Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
འཇམ་དཔལ་དབྱངས་ཆོས་ཀྱི་རྗེ་དཀོན་མཆོག་ཆོས་འཕེལ་གྱི་རྟོགས་བརྗོད་མཁས་པའི་རྣ་རྒྱན།
   
   


 
previousའཇམ་དཔལ་དབྱངས་ཆོས་ཀྱི་རྗེ་དཀོན་མཆོག་ཆོས་འཕེལ་གྱི་རྟོགས་བརྗོད་མཁས་པའི་རྣ་རྒྱན།next

འཇམ་དཔལ་དབྱངས་ཆོས་ཀྱི་རྗེ་དཀོན་མཆོག་ཆོས་འཕེལ་གྱི་རྟོགས་བརྗོད་མཁས་པའི་རྣ་རྒྱན།


GLG008_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་དབྱངས་ཆོས་ཀྱི་རྗེ་དཀོན་མཆོག་ཆོས་འཕེལ་གྱི་རྟོགས་བརྗོད་མཁས་པའི་རྣ་རྒྱན་བཞུགས་སོ།།


GLG008_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བྱས་སྣང་བ་རྒྱ་མཚོའི་ཕ་མཐའ་ཚུར་མཐོང་བློ་གྲོས་གཞལ་བར་རབ་དཀའ་བླ་མེད་རིན་ཆེན་འབྱུང་གནས་ཆེ། །རླབས་ཆེན་ཚོགས་གཉིས་རླུང་གི་ཤུགས་ཀྱིས་རང་དབང་དང་བྲལ་ཟུང་འཇུག་གླིང་དུ་བདེ་བར་སོན་པའི་རིགས་བརྒྱའི་བདག །མཐའ་ཡས་ལུས་ཅན་ཀུན་མཁྱེན་ཁང་པར་འཇུག་པའི་སྒོ་འཕར་བརྒྱ་ཕྲག་འབྱེད་ཕྱིར་སྒྱུ་འཕྲུལ་དྲ་བའི་རོལ་གར་ལས། །ཉི་མའི་གཉེན་གྱི་ཅོད་པཎ་ལེགས་འཆང་དམ་པའི་ཆོས་ཀྱི་འཁོར་ལོས་སྒྱུར་བ་ཙོང་ཁ་པ་ལ་སྤྱི་བོས་འདུད། །གང་གི་དྲི་མེད་བསྟན་པའི་ཤིང་རྟ་ལོག་པར་རྟོག་པའི་འདམ་རྫབ་ཏུ། །བྱིང་ནས་མཁས་པའི་བྱེད་པོ་ཕལ་ཆེར་དུབ་པས་བཏང་སྙོམས་ལ་གནས་ཚེ། །ཐོགས་མེད་འདྲེན་པའི་ཁ་ལོ་བ་རུ་ཟུར་ཕུད་ལྔ་པ་མིའི་ཟོལ་ཅན། །སྨྲ་བའི་དབང་ཕྱུག་དཀོན་མཆོག་ཆོས་འཕེལ་ཐུབ་བསྟན་ཡོངས་ཀྱི་བླ་ན་མཐོ། །ལུང་རྟོགས་ལྷུན་པོས་རབ་ལྕི་བསྟན་པའི་ས། །ཉེས་བཤད་ཆུ་མཚོར་ནུབ་ལ་མངོན་ཕྱོགས་ཚེ། །རྣམ་དཔྱོད་རུས་སྦལ་ཁུར་གྱིས་བཏེག་པ་ན། །ཁྱབ་འཇུག་སྐྱེངས་ཏེ་སུམ་རྩེན་གནས་སུ་བྲོས། །བདག་པས་གཞན་གཅེས་རྨད་བྱུང་སྙིང་རྗེའི་གཏེར། །ཆོས་ཀུན་རྗེན་པར་རྟོགས་པའི་མཁྱེན་པའི་ཀློང་། །སྨྲ་ངན་ནག་པོའི་སྡེར་བཅས་འཇོམས་པའི་མཐུས། །རིགས་


GLG008_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མགོན་ཡང་འདི་ལས་གཞན་དུ་ཅིི། །དེ་ཕྱིར་མཛད་པའི་མཁའ་ཡི་ཕ་མཐའ་ལ། །བློ་གྲོས་གཤོག་པས་གཞལ་བའི་ནུས་བྲལ་ཡང་། །ཐུན་མོང་སྣང་ངོར་བསྟན་པའི་ལྷ་ལམ་ངོས། །སྙན་ཚིག་འཕུར་ལྡིང་བགྱིད་ལ་སུ་མི་སྤྲོ། ཁྱད་པར་རྣམ་འདྲེན་ཀུན་འདུས་བླ་མ་ལ། །སྤེལ་ལེགས་སྙན་པའི་ཚིག་ལས་དྲངས་པའི་བློས། །རྣམ་པར་ཐར་པའི་བསྟོད་བསྔགས་བརྗོད་པ་ཡི། །བྱེད་པོ་དུས་མཁྱེན་རྒྱལ་པོར་ཚུལ་མཐུན་སྙམ། །བསོད་ནམས་ཞིང་གྱུར་དགེ་འདུན་ཡོངས་ཀྱི་དཔལ། །གང་དེར་ཕྱོགས་ལྷུང་ཉིན་བྱེད་འོད་དཀར་གྱིས། །བྱེད་མིན་དད་པའི་བ་ཀུ་ལ་ལྡན་པའི། །བློ་ལྡན་རྣམ་རྒྱལ་ངག་གི་འོད་རྣོན་གྱིས། །དམ་པའི་དྲིན་ལས་གཞུང་ལུགས་མང་ཐོས་པའི། །ཟ་ཧོར་བནྡྷེའི་རྣ་བའི་པདྨ་དཀར། །ཕྱེ་བས་རྟོགས་བརྗོད་སྦྲང་རྩི་མངར་བའི་རོ། །སྤེལ་གྱིས་བློ་གསལ་རྐང་དྲུག་དགའ་སྟོན་བྱོས། །དེ་ཡང་གྲངས་མེད་པའི་སྐུ་ཚེ་རྣམས་སུ་མཁས་པ་པཎྜི་ཏ་རིམ་པར་བརྒྱུད་པའི་བག་ཆགས་བླ་ན་མེད་པས། ཆེས་ཤིན་ཏུ་ཟབ་ཅིང་བརླིང་བའི་གསུང་རབ་མཐའ་དག་ཀྱང་། ལྟ་བ་པོ་ལ་མི་དགའ་བའི་བརྟུལ་ཞུགས་ཀྱིས་ཁྲོ་བའི་བཞིན་རས་ནག་པོར་སྟོན་པའི་མདུད་པ་དབང་མེད་པར་གྲོལ་བའི་ངོ་མཚར་གྱི་འཕྲེང་བ་རྣམ་དཔྱོད་ཀྱི་མགུལ་


GLG008_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཅིངས་ནའང་། དངོས་སུ་མཁས་པ་འདི་དང་འདི་ཞེས་སྐྱེ་བར་ཞལ་གྱིས་མི་འཆེས་པར་སྐྱེ་དགུ་ཕལ་པའི་སྣང་ཚུལ་དང་བསྟུན་པའི་རྫུ་ལ་བརྟེན་ནས། རྒྱ་བོད་ཀྱི་མཁས་གྲུབ་དམ་པ་ཀུན་གྱི་མཛད་པ་ལྟར། ཐོས་བསམ་སྒོམ་པའི་ཚུལ་ལ་ཐུགས་གཞོལ་བར་གྱུར་པས། སྙིགས་དུས་ཀྱི་རྒྱལ་བ་ཀུན་གྱི་དབང་པོ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ཞེས་གྲགས་པའི་རྫ་རྔ་སྲིད་འདི་ཡོངས་ཀྱི་རྣ་བར་སྤུད་པ་གང་གི་རྒྱལ་ཚབ་དམ་པ། འཁོར་ལོས་སྒྱུར་བའི་སྲས་ཀྱི་མཆོག་སེང་གེའི་ཁྲི་ལ་དབང་བསྐུར་བ་ལྟར་གྱུར་བའི་ཐུབ་བསྟན་ཡོངས་ཀྱི་རྩ་ལག་རྗེ་བཙུན་དཀོན་མཆོག་ཆོས་འཕེལ་གྱི་རྣམ་པར་ཐར་པའི་མུ་མཐའ་ཀུན་མཁྱེན་པའི་ཡུལ་ལས་གཞན་གྱི་གནས་མིན་ཡང་། རང་ཅག་རྣམས་ཀྱིས་ཇི་ལྟར་ཁོང་དུ་ཆུད་པའི་ཚུལ་ཅུང་ཟད་བརྗོད་པར་བྱའོ། །སྔོན་གནས་རྗེས་དྲན་མཁས་གྲུབ་སྐྱེ་བ་ཡི། །རྒྱུད་ལས་འོངས་མིན་ཚེ་འདིར་སྦྱངས་སྟོབས་ཀྱིས། །མཁས་པའི་བྱ་བ་རྣམ་གསུམ་ཀུན་རྫོགས་པས། །བརྒྱ་བའི་ཚེའི་ཡུན་མེས་པོས་རིང་པོར་སྤྲུལ། །ཨེ་མ་འཕགས་ཡུལ་མཁས་པའི་བག་ཆགས་ཀྱི། །བཟང་པོའི་ཆ་ཤས་ཡོངས་སུ་གང་མིན་ན། །བསིལ་ལྡན་ཁ་བའི་ལྗོངས་སུ་སྐྱེས་པའི་མི། །ཕལ་ཆེར་ཁྱོད་དང་མི་མཚུངས་གང་གི་སྐྱོན། །མི་བསྲུན་སྐྱེ་བོས་གང་བའི་མཚན་མོའི་དུས། །དཔག་དཀའི་མཛད་པའི་ཚལ་རྣམས་ཟུམ་པའི་རྫུ། །རྟོགས་བརྗོད་ཉིད་བྱེད་དབང་པོ་ཤར་བའི་ཚེ། །ཞིག་པ་དངོས་པོའི་ཆོས་ཉིད་ཡིན་ལགས་དྲང་། །འོན་ཀྱང་དམ་པའི་སྐྱེ་བར་ཁས་འཆེ་ནས། །ཐོས་བསམ་སྒོམ་པའི་མཐུ་དམན་ཟང་ཟིང་གིས། །གཞན་སྣང་སྒྱུར་བ་ཁོ་ན་སྐྱབས་བསྟེན་པས། །ལྗོངས་འདི་གང་ཚེ་ཁྱོད་ཀྱི་དད་པའི་གསོས། །དེ་ཡང་བདག་ཉིད་ཆེན་པོ་འདི་ཉིད་འཁྲུངས་པའི་ཡུལ་ནི། གངས་ཀྱི་རྡུལ་མང་བརྩེགས་པའི་རི་བོའི་འཕྲེང་བ་ཁོར་


GLG008_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཡུག་ཀུན་དུ་དཀྲིས་པའི་ལྗོངས་ཆེན་པོ་འདི་རྗེ་བཙུན་ཕྱག་ན་པདྨའི་ཐུགས་རྗེའི་ཟློས་གར་ལས། བོད་དང་པོར་སྐྱོང་བའི་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་བཟུང་སྟེ། མེས་དབོན་རྣམ་པ་གསུམ་སོགས་ཁ་བ་ཅན་གྱི་ལྗོངས་འདི་བདག་གིར་མཛད་པའི་རྒྱལ་དང་རྒྱལ་བའི་སྲས་ཀྱི་སྤྲུལ་པ་ཉག་གཅིག་ཏུ་བྱོན་པ་རྣམས་ཀྱི་དབུ་རྨོག་བཙན་པོ་འཇིགས་པ་མེད་པའི་ལུགས་གཉིས་ཀྱི་ཁྲིམས་བཟང་པོ་མཆོག་དམན་སྐྱེ་བོ་ཀུན་གྱི་གཉའ་བ་ན་ལྕི་བས། ཕན་བ་དེའི་སྨན་ཡོན་མཐའ་དག་ངང་གིས་འདུ་བའི་སྐབས། རུ་བཞིར་གྲགས་པ་ལས་གཡོན་རུའི་ཆར་གཏོགས་ཤིང་། གླང་དར་མ་འུ་དུམ་བཙན་གྱིས་བསྟན་པ་རིན་པོ་ཆེར་རྨ་ཅུང་ཟད་ཕྱུང་བའི་རྗེས་སུ། སླར་ཡང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གཙོ་བོར་ནན་ཏན་དུ་བགྱིད་པའི་མདོ་རྒྱུད་ཀྱི་བཤད་སྲོལ་མཐའ་དབུས་ཀུན་ཏུ་ཁྱབ་པ་ལས། དུས་ཡུན་མི་རིང་བར་གནམ་བསྐོས་ཀྱི་རྒྱལ་པོ་འཇམ་དབྱངས་གོང་མའི་ལུང་དང་། རང་ཉིད་བསོད་ནམས་ཀྱི་དཔལ་མངོན་པར་བདོ་བའི་བྱེད་པོས། ཉི་མ་ནུབ་ཕྱོགས་ཀྱི་རྒྱལ་ཁམས་མཐའ་དག་ལ་སྟོབས་ཀྱི་འཁོར་ལོས་རང་དབང་དུ་སྤྱོད་པའི་སྡེ་སྲིད་ཕག་མོ་གྲུ་པའི་མདུན་ན་འདོན་རྣམས་ཀྱི་ནང་ནས། བོད་ཡུལ་འདིར་བཀའ་དྲིན་མཚུངས་པ་མེད་པ་འཇམ་དབྱངས་ཐོན་མི་སམྦྷོ་ཊའི་གདུང་འཛིན་ནང་སོ་ཡར་རྒྱབ་པའི་མངའ་འབངས་ཀྱི་སའི་ཆ། གྲྭ་རིག་པའི་འབྱུང་གནས་ཞེས་བྱ་བ་རྒྱལ་པོའི་ཁྲིམས་བཙན་པོས་ངན་སྤྱོད་ཀྱི་སྐྱེ་བོ་མཐའ་དག་རྨེག་མེད་པར་འཇོམས་པའི་དྲག་ཤུལ་གྱིས་འཛིན་མའི་ཁྱོན་ཡང་རྣམ་པར་སྐྲག་སྟེ། མི་བདེ་བའི་གཅོང་རོང་དང་ངམ་གྲོག་མཐའ་དག་རྒྱང་རིང་དུ་བསྐྲད་ནས། ཤིན་ཏུ་འཇམ་ཞིང་ཁོད་མཉམ་པའི་ཁོར་མོ་ཡུག་ཏུ་དབྱར་གྱི་དཔལ་མོ་རྣམ་པར་བཞད་པའི་རྐང་འཐུང་གི་འཕྲེང་བ་ཡལ་འདབ་འབྲས་བུའི་ཁུར་


GLG008_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་དུད་པ། གཡུལ་ངོར་ཆས་པའི་རུ་མཚོན་ལྟ་བུར་གཟིངས་པའི་བྲག་རིའི་ཚོགས་ཀྱིས་དབེན་པའི་ས་འཛིན་ཕལ་ཆེར་མརྒད་ཀྱི་འོག་པག་གྱོན་ཞིང་། འགའ་ཞིག་མཐོ་རིས་ཀྱི་དཔལ་མོའི་མདུན་སར་བསྙེག་ཕྱིར་ལྗོན་ཤིང་དང་སྤང་ལྗོངས་ཀྱི་གོས་དང་བྲལ་བར་བྱས་ནས་ཟླ་བའི་དུམ་བུ་ལྟ་བུའི་ཁ་དོག་ངོམ་པའི་ཡུལ་གྲུ་དག་གི་ཆར། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་བཙོང་ཁ་པ་ཆེན་པོའི་རིང་ལུགས་པ་མཁས་པའི་དབང་པོ་བསོད་ནམས་རྣམ་པར་རྒྱལ་བ་མི་ཕམ་དགའ་བའི་བཤེས་གཉེན་གྱི་གདན་ས་བྱམས་པ་གླིང་གི་ཆོས་རྭ་དང་འདབས་ཆགས་པ་དགོན་པ་ཞོལ་ཞེས་བྱ་བ་ཡིན་ནོ། །འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་རང་གཟུགས་ཀུན། །རབ་དཀར་ཁ་བའི་གཟུགས་སུ་ཆགས་པའི་ལྗོངས། །མཁས་གྲུབ་དུ་མས་ཉེར་བསྟེན་གཡོན་རུའི་ཆ། །དགེ་བཅུའི་ཡོན་ཏན་མགྲོན་དུ་འགུགས་པ་བཞིན། །བཟའ་ཤིང་ར་བའི་མགོ་ལྕོགས་ལྡེམ་པའི་རྩེར། །འབྲས་བུའི་ཁུར་དུ་སྨིན་པའི་འོད་མདངས་ཀྱིས། །རང་མིན་གཉིས་པའི་རྒྱུ་སྐར་འཕྲེང་བ་ཞིག །བསྒྲིགས་སྙམ་བལྟ་ཕྱིར་མཁའ་ལ་འོངས་པ་འདྲ། །གནམ་སྔོན་ཞུན་མར་འཁྱིལ་འདྲའི་པཀྵུའི་ཀླུང་། །ནོར་འཛིན་བུ་མོའི་གོས་སུ་ཀླུབས་པ་ལྟར། །ཆལ་ཆིལ་རླབས་ཕྲེང་གཡོ་ཞིང་རྒྱུ་བ་ན། །ཆུ་ཕྲན་ཕལ་ཆེར་ཡུལ་གཞན་བྲོས་སམ་སྙམ། །རྡུལ་མང་བརྩེགས་འགའ་འཆི་མེད་སར་བསྙེག་ཕྱིར། །གཅེར་བུའི་རང་གཟུགས་གསལ་བར་བསྟན་པ་ན། །ཕལ་ཆེར་སྐྱེངས་པས་དབྱར་སྐྱེས་གཞོན་ནུ་དག །སྒྲིབ་གཡོགས་གོས་ཀྱི་ཚུལ་དུ་བྱས་མིན་ནམ། །དང་པོའི་སངས་རྒྱས་རྒྱུད་དོན་སྨྲ་བའི་སྒྲས། །གསང་ཆེན་ནཱ་དའི་དབྱངས་ཀུན་དེར་བླངས་ན། །འཇམ་དཔལ་གྲགས་པ་འདི་ན་ཅི་བྱ་ཞེས། །ཞུམ་སྟེ་མི་འགྱུར་བདེ་བའི་དབྱིངས་སུ་ཡིབ། །དེ་ཡང་བོད་ཡོངས་ཀྱི་འདྲེན་མཆོག་རླངས་ལྷ་གཟིགས་


GLG008_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གདུང་ལས། སྤྱན་སྔ་གྲགས་པ་བྱང་ཆུབ་ལྟ་བུ་ཡང་། རྒྱལ་བ་ཙོང་ཁ་པའི་བསླབ་སྦྱངས་ཀྱི་ཚུལ་ལ་ཐུགས་ཧ་ལས་པར་གྱུར་ནས། ངེད་ཀྱི་སྐྱེ་ས་འདི་འདྲ་བ་ཞེས་རིགས་རུས་སྲིད་འབྱོར་མཐའ་དག་ནས་མཆོག་ཏུ་གྱུར་པས་ཀྱང་རྒྱལ་བའི་གསུང་རབ་ལ་ཐོས་བསམ་སྒོམ་པའི་གེགས་ཆེན་པོའི་རྐྱེན་དུ་གྱུར་པར་གྲགས་པ་དང་། སྤྱན་སྔ་ངག་གི་དབང་ཕྱུག་དང་། བདག་པོ་འཇམ་དབྱངས་པ་ལྟ་བུའི་མཁས་པ་ཡང་རྒྱལ་སྲིད་ཀྱི་ཆེད་དུ་ཚངས་པར་སྤྱོད་པའི་བསླབ་པ་འབུལ་དགོས་པ་སོགས་རྒྱ་བོད་ཀུན་དུ་རིགས་རུས་དང་སྟོབས་འབྱོར་ལ་བརྟེན་ནས། རབ་ཏུ་བྱུང་སྟེ་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་བགྱིད་པའི་མི་མཐུན་ཕྱོགས་མང་དུ་བྱུང་བའི་ཕྱིར་ན། ཤཱ་རི་བུའི་སྨོན་ལམ་དུ། ཧ་ཅང་ཕྱུག་པོའི་ཁྱིམ་དང་ནི། །དབུལ་པོའི་ཁྱིམ་དུ་མི་སྐྱེ་བར། །བར་མའི་ཁྱིམ་དུ་སྐྱེས་ནས་ཀྱང་། །རབ་ཏུ་བྱུང་བ་བྱེད་པར་ཤོག །ཅེས་པའི་དོན་ལྟར། ཡབ་བཀྲ་ཤིས་རྣམ་རྒྱལ་དང་། ཡུམ་ལྷ་མོ་གཉིས་ཀྱི་སྲས་སུ། འཕགས་ཡུལ་དུ་ཤྲཱི་མུ་ཁ་ཞེས་པ་ཕྱོགས་འདིར་དཔལ་གདོང་དུ་གྲགས་ཤིང་། རྒྱ་ནག་པོའི་གཙུག་ལག་ཏུ་དབང་ཐང་དང་བསྟུན་པ་ཆུ་མོ་བྱའི་ལོ་ལ་སྐུ་བལྟམས་སོ། །དྲི་མེད་སྟོན་གྱི་མཁའ་ལ་འོད་དཀར་ཅན། །ཤར་ཚེ་རིག་སྨྲའི་བྲམ་ཟེ་དགའ་བྱེད་ན། །འཇམ་དཔལ་སྙིང་པོའི་བསྟན་པ་མཛེས་པའི་རྒྱན། །བསྐྲུན་འདི་སྐལ་བཟང་ཡོངས་ཀྱི་དགའ་སྟོན་གནས། །འཁྲུངས་ནས་དགུང་ལོ་ལྔ་དྲུག་མན་དུ། །གུང་ཐང་ནས་བླ་མ་ཞང་གི་གསུང་ལས་མྱུར་དུ་ཤོག་གསུང་བའི་སྣང་བ་དང་། གསང་ཕུ་དབྱར་ཆོས་ལ་འགྲོ་གསུང་བ་སོགས་སྔོན་གནས་རྗེས་དྲན་གྱི་གསུང་མང་དུ་བྱོན། དགུང་ལོ་ལྔ་ལོན་པ་དབང་ཕྱུག་ཅེས་པ་མེ་གླང་གི་ལོ། ཡར་རྒྱབ་ནས་ས་སྐྱ་བདག་ཆེན་སྔགས་འཆང་


GLG008_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་སྤྱན་དྲངས། ཁོང་ཚར་ཆེན་ཆོས་ཀྱི་རྒྱལ་པོ་དང་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་སོགས་བསྟན་འཛིན་ཡིན་ངེས་ཚོར་དགྲར་ལྟ་བ། ཞྭ་སེར་གྱིས་བསམ་ཡས་བར་ཁང་གི་ཞལ་བ་འཕྱི་བའི་རྡོག་ཕྱིས་བྱེད་པ་སོགས་མཛད་པ་སྣ་ཚོགས་ལ་བརྟེན་ཕྱོགས་སུ་མ་ལྷུང་པའི་སྐྱེ་རྒུ་སྤྱི་ལ་བདག་སྨྱོན་ས་རུལ་དུ་གྲགས་ལ། འགའ་ཞིག་སློབ་དཔོན་བཻ་རོ་ཙ་ནའི་སྤྲུལ་པ་ཞེས་བསྔགས་རྗོད་བྱེད་སྣང་བ། སྡེ་པ་སྣང་རྩེ་བའི་ལུང་བསྟན་དུ་འདུག་ཀྱང་། ཁོང་གཏེར་བརྫུས་པ་ཡིན་པར་དགོངས་འདུས་ཀྱི་འགག་སྡོམ་རྩ་བའི་ཆིངས་ལྔ་པར་ཤིན་ཏུ་གསལ་བར་ཡོད་ལ། འཕྲང་འགོ་གཏེར་སྟོན་ཤེས་རབ་འོད་ཟེར་གྱི་ལུང་བསྟན་གབ་རྒྱ་ཅན་ལས་བཻ་རོའི་སྤྲུལ་པར་བསྟན་ཟེར་བ་ཡོད་ངེས་ཁོ་ན་ཡིན་ཚེ། འཕྲང་མགོ་དགེ་བཤེས་པ་ཚད་ལྡན་ཡིན་འདུག་པས། བདག་ཆེན་པའི་མཛད་སྤྱོད་ངན་པ་རྣམས་སེམས་ཅན་ལས་མ་དག་པའི་སྣང་ངོར་ཤར་བའི་དབང་དུ་བྱས་ཏེ། སྐྱེས་བུ་དམ་པར་འབད་པ་ཆེན་པོས་བསྒོམས་ནས་སྨྲ་ན། རྗེ་ཉིད་ཡུམ་གྱིས་ཁུར་ཏེ་མཇལ་བར་ཕེབས་པས། བདག་ཆེན་སྔགས་འཆང་ཆེན་པོའི་གསུང་ལས། ཡུམ་ལ་ཁྱོད་ཀྱི་བུ་འདི་ལ་གཙང་སྦྲ་ཆེན་པོ་གྱིས། མ་འོངས་པ་ན་བསྟན་པ་ལ་ཕན་པ་ཞིག་འོང་བར་འདུག་ཅེས་མ་འོངས་མངོན་སུམ་དུ་མཁྱེན་པའི་བཀའ་སྩལ་གྱི་བསླབ་སྟོན་གནང་ངོ་། །སྐྱེ་མང་མཁས་བཙུན་བཟང་པོའི་སྒྱུ་དྲའི་གར། །སྔོན་གནས་རྗེས་དྲན་ན་ཚོད་ཆེས་ཕྲ་བས། །གསལ་བར་གསུངས་འདིའི་ཐ་མལ་སྐྱེས་བུ་རུ། །རྫུ་བའི་རྫུན་མཚང་དངོས་སུ་སྟོན་པ་བཞིན། །འཁོན་གྱི་རིགས་འཁྲུངས་དཔལ་ལྡན་ས་སྐྱ་པ། །གང་གི་མངོན་པར་མཁྱེན་པའི་མེ་ལོང་དུ། །ཁྱོད་ཀྱི་མཛད་པའི་གཟུགས་བརྙན་ཡོངས་ཤར་པའི། །ཚུལ་འདི་ཀུན་མཁྱེན་ཡེ་ཤེས་གཞན་ལ་


GLG008_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ངོམ། །དགུང་ལོ་བརྒྱད་ལོན་པ་རྣམ་གནོན་ཞེས་པ་ལྕགས་ཕོ་འབྲུག་གི་ལོ་ལ་ས་ལུགས་ཀྱི་དགོན་པ་གྲྭ་བཀྲ་ཤིས་ཆོས་གླིང་དུ། རིན་པོ་ཆེ་བསོད་ནམས་རྒྱལ་མཆོག་པའི་དྲུང་དུ། བསྟན་པ་རིན་པོ་ཆེ་ལ་ཐོག་མར་འཇུག་པའི་སྒོ་སྐྱབས་སུ་འགྲོ་བ་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ། མཚན་ཡོན་ཏན་རྣམ་རྒྱལ་དུ་གསོལ་ཏོ། །ཡོན་ཏན་བྱེ་བའི་གཞིར་གྱུར་ཚུལ་ཁྲིམས་ཀྱི། །སྐྱབས་གསུམ་འཛིན་པའི་དགེ་བསྙེན་བསླབ་པ་ཡིས། །ལྷ་བུའི་བདུད་ཀྱི་དགྲ་ལས་རྣམ་རྒྱལ་བའི། །མི་འགྱུར་གཏན་མདུན་སྒྲུབ་པའི་ཞིང་སར་གཤིན། །དེའི་ཚེ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོའི་ཞབས་ཀྱི་པདྨོ་ལ་སྤྱི་བོས་རེག་ཅིང་གསུང་གི་བདུད་རྩིས་འཚོ་བའི་དྲུང་གནས་དཀོན་མཆོག་པས་ཀློག་གི་སློབ་དཔོན་བགྱིས་ཏེ། གངས་ཅན་གྱི་མཁས་པ་ཐོན་མིའི་གཙུག་ལག་ལྟར་ཀ་འཕྲེང་སུམ་ཅུ་ལས་འོངས་པའི་ཡི་གེའི་བརྡ་དག་རྣམས་ཀྱང་དཀའ་ཚེགས་ཆུང་དུས་འཁྲུལ་མེད་དུ་ཐུགས་སུ་བྱོན། དེ་ནས་མི་རིང་བར། སྲིད་འདིའི་གནས་སྐབས་ཀྱི་བདེ་བ་མཐའ་དག་གློག་འཕྲེང་ལྟར་མི་བརྟན་ཅིང་། ཁྱིམ་དུ་གནས་པ་མེ་འོབས་ལྟ་བུར་སྡུག་བསྔལ་གྱི་འབྱུང་གནས་སུ་དགོངས་ཏེ། དགུང་ལོ་བཅུ་གཉིས་ལོན་པ་ཉི་སྒྲོལ་བྱེད་ཅེས་པ་ཤིང་ཕོ་སྤྲེའུའི་ལོ་ལ། རྒྱལ་བས་ལུང་བསྟན་པའི་དབེན་གནས་ཆོས་འཁོར་རྒྱལ་ལེགས་བཤད་སྒྲོག་པའི་དགའ་ཚལ་གྱི་གྲྭ་ཚང་། ཤིང་རྟ་ཆེན་པོ་ཡབ་སྲས་ཀྱི་བླ་ན་མེད་པའི་ལམ་སྲོལ་ལུང་རིགས་ཀྱིས་གཏན་ལ་འབེབས་པའི་དྭགས་པོ་གྲྭ་ཚང་དུ་ཉེ་དུའི་བཤོལ་འདེབས་སོགས་ངེས་པར་འབྱུང་བའི་བར་ཆད་མི་འཇུག་པའི་སླད་དུ་གསང་སྟབས་ཀྱིས་ཆོས་བྲོས་ལ་ཕེབས། གྲུམ་མདའ་ཆོས་རྗེ་བློ་བཟང་ཆོས་འཕེལ་བའི་དྲུང་དུ་ཚིགས་


GLG008_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བཞེས། མཚན་དཀོན་མཆོག་ཆོས་འཕེལ་དུ་བཏགས་སོ། །རྒྱ་ཆེན་གཙུག་ལག་རིན་ཆེན་དོ་ཤལ་དག །དབྱངས་གསལ་བསྡེབས་ཀྱི་སྲད་བུར་བརྒྱུས་པའི་འཕྲེང་། །མགུལ་པར་བརྒྱན་པའི་མཐོ་རིས་སརྦྦ་ཛྙ། །ཁ་བའི་ལྗོངས་སུ་འོངས་ཞེས་ལྷ་རྣམས་གླེངས། །ཉེས་བརྒྱའི་འབྱུང་གནས་ཁྱིམ་གྱི་ཆུ་གཏེར་ལས། །ངེས་འབྱུང་རྫིངས་ཀྱིས་བདེ་བའི་གནས་བགྲོད་པས། །སྡུག་བསྔལ་སྟེར་བྱེད་མེ་ཏོག་མདའ་ཡི་རླབས། །བློ་བྲིད་ལྦུ་བའི་འཕྲེང་བཅས་རང་སར་ལོག །མདོག་དམར་མཆུ་སྒྲོས་རབ་མཛེས་མཛེས་པའི་བཞིན། །རྣམ་པར་ལེགས་ངོམ་མཐོན་མཐིང་མཐིང་ཁའི་སྐྲ། །ལན་བུ་རབ་གཡོ་གཡོན་མིག་མིག་ཟུར་མདའ། །འཕངས་ཀྱང་ཁྱོད་ཐུགས་སྲ་དེ་དེ་ཕྱིར་བརྟན། །གྲུམ་མདའ་མཁན་པོ་དང་། དངོས་སྟོབས་རིགས་པའི་དབང་ཕྱུག་སློབ་དཔོན་ནམ་མཁའ་རྒྱ་མཚོ། ཡུམ་དོན་གསལ་བའི་སྒྲོན་མེ་སློབ་དཔོན་བྱམས་པ་བརྟན་པ་རྣམས་གྲྭ་ཚང་གི་ལུང་རིགས་སྨྲ་བའི་ཆོས་ཀྱི་ཁྲི་ལ་རིམ་པར་བྱོན་པའི་བར་ལོ་གྲངས་བཅུའི་རིང་། རིགས་གཞུང་རྒྱ་མཚོའི་སྒོ་འཕར་ཅིག་ཅར་དུ་འབྱེད་པའི་བསྡུས་པ་ནས་བཟུང་། འཕགས་ཡུལ་གྲུབ་མཐའ་སྨྲ་བ་བཞི་པོ་སོ་སོའི་ལུགས་ཕྱིན་ཅི་མ་ལོག་པར་སྟོན་པའི་པོ་ཏི་ཕྱི་ནང་ཀུན་བརྒལ་བརྟག་གིས་གཏན་ལ་ཕབ་སྟེ་ཐུགས་ཀྱི་བུམ་བཟང་ཡོངས་སུ་བལྟམས་པར་མཛད་དོ། །གྲུབ་མཐའ་རྣམ་བཞིའི་ལུགས་འཛིན་འཕགས་ཡུལ་གྱི། །མཁས་མང་གཞུང་ལུགས་ཡན་ལག་བརྒྱད་ལྡན་ཆབ། ཁྱོད་བློའི་ལྟོ་བར་བལྟམས་པས་ཀླུ་སྒྲུབ་ཞབས། །གཞན་དོན་ཟོལ་གྱིས་སྒྲ་མི་སྙན་དུ་གཤེགས། །ཆོས་ཀུན་རྣམ་འབྱེད་ཤེས་རབ་ཞགས་པ་ཡིས། །བདེན་གཉིས་མ་ལུས་ཅིག་ཅར་བཅིངས་པ་ན། །སྐབས་གསུམ་ལམ་དེ་རང་གི་ཕ་མཐའི་ཚད། །གཞལ་དོགས་ཆུ་འཛིན་སྟུག་པོས་སྒྲིབ་སྙམ་བྱེད། དེ་སྐབས་ཞལ་སྔ་ནས་ནམ་མཁའ་རྒྱ་མཚོ་དྭགས་པོ་སྐུ་


GLG008_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་རྗེ་དྲུང་ཀརྨ་པ་དབང་ཕྱུག་རྡོ་རྗེའི་དྲུང་དུ་བྱ་མ་ཏར་བཏང་སྐབས། གྲུམ་མདར་ཞག་སའི་ནུབ་མནལ་ལམ་དུ་རྗེ་བཙུན་བྱམས་པ་སྐུ་བོངས་ཚད་ཤིན་ཏུ་ཆེ་བ་ཞིག་གིས་ཕྱག་གཉིས་ཀྱིས་དབུ་རྒྱན་ཕུད་དེ་དབུ་ལ་བཀོན་པའི་མཚན་ལྟས་ཁྱད་པར་ཅན་བྱུང་འདུག་ནའང་། །རྗེ་ཉིད་ནི་རྨི་ལམ་འཁྲུལ་པའི་སྣང་བ་ལ་མི་འབྱུང་བའི་མཐའ་རྙེད་དཀའ་བས་ཏིག་གཏད་ག་ལ་མཆིས་ཞེས་བདག་གིར་མི་མཛད་པ་ནི། སྐུ་ཚེ་འདི་ཉིད་ལ་མཁས་པའི་བྱ་བ་རྣམ་གསུམ་གྱི་མཛད་པ་མཐའ་དག་མངོན་སུམ་དུ་བསྟན་པའི་ཕྱིར་ན། ཉམས་དང་རྨི་ལམ་ཙམ་དང་ཚུལ་བསྟན་ལ་རེ་བ་འཆའ་མ་དགོས་པ་ལ་དགོངས་པ་འདྲ་ཞིང་། ཉེ་བར་བརྟགས་ཚེ། རྒྱལ་བ་ཙོང་ཁ་པ་ཆེན་པོ་དང་། གངས་ཁྲོད་པའི་རིགས་པ་སྨྲ་བ་མཐའ་དག་གི་གཙུག་རྒྱན་སྐད་གཉིས་སྨྲ་བ་བློ་ལྡན་ཤེས་རབ་ཀྱི་གདན་ཁྲི་གཉིས་ལ་ཆབས་གཅིག་ཏུ་ཞབས་ཟུང་གི་པདྨོ་རྣམ་པར་བཀོད། ས་དགེའི་མཁས་པ་ཕལ་ཆེར་གྱི་རལ་པའི་ཟུར་ཕུད་མཛེས་རྒྱན་དུ་འགྱུར་བའི་ལྟས་སུ་མངོན། དེ་སྐབས་རོང་ཆད་དཀར་དུ་ཆོས་རྗེ་རིན་པོ་ཆེ་བྱམས་པ་རྒྱ་མཚོ་ཕེབས་པ་ལ་བླ་མའི་རྣལ་འབྱོར་དང་། ཡར་ཀླུངས་བཀྲ་ཤིས་རྩེར་རྗེ་རྒྱལ་བ་གཉིས་པའི་བསྟན་པའི་གསལ་བྱེད་མཁས་པའི་དབང་པོ་སྒོམ་སྡེ་ནམ་མཁའ་རྒྱལ་མཚན་གདན་དྲངས་སྐབས་གྲྭ་ཚོགས་དང་ལྷན་དུ། ཟབ་མོ་རྟེན་ཅིང་འབྲེལ་པར་འབྱུང་བ་གསུང་པ་ལ་བསྟོད་པའི་ཊཱི་ཀ་སོགས་དམ་པའི་ཆོས་ཀྱི་དཀའ་འགྲེལ་གསན་ཅིང་། རྒྱལ་དབྱར་ཆོས་ཤིག་གི་སྐབས། སྐུ་ཚེ་དེ་ཉིད་ལ་ཟུང་འཇུག་གི་གོ་འཕང་མངོན་དུ་མཛད་པའི་སྙིགས་དུས་ཀྱི་གྲུབ་པའི་དབང་ཕྱུག་ཆེན་པོ་མིང་དང་དོན་མཐུན་པ་ན་ཁ་དཀའ་བཅུའི་དྲུང་དུ་ཐོག་མཐའ་བར་དགེའི་ལུང་གསན་ཏོ། །གསུང་


GLG008_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ལུས་ཕྲར་ཆགས་པའི་དམར་བའི་ལྕེ། །ཚིག་དོན་ལང་ཚོ་ངོམ་པའི་ལྕགས་ཀྱུ་ཡིས། །ཤེར་ཕྱིན་སྦས་དོན་མཐའ་དག་བཀུག་གོ་ཞེས། །གྲགས་སྙན་དབྱངས་ཀྱིས་འཆི་མེད་ཡུལ་དུ་བསྙེགས། །རྒྱལ་བའི་བསྟན་པ་མ་ལུས་འདེགས་པའི་ཁུར། ཁྱོད་ཉིད་གཅིག་པུས་ཁྱོགས་ལ་བླངས་པ་ན། །མི་ཕམ་མགོན་དེས་ཅོད་པན་ཉེར་གཏད་ནས། །ཞི་བའི་དབྱིངས་སུ་ངལ་གསོ་མཛད་ཀྱི་དོགས། །བརྒྱ་ཕྲག་ཐབས་ཀྱིས་ཐོས་པའི་སྒྲོ་འདོགས་ཀུན། །གཅོད་ཕྱིར་ངལ་བརྒྱ་ལྷུར་ལེན་སྙིང་སྟོབས་ཀྱིས། །ནཱ་རོ་ཏ་པའི་དཀའ་སྤྱད་དྲག་པོ་ལ། །ཆེས་ཆེར་གདུང་བའི་མོས་པ་ལྷོད་པོར་བྱས། །དེ་ནས་དགུང་ལོ་ཉེར་གཅིག་ལོན་པ་རྣམ་རྒྱལ་ཞེས་པ་ཆུ་མོ་སྦྲུལ་གྱི་ལོ། ས་གཞིའི་དབང་ཕྱུག་དྲུང་ཆེན་རིན་པོ་ཆེ་ཏའི་སྭི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས། དྭགས་པོའི་བཀའ་བརྒྱུད་ཀྱི་ཕྱོགས་སུ་སྔོན་ཆད་བཤད་གྲྭའི་སྲོལ་མ་མཆིས་པ་དག་བསྟན་པ་རིན་པོ་ཆེའི་བཙས་སུ་སྤེལ་བར་བཞེད་ནས། ཕྱག་དར་ཏེ་འདེབས་པར་མཛད་པའི་ཆོས་གྲྭ་ཆེན་པོ་དཔལ་གྱི་རྩེས་ཐང་ཞེས་རིགས་པ་སྨྲ་བའི་མཁས་མང་རྒྱ་མཚོ་འདུ་བའི་དབུས་སུ་ཕར་ཚད་གཉིས་ཀྱིས་ཐོག་དྲངས་པའི་རྒྱ་གར་མཁས་པའི་ཞལ་ལུང་ལས་འོངས་པའི་བཀའ་པོད་ཀྱི་ཚིག་དོན་ཕྱིན་ཅི་མ་ལོག་པར་འགྲེལ་བའི་གསུང་བཤད་དང་། ཕྱིར་རྒོལ་བ་རྣམས་ཀྱི་རིགས་པའི་ཐལ་འགྱུར་གྱི་མཚོན་སྣོན་པོས་ཅུང་ཟད་ཀྱང་གཞོམ་གཞིག་དང་བྲལ་བའི་དམ་བཅའ་སོགས་ཀྱི་རབ་འབྱམས་གྲྭ་བསྐོར་མཛད་པས། ཕྱོགས་དེར་འཁོད་པའི་རིས་བྲལ་གྱི་མཁས་པ་མཐའ་དག་ཐུགས་ལྷག་པར་ཕྲོགས་ཤིང་། ཁྱད་པར་ཀར་ལུགས་ཀྱི་རབ་འབྱམས་པ་སྨྲ་སེང་དང་རྩོད་པ་མཛད་པས། མགྲིན་སྔོན་ཅན་གྱི་མདས་གྲོང་ཁྱེར་སུམ་


GLG008_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་བཅོམ་པ་ལྟར། ཆོས་ཀྱི་འགྲོ་བས་མིང་གི་ལྷག་མ་ལྟར་མཛད་པའི་སྙན་གྲགས་ཕྱོགས་ཀྱི་བུ་མོའི་མགྲིན་པར་བླངས་པས། རོང་ཆད་དཀར་དུ་ཞབས་དྲུང་ཁྲི་ཆེན་ལྷག་པར་ཐུགས་དགྱེས་པའི་ངོས་མཇལ་སྐབས་ལེགས་སོའི་བྱ་དགའ་ཆེན་པོ་སྩལ། དེ་དུས་ཆོས་རྗེ་རིན་པོ་ཆེ་རྡོ་རྗེ་འཛིན་པ་དཔལ་འབྱོར་ལྷུན་གྲུབ་ཀྱང་ཡོན་བདག་རབ་འབྱམས་པ་ཞེས་དྭགས་པོ་གྲྭ་ཚང་གི་དགེ་བཤེས་ཆེ་ཁད་ཡོད་འདུག་པ་ལ། དཀོན་མཆོག་གསུམ་གྱི་དཀའ་གནས་ལས་བརྩམས་པའི་འཛིན་ཆོས་དང་། ལེགས་པར་སྦྱར་པ་ཀ་ལཱ་པའི་འཚམས་སྦྱོར་ལྔ་པའི་གསན་པ་མཛད། དེ་ནས་བཅོམ་ལྡན་འདས་དཔལ་གསང་བ་འདུས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་འགྲོ་བ་ཡོངས་ཀྱི་ཐུན་མོང་དུ་སྤྱོད་པའི་སྣང་ངོར་འདུས་པའི་སྡེ་ཆེན་པོའི་གཟུགས་སུ་ཤར་བ་རྒྱལ་མེ་ཏོག་ཐང་དུ། མངའ་དྭགས་གཉིས་སོགས་ཀྱི་རིགས་པ་སྨྲ་བ་བགྲང་ཡས་པ་ཚོགས་པའི་དབུས་སུ། སཱ་ལའི་ལྗོངས་འདིའི་མཚན་ཉིད་པ་མཐའ་དག་ལ་གྲགས་པའི་གཞུང་ཆེན་པོ་ཀུན་ལ་གསུང་བཤད་དང་དམ་བཅའི་ལེགས་པར་བཤད་པའི་དབྱངས་ཀྱི་པི་ཝང་མཁས་པ་ཡོངས་ཀྱི་རྣ་བའི་རྒྱན་དུ་བརྡུང་བར་མཛད། དེ་ཞོར་རྒྱལ་རི་ཁྲོད་དུ་བླ་མ་ཁྱུང་པོ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་བཞི་གསན་ཏོ། །ཆེས་ཕྲའི་ན་ཚོད་དཀར་བའི་ཟླ་ཚེས་གང་། །ཐོས་བསམ་བཅུ་དྲུག་ཆ་ཤས་ཡོངས་རྫོགས་པའི། །རྒན་པོའི་བློ་འཆང་གཞོན་ནུའི་ཚུལ་འཛིན་འདི། གདོང་དྲུག་སུམ་རྩེན་སྙེགས་པའི་ཟོལ་གྱིས་སོང་། །རྒོལ་ངན་ལོག་སྨྲའི་འགོག་པའི་བརྟུལ་ཞུགས་ཀུན། །དངོས་སྟོབས་རིགས་པའི་མེ་ཏོག་མདས་བཤིག་ཚེ། །


GLG008_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་ལྔ་པ་དང་ཁྱོད་ཀྱི་སྣང་ཚུལ་ལ། །རགས་པའི་ལུས་ཀྱིས་ཁྱད་པར་བྱས་པ་བཞིན། །དེའི་ཚེ་དྭགས་པོ་ལྷོ་སྡིངས་ནས་ཆོས་ཀྱི་རྗེ་ནམ་མཁའ་རྒྱ་མཚོའི་གསུང་ལས། ཉིད་སྔར་ཕན་རྒྱལ་བའི་གསུང་རབ་རྣམས་ལ་ཐོས་བསམ་གྱིས་ལེགས་པར་གཏན་ལ་ཕབ་ནའང་། དེ་ཙམ་གྱིས་ཡིད་ཚིམ་པར་བྱ་མི་རིགས་པས། དེང་སང་བོད་ཁ་བ་ཅན་གྱི་བསྟན་པའི་སྙིང་པོ་གནས་པའི་ས། རྗེ་རྒྱལ་བ་གཉིས་པའི་གདན་ས་རིན་པོ་ཆེས་ཐོག་དྲངས་པའི་བཤད་སྒྲུབ་ཀྱི་འདུས་སྡེ་ཕལ་ཆེར། དགེ་བཅུའི་ཡོན་ཏན་ཡོངས་སུ་རྫོགས་པའི་སྐྱིད་ཤོད་ཕྱོགས་སུ་ཡོད་པ་དང་། ཁྱད་པར་མདོ་རྒྱུད་བསྟན་པའི་རྩ་ལག་ཆོས་ཀྱི་རྗེ་རིན་པོ་ཆེ་དཔལ་འབྱོར་རྒྱ་མཚོའི་དྲུང་དུ། མདོ་སྔགས་ཀྱི་སྒྲོ་འདོགས་གཅོད་དགོས་ཚུལ་སོགས་ཀྱི་གསུང་གིས་ནན་ཏར་བསྐུལ་བ་ལ་བརྟེན་ནས། དགུང་ལོ་ཉེར་གཉིས་ལོན་པ་རྒྱལ་བ་ཞེས་པ་ཤིང་རྟ་ལ་སྐྱིད་ཤོད་དུ་ཕེབས་ཏེ། ཐོག་མར་ལྗོངས་འདིའི་མཉམ་མེད་ཟས་གཙང་གི་སྲས་པོའི་བསྟན་པའི་རྩ་ལག །དཔལ་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭ་ཆེན་པོ་མཛེས་པར་བྱེད་པའི་རྒྱན་གཅིག །ཚད་མ་རིག་པའི་ཆུ་ཀླུང་མཐའ་དག་གཅིག་ཏུ་འདུ་བའི་དཔལ་ར་བ་སྟོད་དུ། འཇམ་དབྱངས་གཞོན་ནུ་མཐོན་མཐིང་རལ་བའི་ཟུར་ཕུད་དོར་ཏེ་ངུར་སྨྲིག་གི་ཟོལ་ལ་ཉེ་བར་བརྟེན་པའི་ཆོས་ཀྱི་རྗེ་བློ་གྲོས་རྒྱ་མཚོའི་ཞབས་ལ་བཏུད་དེ། སྔོན་ནས་ཐུགས་སུ་ལེགས་པར་བྱོན་ཟིན་ནའང་། དྲུང་ཆེན་ལེགས་བཟང་བའི་ལུགས་ཀྱི་རིགས་པའི་དབང་ཕྱུག་གི་གཞུང་འདི་ལ་གཞན་ལ་མེད་པའི་ཁྱད་ཆོས་དུ་མ་དང་ལྡན་པའི་སྙན་པ་ལ་བརྟེན་ནས། རྗེ་བཙུན་ས་པཎ་གྱིས། རང་བློ་ཤེས་བྱ་ཀུན་ལ་མ་སྦྱངས་ན། །ཐམས་ཅད་


GLG008_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ་ནམ་མཁའི་མཐའ་ལས་རིང་། །དེ་ལྟར་དགོངས་ནས་རྒྱལ་དང་མཁས་རྣམས་ཀྱིས། །ཤེས་བྱའི་གནས་རྣམས་སྦྱོངས་ཞེས་ལེགས་པར་གསུངས། །ཞེས་པའི་དོན་ལྟར། རྒྱས་པའི་བསྟན་བཅོས་ཚད་མ་རྣམས་འགྲེལ་གྱི་ཚིག་དོན་མཐའ་དཔྱོད་ཀུན་ལ་བསླབ་སྦྱངས་ཀྱིས་པཎ་ཆེན་ལྷ་ཤཱཀ་གཉིས་ཀྱི་རྣམ་ཐར་ཀུན་རང་གིར་མཛད། ཆོས་མཚམས་ཀྱི་བར་ཐམས་ཅད་ལ་རྗེ་ཞལ་སྔ་ནས་སྟག་ལུང་བྲག་པའི་དྲུང་དུ་བྱང་ཆུབ་ལམ་རིམ་ཆེན་མོའི་བཟབས་བཤད་གསན། དེ་ནས་དྲང་སྲོང་ཆུ་ལྷའི་བུའི་བདེན་ཚིག་གི་མཐུས་ཉལ་འགྲོ་མཐའ་དག་སྨན་གྱི་རོ་མངར་པོ་འཐུལ་བའི་འབྲས་ལྡན་དུས་ཀྱི་དགའ་སྟོན་ལ་བབས་པའི་ཚེ། འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ། དུས་དེའི་ཚེ་རྒྱལ་བ་གཉིས་པའི་བསྟན་འཛིན་ཀུན་གྱི་གཙུག་ན་མངོན་པར་མཐོ་བའི་ཆོས་རྗེ་རིན་པོ་ཆེ་དཔལ་འབྱོར་རྒྱ་མཚོའི་དྲུང་དུ་ཕེབས་ཏེ། སྔར་ནས་ཐུགས་སུ་བྱོན་པའི་ཕར་ཚད་སོགས་དང་། གཙོ་བོར་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། མདོ་སྡེ་ཐམས་ཅད་ཀྱི་ཟ་མ་ཏོག །གསང་བ་འདུས་པའི་རྒྱུད་སྡེའི་བཤད་སྲོལ། སྔ་རབས་པ་ཕལ་ཆེར་གྱི་སྤྱོད་ཡུལ་དུ་མ་གྱུར་བ། རྗེ་རྒྱལ་བ་གཉིས་པའི་ལེགས་པར་བཤད་པའི་བདུད་རྩིའི་བགོ་སྐལ་ཡང་དག་པར་བླངས་སོ། །ཕུན་ཚོགས་དགེ་བཅུའི་ངོ་མཚར་ཡོངས་གང་ཞིང་། །ཤཱཀྱའི་བསྟན་པའི་འབྱུང་གནས་སྐྱིད་ཤོད་དུ། །ཡོངས་འཛིན་བླ་མའི་བཀའ་བཞིན་ཉེར་ཕེབས་ཚེ། །འདབ་བཟང་དབང་པོའི་བགྲོད་པའི་ཚུལ་ལ་འགྲན། །གཞུང་ལུགས་ཁ་བའི་རྡུལ་བརྩེགས་ནེའུ་ཐོག །མཛེས་བྱེད་པཀྵུའི་ཀླུང་ཆེན་ར་བ་སྟོད། །འཇམ་དབྱངས་སྨྲ་བའི་དབང་པོའི་མདུན་ས་དེར། །དངོས་སྟོབས་


GLG008_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པའི་བཏུང་བ་ཡུན་དུ་བསྟེན། །མི་ཕམ་མགོན་པོའི་ཕོ་བྲང་འཛིན་མ་འདིར། །འཕོས་འདྲར་གསང་བ་སྔགས་ཀྱི་ཐོས་བསམ་གྱིས། །རྒྱུད་ཀུན་འདི་ཉིད་གཅིག་པུས་བདག་བྱེད་ཅེས། །གསང་སྔགས་ཕལ་ཆེར་མཁའ་འགྲོའི་མཛོད་དུ་སྦས། །དེ་ནས་དགུང་ལོ་ཉེར་བཞི་ལོན་པ་གདོང་ངན་ཞེས་པ་མེ་ཕོ་སྤྲེའུའི་ལོ་འགྲོ་བའི་བླ་མ་ཤཱཀྱ་སེང་གེས་ངོ་མཚར་བའི་ཆོ་འཕྲུལ་གྱི་བཀོད་པ་མཐའ་ཡས་པ་བསྟན་པའི་དུས་སྟོན། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་རྗེ་བདག་ཉིད་ཆེན་པོའི་ཕྱག་ལེན་གྱི་སྲོལ་མ་ཉམས་པ་སྨོན་ལམ་ཆེན་མོའི་དུས། ཆོས་རྗེ་རིན་པོ་ཆེ་དཔལ་འབྱོར་རྒྱ་མཚོ་ཉིད་ཀྱིས་མཁན་སློབ་ཅིག་ཅར་དུ་མཛད་ཅིང་། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་རྒྱུ་སྐར་ཤར་བའི་ཚེ། ཚངས་པར་སྤྱོད་པ་རྣམས་ཀྱི་མཆོག་ཡོངས་སུ་རྫོགས་པ་དགེ་སློང་གི་དངོས་པོ་མནོས་ཏེ། ངུར་སྨྲིག་འཛིན་པ་རྣམས་ཀྱི་བླ་ན་མངོན་པར་མཐོ་བར་གྱུར་ཏོ། །བོད་ཡུལ་དབུས་འགྱུར་ར་ས་འཕྲུལ་སྣང་དུ། །འཚམས་སྤྲིན་བླ་གོས་གསར་པས་དཀྲིས་པ་ན། །འདུལ་འཛིན་ཡོངས་ཀྱི་གཙུག་ན་མཐོའོ་ཞེས། །འཆི་མེད་དབང་པོའི་མདུན་སར་ལྷ་རྣམས་གླེང་། །བླ་མ་དེ་ཉིད་ཀྱིས་འཁོར་ལོ་སྡོམ་པ་ལཱུ་ཨི་པའི་དཀྱིལ་འཁོར་དུ་བཅུག་སྟེ་སྨིན་པར་མཛད། དེ་ནས་ཆོས་གྲྭ་ཆེན་པོ་གསང་ཕུ་ནེའུ་ཐོག་ཏུ་གསུང་བཤད་དང་ཐལ་འགྱུར་གྱི་འཕྲེང་བས་དཔྱོད་ལྡན་ཡོངས་ལ་སྐྱེས་ཀྱི་ཕུལ་དུ་བྱུང་བ་གཞུང་ལུགས་ཀྱི་དོན་སྩལ་བ་དང་། རྒོལ་ངན་རྣམས་སྨྲ་བའི་སྤོབས་པ་འཕྲོག་པ་ལྷན་ཅིག་ཏུ་མཛད་དེ། ལྷ་སར་སྐབས་གསུམ་པའི་རིགས་ལས་ཆད་པ་གཉོས་ཀྱི་གདུང་ལས་ལྷ་རིན་པོ་ཆེ་ལྷ་དབང་རྒྱ་མཚོ་བ་ལ་གྲུབ་ཆེན་བིཪྺ་པ་ནས་བརྒྱུད་པའི་


GLG008_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་གསན། ལམ་འབྲས་ཀྱི་ཆ་ལག་རླུང་ལ་བརྟེན་པའི་ཚེ་སྒྲུབ་དེ་ཡིན་པ་འདྲ། དེ་ནས་ཆོས་རྗེ་རིན་པོ་ཆེ་བསོད་གྲགས་པས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་དུ། མཁའ་ལ་ཉི་ཟླ་བཞིན་དུ་སླར་ཡང་རྒྱུད་ཀྱི་བཤད་གྲྭ་གཉིས་པ་བྱུང་ཚུལ་ནི། ཞེས་བསྔགས་པ་ཆེས་ཆེར་མཛད་པ་ཕ་རྒྱུད་འདུས་པའི་ལམ་སྲོལ་འཛིན་པ་ལ་ཨིནྡྲ་བྷཱུ་ཏི་རྒྱལ་བློན་རབ་ཏུ་བྱུང་བའི་ཚུལ་གྱིས་བྱང་ཕྱོགས་ཀྱི་གཞི་འདིར་འཕོས་པ་ལྟ་བུའི་སྟོད་རྒྱུད་མཁས་འདུས་ཀྱི་གྲྭ་ཚང་གི་ཆོས་ཀྱི་ཁྲི་ལ་ཆོས་རྗེ་ཆོས་གཉེར་གྲགས་པ་བཞུགས་སྐབས་ཕེབས་ཏེ། ལོ་གསུམ་གྱི་རིང་འདུས་པའི་རྒྱུད་འགྲེལ་མཐའ་དག་ལེགས་པར་སྦྱངས་པའི་ཕུལ་དུ་ཕྱིན་པར་གྱུར། དོལ་ཆོས་རྫོང་གི་མཁན་པོ་སྲིད་སྒྲུབ་གཉིས་པ་ལྟ་བུའི་དྲུང་དུ། དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་གཏན་ལ་འབེབས་པའི་ཡན་ལག་རྩིས་ཀྱི་གཙུག་ལག་ལས་ལྔ་བསྡུས་ཀྱི་ཕྱག་ཁྲིད་ཞུས། དེ་སྐབས་ཆོས་ཀྱི་རྗེ་དཔལ་འབྱོར་རྒྱ་མཚོ་ཞིང་ཁམས་གཞན་དུ་འཕོ་བ་ལ་ཐུགས་ཉེ་བར་གཞོལ་ཏེ། ཕྱི་རྟེན་གྱི་ཆེད་དུ་བདོག་པའི་དངོས་པོ་སྒྲུབ་པའི་འབུལ་སྡུད་དུ་འབྱོན་དགོས་པའི་བཀའ་ཕེབས་པ་ལྟར། བསོད་ནམས་ཀྱི་ཚོགས་གསོག་པའི་ཞིང་དམ་པར་དགོངས་ཏེ། དགུང་ལོ་ཉེར་བརྒྱད་ལོན་པ་ཀུན་ལྡན་ཞེས་པ་ལྕགས་ཕོ་བྱི་བའི་ལོ་ལ་བར་ཁམས་ཕྱོགས་སུ་ཕེབས་ཏེ། ནག་རྒྱས་སོགས་ཀྱི་ཡུལ་གྲུར་ཟླ་བ་བཅུ་བཞིའི་རིང་ཆོས་དང་ཟང་ཟིང་གི་རྣམ་པར་དཀར་བའི་འཕྲིན་ལས་བླ་ལྷག་ཏུ་བསྐྱངས། རྟ་ཚག་རྗེ་དྲུང་ལྷ་དབང་ཆོས་ཀྱི་རྒྱ་མཚོ་ལ་དམར་པོ་སྐོར་གསུམ་གྱི་རྗེས་གནང་། སྤག་ཤོད་ཆོས་རྗེ་རིན་ཆེན་རྒྱ་མཚོ་ལ་བྱང་ཆུབ་ལམ་རིམ་ཆེན་མོའི་སྤྱོད་པ་སྤྱི་སློབ་ཡན་གྱི་ལུང་།


GLG008_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ལྷ་བསོད་ནམས་རྣམ་རྒྱལ་བ་ལ་ཆོས་ཀྱི་འགྲེལ་པ་གསན། མི་རིང་བར་མཁོ་དགུའི་འབྱོར་པ་ཇི་སྙེད་པ་དང་བཅས་ཏེ་སྐྱིད་ཤོད་དུ་ཕེབས། ཆོས་རྗེ་རྒྱལ་ཁང་རྩེ་བ་ཉིད་ཞིང་གཞན་དུ་གཤེགས་གྲུབ་ནའང་། བླ་ན་མེད་པའི་དགོངས་པ་རྫོགས་ཐབས་སུ་ཟང་ཟིང་གི་ཡོ་བྱད་ལྷག་མ་ལུས་པར་ལེགས་བྱས་ཀྱི་སྨན་ཡོན་སྐྲུན་པའི་ཐབས་ཁོ་ནར་བསྒྱུར་ཞིང་། དངུལ་གདུང་ཡང་གེགས་མེད་པར་གྲུབ་བོ། །ལེགས་བྱས་ནོར་བུའི་གན་མཛོད་བླ་མ་རྗེའི། །བཀའ་བཞིན་སྒྲུབ་པའི་དད་པའི་ལྡེ་མིག་གིས། །དངོས་གྲུབ་སྒོ་གླེགས་རྣམ་པར་བཀྲལ་བ་ན། །རྟག་ཏུ་ངུ་ཡི་བརྩོན་པ་ལྷོད་པོར་བྱས། །དེ་ནས་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཆོས་ཁྲིམས་སྐབས། ཆོས་རྗེ་རིན་པོ་སངས་རྒྱས་རིན་ཆེན་པ་ལ། བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེའི་དབང་བཞི་དང་། རྒྱལ་བ་ཙོང་ཁ་པའི་གསུང་འབུམ་ཐོར་བུའི་ལུང་། གླིང་སྨད་ཆོས་རྗེ་དོན་གྲུབ་སེང་གེ་ལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་དང་། ཀུན་རིག་གི་དབང་གསན། དེ་ཡང་ཆོས་རྗེ་རྒྱལ་ཁང་རྩེ་པའི་ཞལ་ཆེམས་སུ། ཆོས་རྗེ་བློ་གྲོས་རྒྱ་མཚོ་ལ། ཁྱེད་ཀྱི་རྗེས་སུ་ར་བ་སྟོད་ཀྱི་འཆད་ཉན་བྱམས་གླིང་རབ་འབྱམས་པ་འདི་པས་ལུགས་གཉིས་ཐད་ནས་ཕེར་པ་ཡོད་པས་སྐོས་གསུང་བ་དང་། རྗེ་ཉིད་རྩེས་ཐང་དུ་གྲྭ་བསྐོར་ལ་ཕེབས་སྐབས། ཆོས་རྗེ་སྟག་ལུང་བྲག་པ་དང་མཇལ་བར། སྔར་ནས་ཐུགས་འདྲིས་ཆེ་བ་མེད་ནའང་། རབ་འབྱམས་པ་འདི་ངེད་རང་གི་གྲྭ་པར་བྱུང་ན་ར་བ་སྟོད་ཀྱི་འཆད་ཉན་འོང་བ་འདྲ་སྙམ་པ་ལྷན་སྐྱེས་སུ་བྱུང་འདུག་པ་སོགས་རྟེན་འབྲེལ་གྱི་ཆོས་ཉིད་རང་འགྲིག་ཏུ་གྱུར་པ་


GLG008_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྔོན་གྱི་རྣམ་པར་དཀར་བའི་སྨོན་ལམ་གྱི་འབྲེལ་བའི་མཐུས། དགུང་ལོ་སུམ་ཅུ་ལོན་པ་དགེ་བྱེད་ཅེས་པ་ཆུ་ཕོ་སྟག་གི་ལོའི་ཧོར་ཟླ་བརྒྱད་པའི་ཚེས་བཅུ་དགུ་གཟའ་སྐར་དུས་སྦྱོར་ཕུན་སུམ་ཚོགས་པའི་ཉིན། དངོས་སྟོབས་རིགས་པ་སྨྲ་བའི་ཆོས་ཀྱི་ཁྲི་ལ་མངོན་པར་འཛེགས་སོ། །རིང་ནས་གོམས་པའི་སྨོན་ལམ་མདོག་ལྔ་པ། །ཐ་སྙད་རྟེན་ཅིང་འབྲེལ་འབྱུང་རླུང་ཤུགས་ཀྱིས། །འཆད་རྩོད་རྩོམ་པའི་གདན་ཁྲིའི་ཀུན་གསལ་ལ། །འགོག་མེད་རྒྱུ་སྟེ་དངོས་པོའི་གཤིས་ལུགས་མཚར། །རབ་དཀར་ཙན་དན་གཞོན་ནུའི་སྡོང་པོ་ལས། །ག་བུར་ཐིགས་པ་འཛག་ལ་མཚར་དུ་ཅི། །འཁྲུལ་མེད་མངོན་སུམ་རྗེས་དཔག་ཚད་མ་ཡིས། །བརྟན་གཡོའི་ཆོས་ཚུལ་རི་མོར་བྲིས་མིན་ནམ། །བོད་ཡུལ་སྔ་རབས་ཕལ་གྱི་དམ་བཅའི་རི། །གནམ་ལྕགས་རིགས་པའི་ཐོག་མདས་གསིལ་བ་ན། །རིགས་པའི་དབང་ཕྱུག་ཕྱོགས་ཀྱི་གླང་པོ་དེ། །རང་ཉིད་ཞི་བདེར་གཞོལ་བའི་ཐུགས་བསྐྱེད་སྙམ། །དེ་སྐབས་བསྟན་བཅོས་ཚད་མ་རྣམ་འགྲེལ་གཙོ་བོར་གྱུར་པའི་གྲུབ་མཐའ་གོང་འོག་རྣམས་ཀྱི་གཞུང་ལ་བཤད་ཉན་ཆེས་ཆེར་འཕེལ་བར་བརྟེན། དགེ་བའི་བཤེས་གཉེན་ནམ་མཁའ་ལ་རྒྱུ་སྐར་གྱི་འཕྲེང་བ་འཁྲིགས་པ་ལྟ་བུར་གྱུར་ཅིང་། ཐུབ་བསྟན་བཤད་སྒྲུབ་ཀྱིས་འཛིན་སྐྱོང་སྤེལ་བར་ནུས་པའི་མཁས་པའི་གྲགས་སྙན་དང་ལྡན་པ་གདན་ས་ཆེན་པོ་རི་བོ་དགའ་ལྡན་གྱི་འཇིགས་མེད་སེང་གེའི་ཁྲི་ལ་འཛེགས་ཤིང་མདོ་རྒྱུད་རྒྱ་མཚོའི་ཕ་མཐར་སོན་པ་སྲས་ཁང་སྐུ་སྐྱེ་ངག་དབང་ཆོས་ཀྱི་རྒྱལ་མཚན། རྒྱུད་སྟོད་སོགས་མདོ་སྔགས་ཀྱི་བཤད་གྲྭ་དུ་མའི་ཆོས་ཁྲི་ལ་འཛེགས་པ་སློབ་དཔོན་བློ་


GLG008_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་བསྟན་འཛིན། ར་བ་སྟོད་ཀྱི་སློབ་དཔོན་བྱང་གླིང་རབ་འབྱམས་པ་བློ་གྲོས་རྒྱལ་མཚན། སྐྱོར་མོ་ལུང་གྲྭ་ཚང་གི་སློབ་དཔོན་པ་དོན་གྲུབ་རིན་ཆེན། དྭགས་པོ་གྲྭ་ཚང་གི་སློབ་དཔོན་བྱམས་པ་ཆོས་མཆོག །སེ་ར་བྱེས་གྲྭ་ཚང་གི་སློབ་དཔོན་པ་འཕྲིན་ལས་བསམ་གྲུབ། མདོ་རྒྱུད་ཀུན་ལ་བློ་གྲོས་ཀྱི་རྩལ་ཡོངས་སུ་རྫོགས་ཤིང་ཐ་སྙད་རིག་པའང་བློ་གྲོས་ཀྱི་འཇུག་པས་ཕྱོགས་ཙམ་རིག་པ་ད་ལྟའི་འོལ་ཁ་བསམ་གླིང་སློབ་དཔོན་པ་བསྟན་པ་རྒྱ་མཚོ། རྫིང་ཕྱི་མཁན་པོ་དགེ་འདུན་རྣམ་རྒྱལ། གཞན་ཡང་རབ་འབྱམས་པ་ལྷ་དབང་བློ་གྲོས། རབ་འབྱམས་པ་སྤྱན་རས་གཟིགས། རབ་འབྱམས་པ་བྱམས་པ་རྣམ་རྒྱལ་སོགས་བཀའ་རབ་འབྱམས་སྨྲ་བ་མང་དུ་ཐོས་པའི་ཡོན་ཏན་གྱིས་ཕྱུག་པ་བགྲང་ཡས་པ་བྱུང་བ་དག་ནི། བླང་དོར་ཚུལ་བཞིན་དུ་ཤེས་པའི་གཟུར་གནས་ཤིག་གིས་བརྟགས་ཚེ། བསྟན་པ་སྤྱི་དང་། ཁྱད་པར་རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེན་པོའི་བསྟན་པ་ལ་སྲིད་དང་ཟང་ཟིང་ཙམ་མ་ཡིན་པའི་དོན་སྙིང་པོའི་བྱ་བ་ཡང་དག་པར་མཛད་པ་ཡིན་ནོ། །དེ་ནས་དགུང་ལོ་སོ་གཅིག་པ་མཛེས་བྱེད་ཅེས་པ་ཆུ་ཡོས་ལ་ར་བ་སྟོད་སྨད་ཐུན་མོང་གི་དྲུང་ཆེན་གྱི་ཁྲི་ལ་ཕེབས། མི་རིང་བར་ཡུལ་ལྷོ་ཕྱོགས་སྨན་གྱི་ནགས་ལྗོངས་ཡར་ཀླུངས་ཕྱོགས་སུ་ཆོས་དབང་བཏེག་སྐབས། ཐོོག་མར་མཁར་ཐོག་ནས་དཔོན་སས་གྱ་ནོམ་པའི་བསྙེན་བཀུར་དང་། བཀའ་ཆོས་ཀྱི་འབྲེལ་བ་ཞུ་བ་མཛད། དེ་ནས་ཕོ་བྲང་ཆེན་པོ་སྣེའུ་གདོང་རྩེར། གོང་མ་མིའི་དབང་པོའི་ཕྱག་འབུལ་ལ་ཕེབས་སྐབས། དཔོན་སློབ་ཚང་མར་བདག་རྐྱེན་མགོ་འདྲེན་ཡང་དག་གནང་ཞིང་། རིམ་གྱིས་འཕྱོང་རྒྱས་སུ་ཕེབས་པར།


GLG008_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

གྲྭ་ཚང་ལ་བསྙེན་བཀུར་དང་། སྤྱིར་གྲྭ་ཚང་གི་སློབ་དཔོན་གྱི་རིགས་ལ་གདན་བཟོས་སོགས་མངོན་ཐོགས་པའི་སྲོལ་མི་འདུག་ནའང་། རྗེ་ཉིད་ལ་ཚེས་བཅུ་ཆེན་མོའི་གཟིགས་མོའི་ཉིན། ཞལ་ངོ་རྣམས་ཀྱི་བཞུགས་གདན་གྱིས་ཕྱེད་ཙམ་དུ་སླེབ་པའི་གདན་བཟོས། ནང་རྟེན་གྱི་མཇལ་ཁ་སོགས་བདག་རྐྱེན་ཕུལ་དུ་བྱུང་བའི་ཐུགས་ཡིད་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ཅིང་། སྤྱན་གཡས་སུ་ཁྲོམ་དབང་། སྤྱིར་གྲྭ་ཚང་གི་ཆོས་ཐོག་རྣམས་སུ་སྤྱི་ཆོས་ལ། མཉམ་མེད་ཇོ་བོ་ཡབ་སྲས་ཀྱི་གསང་ཆོས་གླེགས་བམ་རིན་པོ་ཆེ། བྱང་ཆུབ་ལམ་གྱི་རིམ་པ། རྗེ་བླ་མའི་གསུང་འབུམ་ཐོར་བུ་སོགས་ཟབ་རྒྱས་ཆོས་ཀྱིས་གདུལ་བྱའི་ཡིད་ཀྱི་རེ་བ་ཡོངས་སུ་གང་བར་མཛད། ཕྱིར་ལམ་གནས་ལྔ་རིག་པའི་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲའི་ཆོས་ཀྱི་གདན་ཁྲི་ལ་མངོན་པར་འཛེགས་པའི་ཇོ་གདན་མཁན་པོ་རིན་ཆེན་རྒྱལ་མཚན་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་ལུང་དང་། གདུགས་དཀར་གྱི་དབང་གསན། དེ་ནས་གཡས་རུ་གཙང་གི་ཕྱོགས་ནས་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་དབུས་ཕྱོགས་སུ་ཕེབས་ཏེ། དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་པོར་བཞུགས་པའི་དྲུང་དུ་མཇལ་བར་ཕེབས་ནས། སྤྱན་རས་གཟིགས་ཕྱག་བཞི་པ་དང་། མི་གཡོ་བའི་རྗེས་གནང་གསན། མི་རིང་བར་སྡེ་པ་གཙང་སྟོད་པའི་དམག་གིས་ཡར་རྒྱབ་པ་དང་ལྷན་ཅིག་པར། སྐྱིད་ཤོད་ཕྱོགས་སུ་དཔུང་གི་འཇུག་སྒོ་བྱས་སྐབས། ཉེན་སྐག་སོགས་ལ་ལྟོས་པ་མེད་པར་ཡུལ་གྲུ་དང་དགོན་པ་དུ་མར་མི་འཇིགས་པའི་སྦྱིན་པས་དབུགས་དབྱུང་བར་མཛད། འདི་སྐབས་ཤར་དྭགས་པོ་གྲྭ་ཚང་གི་འཆད་


GLG008_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ལ་གདན་འདྲེན་ནན་གྱིས་བྱུང་ནའང་ཕེབས་མ་ཐུབ། དེ་ནས་ལོ་ཙཱ་བ་ཆེན་པོའི་དུས་མཆོད་ལ་འདུས་པའི་ཚོགས་རྣམས་ལ་རྨད་དུ་བྱུང་བའི་བསྙེན་བཀུར་དང་། ཚོགས་གསོག་པ་གཉིས་ཀྱིས་དམ་བཅའ་ལོ་རེ་བཞིན་འཇོག་པ་དང་། ཁང་ཐོག་ནས་མདའ་རྡོ་མི་བརྒྱབ་པ། སྒྱོགས་མི་འཛུགས་པ་སོགས་གཞན་དག་དང་བ་འདྲེན་པའི་སྒྲིགས་རྣམ་གཞག་གསར་དུ་བཙུགས་སོ། །རྒྱ་གར་མཁས་མང་མགྲིན་པར་སྒྲོག་པའི་དབྱངས། །ཁྱོད་ཉིད་གཅིག་པུས་མགུལ་པར་བླངས་པ་ན། །རིན་ཆེན་རྩིག་ངོས་འབོད་གྲོགས་གཟུགས་བརྙན་བཞིན། །སྒྱུ་མའི་སྣང་ཚུལ་འདི་ཀོ་ངོ་མཚར་རྨད། །གནམ་སྔོན་ས་ལ་བབས་འདྲའི་རྫིང་བུ་ལ། །རིང་ནས་ངང་པའི་ཚོགས་ཀུན་འདུ་བ་ལྟར། ཁྱོད་ཀྱི་མཁས་པའི་གྲགས་པས་དཔྱོད་ལྡན་ཀུན། །དུས་གཅིག་འཛོམ་པའི་ཆད་སོ་བྱས་པ་བཞིན། །མི་དམན་བསོད་ནམས་འབར་བའི་གཟི་བརྗིད་ཀྱིས། །ཡངས་པའི་ནོར་འཛིན་སྐྱོང་བའི་དྲེགས་ལྡན་ཀུན། །ཁྱོད་ཀྱི་རྣམ་དཀར་མཛད་པའི་ལྕགས་ཀྱུ་དེ། །མ་བཏབ་ན་ཡང་འདུད་ལ་རིངས་པར་བྲེལ། །སོ་ག་ཚད་པས་གདུངས་པའི་གླང་པོ་དེ། །ཆུ་ཀླུང་ངོགས་སུ་ངང་གིས་རྒྱུ་བྱེད་ན། །སྐལ་མེད་གང་དག་ཁྱོད་རྗེས་མི་འཇུག་པ། །སེམས་མེད་ཡིན་ནམ་འོན་ཏེ་གདོན་གྱིས་བཏབ། །ཆུ་ཤིང་ལྟ་བུའི་ནོར་གྱི་ཚོགས། །བསོད་ནམས་ཆེད་དུ་སྒྱུར་མཁས་པའི། །ཚུལ་འདིས་རབ་དགའི་ས་ཐོབ་པའི། །སེམས་དཔའ་ཀུན་ལ་ཞུམ་པ་བྱིན། །དེ་ནས་དགུང་ལོ་བཞི་བཅུ་ལོན་པ་ཡོངས་འཛིན་ཞེས་པ་ཆུ་ཕོ་བྱི་བའི་ལོ་ལ། འབྲས་སྤུངས་ནས་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་དང་། སྡེ་པ་དགའ་


GLG008_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་མཆོད་ཡོན་གྱི་བཀའ་ཕེབས་དང་། སྟོད་རྒྱུད་གྲྭ་ཚང་གི་གྲྭ་རིགས་རྣམས་མོས་མཐུན་རྩེ་གཅིག་པ་ལ་བརྟེན་ནས། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་དགའ་སྟོན་རྒྱུན་མི་འཆད་པར་སྒྲོག་པའི་གསང་སྔགས་ཀྱི་སྡེ་ཆེན་པོ་སྟོད་རྒྱུད་གྲྭ་ཚང་གི་ཆོས་ཀྱི་ཁྲི་ལ་ཕེབས། སྔོན་རྒྱུད་པ་ཀུན་དགའ་དོན་གྲུབ་ཀྱིས་ཀྱང་སྨོན་ལམ་མཛད་འདུག་པ་ལྟར་རན་འཛབ་བྱམས་པའི་དྲུང་དུ་བསྟན་པ་རྒྱས་པའི་སྨོན་ལམ་གནང་བས་ཐུགས་ཀ་ནས་བདུད་རྩིའི་རྒྱུན་དངོས་སུ་བབས། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཞབས་ཀྱི་ཞལ་ལུང་ལས་འོངས་པའི་བསྐྱེད་རྫོགས་མཛུབ་ཁྲིད། འགྲེལ་པ་བཞི་སྦྲགས། རིམ་ལྔ་གསལ་སྒྲོན་སོགས་དཔག་པར་དཀའ་བའི་དོན་རྣམས་དཔྱིས་ཕྱིན་པའི་གསུང་བཤད་ཀྱིས་མཁས་པ་རྣམས་ཀྱི་ཡིད་རང་དབང་དུ་ཕྲོགས་ཤིང་། མཉམ་མེད་ཇོ་བོ་ཆེན་པོའི་བསྟི་གནས་ཡེར་པ་ལྷ་རི་སྙིང་པོར། ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་བྱུང་བའི་དབྱར་ཞལ་བཞེས་དང་།ཚོགས་པ་མཐའ་དག་འགྲེལ་བཤད་ཉན་པར་འབྱོན་དགོས་པའི་སྒྲིགས་སོགས་ལུགས་གཉིས་ཀྱི་འཛིན་སྐྱོང་ཕུལ་དུ་བྱུང་བ་མཛད་དོ། །གསང་ཆེན་ཐེག་པ་མཆོག་གི་ཆུ་གཏེར་ལས། །མཁས་གྲུབ་དགོངས་དོན་ཡིད་བཞིན་ནོར་བུའི་ཚོགས། །སྣོད་ལྡན་མགུལ་བར་བརྒྱན་པའི་མཛད་པ་ཡིས། །ས་ར་ཧ་དེ་མཁའ་སྤྱོད་གནས་སུ་བྲོས། །ཕྱི་རུ་ཆགས་བྲལ་ངུར་སྨྲིག་འཆང་བའི་ལུས། །ནང་དུ་བདེ་ཆེན་ལ་རོལ་ཉེ་ལམ་སྤྱོད། །སྒྱུ་མའི་རོལ་རྩེད་འདི་ཡིས་ཐུབ་བསྟན་ཀུན། །འགལ་མེད་དགོངས་པ་གཅིག་པའི་རང་མཚང་བསྟན། །ཐ་མལ་


GLG008_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཞེན་ཡོངས་དག་འཁོར་ལོའི་དཔྱིད། །གྲགས་སྟོང་ང་རོ་སྒྲོག་པའི་རྡོ་རྗེའི་ཚིག །བདེ་སྟོང་གཉིས་མེད་ཉམས་ལྡན་ཟུང་འཇུག་གིས། །བསིལ་ལྡན་ཡུལ་འདི་འོག་མིན་ཞིང་དུ་བྱས། །བྱམས་མགོན་དངོས་དང་དབྱེར་མེད་སྣང་བརྙན་བྱུང་། །བྱམས་བརྩེའི་ཐུགས་ཀྱིས་གསོལ་བ་བཏབ་པའི་ཚེ། །བྱམས་པའི་ཏིང་འཛིན་ཆུ་རྒྱུན་འབབ་པ་དག །བྱམས་ལྡན་འཁོར་གྱིས་བཏུང་བའི་དགའ་སྟོན་བྱས། །དེ་སྐབས་རྡོ་རྗེ་ཐེག་པའི་ཆོས་ཉན་པའི་འཁོར་དུ་འདུས་པ། ཤར་པ་ཆོས་རྗེ་མདོ་སྔགས་རབ་འབྱམས་པ་སངས་རྒྱས་བཀྲ་ཤིས། རྒྱལ་བ་ཙོང་ཁ་པའི་ཁྲི་ལ་འཛེགས་པ་འཇང་རབ་འབྱམས་པ་དགེ་འདུན་རིན་ཆེན་རྒྱལ་མཚན། སྟོད་རྒྱུད་གྲྭ་ཚང་དང་རིགས་གཞུང་རྒྱ་མཚོའི་འདུས་སྡེ་ལེགས་བཤད་ཆོས་འཁོར་གླིང་པའི་འཆད་ཉན་གྱི་གདན་སར་འཁོང་པ་བཟང་གྲོང་རབ་འབྱམས་པ་ངག་དབང་ཆོས་འཕེལ་སོགས་དགེ་བའི་བཤེས་གཉེན་མཐའ་ཀླས་པ་ཇི་ལྟར་དབྱར་གྱི་ལང་ཚོ་རྣམ་པར་རྒྱས་པ་ན་དལ་འགྲོའི་ཀླུང་མཐའ་དག་ཆེས་ཆེར་འཕེལ་བ་ལྟར་གྱུར་ཅིང་། ཀླུང་ཤོད་དུ་ཆོས་བར་བཏེག་པས། གངས་ཀྱི་རི་བོ་ཟླ་བའི་འོད་ཀྱིས་ཁྱབ་པ་ལྟར། སྔོན་གྲྭ་ཚང་ལ་མོས་མཐུན་ཆེ་བའི་སྟེང་དུ། ཉིད་ཀྱི་རྣམ་པར་ཐར་པ་ལས་བྱུང་བའི་ཆར་གྱིས་དད་པའི་མྱུ་གུའི་བསོས་ཟླ་བྲལ་དུ་གྱུར། བློ་གསལ་གླིང་གི་འཆད་ཉན་དུ་ཕེབས་དགོས་པའི་སྙན་གསན་བྱུང་ཡང་དེ་རེས་ཕེབས་པ་མ་ཤར། དེ་ནས་གཞིས་ཀ་བྲག་དཀར་དུ་བྱང་ཕྱོགས་ནོར་འཛིན་སྐྱོང་བ་སྡེ་པ་དགའ་ལྡན་པ་དཔོན་བློན་གྱིས། སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་ཞེས་སྟག་ལུང་བཀའ་རྒྱུད་ལ་ལྟོས་པའི་མཁས་པ་ཆེན་པོར་


GLG008_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་དེ་གདན་དྲངས་པ་དང་། རྗེ་འདི་ཉིད་གདན་འཛོམ་པར། དམ་པའི་ཆོས་འདུལ་བ་ལས་བརྩམས་པའི་དཀའ་གནད་ཀྱི་གསུང་གླེང་བྱུང་བར། རྗེ་འདིས་ཐེ་ཚོམ་གྱི་མདུད་པ་མཐའ་དག་བཀྲོལ་བས། སྟག་ལུང་རིན་པོ་ཆེ་ཐུགས་ཧ་ལས་ནས། རྗེས་སུ། དེ་དང་མཉམ་དུ་ཟླ་གཅིག་བསྡད་ནའང་བློ་བསྐྱེད་དཔག་ཏུ་མེད་པ་ཡོང་བ་འདུག་ཅེས་པ་བསྔགས་པ་མཛད་དོ། །གྲངས་མེད་རོ་བརྒྱའི་འབྲས་བུའི་འཕྲེང་བ་ཡིས། །དཔག་བསམ་ཡོངས་འདུར་མཛེས་ལ་མཚར་དུ་ཅི། །མཁས་མང་གདེངས་ཀའི་གྲིབ་བསིལ་རབ་ལྡེམ་པའི། །བཤེས་གཉེན་ཀླུ་དབང་ཁྱོད་ནི་གང་གིས་བསྐྲུན། །ཤེས་བྱའི་ཁྱོན་ཀུན་ལྟ་བའི་མིག་སྟོང་དང་། །སྨྲ་མཁས་དབྱངས་ཅན་ངོམ་པའི་ལག་ཉལ་གྱིས། །གྲུབ་རིགས་རྒན་པོའི་ཐེ་ཚོམ་རི་བོའི་རྐང་། །མཐར་བྱེད་གྲགས་པ་ཕྱོགས་ཀྱི་མགྲིན་པར་འཛེར། །དེ་ནས་དགུང་ལོ་ཞེ་གསུམ་ལོན་པ་སྲིན་པོ་ཞེས་པ་ཤིང་ཡོས་ལ་ཆོས་སྡེ་རིན་ཆེན་གླིང་གི་མཁན་པོར་ཕེབས། འཆད་ཀ་དང་རིན་ཆེན་གླིང་སྡེ་ཕན་ཚུན་མི་འཛའ་བའི་དགེ་འདུན་གྱི་དབྱེན་བཟླུམས་པའི་བདེ་སྐྱིད་ལ་བཀོད། རིམ་གྱིས་སྐྱིད་ཤོད་ལ་ཕེབས་ཏེ། གྲུབ་ཆེན་བྱམས་པ་བསོད་ནམས་ལ་ལས་ཆེན་ཀུན་རྒྱལ་བས་མཛད་པའི་བཀའ་གདམས་ཆོས་འབྱུང་དང་། པཎ་ཆེན་རིན་པོ་ཆེས་མཛད་པའི་དྲུག་ཅུ་པའི་ལུང་། སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་ལ་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ། ཚེ་དཔག་མེད་ལྷ་དགུའི་དབང་། གུར་མགོན་གྱི་རྗེས་གནང་གསན། དགུང་ལོ་ཞེ་དྲུག་ལོན་པ་དུས་ཀྱི་ཕོ་ཉ་ཞེས་པ་ས་རྟ་ལ་འདུལ་མངོན་གྱི་བཤད་གྲྭ་སྐྱོར་མོ་ལུང་


GLG008_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

གི་གདན་སར་ཕེབས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འཁྲུངས་རབས་སོགས་སྐྱ་སེར་གྱི་ཁྲོམ་ཆེན་པོ་འདུས་པ་ལ་གསུངས། འཇམ་མགོན་གྲུབ་པའི་དཔའ་བོ་ཀུན་དགའ་གྲོལ་མཆོག་གིས་རང་ཉིད་ལ་སྐུ་སྐྱེ་བོད་དུ་མི་འབྱུང་བར་གསུངས་ཀྱང་། སྤྲུལ་པའི་སྐུར་གྲགས་པའི་ཇོ་ནང་པ་ཀུན་དགའ་སྙིང་པོ། གླིང་སྨད་ཆོས་རྗེ་འཕྲིན་ལས་དཔལ་འབྱོར་གྱིས་གདན་དྲངས་པའི་ཚེ་མངོན་ཤེས་དང་ཕོ་ཚོད་གང་ཡིན་ཡང་། འཕྲོས་གཏམ་ལ། ད་ལྟའི་ར་བ་སྟོད་པའི་དྲུང་ཆེན་གྱི་རྣམ་དཀར་གྱི་ལས་ཤུགས་ཆེས་པས། ཁྱེད་དང་དེའི་རྗེས་མ་གཉིས་ཀ་ལ་ཡུན་རིང་དཀའ་གསུང་བ་སྟབས་འགྲིག་པ་འདྲའི། དགུང་ལོ་ཞེ་བདུན་ལོན་པ་དོན་གྲུབ་ཅེས་པ་ས་ལུག་ལ། གངས་རིའི་ལྗོངས་འདིའི་འཆད་ཉན་ཐམས་ཅད་ཀྱི་འབྱུང་ཁུངས་གཅིག་པུ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་ཆོས་ཀྱི་གདན་ཁྲི་ལ་ཕེབས་ནས། ལོ་སྟར་ཆགས་སུ་ཟླ་བ་ཕྱེད་གཉིས་ཀྱི་རིང་ས་དགེའི་མཁས་པ་རྣམས་འཚོགས་པའི་དབུས་སུ་གསུང་རབ་ཀྱི་འབྲེལ་བའི་གཏམ་ཕུལ་དུ་བྱུང་བས་མཁས་རློམ་དྲེགས་ལྡན་ཕལ་ཆེར་གྱི་སྤོབས་པ་ཕྲོགས། ཚོགས་ཆོས་སུ་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཀྱིས་རྒྱལ་པོ་བདེ་སྤྱོད་ལ་སྤྲིངས་པའི་བཤེས་པའི་སྤྲིངས་ཡིག་དང་། རྒྱལ་བའི་སྲས་པོ་ཞི་བ་ལྷའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སོགས་གསུངས་སོ། །དེ་ཡང་རཏྣའི་བསྟན་པ་སྤྱི་ལུང་དུ། །གསང་ཕུའི་ཆོས་གྲྭར་འཇམ་དབྱངས་སྤྲུལ་པ་འབྱུང་། །ཞེས་པ་ཡང་ལ་ལ་རྗེ་ཉིད་དུ་ངོས་འཛིན་པ་དོན་ལ་གནས་པར་སེམས་སོ། །ཐོས་བྲལ་སྒོམ་པའི་ཚང་ཚིང་སྟུག་པོའི་ནང་། །མང་ཐོས་ལོ་འདབ་གཡུར་ཟའི་ཨ་ཤྭདྠི། །


GLG008_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེ་མཛད་ཀྱིས་ལུང་བསྟན་གསང་ཕུ་དེར། །མཁས་མང་རྒྱན་དུ་མཁས་འདི་མཛེས་ཞེས་སྒྲོག །དགུང་ལོ་ཞེ་བརྒྱད་ལོན་པ་དྲག་པོ་ཞེས་པ་ལྕགས་སྤྲེལ་གར་མི་ཡོན་ཏན་གཡུང་དྲུང་གི་གདན་ས་རྫིང་ཕྱིའི་ཁྲི་ཐོག་ཏུ་ཕེབས། དེ་ཡང་སྔར་ལུག་ལོའི་སྡེ་གཟར་སྐབས། སྟག་རྩེ་སྒང་དུ་སྐུ་རབ་དམག་དཔོན་པ་ཤོར་བའི་ཙེན་གྱིས། དེ་དུས་འོལ་དགའ་སྟག་རྩེ་སྐུར་བ་ནས་བཟུང་བར། རྫིང་ཕྱི་བ་རྣམས་ཡ་ང་བ་ཡོད་པ་ལ། རྗེ་ཉིད་སྤྱིར་ཡང་ལུགས་ཟུང་གི་གནང་ཁྱབ་མཐོ་བ་དང་། ལྷག་ཏུ་སྟག་རྩེར་སྡེ་པ་ཟུར་ཁང་ནས་ཡོད་པའི་མཆོད་ཡོན་གྱི་འབྲེལ་སོ་དང་བཅས་ཕན་ཚུན་ཀུན་རེ་དོགས་ཀྱི་འཆིང་བ་ལས་བཀྲོལ། དགུང་ལོ་ཞེ་དགུ་ལོན་པ་བློ་ངན་ཞེས་པ་ལྕགས་བྱ་ལ་འདམ་དུ་ཐུ་མེད་ཀྱི་རྒྱལ་རིགས་ལྷ་བཙུན་དང་ཧོང་ཐའི་ཇི་སོགས་ཧོར་སོག་གི་དམག་དཔུང་ཆེན་པོ་འབྱོར་པར། བོད་སོགས་ཆིངས་མདུན་གླེང་བར་གཙོ་བོར་བཀྲ་ཤིས་ལྷུན་པོ་ནས། རྒྱལ་བ་གཉིས་པའི་བསྟན་པའི་གསལ་བྱེད་ཆེན་པོ་པཎ་ཆེན་རིན་པོ་ཆེ་ཕེབས་པ་དང་ལྷན་ཅིག་ཏུ་སྟག་ལུང་སོགས་སུ་ཕེབས། བསླབ་བཏུས། སྤྱོོད་འཇུག །བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་འཁྲུལ་འཁོར་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཉི་འོད་རྣམས་གསན། སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་ལ་ཕྱག་ན་རྡོ་རྗེ་གཏུམ་པོ་གཟའ་ཤམ་ཅན་གྱི་རྗེས་ནང་ཞུས། མི་རིང་བར་སྔགས་མཁར་གྱི་གདན་སར་ཕེབས། བདེ་ཆེན་རྩེ་ནས་གཙང་པའི་བཀའ་བློན་རྣམས་ཀྱིས། དགོན་པ་ལྡན་རི་ལ་སྤོ་དགོས་པར་ཉེ་ཚེ། ཟང་ཟིང་གི་བདོག་པ་དང་བཀའ་ནན་ཆེན་པོས་སྔར་


GLG008_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱི་ཕན་པ་ཆེར་བསྒྲུབས་མོད། འོན་ཀྱང་ལྷས་བྱིན་དྲིན་གཟོ་མེད་པའི་རིང་ལུགས་པ་མང་པོ་ནི་ཇི་མི་སྙམ་མོ། །དགུང་ལོ་ང་གཅིག་པ་ཁྲག་སྐྱུག་ཅེས་པ་ཆུ་ཕག་ལ་དཔལ་ལྡན་འབྲས་སྤུངས་ཀྱི་གྲྭ་ཚང་མཁས་པ་བློ་གསལ་གླིང་གི་འཆད་ཉན་དུ་ཕེབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མ་ལུས་པ་རྫོགས་པར་སྟོན་པའི་བསྟན་བཅོས་མངོན་རྟོགས་རྒྱན་རྩ་འགྲེལ་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་བ་དབུ་མ་ལ་འཇུག་པ་སོགས་ཀྱི་དགོངས་པ་འཁྲུལ་བྲལ་ལུང་རིགས་ཀྱི་དབྱར་རྔ་ལན་གཅིག་མིན་པར་བསྒྲགས་པས་བློ་ལྡན་རྨ་བྱ་མཐའ་དག་དགའ་བའི་རྩེད་འཇོར་རོལ་ལོ། །ད་ལྟའི་བློ་གསལ་གླིང་སློབ་དཔོན་པ་འཇམ་དབྱངས་བཀྲ་ཤིས། སྟོད་རྒྱུད་དབུ་མཛད་འོལ་དགའ་རབ་འབྱམས་པ་བྱམས་པ་རྣམ་རྒྱལ། རབ་འབྱམས་པ་དོམ་ཉག་བསོད་ནམས་ཆོས་བཟང་། རབ་འབྱམས་པ་འབུར་སྟག་པ་ངག་དབང་དཔལ་བཟང་སོགས་དགེ་བཤེས་ཆེས་མང་དུ་འདུས། ཕག་མོ་ཆོས་སྡེའི་བླ་མར་ཕེབས་དགོས་པའི་གསོལ་བ་ནན་གྱིས་བཏབ་ཀྱང་བཀའ་བཞེས་མ་གནང་ངོ་། །ཐབས་མང་སྒྲུབ་པའི་གྱ་གྱུའི་ཚུལ། །སྤངས་ཀྱང་ཀུན་གྱི་གཙུག་འགྱིང་བའི། །རྣམ་པར་རྒྱལ་བའི་དཔལ་ཐོབ་པས། །ཁྱབ་འཇུག་མཁའ་ལྡིང་ཞོན་ནས་བྲོས། །གཟུར་གནས་བློ་ཡི་ཀ་ཤིའི་ངོས། །སྦས་དོན་གཞུང་གི་ལི་ཁྲིའི་ཚོན། །རྣམ་དཔྱོད་པིར་གྱིས་བྲིས་པ་ཡིས། །རི་མོའི་སྣང་བརྙན་ཅི་ཡང་འཆར། །དགུང་ལོ་ང་གསུམ་པ་ཁྲོ་བོ་ཞེས་པ་ཤིང་གླང་ལ་དགའ་ལྡན་ཤར་གྱི་གདན་ས་དང་། དེའི་ལོ་ཕྱི་མ་ཟད་པ་ཞེས་པ་མེ་སྟག་ཧོར་ཟླ་ལྔ་


GLG008_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས་ཚེས་དགེ་བར། དུས་གསུམ་རྒྱལ་བ་ཀུན་གྱི་གསང་བ་གསུམ་མཐའ་ཀླས་པ་གཅིག་ཏུ་བསྡུས་པའི་རང་བཞིན་ཅན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་གདོང་ལྔས་རྣམ་པར་བཏེག་པའི་རིན་པོ་ཆེའི་ཁྲི་ལ་སྟོབས་བཅུ་མངའ་བ་ཀུན་གྱིས་དབང་བསྐུར་ཏེ། འདུལ་བ་འཛིན་པ་མཐའ་དག་གི་གཙུག་ན་མཛེས་པར་གྱུར་ཏོ། །ནགས་ཚལ་དྲ་བས་སྦྲེལ་བའི་དབེན་པའི་གནས། །དཀའ་ཐུབ་དྲག་པོའི་ངལ་བ་བསྟེན་པ་དང་། །བརྒྱ་ཕྲག་མཆོད་སྦྱིན་དག་ལས་ལེགས་བྲིས་གཙོའི། །གོ་འཕང་ཐོབ་པས་བསྒྲུན་དུ་མ་མཆིས་པས། །རྒྱལ་བ་ཀུན་གྱི་ཡབ་གཅིག་འཇམ་དཔལ་དབྱངས། །རྒྱལ་བའི་ཆོས་ཚུལ་སྤེལ་ལ་བསིལ་ལྡན་འདིར། །རྒྱལ་བ་ཀུན་ལས་མཁྱེན་བརྩེ་ཆེས་ལྷག་པའི། །རྒྱལ་བའི་ཏོག་གྱུར་བློ་བཟང་གྲགས་པ་ཡི། །རིན་ཆེན་རྡུལ་མང་བརྩེགས་པ་ཆོས་ཀྱི་ཁྲིར། །འཇིགས་བྲལ་ཞབས་ཀྱི་པདྨོ་ལེགས་བཀོད་པས། །གསེར་མངལ་གཙུག་ན་ཟླ་བ་པད་དཀར་མིག །འདུད་ཕྱིར་ཡངས་པའི་ས་ནི་དོག་པོར་བྱས། །དེ་ནས་བཟུང་སྟེ་དབྱར་དགུན་གྱི་དུས་ཆོས་རྣམས་སུ་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤའི་ཐུགས་ཀྱི་ཉིང་ཁུ་བྱང་ཆུབ་ལམ་གྱི་སྒྲོན་མའི་དོན་རྒྱས་པར་སྟོན་པ་བྱང་ཆུབ་ལམ་གྱི་རིམ་པ་ཆེན་མོ་དང་། བཀའ་གདམས་གླེགས་བམ་སོགས་བཟབས་བཤད་དང་བཅས་གསུངས། དགུང་ལོ་ང་ལྔ་ལོན་པ་རབ་འབྱུང་ཞེས་པ་མེ་ཡོས་ལ་རྒྱལ་བས་ཆོ་འཕྲུལ་བསྟན་པའི་དུས་ཁྱད་པར་ཅན་ལ་རིས་སུ་མ་ཆད་པའི་རབ་ཏུ་བྱུང་བའི་སྡེ་བགྲང་ཡས་པ་ཚོགས་པའི་སྨོན་ལམ་གྱི་མགོན་དུ་ཕེབས་ཏེ། སྔ་དྲོ་སྙན་དངགས་ཀྱི་


GLG008_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་ཆེན་པོ་འཁྲུངས་རབས་སོ་བཞི་པ་ཞེས། དབྱངས་ཅན་མགྲིན་པར་ཆགས་པ་དཔའ་བོའི་ཞལ་ལུང་ལས་བྱུང་བ་དེ་ཉིད་ཀྱི་དཀའ་བའི་གནད་རྣམས་བསྟན་པས་དྲང་སྲོང་ཕུར་བུ་ཡང་མཁའ་ལ་ཉུལ་བའི་ཚུལ་གྱིས་ཉན་པར་ལྷགས་སོ། །སྙན་ཚིག་ཚིག་རྒྱན་དཔལ་ལྡན་མ་ཁོལ་གྱི། །ཞལ་ལུང་ལུང་བཟང་མཁས་རློམ་ཀུན་གྱིས་ཀྱང་། །མ་རྟོགས་རྟོགས་ཕྱིར་ལེགས་བཤད་སྙིམ་པ་ཡིས། །ཚིག་དོན་དོན་གྱིས་མདུད་པ་མཐའ་དག་བཀྲོལ། །མི་དགེའི་དྲི་མས་སྦགས་པའི་ནག་པོའི་མདངས། །ཚུལ་མིན་ཀུན་ནས་འཁྲུད་པའི་དགེ་བའི་ཆུས། །རྣམ་སྨིན་དཀར་པོ་འཛག་པའི་ཐིགས་པ་ཡིས། །ལེགས་ལམ་འཛིན་མ་མ་ལུས་བརླན་སྙམ་བྱེད། །དེ་ནས་འབྲས་སྤུངས་སུ་ཕེབས་ནས་ཟླ་བ་གསུམ་གྱི་རིང་གཏན་ཆགས་སུ་བཞུགས་པ་ནས་བཟུང་ལོ་དྲུག་གི་རིང་ཁོ་བོས་ཀྱང་ཞལ་གྱི་བདུད་རྩི་ལས་འོངས་པའི་བསྡུས་པ་ནས་བཟུང་། ཆོས་མངོན་བར་གྱི་ཊཱིཀྐ་སྤྱི་དོན་ཐལ་འཕྲེང་རྣམས་ཞུས། ཚིག་དོན་མཐའ་དཔྱོད་གང་ལ་ཡང་ཆོས་དེ་དང་དེ་དངོས་སུ་སྟོན་རྒྱུ་ཡོད་པ་ལྟ་བུའི་འཆད་མཁས་པའི་རྣམ་དཔྱོད་ཀྱིས་དྲུང་དུ་ཉེ་བར་འཁོད་པ་མཐའ་དག་དམ་པའི་ཆོས་ལ་བློ་ངམ་ངམ་ཤུགས་ཀྱིས་འགྱུར་བའི་ངོ་མཚར་ཁྱད་པར་ཅན་དུ་སྣང་། དངོས་ཅག་ལྟ་བུའི་བརྩོན་འགྲུས་དང་ཤེས་རབ་ཆེས་དམན་པ་རྣམས་ལའང་། ཇི་ལྟར་ཉི་མའི་འོད་ཀྱིས་པད་ཚལ་ཀུན་རང་དབང་མེད་པར་འབྱེད་པ་ལྟར། གཞུང་གི་དོན་ཕྱོགས་འགྲོ་ཙམ་བློ་ཡུལ་དུ་མི་འཇགས་པའི་དབང་མི་འདུག་ཅིང་། ངེད་རང་ནས་ཀྱང་ཐོས་པ་ཁོ་ནར་བློ་ཞུགས་པའི་འཛིན་པ་ཤར་རིགས་ལུང་སོགས་


GLG008_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་མར། བོད་མི་ཆེན་གྱི་ཆེ་ཁྱད་སོགས་ཤེས་འདོད་མེད་པ་དང་བཅས་གཏན་མ་བྱས་པར་ཆོས་ལ་དོན་གཉེར་འབའ་ཞིག་བྱས་པས་དགོངས་པར་ཡང་ལྡན་པ་བྱུང་། དགུང་ལོ་ང་བདུན་པ་དཀར་པོ་ཞེས་པ་ས་སྦྲུལ་ལ་སྡེ་བ་ཟུར་ཁང་ཤར་པ་དངོས་གྲུབ་རྒྱ་མཚོ་དུས་ཀྱི་ཕོ་ཉའི་དབང་དུ་གྱུར་པ་དག་མངོན་མཐོ་དང་ངེས་ལེགས་ཀྱི་ས་བོན་བསྐྲུན་པའི་ཕྱིར་ལྷོ་ཁ་ཕྱོགས་སུ་གདན་དྲངས་སྐབས། སོས་ཐན་གྱི་ཚ་བའི་འཇིགས་པས་སྤང་ལྗོངས་དང་ལྗང་པ་གཞོན་ནུ་རྣམས་གསེར་གྱི་གོས་གྱོན་པ་ལ་མངོན་དུ་ཕྱོགས་ཚེ། རྗེ་ཉིད་པཎ་ཆེན་བྱམས་པ་གླིང་པའི་སྐྱེ་བ་ཡིན་ན་ཆར་ཆེན་པོ་ཕོབ་ཅིག་ཅེས་བདེན་པའི་ཚིག་བརྗོད་པ་གནང་བས། དེ་ནུབ་ནས་བཟུང་ཟད་མི་ཤེས་པའི་ཆར་གྱི་རྒྱུན་བབས་ཏེ། དབྱར་སྐྱེས་ཀྱི་ཕུང་པོ་ཀུན་མརྒད་ཀྱི་སྟོད་གཡོགས་གྱོན་ནོ། །བྱམས་གླིང་པ་རྣམས་ཀྱིས་བསྟི་སྟང་དང་བཅས་མཆོད་རྟེན་ཆེན་པོའི་སྟེང་ནས། ཁྲོམ་ལ་ཐུགས་རྗེ་ཆེན་པོའི་བཟླས་ལུང་དང་། ཡང་ཟབ་བླ་མའི་རྣལ་འབྱོར་བསྩལ་བས། སྐབས་གསུམ་པ་རྣམས་ཀྱང་དང་བའི་ཡིད་ཀྱིས་ལྷགས་ཏེ་མཆོད་པའི་སླད་དུ་མེ་ཏོག་གི་ཆར་དབབ་པར་བྱས་སོ། །མཁས་པའི་ལེགས་བཤད་སྐྱུག་པའི་གང་གཱའི་རྒྱུན། །འཁྲུལ་པའི་རྙོག་པ་དང་བྲལ་དྭངས་པའི་ཀླུང་། །ནམ་ཡང་མི་ཟད་གསུང་རབ་ཆུ་བོའི་གཏེར། །བློ་གསལ་སྐལ་ལྡན་ཤིང་རྟའི་དཔལ་དུ་ཆེ། །གཟོད་མ་ཉིད་ནས་རྒྱལ་སྲས་འཕགས་པའི་སར། །གཤེགས་ཕྱིར་བདེན་ཚིག་གྲུབ་ལ་མཚར་དུ་ཅི། །དྲང་སྲོང་དམོད་པའི་མཐུ་ཡིས་བརྒྱ་བྱིན་ལ། །མིག་སྟོང་བྱུང་བར་རིག་བྱེད་གཏམ་དུ་


GLG008_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས། །དགའ་ལྡན་གཟིམས་ཁང་དུ་རབ་འབྱམས་པ་དོན་གྲུབ་རྒྱ་མཚོ་སོགས་དགེ་བཤེས་མང་དག་ལ་མདོ་རྒྱུད་ཀྱི་ཊཱིཀྐ་གནང་བས། རབ་འབྱམས་དོན་རྒྱམ་པ་ཡང་ཁེངས་པ་བོར་ཏེ་ཕྱིས་སུ་བསྔགས་བརྗོད་ཁོ་ན་བྱེད་ཟེར། འདི་དག་གི་སྔ་ཕྱི་རྣམས་སུ་རྟ་ཚག་རྗེ་དྲུང་། སྤྲུལ་པའི་སྐུ་གྲགས་པ་རྒྱལ་མཚན། ངག་དབང་སྤྲུལ་སྐུ། ད་ལྟའི་གླིང་སྟོད་ཆོས་རྗེ། སྐྱེད་ཚལ་མཁན་པོ། སྐྱིད་ཤོད་ཀྱི་སྡེ་པ་ཆོས་རྗེ། དབོན་དྲུང་སྐུ་སྐྱེ། ཆ་ཀར་སྐུ་སྐྱེ་སོགས་ཆེན་པོར་གྲགས་པ་རྣམས་དང་། གནམ་གྱི་བུ་བོ་དོན་ཆ་མིར་གན་གྱི་རྒྱུད་ལས་བྱུང་བ་ཇུ་ནང་ཐུབ་པ་ཐའི་ཇིས་མཚོན་པའི་ཧོར་གྱི་རྒྱལ་རིགས་དང་། བསྟན་འཛིན་ཆོས་ཀྱི་རྒྱལ་པོ་སོགས་ཆེན་པོ་མང་པོས་ཀྱང་ཞབས་ལ་གཏུགས་སོ། །དེ་སྐབས་གསང་ཕུའི་འདུ་ཁང་དེ་ལེགས་རྒྱུ་མི་འདུག་པར་གསར་བཅོས་ཀྱི་ཐུགས་འདུན་གཏད་པའི་སྤྱི་ཚོགས་བཀའ་བགྲོས་མོལ་བསྡུད་ནས། ཤིང་སོགས་ཀྱི་རྩོལ་སྒྲུབ་མཛད་ཀྱང་། འགའ་ཞིག་ལོགས་བྲིས་སོགས་བསྣོན་འཕྲི་བྱུང་དོགས་པའི་མི་འདོད་པའི་རྣམ་པས་རྐྱེན་བྱས་ལུས་མེད་ཀྱིས་ཇི་ལྟར་བསམས་པའི་དབང་དུ་གྱུར། དགུང་ལོ་ང་དགུ་པ་སྐྱེ་བདག་ཅེས་པ་ལྕགས་ལུག་ལ་དགའ་ལྡན་གཟིམས་ཁང་དང་། དེའི་ལོ་ཕྱི་མ་སྐྱོར་མོ་ལུང་གི་གཟིམས་ཁང་མཁར་ལས། སྔར་ཆོས་རྗེ་རིན་ཆེན་བཤེས་གཉེན་པས་སྤོམ་རྟ་བསླང་རྗེས་གློོ་བུར་དུ་གཉན་ནད་ཀྱིས་གྲོངས་པ་སོགས་འཚུབ་ཆེ་བར་གྲགས་ནའང་། འདི་སྐབས་འགལ་རྐྱེན་གྱི་བགེགས་མེད་པར་འགྲུབ། །དགུང་ལོ་རེ་ལྔ་པ་དབང་ཕྱུག་ཅེས་པ་མེ་གླང་ལ། དགའ་ལྡན་དུ་རཱི་ཎའི་ཡུལ་གྲུ་ལས་འོངས་པའི་


GLG008_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དངུལ་སྲང་མཁའ་མཁའ་རྒྱ་མཚོའི་གྲངས་ལྡན་དང་། སུ་ཝརྞ་མཁའ་ཀླུའི་འཁོར་ལོ་ཅན་ལས་གྲུབ་པའི་བདེ་བར་གཤེགས་པའི་བྱང་ཆུབ་ཆེན་པོའི་མཆོད་སྡོང་། ཤེལ་དཀར་གྱི་ལྷུན་པོ་ནོར་བུའི་འཕྲ་ཚོམས་ཀྱིས་བསྐོར་བ་ལྟ་བུ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་བསྐྲུན་པ་ལ། རྗེ་ཉིད་རྡོ་རྗེ་སློབ་དཔོན་གྱི་གདན་ཁྲི་ལ་གཙོ་བོར་བཞུགས་ཏེ། དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་ཞལ་ཕྱེ་ནས། རྒྱུད་སྡེ་ལས་ཇི་ལྟར་འབྱུང་བའི་ཡེ་ཤེས་སེམས་དཔའི་ཚོགས་རྟེན་ལ་གཉིས་མེད་དུ་བྱེད་པའི་རབ་ཏུ་གནས་པའི་ཆོ་ག་རྒྱས་པར་མཛད་ཅིང་། ནི་པཱ་ལའི་བཟོ་བོ་རྣམས་མཁོ་དགུའི་འབྱོར་པས་ཚིམ་པར་གྱུར་ཏོ། །རྒྱལ་རྣམས་མཆོག་དམན་འགྲོ་དང་འཚམ་པའི་ཚུལ། །སྟོན་ཕྱིར་བྱ་བ་ལས་ཀྱི་འཁོར་ལོ་ཡིས། །བློ་དམན་སྐྱེ་དགུའི་རེ་བ་ཆེས་སྐོང་བ། །དེ་ཡང་སེམས་དཔའ་ཆེ་རྣམས་མཛད་པའི་འོས། །སྣང་སྟོང་འཁོར་ལོའི་བདག་པོར་གསལ་བ་ཡི། །གཡོ་མེད་ཏིང་འཛིན་མཐུ་ཡིས་དུས་གསུམ་གྱི། །རྣམ་འདྲེན་མ་ལུས་ཕྱོགས་འདིར་ཉེར་དྲངས་ན། །ཞིང་གཞན་ལུས་ཅན་མགོན་པོ་མཆིས་སམ་ཅི། །དགུང་ལོ་རེ་དྲུག་པ་འབྲུ་མང་ཞེས་པ་ས་སྟག་ལ་འཕྲུལ་སྣང་གཙུག་ལག་ཁང་དང་ཟུང་དུ་འབྲེལ་བའི་འཆི་མེད་ཀྱི་གྲོང་ཁྱེར་ས་ལ་འཕོས་འདྲ་དགའ་ལྡན་ཁང་གསར་དུ་ཟླ་ཤས་བཞུགས་ཏེ། དངོས་ཅག་ལ་འདུས་པའི་འགྲེལ་པ་སོགས་ཀྱི་བཀའ་དྲིན་བླ་མེད་དུ་བསྩལ། དེ་ནས་དགུང་ལོ་དོན་གཉིས་པ་ཉི་སྒྲོལ་བྱེད་ཅེས་པ་ཤིང་སྤྲེལ། དབང་ཕྱོགས་རྒྱལ་ཁབ་ཀྱི་གན་མཛོད་ལས་འོངས་པའི་བཟང་གོས་ཡུག་མཁའ་མེ་གཟུགས་ཀྱི་གྲངས་ལྡན་ལས་གྲུབ་པའི་སྙིགས་


GLG008_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་རབ་འབྱམས་སྟོབས་བཅུ་མངའ་བ་ཡོངས་ཀྱི་དབང་ཕྱུག་ཙོང་ཁ་པ་ཆེན་པོའི་སྐུ་བརྙན་བཞེང་བར་མེ་ཏོག་མདའ་ཅན་གྱི་འཆིང་བའི་ཞགས་པས་ཅུང་ཟད་ཀྱང་གཡོ་བར་མ་ནུས་པར་ལྷུན་གྱིས་གྲུབ་སྟེ། རྒྱལ་བ་གཉིས་པ་དག་པའི་ཞིང་དུ་གཤེགས་པའི་དུས་ཆེན། འདུལ་མངོན་པའི་ལོ་གསར་ཚེས། རྒྱ་ནག་པའི་དགུན་ཐ། ཡོངས་གྲགས་ཀྱི་ཧོར་ཟླ་བཅུ་པའི་དབྱངས་ཨཽ་འཆར་བ། དམར་ཕྱོགས་ཀྱི་རྫོགས་པ་གཉིས་པའི་ཚེས་ལ་རབ་ཏུ་གནས་པ་འགྲིག །རྟེན་འབྲེལ་ཕུན་སུམ་ཚོགས་པར་གྱུར། དེ་སྐབས་འབྲས་སྤུངས་སུ་ཟླ་ཤས་བཞུགས་ཏེ། ཁོ་བོས་རྗེ་རྒྱལ་བ་གཉིས་པའི་གསུང་རབ་ཀྱི་དཀའ་གནད་རྣམས་ཞུས། བཀའ་ལས་བྱང་ཆུབ་ལམ་རིམ་གྱི་བཟབས་བཤད་རྗེ་བླ་མ་ནས་བརྒྱུད་པ་བར་མ་ཆད་པ། འཇམ་དབྱངས་སྟག་ལུང་བྲག་པའི་གསུང་རྒྱུན་ཡོངས་སུ་རྫོགས་པར་ཐོབ་པ་ཁོ་བོ་ཙམ་དུ་འདུག་པས། ད་ལམ་འབུལ་ཐུབ་པ་འདི་ལེགས་བྱུང་ཞེས་ཐུགས་དགྱེས་པ་ཆེན་པོ་གནང་། ཞལ་སྔ་ནས་བསམ་མཆོག་པས། བསམ་གཏན་མཆོག་ནི་མགོ་དཀར་པོ་ཡིན། བསམ་གཏན་མཆོག་ཤི་ན་ལམ་རིམ་ཤི་ཟེར་བའི་དཔེ་དེ་དེར་བྱུང་། དགའ་ལྡན་ཕོ་བྲང་དུ་བཞུགས་སྐབས་དེ་ཁ་ནས་རྗེ་བྱམས་པ་གླིང་པའི་གདན་སར་ཕེབས་དགོས་ཚུལ་གྱི་བཀའ་བགྲོས་བྱུང་སོང་ནའང་། ས་ཐག་རིངས་པ་དང་སྐུ་ན་ཕེབས་པ་སོགས་ཀྱིས་མི་ཕེབས་པར་ཐུགས་ཐག་བཅད། གསང་ཕུའི་གྲྭ་ཚང་རྣམས་དབྱར་ཆོས་ཕྱི་མ་སྔོན་དུས་འདུལ་བ་འཛིན་པའི་སྡེ་ཆེན་པོ་ས་དགེའི་བཤད་ཉན་ཤིན་ཏུ་དར་བ་བར་སྐབས་སུ་དྭགས་བརྒྱུད་པའི་ཕྱོགས་སུ་གྱུར་པའི་ཟུལ་ཕུར་ཚོགས་པའི་དགོན་གནས་མཐུན་རྐྱེན་གྱི་ཕོགས་སོགས་བསྟན་པའི་


GLG008_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ལ་གནས་པ་དང་། ར་བ་སྟོད་པ་རྣམས་ལ་གྲྭ་བརྒྱད་གྲྭའི་དགེ་འདུན་གྱི་ཀུན་དགའ་ར་བ་དང་། ལོ་སྟར་ཆགས་ཀྱི་མཐུན་རྐྱེན་སོགས་འབྱུང་བའི་བཀའ་ཕེབས་ཀྱི་བྱ་བ་ལས་ཀྱི་འཁོར་ལོས་ལུགས་བརྒྱ་ཕྲག་གི་སྒོ་ནས་ཕན་བདེའི་སྨན་ཡོན་ཆེས་ཆེར་སྤེལ་བར་མཛད་བཞིན་པ་འདི་ཁ་ལྟར། སླད་ནས་ཀྱང་། ཀུན་མཁྱེན་བུ་རམ་ཤིང་པའི་བསྟན་པ་སྤྱི་དང་། ཁྱད་པར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི་ལུང་རྟོགས་བསྟན་པ་དྲི་བྲལ་གྱི་དཔྱིད་དམ་པར། ཇི་སྲིད་ཟླ་ཉིའི་འོད་ཀྱིས་ཡངས་པའི་ས་ཆེན་པོ་ཀུན་ལ་གསལ་བྱེད་ཀྱི་འོད་སྣང་འབར་བ་དེ་སྲིད་དུ་ཞབས་ཟུང་མི་འགྱུར་རྡོ་རྗེའི་གཞི་ལ་བརྟན་པར་གྱུར་ཅིག །མཐའ་བྲལ་ལུས་ཅན་ཀུན་ལ་རབ་བརྩེ་བརྩེ་ལྡན་ཐུགས་རྗེ་ཆེན་པོའི་རྒྱུན། །རྒྱུན་ཆད་མེད་པར་ཕྱིན་དྲུག་འཛིན་མ་མ་ལུས་ཡོངས་བརླན་རྒྱལ་བའི་སྲས། །སྲས་བཅས་ཀུན་གྱི་རླབས་ཆེན་སྤྱོད་ཚུལ་ཚུལ་བཞིན་ཉམས་བསྟར་མཆོག་གསུམ་དངོས། །དངོས་རྒྱུད་བླ་མའི་མཁྱེན་བརྩེ་ནུས་ཀུན་ཀུན་ནས་རབ་བསྡུས་ཡོངས་འཛིན་རྗེ། །སྲིད་ཞིའི་ཁམས་ན་ཆེས་དཀོན་ལེགས་པའི་ལམ། །མཆོག་ཏུ་གྲུབ་པའི་གསང་བ་གསུམ་གྱི་མཛོད། །ཆོས་ཚུལ་མི་ཟད་འདོད་དགུ་ཆེར་འཕེལ་བའི། །གནས་འདི་རྣམ་མཁྱེན་ལས་གཞན་སྤྱོད་ཡུལ་མིན། །ཚུར་མཐོང་བྱིས་པའི་བློ་ཡིས་ཤེས་བྱའི་ཚད། །འཇལ་བ་རང་ཉིད་ངལ་བ་སྒྲུབ་པ་ལྟར། །འཇམ་མགོན་བླ་མའི་མཛད་པ་རྗེས་དཔོགས་ནས། །སྨྲ་ན་ཐོག་མར་སངས་རྒྱས་གོ་འཕང་སྒྲུབས། །ཟད་པའི་གོ་སྐབས་དང་བྲལ་རྒྱ་མཚོ་ཆེ། །ཀུ་ཤའི་རྩེ་མོས་ཕ་མཐར་འཛད་བྱེད་པའི། །དྲག་པོའི་དཀའ་


GLG008_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་ཡུན་དུ་སྟེན་པ་དང་། །འདི་ལྟའི་རྟོགས་བརྗོད་རྫོགས་སྨྲ་ཅིས་མི་མཚུངས། །འོན་ཀྱང་རླབས་ཆེན་མཛད་པའི་སུ་ཝཪྞ། །ཉུང་ངུའི་ཟོར་ཡང་མི་དམན་བྱེད་པོ་ཡིས། །དཔྱོད་ལྡན་ཡ་རབས་རྣ་བའི་རྒྱན་འགྱུར་བས། །ཅུང་ཟད་བརྗོད་པའི་བསོད་ནམས་སྐལ་བས་རྙེད། །ཚངས་པས་གཏམ་རྒྱུས་སྦྱོར་བར་མ་བྱས་ཤིང་། །དབྱངས་ཅན་ཚིག་འཕྲེང་སྤེལ་ལ་མ་འོངས་པའི། །མཁས་མང་སྐྱེས་སུ་འོས་པའི་རྟོགས་བརྗོད་འདི། །སྨྲ་བའི་སྐད་གཉིས་པ་དེ་གང་ནས་འོངས། །སྙིང་ནས་རྣམ་གཡེང་སྤངས་པའི་དྲང་སྲོང་ཀུན། །བསམ་གཏན་ཚེར་མའི་སྙན་ཚིག་སྤོང་བདེན་ཡང་། །རི་བོར་དལ་འབྱོར་སྟོང་པར་ཡོལ་བྱེད་རྣམས། །མི་འདོར་རང་ཉིད་ཐོས་ཉུང་རྨོངས་པའི་སྐྱོན། །ཤར་ལྷོའི་ལུགས་བཟང་དཎྜིའི་གཙུག་ལག་རྒྱུད། །ངོ་མཚར་གཏམ་གྱིས་བསྒྱུར་བའི་པི་ཝཾ་དེས། །གཟུར་གནས་རིགས་ལྡན་ཡོངས་ཀྱི་དགའ་བའི་འཛུམ། །རྫོགས་ལྡན་གསར་པར་ཆགས་ནས་བསུ་བ་བཞིན། །དགེ་བའི་རྔ་ཡབ་དྲི་བཞོན་གྱིས། །བསོད་ནམས་མ་ལ་ཡ་དག་ལས། །བོས་པའི་བཤེས་གཉེན་དྲི་བསུང་ལ། །ཚེ་རབས་ཀུན་ཏུ་སྤྱོད་གྱུར་ཅིག །ཅེས་འཇམ་མགོན་ངུར་སྨྲིག་འཆང་བ་རབ་འབྱམས་བསྟན་པའི་རྩ་ལག་རྗེ་བཙུན་དཀོན་མཆོག་ཆོས་འཕེལ་གྱི་རྟོགས་བརྗོད་མཁས་པའི་རྣ་རྒྱན་འདི་ཡང་། རྫིང་ཕྱི་མཁན་པོ་དགེ་འདུན་རྣམ་རྒྱལ་གྱིས་བསྐུལ་བ་དང་། རང་ཉིད་ཀྱི་དད་པའི་གསོས་སུ་བསམས་ཏེ། དམ་པ་དེ་ཉིད་ཀྱི་གསུང་གི་བདུད་རྩིས་འཚོ་བའི་ལོ་རྒྱུས་སྨྲ་བའི་བཙུན་པ་ངག་དབང་བློ་བཟང་


GLG008_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས། ཉི་སྒྲོལ་ཞེས་པ་ཤིང་སྤྲེའི་ལོ། རྒྱ་ནག་གཙུག་གི་དཔྱིད་འབྲིང་། ཆུ་ཤེལ་གྱི་དབང་པོ་རྒྱལ་གྱིས་ཉ་བའི་ཕྱོགས་སྔ་མའི་དགའ་བ་གསུམ་པའི་ཚེས་ལ་དགའ་ལྡན་ཕོ་བྲང་དུ་སྦྱར་བའི་ཡི་གེ་པ་ངག་དབང་དགེ་ལེགས་སོ།། །།མངྒལཾ།། །།


GLG008_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousའཇམ་དཔལ་དབྱངས་ཆོས་ཀྱི་རྗེ་དཀོན་མཆོག་ཆོས་འཕེལ་གྱི་རྟོགས་བརྗོད་མཁས་པའི་རྣ་རྒྱན།next