཛམ་ལ་དམར་པོ་ཡུམ་བཅས་ཀྱི་རྗེས་གནང་། སྐྱེད་ཚལ་འོག་གཞི་བ་སློབ་དཔོན་པ་སོགས་ལ་སྤྱན་རས་གཟིགས་ཚེམ་བུ་ལུགས་ཀྱི་དམར་འཁྲིད་ཀྱིས་མཚོན་འདོད་ཆོས་ཁ་ཤས་སྩལ། སྔོན་ཆད་ཡོངས་འཛིན་མང་པོར་མདོ་རྒྱུད་གྱི་གདམས་པ་རྒྱ་ཆེར་གསན་ཡང་ལོ་ཆེན་རཏྣ་བྷ་དྲས། ཆོས་པའི་སོ་ནམ་ཡིན་པས་ཐོས་བསམ་བྱས། །ཆོས་ཀྱི་རྩ་བ་ཡིན་པས་གནས་ལུགས་བསྒོམས། །ཆོས་ལ་འབྲས་བུ་དགོས་པས་སྨོན་ལམ་བཏབ། །སྒོ་གསུམ་ཐ་མལ་ནམ་ཡང་བཞག་མ་མྱོང་། །སྔོན་ཆད་གདམས་ངག་བརྒྱ་ཕྲག་དུ་མ་བསླབས། །འོན་ཀྱང་ད་དུང་གཞན་ལ་འཚོལ་བར་འདོད། །ཅེས་པ་ལྟར་སླར་ཡང་ངོམས་པ་མེད་པར་ཐོས་བསམ་མཛད་བཞེད་ཀྱི་ཆུ་མོ་སྦྲུལ་ལོ་ཤར་ནས་གཙང་ཕྱོགས་སུ་གཤེགས་ཞོར་ལྕགས་ཟམ་སྤྲུལ་བའི་སྐུ་ཀུན་དགའ་བསོད་ནམས་དབང་ཕྱུག་གི་དྲུང་དུ་འཁྲིད་བརྒྱ་སོགས་ཟབ་ཆོས་ཁ་ཡར་གསན་ཞིང་། ངོར་ཨེ་ཝཾ་ཆོས་ལྡན། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ། སློབ་དཔོན་ཆེན་པོའི་སྒྲུབ་གནས་རི་བོ་བཀྲ་བཟང་སོགས་སུ་ཞབས་པད་ཀྱི་ཕྲེང་བ་བཀོད་ནའང་། རྗེ་མཁྱེན་བརྩེའི་གསུང་མགུར་དུ། བདུད་ཀྱིས་དབང་སྒྱུར་སྐལ་ངན་ཆེས་མང་བས། །དམ་ཆོས་འཚོལ་ལ་འགལ་རྐྱེན་ཆར་བཞིན་འབབ། །མཐུན་རྐྱེན་མི་འབྱུང་བྱུང་ཡང་སྟོབས་ཞན་པས། །ཇི་ལྟར་བསམས་པ་བཞིན་དུ་གྲུབ་མ་གྱུར། །ཞེས་གསུངས་པ་ལྟར། ངོར་མཁན་


GLG008_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཤར་པ་ཤེས་རབ་འབྱུང་གནས་དང་། བཀྲ་བཟང་པ་ཆེན་པོ་ནམ་མཁའ་རིག་འཛིན་གཉིས་སྐུ་ན་ཧ་ཅང་སྨིན་པར་མ་གྱུར་རུང་བསྟན་པའི་གེགས་ཆགས་ལྟ་བུས་དག་ཞིང་གཞན་དག་ཏུ་སྒྱུ་འཕྲུལ་གྱི་བཀོད་པ་བསྡུས་པ་དང་འགྲིག་ཅིང་སྔགས་འཆང་བླ་མ་སེམས་དཔའ་ཆེན་པོ་ཁྲི་ཆེན་འཇམ་དབྱངས་ངག་དབང་ཀུན་དགའ་བསོད་ནམས་རྩ་དཀར་གྱི་བསྟེན་བབས་ལྕི་བ་སོགས་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་ཉི་མའི་གཉེན་གྱི་རིང་ལུགས་ལ་པི་ནཱ་ཡའི་ཆོ་འཕྲུལ་ཅུང་ཟད་ནུས་པའི་དུས་དང་འགྲིག་པས་ཆོས་གསན་རྩིས་རྣམས་བཞེས་པ་དང་མཐུན་པ་མ་བྱུང་ན་ཡང་བཞི་ཐོག་ཏུ་བདག་ཆེན་ཁྲི་རིན་པོ་ཆེ་ནས་བདག་རྐྱེན་ཚད་མེད་པ་དང་བཅས་ལུགས་གཉིས་དང་འབྲེལ་བའི་བཀའ་མཆིད་ཀྱི་རིམ་པ་ཞིབ་རྒྱས་སུ་སྩལ། མཆོད་ཁང་དང་མགོན་ཁང་ཆེས་མང་བ་མཐའ་དག་མཇལ་བར་ཕེབས་པའི་ཚེ་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པ་དང་། འཇིག་རྟེན་ཁམས་སུ་བདེ་སྐྱིད་རྒྱ་ཆེར་འབྱུང་བའི་སྨོན་ལམ་མཛད། ངེད་གོང་ནས་ཕྱིར་འཁོར་བའི་ཧོར་ཟླ་བཅུ་གཅིག་པའི་ནང་དུ་ངོས་འཕྲད་ལ་དགའ་ལྡན་ཕོ་བྲང་དུ་ཕེབས་ཐུགས་དགྱེས་པའི་གསུང་གླེང་བག་ཕེབས་པར་མཛད། བྱེས་ལམ་དུ་ཡུལ་དུས་གནས་སྐབས་ཀྱི་རང་དབང་འདུ་མི་འདུ་དང་གཙོ་བོར་ལེ་ལོ་དང་སྙིང་རུས་གཉིས་ཚོང་ཐེབས་པའི་ཁ་ཏོན་དགེ་སྦྱོར་བྱེད་བློ་རྣམས་མོས་འདུན་ཙམ་དུ་ལུས་གཤིས་ཆག་མེད་བཞི་གསོས་ཤིང་། བསམ་མི་ཁྱབ་ཀྱི་བྱིན་རླབས། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ། ཕྱག་བཙལ་བའི་ཕན་ཡོན་འགའ་ཞིག །གདུགས་དཀར་གཞན་གྱི་མི་ཐུབ་པ། འཇམ་


GLG008_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་མཁྱེན་བརྩེས་མཛད་པའི་དྲི་མེད་ཀྱི་སྲོག་ཤིང་འཛུགས་ཆོག་རྣམས་ཀྱི་ལུང་དང་། སྔར་གུང་ཐང་དུ་གནང་རྩིས་ཀྱི་གཏོར་གཤོམས་གྲུབ་མཚམས་གནམ་ངོ་ཆེན་པོ་གློ་བུར་དུ་བྱུང་བ་འོང་གསེབ་ཏུ་བཤོར་ན་དཔོན་སློབ་གཉིས་ཀར་སྐུར་འདེབས་བྱུང་དོགས་ཀྱི་གཤོལ་བ་གནང་འདུག་པ་ད་ལམ་ཞལ་གསང་འཁྲིད་དང་ཤིས་བསྟན་པའི་རྗེས་གནང་ཡང་ཞུས། རྗེ་བླ་མ་དམ་པར་བྱང་ལུགས་ཕྱག་ལེན་གྱི་ཚེ་དཔག་མེད་ལྕགས་སྡོང་བརྒྱ་རྩ། །རིག་འཛིན་རཏྣ་གླིང་པ་ཀློང་གསལ་གྱི་ཚེ་དབང་། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་མཚོ་སྐྱེས་རྡོ་རྗེ་སྐུ་གསུམ་རིགས་འདུས་ཀྱི་དབང་ལུང་རྣམས་ཕུལ་ཞིང་གཏེར་གསར་གྱི་ཚེ་མདའ་རྩེ་སོར་གསུམ་ཙམ་འཕེལ་བས་སྐུ་ཚེའི་རྟེན་འབྲེལ་འགྲིག །རྒྱ་ནག་ནས་འཁོར་བའི་སྐྱེས་མ་དང་ཆོས་ཡོན་སྔགས་པའི་མཎྜལ་རྒྱས་པར་བཏེག་ཅིང་ཡར་ལམ་གུང་ཐང་དུ་ཞག་ཤས་བཞུགས་ཏེ་རིམ་གྱིས་བཀྲ་ཤིས་རྩེ་ཆོས་སྡེར་ཐེགས། ད་དུང་ཚེ་འདིའི་ཆེ་ཐབས་བསྒྲུབས་ཀྱང་འགྲུབ་པར་དཀའ་ཞིང་། གྲུབ་ཀྱང་སྐྱིད་མོད་ངང་ནས་གནས་ངན་དུ་མར་འཁྲིད་པས། ཅི་བྱས་དམ་པའི་ཆོས་དང་ཡང་ཡང་རྗེས་སུ་བསྟུན་ནས། ཆོས་བརྒྱད་སྤོང་བའི་ཐབས་ལ་འབད་པ་བགྱིད་པ་མ་གཏོགས། ཚེ་འདིའི་མདུན་མ་སྒྲུབ་པའི་ཞེ་འདོད་མེད་པ་ཞིག་གདའོ། །ཞེས་རྗེ་ཐམས་ཅད་མཁྱེན་པའི་གསུང་མགུར་ལས་བྱུང་བ་ལྟར། ལོ་སྔོན་མ་འབྲས་སྤུངས་སུ་ཕེབས་སྐབས་གསུང་གླེང་ལ་ད་ཆ་ལོའང་མང་དུ་ལོན་ཅིང་དེ་བར་སྡེ་དགོན་གྱི་ཁ་འཛིན་སོགས་བན་བུན་གྱི་གཡེང་བའི་ངང་དུ་ཟད་པ་ཞིག་བྱུང་བ་ཚེ་མཇུག་འདི་ལ་དབེན་པ་བསྟེན་ནས་དགེ་སྦྱོར་ལ་ཆིག་སྒྲིལ་བྱེད་


GLG008_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་ཡོད་གནང་བར་ད་དུང་དགུང་ལོ་སོགས་ཧ་ཅང་གི་མཐོ་བར་མ་ཟིན་ཅིང་སྐུ་གཟུགས་ཀྱིས་རྐྱེན་མི་ཐེག་པའང་མི་འདུག་པས་རེ་ཞིག་སྤྱི་སྒོས་ཀྱི་ཆོས་རྒྱུན་སྤེལ་བས་མཚོན་པར་ཐུགས་ལས་ཆུང་ངུར་མ་སོང་བ་དགོས་ཚུལ་ཞུས་ཤིང་ཤིང་རྟ་ཆོས་སྡེ་པ་ཚོར་དེ་མཚུངས་ཀྱི་བསླབ་སྟོན་གནང་བ་གྲྭ་རིགས་སྦྱིན་བདག་སྐྱ་སེར་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བ་བཏབ་པ་སོགས་གང་ཅི་ནས་ཐུགས་དབང་མ་འདུས་པར་བརྟེན་ད་ཆ་ཚེ་དང་སྒྲུབ་པ་མཉམ་པ་མ་ཐུབ་ཚེ་གཡེང་བ་བྱེད་རིན་ཆོག་པ་བགྱིད་གསུང་ཐོག་བབས་སུ་བཀའ་འགྱུར་བཞེང་བའི་དགོངས་པ་བསྟད་ནས་ཤོག་བུ་སྒྲུབ་པའི་སྟ་གོན་དུས་སྡེ་པ་བློ་བཟང་མཐུ་སྟོབས་ཀྱི་གཅུང་གསུང་རབ་རྒྱ་མཚོས་སྣག་ཚ་དང་སྨྱིག་རྒྱུའི་སིག་ཕུལ་བས་རྟེན་འབྲེལ་འགྲིག་ཅེས་དགྱེས་པར་གྱུར། ཤོག་བུ་སྒྲུབ་མི་སླེབས་པ་དང་མོན་ནས་ཤོག་ཚོང་བ་གཏོས་ཅན་ཡོངས་པ་འགྲིག་པས་གནས་པོ་ཡང་དུས་གཅིག་ལ་བཀའ་འགྱུར་ལྡངས་པ་འདི་འདྲ་ཡོང་བ་ཐུགས་རྗེ་རང་དུ་གོ་བའི་དད་པ་ལྷག་པར་སྐྱེས་ཏེ་འབྲས་ཀྱི་སྐྱེས་ཕུལ་ཞིང་སྲུང་བ་ཞུས། ལ་ལ་དག་ཐུགས་རིག་ལ་སྟེང་ཤོད་མེད་དམ་ཕྱག་རྫས་སྟོབས་ཆེ་བ་མེད་པར་ཐུགས་གྲ་འདི་བསྒྲིག་པ་ཞེས་ཐུགས་ལྷུས་མ་ཐིངས་པའི་སྐུར་ཞུས་བྱེད་པ་བྱུང་ནའང་རྒྱལ་བ་བཙོང་ཁ་པ་ཆེན་པོས་རྫིང་ཕྱིའི་ཞིག་གསོས་ཀྱི་ཚེ་དཔོན་སློབ་བཅུ་གཉིས་ཀྱི་སྐུ་ཆས་ལ་ཟི་གོང་བརྒྱབ་པར་གསེར་ཞོ་བཅུ་གཉིས་ལས་མ་བྱུང་བ་དེ་ནུབ་རྣམ་སྲས་ལ་འཛིན་གཏོར་ཞིག་གནང་བས་སང་ནས་ཡོ་བྱད་འབད་མེད་དུ་བྱུང་ཞིང་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ། ངོར་ཆེན་རྡོ་རྗེ་འཆང་། པཎ་ཆེན་


GLG008_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱ་མཆོག་པ་ལྟ་བུའང་སྙོམས་ཆུང་བྱ་བྲལ་གྱི་ངང་ནས་བཀྲ་ཤིས་ལྷུན་པོ། ཨེ་ཝཾ་ཆོས་ལྡན། གསེར་མདོག་ཅན་གྱི་སྡེ་བཏབ་པས་མཚོན་འཕགས་བོད་ཀྱི་གང་ཟག་ཁྱད་པར་ཅན་རྣམས་གནས་སྐབས་སུ་འདོད་ཡོན་ལ་མི་དགྱེས་པས་གསོག་འཇོག་མི་མཛད་ཀྱང་ཆོས་ལྡན་གྱི་མཛད་པ་རྒྱ་ཆེན་པོའི་དུས་ནམ་མཁའ་མཛོད་ལ་མངའ་འབྱོར་བའི་ཤུགས་ཀྱིས་འབད་རྩོལ་ལ་མི་བལྟོས་པའོ། །འཇིག་རྟེན་མཐུན་འཇུག་ཟང་ཟིང་བདོག་པ་ལ། །ཕན་ཚུན་སྐྱེས་སུ་བསྟར་བ་དོན་ལྡན་དུ། །བྱེད་པའི་ངང་ཚུལ་མཐོང་ན་དམ་ཆོས་ནོར། །གཏོང་ལེན་འདི་ཀོ་དམ་པའི་རྣམ་པར་ཐར། །སྔོན་དུ་ལོ་པཎ་མཁས་གྲུབ་མང་བྱོན་ནས། །རྒྱལ་བསྟན་དར་ཚེ་རྩོལ་བར་ཅི་ཞིག་བལྟོས། །འཆད་ཉན་དགུན་གྱི་ཆུ་བྲན་ལྟར་གྱུར་དིང་། །ཐོས་བསམ་ཁུར་གྱི་ལྗིད་ལ་ལྷག་པར་རངས། །སྔ་ཕྱིར་འགྱུར་བའི་སྨོན་གྲོལ་མན་ངག་ལུང་། །པདྨའི་སྐུད་པར་རྡོ་རྗེ་བཞུ་བླུགས་པས། །སྲོག་འཚོའི་རིག་བྱེད་དྲན་པའི་མཁྱེན་དཔྱོད་ཀྱི། །ཚངས་རིས་གྲུབ་པའི་ལྷ་དེ་གཞན་མིན་དྲང་། །སྤྲུལ་ཞིང་ལྟ་ན་སྡུག་ནས་འོངས་མིན་པར། །སྐྱེ་རྒུའི་སྲོག་འཚོ་སྨན་གྱི་བླ་མ་དངོས། །གིང་ཆེན་ཚངས་པས་བསྙེམས་བཏང་གང་གི་ཞབས། །ནམ་མཁའི་སྙིང་པོར་ངེས་ཏེ་གཙུག་ཏུ་བླངས། །ལྷ་མིན་དམོད་པའི་ལྕགས་ཏིམ་མ་སྐྱེས་པར། །གཟུར་གནས་བློ་ཡི་དཔལ་བེའུ་སྙིང་ག་རུ། །རི་མ་རབ་བཀྲའི་སྐལ་ལྡན་ནབས་སོ་སྐྱེས། ཁྱོད་ཞལ་བདུད་རྩི་འཐུང་ལ་ལྷག་པར་རིངས། །རྣམ་གསུམ་ཆོས་འཁོར་དུས་གཅིག་ཡོངས་བསྐོར་བར། །དཀར་ཕྱོགས་ལྷ་རྣམས་དགའ་མགུར་ལྟ་བ་ལ། །མཎྡ་ར་ཡི་སྨིན་ལེགས་ཕྲེང་མཛེས་དང་། ཁོར་


GLG008_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཡུག་དབང་གཞུའི་དྲ་བས་སྦྲེལ་ཕྱིར་བརྫུ། །གཡས་རུའི་འཛིན་མར་འཁྲུལ་མེད་ལམ་སྟོན་ཤེས། །ཉུང་ཟད་ཙམ་ཡང་མ་བཟོད་ལུས་མེད་མདས། །རེ་ཞིག་བཞེད་པའི་དཀའ་ཐུབ་འཇིག་ནུས་པ། །ཆེས་ཆེར་ལྔ་བདོའི་ཤུགས་དེ་གང་གིས་བཟློག །འདམ་སྐྱེས་འདམ་གྱིས་མ་གོས་པདྨ་ལྟར། །འཁོར་གནས་འཁོར་བའི་རྒྱ་ལས་ཡོངས་གྲོལ་ཡང་། །སློབ་ལམ་སློབ་པའི་ཆེད་དུ་ཞི་བདེ་ལ། །ངེས་པར་ངེས་འབྱུང་ཚུལ་གྱིས་འདྲིད་དེ་ཅི། །ནམ་མཁའི་སྐ་རགས་མ་ངེས་འཆིང་དཀའ་བའི། །གྲངས་མེད་འགྲོ་འདྲེན་ཐུགས་བསྐྱེད་རྡོ་བའི་ངོས། །བྲིས་པའི་རི་མོ་སེམས་ཅན་ཟད་པའི་མཐའ། །དེ་སྲིད་མི་ཡལ་རྒྱལ་སྲས་སྤྱོད་པའི་གཤིས། །མྱོས་བྱེད་ཅེས་པ་ཤིང་ལུག་ཟླ་བ་གསུམ་པའི་ཚེས་དགུ་ལ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཕེབས་པའི་ཞར་བྱུང་དུ་གྲ་དར་རྒྱས་ཆོས་སྡིངས་སུ་གདན་གྲངས་ཡབ་རྗེ་གནུབས་ཆེན་སྤྲུལ་པའི་ཟློས་གར་དང་གདུང་བརྒྱུད་བགྲེས་པ་ཆོས་རྒྱལ་གཏེར་བདག་གླིང་པ་གཉིས་ལ་དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་དང་ཛེ་ཏཱ་རིའི་ཚེ་དཔག་མེད་ལྷ་དགུའི་དབང་གནང་། ཚུར་རིག་འཛིན་ཕྲིན་ལས་ལྷུན་གྲུབ་ལ་གཏེར་ཆོས་ཅི་རིགས་པ་གསན་ཏེ་རིམ་གྱིས་དགའ་ལྡན་ཕོ་བྲང་དུ་ཞག་དགུའི་བར་སྟན་ཆགས་པའི་དུས་འཁོར་བདག་པོ་ཆེན་པོའི་དབང་། སིནྡྷུ་ར་ལ་བརྟེན་པའི་བདག་མེད་ལྷ་མོ་བཅོ་ལྔ། །བདེ་མཆོག་དཀར་པོ། ཏོག་ཙེ་བའི་བསམ་མི་ཁྱབ་གསུམ་གྱི་བྱིན་རླབས། ཨཥྚའི་བཟླས་ལུང་། གུར་སྤྲིན་གསེབ་མའི་རྗེས་གནང་། སུམ་པ་ལོ་ཙཱའི་བློ་སྦྱོང་དང་ཚེམ་བུ་ལུགས་ཀྱི་དམར་འཁྲིད་གཉིས་འཇམ་དབྱངས་མཁྱེན་བརྩེའི་ཟིན་བྲིས་སྟེང་ནས་ཉམས་འཁྲིད་སྔ་དགོངས་སོ་སོར་སྨིན་རྒྱས། རྗེ་བཙུན་གྲོལ་མཆོག་གི་འཁྲིད་བརྒྱའི་སྐོར་ཡོངས་རྫོགས། དམ་ཆོས་དགོངས་པ་ཡང་ཟབ་ཀྱི་ཆོས་སྐོར་ཕལ་ཆེར། བསྟན་གཉིས་གླིང་པའི་རྟ་གླུད། ཀྱེ་རྡོར་དབང་ཆོག་གི་ལྷན་ཐབས་ཚར་ཆེན་གྱིས་མཛད་པ། དེའི་སྦྱིན་སྲེག་དང་སཱ་ཙྪཱ་འདེབས་ཆོག་ཀུན་མཁྱེན་མཁྱེན་བརྩེས་


GLG008_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ། རྗེ་ཉིད་ཀྱིས་མཛད་པའི་བྱང་གཏེར་སྐྱེས་བདུན་སྒྲུབ་ཐབས། སམྦྷུ་ཊ་རྒྱུད་ཕྱི་མ་དང་བཅས་པ། གསང་བ་རིང་བསྲེལ། བྱང་ཆུབ་རྒྱན་འབུམ། ལས་སྒྲིབ་རྣམ་སྦྱོང་། རྟེན་འབྲེལ་སྙིང་པོ། འོད་ཟེར་ཅན་མ། དུག་སེལ་མ། གདུགས་དཀར་མཆོག་གྲུབ། རྣམ་རྒྱལ་མའི་གཟུངས་རྟོག་པ་དང་བཅས་པ། ངན་འགྲོ་སྦྱོང་བའི་རྣམ་རྒྱལ། གཙུག་ཏོར་དྲི་མེད། མཆོད་པའི་སྤྲིན་གྱི་གཟུངས། རྒྱལ་མཚན་རྩེ་མོའི་དཔུང་རྒྱན། མིག་ནད་སྦྱོང་བ། གཞང་འབྲུམ་ཞི་བ། ནད་ཐམས་ཅད་རབ་ཏུ་ཞི་བ། མི་རྒོད་རྣམ་འཇོམས། བྱམས་པས་དམ་བཅས་པའི་གཟུངས། གཟའ་ཡུམ། ནོར་རྒྱུན་མ། ཚེ་དཔག་མེད་ཀྱི་སྙིང་པོ། མི་འཁྲུགས་པའི་རྒྱུད། སྟོབས་པོ་ཆེ། རྒྱལ་པོ་མདོ་ལྔ་སོགས་མདོ་ཕྲན་ཁ་ཤས་རྣམས་ཀྱི་ལུང་ཞུས་ཤིང་འཕྲང་འགོ་གཏེར་སྟོན་གྱི་ཚེ་དཔག་མེད་སྐུ་གསུམ་རིགས་འདུས་ཀྱི་དབང་ཕུལ། རིམ་གྱིས་གུང་ཐང་བརྒྱུད་དེ་བཀྲ་ཤིས་ཆོས་ཀྱི་སྡེ་ཆེན་པོར་ཕེབས་པའི་ཨེ་རིག་པའི་འབྱུང་གནས་ཆོས་ལུང་དཀར་པོ་ནས་དཔོན་ཡིག་མཁས་པ་དོན་བདུན་བོས་པར་དབུ་མ་ལུགས་ཀྱི་སེམས་བསྐྱེད་དང་ཐོས་གྲོལ་གྱི་ལྗགས་ལུང་། ས་ག་ཟླ་བ་སྐུ་བལྟམས་པའི་དུས་ཆེན་ཡར་ཚེས་བདུན་གྱི་རེས་གཟའ་ལྷག་པ་དང་སྐར་མ་རྒྱལ་གྱི་འཕྲོ་དགེ་བར་བཀའ་འགྱུར་རིན་པོ་ཆེ་བཞེང་བའི་དབུ་བཙུགས་པའི་ཚུགས་སྟོན་རྩེས་དང་ནས་སྣ་མོ་ཤག་གྲུབ་ཆེན་ཀརྨ་སངས་རྒྱས་ཀྱིས་བསྙེན་བཀུར་བརྒྱ་འབུལ་བཟབས་རྒྱས་སུ་བསྟར། དེ་སྐབས་ཡར་ཤར་ནུབ་ཚོར་བཤལ་རིམས་མཆེད་པའི་ཤི་ཆད་ཁ་ཡར་བྱུང་བར་ཤ་བརྒྱ་ཟན་བརྒྱ་གཏོང་བ་གནང་བས་ཡམས་ནད་རྣམས་


GLG008_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

རིང་པོར་མ་ལོན་པར་ཆད་ཅིང་ལྷག་པར་བཀྲ་ཤིས་རྩེ་ཞོལ་དུ་ནད་པ་མངས་པར་ཡིག་མཁན་རྣམས་ཚབ་ཚུབ་ཏུ་གྱུར་ཚེ་སྲུང་བ་གནང་བས་འཛེམ་མེད་དུ་ཕྱིན་ཀྱང་འགོ་བ་གཏན་མ་བྱུང་བས་མོས་པ་ལྷག་པར་འཕེལ། ཧོར་ཟླ་ལྔ་བའི་ནང་དུ་ཁྱབ་བདག་ཞ་ལུ་པ་ཆེན་པོ་སློབ་བཤད་ཞུ་བ་ལ་ཕེབས་པར་བཀའ་འགྱུར་མ་གྲུབ་པས་འཛུགས་པ་གནང་མ་ཐུབ་པའི་དེའི་རིང་སྒྲུབ་ཐབས་རྒྱ་མཚོ། གསར་མ་རྒྱུད་འབུམ། གཤེད་དམར་སྤྲོས་མེད་ཀྱི་འཁྲིད་སོགས་འབུལ་བ་གནང་ཞིང་། ཚུར་ཡང་འཁོར་ལོ་སྡོམ་ཆེན་སོགས་དབང་ལུང་མང་དུ་གསན། རྣམ་སྲས་གླིང་པས་གཙོས་སྦྱིན་བདག་སྐྱ་སེར་རྣམས་ཀྱིས་དུས་སྟོན་གྱི་ཐོག་ལེགས་འབུལ་གྱི་བདོག་པ་རྒྱ་ཆེར་བསྟབས་པའི་ཚོགས་གསོག་ལ་བརྟེན་ཕོགས་ཇ་ཐུག་གི་གཏོང་ཆས་མཚོན་དགོས་ཆེ་མཐའ་དག་ངང་གིས་འགྲུབ་པའི་སྒོ་ནས་ཟླ་བ་ཕྱེད་བདུན་དུ་ཉེ་བ་ཧོར་ཟླ་བཅུ་པའི་ཚེས་བཅོ་བརྒྱད་ལ་ཞལ་ཁེབས་གདོང་དར་གླེགས་ཤིང་གླེགས་ཐག་གླེགས་ཆབ་སོགས་ཆ་འགྲིག་ལེགས་པར་གྲུབ། གོང་དཀར་དུ་ལྗགས་ལུང་གནང་སྐབས་བཀའ་འགྱུར་གྱི་ནང་ནས་བྱུང་བའི་སངས་རྒྱས་ཀྱི་མཚན་ཟུར་དུ་ཕྱུང་བ་ཁྲི་ལྷག་བཅས་ཐོར་བཀོད་པ་འདི་དང་དུས་མཚུངས་སུ་ས་ལེ་སྦྲམ་ཞུན་མའི་ཁུ་བས་བྲིས་ལེགས་ཕུན་སུམ་ཚོགས་པ་གོང་གཤམ་ཞལ་ཁེབས་ཏོག་བཅས། ཤིང་པར་ལ་བརྟེན་ནས་ཞལ་བཀོད་གནང་བའི་བྱང་ཆུབ་མཆོད་རྟེན་བཅུ་ཚར་མི་ཚད་ཙམ། ནང་བཞུགས་གཟུངས་སྔགས་སཱཙྪ་ཕྱག་དར་བའི་འབུམ་ཕྲག་གནང་སྟེང་ནས་གང་འགྲོ་དང་གསོལ་ཕུད་དུ་སཱཙྪ་སོགས་ཀྱིས་གཏམས་པར་ལྷང་


GLG008_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཙེར་བཏུལ་མའི་ན་བཟའ་གསོལ་ཏེ་བླ་གཡེའི་སྒོའི་གཡས་གཡོན་གྱི་ཐོག་འོག་ཏུ་བཞུགས་སུ་གསོལ་བ་རྣམས་ཀྱི་སྨོན་ལམ་གསུང་རྩོམ་འདི་ལྟ་སྟེ། ལྷ་རིགས་འ་ཞའི་དགེ་སློང་བྱང་ཆུབ་སེམས། །གསང་སྔགས་ཀུན་འཛིན་མགོན་པོ་བསོད་ནམས་ཀྱིས། །སྔོན་བྱོན་མཁས་གྲུབ་རྣམས་ཀྱི་རྗེས་ཞུགས་ནས། །རྒྱལ་བའི་བསྟན་ལ་ཡུན་རིང་རྒྱས་ཕྱིར་དང་། །མཐའ་ཡས་འགྲོ་ལ་ཕན་པ་ལྷུར་ལེན་ཕྱིར། །རྒྱལ་བའི་གསུང་རབ་དམ་ཆོས་འགྱུར་རོ་འཚལ། །དཀའ་བ་དུ་མས་ཀུན་ནས་ལུང་ནོས་ཤིང་། །བསྟན་འགྲོར་ཕན་ཕྱིར་ལུང་ཡང་འབད་པས་བགྱིས། །གླེགས་བམ་ཐམས་ཅད་དུས་གཅིག་འབད་པས་བསྒྲུབས། །བཀའ་འགྱུར་ནས་བསྟན་རྫོགས་སངས་རྒྱས་པའི་སྐུ། ཁྲི་ཕྲག་བརྒལ་བའི་གསེར་གྱི་བྲིས་སྐུ་དང་། སཱཙྪ་འབུམ་ཕྲག་བྱང་ཆེན་མཆོད་རྟེན་བཅུ། །དེ་སོགས་རྣམ་དཀར་དྲི་མེད་དགེ་བའི་མཐུས། །བདག་དང་ཕ་མ་སྤུན་ཟླ་མིང་སྲིང་དང་། །བྲན་གཡོག་ལས་བྱེད་ཁལ་ཁུར་དུད་འགྲོར་བཅས། ཕན་ཐོགས་ཡི་རང་དཀར་ནག་འདྲེས་པ་ཀུན། །སྒྲིབ་བྱང་ཚོགས་རྫོགས་རྣམ་མཁྱེན་མྱུར་ཐོབ་ཤོག །ཅེས་པ་མཛད། དེ་ལྟར་སྐུ་གསུང་ཐུགས་རྟེན་རྣམས་ལ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་གཉིས་སུ་མེད་པ་དཔལ་དགྱེས་པ་རྡོ་རྗེ་མན་ངག་ལུགས་ཀྱི་སྒྲུབ་མཆོད་དང་འབྲེལ་བའི་སྒོ་ནས་རབ་གནས་བཀྲ་ཤིས་རྒྱ་མཚོ་ལ་རྗེ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་ཕྱག་བཞེས་ཀྱིས་བརྒྱན་ཏེ་རབ་ཏུ་གནས་པ་ཉིན་གསུམ་མ་མངའ་དབུལ་གྱི་དུས་རྒྱས་པ་དང་ཆོ་གའི་མཐར་ལྷག་ཆད་ཁ་སྐོང་བའི་ཞི་བའི་སྦྱིན་སྲེག་དང་བཅས་རྒྱལ་ཀུན་གསང་བ་རབ་འབྱམས་ཀྱི་འཁོར་ལོ་མ་ལུས་པ་རྟེན་


GLG008_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པ་ལྷའི་ཚོགས་ཆུ་དང་འོ་མ་བཞིན་རོ་གཅིག་ཏུ་མཛད་པས་ཕྱོགས་ཀུན་བཀྲ་ཤིས་དང་བདེ་ལེགས་ཀྱིས་ཁྱབ་པར་གྱུར། བྲིས་པས་གཙོས་བཟོ་བོའི་ཚོགས་ཡོན་རྫོངས་སུ་གསེར་གོས་དར་ཇ་རས་གཡུ་བྱུ་རུ་སྤོས་ཤེལ་གོ་ཁྲབ་ཁྲོ་ཟངས་རྟ་དྲེལ་ཕོ་མོའི་གོས་སྣ་སྣམ་ཕྲུག་སོགས་ཀྱི་རྙེད་པས་བློའི་རེ་བ་ཡོངས་སུ་བཀང་སྟེ་ཚིམ་པར་མཛད། ཟླ་བ་དེ་ཀའི་ཚེས་ཉི་ཤུའི་རྒྱལ་ཕུར་གྱི་འགྲུབ་སྦྱོར་ནས་བཟུང་མཁན་ཆེན་ཞ་ལུ་པ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ། འབྲས་ཡུལ་སྐྱེད་ཚལ་མཁན་པོ་བྱམས་པ་ངག་དབང་བསྟན་འཛིན། རྩེ་ཚོགས་དུམ་བུ་ཆོས་འཁོར་སོགས་ཕྱོགས་ནས་འདུས་པ་དང་། གཉུག་མར་གནས་པ་བཅས་དགེ་འདུན་དུ་མའི་ཚོགས་ལ་དུས་གསུམ་བདེར་གཤེགས་རྣམས་ཀྱི་བགྲོད་པ་གཅིག་པའི་ལམ་མདོ་རྒྱུད་མན་ངག་ཀུན་གྱི་ཡང་བཅུད། འཕགས་ཡུལ་གྲུབ་དབང་བིཪྺ་པ་ཆེན་པོ་ལ་རྗེ་བཙུན་རྡོ་རྗེ་བཙུན་མོས་མངོན་སུམ་དུ་གནང་བའི་ལམ་འབྲས་བུ་དང་བཅས་པ། འབྲས་བུ་ལམ་དང་བཅས་པ། གཅིག་ཤེས་པས་མང་པོ་གྲོལ་བ། སྐྱོན་ཡོན་ཏན་དང་བར་ཆད་དངོས་གྲུབ་ཏུ་བླང་བ། ལྟས་ངན་གཡང་དུ་ལེན་པ། ཏིང་ངེ་འཛིན་ངོ་ཤེས་པས་བསམ་གཏན་གྱི་གེགས་སེལ་བ། བར་ཆད་ངོ་ཤེས་པས་བདུད་ཀྱི་གེགས་སེལ་བ། སྡེ་སྣོད་གསུམ་གྱི་དེ་ཉིད་ཤེས་པས་གསེར་འགྱུར་གྱི་རྩི་ལྟ་བུ། མཆོག་མཐུན་གྱི་དངོས་གྲུབ་མ་ལུས་པ་འབྱུང་བའི་གསུང་ངག་རིན་པོ་ཆེའི་འཁྲིད་བོད་ཡུལ་འདིར་འཇིག་རྟེན་གྱི་མིག་གཅིག་པུ་འབྲོག་མི་ལོ་ཙཱ་བ་ཆེན་པོས་ལེགས་པར་བསྒྱུར་ནས་བཟུང་བཤད་སྲོལ་མི་འདྲ་བ་མང་དུ་བྱུང་བའི་གཙོ་


GLG008_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

བོ་རྡོ་རྗེ་འཆང་དང་ཞལ་གཉིས་པ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་པ་ཚོགས་བཤད་དང་སློབ་བཤད་གཉིས་ལས་རྗེས་འབྲངས་མཁས་གྲུབ་ཕལ་ཆེར་ལ་མ་གྲགས་པ་རིན་ཅེན་སྒང་པ་གདུང་བརྒྱུད་སྒོས་ཀྱི་ཟབ་ཆོས་ལྟ་བུ་གསང་ཆེན་སློབ་བཤད་ཀྱི་ཉམས་འཁྲིད་ཟབ་མོ་དབང་བྱིན་རླབས་རྒྱབ་བརྟེན་ལུང་དང་བཅས་པ་མཐའ་དག་ཟླ་བ་ཕྱེད་བཞི་ལྷག་ཙམ་གྱི་བར་གནང་རྗེས་དགྱེས་པ་རྡོ་རྗེའི་རྒྱ་གཞུང་སོ་གཉིས་གནང་བའི་དུས་ཁོ་བོས་ངོར་རྫོང་ཚར་ལུགས་གསུམ་གའི་ལམ་འབྲས་ཐོབ་པས་རྒྱུན་གསུམ་ག་ཡོད་གཤིས་གང་འདོད་ཀྱི་རྗེས་སུ་འབྲངས་ཆོག་ཅེས་བཀའ་སྩལ་ཞིང་། མེ་སྤྲེལ་ཧོར་ཟླ་གཉིས་པའི་ཚེས་བརྒྱད་ལ་གེགས་མེད་དུ་གྲུབ་པ་ནི། །སྦྱང་གཞི་དཀྱིལ་འཁོར་རྣམ་བཞིའི་ཞིང་ས་མཆོག་ཏུ་གཤིན་པོ། །སྦྱོང་བྱེད་སྨིན་གྲོལ་རྣམ་བཞིའི་ཆུ་ལུང་རྐྱེན་གྱིས་སྦྱངས་ཏེ། །སྦྱངས་འབྲས་སྐུ་བཞིའི་ས་བོན་གང་བཏབ་མཆོག་ཏུ་ལེགས་པའི། །ས་ཞིང་མཆོག་དེའི་འདུལ་སྦྱོང་བདག་རང་མཁས་སྙམ་བགྱིད་པས། །ཐ་རངས་ཐུལ་མེད་ཀྱི་ཞིང་ལ་ཡིད་སྨོན་མེད་པ་ཞིག་གདའོ། །ཞེས་ཐམས་ཅད་མཁྱེན་པའི་གསུང་མགུར་ལས་བྱུང་བ་ལྟར་ཤིན་ཏུ་སྨིན་པའི་གྲོལ་སྟོན་དང་རྡོ་རྗེ་ཆོས་སྐྱོང་རྣམས་ལ་གཏང་རག་གི་བསྐང་བསྟོད་གནང་བའི་མཇུག་ཙམ་དུ་གཞན་གྱིས་བསྲེགས་པ་པོ་མེད་པར་ཤ་ཆེན་གྱི་དྲིས་བླ་བྲང་སྟེང་ཤོད་མེད་པ་ཁྱབ་པའི་དམ་ཅན་དགྱེས་པའི་ཆོ་འཕྲུལ་ཅི་ཡང་མཛད། ཞ་ལུ་མཁན་རིན་པོ་ཆེ་ཡང་ཞག་ཤས་བཞུགས་པར་བླ་མ་བཀའ་བརྒྱད་ཡོངས་འདུས་ཀྱི་དབང་སོགས་ཁ་ཡར་འབུལ་བ་གནང་ཞིང་རྗེ་བླ་མས་ཀྱང་ཉེར་མཁོའི་དབང་ལུང་


GLG008_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་རིགས་གསན། ཚོགས་ལ་བཀའ་གདམས་ཀྱི་ཆོས་སྐོར་འགའ་ཞིག་གནང་སྐབས་མེ་ཏོག་སེར་པོ་དང་དམར་པོ་ལག་པས་ཟིན་ལ་ཁད་པའི་ཆར་བབས། སྒོ་ཁང་དུ་ཁྲ་འབྲུག་ཆོས་སྐྱོང་གི་རྟེན་གཏོར་ཡོད་པ་ལྷ་མིའི་བར་དུ་སེལ་ཅུང་ཟད་བྱུང་བ་། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་རྟེན་ཁྲ་འབྲུག་རྒྱལ་ཁང་རང་དུ་སྐྱེལ་བ་མཛད་པ་རྗེ་འདི་ལ་ཆོས་སྐྱོང་གིས་སྔར་ལྟར་དགོས་ཞུས་པའི་ལན་རས་གཞིར་ཁོ་རང་ཇི་ལྟར་བཞེད་པའི་རྟ་གླང་པགས་རིགས་སོགས་བྲིས་པ་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བརླབ་པ་གནང་བར་དགྱེས་ཏེ་མཁན་པོས་འདི་ལྟར་བྱུང་ཞེས་མི་ཐམས་ཅད་ལ་སྟོན་པར་མཛད། སྡེ་པ་བློ་བཟང་མཐུ་སྟོབས་འོལ་དགའ་ཆུ་ཚན་ཁར་འདྲེད་བརྡབས་ལ་གེགས་ཀྱི་རྣམ་པའི་ཡར་ཀླུངས་སུ་འབྱོར་ནས་ཀྱང་སྐྱེད་ཆེ་བ་མ་བྱུང་བ་དམ་པ་འདི་ཉིད་ཀྱིས་དབང་བྱིན་རླབས་མང་དུ་མཛད་པས་ཚེར་མ་དབྱུང་བ་ལྟར་གཞི་མེད་དུ་བདེ། ནུབ་ཅིག་མཆོད་དཔོན་གྱིས་ཞབས་བྱུག་ཞུ་སྐབས་ཙིང་སྒྲ་ཆེན་པོ་བྱུང་བ་གང་ཡིན་ནམ་གསུང་བར་ཁྱི་ལྟ་བུ་སྲོག་ཆགས་ཤིག་གི་སྐད་ཡིན་ནམ་ཞུས་པ་ན་མིན་པ་འདྲ་ཐུག་གི་སྐད་ཡིན་ནམ་གསུང་བ་ལྟར་ཕྱིན་པས་གཟིམས་ཆུང་སྟེང་དུ་ཐུག་གསུམ་ཡོད་པའི་དཀྱིལ་མ་རྩིས་མགོན་གྱི་ཐུག་དེ་ཙིང་སྒྲ་ཆེན་པོ་རྒྱག་གིན་འདུག་རུང་མུན་པས་སྒྲ་ཙམ་ལས་གཞན་མ་མཐོང་སང་ཞོགས་ལྟས་ཙ་ན་རྫ་མ་ནས་ཁྲག་འཛགས་པས་ས་གཞི་ལ་འཐོར་ཞིང་རྩ་བར་ཁྲག་སྙིམ་པ་གང་ཙམ་འཁྱིལ་བ་ཆོས་སྐྱོང་འདི་ཤིན་ཏུ་འགོ་ཞིང་བཀའ་གཉན་པ་ཡོད་འདུག་པ་ནས་བསྟན་པ་སྤྱི་སྒོས་ཀྱི་དགྲ་བོ་ཞིག་བསྒྲལ་བའི་རྟགས་སུ་འཆིས། སྣ་མོ་ཤག་གྲུབ་ཆེན་པས་བསམ་


GLG008_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་གླིང་གི་སྤྱིལ་པོར་སྲི་ཞུའི་ཆེད་དུ་སྤྱན་དྲངས་པའི་ཕེབས་ཞོར་ཚེ་ཆུང་འབུམ་པ་མཇལ་བ་གནང་དུས་ཚེ་ཆུ་ཆེར་བབས་པ་ཟླ་བ་བརྒྱད་པ་ཡིན་པས་དེ་དུས་ཡོང་བའི་སྐབས་མིན་རུང་བྱུང་བར་ཡ་མཚན་དུ་འཛིན། མེ་བྱ་གཙང་ཕྱོགས་སུ་ཆིབས་ཁ་བསྒྱུར་ཏེ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཕེབས། སྔགས་འཆང་བླ་མ་སེམས་དཔའ་ཆེན་པོའི་ཞབས་རྡུལ་དབུ་གཙུག་ཏུ་བཞེས་ནས་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་། ཞབས་དྲུང་ཉིད་ཀྱིས་མཛད་པའི་ཕུར་བའི་ཆོས་འབྱུང་སོགས་ལྗགས་ལུང་མང་དུ་སྩལ། གཙོ་བོར་གསན་བྱ་རྣམ་སྲས་ཀྱི་བེའུ་བུམ་ཡིན་ནའང་བསམ་ཡས་ཀྱི་སྡིག་ཁྲབ་སྒྲོག་པར་ཕེབས་རིངས་པའི་སླར་ཡོང་བའི་བཀའ་བཞེས་གནང་། ཞབས་དྲུང་ཁྲི་ཐོག་པ་ངག་དབང་བསོད་ནམས་དབང་ཕྱུག་དང་རྗེ་བཙུན་མ་གཉིས་ལའང་བཀའ་ཆོས་ཁ་ཡར་གསན། གདན་ས་དང་ཁའུ་བསམ་བརླིང་སོགས་ཀྱི་གནས་གཟིགས་གནང་། རིགས་འཛིན་ལྷ་ཁང་གི་འགག་ཏུ་ངོར་ཟུར་འཆད་ཆོས་རྗེ་དཔལ་གླིང་པ་དང་ལྷན་ཅིག་ཏུ་འཛོམ་པ་ད་རེས་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཁྲིར་འབྱོན་པའི་རྟེན་འབྲེལ་བྱེད་དགོས་པ་འདུག་པས་ཇ་སྔོན་ལ་མཆོད་གསུང་བ་དེ་སྐབས་མཁན་པོ་ཡོང་བའི་དོགས་པ་ཙམ་ཡང་མེད་པས་ཐུགས་ཁྲེལ་བཞིན་མིན་ནམ་བསམ་རུང་དེ་ནས་མ་འགྱངས་པར་མཁན་པོ་བྱེད་དགོས་བྱུང་བ་མངོན་མཁྱེན་དུ་འདུག་ཅེས་ཐུགས་ཡིད་ཆེས་པའི་དཔེར་འཛིན། བཞི་ཐོག་ཏུ་ཞབས་དྲུང་རིན་པོ་ཆེར་མཁའ་འགྲོ་བསུན་བཟློག་དང་འབྲེལ་བའི་བརྟན་བཞུགས་རྒྱས་པར་ཕུལ་ནས་དགུང་ལོ་བརྒྱད་ཅུ་རྩ་ལྔའི་བར་དུ་བཞུགས་པའི་བཀའ་བཞེས་ཞུས་པར་མཁན་པོ་རང་བསྟན་དོན་ལ་དགོངས་ནས་དེ་ཙམ་བཞུགས་


GLG008_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནི་ང་ཡང་ད་ག་བགྱིད་དེ་མིན་ངེད་རང་གཉིས་ལྷན་དུ་འགྲོ་བ་ཡིན་ཕེབས་པའི་གནས་ཚུལ་རྗེ་བླ་མ་འབྲས་སྤུངས་སུ་ཕེབས་དུས་གསུང་འཕྲོས་གནང་འདུག་ཅིང་ས་ཕག་ཧོར་ཟླ་དགུ་པའི་ཚེས་བཅུ་བཞི་ལ་དམ་པ་འདི་དང་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ལ་བདག་ཆེན་རིན་པོ་ཆེ་མེ་ཏོག་འཐོར་བ་ལ་དཔགས་ན་བླ་མ་རྣམ་གཉིས་སྤྲུལ་གཞི་གཅིག་ལས་བསྟན་འགྲོའི་ཆེད་དུ་སྤྲོ་བསྡུ་མཛད་དགོས་པར་སེམས། ངོར་མཁན་ཆེན་རྒྱལ་རྩེ་ཞབས་དྲུང་བྱམས་པ་ངག་དབང་བསོད་ནམས་རྒྱལ་མཚན་གྱི་དྲུང་དུ་ནེ་གུ་ནས་བརྒྱུད་པའི་དབང་བྱིན་རླབས། རྩ་བ་ནེ་གུ་ཆོས་དྲུག་སྡོང་པོ་ཕྱག་རྒྱ་ཆེན་པོ། ཡལ་ག་ལམ་ཁྱེར་རྣམ་གསུམ། མེ་ཏོག་མཁའ་སྤྱོད་དཀར་དམར། འབྲས་བུ་འཆི་མེད་རང་གྲོལ་རྣམས་ཀྱི་འཁྲིད་ལུང་སོགས་ཚང་བ་གསན། དེ་ནས་རིམ་བཞིན་ཁུ་ལུང་དུ་ཕེབས། དེ་ཡང་བླ་མ་སོག་བཟློག་པ་ནས་བརྒྱུད་པའི་མདོ་དབང་ཆེས་དར་ནའང་། སོག་བཟློག་པའི་ཞུ་ས་རིགས་འཛིན་གཡུ་འབྲུག་རྡོ་རྗེ་ཤངས་རྟ་ནག་པའི་ཡུལ་མི་རྣམས་ལ་རྒྱུས་མེད་པའི་དཔྱོད་ལྡན་ཚོ་ཐེ་ཚོམ་གྱི་གཞིར་མཛད་གཤིས་རིགས་འཛིན་ཆེན་པོ་མངའ་རིས་པ་ནས་བརྒྱུད་པ་བླ་ཆེན་ཆོས་རྒྱལ་རྡོ་རྗེ་ལ་ཁྱབ་བདག་སྨན་ལུང་པས་གསན་པའི་བསྐུལ་མའང་བླ་མ་དམ་པ་འདི་ཉིད་ཀྱིས་གནང་ཞིང་ཉེ་ཆར་རྗེ་སྨན་ལུང་པ་གདན་དྲངས་ཏེ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་གསན་ལ་སྤེལ་བའི་བཞེད་པ་མ་གྲུབ་རུང་རྗེས་སུ་རྡོ་རྗེ་བྲག་ནས་རིགས་འཛིན་སྤྲུལ་སྐུ་རིན་པོ་ཆེས་ཁྱབ་བདག་ཁྲ་ཚང་པ་ཆེན་པོར་གསན་ནས་དབུས་གཙང་ཁམས་གསུམ་དུ་དར་རྒྱས་ཀྱི་བསྟན་པའི་མེ་རོ་བསླང་བ་ཡང་རྗེ་


GLG008_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་བདག་རྐྱེན་ལས་བྱུང་བར་སེམས་སོ། །ཟུར་ཐམས་ཅད་མཁྱེན་པ་ཧོར་ཟླ་བདུན་པའི་ཉེར་ལྔ་ལ་པདྨ་འོད་ཀྱི་ཞིང་ཁམས་སུ་སྐུའི་བཀོད་པ་བསྡུས་པའི་ཐུགས་དམ་འདོགས་བཅས་འབུལ་བ་དང་རྟེན་བཞེངས་ཀྱི་གཟུངས་བཞུགས་རབ་གནས་ལ་ཕེབས་དགོས་པའི་སྙན་གསན་ཕུལ་ཞིང་ཞལ་གྱིས་འཆེས་ནའང་ས་སྐྱོང་བསོད་ནམས་རབ་བརྟན་གྱིས་བྱུང་ན་དགེ་ལུགས་པ་ཞིག་རབ་དེ་མིན་རྙིང་མ་བ་ཞིག་བྱུང་ན་མངོན་ཆུང་བ་ཡོང་། ས་སྐྱ་པའི་རིགས་བོས་ན་མི་ཡོང་བའི་བཀག་ཆ་མཛད་པར་བརྟེན་སྐོར་ཅིག་ཕེབས་མི་དགོས་པའི་རྒྱུ་མཚན་འབུལ་མི་མངགས་པ་གམ་པ་ལར་མཇལ་བས་བཀའ་ལས་ངེད་དཔོན་སློབ་གཉིས་སྔོན་ལ་སུ་སོང་ཡང་རྗེས་ཀྱི་བྱ་བ་བྱེད་པའི་ཆ་དོན་ཡོད་པ་ནས་ད་ལམ་ང་ལ་བབས་ཐོབ་ཡོད་ཀྱང་རྟེན་འབྲེལ་འཕྱུགས་གསུངས་ནས་མ་མཉེས་པའི་ཚུལ་མཛད། རྔོག་ཞབས་དྲུང་མཁའ་སྤྱོད་ཀྱི་གནས་སུ་གཤེགས་པའི་གཞུང་སྦྲེལ་ཤིང་དུ་ཤར་མར་ཕེབས། རྗེ་བཙུན་འཇམ་དབྱངས་འོད་ཟེར་གྱི་སྐུ་གདུང་དཀྱིལ་འཁོར་གྱི་གཙོ་བོར་གྱུར་པ་ལ་མེ་མཆོད་དང་གདུང་ཚ་བཞུགས་པའི་ཐུགས་རྟེན་གྱི་ལྗགས་བཀོད་དང་བཅས་སྐོར་ཅིག་སྟན་ཆགས། ངོར་པའི་ཁམས་པ་བསྙེན་ཆེན་ཉེར་གཅིག་སོང་ཟེར་བ་གནམ་རབ་བསམ་གཏན་སྒྲུབ་སྡེ་བ་དགེ་སློང་ཤེས་རབ་དཔལ་བཟང་མཇལ་བར་འོངས་པ་ཁྱོད་ཀྱི་གའུའི་ནང་དུ་ཅི་ཡོད་ཀྱི་དྲི་བ་གནང་བར། བྱིན་རླབས་མིན་པ་གཞན་མེད་ཞུས་པས། སྤྱན་ཆེར་གཟིགས་ནས་དེ་མིན་པ་ཞིག་ཡོད་པས་གའུ་སྟོན་དང་གསུངས་ནས་ཁ་ཕྱེ་བས་ཁོ་རང་ལ་གནག་པའི་དགྲ་ལ་ལས་སྦྱོར་བྱེད་བསམས་པའི་དུག་ཁྲག་གི་རྫས་ཐུམ་ཡོད་པ་བཏོན་ནས་མེར་བསྲེགས་


GLG008_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

པ་གནང་བ་དགེ་སློང་གི་བསམ་པར་ངན་སེམས་དེ་མཁྱེན་སོང་སྙམ་པའི་བློ་འཇིགས་ཞུམ་པ་བྱུང་སྐད། མར་ལམ་རྒྱལ་གྲུབ་གླིང་འོག་གི་འོབས་རགས་བསམ་གྲུབ་སྒངས་བའི་བུ་མོ་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ཉེ་བར་བྱིན་རླབས་གནང་བས་ནད་གདོན་ལས་གྲོལ་ཏེ་གཞི་མེད་གྱུར་པའི་མིང་ཤི་ལྷོགས་སུ་འདོགས་པར་མཛད་དོ། །བདག་རྒྱུད་ཐ་རེངས་ཞིང་སར་བློ་སྦྱོང་དང་། །དམར་འཁྲིད་གདམས་པའི་མྱུ་གུ་ཅི་ཡང་བསྐྱེད། །ངེས་གསང་བྱིན་རླབས་རྗེས་གནང་བཀླག་ལུང་གི །བཀའ་དྲིན་བྱང་ཆེན་དེ་སྲིད་འཁོར་ནུས་མིན། །ཟས་གཙང་སྲས་ཀྱི་རྣམ་གསུམ་འཁོར་ལོའི་བཀའ། །རྒྱལ་བློན་ལོ་པཎ་མཐུ་ལས་འགྱུར་རོ་ཅོག །བསྐྲུན་ལ་བྱ་དཀའི་ཀུན་བཟོད་ཁུར་མཐོང་ཚེ། །མི་སྔོན་རུས་སྦལ་གཟུགས་སྤྲུལ་གཏམ་དུ་ཟད། །ཐུབ་གསུང་ལས་རྙེད་ཁྲི་ཁྲག་བརྒལ་བའི་སྐུ། །བྱང་ཆུབ་མཆོད་རྟེན་བཅུ་ཕྲག་གཟུངས་བཞུགས་ཅན། །སྨན་ལྗོངས་ཡར་ཀླུངས་སྐྱེ་རྒུའི་ལེགས་བྱས་སུ། །གྲུབ་འདི་ཚངས་པ་མིན་པ་བྱེད་པོ་སུ། །ལུས་མེད་ཐུལ་དང་དེ་སྲས་སློབ་མར་བཅས། །དག་ཞིང་རྒྱ་མཚོའི་གནས་ཀྱི་ཡེ་ཤེས་སེམས། །སྤྱན་དྲངས་མཆོད་བསྟོད་མེ་ཏོག་ཆར་བབས་པར། །ལྷུན་པོས་ཉི་ཟླའི་སྒྲོན་མེ་བཏེག་ནས་ལྟ། །བཟོ་རིག་གཙུག་ལག་ཡངས་པོར་སྦྱངས་པའི་མིག །དྲི་མེད་གསལ་བའི་དཔྱོད་ལྡན་དེར་ཚོགས་ལ། གཏོང་བའི་ཕྱག་རིང་བརྐྱང་ཚེ་ངལ་གསོས་བུའི། །བང་མཛོད་ཕྱེ་ཞེས་ལེགས་བྲིས་མདུན་སར་སྒྲོག །བཀྲ་ཤིས་རྒྱལ་མཚན་འཆང་བ་བྱང་གླིང་པའི། །ཡང་སྲིད་རིན་ཅེན་བསོད་ནམས་མཆོག་གྲུབ་སོགས། །སྣོད་ལྡན་དུ་མའི་སྒྲ་འཛིན་དབང་པོ་རུ། །ཚད་མ་བཞི་ལྡན་


GLG008_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་བརྒྱུད་པི་ཝཾ་བརྡུངས། །ཚུལ་འདིའི་ཆེད་དུ་དགོངས་རྩེ་ཉེར་གཏོད་པ། །མ་འོངས་བརྩེ་ཆེན་བླ་མའི་ཁྱད་པར་གྱི། །ཟབ་དོན་བཀའ་བབས་ཆུ་བོ་མི་ནུབ་པའི། །དྲི་བྲལ་ཡེ་ཤེས་གཟིགས་པར་ད་གདོད་ཁུམས། །ལེགས་ལྡན་དགྲ་སྲོག་ལ་རྔམ་ཁུས་སྒྲ་དང་། །ལྷན་ཅིག་དམར་ཆེན་ཨརྒྷཾ་ཆལ་ཆིལ་འཛག །རབ་སྨིན་འབྲས་བུ་ཁུར་དུ་དུད་པའི་ཚེ། །འཛད་མེད་བདུད་རྩིའི་ཆུ་རྒྱུན་ཅི་ཡང་འབབ། །འཁོན་རིགས་འཇམ་དཔལ་དཔའ་བོའི་ཞལ་གྱི་ལུང་། །རོ་མངའི་བུ་རམ་སྙན་གྱི་བཅུད་དུ་མངར། །བསོད་ནས་རྒྱལ་མཚན་རྗེ་བཙུན་ཨེ་ཝཾ་པའི། ཁྲིར་འབྱོན་ལྐོག་གྱུར་གནས་དེ་མངོན་སུམ་མཁྱེན། །བསྐལ་བརྒྱར་ཚེ་བྱིན་བརླབས་ནུས་ས་ཆེན་གྱི། །ཡོན་ཏན་ཁྱོད་ཀྱིས་གཞན་ལ་དངོམ་པའི་ཚེ། །སྔགས་འཆང་ཆེ་དེས་སྤངས་རྟོགས་མཉམ་མོ་ཞེས། །གང་གི་སྦས་པའི་རྣམ་ཐར་སྒྲོག་ལ་བརྩོན། །མཁའ་འགྲོའི་དབང་ཕྱུག་ནེ་གུའི་ཐུགས་ཀྱི་བཅུད། །ཟུང་འཇུག་གར་མཁན་ཁྱུང་པོའི་ཆོས་དྲུག་ལམ། རྡོར་འཛིན་བྱེ་བའི་གཙུག་རྒྱན་རྒྱལ་རྩེ་བས། །ལེགས་བཤད་མཆོད་ཡོན་སྦྲེངས་པས་ཞལ་སྒོ་འཛུམ། །ཐེག་པ་རིམ་དགུ་ཚང་བའི་དཀྱིལ་འཁོར་དུ། །ཐེག་ཚུལ་འཁྲུལ་པ་མེད་པ་ཉང་རིགས་རྗེས། །ཐེག་ཆེན་བྱང་སེམས་འབྱོངས་པ་གནས་གསར་བ། །ཐེག་མཆོག་བསྟན་པའི་བདག་པོར་མངའ་གསོལ་མཛད། །མཁས་གྲུབ་ཆད་མེད་གདུང་བྱོན་རྔོག་པའི་ཞབས། །དཔའ་བོའི་གྲོང་དུ་ཞུགས་ཚེ་རགས་པའི་པུར། །སྲི་ཞུ་བསྐྲུན་པའི་བཞུགས་གནས་མཆོད་སྡོང་ཆེ། །རབ་བཞེངས་ཆོས་སྐུའི་ཀློང་དུ་ཐུགས་དགོངས་རྫོགས། །དེ་ནས་བཀྲ་ཤིས་ཆོས་ཀྱི་འདུས་


GLG008_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གླིང་ཆེན་པོར་ཕེབས་ནས་ས་ཁྱི་མ་རྫོགས་པར་སྟན་ཆགས། དེ་ཡང་རྣམ་ཐར་གྱི་ས་བོན་ལ་ལོ་ཚིགས་ཞིབ་ཆ་ཡོད་མེད་སྣ་ཚོགས་དང་ཡོད་པ་ལའང་སྣང་ལ་མ་ངེས་ཀྱི་དཔྱད་མི་བཟོད་པ་འགའ་མཐོང་ནའང་བླ་མ་རགས་རིམ་གོང་སྨོས་ལྟར་ཡིན་ལ། ཞིབ་ཏུ་མ་འཚལ་བར་ཕྱོགས་གཅིག་ཏུ་བསྡོམས་པར་རྩེ་གདོང་ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ་བཀྲ་ཤིས་གྲགས་པ་རྒྱལ་མཚན། ས་སྐྱ་སྒར་ཆེན་མཐུ་སྟོབས་དབང་ཕྱུག །ས་སྐྱ་ཁྲི་ཆེན་ངག་དབང་ཀུན་དགའ་བསོད་ནམས་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། དེ་སྲས་ཀུན་དགའ་བསོད་ནམས་དབང་ཕྱུག །ལྕམ་རྗེ་བཙུན་མ། ཞྭ་དམར་མཆོག་གི་སྤྲུལ་སྐུ། ར་ལུང་ཞབས་དྲུང་མི་ཕམ་བསྟན་པའི་ཉི་མ། སྒེར་པའི་རིན་པོ་ཆེ་ཉི་མ་པ། སྔགས་འཆང་ཚེ་རིང་དབང་པོ། ཆོས་རྗེ་འོད་མཆོག་པ། ཆོས་སྡེའི་ཟུར་འཆད་པ་ཀུན་བཟང་རྩེ་བ་ཀུན་དགའ་བཀྲ་ཤིས། ཆོས་རྗེ་མི་ཕམ་བློ་གྲོས་སོགས་ཀྱིས་མཚོན་པ་རྣམས་ལ་སྔགས་གསར་རྙིང་གི་དབང་རྗེས་གནང་འཁྲིད་ལུང་སྡེ་སྣོད་གསུམ་གྱི་ཆོས་ཚུལ་མང་དུ་གསན་པ་དང་ཆེས་ཉུང་བ་ལ་ལར་བླ་མའི་རྣལ་འབྱོར་ཚེ་དབང་ཚིགས་བཅད་རེ་གསན་པ་ཡན་ཆད་ལ་འབྲོམ་གྱིས་སེ་བཙུན་དང་མི་ལས་མར་པ་བསྟེན་པའི་རྣམ་ཐར་བཞིན་མཉེས་པ་གསུམ་གྱི་སྒོ་ནས་གུས་པ་ལྷུར་ལེན་པ་ལས་ལོག་སྒྲུབ་དང་བླ་མའི་སྐྱོན་ཕྲ་མོ་ཙམ་ཡང་མི་འཚོལ་ཞིང་ཐམས་ཅད་ཡོན་ཏན་དུ་འཆར་བ་ལོ་ཆེན་འབྲོག་མིས་གསང་སྔགས་ཀྱི་ཆོས་ཟབ་པའི་བརྡར་བདག་མེད་མའི་དབང་རྫོགས་རེ་ལ་འབྲི་བཅོ་ལྔ་དང་ལྷ་མོ་རལ་གཅིག་མའི་རྗེས་གནང་རེ་ལ་འབྲི་གཡག་རེ་དགོས་ཀྱི་ཡོད་ཚུལ་མར་པའི་


GLG008_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཐར་དུ་གསལ་བ་ལྟར། བླ་མ་དང་ཆོས་ཀྱི་ཆེ་བ་འདོན་སླད་དུ་སྲི་ཞུ་ཁོ་ན་མཛད་ཅིང་ཆོས་གསན་པ་ཚོར་ཡང་ཐོས་ལོ་བྱུང་ལོའི་མིང་ཙམ་ལ་མི་འཆེལ་བར་རྒྱ་བོད་ཀྱི་གྲུབ་མཐའ་སོ་སོའི་བཞེད་ཚུལ་གྱི་ཕྱག་ལེན་དང་བཤད་ཐབས་མཐའ་དག་ཡོང་རྒྱུ་བ་དང་ཤེས་རྒྱུ་བའི་ཟག་ཟོག་སྦུབ་ལྡིར་གྱི་རྫོང་གོག་ཡེ་མི་འཛིན་པར་མཁྱེན་དཔྱོད་རྣམ་པར་དག་པས་དཔྱད་བཟོད་ཁོ་ནར་གནང་སྟེ་དཔེར་ན་རྔོག་ལུགས་དང་ས་ལུགས་ཀྱི་དབང་གིས་དྲིལ་བུ་དཀྲོལ་ལུགས་ཀྱི་མཐའ་བརྟེན་པ་སྤུ་རིས་ཕྲ་མོ་ཙམ་ཡང་མ་འདྲེས་པ་སོ་སོར་དབྱེ་ལ། རིས་མེད་པའི་ཆོས་ཀྱི་རྒྱུན་དང་གདུལ་བྱའི་ཁམས་དང་བསམ་པ་ཐ་དད་པའི་དབང་གིས་གསན་པ་རྒྱ་གང་ཆེར་གནང་བ་ལས་གཙོ་བོར་ཐུགས་ཉམས་བཞེས་སུ་དགོངས་པ་དག་བྱས་སོ་བྱུང་ངོ་ཙམ་མ་ཡིན་པའི་ཡི་དམ་ལྷའི་ཞལ་མཐོང་པ། གསུང་གིས་གནང་བ་ཐོབ་པ། དམ་ཅན་བྲན་དུ་བཀོལ་བ། རྫོགས་རིམ་གྱི་ལམ་ལ་དྲོད་ཐོབ་པ་མཛད་ཅིང་གཞན་དག་ཀྱང་གསན་པ་ཙམ་དུ་མ་ལུས་པར་སོ་སོར་བློ་དང་འཚམ་པར་རྒྱ་ཆེར་སྤེལ་བའི་ཞལ་སློབ་ཀྱི་གྲངས་ཐམས་ཅད་བརྗོད་པར་ལྟ་བ་ཞིག་བསྟན་པ་འཛིན་པའི་བཤེས་གཉེན་རགས་བསྡུས་ཙམ་བརྗོད་ན། དཔལ་ཞ་ལུ་གསེར་བཀང་གི་གདན་ས་པ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ། གླང་ཕུ་ཆོས་རྗེ་འཇམ་དཔལ་ཆོས་སྐྱོང་དབང་ཕྱུག །ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། ཁྲ་ཚང་པ་ཆེན་པོ་ཁྱབ་བདག་བློ་མཆོག་རིག་པའི་རྡོ་རྗེ། རྡོ་རྗེ་བྲག་ནས་རིགས་འཛིན་མཆོག་སྤྲུལ་པདྨ་འཕྲིན་ལས། རྒྱ་རྩེ་བདག་པོ་བྱམས་པ་ངག་དབང་བསོད་ནམས་རྒྱལ་མཚན། ངོར་མཁན་པོ་ཐར་རྩེ་ནམ་མཁའ་རིན་ཅེན།


GLG008_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་ཝཾ་མཁན་ཆེན་དཔལ་གླིང་པ་བསོད་ནམས་རྒྱལ་མཚན། བྱེ་རྫིང་ཚོགས་མཁན་པོ་སངས་རྒྱས་དཔལ་བཟང་། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། བང་རི་གཏེར་སྟོན་ཧཱུཾ་ནག་མེ་འབར། སྐྱེད་ཚལ་གོང་མཁན་པོ་བྱམས་པ་ངག་དབང་བསྟན་འཛིན། སྐྱེད་ཚལ་འོག་མཁན་པོ་ངག་དབང་བསྟན་པ། དར་རྒྱས་ཆོས་སྡིངས་པ་རིགས་འཛིན་འཕྲིན་ལས་ལྷུན་གྲུབ། དེ་སྲས་སྤྲུལ་སྐུ་གཏེར་སྟོན་ཆེན་པོ་འགྲོ་འདུལ་གཏེར་བདག་གླིང་པ། རིགས་འཛིན་ཆོས་དབང་ཀུན་བཟང་། རྗེ་དཔལ་འབྱོར་གླིང་པ་ངག་དབང་རྣམ་རྒྱལ། མཚུངས་མེད་ཉི་མ་གླིང་པ་རིན་ཅེན་ཚུལ་ཁྲིམས་བཀྲ་ཤིས། ཀུན་བཟང་རྩེ་པ་པཎ་ཆེན་བསོད་ནམས་མཆོག་ལྡན། རྗེ་ཀུན་དགའ་བཀྲ་ཤིས། རབ་འབྱམས་ཆོས་རྗེ་རིན་ཅེན་རྒྱ་མཚོ། མདོ་བ་ཆོས་རྗེ་དགེ་བའི་དབང་པོ།ཤར་ལུང་རབ་འབྱམས་པ། དགེ་སློང་འཕྲིན་ལས་རྣམ་རྒྱལ་སོགས་རྡོ་རྗེ་གདན་སློབ་དཔོན་དང་ཟུར་འཆད་པ་ཚང་མ། དེ་སྔོན་ཆོས་སྡེའི་སློབ་དཔོན་པཎ་ཆེན་ལུང་རིགས། རིགས་འཛིན་ཀརྨ་གསང་སྔགས། སྣ་མོ་ཤག་གྲུབ་ཆེན། སྨན་སྒོམ་འབྲང་རྒྱས་པ། ཀྲེ་བོ་བླ་མ། སྒྲུབ་རྙིང་བླ་མ་འཇམ་དབྱངས་རྒྱལ་མཚན་སོགས་མང་དུ་བྱུང་བ་ཕལ་ཆེར་གྱིས་གསུང་རྒྱུན་བཟུང་བའི་ཕྱོགས་ཀུན་ཏུ་སྤེལ་ནས་བསྟན་པ་རིན་པོ་ཆེའི་སྲོག་ལེགས་པར་འཐུད་ཅིང་ལ་ལས་ཚེ་འདིའི་རྣམ་གཡེང་མཐའ་དག་རྒྱང་དུ་བསྲིངས་ཏེ་བསམ་གཏན་གྱི་རོ་མྱང་བ། འགའ་ཞིག་གིས་འཕྲིན་ལས་རྣམ་བཞིའི་སྒོ་ནས་འགྲོ་བའི་དོན་མཛད་པ་ཤ་སྟག་བྱུང་ཞིང་ཆོས་ཞུ་བ་པོ་མཆོག་དམན་སུ་འདྲ་ཞིག་གིས་ཀྱང་ན་ཡམ་ཙམ་མ་ཡིན་པའི་དོན་


GLG008_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཉེར་བ་རྣམས་ལ་དམར་འཁྲིད་བཤད་བཀའ་ཕྱག་ལེན་གང་ལའང་བློར་མ་ཆུད་བར་དུ་སྐྱོ་ངལ་མེད་པར་ཡང་ཡང་བསྐྱར་ནས་ཅི་ཆུད་མཛད། དམ་པ་འདིའི་ཡོན་ཏན་གྱི་ཁྱད་པར་ནི་སྐུ་མཐོང་ན་མི་མཐུན་པ་མེད་པའི་མཛེས་ཤིང་བརྗིད་ཆགས་པ་གཞན་སྣང་ཟིལ་གྱིས་གནོན་ཅིང་གང་ཟག་གཅིག་ལའང་མཐོང་ཚུལ་མ་ངེས་པ་སྣ་ཚོགས་སུ་ཤར་བ་མཐོང་བ་ཙམ་གྱིས་ཉོན་མོངས་པ་དང་སྡུག་བསྔལ་གྱི་རྟོག་པ་ཐམས་ཅད་རང་ཤུགས་ཀྱིས་འགགས་པ། ཡིད་བདེ་ཞིང་བག་ཕེབས་ལ་དགེ་བ་དང་མངོན་པར་རྟོགས་པའི་ཡོན་ཏན་ངང་གིས་འཕེལ་བ། རང་གི་མངའ་ཐང་དང་ལོངས་སྤྱོད་ཀྱི་ཆེད་དུ་གདམས་ངག་མི་མཛད་ནའང་སེམས་ཅན་གྱི་དོན་དུ་འགྱུར་ན་དེར་མ་ཟད་ལུས་ལོངས་སྤྱོད་ལ་ཆགས་པ་མེད་པར་གཞན་དོན་སྒྲུབ་པ་ལ་མི་སྐྱོ་བ་རྒྱལ་སྲས་འཕགས་པ་ངན་འགྲོའི་གནས་ཀྱང་མཐོ་རིས་ཀྱི་དགའ་ཚལ་དུ་གཟིགས་པའི་ངང་ཚུལ་ཅན། ཆོས་ཞུ་བའི་ཚོགས་ལ་ཕོགས་ཟུར་གསོས་མཐུན་རྐྱེན་འཚེམས་མེད་དང་རང་གནས་སུ་འགྲོ་བའི་ཚེ་གནང་སྦྱིན་དང་ཐོས་བསམ་སྒོམ་སྒྲུབ་ཀྱི་བསླབ་སྟོན་བློ་དང་འཚམ་པར་གནང་བས་དཔོན་སློབ་འབྲལ་མི་ཕོད་པ་ལྟ་བུ་བྱུང་། ཚུལ་ཁྲིམས་ཀྱི་དྲི་ངད་འཐུལ་ཞིང་གཤེགས་བཞུད་དལ་བྲེལ་རན་པ་སོགས་སྤྱོད་ལམ་རྣམས་ལྷུན་ཆགས་པ། གསུང་གི་གདངས་ཆེ་ཆུང་སྙོམས་ཤིང་ཧ་ཅང་དལ་བ་དང་ཕུལ་བ་མ་ཡིན་པའི་སྙན་ཞིང་འཇེབས་ལ་ཚིག་འབྲུ་གསལ་བས་ཆོས་གསུངས་པ་མཐའ་དག་ཉན་པ་པོའི་ཚོགས་ཀྱིས་ཚིག་དོན་རྟོགས་པར་སླ་ཞིང་བློ་འཁུལ་བས་ཐོས་པའི་མོད་ལ་ཐ་མལ་གྱི་སྣང་བ་འགགས་ཤིང་མི་ཕྱེད་པའི་དད་པ་ཐོབ་སྟེ་རང་དབང་མེད་པར་རྗེ་ཉིད་མ་གཏོགས་མི་


GLG008_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

རེ་བའི་གུས་པ་སྐྱེས་པས་འབྲེལ་ཚད་དོན་ལྡན་གྱི་སྒོ་ནས་ཐར་པའི་ལམ་དུ་འདྲེན། རང་བཞིན་གྱི་གསུང་གླེང་རྣམས་ཀྱང་བསྟན་པ་འཛིན་པའི་བཤེས་གཉེན། གྲྭ་པ་ཆོས་བྱེད་ཀྱི་རིགས་སུ་མ་ཟད་སྡེ་དཔོན་སྦྱིན་བདག་ཐ་ན་སྐྱེས་པ་བུད་མེད་རང་བཞིན་པ་ཚུན་ལ་ཡང་སོ་སོའི་བློ་དང་འཚམ་པའི་ངོས་དགེ་བ་ལ་བཀྲི་བའི་ཐབས་མིན་པ། དམག །ཚོང་། གཤགས། གྲུབ་མཐའ་སྣ་ཚོགས་ཀྱི་ཆོས་དང་བླ་མ་སུན་འབྱིན། འབྲེལ་མེད་ཀྱི་ཉོག་གཏམ། རྫུན། ཕྲ་མ། ཚིག་རྩུབ། ངག་ཀྱལ་སོགས་མི་གནང་། ཆོས་གང་གསུང་ཡང་རང་ལུགས་མ་འདྲེས་པ་སྟོན་པ་ལས་གཞན་གྱི་ལུགས་ལ་ཟུར་མི་ཟ། གསོལ་བ་འདེབས་མཁན་མ་བྱུང་བར་བསྟན་ན་ཆོས་བཙོངས་པ་ལྟ་བུར་འགྲོ་ཞེས་འདི་བཞིན་ཡོད་པས་ཉོན་ཅིག་ཅེས་བསྐུལ་མ་མི་གནང་ཐོས་བསམ་སྒོམ་པ་འཆད་ཉན་སྐུ་གསུང་ཐུགས་རྟེན་བཞེངས་པ་དགོན་པའི་འཛིན་སྐྱོང་ནད་པ་དབུལ་ཕོངས་ལ་ཕན་བཏགས་པས་མཚོན་མཛད་པ་གང་ལའང་ངས་འདི་བྱས་སོ་བའི་ཡུས་མི་འདྲེན། བསྙེན་སྒྲུབ་ལས་སྦྱོར་གྱི་རྟགས་མཚན་བླ་མ་ཡི་དམ་ཆོས་སྐྱོང་གི་ཞལ་གཟིགས་ལུང་བསྟན་དབུགས་དབྱུང་མངོན་ཤེས་གྲུབ་རྟགས་སོགས་ཡོན་ཏན་ཁྱད་པར་ཅན་བྱུང་བ་སྐད་མི་གསུང་ཞིང་གཞན་ནས་དེ་འདྲའི་དོགས་གནས་ཀྱི་དྲི་བ་ཞུས་པར་མི་དགྱེས་པ་སྣེ་ཙམ་ཡང་མི་ལེན་ཞིང་དམན་ཆ་ཁོ་ན་གནང་། ཐུགས་དམ་ཞལ་གཟིགས་ངོ་མཚར་བའི་བསྙེལ་ཏོ་འདི་ས་བོན་ཙམ་ལས་དངོས་སུ་ཞལ་ལུང་ཞུ་ཐུབ་ན་ཟབ་ཅིང་རྒྱ་ཆེ་བ་ཞིག་ཡོད་རིགས་སུ་སྣང་ནའང་ད་སྒོས་འདིའི་དོན་འགྲོལ་བར་མ་ནུས་ཤིང་རྟོག་བཟོའི་ན་ཡམས་བྱས་ན་སྐབས་སུ་མ་ཆེ་


GLG008_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བས་གང་འདུག་བཀོད་པར། ཚེས་བཅུ་བཞི་ལ་བདེ་མཆོག་ནག་པོ་པའི་སྟ་གོན་ཚུགས་སྒྲུབ་ཅིང་མཆོད་པ་ཐེངས་གཅིག་དང་གཞན་སྒྲུབ་མཆོད་བདག་འཇུག་བཅས་པར་རྡུལ་ཚོན་སྟེང་ནས་ཚར་བཅུ་གསུམ་དབང་ཚར་གཉིས་ཡིད་ཆེས་པར་སོང་། ཚུགས་པའི་ནུབ་ཞལ་བཞི་པ་ལི་མའི་སྐུ་དང་། གྲོལ་བའི་ནུབ་ས་ཆེན། སེམས་དཔའ་ཆེན་པོ། ཞ་ལུ་བ། བུདྡྷ་བྷ་དྲ་སོགས་ཀྱི་བྲིས་སྐུ་དང་སྐད་ཆ་ཟ་ཟིར་མང་བ་ལེགས་པ་ཙམ་ཡིན་རྗེ་བླ་མ་གསུང་བས་ཚེ་གཅིག་ཉམས་ལེན་བྱས་ན། བྱིན་རླབས་ཡོང་བ་ཨེ་ཡིན་ནམ་གཞན་ནམ་རིང་གི་རྨི་ལམ་ལ་ཏིག་ཏིག་མེད། མེད་རང་མེད། རྗེ་བཙུན་གྲགས་པའི་ཐུགས་དམ་མཚོ་སྐྱེས། མི་གཡོ་བ་ཕྱག་གཡོན་རང་མགོ་བག་དྲོ་ལྟས་བཟང་། ཆུ་སྤྲེལ་པདྨ་སཾ་བྷའི་བསྙེན་པ་ཡིད་ཆེས་པར་སོང་། གཞུང་གི་རྟགས་ཅུང་ཟད་དངོས་རྨིར་མཐོང་། ཁྱེའུ་བླ་མ་ཤེལ་མཆོད་རྟེན། བྱ་ཟླ་བ་བརྒྱད་པའི་ཚེས་གསུམ་བཞི་དེ་པ་ལ། དབང་ཕྱུག་རབ་བརྟན་བཀའ་གཏེར་ཆོས་ཀྱི་མཛོད། ཧཱུྃ་ནག་མེ་འབར་ཐུགས་སྲས་དམ་པ་དང་། སོགས་དང་ཤོག་དྲིལ་གཏེར་གནས་དང་རས་ཐུམས་གསོལ་འདེབས་ལ་བརྩོན་ན་ལོ་གཅིག་གི་ནང་དུ་མཇལ་ཟེར་བ་དང་། སྤྲེལ་ལོ་དཔྱིད་ཟླའི་ཚེས་བཅུར་ཡང་ཟེར། ཚེས་བཅུ་གཅིག་ལ་མཁའ་འགྲོས་གདན་འདྲེན། དབང་ལུང་མན་ངག་སྟོན་པ་ཡིན་ཟེར་བ་དང་། དྲག་པོའི་ཞལ་གྱི་སངས་རྒྱས་བསྟན་པ་ལ་དགྱེས་སོགས་མང་དག་གོ་སྲིན་པོའི་འཇིགས་པས་སྔགས་པ་ལས་གུ་རུ་མེ་ཏོག་དམར་པོ་ལ་བདག་དང་སེམས་ཅན་ཐམས་ཅད་དུ་བདུད་དང་གཤིན་རྗེའི་འཇིགས་པ་ལས་སྐྱོབ་ཏུ་གསོལ་བས་ཇེ་བདེར་སོང་


GLG008_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། ཡིད་ཀྱིས་ནས་བུར་ཐུད་སོགས་ཕུལ་བ་དང་། བླ་མ་རིན་པོ་ཆེའི་ཐུགས་དམ་ཞལ་སྔོ་སྐྱ་དང་། དེ་རྗེས་མགྲིན་སྙིང་སྒྲུབ་དུས་མཐེབ་ཚིགས་ཙམ་བདུན། གཞི་ནས་ཙམ་ལ་གཡུང་རྒྱལ་སྔོ་སྐྱ་ནས་ཙམ་གསལ་བ་མི་རྟོག་ཏིང་འཛིན་ལ་གནས་ནས། ར་ཏྲི་ཏ་ཧཱུཾ་ཕཊ། ཌོམྦྷི་ནི་ཧཱུཾ་ཕཊ་སོགས་དང་། གདོང་བརྙན་ཅན་ནག་པོ་བདག་ཆེན་ཐུགས་དམ་དང་། རྡོ་རྗེ་གདན་པའི་ཐུགས་དམ་སྒྲུབ་དུས་མདའ་གང་ཙམ་མོ། །མཁའ་སྔོ་སངས་རང་དུ་བུད་མེད་སྔོ་ནག་དཔྲལ་བར་འགྲོན་བུ་བཏགས་པ་ཞིག་གིས་ད་དུང་སྒྲིབ་པ་མ་བྱང་བ་འདུག་ཟེར་སྡིགས་མཛུབ་ནམ་མཁའ་ལ་བསྟད་དོ། །བི་རཱུ་པ་ཤིན་ཏུ་ཆེ་གསལ་བ་དང་། ས་ཆེན་ན་བཟའ་འོད་འཕྲོ་བ་སྔོན་པོ་ཞལ་རས་དམར་མདངས་ཆེ་བ་གྭ་དང་བཅས་པ། ཤངས་སུ་ཚེ་དཔག་མེད་དང་། དྲག་དམར་ཡོངས་རྫོགས། བསམ་གྲུབ་ཏུ་དབུ་དགུ་པ་ཤིན་ཏུ་གསལ་བ། འདར་མགོན་ཁང་དུ་ནཱ་རོ་པ་མི་ཚད་ཙམ། ཡང་ཨྱོན་གྱི་ཐུགས་ཀར་ཀྱེ་རྡོར་ལྷ་དགུ །མཁའ་སྤྱོད་དྲུག །ཟླ་བ་བརྒྱད་པའི་ཚེས་བཅུའི་ཐོ་རངས་ཨྱོན་ད་ལྟ་ཇི་ལྟ་བ་རག་ལ་ཡང་གཏེར་སོགས་ཡིན་སྙམ། སྒམ། བག་ཤི །འཇའ་གུར་འཇའ་སྐྱ་འདུག །ས་སྐྱ་བ་ཆེན་པོ་གོས་སྔོན་དྭངས་གསལ་རྙོག་མེད། ཤངས་སུ་ལྷན་སྐྱེས། འཇམ་དཔལ་བཤེས་གཉེན་ལས་གུ་རུ་རྒྱ་དང་བཅས་པའི་གྲུ་བཞི་སྒོར་མོ་གསལ། འདར་དུ་ཚེ་དཔག་མེད། སྐྱེ་བདུན་གྲོལ་འཕྲལ་ཨྱོན་ཆེ་ཞིང་གསལ། པདྨ་ནི་མི་གསལ། ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་དང་བཅས་ཤིན་ཏུ་གསལ། ཡང་ས་ཆེན་གྱི་རྣམ་ཐར་ཡིན་ཡང་ཟེར་ཨྱོན་རྣམ་ཐར་ཡིན་པའི་


GLG008_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཁུལ་གྱི་བྱང་ཤིང་། དཀར་ཐལ་སྲབ་མོ་ཡོད་པ་ལ་ཡིག་འཕྲེང་བཞི་བྲིས་པ་རྟེན་ཁེབས་ཀྱིས་གྲིལ་བ་ཞིག་བྱུང་། དེའི་སང་ཟབ་བརྒྱའི་པོ་ཏི་དྭགས་པོ་ནས་འབྱོར་ཡང་ལན་གཅིག་གཏོར་བསྔོས་ཀྱི་སྐབས་ཆོས་སྐྱོང་ཐམས་ཅད་ཟང་ངེ་དང་ཟིང་ངེ་ཉམས་སྣང་དུ་བྱུང་། ཆོས་རྗེ་ཚར་པ་ཞ་ཐུལ་སེར་པོ་བཞེས་པ་ཞིག་ཀྱང་བྱུང་། གཏེར་སྒོ་གཏེར་རྟགས་ཁ་བྱང་བཏབ་འདུག་བྲག་ཕུག་འདི་བཞིན་ལ་དཔགས་ན་ཟབ་གཏེར་བཞེས་རྒྱུ་ཞིག་ཀྱང་ཡོད་པར་མངོན། ཀུན་མཁྱེན་བུས། རང་ཉིད་རྒྱལ་འདོད་ཕ་རོལ་དམའ་དབབ་འདོད། །གཡོ་སྒྱུའི་རྩོད་པ་ཚིག་རྩུབ་ངན་སེམས་ཅན། །ངག་ཀྱལ་སྣ་ཚོགས་སྨྲ་ཞིང་གཞན་རྒྱུད་བསྲེག །ད་ལྟའི་རྩོད་པ་འདི་ཡང་དམྱལ་བའི་རྒྱུ། །ཞེས་པའི་དོན་ལྟར་རྩོད་པ་འདི་གཞན་དག་རང་གི་ཉེས་པ་ཁས་བླངས་ནས་སྤང་བླང་མི་བྱེད་པས་ཕྲག་དོག་དང་ཀུན་སློང་ངན་པ་འཕེལ་ཏེ་བསྟན་སེལ་གྱི་རྒྱུ་ལས་མེད་ཅེས་མི་མཛད། ཐུགས་རབ་ཀྱི་ཀློང་ཤིན་ཏུ་ཡངས་པས་ཚིག་བཅད་ལྷུག་གང་ལའང་ཕུན་སུམ་ཚོགས་ཤིང་དཔེར་ན་དུས་ཀྱི་འཁོར་ལོའི་མངོན་དཀྱིལ་དང་རྣམ་སྲས་ལྔ་ཕྲག་ལྔའི་ཆོག་སྒྲིགས་ལྟར་ཆོས་རྒྱུན་མི་ནུབ་པའི་བཙས་སུ་ངེས་པར་འགྲོ་ན་ཡང་མི་དགོས་ཁ་མེད་རེ་གཉིས་མ་གཏོགས་གསར་པ་མངས་པ་དམ་པ་གོང་མ་རྣམས་ཀྱི་གསུང་རབ་ནུབ་པའི་རྒྱུར་འགྲོ་ཞེས་བརྩམས་ཆོས་པོ་ཏི་དུ་མར་ལོངས་པ་ཡོད་སྐད་ཀྱི་རང་ཆེ་མི་འབྱིན།སྐྱ་སེར་མང་པོ་ཚོགས་པའི་སར་རང་ཉིད་མཁས་སོའི་གྲགས་པ་སྒྲོག་ཆེད་དགོས་མེད་དུ་བཤད་པ་མཁས་ཉམས་མི་གནང་ཞིང་ཁྱད་པར་གསང་སྔགས་ཀྱི་ཆོས་སྣོད་ལྡན་མ་གཏོགས་ནོར་དང་ངོ་བསྲུང་གི་སླད་དུ་སྟོན་པ་དང་


GLG008_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོམ་སྒྲགས་མཛད་པར་ཡ་ཤིན་ཏུ་ང་བའི་གླེང་བརྗོད་དང་དེ་དང་མཐུན་པར་བཀའ་དམ་པར་མཆིས། ཐུགས་ཕྲ་རགས་ཀྱི་བསྐྱེད་རིམ་ལ་བརྟན་པ་ཐོབ་ཅིང་རྫོགས་རིམ་གྱི་ལམ་བཟང་པོའི་གྲུབ་མཐའ་སྙོགས་པ་རྣལ་འབྱོར་དབང་ཕྱུག་དང་ལོ་ཆེན་འབྲོག་མི་ལྟ་བུའི་བསམ་གྱིས་མི་ཁྱབ་པའི་གནས་རྣམས་བརྗོད་པའི་ཡུལ་ལས་འདས་མོད་མདོ་རྒྱུད་ཀྱི་ཆོས་ཚུལ་གང་ལའང་ཚེགས་ཆུང་ངུ་ཙམ་གྱིས་ཐུགས་སུ་ཆུད་པས་དུས་འཁོར་དང་མཁའ་འགྲོ་རྒྱ་མཚོ་སོགས་དཀྱིལ་འཁོར་ཤིན་ཏུ་ཆེ་བ་ལ་ཉིན་བཞི་ལྔ། བདེ་མཆོག་ལོ་ནག་གུར་རིགས་བསྡུས་ཀྱིས་མཚོན་པར་ཉིན་གཉིས་ཙམ། དཀྱིལ་འཁོར་ཆུང་བའི་རིགས་ལ་ཉིན་རེའི་བསྙེལ་གསོས་མཛད་པས་སློབ་མ་རྗེས་སུ་འཛིན་པའི་དུས་ཚིག་ཟུར་ཕྲ་བ་ལ་ཡང་སྐྱོན་མེད་པའི་རྒྱུན་གྱི་ཞལ་འདོན་ལྟར་བྱང་ཆུབ་པ་དང་ཐུགས་འཛིན་གསར་དུ་གནང་དགོས་ལའང་ས་གླང་འཕྲེང་བའི་སྙན་གསན་ཕུལ་བ་ཟླ་བ་གསུམ་ཙམ་གྱི་ཁོངས་སུ་ཤེར་ཕྱོགས་ཀྱི་ལུང་གསན་པ་སོགས་དང་འདོམ་པའི་སྲུབས་དབར་ལ་པཎ་ཆེན་ཐར་རྩེ་པས་མཛད་པའི་ཕྲེང་བའི་མངོན་དཀྱིལ་ཤོག་བུ་ཉིས་བརྒྱ་ལྷག་ཙམ་དེ་ཤིན་ཏུ་བྱང་བ་ཐོས་ལོ་ཟེར་ལོ་མ་ཡིན་པར་ཁོ་བོའི་མངོན་སུམ་དུ་གྱུར་ཅིང་མདོར་ན་བྱིན་རླབས་རྗེས་གནང་། རིག་གཏད། འཁྲིད། མན་ངག་གང་གི་སྐབས་སུའང་ཆགས་ཐོགས་མི་མངའ་བ་བློ་ཆེན་ཚངས་པ་རྒན་པོས་ཀྱང་འགྲན་པར་ག་ལ་ནུས། ཆོས་མཐུན་འཚོ་བ་མེད་པ། ཡ་རབས་དམངས་སུ་བབས་པ། རྒས་ཤིང་ཁོགས་པ། ངན་སོང་། ནད་པ། དབུལ་འཕོངས་ཉམ་ཐག་གི་རིགས་རྣམས་ལ་རང་


GLG008_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

གི་བུ་གཅིག་པུ་ལྟར་རྗེས་སུ་བརྩེ་ཞིང་སྐུ་ལ་བསྡོ་བའི་དགྲ་བོར་ཆོས་སྐྱོང་གིས་འཕྲིན་ལས་རང་ཤུགས་ཀྱིས་བསྒྲུབས་ན་མིན་པ་འཁོན་འཛིན་དང་ལས་སྦྱོར་དམིགས་སུ་ཕུག་པ་མི་གནང་བར་ཐེག་པ་ཆེན་པོའི་བློ་སྦྱོང་བ་འབའ་ཞིག་གིས་ལྟས་ངན་གཡང་དུ་ལེན། སྐྱེ་བ་དང་འཇུག་པ་ལ་དབང་ཐོབ་པས་བྱང་གཙང་རོང་གསུམ། གྲ་དོལ་ཡར་ཤར་ནུབ་ནས་རྒྱལ་ནད་སྨྱོ་འབོག་སོགས་གདོན་དྲག་པོས་ཟིན་ཏེ་སྨན་པས་བོར་བ་དུ་མའང་བཀའ་བསྒོ་རྗེས་གནང་བྱིན་རླབས་ཙམ་གྱིས་ནད་གདོན་རྣམས་ཕྱིར་འཕོ་བ་དང་རྩ་ལོག་ལུང་ལོག་གི་གེགས་སེལ། འདུ་བ་རྣམ་བཞི་འཁྲུགས་པ་སྨན་གྱིས་མ་སྙོམས་པ་དག་ཀྱང་གཞིལ་ཏེ་འཆི་བདག་གི་ཁ་ནས་ཕྱིར་སློག་པ་གྲངས་མང་བ་ཐུགས་རྡོ་རྗེའི་ཏིང་འཛིན་ལས་སུ་རུང་བའི་མཐུར་སེམས། དབང་གི་ཡེ་ཤེས་འབེབས་པ་གནང་ཚེ་ལུས་ཀྱི་བུད་བྱེད་ཅིང་འཕར་གཡོ། ངག་གལ་ཞིང་སྨྲ་ཉམས། སེམས་བདེ་སྟོང་གི་ངང་དུ་ལྷན་ནོར་འགྲོ་བ་སྣ་རེ་ངེས་པར་འོང་གཤིས་ད་ལྟ་རང་ཡེ་ཤེས་ཕེབས་བྱུང་སྙམ་པའི་དགའ་སྤྲོ་མོས་གདུང་ཚད་མེད་པ་འབྱུང་། སྒམ་ཞིང་དུལ་ལ་ངོ་ལྐོག་ཆུང་བས་ལན་ཅིག་མཇལ་བ་དང་རྒྱུན་དུ་འདྲིས་པ་གཉིས་ལ་ཁྱད་པར་མེད་པ་བཀའ་གདམས་ཇོ་བོ་ཡབ་སྲས་ཀྱི་རྣམ་ཐར་དང་མཚུངས། ཕྱོགས་ཕེབས་ཀྱི་འཆད་ཉན་གྱིས་གཙོས་པའི་གཞན་ཕན་གྱི་འཕྲིན་ལས་སྐྱོང་དགོས་པའི་སྐབས་མ་གཏོགས་དོན་མེད་ཀྱི་འདུ་འཛིའི་རྗེས་སུ་མི་འབྲང་བར་སོ་སོད་ལྐོག་ཉལ་གྱི་ཅི་བདེར་གནས་པ་ལ་མཚམས་ཀྱི་མིང་བཏགས་པའི་ཆེན་པོ་རྣམས་ཀྱི་སྤྱོད་ཚུལ་བུག་སྒོ་འདག་འབྱར་གྱི་ཁོངས་ནས་ཡིག་འགྲུལ་དང་མདུན་གཤོམས། མཚམས་ཡུན་རིང་དུ་བཅད་ཀྱང་ད་ལམ་


GLG008_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་བསལ་གྱི་གལ་ཆེན་བྱུང་ཟེར་བ་ཚོ་དང་མི་འདྲ་བའི་ཐོག་མར་ཇི་ཙམ་བཅད་པ་ནས་བཟུང་གྲོལ་བའི་དུས་ལ་མ་སླེབ་ཀྱི་བར་དུ་དམ་བཅའ་ལས་མི་གཡེལ་བ་ལྷུར་མཛད། ཐུགས་བྲེལ་དང་སྐུ་བསྙུན་པ་གང་གིའང་རྗེས་སུ་མི་འགྲོ་བར་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཐེག་པ་ཆེན་པོའི་བློ་སྦྱོང་སོགས་ཀྱི་སྤྲོས་མེད་དང་ཆོ་ག །ལྗགས་བཟླས། གཏོར་ཆོག །དུས་གཏོར་བླ་མ་རྣམས་ཀྱི་དུས་དྲན་གྱིས་མཚོན་པ། ཞག་རེ་དང་ཟླ་རེའི་སྟར་ཆགས་རྣམས་ལ་ཐང་ལྷོད་མ་ཤོར་བའི་ཅི་མཛད་རྒྱ་བོད་ཀྱི་པཎ་གྲུབ་ཀྱི་རྣམ་པར་ཐར་པ་དང་མཐུན་པར་སྣང་ངོ་། །འདི་ལོའི་དབྱར་སྔར་དང་མི་འདྲ་བའི་མེ་ཏོག་ལ་ཤིན་ཏུ་མཉེས་ཤིང་དེའང་རྟེན་གྱི་དྲུང་དུ་མི་བསྒྲིག་པར་སྐུའི་རྒྱབ་མདུན་གཡས་གཡོན་ཁོར་ཡུག་བསྐོར་བ་ལ་སྤྲོ་བར་མཛད་པ་ནི་འོག་མིན་སོགས་ཀྱི་གནས་རྣམས་སུ་མེ་ཏོག་གིས་བརྒྱན་པའི་བཀོད་པ་བཤད་པ་དང་མཐུན་པའི་ཞིང་ཁམས་གཞན་དག་ཏུ་གཤེགས་པའི་བརྡར་སྣང་། མཆོད་དཔོན་འཇམ་དབྱངས་ལ་ཉིན་གཅིག་ཀྱལ་ཀའི་ཚུལ་དུ་ང་ཤི་ན་སྐྱེ་བ་བླངས་དགའ་འམ། མ་བླངས་པ་དགའ་གསུང་བར་དེ་འདྲ་མི་གནང་བ་ཞུ། རྣམ་རྟོག་ཀྱང་ཟ་དེ་བཞིན་བྱུང་ན་སྐྱེ་བ་བཞེས་པ་རང་ལས་དགའ་ཞུས་པས་ཁྱེད་རང་ཚོ་བསམ་བློ་ལེགས་པོ་ཞིག་ཐོང་དང་བསམས་བཞིན་སྲིད་པར་སྐྱེ་བ་བཞེས་པ་ནི་ངོ་མཚར་ཆེ་ཤས་ཁ་གཞན་མ་སྐྱེ་བ་ཟེར་ཚད་ནི་ཡ་མཚན་རྒྱུ་རང་ཅི་མཆིས་འཁོར་བ་ཐོག་མ་མེད་པ་ནས་འཁོར་བཞིན་པར་འདུག་ཁྱོ་ག་ཁྱེད་ཚོ་དང་ང་མི་འདྲ་བས་ལྟོས་ཤིག་གསུང་བ་དང་གཞན་ཡང་ཐེངས་འགའ་རེ་དེ་དང་དབྱིབས་མཚུངས་པ་ཁ་ཡར་གནང་བ་ལོ་རྟིང་མ་གཟུགས་


GLG008_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་རགས་པའི་ཟ་མ་ཏོག་བསྡུ་བའི་བརྡར་སྣང་ཡང་ཕྱག་ཕྱི་རྣམས་ལ་རྟོག་པ་འཕྲོས་ཚོད་དུ་མི་གདའོ། ། རང་ཆེ་ཁེངས་པའི་རི་བོ་མཐོན་པོའི་རྩེར། །ལེགས་བཤད་གཏམ་གྱི་ཆུ་བོ་ག་ལ་འདྲོངས། །གཟུར་གནས་ཐུགས་ཀྱི་གཤོང་བུར་མདོ་རྒྱུད་ཀྱི། །མཁའ་གླང་གཟེགས་མ་ཕྱོགས་བརྒྱ་ནས་འབབ་འཁྱིལ། །འཇིག་རྟེན་མཐུན་འཇུག་གཏན་བདེའི་དོན་པོ་ཆེར། །རློམས་ན་ཆོས་ཉིད་བདེན་སྟོན་ཐུབ་པ་ཡི། །བཞེད་འབྲས་གསུང་ལས་སྐྱེས་པའི་སློབ་བུའི་ཚད། །རྒྱུ་སྐར་གྲངས་ཀྱིས་གཞལ་ཡང་རྟོགས་ནུས་མིན། །མཐོང་བས་མཚན་དཔེའི་མཛེས་སྐུ་མི་མཐུན་བྲལ། །ཐོས་པས་དྲུག་ཅུའི་དབྱངས་སྙན་རྣ་བའི་དཔྱིད། །དྲན་པས་སྲིད་ཞིའི་འཇིགས་སྐྱོབ་ཆོས་ཀུན་གཟིགས། །རྣམ་འདྲེན་ཡོན་ཏན་ཚོགས་རྣམས་གཅིག་བསྡུས་འདྲ། །ཆགས་བྲལ་ཚུལ་ཁྲིམས་དྲི་ལྡང་ཉན་ཐོས་གཟུགས། །གཞན་ཕྱིར་ལུས་སྲོག་གཏོང་ཕོད་རྒྱལ་བའི་སྲས། །བདག་མེད་གཙོ་མོས་མགྲིན་པར་རྟག་འཁྱུད་པའི། །སྒྱུ་མའི་རོལ་རྩེད་འདི་ཀོ་སུ་ཡིས་བསྐྲུན། །འཇིག་རྟེན་སྤྱོད་པའི་རྗེས་འགྲོ་ཆོས་བརྒྱད་གདོན། །ཕྲ་མོའི་ཤས་ཀྱང་གང་ཐུགས་མ་གོས་པས། །ཅི་མཛད་དམ་པའི་ཆོས་སུ་ཉེར་འགྲོ་བར། །ཤཱཀྱ་སེང་གེའི་རྣམ་ཐར་དཔེ་ཟླར་འོས། །མཐོན་པོའི་གྲུབ་མཐའ་སྙོགས་ཏེ་ཟུང་འཇུག་སྐུར། །བཞེངས་པར་ངེས་ཀྱང་ད་དུང་སློབ་ལམ་ལ། །སྦྱོངས་ཞེས་དམན་ཆ་འཛིན་པའི་ཟོལ་སྦྱོར་འདི། ཆེར་སྙིགས་གདུལ་བྱའི་སྣང་ངོར་དགོས་སམ་སྙམ། །ཞིང་གཞན་བཟང་པོའི་སྐལ་བ་ཅན་གྱི་འགྲོ། །འདྲེན་ལ་སྤྲོ་བའི་རྩེ་འཇོ་རྒོད་པའི་བརྡ། །རྟོགས་མིན་ཡིད་སྲུབས་མཐུ་ལས་ཀུན་དགའ་བོའི། །གསོལ་གདབ་


GLG008_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་ཚོགས་རགས་པ་འགགས་པའི་སྤུན། །སྒྱུར་བྱེད་ཅེས་པ་ས་ཕག་ཧོར་ཟླ་དང་པོའི་ནང་དུས་དཔལ་ལྡན་འབྲས་སྤུངས་སུ་གདན་དྲངས་ཏེ་མདོ་དབང་གིས་གཙོས་པའི་གསང་སྔགས་གསར་རྙིང་གི་ཟབ་ཆོས་མང་དུ་ཞུ་བའི་རྩིས་ཡིན་ནའང་གནས་ཆུང་ཆོས་སྐྱོང་ཆེན་པོ་ཁོག་ཏུ་བརླམས་ཏེ་ད་ལམ་ཆོས་བཀའ་སོགས་རྒྱས་པར་ཚུགས་ན་ཁྱེད་དཔོན་སློབ་སུ་རིགས་ལ་གེགས་ཆེ་བ་འདུག་པས་སྐོར་ཅིག་འཐེན་པའི་སླར་རིམ་གྱིས་བཙུགས་ཆོག་ཚུལ་གྱི་ཞིབ་ཆ་སྡེ་པ་བློ་བཟང་མཐུ་སྟོབས་ལ་གསུངས་འདུག་པ་བཞིན་རྗེ་བླ་མར་ཡང་དེ་གའི་རྒྱུ་མཚན་ཕུལ་ཞིང་ཞག་བདུན་ཙམ་བཞུགས་རིང་ལྗགས་ལུང་ཐང་ཐུང་འདྲ་དང་ཆོས་དང་འབྲེལ་བའི་གླེང་མོ་གང་འཕེལ་ཞུས་ལེགས་ལྡན་རྗེའི་ཤངས་མཚལ་གྱི་ཁུ་བས་བརྫིས་པའི་ཚེ་དཔག་མེད་ཀྱི་སྐུ་ཁྱད་ཅན་དེ་གནང་། ད་ལོ་སྐུ་དོག་ཡོད་པར་སྐུ་རིམ་དང་ཆོས་སྡེར་སྐུ་མཚམས་གནང་རྒྱུ་ཡང་ཚེ་སྒྲུབ་དང་བསུན་བཟློག་ལ་ཆེད་གཉེར་མཛད་དགོས་ཚུལ་གསོལ་བ་ན། རྗེ་མཁྱེན་བརྩེའི་གསུང་མགུར་དུ། ཚེ་རིང་ལོ་བརྒྱ་ཐུབ་པ་དང་། ཚེ་ཐུང་ད་ལྟ་ཤི་བ་གཉིས། །རྣམ་པའི་སྒོ་ནས་ཁྱད་པར་ཆེ། །ངོ་བོའི་སྒོ་ནས་བཟང་ངན་མེད། །ཐམས་ཅད་སྒྱུ་མ་རྨི་ལམ་ཡིན། ཚེ་རིང་ཐུང་གང་དགའ་མ་དགར་ཞོག །ད་འཆི་བ་ལ་འཇིགས་པ་མི་གདའོ། །ཞེས་པའི་དོན་དང་མཚུངས་པར་དཀའ་ལས་ད་ཆ་བློ་སྦྱོང་བའི་ལུགས་ཡིན་པས། ན་བ་དགའ་ན་ན་བ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་ལུང་འདྲེན་དང་བཅས་ན་ཤི་གསོན་བདེ་ཅི་བྱུང་ཡང་དཀོན་ཅོག་ལ་བློ་བཀལ་ནས་ཤི་དོགས་པའི་རིམ་གྲོ་བྱས་ན་དཀོན་ཅོག་ལ་ཡིད་མ་ཆེས་


GLG008_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྲོ་བ་འདྲ་གསུང་བར་གཅིག་ཏུ་དེ་བཞིན་ཡིན་ཀྱང་རྒྱ་བོད་ཀྱི་དམ་པ་ཚོའི་རྣམ་ཐར་ལ་བརྟགས་ཚེ་དགག་བྱ་དགོས་དབང་གིས་ངེས་པ་མི་འདུག་པས་རེ་ཞིག་གི་བར་དུ་འཚོ་ཞིང་གཞེས་ན་སྤྱི་སྒོས་མཐའ་དག་གི་བསྟན་པའི་སྲོག་ཤིང་ཏུ་འགྱུར་ངེས་པས་ཐུགས་སྣ་བསྟུངས་པ་དེ་ལྟར་མི་ལེགས་ཚུལ་ནན་ཏར་གསོལ་བ་ན་བཀའ་བཞིན་བསྒྲུབ་གསུང་བ་རྗེས་སུ་བྱས་ཚེ་གཞན་ངོ་བསྲུང་བར་འདུག །རྗེ་རྡོ་རྗེ་གདན་པའི་དུས་ཀྱི་མཁྱེན་བརྩེ་ཆེན་མོའི་ཕྱག་བྲིས་མདོ་དབང་གི་ཙ་ཀ་ལི་རྣམས་རས་བསེ་ལས་གྲུབ་པའི་ལྗིད་ཆེ་བ་ནས་སླར་བཀའ་དབང་ལ་ཕེབས་དགོས་ཕྱིན་ད་ལམ་འདི་གར་བཞག་པ་འགབ་འདྲ་ཞམ་རིང་པ་རྣམས་ཀྱིས་ཞུས་ཚེ་ཁོང་དཔོན་སློབ་མཐོང་ཆེན་པོ་ཡོད་པས་ད་རེས་ཁྱེད་ནས་རྩིས་འབུལ་ཞུ་གསུང་། ཆུ་ཁ་བར་སྨན་སྒོམ་འབྲང་རྒྱས་པས་གདན་འདྲེན་ལ་ཕྱིན་སྐབས་བཀའ་ལས་ད་ཆ་རྒྱུན་རིང་པོ་རང་སྡོད་པ་མི་འཆར་ངེས་ཡིན་པས་སླར་ཆོས་སྡེ་ནས་འཕྲོས་ཤིག་གཏོང་བས་དེ་དུས་ཅིས་ཀྱང་ཡོང་ཐུབ་པ་དགོས་ཚུལ་གནང་བར་ད་དུང་བསྟན་དོན་ལ་རྒྱུན་གང་རིང་བཞུགས་དགོས་ཞུས་པས་ཟངས་མདོག་དཔལ་རིར་ཨྱོན་ཆེན་པོའི་གཡས་གཡོན་དུ་བཞུགས་ཁྲི་རིམ་པར་བཤམས་འདུག་པ་ལ་རྗེ་རྡོ་རིང་པ་ཆེན་པོ་ནས་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ཡན་བཞུགས་པའི་མཐར་ཁྲི་སྟོང་པ་ཞིག་མཆིས་པ་བདག་གི་ཡིན་འདུག་ཅེས་ཞལ་གྱིས་མ་བཞེས། དེས་ན་སྐུ་སྐྱེ་ཕེབས་དགོས་ཞུས་པར་རྗེ་བཙུན་ཀུན་སྤངས་པ་ཆེན་པོ་དང་སྒོ་རུམ་པ་གཉིས་ཟངས་མདོག་དཔལ་རི་ཁོ་ནར་བཞུགས་པ་ལ་ཚར་ཆེན་སོགས་བླ་མ་ཡབ་སྲས་གཅིག་ལ་གཅིག་ཐུགས་ཆགས་པའི་འབྲལ་


GLG008_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཕོད་པ་ལྟ་བུར་ཡོད་གཤིས་བདག་ཀྱང་དེ་མཚུངས་སུ་སྡོད་པས་སྐྱེ་བ་མི་ལེན། འཕྲོས་འདི་རྣམས་བདག་མ་ཤི་བར་སུ་ལའང་བཤད་ན་མི་ཡོང་བའི་དཔང་པོར་དཔལ་མགོན་འཁོར་བཅས་དང་རང་གཉིས་ཀའི་མདུན་ན་ཡོད་དོ། །ཞེས་ལྷག་པར་སྩལ་སྣང་། དེ་ནུབ་སྣེའུ་ཞོལ་གྱི་བཞུགས་འཚེར་གྱི་ཐོག་ནས་འབྲས་སྤུངས་ཕྱོགས་སུ་ཞལ་གཟིགས་ཏེ་རིང་འཚོའི་སྨོན་ལམ་དང་མཆོག་གསུམ་དམ་པར་གསོལ་འདེབས་གནང་། སང་ཉིན་སེ་མོ་དོའི་ཐང་ལ་ཕྱག་གཡོག་དམངས་མ་རྣམས་སྔོན་དུ་བརྫངས། ཆིབས་ཤོལ་ནས་མཆོད་དཔོན་དང་བྱམས་པ་གཉིས་ཀྱིས་ཕྱག་ཕྱི་ཞུས་ནས་སྐུ་ངལ་གསོས་ཤིང་དེ་ནས་ཆིབས་ཐོག་ཏུ་ཁྱོན་པ་དང་ལྷན་དུ་ལམ་ཁྱོད་ལ་ད་ལམ་ཙམ་མིན་པ་ཡོང་མི་དགོས་པ་འདུག་གསུང་བ་བྱམས་པས་སླར་སྐུ་མཚམས་གྲོལ་ནས་ཕེབས་དགོས་པས་དེ་འདྲ་མི་གསུང་བ་ཞུ་ཞེས་ཞུས་སོང་བ་བཀའ་ལས་ཁྱེད་ཚོ་མི་གླེན་པར་འདུག་ད་ལོ་ང་རང་གི་སྣང་རྟགས་དང་སྐུ་ཞབས་ཆེན་མོའི་བཀའ་གང་ལ་དཔགས་ཀྱང་མི་སྡོད་པར་འདུག་གསུང་ཞིང་དེར་མ་ཟད་ཞ་ལུ་མཁན་རིན་པོ་ཆེ་སྨན་ཁང་ནས་ལ་ཡང་གཙང་དུ་རྗེས་མ་ཕེབས་དུས་གསུང་བགྲོས་བྱུང་ཚོད་དུ་མཆིས། ཆོས་སྡེར་ཕེབས་ནས་ངེད་རང་གིས་རྒྱུ་མཚན་གསོལ་བ་དང་ཕྱག་གཡོག་སོགས་ཕྱི་ནང་མང་པོ་ནས་བསྐུལ་མ་ཞུས་པ་ངོ་མ་བཟློག་པའི་གོང་དཀར་ཆོས་སྡེར་མང་ཇ་སྦྱོར་སྦྲེལ་ཐོག་ཚེ་གཟུངས་ཤེར་སྙིང་གི་བཟློག་པ། བཀྲ་ཤིས་རྩེ་ཆོས་སྡེའི་མགོན་ཁང་སོ་སོར་བསྐང་གསོ་བརྒྱ་རྩ། བཀའ་འགྱུར་སྒྲོག་པ། སཱཙྪཱ་འབུམ་ཐེར་སོགས་བསྒྲུབ་པ་གནང་། རྡོ་རྗེ་གསུམ་མི་འདའ་བའི་སྐུ་མཚམས་དམ་པའི་ངང་ནས་ཐུན་འཚམས་ཚོར་གསན་ཡིག་གི་ཟིན་བྲིས་


GLG008_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་དཔེར་འབེབས་པའི་ཡིག་མཁན་ཆོས་སྡེ་བའི་གྲ་པ་ཆོས་མཛད་རྒྱལ་མཚན་བཟང་པོས་བྱས་པ་ཆིག་དྲིལ་དུ་གནང་མ་ཐུབ་གཤིས་པོ་ཏི་ཐུང་ངེ་བ་ཞིག་གི་རྩིས་ལས་ལྷག་མ་རྣམས་འཕྲོར་ལུས་པས་ད་ལམ་རྣམ་ཐར་སྐབས་སུ་ཞིབ་པར་འདྲི་བའི་རྔོ་མ་ཐོགས། སྐུ་ཅུང་ཟད་མ་བདེ་བའི་རྣམ་པ་ལ་སྨན་སྒོམ་འཚོ་བྱེད་འབྲང་རྒྱས་པ་སྐུའི་འཕྲོད་བསྟེན་དུ་འབོད་པ་གནང་སོང་བ་རྗེ་བཙུན་ཡབ་དང་ཐུན་མོང་བའི་རྩ་དབུ་མའི་ཉམས་འཁྲིད་སོགས་ཟབ་ཆོས་འགའ་ཞིག་གནང་བཞེས་པའི་བསྙད་བཏགས་ལས་འཕྲོད་བསྟེན་འགངས་ཅན་འབུལ་མ་དགོས་ཤིང་གསོལ་སྨན་ཁ་ཡར་ཕུལ་ནས་གཞི་མེད་དུ་སོང་ནའང་ཞིང་འདིར་བཞུགས་བཞེད་མེད་པའི་མདངས་ཀྱི་གསུང་གླེང་འགའ་ཞིག་བྱུང་ཚོད་དུ་འདུག་ཀྱང་ཡར་འབྱོར་ནས་སྐུ་ཁམས་བདེ་བའི་གནས་ཚུལ་ལས་དེ་རིགས་ཀྱི་ཞིབ་ཆ་མ་བྱུང་། ལྷ་རྗེ་འབྲང་རྒྱས་པ་རྫོང་བདའ་གྲུབ་རྗེས་ནས་བཟུང་སྐུ་ཟོ་མདོག་སྔར་ལས་བཟང་ཞིང་ཡང་ཟོར་ཆེ་བའི་ཚུལ་མཛད་ནའང་། གངས་ཅན་གྱི་ལྗོངས་འདིར་བསྟན་པ་རིན་པོ་ཆེ་འཆད་ཉན་བསམ་སྒོམ་གྱི་སྒོ་ནས་སྤེལ་བའི་འཕྲིན་ལས་རྒྱ་ཆེར་གྲུབ་པ་དང་སྙིགས་མར་སྤྱོད་པའི་འགྲོ་བའི་ངང་ཚུལ་ལ་གཞན་སྣང་ཙམ་དུ་ངེས་པར་འབྱུང་བའི་ཐུགས་སུན་སྣང་སྐྱོ་ཤས་ཆེ་ཞིང་གྲངས་མེད་པའི་ཞིང་ཁམས་རྒྱ་མཚོར་ཡིད་ཅན་རྣམས་ཀྱི་དོན་རླབས་པོ་ཆེ་འགྲུབ་པའི་དུས་བབས་ལ་གཟིགས་ཏེ་ལོ་སྔོན་མའི་ཧོར་ཟླ་བཅུ་གཅིག་པ་གཤོལ་བའི་དབང་དུ་བྱས་ན་ཧོར་ཟླ་དགུ་པ་དང་བ་དེད་ཀྱི་སྨིན་དྲུག་ཟླ་བའི་འཇམ་མགོན་ས་སྐྱ་པཎྜི་ཏ་མངོན་དགའི་ཞིང་དུ་གཤེགས་པའི་དུས་ཆེན་ཡར་ཚེས་བཅུ་བཞིའི་ཉིན་ཕན་སྙུན་དུ་མངོན་པ་ཅི་ཡང་མེད་བཞིན་པའི་ངང་ནས། རྗེ་མཁྱེན་བརྩེའི་གསུང་མགུར་ལས་


GLG008_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་ལྡན་རྣམས་ལ་ཁོ་བོ་སྙིང་ནས་མགུ། །དེ་ཕྱིར་དུས་དང་རྣམ་པ་ཐམས་ཅད་དུ། །མ་བརྗེད་སྙིང་གི་དཀྱིལ་ནས་གསོལ་བ་ཐོབ། ཁོ་བོས་སྙིང་ནས་བརྩེ་བའི་བསམ་སྦྱོར་གྱིས། །དུས་ཀུན་རྗེས་སུ་འཛིན་ནོ་སྐལ་ལྡན་ཚོ། །བརྒྱུད་པ་བཟང་པོ་ས་སྐྱ་པ་ཡིས་ཟིན། །མེས་པོ་མཚན་ལྡན་ཚར་པ་ཆོས་རྗེ་བསྐྱངས། །བན་རྒན་ང་རང་བསླུ་མེད་ཡིན་ནམ་སྙམ། །བུ་ཀུན་ཙབ་ཙོབ་མ་མང་གསོལ་བ་ཐོབ། །འདི་ཕྱི་བར་དོར་བསླུས་ན་ཁོ་བོ་ཞན། །བྱིན་རླབས་ཆེ་ཆུང་ཚར་པ་ཆོས་རྗེས་ཤེས། །འདི་སྐྱིད་ཕྱི་མར་ཨ་སྐྱིད་ང་རང་ཤེས། །ང་རང་གང་འགྲོ་ཨྱོན་པདྨས་ཤེས། །ཆུ་འགོ་གངས་ལ་ཐུག་པའི་ཚུལ་ཡིན་པས། །ཇི་སྐད་སྨྲས་པའི་དགེ་སྦྱོར་ཉམས་ལེན་མཛོད། །ཅེས་པའི་དོན་བཞིན་དེ་ནུབ་དྲུང་དུ་འཁོད་པ་རྣམས་ལ་སྔར་དང་མི་འདྲ་བའི་དགྱེས་པ་ཆེན་པོའི་སྒོ་ནས་བླ་མ་རྣམས་ཀྱི་རྣམ་ཐར་ཐོར་བུ་གསུངས། ཆོས་དང་འབྲེལ་བའི་བསླབ་སྟོན་ཤུགས་འབྱུང་དང་ངེད་རང་ལ་ཐུགས་མཉེས་པའི་བཀའ་འཕྲོས་ཀྱང་ཁ་ཡར་གནང་ཞིང་སོ་སོའི་མགོ་ལ་ཕྱག་གིས་བྱིལ་བྱིལ་དང་དབུ་ཐུག་གིས་བྱིན་གྱིས་བརླབས་ཏེ་གནས་སོ་སོར་བཏང་། གཏོར་གཞིས་རྣམས་ཡུན་རིངས་པས་གསར་དུ་སྤོ་དགོས་འདུག་ཅེས་བསྟབ་པ་དང་ཚང་མ་ཆབས་ཅིག་པར་སྤལ་གྱི་ཡང་ཐོག་ཏུ་རྒྱས་པར་འབུལ་བ་མཛད་ནས་བྱམས་པར་སང་ཞོགས་ཐོར་ཇ་མི་དགོས་ད་དུང་ཇ་ཞིམ་པོ་སྐོལ་གསུངས་བྱམས་པས་སྙུང་བ་བཞིན་མེད་དམ་ཆབ་སྐོལ་ཨེ་བཞེས་ཞུས་པར་ན་ཚ་མེད་པར་ཆུ་སྐོལ་ག་ལ་དགོས་ཞེས་བཞད། དེ་ནས་སྲོད་ཐུན་ལ་ཚུགས་པའི་སྒང་མཇུག་ཙམ་


GLG008_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདའ་ཁ་བའི་མའི་རྣལ་འབྱོར་གྱིས་མཚམས་སྦྱར་ཏེ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པས་མེ་ཏོག་གི་ཆར་གདུགས་དང་བ་དན་རོལ་མོ་སོགས་མཆོད་སྤྲིན་དཔག་ཏུ་མེད་པས་སྣ་དྲངས་ནས་བདེ་ཆེན་དག་པའི་ཞིང་ཁམས་གདན་གསུམ་ཚང་བའི་དཀྱིལ་འཁོར་ཆེན་པོའི་རིགས་ཀྱི་བདག་པོར་གདན་དྲངས། དེའི་དུས་བྱམས་པ་གཟིམས་ཆུང་དུ་ཉེར་ལེན་ལ་བསྡད་པའི་གཉིད་ཐུམ་པ་ཞིག་གི་གསེང་ལ་ཧིག་གི་སྒྲ་བྱུང་ནས་བལྟས་ཙ་ན་སྐུ་གཤེགས་ཟིན་འདུག་ཟེར། དེ་སྐབས་སྡེ་པ་བརྒྱ་ཚོ་བའི་ཆོས་རྗེ་བཀྲ་ཤིས་ལྷུན་པོའི་སྔགས་གྲ་བའི་སྒྲིགས་འགྲིམ་པ་དེ་གསུང་ཆོས་ཞུ་བར་འོངས་པ་དེ་ནུབ་ཀྱི་རྨི་ལམ་ལ་སྟན་དཀར་སྟེང་དུ་རྗེ་ཉིད་བཞུགས་པའི་ཟུར་བཞི་ནས་བུད་མེད་བརྒྱད་ཀྱིས་བཟུང་སྟེ་ནམ་མཁར་ཡེར་རེར་བཏེག་པ་ཐར་ཇ་འདྲེན་མི་ལ་མདང་ང་ལ་རྨི་ལམ་འདི་འདྲ་བྱུང་བ་ཅི་ཡིན་ཞེས་བློ་མ་བདེ་བའི་རྣམ་པ་བྱེད་ཅིང་། དུས་མཚུངས་སུ་ཞ་ལུར་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་ཀྱི་འོད་གསལ་དུ་རྗེ་འདི་ཉིད་དགྱེས་པའི་ཚུལ་དུ་ཕེབས་རཀྴའི་ཕྲེང་བ་འདི་ཐུགས་ཆགས་གནང་བ་ཞུ་ད་ངེད་ལ་མི་དགོས་པ་འདུག་གསུང་བར་བྱུང་གནང་། ཞག་ཁ་ཡར་གྱི་སྔོན་ཙམ་ལ་སྟོང་ར་བའི་མནའ་མ་སྡེ་པ་འཕྲང་འགོ་བའི་ཚ་མོར་གཏོགས་པ་རྩ་སྒོ་ཡངས་པ་དེའི་རྨི་ལམ་དཀྱུས་མ་དང་མི་འདྲ་བའི་གསལ་པོར་བྱེད་པ་ཞིག་ལ་རྨི་ལམ་དུ་ཉི་མ་བཞུད་ལ་ཁད་ལྷོ་ནུབ་ཀྱི་ནམ་མཁར་བླ་མ་རྡོ་རྗེ་གདན་པ་ཡིན་ཟེར་བ་ལེགས་པར་བཏགས་ཚེ་རྡོ་རྗེ་འཆང་གི་སྐུའི་དབྱིབས་ལ་ས་ཞུ་བཞེས་ནས་


GLG008_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་བྲལ་གྱི་མཚམས་སུ་འཇའ་འོད་དང་བཅས་ཡེར་གྱིས་ཕེབས་སོང་རྗེ་ཉི་མའང་བཞུད་དེ་ནག་ཐུམ་བྱེད་པ་རྨིས་ཚུལ་དེ་གའི་མ་རྒན་མོ་འཕྲང་འགོ་བའི་སྤྱིལ་པོར་སྡོད་མིར་བཤད་པ་ཞིང་བརྗེས་པའི་སྐད་ཆ་ཚོར་བས་ངའི་བུ་མོའི་རྨི་ལམ་དེ་ལ་ལྟ་བ་འདྲ་ཟེར་སྐད། སྐུ་མཚམས་དང་འགྲིག་པའི་ཕྱག་གཡོག་ཉུང་གཤིས་ཉི་མ་གཉིས་གསུམ་གསངས་པའི་བཀྲ་ཤིས་ཆོས་སྡེ་ནས་མཆོད་དཔོན་འཇམ་དབྱངས་རྒྱལ་མཚན་དང་ཤེར་རིན་པ་སོགས་འབོད་མི་བཏང་། ཚེས་བཅོ་ལྔ་ནས་ནམ་མཁའ་གཡའ་དག་པར་འཇའ་སྤྲིན་རི་མོས་བྲིས་པ་ལྟ་བུ་ལྷ་ས་ནས་གོང་དཀར་ཕྱོགས་སུ་ཞག་ཤས་ཀྱི་བར་རྒྱུགས་པ་ཀུན་གྱིས་མཐོང་ཞིང་གཞིས་ཀ་རྩེར་གད་སྒོ་ཞང་ཚན་གྱི་ཟི་བུན་དང་ཐུག་པའི་ཟླ་མཇུག་ངེད་ཇུས་རིམ་གྱི་འཁོར་ལོ་འདྲི་བར་དགའ་ལྡན་ཡང་རྩེའི་སྒོ་མངས་ཕྱེ་སྟེ་ཡོད་དུས་ཀྱང་གོང་དཀར་ཕྱོགས་ནས་འཇའ་སྤྲིན་པིར་གྱིས་བྲིས་པ་འདྲ་བ་མང་དུ་མཐོང་བས་དེ་མཚུངས་ཟླ་ཕྱེད་ཙམ་གྱི་བར་དུ་བྱུང་བར་མངོན། དཔོན་སློབ་ཀྱི་སྐུ་ཞབས་ནས་འོངས་ཟེར་བའི་བང་ཆེན་བྱུང་བའི་རྟེན་གྱི་དྲིལ་ཁ་བཤིག་པའི་ནང་དུ་ལི་སྐུ་བཏགས་སྨན་ཙེ་དང་བཅས་སུམ་ཚན་ཡོད་པ་ལ་ཕྱག་བྲིས་མི་འདུག་པས་ཅི་ཡིན་ནམ་སྙམ་པའི་ཐེ་ཚོམ་དུ་གྱུར་པ་རྗེས་སུ་བྱས་ཚེ་ཞམ་འབྲིང་པ་རྣམས་ཀྱིས་འགྱོགས་བསྔོར་བཏང་བ་ཡིན་འདུག །ཞག་གསུམ་ཙམ་ན་ཤེར་རིན་པ་ཐུགས་དམ་གསལ་འདེབས་ཀྱི་རྟེན་ཁྱེར་ནས་བྱུང་འཕྲལ་བླ་མ་དགྱེས་མཛད་རྡོ་རྗེའི་དཀྱིལ་འཁོར་གྱི་གཙོ་བོར་གྱུར་པ་ལ་མཆོད་འབུལ་གསོལ་འདེབས་རྒྱས་པར་བྱས། སྐུ་


GLG008_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་རིན་པོ་ཆེར་སྙན་དར་ལ་སྨོན་ལམ་ཚིགས་བཅད་བྲིས་པ་དཀར་མེ། དགོངས་རྫོགས་ཀྱི་ཐེབས་སུ་གོས་དར་ཤ་མར་འབྲུ་ཆ་སོགས་བདོག་པ་གྱ་ནོམ་པ་ཕུལ་ཞིང་དབུས་གཙང་སྟོད་སྨད་ཀུན་ནས་གདུང་འབུལ་གྱི་མཆོད་སྤྲིན་རྒྱས་པར་སྤྲོས། གོང་དཀར་དུ་གདུང་ཆོག་དང་བཀྲ་ཤིས་ཆོས་སྡེར་ཆོག་གྲའི་རིགས་མང་དུ་བཙུགས། དྲུང་ཆེན་བྱམས་པ་དང་མཆོད་དཔོན་འཇམ་དབྱངས་གཉིས་གདན་ས་གོང་དུ་མངགས་པའི་དཔལ་ལྡན་ས་སྐྱར་ཆོས་དུང་དཀར་པོ་རྒྱང་གྲགས་བུས་ཏེ་མང་འགྱེད་བཏང་། བཞི་ཐོག་ཏུ་བདག་ཆེན་རིན་པོ་ཆེར་འབུལ་བར་རྣ་རོའི་བནྡེ་གཤིན་རྗེ་གྲགས་ཀྱིས་བཞེངས་པའི་རྗེ་བཙུན་རིན་པོ་ཆེའི་སྐུ་བརྙན་གཞིས་ཀ་སྣེའུར་བཞུགས་པ་རྗེས་སོར་ཕྱག་ཏུ་ཕུལ་བ་དེས་གཙོས་ཟང་ཟིང་གི་དངོས་པོ་རིང་པོར་བརྐྱངས། གཞན་ཡང་ཞ་ལུ་ངོར་ཆོས་འཁོར་ཡང་རྩེ་གསུམ་གྱིས་ཐོག་དྲངས་དབུས་གཙང་གི་ཆོས་སྡེ་དུ་མར་མང་ཇ་བསྔོ་རྟེན། ཡར་ཀླུངས་སུ་སེར་ཚོགས་སོགས་དག་པ་དང་མ་དག་པའི་ཞིང་གི་གདུལ་བྱ་རྗེས་འཛིན་གྱི་དགོངས་པ་ཡོངས་སུ་རྫོགས་པའི་རིམ་པ་ཁུ་ལུང་ནས་སྡེ་པ་ནམ་མཁའ་དོན་གྲུབ་དབང་པོ་ཡབ་སྲས་ལྕམ་སྲིང་ཞམ་འབྲིང་བ་རྣམས་ཀྱིས་ལེགས་པར་བསྒྲུབས། དགུང་ཞག་ཞེ་དགུའི་བར་ལྷོ་ནུབ་མཚམས་ནས་ཉིན་རེ་བཞིན་འཇའ་དཀར་ཀུ་ཤ་བཀྲམ་པ་ལྟར་བྱུང་ནས་སྐུ་གདུང་རིན་པོ་ཆེའི་ཐད་ཀྱི་ནམ་མཁར་གདུགས་ཕུབ་པ་བཞིན་གྱུར་པ་ལ་ཀུན་ཡ་མཚན་དུ་འཛིན། དེ་སྐབས་གཙང་ཕྱོགས་སུ་བདེ་གཟར་


GLG008_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ལམ་ཧ་ཅང་བདེ་བ་མེད་ཀྱང་འདི་ག་ནས་ཕེབས་དགོས་པའི་ཧུང་རྒྱ་ལམ་ཡིག་དང་བཅས་ཞ་ལུ་ནས་མཁན་ཆེན་རྡོ་རྗེ་འཛིན་པ་ཆེན་པོ་ཕེབས་ཏེ་ཧོར་ཟླ་བཅུ་གཅིག་པའི་ཚེས་གཉིས་དགུང་ཞག་རྫོགས་པ་དང་བསྟུན་བླ་མ་ན་རིམ་གྱི་ཐུགས་དམ་རྣལ་འབྱོར་དབང་ཕྱུག་བིཪྺ་པའི་བཞེད་གཞུང་གཤེད་དམར་ལྷ་ལྔའི་དཀྱིལ་འཁོར་གྱི་གཙོ་བོ་བླ་མ་འཇམ་པའི་རྡོ་རྗེ་སྦྱིན་སྲེག་གི་མཆོད་པས་མཉེས་པར་མཛད་པའི་ཚེ་ཆེད་དུ་རྩོལ་བ་ལ་མ་བལྟོས་པའི་གདུང་ཡིད་བཞིན་ནོར་བུར་ཡེ་ཤེས་ཀྱི་མེ་རང་འབར་ལྟ་བུར་གྱུར། །དེའི་སང་མེ་ཏོག་གི་ཆར་འདྲ་བ་ཉི་མའི་འོག་ནས་འོད་སྐྱ་སིམ་སིམ་གདུང་ཁང་དུ་ཉེ་བར་མང་དུ་བབས་པ་དམངས་ལ་ཆེར་མི་ཡོང་བའི་རྟགས་ཡ་མཚན་པ་བྱུང་། པུར་ཁང་ཞལ་ཕྱེ་ནས་གདུང་སྐལ་བགོ་བའི་དུས་རིང་བསྲེལ་ཤེལ་ལྟར་འཚེར་བ་ཁ་ཡར་ཕེབས། ཁྱབ་བདག་ཞ་ལུ་པ་ཆེན་པོ་ཐུགས་བྲེལ་ཆོད་དེ་འདིར་བྱོན་དུས་ལྟས་ཡ་མཚན་པ་བྱུང་ཚུལ་ཙམ་ལས་བདེ་གཟར་སོགས་ཀྱི་གཡེང་བ་དང་རྗེ་ཉིད་ཀྱང་ཡར་ཐེགས་པར་རིང་ཁྱད་འདུག་གཤིས་ཞག་མང་དུ་སྦྲེལ་བའི་འདི་དུས་ཞིབ་ཆ་མ་འཚལ། དངུལ་གདུང་ཐེབས་ཀྱི་གསེར་དངུལ་གཡུ་ཤེལ་གྱིས་མཚོན་པའི་མཐུན་རྐྱེན་གྱི་བདོག་པ་གྱ་ནོམ་པ་བསྟབ་ཅིང་བཀའ་འགྱུར་དང་དགོངས་རྫོགས་ལ་སོང་བའི་ལྷག་མ་རྣམས་དང་བཅས་གཞིས་བྱེས་རྣམས་ཀྱིས་ཁུར་བླངས་ཏེ་བཀྲ་ཤིས་རྩེ་ཆོས་སྡེར་ཧོར་ཟླ་གསུམ་པའི་ཚེས་བཅུ་ནས་བརྩམས་པའི་སྐུ་རྟེན་སྨན་འདམ་ལས་གྲུབ་


GLG008_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐོང་གྲོལ་ཡིད་བཞིན་ནོར་བུ་སྐུ་ཚད་དང་མཉམ་པ། གསུང་རྟེན་གླེགས་བམ་ཡུམ་རྒྱས་པ་དུམ་པོ་བཅུ་དྲུག་མཆོད་དཔོན་འཇམ་དབྱངས་ཀྱིས་ཐིག་རྩ་བགྱིས་པའི་ཐུགས་རྟེན་གསེར་དངུལ་ལས་གྲུབ་པའི་བྱང་ཆུབ་མཆོད་རྟེན་ཐོག་ཚད་ཕྲ་འཕུལ་སོགས་བཀོད་པས་ཁྱད་པར་འཕགས་པ། རིང་བསྲེལ་རྣམ་པ་བཞི་དང་གནོད་སྦྱིན་འཁོར་ལོ་ཁྱད་པར་དྲི་མེད་ནས་གསུངས་པའི་སྲོག་ཤིང་འཛུགས་པའི་ཆོ་ག་ཐམས་ཅད་མཁྱེན་པ་མཁྱེན་བརྩེ་དབང་ཕྱུག་གི་ཕྱག་བཞེས་ལྟར་དབོན་མཁྱེན་རབ་བློ་ལྡན། མཆོད་དཔོན་འཇམ་དབྱངས་རྒྱལ་མཚན། དགེ་སློང་སངས་རྒྱས་དབང་ཕྱུག་གསུམ་གྱིས་ལག་བསྟར། བཞུགས་གནས་གཙུག་ལག་ཁང་ཞིག་གསོས་ལ་བརྟེན་པའི་རྒྱ་དང་དཔངས་བསྟོད་པར་བཞུགས་སུ་གསོལ་སྐུ་རྟེན་ལ་བླ་ཆས་ཆ་འགྲིག །གསུང་རྟེན་དང་གདུང་རྟེན་ལ་ཁྲི། ཐུན་མོང་དུ་ས་རྒྱན། གནམ་རྒྱན། མཆོད་རྫས་ཀྱི་རིམ་པ་ཚར་དུ་དངར་བ་ཟླ་བ་བཞིའི་ཁོངས་སུ་ལེགས་པར་གྲུབ་པ་ལ་གོང་དཀར་ཆོས་སྡེའི་ཆོས་འཆད་པ་རབ་འབྱམས་སྨྲ་བ་རིན་ཅེན་རྒྱ་མཚོས་རྡོ་རྗེ་སློབ་དཔོན་མཛད་དེ་གཉུག་མར་གནས་པའི་དགེ་འདུན་གྱི་ཚོགས་དང་ལྷན་ཅིག་པར་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་རབ་ཏུ་གནས་པ་དང་རྟེན་བཞེངས་གནྡྷོ་ལའི་རྨང་འདིང་བ་ཚང་མའི་དུས་སུ་འཇའ་སྤྲིན། ཐན་པའི་ཚེ་ཆར་གྱི་རྒྱུན་འབབ་པ་སོགས་རྒྱལ་ཀུན་ངོ་བོ་དཔལ་ལྡན་བླ་མ་དམ་པའི་ཐུགས་དགོངས་ཆོས་དབྱིངས་སུ་རྫོགས་པའི་ངོ་མཚར་མཐའ་


GLG008_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཀླས་པ་བྱུང་། གནས་གསར་སྡེ་པ་ནམ་མཁའ་དོན་དབང་དང་དབོན་མཁྱེན་རབ་རྣམ་རྒྱལ་ཡབ་སྲས་གཉིས་ཀྱིས་གོང་དཀར་རྡོ་རྗེ་གདན་དུ་གཟིམས་མལ་སྐུ་འདྲ་རིན་པོ་ཆེ་གོང་མཚུངས་བཞེངས་ཏེ་བླ་ཆས་མཆོད་རྫས་རབ་ཏུ་གནས་པས་མཐའ་བརྟེན་ནས་བླ་མ་ལྷ་ཁང་དུ་བསྒྲིགས། འཇམ་དབྱངས་མཁྱེན་བརྩེ་ཡབ་སྲས་ཀྱི་གདུང་རིན་པོ་ཆེ་དབང་གི་རྒྱལ་པོ་བཞུགས་པའི་མཆོད་རྟེན་ཞིག་དཔལ་ལྡན་བླ་མ་དམ་པ་དེ་ཉིད་ཀྱིས་དགོངས་པར་ཡོད་བཞིན་པའི་ངང་དུ་ལུས་པ་ཁུ་ལུང་གཞིས་ཀར་གསེར་དངུལ་ལས་གྲུབ་པའི་ཁྲུ་ཕྱེད་གསུམ་ཙམ་བཞེངས་པར་རིགས་ཀུན་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་ཀྱིས་གཟུངས་འབུལ་དང་གསུང་རམ་པ་དང་བཅས་རྣལ་འབྱོར་རྒྱུད་དང་འབྲེལ་བའི་སྒོ་ནས་རབ་ཏུ་གནས་ཏེ་བཀྲ་ཤིས་ཀྱི་དགེ་མཚན་ཕྱོགས་ཀུན་ཏུ་ཁྱབ་པར་གྱུར་ཏོ། །ཟབ་ཆོས་དྭངས་མ་དཀར་མིན་མེ་ལྷའི་མཐུས། །ཉེར་སྤྱོད་བློ་ཡིས་མངལ་ལས་ཕྱིར་འཕངས་པས། །སླར་བརྩོན་གངྒཱའི་ལྟོར་སྨིན་ཀརྟི་ཀཿ །ཐོས་བསམ་སྨྱུག་མའི་ཚལ་རྒྱུ་རིང་ཞིག་འགྱངས། །ཐུབ་བསྟན་སྲོག་གི་ཟུངས་སུ་འཚོ་གཞེས་པར། །བསྐུལ་གསོལ་གཞན་ངོ་བསྲུང་བའི་གཡར་ཁྲལ་ལས། །མ་དག་ཞིང་ལ་ཉེར་སུན་ཐུགས་ཀྱི་རྩེ། །བདེ་ཆེན་ས་ལ་སྤྲོ་དགའ་སུ་ཡིས་བཟློག །འབྲས་དཀར་སྤུངས་པའི་ཆོས་སྡེར་ཞལ་ཕྱོགས་ནས། །རྨད་བྱུང་རྣམ་པར་དག་པའི་སྨོན་ལམ་གྱིས། །མཚམས་སྦྱོར་བདག་སོགས་བླ་མེད་བྱང་ཆུབ་བར། །མི་གཏོང་བཤེས་


GLG008_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཞལ་འཆེས་དམ་བཅར་ངེས། །ཐོས་དོན་མཚོར་འཕངས་རྡོ་བ་བྱ་ལམ་རྗེས། །དལ་བའི་འབྲས་བུ་ཙམ་དུ་མ་འཇོག་ཅེས། ཕྱི་རབས་དཔྱོད་ལྡན་བསྐུལ་ཆེད་གང་གསན་ཆོས། །ངོ་མཚར་པུ་སྟ་ཀཿ །བསྒྲིག་ཆོ་ག་བསྟར། ཁྲི་སྟན་ཟུར་བཞི་ཌཱ་ཀིས་ཉེ་བར་བཏེག །དཔའ་བོ་མཁའ་འགྲོའི་བསུན་མས་མཆོད་སྤྲིན་བཅས། །འོག་མིན་ཞིང་ཁམས་ཞིང་གི་རིགས་བདག་ཏུ། །དཔལ་ལྡན་རྡོ་རྗེ་སེམས་དཔར་བཞེངས་དེ་ཅི། །ཐུབ་བསྟན་ཆ་ཤས་བཅུ་གཉིས་ཡོངས་རྫོགས་ཤིང་། །མཁྱེན་བརྩེ་ནུས་པའི་ཚ་ཟེར་སྟོང་འཕྲོ་བའི། བཤེས་གཉེན་ཆོས་དབྱིངས་མཐུན་འཚམས་གཞོན་ནུའི་ཕག །གཟིམས་པའི་དུས་ཀྱི་སྒལ་ངན་ཀྱེ་མ་ཧུད། །བཻཌཱུར་ཞུན་མ་ལྟར་འཕོས་མཁའ་ངོས་ལ། །སྣ་ཚོགས་འཇའ་སྤྲིན་འོད་དྲའི་རི་མོའི་མདངས། །ལེགས་བྲིས་བཀོད་པ་བསྐྲུན་པའི་སྒྱུ་མ་ཡིས། །རྗེས་འཇུག་མྱ་ངན་གདུང་མ་གཞིལ་ལམ་ཅི། །འོན་ཏེ་གངྒཱའི་ཀླུང་གི་རྡུལ་སྙེད་ཀྱིས། །བགྲང་བར་ནུས་མིན་དག་པའི་ཞིང་ཁམས་སུ། །མཐའ་ཀླས་སྤྲུལ་པ་སྟོན་པའི་ཐུགས་རྗེའི་སྤྱན། །བདག་སོགས་གདུལ་བྱར་གཟིགས་ཚེ་ཡིད་དབང་སྤྲོ། །ཚོགས་གཉིས་ཉལ་འགྲོའི་ཕུང་པོའི་ཆུ་གཏེར་ལ། །དགེ་བའི་ཀླུང་གིས་གང་བར་བལྟོས་མིན་ཀྱང་། །རྗེས་འབྲང་ལེགས་བྱས་ཞིང་གི་སོ་ནམ་དུ། །འཛད་མེད་རྣམ་དཀར་ཆར་རྒྱུན་ཆལ་ཆིལ་ཕོབ། །རིགས་བརྒྱའི་ཁྱབ་བདག་རྗེ་བཙུན་ཞ་ལུ་པས། །དུས་དགྲ་འཇམ་དཔལ་དམར་པོ་ལྷ་ལྔ་དང་། །སྐུ་གདུང་རིན་ཅེན་དབང་གི་རྒྱལ་པོ་གཉིས། །དབྱེར་མེད་ངོ་མཚར་མཆོད་པ་དེ་རྨད་བྱུང་། །དེ་ལྟར་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་བཀའ་དྲིན་མཚུངས་མེད་དཔལ་ལྡན་བླ་མ་དམ་པ་ཁྱབ་བདག་རྡོ་


GLG008_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་སེམས་དཔའ་དང་གཉིས་སུ་མེད་པ་གང་གི་རྣམ་པར་ཐར་པ་ཆེས་ཕྲ་བ་ནི་སྤྱན་དང་མངོན་པར་ཤེས་པ་ལ་ཆགས་ཐོགས་མེད་པ་རྣམས་མ་གཏོགས་འཇིག་རྟེན་གྱི་བྱེད་པོ་ཚངས་པ་ལྟ་བུས་ཀྱང་བརྗོད་པར་མི་ནུས་ན་གཞན་དག་གིས་ལྟ་ག་ལ་ཞིག་ཐུན་མོང་བའི་གདུལ་བྱའི་སྤྱོད་ཡུལ་དུ་གྱུར་པའི་མཛད་པ་རགས་པའི་ལོ་ཟླ་ཚེས་གྲངས་ཡུལ་དང་གནས་སོགས་རྗེས་འཇུག་རྣམས་ལེ་ལོའི་མལ་དུ་འདུ་འཛིའི་གཉིད་ལ་གཡུར་བས་ཞིབ་པར་མ་རྟོགས་ཀྱང་རྒྱུས་ཡོད་ཀྱི་ཐོ་ཐོར་བུ་དང་ཡིད་གཉིས་སུ་གྱུར་པ་མང་དག་ཁྱབ་བདག་མཁན་ཆེན་ཞ་ལུ་པ་ཆེན་པོ། སྒྲུབ་རྙིང་སློབ་དཔོན་འཇམ་དབྱངས་རྒྱལ་མཚན། གོང་དཀར་ཆོས་སྡེའི་ཟུར་འཆད་པ་དཔྱོད་ལྡན་འཕྲིན་ལས་རྣམ་རྒྱལ་སོགས་འགའ་ཞིག་ལ་དཔྱད་ཅིང་གསན་ཡིག་དང་དམ་པ་གཞན་གྱི་རྣམ་ཐར་ལོ་རྒྱུས། དུས་དང་ལོ་ཟླ་ལུང་རིགས་ཀྱིས་བསྒྲུབ་ནུས་པ་དང་ལ་ལར་རུང་མཐུན་ཀྱང་འགའ་ཞིག་སྦྱར་བའི་གོ་རིམ་བསྒྲིགས་པར་སོ་སྐྱེའི་སྣང་ལ་མ་ངེས་ཀྱི་འཁྲུལ་པར་ཚད་བཟུང་དཀའ་ནའང་ཕྱོགས་འགྲོ་ཙམ་ལ་ཡིད་བརྟན་དུ་རུང་བའི་ལུགས་སུ་བགྱིས་ཏེ་རྟོགས་བརྗོད་ཀྱི་རིམ་པ་ཆེར་ལོང་ཙམ་བཤད་ཟིན་ཏོ། །བློ་ཆེན་མེས་པོས་རིག་བྱེད་གཏམ་གྱི་སྦྱོར་བ་མ་ལུས་གཅིག་ཏུ་བསྡུས། །དབྱངས་ཅན་ལྷ་མོ་མགྲིན་པར་བྱོན་ཏེ་བརྗོད་པ་རྣམ་དག་ཚིག་འཕྲེང་སྤེལ། །བརྟན་པའི་འཁོར་ལོས་གསང་གསུམ་མི་ཟད་ཡོན་ཏན་བང་མཛོད་སྒོ་ཕྱེ་ནས། །བླ་མ་མཆོག་གི་རྟོགས་པ་བརྗོད་ལས་བདག་འདྲའི་བློ་གྲོས་མཐུ་ཡིས་ཅི། །ལྷ་ལམ་གསེར་ལྡན་རི་བོ་མཐོན་པོའི་ཁྱོན། །རབ་ཕྲ་བུག་པའི་ནང་ནས་ལྟ་བ་བཞིན། །འཕགས་ཆེན་དམ་པའི་རྣམ་ཐར་ཆེས་བརླིང་ཡང་། །རང་བློ་དང་འཚམ་བརྗོད་ལ་ཀླན་ཀ་སུ། །ཟས་གཙང་སྲས་ཀྱི་བརྒྱ་ཕྲག་མཛད་པ་ལ། །བསྔགས་པའི་དཔལ་ལྡན་མ་ཁོལ་བསོད་ནམས་ཀྱིས། །ཕུང་པོ་སྲིད་རྩེར་འཕྱུར་དེས་ཡིད་དྲངས་ནས། །ངལ་བའི་དཀའ་


GLG008_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་ལེན་ལ་གཅིག་ཏུ་སྤྲོ། །རྒྱལ་སྲས་སྤྱོད་པའི་སྤངས་རྟོགས་མཚོ་ལྟར་ཟབ། །ལྡུགས་སྣོད་ཚིག་དོན་ཨ་མྲའི་ཚིག་གུ་ཙམ། ཁོ་བོའི་བློ་གྲོས་ཀུ་ཤའི་རྩེ་བཞིན་ཕྲ། །དེ་ཕྱིར་མ་རྟོགས་འཁྲུལ་པས་ནོངས་ཀུན་འཆགས། །དེ་ལྟ་ན་ཡང་རྗེ་བཙུན་བཀའ་འགྱུར་བའི། །མཛད་པའི་ཆ་ཤས་མཐོང་བའི་ཤིང་རྟ་ཡིས། །མི་ཕྱེད་དད་པའི་ནོར་གྱི་དཔྱ་དྲངས་ཚེ། །སྲིད་ཞིའི་དབུལ་ཕོངས་གདུང་བ་ཕ་མཐར་བྱེད། །འདི་ལ་སྒོ་གསུམ་འབད་ཆེན་ངལ་བསྟེན་ཚོགས། །མགོན་པོ་ཁྱོད་ཀྱི་དཔལ་ཆེན་ཧེ་རུ་ཀའི། །གྲོང་དུ་ཉེར་ཁྲིད་ཁ་སྦྱོར་བདུན་ལྡན་སྐུ། །རིང་པོར་མི་ཐོགས་འགྲུབ་པར་བདག་བྱིན་རློབས། སྤྱི་དང་ཁྱད་པར་ཚར་ཆེན་ཡབ་སྲས་ཀྱི། །སྙན་བརྒྱུད་ཚད་མ་བཞི་ལྡན་རིང་ལུགས་བསྟན། །མ་ཕམ་དབུས་འགྱུར་འཆང་དུ་འབྱོན་མིན་བར། །ཐོས་བསམ་སྒོམ་པ་དར་ཞིང་རྒྱས་གྱུར་ཅིག །དེ་ལྟར་འ་ཞ་རྒྱལ་པོའི་གདུང་ལས་བཀའ་དྲིན་མཚུངས་པ་མ་མཆིས་པའི་དཔལ་ལྡན་བླ་མ་དམ་པ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་དད་པའི་རླབས་འཕྲེང་འདི་ནི་རྡོ་རྗེ་འཆང་ཆེན་པོ་མཁན་ཆེན་ཞ་ལུ་བ་རིན་ཅེན་བསོད་ནམས་མཆོག་གྲུབ་ཀྱིས་རིང་པོ་ཞིག་ནས་བཀའ་གནང་ཞིང་དབོན་མཁྱེན་རབ་རྣམ་རྒྱལ་དང་མཁྱེན་རབ་བློ་ལྡན་གཉིས་ཀྱིས་རེག་ཟིག་དང་བཅས་སྔ་མོ་ནས་བསྐུལ་བ་དང་རྡོ་རྗེ་བྲག་ནས་རིག་འཛིན་སྤྲུལ་པའི་སྐུ་མཆོག་སོགས་དད་འདུན་ཅན་དུ་མས་མཚམས་སྦྱར་བ་ལྟར་འདུན་པ་རྩེ་གཅིག་པ་ཡོད་ནའང་ཁོ་བོ་དོན་མེད་རྣམ་གཡེང་གི་ཡང་བྲན་དུ་གྱུར་པས་མོས་པ་ལམ་བྱེད་དུ་སོང་བ་ཉེ་ལམ་རྡོ་རྗེ་འཆང་མཁྱེན་རབ་རིན་པོ་ཆེའི་དབོན་རིགས་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་བཅོ་བརྒྱད་ཆོས་རྗེ་བྱམས་པ་ངག་དབང་ལྷུན་གྲུབ། ཁྱབ་བདག་བཀའ་འགྱུར་བ་ཆེན་པོའི་དབོན་རིན་པོ་ཆེ་ནམ་མཁའ་བསོད་ནམས་དབང་གི་རྒྱལ་པོ། ཐུབ་པའི་དབང་ཕྱུག་ལྕགས་ཟམ་


GLG008_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོའི་གདུང་རིགས་རྗེ་དྲུང་ངག་དབང་བསྟན་འཛིན་ཕུན་ཚོགས་གསུམ་གྱིས་ཐོག་དྲངས་སྐལ་ལྡན་གྱི་གདུལ་བྱ་ཉི་ཤུ་སྐོར་ལ་ཞ་ལུ་མཁན་ཆེན་ཀུན་སྤངས་པ་ཆེན་པོས་སྐྱིད་ཤོད་དོགས་བདེ་ལྷོ་མོས་གཞིས་ཀར་མདོ་རྒྱུད་རྒྱ་མཚོའི་ཡང་སྙིང་ངེས་དོན་སྙིང་པོའི་དམ་ཆོས་གསུང་ངག་སློབ་བཤད་རིན་པོ་ཆེ་རྫོགས་པར་སྩལ་པའི་ཚེ་དཔོན་སློབ་གསུམ་གྱིས་བླ་མ་བརྒྱུད་པའི་ཁ་སྐོང་དུ་ཅིས་ཀྱང་རྩོམས་ཤིག་པར་གསུང་གིས་བསྐུལ་བ་ལ་བརྟེན་ནས་སློབ་བཤད་འཛིན་པའི་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་ཨཱ་ན་ལ་ཞེས་པ་མེ་འབྲུག་ནག་པ་ཟླ་བའི་ཚེས་བཅུ་བདུན་ལྷག་པ་ལྷ་མཚམས་ཀྱི་འགྲུབ་སྦྱོར་ནས་དབུ་བཙུགས་ནའང་ཟིན་བྲིས་ལ་དོགས་གནས་མངས་པའི་ཕྱོགས་ཀུན་ཏུ་དྲི་མལ་གྱི་སྒུགས་སྡོད་ལ་བརྟེན་དལ་འགྲོས་ཀྱི་ངོས་སྣྲོན་གྱི་ཟླ་བའི་ཡར་ངོའི་ཚེས་གཉིས་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་དུས་དྲན་གྱི་ཉིན་རྒྱལ་ཁབ་ཆེན་པོ་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་རིག་པ་འཛིན་པ་འཇམ་དབྱངས་གྲགས་པས་བགྱིས་པ་སློབ་བཤད་ཟབ་མོའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །མངྒ་ལཾ།། །།


GLG008_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་པའི་རང་གཟུགས་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་རླབས་འཕྲེང་།next