Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
བྱང་པ་རིག་འཛིན་ཆེན་པོ་ངག་གི་དབང་པོའི་རྣམ་པར་ཐར་པ་ངོ་མཚར་བཀོད་པ་རྒྱ་མཚོ།


 
previousབྱང་པ་རིག་འཛིན་ཆེན་པོ་ངག་གི་དབང་པོའི་རྣམ་པར་ཐར་པ་ངོ་མཚར་བཀོད་པ་རྒྱ་མཚོ།no next

བྱང་པ་རིག་འཛིན་ཆེན་པོ་ངག་གི་དབང་པོའི་རྣམ་པར་ཐར་པ་ངོ་མཚར་བཀོད་པ་རྒྱ་མཚོ།


GLG008_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་པ་རིག་འཛིན་ཆེན་པོ་ངག་གི་དབང་པོའི་རྣམ་པར་ཐར་པ་ངོ་མཚར་བཀོད་པ་རྒྱ་མཚོ་བཞུགས་སོ།།


GLG008_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ནམཿཔྲབྷུཙཀྲེཤྭརབིདྱཱདྷརཝཱགིནྡྲཱཡ། ཕུན་ཚོགས་ངོ་མཚར་བཀོད་པའི་རང་བཞིན་དཀྱིལ་འཁོར་རྒྱ་མཚོའི་གླིང་བཞི་ལ། །རྨད་བྱུང་མཁྱེན་བརྩེ་ནུས་པར་ལྡན་པའི་གསེར་སྦྱངས་འཁོར་ལོ་རྩིབས་སྟོང་གིས། །མངའ་སྒྱུར་ངག་དབང་རིག་འཛིན་རྡོ་རྗེ་ཆོས་རྒྱལ་བསྟན་པའི་རྒྱལ་མཚན་ཞེས། །སྔགས་འཆང་ཡོངས་ཀྱི་གཙུག་ན་མངོན་མཐོ་པདྨའི་གདུང་ཚབ་དམ་པ་རྒྱལ། །ཀ་དག་ཆོས་དབྱིངས་ཀློང་དུ་རོ་གཅིག་ཀྱང་། །ལྷུན་གྲུབ་གཟུགས་སྐུའི་བཀོད་པ་དབང་པོའི་གཞུ། །བགྲང་ཡས་སྒྱུ་འཕྲུལ་དྲ་བའི་རོལ་གར་མཁན། །འགྲོ་ལ་ཀུན་ཁྱབ་ཐུགས་རྗེའི་གཟིགས་མོར་མཚར། །དེ་ཕྱིར་རྒྱལ་དབང་པདྨའི་རིང་ལུགས་མཆོག །སྤེལ་ཕྱིར་སྐྱེ་རབས་དཔག་བསམ་ནོར་བུའི་འཕྲེང་། །སྲིད་ཞིའི་ལེགས་ཚོགས་འདོད་པ་འཇོ་བའི་གཏམ། །སྙན་པ་སྲིད་པའི་རྩེ་མོའི་བར་དུ་ཁྱབ། །ཟབ་ཅིང་ཆེས་བརླིང་རླབས་འཕྲེང་གྱིས་སྦས་པ། །དཔག་དཀའི་མཛད་བཟང་ཡིད་བཞིན་དབང་གི་རྒྱལ། །ཀུན་གྱིས་མཐོང་བའི་སྐལ་བ་ཕྲ་ན་ཡང་། །ཕན་བདེའི་ནོར་བུའི་འབྱུང་ཁུངས་གཅིག་


GLG008_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

པུར་ངེས། །ཚངས་པས་བསྐལ་པར་ངལ་བའི་ཁུར་བསྟེན་ནས། །སྨྲས་ཀྱང་མཛད་པའི་ཕ་མཐའ་རྫོགས་མིན་ཕྱིར། །ཐུན་མོང་གདུལ་བྱར་འཚམ་པའི་རྟོགས་རྗོད་ཀྱི། །ཚིག་དོན་ངོ་མཚར་བཀོད་པའི་རྒྱ་མཚོ་སྤེལ། །རྨད་བྱུང་ལེགས་པར་བཤད་པའི་ཟིལ་དངར་ཅན། །སྐལ་བཟང་འཆི་མེད་དབང་པོའི་སྤྱད་བྱའི་བཅུད། །གཟུར་གནས་ལེགས་བྲིས་ཚོགས་ཀྱི་དགའ་སྟོན་དུ། །གླེགས་བམ་རིན་ཆེན་ཟ་མ་ཏོག་ཏུ་འཁྱིལ། །ཞེས་ཤིས་པ་བརྗོད་པའི་ཚིགས་གིས་སྔུན་བསུས་ཏེ། དཔལ་ཨཽཌྜི་ཡཱ་ནའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྒྱལ་ཚབ་རིག་སྔགས་འཆང་བའི་འཁོར་ལོས་སྒྱུར་བ་མི་ཉག་བྱང་པ་སྔགས་འཆང་ངག་དབང་རིག་འཛིན་རྡོ་རྗེ་ཆོས་རྒྱལ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་གྱི་རྔ་གསང་ཕྱོགས་ཀྱི་རྣ་རྒྱན་དུ་འགོད་པ་གང་དེའི་ཞིང་ཁམས་རྒྱ་མཚོར་སྤྲུལ་པའི་རྣམ་རོལ་གྲངས་མེད་པའི་བཀོད་པ་སྟོན་པའི་ནང་ནས་རྒྱ་མཚོ་ཆེན་པོ་ལས་སྐྱོགས་ཀྱིས་བཅུས་པ་ལྟར་སྐྱེས་རབས་ཀྱི་འཕྲེང་བ་སུམ་ཅུ་རྩ་གསུམ་གྱི་གསོལ་འདེབས་ཚིགས་སུ་བཅད་པ་དྲི་མེད་པད་དཀར་བཞད་པའི་འཕྲེང་བ་ཞེས་བྱ་བ། གྲང་སོ་


GLG008_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྟོན་གསུམ་པ་རིག་འཛིན་ཆེན་པོ་ཡོལ་མོ་བ་བསྟན་འཛིན་ནོར་བུའམ་སྔགས་འཆང་ཆེན་པོ་སྟོབས་ལྡན་དཔའ་བོས་མཛད་པ་ལས། འོག་མིན་དག་པའི་ཞིང་དུ་ཐོག་མའི་མགོན་པོ་དཔལ་ཀུན་དུ་བཟང་པོ། མཁའ་ལས་འཇའ་ཚོན་བྱུང་བ་ལྟར་འཁོར་གྱི་རྣམ་པར་ཤར་བ་དཔལ་རྡོ་རྗེ་སེམས་དཔའ། དེ་ནས་རིམ་པ་བཞིན་རྒྱལ་སྲས་རྡོ་རྗེ་སྙིང་པོ། ཁྱིའུ་ཆུང་ཤེ་ལ་རོག་པོ། རྒྱལ་སྲས་དེ་བ་བཟང་སྐྱོང་། བྱང་སེམས་ཡེ་ཤེས་སྙིང་པོ། བཀའི་སྡུད་པོ་ནམ་མཁའི་མདོག་ཅན། བདག་ཅག་གི་སྟོན་པ་ཟས་གཙང་གི་སྲས་པོའི་སྤྱན་སྔར་སྐྱེ་རྒུའི་བདག་མོ། དགའ་རབ་རྡོ་རྗེའི་ཡུམ་མཁའ་འགྲོ་བདེ་ལྡན་མ། མཁའ་འགྲོ་རིག་བྱེད་བདེ་མ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་སློབ་མ་ཡིད་བྱིན་དཔལ། རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་ཆོས་བློན་བློ་གྲོས་མཆོག །སློབ་དཔོན་ཆེན་པོ་སིནྡྷུ་རྒྱ་མཚོ་རོལ་པའི་མཚོ་གླིང་དུ་རྫུས་ཏེ་སྐུ་བལྟམས་པའི་ཚེ་སྐུ་ཁྲུས་གསོལ་བ་པོ་བྱང་སེམས་ནམ་མཁའི་སྙིང་པོ། སློ་དཔོན་ཆེན་པོས་ཨུ་རྒྱན་གྱི་རྒྱལ་སྲིད་བཟུང་བའི་དུས་འཁོར་སྦས་པའི་བརྟུལ་ཞུགས་འཛིན་པ་སེམས་དཔའ་ཆེན་པོ། སློབ་དཔོན་ཆེན་པོ། དུར་ཁྲོད་བསིལ་བའི་ཚལ་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་ཅིང་ཆོས་འཁོར་སྐོར་བའི་ཚེ་ལས་བྱེད་བདེ་བའི་རྡོ་རྗེ། རི་བོ་མ་ལ་ཡར་སློབ་དཔོན་ཆེན་པོ་སྡེ་བརྒྱད་ཀྱི་གཙོ་བོར་བཞུགས་པའི་དུས་ཀྱི་འཁོར་དྲག་པོ་གཏུམ་པོ། སློབ་དཔོན་ཆེན་པོ་དུར་ཁྲོད་བརྒྱད་དུ་སྤྱོད་པ་མཛད་པའི་དུས་ཀྱི་འཁོར་ཤཱཀྱ་མི་ཏྲ། ཀུན་དགའ་བོའི་དྲུང་དུ་སློབ་དཔོན་ཆེན་པོ་དང་ལྷན་ཅིག་ཏུ་བསྙེན་པར་རྫོགས་པ་དགེ་སློང་ཞི་བའི་སྙིང་པོ། མཁའ་འགྲོའི་དབང་མོ་ལྷ་ལྕམ་མནྡྷ་ར་བ། བདེ་ཆེན་ཡེ་ཤེས་སྐྱེད་མཛད་ཆང་འཚོང་མ་བི་ན་ས། ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་གྱི་ཆོས་བློན་ཡེ་ཤེས་


GLG008_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། ཨུ་རྒྱན་གྱི་ཡུལ་གྲུ་ཆེན་པོ་བཅུ་དྲུག་སྐྱོང་བའི་ཚེ་བཀའི་སྡུ་བ་པོ་བདེ་བའི་འབྱུང་གནས། སེང་གེ་སྒྲ་སྒྲོག་གིས་རྡོ་རྗེ་གདན་དུ་མུ་སྟེགས་ཚར་གཅོད་པའི་ཚེ་གཏེར་གྱི་སྒྲོམ་བུ་འབུལ་བ་པོ་མཁའ་འགྲོ་མ་གར་གྱི་དབང་ཕྱུག་ཀླུའི་རྒྱལ་པོ་ཁྱབ་འཇུག་འདུལ་བའི་ཚེ་བདེ་མཆོག་དུས་སྙིིང་གི་ཡུམ་ལྷ་མོ་བདེ་འབྱུང་གཉིས་པ། དབུས་འགྱུར་རྡོ་རྗེ་གདན་གྱི་སྲི་ཞུ་ལ་བརྩོན་པ་དགེ་བསྙེན་སྡེ་དཔོན་ཀ་ཁ་འཛིན། བལ་ཡུལ་ཡང་ལེ་ཤོད་དུ་རྡོ་རྗེ་ཕུར་པའི་རྒྱུད་སྤྱན་འདྲེན་པའི་ཕོ་ཉ་བལ་པོ་ཛི་ན་མི་ཏྲ། འདི་ཡན་ནི་རྒྱ་གར་དུ་བྱོན་པའི་སྐྱེ་རྒྱུད་ཡིན་ལ། དེ་རྗེས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བོད་གངས་ཅན་གྱི་ལྗོངས་འདིར་ཕེབས་པའི་ཚེ་ལས་ཅན་དག་པའི་འཁོར་ལྔའི་ནང་ཚན་ཞང་སྣ་ནམ་པ་རྡོ་རྗེ་བདུད་འཇོམས་ཞེས་སྔགས་ཀྱི་རྣལ་འབྱོར་པ་ཆེན་པོར་ཨུ་རྒྱན་རིན་པོ་ཆེས་ལེའུ་བདུན་མའི་སྟོང་ཐུན་དུ། ཉིན་ཅིག་སྔགས་ཀྱི་རྣལ་འབྱོར་པ༔ ང་ཡི་རྣམ་ཐར་མཛད་ཚུལ་ནི༔ བསམ་གྱིས་མི་ཁྱབ་བརྗོད་མི་ལང་༔ ཞེས་གཟེངས་བསྟོད་ཅིང་གྲུབ་རྟགས་མི་འདྲ་བ་ངོ་མཚར་ཅན་རེ་སྟོན་པའི་རྗེ་འབངས་ཉི་ཉུ་རྩ་ལྔའི་ཡ་གྱལ་གཅིག་ཡིན་པས་ཆོས་རྒྱལ་དབང་པོའི་སྡེས་རྗེ་འབངས་ཉི་ཤུ་རྩ་ལྔའི་གསོལ་འདེབས་སྨིན་བྱེད་དབང་གི་ཆུ་རྒྱུན་དུ། རྡོ་རྗེ་བདུད་འཇོམས་རླུང་ལྟར་ཐོགས་མེད། །ཅེས་བསྔགས་པ་དེའོ། །དེ་ནས་བསྟན་པ་ཕྱི་དར་གྱི་དུས་གསོལ་འདེབས་དེ་ཉིད་ལས། གནུབས་ཀྱི་རིགས་འཁྲུངས་དགེ་སློང་ཆེན་པོ། །ལྷོ་བྲག་མཁར་ཆུར་ཡང་དག་གྲུབ་རྙེད། །ཉི་ཟེར་ལ་ཆིབས་ནམ་མཁའི་སྙིང་པོ། །ཞེས་དང་། གནུབས་ཡུལ་རོང་འཁྲུངས་སངས་རྒྱས་ཡེ་ཤེས། །བསྒྲགས་ཀྱི་ཡང་རྫོང་གཤིན་རྗེ་གཤེད་འགྲུབ། །མཐུ་སྟོབས་བྲག་ལ་ཕུར་པ་འདེབས་དེར། །


GLG008_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བསྔགས་པ་བརྗོད་པའི་ཡུལ་དུ་གྱུར་པ་དེ་དག་དང་གདུང་རུས་གཅིག་པ་སྔགས་འཆང་ནག་པོ་རོ་ཟན་གྱི་སྲས་ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་ཞེས་གསང་སྔགས་གསར་མའི་ལོ་ཙཱ་བ་ཆེན་པོ་དེ་ཉིད་དུ་གྱུར་པའི་ཚེ་པཎ་གྲུབ་རྣམ་པ་གསུམ་ལ་བརྟེན་ནས་དམ་པའི་ཆོས་མང་དུ་བསྒྱུར་ཅིང་། རྗེ་བཙུན་བྱམས་པའི་སྐུ་མཐོང་ཐོས་དྲན་རེག་དོན་ལྡན་འདི་ཉིད་བཞེང་བར་མཛད་དོ། །དེ་རྗེས་ཟབ་གཏེར་ཆོས་ཀྱི་བདག་པོར་གྱུར་པ་ནི་རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་ཡིན་ལ། འདི་ཉིད་ཀྱི་རིགས་ནི་ཧོར་གུར་སེར་རྒྱལ་པོའི་རྒྱུད་ལས་དེ་གྱིན་དེ་ཝ་རཱ་ཛ་ཞེས་སྔོན་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་རྒྱ་མོ་བཟའ་ཀོང་ཇོ། བོད་སྐད་དུ་མཚོ་ནང་གི་པདྨར་གྲགས་པའི་ཞང་པོ་སྟེ། དེ་དག་གི་གདུང་ལས་བྱུང་བ་ཧོར་འཇིག་རྟེན་མགོན་པོས་ཆེ་མཆོག་དང་མ་མོའི་གྲུབ་པ་ཐོབ་པ་ནས་བཟུང་རིག་འཛིན་ཆེན་པོའི་ཡབ་ཕུར་པའི་སྤྲུལ་པ་སློབ་དཔོན་བདུད་འདུལ་དཔལ་ཡན་ཆད་དུ་སྤྱིར་གསང་སྔགས་རྙིང་མ་ལ་མཁས་ཤིང་ཁྱད་པར་རྡོ་རྗེ་ཕུར་པའི་གྲུབ་ཐོབ་ཤ་སྟག་བྱུང་ངོ་། །དེ་ཡང་ཡབ་སློབ་དཔོན་བདུད་འདུལ་དཔལ་གྱི་སྲས་སུ་མེ་མོ་གླང་གི་ལོ་རྟ་ཆེན་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུའི་དཔའ་བོ་མཁའ་འགྲོ་འདུ་བའི་དུས་དགེ་བར་རི་བོ་བཀྲ་བཟང་གི་ཤར་མདུན་སྣ་མོ་ལུང་གི་གཟིམས་ཁང་དུ་སྐུ་བལྟམས་པས། ལས་ཅན་གྱི་ཐེམ་བྱང་ལས། གླང་ངམ་འབྲུག་གི་ལོ་ཤར་ཚེ༔ ཕག་མོ་ཡུམ་གྱི་སྐུ་ལས་སྐྱེད༔ ཆོས་ཉིད་སྒྲ་དང་བཅས་ཏེ་འཁྲུངས༔ བོད་ལ་བདེ་སྐྱིད་ལྡན་པར་འགྱུར་༔ ཞེས་དབུ་གཙུག་ཏུ་སྨེ་བ་དཀར་ནག་གཉིས། ལྟེ་བར་སྨེ་བ་སུམ་སྒྲོམ། ཐུགས་ཀར་ཡི་གེ་ཨོཾ། དཔྲལ་བར་གཉེར་མ་གྱེན་འགྲེང་གསུམ་ཡོད་པའི་མཚན་རྟགས་བཟང་པོ་དང་ལྡན་པ། ཁྱད་པར་དགུང་ལོ་བཅུ་གཉིས་པའི་དུས་དབུ་གཙུག་ཏུ་རྩ་བ་སྤུ་དཀར་


GLG008_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྣམ་པ་ལ་རྩེ་མོར་རྒོད་ཀྱི་སྒྲོ་ཇི་ལྟ་བ་གསུམ་དང་། དགུང་ལོ་ཉེར་བཞི་པའི་དུས་རྒོད་ཀྱི་སྒྲོ་ལྔ་སྐྱེས་པས་འཁྲུངས་ཡུལ་དང་མཚན་རྟགས་སོགས་ཀྱི་ངེས་པ་ནི་ཐུགས་སྒྲུབ་དྲག་པོ་རྩལ་གྱི་ལུང་བྱང་ལས། ལྔ་བརྒྱ་ཐ་མ་ཤར་བའི་ཚེ༔ རི་བོ་བཀྲ་བཟང་ཤར་འདབ་ཏུ༔ ལས་ཅན་སྦས་པའི་རྣལ་འབྱོར་པ༔ རྒོད་ཀྱི་ལྡེམ་ཕྲུ་ཅན་ཞིག་འབྱུང༔ དེ་ཕྱིར་ང་ཡི་ཐུགས་སྒྲུབ་བཞག༔ ཅེས་དང་། རི་ཁྲོད་པ་བཟང་པོ་གྲགས་པའི་གཏེར་ལུང་སྙིང་ཐིག་གནད་ཀྱི་མན་ངག་དོན་བདུན་མ་ལས། བྱང་ཕྱོགས་མཐོ་ཡོར་ནག་མོའི་ས་ཕྱོགས་སུ༔ རི་བོ་བཀྲ་བཟང་ཞེས་བྱའི་ཤར་འདབས་སུ༔ ཆུ་ཁམས་གླང་ལོ་སྨེ་བའི་མཚན་རྟགས་ཅན༔ པདྨ་ང་ཡིས་བྱིན་གྱིས་བརླབས་པའི་རྟགས༔སྤྱི་བོར་རྒོད་ཀྱི་ལྡེམ་ཕྲུ་ཡང་ཡང་འབྱུང༔ ཞེས་པ་ལྟར་རོ། །རིག་འཛིན་ཆེན་པོ་འདིས་གཞོན་ནུའི་དུས་ནས་ཡབ་ཆོས་ཞི་ཁྲོ་སྒྱུ་འཕྲུལ་དང་། བཀའ་བརྒྱད་མ་གཤིན་ཕུར་གསུམ་ལ་ཐོས་བསམ་སྒོམ་པ་ནན་ཏན་དུ་མཛད། འདི་ཉིད་ཀྱིས་སྤྱན་དྲངས་པའི་ཟབ་གཏེར་རྣམས་ནི་ཨུ་རྒྱན་ཆེན་པོ་ལྷོ་ནུབ་སྲིན་པོའི་ཡུལ་དུ་གཤེགས་པའི་ཡར་ལམ་གནོད་སྦྱིན་བུ་ལེའི་གངས་འདབས་ནས། རྗེ་ལྷ་སྲས་མུ་ཁྲི་བཙན་པོ། འབངས་སྣ་ནམ་རྡོ་རྗེ་བདུད་འཇོམས། གྲོགས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཏེ་ལས་ཅན་གྱི་འཁོར་གསུམ་དང་བཅས་ནས་སློབ་དཔོན་ཆེན་པོའི་རྫུ་འཕྲུལ་གྱིས་རི་བོ་བཀྲ་བཟང་གི་རྩེ་མོར་ཕེབས། རྡོ། ཟངས། ཁྲོའི་གའུ་ཁ་སྦྱར་གྱི་ནང་དུ་མཁའ་འགྲོ་མས་ཕུལ་བའི་འཛེང་དཀར་གྱི་རྡོ་རེང་གསུམ་ཤོག་སེར་དང་བཅས་པ་གཏེར་དུ་སྦས། དེ་འདོན་པའི་ཁ་བྱང་ནི། རི་ཁྲོད་པ་བཟང་པོ་གྲགས་པའི་གཏེར་མའི་སྙིང་བྱང་མན་ངག་གནད་ཀྱི་དོན་བདུན་མ། སྙིང་བྱང་རྒྱས་པ་གནད་ཀྱི་ཐེམ་བུ།


GLG008_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་བྱང་འབྲིང་པོ་ཐུགས་རྗེའི་འོད་ཟེར། སྙིང་བྱང་བསྡུས་པ་ཐུགས་རྗེའི་ལྕགས་ཀྱུ་རྣམས་ལས་གསལ་བ་ལྟར་ཡིན་ལ། དེ་ཡང་གཏེར་སྟོན་བཟང་པོ་གྲགས་པ་དེ་ཉིད་ཐོག་མར་ཕྱག་རྒྱ་ཆེན་པོའི་སྒོམ་ཆེན་ཞིག་ཡིན་པ་ལ་གནོད་སྦྱིན་བུ་ལེས་གཏེར་འདོན་པར་བསྐུལ་བ་དང་། རེ་ཞིག་ན་དིང་རིར་ལྡོམ་བུ་ལ་བྱོན་པའི་ཚེ་སློབ་དཔོན་ཆེན་པོའི་སྤྲུལ་པ་སྙེ་ནམ་ལ་སྒོམ་ཟེར་བས་ཀྱང་བསྐུལ་མ་མཛད་པར་བརྟེན། གྲོམ་པ་རྒྱང་གི་ལྷ་ཁང་དང་རྒྱང་ཡོན་པོ་ལུང་གི་ཕུག་པ་གཉིས་ནས་ཟབ་གཏེར་མང་དུ་སྤྱན་དྲངས་པའི་ནང་ཚན་གོང་གི་ཤོག་དྲིལ་བཞི་པོའི་སྟེང་དུ་ཕྱིར་ཟློག་འཁོར་ལོ་འབར་བ། ཞལ་ཆེམས་ཐུགས་ཀྱི་ཐིགས་པ། ཁ་བྱང་གཏེར་གྱི་བང་མཛོད། ལམ་བྱང་གསལ་བའི་སྒྲོན་མེ་སྟེ་ཆོས་ཚན་བརྒྱད་པོ་འདི་རྣམས་ལྷ་བྲག་གི་གཏེར་འདོན་པའི་ཆ་ལག་ཏུ་དགོས་པར་མཁྱེན་ནས་སྟོན་པ་བསོད་ནམས་དབང་ཕྱུག་ལ་བསྐུར་ཏེ། སྔགས་པ་ལག་ན་ལྷའི་སྐུའམ་ཕུར་པ་ཐོགས་པ་ཐོག་མར་བོད་བདེ་སྡུག་གི་གཏམ་འདྲི་བ་ཞིག་ལ་ཐོད་གསུང་བ་ལྟར་ལམ་དུ་ཞུགས་ཏེ་བྱོན་པས་རིག་འཛིན་ཆེན་པོ་དང་མཇལ་བས་གོང་གི་གསུང་རྣམས་དང་མཐུན་པར་བྱུང་བ་ལ་བརྟེན་ནས་ཤོག་དྲིལ་རྣམས་སྤྲད། གཏེར་ཁ་སྔ་ཕྱི་གཉིས་ཀྱི་གཏེར་ཚབ་གུང་ཐང་རྒྱལ་པོས་བཅུག་ན་ལེགས་པར་བཤད་པ་ལྟར་ཞུ་བར་བྱོན་ཀྱང་། མངའ་བདག་ཕུན་ཚོགས་དཔལ་གྲོམ་སྟོད་དཔལ་ལྡན་ས་སྐྱར་བྱོན་པ་དང་འགྲིག །མངའ་བདག་ཐུགས་བྲེལ་གྱིས་གཡེངས་ནས་ཉིན་ཞག་མང་པོའི་བར་དོ་གལ་མ་མཛད་པར་ལུས། མཐར་གསེར་ཞོ་གང་གནང་། ཡར་ལམ་ངམ་རིང་ནས་གཏེར་ཚབ་ཏུ་དར་སྣ་དང་འབྲུ་སྣ་གཏོས་ཆེ་བ་ཕུལ། དེ་ནས་མེ་རྟ་སྦྲུལ་གྱི་ཟླ་བའི་ཡར་ངོའི་ཚེས་བརྒྱད་རྒྱལ་ཕུར་གྱི་འགྲུབ་སྦྱོར་ལ་རི་བོ་བཀྲ་བཟང་གི་རྩེ་མོར་ཕེབས་ཏེ་སྐྱ་


GLG008_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

རེངས་དང་པོའི་ཚེ་གཏེར་གནས་ཀྱི་ཐང་དུ་འོད་ཟེར་སྐར་ཆེན་ཤར་བ་ལྟ་བུ་དང་། ཉི་མའི་རྩེ་ལ་དཔག་བསམ་གྱི་སྡོང་པོ་ལྟ་བུའི་འོད་ཟེར་དཀར་པོ་རི་བོ་བཀྲ་བཟང་གི་ཐད་ལ་ཟུག །བྲག་ལ་ཟིལ་པ་ཁ་བ་བབས་པ་ཙམ་འདུག་པའི་འོག་ནས་འཛེང་རྡོ་དཀར་པོ་སོགས་སྤྱན་དྲངས་པ་ཡིན་ཏེ། སྙིང་བྱང་རྒྱས་པ་ལས། རྟ་ལོ་སྦྲུལ་གྱི་ཟླ་བ་ཡི༔ ཚེས་བརྒྱད་སྟག་གི་ཁ་རླུངས་ལ༔ རི་དེའི་མིག་གི་རྣམ་པར་ལྟ༔ འོད་ཟེར་སྐར་ཆེན་ཤར་འདྲ་འབྱུང་༔ ཞེས་དང་། འབྲིང་པོ་ལས། འཛེང་བྲག་དཀར་པོའི་རྡོ་རེང་ལ༔ ནང་ན་བྱང་ཆུབ་སྲོག་ཤིང་ལ༔ གཏེར་ཆེན་གསུམ་གྱི་ལྡེ་མིག་ཡོད༔ གཏེར་ཕྲན་བརྒྱ་རྩ་འདོན་པར་འགྱུར༔ མུན་པ་འོད་དུ་སྣང་བ་ལ༔ ཉི་ཤར་སྟེང་དུ་ཟིལ་པ་འབྱུང༔ ཞེས་སོ། །ལྟས་ངོ་མཚར་བ་དེ་ལ་དགོངས་ནས་གཏེར་སྟོན་གྱིས་མཛད་པའི་གསོལ་འདེབས་བརྡ་ཆེན་བཅོ་བརྒྱད་མ་ལས། རི་རྒྱལ་རྩེ་ནས་གཏེར་ཆེན་ལྡེ་མིག་རྙེད༔ ངོ་མཚར་རྨད་དུ་བྱུང་བའི་རྟགས་གསུམ་མཐོང༔ དོན་ཆེན་ཐེ་ཚོམ་མེད་པར་འགྲུབ་པའི་བརྡ༔ ཞེས་སོ། །སྙིང་བྱང་བསྡུས་པ་ལས། ལྡི་མིག་བཏོན་རྗེས་ཀླུ་གཏེར་གཞུག༔ ཅེས་པའི་དོན་ལྟར་གཏེར་ཚབ་སྦས༔ ཕྱི་རབས་ཡིད་ཆེས་ཀྱི་དོན་དུ་གཏེར་ཤུལ་དངོས་འཇོག་པ་གནང་བར་དེང་སང་རླུང་གསེང་དུ་གྲགས། ལོ་ཕྱི་མའི་ལོ་གསར་གྱི་སྐབས་མྱུར་གུ་གསར་དུ་སྐྱེས་པ་ལ་བརྟེན། གར་ཆེན་མ་ལས། རི་བོ་བཀྲ་བཟང་གཏེར་ཆེན་འདུས་པའི་རྩེར། །ལོ་གསར་འཁྱགས་པའི་དུས་སུ་ལོ་ཏོག་སྨིན། །གནས་དེར་དད་ལྡན་ཅི་བསམས་འགྲུབ་པའི་བརྡ། །ཞེས་སོ། །ལུང་བསྟན་བཞིན་དཀྱིལ་འཁོར་གྱི་དབུས་སུ་འཛེང་གི་རྡོ་རེང་བཀོད། རྡོ་རྗེ་ཕུར་པའི་སྒོ་ནས་གཏེར་གྱི་མདཱ་དབུལ་དང་དངོས་


GLG008_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་བླང་བ་མཛད། ལོ་དེའི་ལུག་ཟླའི་ཚེས་བཞིའི་སྲོད་ལ་བྲག་རི་དུག་སྦྲུལ་སྤུངས་འདྲའི་སྐེད་པའི་བྲག་ཕུག་ནས་རྡོ་རྗེའི་རྒྱ་གྲམ་གྱི་མཚན་རྟགས་ཀྱི་འོག་ཏུ་ལྡེ་མིག་བསྣུན་པས་བྲག་གི་སྒོ་གསལ་བའི་ནང་དུ་རྡོ་སྔོན་པོ་གྲུ་བཞི་སྒོ་དགུ་ཡོད་པ། སྒོ་རྒྱན་དངུལ་གྱི་མདོག་འདྲ་བའི་གཟེར་བཏབ་པ། སྟེང་ན་སྦྲུལ་ཁ་དོག་སྔོ་སྐྱ། ལྟོ་བ་སེར་པོ། སྦོམ་ཕྲ་ལག་ངར་ཙམ་པ། རིན་པོ་ཆེ་ཟུར་བརྒྱད་པའི་དབྱིབས་སུ་འཁྱིལ་བ། ཁ་ཤར་ལྷོར་བསྟན་པ། སྙིང་ཁ་ན་འབུར་གསུམ་ཡོད་པའི་ནང་ནས་ཤོག་དྲིལ་གཅིག་དང་རིན་པོ་ཆེ་ཞིག་སྟོན། དེ་ནས་དབུས་སྙིང་མཛོད་སྨུག་པོ་ནས་ཤོག་དྲིལ་གསུམ་དང་ཕུར་པ་གསུམ་ཆུ་དར་སྨུག་པོ་ཅིག་གིས་གྲིལ་བ། ཤར་དུང་མཛོད་དཀར་པོ་ནས་ལས་རྒྱུ་འབྲས་ལ་ཟློ་བའི་ཆོས་དགོངས་པ་ནམ་མཁའ་དང་མཉམ་པ། ལྷོ་གསེར་མཛོད་སེར་པོ་ནས་བསྙེན་སྒྲུབ་རྣམ་བཞིའི་ཆོས་སྤྱོད་པ་ཉི་ཟླ་ལྟར་གསལ་བ། ནུབ་ཟངས་མཛོད་དམར་པོ་ནས་རྟེན་འབྲེལ་ཁྱད་པར་ཅན་གྱི་ཆོས་ཙན་དན་གྱི་སྡོང་པོ་ལྟ་བུ། བྱང་ལྕགས་མཛོད་ནག་པོ་ནས་དགྲ་བགེགས་ཐལ་བར་རློག་པའི་ཆོས་དུག་གི་སྡོང་པོ་ལྟ་བུ་སྟེ། མདོར་ན་ཀུན་བཟང་དགོངས་པ་ཟངས་ཐལ་གྱིས་ཐོག་དྲངས་པའི་ཆོས་དང་དམ་རྫས་བགྲང་བར་ཡས་པ་སྤྱན་དྲངས་པས། ཞལ་ཆེམས་བདུན་པ་ལས། གཏེར་ཆོས་ཟབ་མོའི་མན་ངག་རྩ་བ་བཞི༔ ཤར་ན་དུང་མཛོད་དཀར་པོ་འབྲས་བུའི་ཆོས༔ ཚེ་འདིར་སངས་རྒྱས་ལག་བཅངས་གཏད་ཐབས་ཡོད༔ རྩ་བ་རྒྱུད་གཅིག་མན་ངག་རྣམ་པ་བཅུ༔ དེ་ལ་ཕྲན་བུའི་མན་ངག་བཅུ་བཅུ་ཡོད༔ སོ་སོར་ཕྱེ་བས་མན་ངག་བརྒྱ་རྩ་གཅིག༔ ལྷོ་ན་གསེར་མཛོད་སེར་པོ་བསྙེན་སྒྲུབ་ཆོས༔ ལམ་གྱི་བར་ཆད་སེལ་བའི་སྒྲུབ་ཐབས་ཡོད༔ ཡི་དམ་ལྷ་ཡི་སྒྲུབ་ཐབས་རྩ་བ་བཅུ༔ དེ་རྣམས་རེ་རེ་ལ་ཡང་མན་ངག་བཅུ༔


GLG008_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་ཕྱེ་བས་མན་ངག་བརྒྱ་རྩ་གཅིག༔ ནུབ་ན་ཟངས་མཛོད་དམར་པོ་རྟེན་འབྲེལ་གྱི༔ ཟབ་ལམ་ཐབས་ཀྱི་དངོས་གྲུབ་གནང་ཏིག་ཡོད༔ རྩ་བ་གཅིག་ལ་མན་ངག་བརྒྱ་རྩ་གཅིག༔ བྱང་ན་ལྕགས་མཛོད་ནག་པོ་ངན་སྔགས་ཀྱི༔ རེག་གཅོད་སྒྲུབ་ཐབས་ཉི་ཤུ་རྩ་གཅིག་ལ༔ མ་བུ་ལྔ་ལྔར་ཕྱེ་བས་བརྒྱ་རྩ་གཅིག༔ དབུས་ན་ཤོག་དྲིལ་རྒྱ་ཅན་གསུམ་ཡོད་པས༔ ལས་ཅན་སྣོད་བརྟག་དམ་མེད་སྤང་བ་དང༔ གདོང་དམར་ལྷོ་བོད་མཚམས་ཀྱི་གདུལ་བྱའི་གནད༔ སྐྱེས་བུ་ཁྱོད་ལ་དགོས་པའི་ཆོས་དྲུག་ཡོད༔ དུག་སྦྲུལ་ལྟོ་བ་བཤགས་པ་ཐུན་མོང་གི༔ སྒྲུབ་པ་ཟབ་མོ་གཉིས་དང་ཞལ་ཆེམས་གཅིག༔ དབུས་ན་རྩིས་རྒྱར་མ་བཞག་གབ་པ་ཡི༔ གང་ཟག་སྤྱི་ལ་དགོས་པའི་ཆོས་ཚད་མ༔ ཟབ་ལ་གནང་འདུས་ཤིན་ཏུ་གཅེས་པ་ཡོད༔ ཅེས་སོ། །དེ་ལྟ་བུའི་ཟབ་གཏེར་འདོན་པའི་དུས་རྟགས་ནི། ལམ་བྱང་གསལ་བའི་སྒྲོན་མེ་ལས། རི་བོ་བཀྲ་བཟང་གི་རྩེ་ལ་ཞྭ་གྱོན༔ བྱང་ཕྱོགས་ནས་མང་ཡུལ་དུ་དམག་གློག་ལྟར་འཁྱུག༔ རྒྱ་གར་གྱི་བྱང་ཆུབ་ཤིང་ལྷོ་རུ་ཡོ༔ ཁ་ཆེའི་མཆོད་རྟེན་བྱང་ཤར་དུ་རལ༔ བལ་པོའི་འཕགས་པ་ཤིང་ཀུན་གྱི་མཆོད་རྟེན་བྱང་ཤར་དུ་ཡོ༔ བསམ་ཡས་བྲག་དམར་ལ་ཐོག་འབབ༔ དེ་ལྟ་བུའི་ལྟས་བྱུང་དུས་བྲག་རི་དུག་སྦྲུལ་སྤུངས་འདྲ་ནས་རྟའི་ལོ་ལ་གཏེར་འབྱུང་བར་འགྱུར་རོ། །ཞེས་གསུངས་པ་ལྟར་དང་། གཏེར་འདོན་པའི་དགོས་ཆེད་ཀྱང་། སྐུལ་བྱང་ལས། ཟང་ཟང་ལྷ་བྲག་གི་སྐེད་པ་ན༔ སངས་རྒྱས་བསྟན་མ་ཡུན་སྲིང་བའི་ཐབས་ཡོད་དོ༔ དེ་དུས་ལ་བབ་པའི་ཚེ་འཐོན་ན༔ བོད་ལ་མི་ལོ་བརྒྱ་དང་རྩ་གཅིག་བདེ་སྐྱིད་འབྱུང༔ ཞེས་དང་། ཕྱི་གཏེར་གསོལ་འདེབས་ཀྱི་མཇུག་ཏུ༔ མ་འོངས་ཐ་མའི་དུས་སུ་ནུབ་ཕྱོགས་སུ༔


GLG008_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ང་ཡི་རྗེས་འཇུག་སྦས་པའི་རྣལ་འབྱོར་པ༔ འགྲོ་དོན་ཆེར་སྤྱོད་ལྷག་པར་ང་ལ་མོས༔ ཐེ་ཚོམ་ཆུང་ཞིང་ཆོས་རྒྱལ་གདུང་རྒྱུད་སྐྱོབ༔དེ་འདྲའི་ལས་ཅན་སྙིགས་མའི་དུས་སུ་འབྱུང༔ ཞེས་དང་། ནང་གཏེར་ལྷ་སྲས་ཞུ་ལན་གྱི་མཇུག་ཏུ། དུས་ངན་ཐ་མ་མཐར་ཕུག་སླེ་ཀ་རུ༔ རི་བོ་བཀྲ་བཟང་ཞེས་བྱའི་ཤར་འདབས་སུ༔ སྦས་པའི་རྣལ་འབྱོར་གཅིག་གི་སྨོན་ལམ་གྱིས༔ ང་ཡི་གཏེར་དོན་ལྷ་སྲས་གདུང་རྒྱུད་སྐྱོབ༔ ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔ དུས་ངན་ཐ་མའི་སེམས་ཅན་ཟོག་པོས་འདུལ༔ དེ་ཡི་སྐྱོན་གྱིས་ལོག་ལྟའི་འདམ་ལ་ཚུད༔ ཆོས་དང་ཆོས་འདྲ་མི་ཕྱེད་ཐེ་ཚོམ་ཆེ༔ རི་བོ་བཀྲ་བཟང་ཤར་འདབས་འབྱུང་བ་དེ༔ གསང་སྔགས་ཐེག་པ་ཆེན་པོའི་བཀའ་དང་མཐུན༔ དགེ་བའི་ཚུལ་སྤྱོད་སྦས་པའི་རྣལ་འབྱོར་པས༔ གུང་ཐང་རྒྱལ་པོ་རྗེ་འབངས་སྐྱོང་བར་ངེས༔ ཞེས་པ་ལྟར་མངའ་བདག་རྒྱལ་པོ་རྗེ་བཀྲ་ཤིས་ལྡེ་དང༔ གཏེར་སྟོན་ཆེན་པོ་དང་མཛོད་ལྔ་འདུས་པའི་ཟབ་གཏེར་འཐོན་པ་རྣམས་དུས་གཅིག་ཏུ་འཛོམ་ན་བོད་ལ་བདེ་སྐྱིད་ཆེན་པོ་འབྱུང་བར་དགོངས་ནས། གབ་པ་སྙིང་གི་ལྡེ་མིག་ལས། སློབ་དཔོན་དང་ནི་ཟབ་མོའི་གཏེར༔ གུང་ཐང་རྒྱལ་པོ་གསུམ་འཛོམ་ན༔ དེ་དུས་བོད་ཀྱི་བསྟན་པ་ནི༔ བརྒྱ་དང་རྩ་གཅིག་གཏེར་ངེས་འཛིན༔ ཞེས་བྱུང་བའི་དོན་ལྟར་འགྲོ་བའི་བསོད་ནམས་ཀྱི་སྨན་ཡོན་དམ་པར་འགྱུར་རྒྱུ་དེ། བདུད་ཀྱི་བར་ཆད་ཀྱི་དབང་གིས་རྟེན་འབྲེལ་ཅུང་ཟད་མ་འགྲིག་པར་སྣང་སྟེ། སྙིང་བྱང་འབྲིང་པོ་ལས། དང་པོ་དད་པ་མ་སྐྱེས་ན༔ གདུང་གསུམ་གྲི་རུ་འགུམ་པར་འགྱུར༔ ཞེས་དང་། སྙིང་ཏིག་གནད་ཀྱི་མན་ངག་དོན་བདུན་མ་ལས། གལ་ཏེ་གུང་ཐང་རྒྱལ་པོ་བདུད་ཀྱིས་བར་དུ་བཅད་དེ་རྟོག་གེ་སྒྲ་ཚད་ལྟ་བུའི་ཐེ་ཚོམ་རྟོག་ཅིང་དད་པ་དང་མི་ལྡན་ན་བོད་ཀྱི་སྐྱིད་པ་ཟད་


GLG008_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཏེ༔ གུང་ཐང་རྒྱལ་པོའི་གདུང་རྒྱུད་བདུད་ཀྱིས་གཅོད༔ བོད་ཀྱི་ཕུང་མགོ་གུང་ཐང་ནས་འཛུགས་སོ༔ ཞེས་དང་། སྔོན་ཆོས་ཀྱི་རྒྱལ་པོ་རྟེན་འབྲེལ་ཉམས་གྲིབ་ཀྱི་སྲིས་ངའི་གཏེར་དང་ཕྲད་དུས་འཆིའོ༔ ཞེས་གསུངས་པས་འདི་དག་གི་དོན་སྔ་ཕྱི་རྣམས་ལ་བརྟགས་ན། སྔར་གཏེར་ཚབ་ཞུ་བའི་སྐབས་ཀྱང་བདག་པོ་ས་སྐྱར་བྱོན་པ་དང་འགྲིག་ཅིང་། རྟོག་གེ་དང་ཐ་སྙད་ལ་ཞེན་པའི་རིགས་ཀྱིས་ཅལ་སྒྲོག་དང་། ལྟ་གྲུབ་ཀྱི་ཀུན་སློང་ལ་བརྟེན་ནས་གུང་ཐང་རྒྱལ་པོའི་ཐུགས་རྒྱུད་བསྒྱུར་ནས་ཟབ་གཏེར་ལ་ཡིད་གཉིས་སུ་གྱུར་ཏེ་གཏེར་ཚབ་ཀྱང་ཆེར་མ་ཕུལ་བ་སོགས་གཏེར་སྟོན་ལ་ཐུགས་མོས་དང་མི་ལྡན་པར་གསལ་ལ། དེའི་དུས་སུ་ས་སྐྱར་སློབ་དཔོན་ཆེན་པོ་པདྨའི་རྣམ་སྤྲུལ་བདག་ཆེན་འཇམ་དབྱངས་ཆེན་པོ་ནམ་མཁའ་རྒྱལ་མཚན་ཞེས་གསང་ཆེན་སློབ་བཤད་ཀྱི་བདག་པོ་ཁྱད་པར་ཅན་དེ་ལྟ་བུ་བཞུགས་པའི་སྐབས་ཙམ་ཡིན་པར་སྣང་ནའང་། ཆོས་རྗེ་དཔལ་ལྡན་བླ་མ་དམ་པ་དང་། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་སོགས་ལ་ཡང་ས་སྐྱ་པ་ནང་གི་གདུང་རྒྱུད་དང་བུ་སློབ་སོགས་ནས་ཐུགས་སུན་ཕྱུང་བ་མང་དུ་བྱུང་འདུག་པས་སྐབས་འདིར་ས་སྐྱའི་བདག་པོ་དཀྱུས་མའི་རིགས་དང་དགེ་བཤེས་སུ་མིང་བཏགས་པ་འདྲས་གུང་ཐང་རྒྱལ་པོའི་རྟེན་འབྲེལ་འཕྱུགས་པའི་ཐབས་ལྷུར་བླངས་པར་མངོན་ནོ། །ཚུལ་འདི་དག་དང་མཚུངས་པར་རིག་འཛིན་རཏྣ་གླིང་པའི་གཏེར་ལུང་ལས། གྲོས་མགོ་དམག་དཔོན་ནག་མོས་བྱེད་པ་དང༔ ནལ་ཕྲུག་གསོད་ཅིང་མནའ་ལ་འགམ་པ་དང༔ ཆད་ལ་མདོ་མེད་སྙིང་དང་འདྲ་བས་བསླུས༔ བཙུན་པའི་ཞིམ་ཟས་ཤ་ལ་བྱེད་པ་དང༔ དགེ་བཤེས་ཐམས་ཅད་ཕྱོགས་ཆའི་བདུད་ཀྱིས་


GLG008_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན༔ ཆོས་དང་ཆོས་པ་གཞན་ལ་སྨོད་པ་དང༔ ཁྱད་པར་བདུད་ཀྱིས་བྱིན་བརླབས་དགེ་བཤེས་འགས༔ པདྨ་ང་ཡི་ཆོས་ལ་ཆོས་ལོག་ཟེར༔ སྦས་ཡུལ་གཏེར་ཆོས་སྨོད་དང་ཡ་ག་སྒྲོག༔ ལྷོ་རུ་ཚ་རྡོལ་བྱང་དུ་དམག་རྡོལ་ནས༔ བོད་ཀྱི་ཡུལ་རྣམས་བདེ་སྐྱིད་མེད་ལ་ཟད༔ དེ་འདྲའི་དུས་ངན་ཐ་མར་ཤར་དུས་སུ༔ ཧོར་དམག་བྱང་གི་ཕྱོགས་ནས་འབྱུང་བར་འགྱུར༔ དེ་ཡི་འོང་ལུགས་དང་པོ་ཇག་ཡན་ཚུལ༔ ཚྭ་བ་གསེར་པ་བྱང་འབྲོག་བསྣུན་པར་བྱེད༔ དེ་ནས་རྗེ་ཉེ་འབྲོག་གི་ཚུལ་དུ་འོངས༔ བོད་དང་སྲིད་སྦྲེལ་གློ་བ་ཉེ་བར་བྱེད༔ དེ་རྣམས་སྣ་དྲངས་གཏིང་ནས་དམག་རྡོལ་ནས༔ བྱང་འབྲོག་འཇོམས་ཤིང་རིམ་གྱིས་བོད་ཀྱང་འཇོམས༔ དེ་ཚེ་བོད་ཡུལ་དམག་གི་ཁ་རླངས་གིས༔ ནད་ངན་ལོ་ཉེས་དུས་ཟིངས་གློ་བུར་འབྱུང་༔ དམག་མ་སླེབ་ཀྱང་ཤིས་ངན་འཆི་བར་འགྱུར༔ དུས་ཀྱི་ཐ་མ་མཐར་ཐུག་དེ་ཡི་དུས༔ བོད་ལ་ཕན་ཐབས་ང་ཡི་བཀའ་ལས་མེད༔ ཤཱཀྱ་ཐུབ་པའི་རྒྱལ་ཚབ་ང་ཡིན་པས༔ ང་ཡི་བཀའ་བཞིན་བསྒྲུབས་ན་བོད་ཡུལ་བདེ༔ ཕྱི་མ་མཐོ་རིས་འཐོབ་པར་གདོན་མི་ཟ༔ དེ་དུས་ང་ཡི་སྤྲུལ་པ་འགའ་ཙམ་འབྱུང༔ སྦས་པའི་ཚུལ་གྱིས་སྣ་ཚོགས་འགྲོ་དོན་བྱེད༔ བོད་ཡུལ་བདེ་ཞིང་སྐྱིད་པའི་རྟེན་འབྲེལ་འགྲིག༔ མཐའ་དམག་ཟློག་པའི་ཐབས་ཀྱང་བྱེད་འགྱུར་ཞིང་༔ ང་ཡི་ཐུགས་རྗེ་དེ་དུས་མྱུར་བར་འབྱུང་༔ ཟབ་མོའི་གཏེར་སྟོན་རིམ་གྱིས་བྱུང་ནས་ནི༔ ང་ཡི་ཞལ་ཆེམས་མང་དུ་འབྱུང་བར་འགྱུར༔ ལས་ཅན་སྦས་ཡུལ་འཚེལ་བའང་མང་དུ་འབྱུང་༔ དེ་ཚེ་ང་ལ་བདུད་ཅེས་དགེ་བཤེས་འགས༔ གཏེར་ཆོས་སྦས་ཡུལ་མི་བདེན་རྫུན་ཡིན་ཟེར༔ སྨོད་ཅིང་ཡ་ག་སྒྲོག་པའི་རྐྱེན་བྱས་ནས༔ ལས་ཅན་རྣམས་ཀྱང་ཕྱི་བཤོལ་བྱེད་པར་འགྱུར༔


GLG008_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བོད་སྤྱི་བྱེ་བྲག་གི་བདེ་ཐབས་ལ་བར་གཅོད་སྣ་ཚོགས་འོང་བར་བཤད་པས་ཀྱང་ཤེས་པར་ནུས་སོ། །འོན་ཀྱང་ཟབ་གཏེར་འདི་ཉིད་ཀྱི་སྙན་པས་བོད་ཡུལ་ཁྱབ་ཅིང་། སྲས་བརྒྱུད། ཡུམ་བརྒྱུད། སློབ་བརྒྱུད་གསུམ་ནས་འོངས་པའི་ཆོས་ཀྱི་རྒྱུན་དེང་སང་གི་བར་མ་ནུབ་པར་གནས། ཁྱད་པར་ནུབ་དགོན་པ་ཕྱོགས་ནས་བརྒྱུད་པ་སློབ་བརྒྱུད་གཙོ་ཆེ་ཞིང་། བརྒྱུད་པ་གཞན་རྣམས་ལ་རིག་འཛིན་མངའ་རིས་པ་ཆེན་པོ་བཞུགས་པ་ཤས་ཆེ་ནའང་། ལས་འབྲས་རྒྱབ་ཏུ་བོར་བ་འགའ་ཞིག་གིས་སྒོ་ང་དང་སྒོང་སྐོགས་ཀྱི་དཔེ་བྱེད་པར་མཐོང་། གབ་པ་སྙིང་གི་ལྡེ་མིག་ལས། བོད་ཁམས་ཕུང་བའི་རྟགས་བྱུང་ན༔ ཡོལ་མོ་སྟོད་ལ་གྲོ་མོ་སྨད༔ བར་ཡུལ་རིན་ཆེན་འབྲས་མོ་གཤོངས༔ གང་གི་རྟགས་བྱུང་དེ་རུ་རྒྱུག༔ ཅེས་པ་ལྟར་དང་། བོད་བདེ་ཐབས་ཀྱི་རྟེན་འབྲེལ་ཅུང་ཟད་མ་འགྲིག་པར་བརྟེན། སྦས་ཡུལ་འབྲས་མོ་གཤོངས་ཀྱི་གནས་སྒོ་འབྱེ་བར་ཕེབས། དེའི་རྒྱུ་མཚན་གྱི་གཙོ་བོ་ནི་སྐུལ་བྱང་ཆེན་མོ་ལས། ལྷོ་འབྲས་མོ་གཤོངས་ཀྱི་སྒོ་ཕྱེད་པ་ཙམ་གྱིས་ལོ་བདུན་འཛམ་བུ་གླིང་གི་བདེ་སྐྱིད་འབྱུང༔ དེའི་དུས་དབུས་སུ་རྒྱལ་པོའི་མངའ་གསོལ་ན༔ ལོ་བཅུ་གསུམ་འཛམ་བུའི་གླིང་དུ་བདེ་སྐྱིད་འབྱུང༔ ཞེས་པ་ལྟར་རོ། །མཛོད་ལྔ་སྟག་རྩེ་བརྒྱུད་འབྲས་གཤོངས་མཐིལ་དུ་ཕེབས། བྲག་དཀར་བཀྲ་ཤིས་སྡིངས་སུ་མགུར་གསུངས། སྒོ་ཡོལ་གྱི་ལུང་ཕྲན་ལྔ་དང་དགའ་བདེ་སོགས་སུ་བཞུགས། འབྲས་མོ་གཤོངས་ཀྱི་གནས་སྒོ་ཕྱེད་པའི་ཕྱག་རྟགས་སུ། གུ་རུ་ལ་ན་མོ༔ གྲུབ་ཐོབ་བླ་མ་རྣམས་ཀྱིས་གསུངས་པའི༔ ཤཱཀྱའི་བསྟན་པ་ཕྱིན་ཆད་ནི༔ སངས་རྒྱས་ཀུན་གྱིས་


GLG008_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི༔ དེང་སང་སྙིགས་མའི་དུས་འདིར་སླེབ་ནས་ཡོད༔ རྒྱ་གར་ཟངས་གླིང་གི་བྱང་ཕྱོགས༔ མོན་ཕག་རི་ཁའི་ལྷོ་ནུབ་གུ་རུ་མ་ཧཱའི་བསྒྲུབ་གནས་ཡོད་པའི་ས་ནས་རྡོ་རྗེ་ཐོད་འཕྲེང་རྩལ་གྱིས་བོད་ཁ་བ་ལྗོངས་པ་རྣམས་ལ་སྤྲིངས་པ༔ བོད་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་དཀའ་བ་མང་དུ་སྤྱད་ནས༔ འབྲས་མོ་ལྗོངས་ཀྱི་གནས་སྒོ་ཕྱེ་ནས་ཡོད་པས༔ ཞེས་སོགས་ཀྱི་སྤྲིངས་ཡིག་ངོ་མཚར་པ་མཛད། འབྲས་མོ་ལྗོངས་སུ་མ་ཟད། བདེ་ལྡན་སྐྱིད་མོ་ལུང་། སྦས་པ་པདྨའི་ཚལ། རོལ་པ་མཁའ་འགྲོའི་གླིང་། རྒྱལ་གྱི་མཁན་པ་ལུང་། ལྷའི་ཕོ་བྲང་སྡིངས། གྲོ་མོ་ཁུད་དེ་སྦས་ཡུལ་བདུན་གྱི་ཐེམ་བྱང་དང་། སྦས་ཡུལ་སྤྱིའི་ཐེམ་ཡིག །བྱེ་བྲག་ཏུ་ཡོལ་མོ་གངས། བུ་ལེ་གངས། འབྲས་མོ་ཁུད། སྐྱིད་མོ་ལུང་། མཁན་པོ་ལུང་། སྟག་སོ་གངས་རི་སོགས་སྦས་ཡུལ་ཅི་བྱེ་བྲག་མང་པོའི་ལྡེ་མིག །ཁ་བྱང་། ལམ་བྱང་། སྙིང་བྱང་། གནས་ཡིག །རི་ཀུན་དུ་གཟིགས་ཀྱི་སྟོད་རིགས་རྒྱུད་དར་བའི་གནས། བར་བསོད་ནམས་དང་ལོངས་སྤྱོད་དར་བའི་གནས་སྨད་ཕུང་བྱེད་མཐའ་དམག་ཟློག་པའི་གནས་ཀྱི་ས་གནད། གན་ཏིག་ལུང་བསྟན་སོགས་དུ་མ་ཡང་ཟང་ཟང་ལྷ་བྲག་ནས་སྤྱན་དྲངས་ཏེ་བཀའ་བབས། དེ་ཡང་གཏེར་སྟོན་སངས་རྒྱས་གླིང་པ་དང་རིག་འཛིན་ཆེན་པོ་འདི་ཉིད་དགུང་ལོ་བགྲེས་གཞོན་མ་གཏོགས་ཐོག་མཚུངས་པར་བྱོན། གཏེར་སྟོན་གཉིས་ལ་ཐུགས་མི་མཐུན་པ་ག་ལ་མངའ་ནའང་བུ་སློབ་འདྲ་མི་མཛའ་བའི་ཆགས་སྡང་ལ་བརྟེན། དགོངས་འདུས་པ་ཞིག་གིས་རིག་འཛིན་ཆེན་པོའི་དབུ་སྐྲའི་གསེབ་ཀྱི་རྒོད་སྒྲོ་ལ་བསྙད་ནས་ལུང་བསྟན་བཀའ་རྒྱར་


GLG008_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ལྷད་འདི་ལྟར་བཅུག་སྟེ། རྣལ་འབྱོར་སྨྱོན་པ་སྐྲ་རྒོད་ཅན་ཞིག་བྱུང་ནས་འབྲས་མོ་གཤོངས་ཀྱི་ལུང་ཕྲན་སྒོ་ཡོལ་སྔོག་པ་རྣམས་འབྱུང་ཞིང་། ཞེས་དང་། དེའི་འོག་ཙམ་དུ། དེ་ཡང་ཐོག་མར་བསམ་ཡས་ཧས་པོ་རིའི་རྩེ་ལ་དགེ་སྦྱོང་འོད་ཟེར་མཐའ་ཡས་ཀྱི་གདུང་དངུལ་གྱི་གའུར་བཅུག་ནས་སེང་ལྡེང་གི་སྒྲོམ་དུ་བཞུགས། རྒྱ་རིམ་པ་གསུམ་གྱིས་མནན་ཅིང་བྲག་དཔལ་བཤོས་འདྲ་བའི་འོག་ཏུ་བཞུགས་པ། སྤྲུལ་པའི་རྣལ་འབྱོར་མཆེད་བཞིས་བཏོན་ནས་བྲག་དཀར་བཀྲ་ཤིས་སྡིངས་ཀྱི་དབུས་དྲང་པོར་རྡོ་འདོམ་གང་ཆུ་ཞེང་གབ་པའི་ངོས་ལ་རྡོ་ཐལ་གྱིས་བྲིས་པའི་གཡུང་དྲུང་རིས་ཡོད་པའི་སྟེང་དུ་ཙན་དན་ལ་སོགས་པའི་དྲི་བཟང་པོའི་ཤིང་གིས་རྭ་བ་བཞི་གང་རུང་གི་ཉ་ལ་བཞུ་བས་འབྲས་མོ་གཤོངས་ཀྱི་ཕྱོགས་ཐམས་ཅད་རང་བཞིན་གྱིས་དུལ་ནས་ལྷ་འདྲེ་དང་གཅན་གཟན་དང་དུག་སྦྲུལ་ལ་སོགས་པའི་འཚེ་བ་མི་འབྱུང་ཞིང་། བར་ཆད་གང་ཡང་མི་འབྱུང་སྟེ། དེ་ཡང་དུས་ཀྱི་མཐའ་ལ་འགྲོ་བ་སྤྱི་མཐུན་གྱི་བསོད་ནམས་ཟད་པས། བདུད་ཀྱི་སྤྲུལ་པ་ངའི་ཆ་བྱད་དུ་ཞུགས་པ་ཅིག་གིས་བྲམ་ཟེ་སྐྱེ་བ་བདུན་པའི་གདུང་གང་འབྲེལ་ངན་སོང་ཁེགས་པ་ཞིག་ཡོད་པ་སྦྱིན་ནོ་ཟེར་ཞིང་། ཁྲོམ་ཆེན་པོ་བསྡུས་ནས་དགེ་སྦྱོང་འོད་ཟེར་མཐའ་ཡས་ཀྱི་གདུང་འབྱིན་པ་འོང་། དེས་ཐམས་ཅད་ཕུང་བར་བྱེད། འབྲས་མོ་གཤོངས་ཀྱི་གནས་རེངས་ནས་སྔ་ཐོག་རིམ་གཅིག་ཕུང་བར་བྱེད་ཅིང་། རིམ་པས་བར་ཆད་ཀྱི་རྒྱུ་མང་པོའི་རྐྱེན་དུ་འགྱུར་བས། མ་འོངས་པའི་འགྲོ་བ་རྣམས་ཀྱིས་དེ་དག་ཤེས་པར་གྱིས་ཤིག །ཅེས་པ་འདི་ཡང་། རིག་འཛིན་རྒོད་ལྡེམ་གྱིས་འབྲས་མོ་གཤོངས་ཀྱི་གནས་སྒོ་


GLG008_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་ཀྱི་འདུག་ཟེར་བ་ཐོས་པ་ལ་བརྟེན་ནས། ཧས་པོ་རི་ནས་དགེ་སྦྱོང་འོད་ཟེར་མཐའ་ཡས་ཀྱི་གདུང་ཡང་བཏོན་འོང་སྙམ་པའི་མ་འོངས་པ་སྔུན་བསུས་ཀྱི་ཀུན་སློང་སྐྱོན་ཅན་གྱི་སྒོ་ནས་བཅུག་པར་གདོན་མི་ཟའོ། །སླར་ཡང་གུང་ཐང་རྒྱལ་པོ་མཆོག་གྲུབ་ལྡེས་ཏི་ཤིར་བཀུར་ཏེ་གཙུག་ཏུ་བསྟེན་པས་བོད་ཀྱི་བདེ་སྐྱིད་ལ་ཕན་པར་བྱུང་། སྤྱིར་ཟབ་གཏེར་ཐམས་ཅད་བོད་ཀྱི་བདེ་སྐྱིད་འབྱུང་ཐབས་ཡིན་ཡང་། ཁྱད་པར་བྱང་གཏེར་འདི་བོད་ལ་ཕན་ཐབས་གཙོ་ཆེ་བས། རི་ཀུན་དུ་གཟིགས་ཀྱི་ལུང་བསྟན་ལས། རྒྱལ་པོའི་གདུང་རབས་ཉི་ཤུ་སོང་བ་དང༔ བྱང་ཟང་ཟང་ལྷ་བྲག་གི་སྐྱེད་ནས་མཛོད་བཞི་འདུས་པའི་གཏེར་རིག་འཛིན་རྒོད་ཀྱི་ལྡེམ་ཕྲུ་ཅན་བྱ་བས་རྙེད་ནས་ལྷོ་བོད་ཀྱི་མཚམས་སུ་དགེ་བའི་ལས་བསྟན་པ་འཛིན་པ། མཐའ་དམག་ཟློག་པ། རིམས་ནད་གཅོད་པ། བོད་ཀྱི་ནང་འཁྲུག་ཞི་བར་བྱེད་པ། འགོང་པོ་ཨར་ལ་གཏད་པ། སྡེ་པའི་མངའ་ཐང་གསོ་བ། ས་ནད་དང་གཉན་ནད་འདུལ་བ་ལ་སོགས་གང་ལ་གང་དགོས་གཏེར་མཛོད་དེའི་ནང་དུ་ཡོད་པས་འགྲོ་དོན་ལ་བརྩོན་པར་གྱིས་ཤིག༔ འདིའི་སྐབས་སུ་ཁྱུང་ལུང་བྲག་མཁར་ནས་ཁམས་ཀྱི་ཀློང་ཐང་སྒྲོལ་མ་ཡར་བཅད་ཀྱི་བོད་སྤྱིའི་དོན་དང་ས་ཁོལ་བུ་ཁོལ་བུར་བདེ་བའི་ཐབས་སྣ་ཚོགས་ཡོད་པ་ཟུར་དུ་ལྟོས་ཤིག༔ ཅེས་བྱུང་བ་ལྟར་རོ། །ཤེས་ལྡན་གཟུར་གནས་ཡོད་ན་ལྷག་བསམ་དག་པའི་སྒོ་ནས་གངས་ཅན་གྱི་ལྗོངས་འདི་བདེ་བའི་ཐབས་ལ་བརྩོན་པར་རིགས་སོ། །སྦས་ཡུལ་སྐྱིད་མོ་ལུང་གི་གནས་སྒོ་ཕྱེ། དགུང་ལོ་བདུན་ཅུ་རྩ་གཉིས་ཀྱི་བར་དུ་འགྲོ་བ་རྣམས་སྨིན་གྲོལ་གི་ལམ་ལ་འགོད་པར་མཛད་དོ། །རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་ཕྲུ་ཅན་མཚན་གཞན་དངོས་དངོས་གྲུབ་རྒྱལ་མཚན་དུ་གྲགས་


GLG008_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཉིད་ཀྱི་སྐུའི་སྐྱེ་བ་ནི་རིག་འཛིན་མངའ་རིས་པ་ཆེན་པོ་ལེགས་ལྡན་བདུད་འཇོམས་རྡོ་རྗེ་སྟེ། འདི་ཉིད་གྱི་རིགས་ནི་འོད་གསལ་ལྷ་རིགས་བོད་ཆོས་ཀྱི་རྒྱལ་པོའི་གདུང་འཛིན་པའི་གསང་སྔགས་འཆང་བའི་རྒྱུད་ལས་བྱུང་བ་ཡིན། ཡང་ཡབ་སྔགས་འཆང་ཆེན་པོ་འཇམ་དབྱངས་རྒྱལ་མཚན་གྱིས་རྗེ་གྲུབ་པའི་དབང་ཕྱུག་ལྕགས་ཟམ་པ་ཆེན་པོ་ཐང་སྟོང་རྒྱལ་པོ་དང་། གཏེར་སྟོན་ཀུན་སྐྱོང་གླིང་པའི་ཞབས་ལ་ཐུག །མངའ་རིས་སུ་ལོག་འབྱོན་ཁར་གཏེར་སྟོན་ཀུན་སྐྱོང་གླིང་པའི་བཀའ་ལས། ཁྱོད་ཌོམྦྷིའི་སྐུ། བཻ་རོའི་གསུང་། མར་པའི་ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པ་ཡིན། སྐྱེ་བ་སྔོན་མ་རབ་འབྱམས་པ་ཀུན་བཟང་ཉི་མར་གྱུར་དུས་གཞན་ལ་ཁྱད་གསོད་བྱས་པའི་རྣམ་སྨིན་ལ་བརྟེན། དྲིན་གང་ཆེ་སྡང་བ་ཞིག་འོང་། འོན་ཀྱང་ཤིང་སྟག་པ་སྐྱེ་བའི་གནས་སུ་སྒྲུབ་པ་བྱས་ན་ཕུང་པོ་འོད་སྐུར་སྨིན། མདོ་རྒྱུད་ཀྱི་བཤད་ཉན་བྱས་ན་བསྟན་པ་ལ་ཕན་པ་རྒྱ་ཆེར་འོང་། ཕལ་ཆེར་གཞན་རྐྱེན་གྱིས་ཆུང་མ་ལེན་དགོས་ཤས་ཆེ་ཡང་། དེ་ག་བསྟན་པའི་རྩ་ལག་ཏུ་འགྱུར་ཏེ་ཁྱོད་ལ་རིགས་ཀྱི་སྲས་བརྒྱད་འབྱུང་བའི་དང་པོ་ལ་དོན་གྲུབ་རྡོ་རྗེ། གཉིས་པ་ལ་དབང་རྒྱལ་རྡོ་རྗེ། གསུམ་པ་ལ་རིན་ཆེན་རྡོ་རྗེ། བཞི་པ་ལ་སྣང་མཛད་རྡོ་རྗེ། ལྔ་པ་དང་དྲུག་པ་ལ་མིང་མི་དགོས། བདུན་པ་ལ་ཀུན་བཟང་རྡོ་རྗེ། བརྒྱད་པ་ལ་མགོན་པོ་ལེགས་ལྡན་རྡོ་རྗེར་ཐོགས། ཞེས་དང་པོ་ལྔ་རྒྱལ་བ་རིགས་ལྔའི་སྤྲུལ་པ་དང་། ཕྱི་མ་མགོན་པོ་ལེགས་ལྡན་གྱི་སྤྲུལ་པར་ལུང་བསྟན་པའི་རིག་འཛིན་ལེགས་ལྡན་རྡོ་རྗེ་འདི་ཉིད་ཡབ་ཀྱིས་དཔལ་རྡོ་རྗེ་ཕུར་པའི་བསྐྱེད་རིམ་ལ་གནས་བཞིན་པའི་ངང་ནས་ཡུམ་གྱི་མངལ་དུ་བསྐྲུན་པར་མཛད། སྐུ་ན་ཕྲ་མོ་


GLG008_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཟུང་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གྲངས་མེད་པ་ཞལ་གཟིགས་ཤིང་གསུང་གི་གནང་བ་ཐོབ། ཡབ་དང་སྔགས་འཆང་ཤཱཀྱ་བཟང་པོ། གཅེན་མངའ་རིས་པཎ་ཆེན། རྒྱ་མ་གཏེར་སྟོན་མི་འགྱུར་ཀུན་དགའ་དཔལ་བཟང་། ཀོང་ཆེན་ནམ་མཁའ་དཔལ་ལྡན། སྔགས་ནག་གསང་སྔགས་རྡོ་རྗེ་སོགས་མདོར་ན་མངའ་རིས་ནས་བཟུང་ཀོང་པོ་ཡན་གྱི་མཁས་གྲུབ་གྲངས་མེད་པ་བསྟེན་ནས་ཐོས་བསམ་སྒོམ་པ་ཕུལ་དུ་ཕྱིན་པ་མཛད། ཁྱད་པར་ཟབ་མོ་གཏེར་གྱི་བཀའ་བབས་ཚུལ་ནི། འདུས་པ་སྔ་ཕྱི་བར་གསུམ་ལས་འདས་པ་དང་པོ་གཏེར་སྟོན་ཨུ་རྒྱན་གླིང་པས་ཡར་ལུང་ཤེལ་བྲག་ནས་གདན་དྲངས་པའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོ། འདུས་པ་བར་པ་གཏེར་སྟོན་སངས་རྒྱས་གླིང་པས་སྤུ་རི་ཕུག་མོ་ཆེ་ནས་གདན་དྲངས་པའི་བླ་མ་དགོངས་པ་འདུས་པ། འདུས་པ་ཕྱི་མ་གཅེན་མངའ་རིས་པཎ་ཆེན་དང་གཅུང་ལེགས་ལྡན་རྡོ་རྗེ་གཉིས་ཀྱིས་ཐུན་མོང་དུ་བསམ་ཡས་དབུ་རྩེ་རྣམ་སྣང་མི་བཞི་རྒྱབ་སྤྲོད་ཀྱི་སྙིང་མཛོད་ནག་པོ་མུན་པའི་དཀྱིལ་འཁོར་ནས་གདན་དྲངས་པའི་རིག་འཛིན་ཡོངས་འདུས་དང་གསུམ་གྱི་ཕྱི་མ་རིག་འཛིན་ཡོངས་འདུས་ཀྱི་ལུང་བྱང་ལས། འདི་ནས་ཉི་མ་ནུབ་ཕྱོགས་སུ༔ ཡང་འདུལ་པྲ་དུམ་རྩེ་ཡི་ལྷོ༔ གེ་གར་ཀླུ་ཡི་ཁ་གནོན་བྱང༔ རི་རྒྱལ་གླང་ཆེན་འགྱིང་འདྲའི་འདབས༔ ཆུ་ཆེན་དྲག་པོ་འབབ་པའི་འགྲམ༔ གློ་བོ་མ་ཐང་ཞེས་བྱའི་ཕུར༔ རྗེ་རིགས་སྔགས་འཆང་རྣལ་འབྱོར་པ༔ ཕ་མ་རྒྱལ་མཚན་གཉིས་ཀྱི་བུ༔ཀུན་བཟང་དགོངས་པའི་ཀློང་ནས་བསྐྲུན༔ བྷི་མ་མཚོ་རྒྱལ་སྤྲུལ་པའི་སྲས༔ སྤུན་བདུན་ཚིགས་སམ་མཐའ་རུ་འབྱུང༔ ལྷུམས་ནས་ཧཱུཾ་ཧྲཱིཿའི་སྒྲ་སྒྲོག་ཅིང༔ སྐྱེས་པའི་ལོ་ནས་བདེ་སྐྱིད་ལྡན༔ ཡུལ་ཁམས་


GLG008_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཞིང་བསམས་དོན་འགྲུབ༔ ཆུ་ཁམས་ལུག་གམ་སྤྲེའུ་ལོ་པ༔ བདག་གིས་བྱིན་བརླབས་པདྨ་རྒྱལ༔ མཚོ་རྒྱལ་བྱིན་བརླབས་འོད་ཟེར་མིང༔ ཆོས་རྒྱལ་བྱིན་བརླབས་གྲོ་བོ་ལོད༔ ནམ་སྙིང་རྡོ་རྗེ་ཐོགས་མེད་རྩལ༔ བདུད་འཇོམས་བྱིན་བརླབས་རྡོ་རྗེའི་མིང༔ བཻ་རོས་བྱིན་བརླབས་གཏེར་བདག་གླིང༔ ཞེས་སོགས་གཏེར་སྟོན་གཉིས་པོ་ཐུན་མོང་དུ་ལུང་བསྟན་པ་དེ། ཡུལ་གྱི་མིང་དབྱིབས་དང་ཡབ་ཡུམ་རིགས་རུས་སོགས་ནི་སྐུ་མཆེད་ཡིན་པས་ཚིག་ཅིག་གིས་དོན་གཉིས་སྟོན་ལ། སྤུན་བདུན་ཚིགས་སམ་མཐའ་རུ་འབྱུང༔ ཞེས་པའི་ཚིགས་ཏེ་བར་དུ་འབྱུང་རྒྱུ་གཅེན་མངའ་རིས་པཎ་ཆེན་དང་། མཐའ་རུ་འབྱུང་རྒྱུ་གཅུང་ལེགས་ལྡན་རྡོ་རྗེ། ཆུ་ཁམས་ལུག་གམ་སྤྲེའུའི་ལོ་ཞེས་པ་ནི་ལུང་བསྟན་རྙིང་པ་མང་པོར་ཤེད་བཞི་ལོ་པ་རྣམས་ཕན་ཚུན་གདམ་ཁ་ཅན་དུ་སྣང་ཞིང་། ཁྱད་པར་ཁྱིའམ་འབྲུག་ལུག་གམ་གླང་ཞེས་འབྱུང་བ་མང་བས། སྐབས་འདིར་ལུག་གམ་གླང་ཞེས་པ་མངའ་རིས་པཎ་ཆེན་གྱི་འཁྲུངས་ལོ་དང་། སྤྲེའུ་ལོ་ནི་ལེགས་ལྡན་རྗེའི་འཁྲུངས་ལོ་བསྟན་ཅིང་། པདྨ་རྒྱལ་དང་། འོད་ཟེར་མིང་དང་། རྡོ་རྗེ་ཐོགས་མེད་ལ་དང་། གཏེར་བདག་གླིང་པ་རྣམས་ནི་གཅེན་མངའ་རིས་པཎ་ཆེན་གྱི་མཚན་གྱི་རྣམ་གྲངས་ཀྱི་ཚུལ་དུ་ལུང་བསྟན་པ་དང་། གྲོ་བོ་ལོད་དང་། རྡོ་རྗེའི་མིང་ནི་གཅུང་ལེགས་ལྡན་རྗེའི་ལུང་བསྟན་ནོ། །གཞན་ཡང་རཏྣའི་སྤྱི་ལུང་དུ། མངའ་རིས་སྟོད་ནས་ཨུ་རྒྱན་སྤྲུལ་པ་གཅིག༔ རྫུ་འཕྲུལ་སྟོན་ཅིང་བསྟན་པའི་སྒྲོན་མེ་སྤོར༔ ཞེས་དང་། པདྨ་གླིང་པའི་ཀུན་གསལ་མེ་ལོང་སོགས་གཏེར་ཁ་དུ་མར་ངོ་མཚར་པའི་ལུང་བསྟན་མང་པོ་འདུག་ཀྱང་ཡི་གེ་མངས་ཀྱི་དོགས་མ་བྲིས། བྱེ་བྲག་


GLG008_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལུང་བསྟན་ནི། ལེགས་ལྡན་རྡོ་རྗེའི་རང་གཏེར་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་གྲོལ་གྱི་ལོ་རྒྱུས་རིན་ཆེན་འཕྲེང་བར། བདག་གི་སྨོན་ལམ་མཐུ་བཙན་པས༔ རྡོ་རྗེ་བདུད་འཇོམས་སྐྱེ་བའི་མཐར༔ བྱང་སེམས་སྤྲེའུའི་ལོ་པ་ཅིག༔ ལས་ལྡན་ཐོག་ཕབས་ཚུལ་དུ་འབྱུང༔ དེ་ཡིས་འདི་འབྱིན་འགྲོ་འདྲེན་འགྱུར༔ ཞེས་བྱུང་བ་ལྟར། རིག་འཛིན་ཆེན་པོ་མངའ་རིས་པ་ལེགས་ལྡན་བདུད་འཇོམས་རྡོ་རྗེ་མཚན་གཞན་གཏེར་སྟོན་རྡོ་རྗེ་གྲོ་ལོད་དམ་གཏེར་སྟོན་ཉི་ཟླའི་མཚན་ཅན་དུ་གྲགས་པ་འདི་ཉིད་ཀྱིས་གཏེར་ཁ་འགའ་བཞེས་པའི་དང་པོ་ནི། སྲིན་མོ་སྦར་རྗེས་ནས་གདན་དྲངས་པའི་བླ་མ་བཀའ་བརྒྱད་ཡོངས་འདུས་ཀྱི་ཁ་བྱང་དོན་སྒྲོན་གནད་གསལ་ལས། བཞི་བཅུར་ཉེ་དུས་ཐུགས་གཏེར་ངེས་པར་འཕྲད༔ དངོས་དང་ཉམས་སུ་ང་ཡིས་དབང་བཞི་བསྐུར༔ དཔའ་བོ་མཁའ་འགྲོའི་བསྐུལ་མ་ཐེངས་གསུམ་འོད༔ དེ་དུས་ཐེ་ཚོམ་མ་བྱེད་གནད་ཐེམས་ཡིན༔ རྣམ་པར་སྣང་མཛད་ཐུགས་ཀྱི་ཀློང་སྒྲོམ་ན༔ བླ་མའི་སྒྲུབ་པ་ཡོངས་འདུས་རྣམ་གསུམ་ཡོད༔ སྒྲ་སྒྲོག་འབྲུག་གི་ལོ་ལ་བབས་པའི་དུས༔ གཏེར་བདག་བྱ་དཀར་སྙུག་རྒོད་གཏོར་མས་མཆོད༔ རང་ཉིད་དབང་དྲག་ང་རྒྱལ་ལྡན་པ་ཡིས༔ བདེན་པ་བདར་ཞིང་དམ་བསྒྲགས་གནང་ཐེམས་ཡིན༔ ཞེས་པ་ལྟར། གཅེན་དང་ལྷན་ཅིག་པར་བསམ་ཡས་དབུ་རྩེ་རྣམ་སྣང་མི་བཞི་རྒྱབ་སྒྲོད་ལྟ་བུའི་དཀྱིལ་མུན་པ་ནག་པོའི་གསང་སྒྲོམ་དུ་རྒྱས་བཏབ་པའི་ཟབ་གཏེར་རིག་འཛིན་ཡོངས་འདུས་ཀྱི་ཆོས་སྐོར་དགྲ་བཅོམ་པ་ཟུང་གི་ལྷུང་བཟེད་ཀྱི་ནང་ནས་སྤྱན་དྲངས། ཟབ་གཏེར་འདི་ཉིད་ཀྱི་ཆོས་བདག་ནི། སྤྱི་ལུང་མདོར་བསྡུས་སྙིང་པོ་ལས། འདིར་འདུས་པདྨ་རྒྱལ་པོ་ང་ལ་ཉོན༔


GLG008_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་ལྡན་སྐྱེས་བུ་དེ་ལ་འདུད་བྱེད་བུ༔ ཉེ་བའི་བུ་དགུ་བུ་མོ་རྣམ་པ་དགུ༔ བདེ་སྟེར་ཚེ་གསོལ་འདེབས་བྱེད་སྦས་ཚུལ་གཅིག༔ ཞབས་འདེགས་བདེ་སྐྱོད་དད་ལྡན་རྣམ་པ་དགུ༔ བཟང་པོ་ཆོས་ཀྱི་འབྲེལ་ཐོགས་ཁྲི་འབུམ་གཅིག༔ ངན་འབྲེལ་ཐོགས་པའི་འགྲོ་བ་བདུན་ཅུ་གསུམ༔ ཁྲ་མོ་རིགས་འདུས་བྱེད་པ་སུམ་ཅུ་གཅིག༔ རྟོགས་ལྡན་ས་བོན་ལམ་ཟིན་བརྒྱ་རྩ་གསུམ༔ ཆོས་འདིར་མོས་བྱེད་བདུན་ཕྲག་ཉི་ཤུ་ལྔ༔ མི་མིན་འདུལ་ཞིང་འགྲོ་བ་མང་དུ་འབྱུང༔ སྐྱེ་ཞིང་སྐྱེ་བར་བྱིན་བརླབས་བླ་མ་དགུ༔ མངོན་སུམ་མི་མངོན་བརྡ་འགྲོལ་མཁའ་འགྲོ་ལྔ༔ རྗེ་བློན་འབངས་འཁོར་དག་ལྡན་འབྲེལ་ལྡན་དགུ༔ དེ་དུས་སྨོན་ལམ་སྟོབས་ཀྱིས་འཛོམ་པར་འགྱུར༔ ཞེས་སོགས་མཆོག་དམན་བར་པ་མང་དུ་འབྱུང་བའི་གཙོ་བོ་ནི། ཆོས་བདག་སྐྱེས་བུ་འདུད་བྱེད་རིགས་ལྔ་ནི༔ ཞེས་པའི་ནང་ཚན། ལྷ་སྲས་སྤྲུལ་པ་བོངས་འཚམ་སྦྲུལ་ལོ་པ༔ བློ་སྒམ་སྙིང་སྟོབས་རྩལ་ལྡན་གདོང་སྨེ་ཅན༔ སྣ་ཚོགས་མིང་ཅན་འགྲོ་བའི་དེད་དཔོན་མཆོག༔ རིན་ཆེན་འཛིན་པ་ཉི་གྲོས་དུས་སུ་འབྱུང༔ ཞེས་པའི་ལུང་ཟིན་འབྲི་གུང་པ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ལ་མངའ་རིས་པཎ་ཆེན་རིན་པོ་ཆེས་ཆོས་འདི་དབུ་ཚུགས་ཙམ་མ་གཏོགས་གནང་མ་ཐུབ། ཞིང་ཁམས་འཕོ་ཁར་ཞལ་ཆེམས་སུ། བསམ་ཡས་དབུ་རྩེའི་བྱང་ཆུབ་ཆེན་པོའི་སྐུ་མདུན་དུ་ཁོ་བོའི་རུས་པ་གདན་དྲོངས་ལ་ཁྱེད་རང་གིས་དབང་རྣམས་བདག་འཇུག་གི་ཚུལ་དུ་ལོང་གསུང་བ་ལྟར་རྟེན་འབྲེལ་སྒྲིག་པ་མཛད་ཅིང་། བཀའ་རྫོགས་ལུང་རྫོགས་ནི་གཅུང་ལེགས་ལྡན་རྡོ་རྗེ་ལ་གསན་པར་མཛད། གཞན་ཡང་ལེགས་ལྡན་ཞབས་ཀྱིས་རྗེ་འབྲི་གུང་པ་ལ་གཏེར་


GLG008_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་གོང་འོག་གཉིས་ཀྱིས་ཐོག་དྲངས་པའི་ཆོས་དཔག་ཏུ་མེད་པ་གནང་བར་འབྲི་གུང་པའི་ཕྱིས་ཀྱི་གདུང་རྒྱུད་སོགས་ཤེས་ལྡན་ཀུན་ལ་རླུང་ལྟར་གྲགས་ཀྱང་། སྡེ་པ་སྣང་རྩེ་བ་རྗེས་འབྲང་དང་བཅས་པ་རྣམས་བཀའ་བརྒྱད་པ་དེར་འདུས་སོགས་ཆོས་མང་པོ་རྗེ་འབྲི་གུང་པ་ནས་བརྒྱུད་པ་ཉམས་སུ་ལེན་བཞིན་དུ། དེས་གསན་ཡུལ་གྱི་མངའ་རིས་རིག་འཛིན་ཆེན་པོ་བརྒྱུད་གྲལ་ནས་འདོན་པ་ནི་རང་ཉིད་ལས་འབྲས་མི་ཤེས་པའི་ནང་རྟགས་ཕྱིར་ཤར་བའོ། །གཞན་ཡང་ཆོས་བདག་རིགས་ལྔའི་ནང་ཆེན། ཆོས་རྒྱལ་ཁྱོད་སྤྲུལ་མེ་ཏོག་མིང་འཛིན་པ༔ དངོས་ལས་ལྷག་པའི་སྐྱེས་བུ་སྙིང་སྟོབས་ཅན༔ བཀའ་གཏེར་ཆོས་བདག་བོང་རིང་ལུག་སྤྲེ་ལོ༔ རིན་ཆེན་ཕྱག་རྟེན་དགོངས་ཀྱི་དུས་སུ་འབྱུང༔ ཞེས་པའི་ལུང་ཟིན་འ་ཞའི་གདུང་ལས་གནས་གསར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ལ་ཆོས་སྐོར་འདི་རྫོགས་པར་གནང་། རིག་འཛིན་ཡོངས་འདུས་འདི་ཉིད་ཀྱི་ཆོས་རྒྱུན་འཛིན་པའི་སྤྲུལ་པའི་གཏེར་སྟོན་ཆེན་པོ་བཞི་འབྱུང་བའི་ལུང་བསྟན་ནི། དེ་ལ་འདུད་བྱད་སྤྲུལ་པའི་གཏེར་སྟོན་བཞིས༔ ང་ཡི་ཟབ་ཆོས་དམ་པ་གཏེར་ནས་འདོན༔ ཞེས་པའི་གཏེར་སྟོན་བཞི་ནི་པདྨའི་རྒྱལ་ཚབ་འབྲི་གུང་རིན་ཆེན་ཕུན་ཚོགས། མི་འགྱུར་ལས་འཕྲོ་གླིང་པ་ཀུན་དགའ་དཔལ་བཟང་། གནས་གསར་བ་མདོ་སྔགས་གླིང་པ་མཁྱེན་བརྩེའི་དབང་ཕྱུག །འཕྲང་མགོ་གཏེར་སྟོན་ཤེས་རབ་འོད་ཟེར་བཞིར་ངེས་ཤིང་། རྗེ་མཁྱེན་བརྩེས་རྟེན་འབྲེལ་འཕྱུགས་པས་གཏེར་ཁ་མང་བ་ཞིག་མ་བཞེས་ཀྱང་། ཐོག་སེར་གྱི་སྐོར་སོགས་གདམས་པ་ངོ་མཚར་པ་པོ་ཏི་གཅིག་ཙམ་ཞིག་སྤྱན་དྲངས་པ་ཡིན། བདུད་ཀྱིས་བྱིན་བརླབས་དམ་སྲིའི་སྤྲུལ་པ་བཞིས། གུ་རུ་བརྫུས་ནས་


GLG008_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ཡི་རྐུན་མ་བྱེད༔ ཅེས་པའི་ནང་ཚན་གྱི་གཅིག་སྣང་རྩེ་བ་ལ་དོགས་མོད། ཤེས་ལྡན་རྣམས་དཔྱད་པར་འཚལ། ཨུ་རྒྱན་གླིང་པའི་གཏེར་མའི་ཐང་ཡིག་ཚིག་སྣ་རིང་བ་ལས། མཐའ་དམག་དབུས་འཐིབས་འབྲི་དང་ཕག་པ་ལ་འཐབ༔ དབུས་གཙང་སིལ་བུ་ཕག་ཁྱུ་ཚལ་པར་གས༔ འོན་ཕུ་སྟག་ཚང་སྦས་པའི་གཏེར་ཁ་འདི༔ མི་གཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་རྡོ་རྗེ་གྲོ་ལོད་ཞེས་བྱ་འབྱུང༔ ཞེས་པའི་དུས་རྟགས་ཧོར་སོག་གིས་མདོ་སྨད་ལ་གནོད་པ་བྱེད་པའི་མགོ་ཚུགས། འབྲི་གུང་པ་ནང་ཞིག །སྡེ་སྲིད་ཕག་མོ་གྲུ་པའི་བསྟན་པ་ཉམས་ཏེ་ཚལ་པར་སོང་བ་སོགས་ཤིན་ཏུ་དུས་འགྲིག་པ་ལ་བརྟེན། རྗེ་ལེགས་ལྡན་ཞབས་ཀྱིས་འོན་བུ་སྟག་ཚང་ནས། དྲག་པོ་དབུ་དགུའི་ཆོས་སྐོར་ཡོངས་སུ་རྫོགས་པ་སྤྱན་དྲངས། ཆོས་བདག་གི་གཙོ་བོ་གནས་གསར་བ་མཁྱེན་བརྩེའི་དབང་ཕྱུག་ལ་གནང་། རང་གཏེར་ཚེ་སྒྲུབ་བདུད་རྩི་འཁྱིལ་བའི་ལོ་རྒྱུས་དོན་བསྡུས་གསལ་བའི་སྒྲོན་མེ་ལས། ཀྱཻ་ཧོ་སྔགས་ཀྱི་རྣལ་འབྱོར་པ༔ ཚེ་སྒྲུབ་བདུད་རྩི་འཁྱིལ་བའི་སྐོར༔ མ་བུར་བཅས་པར་མི་སྤེལ་ཏེ༔ རིན་ཆེན་སྙིང་པོའི་བྲག་ལོགས་ལ༔ འཆི་མེད་ལྷ་ཚོགས་རང་བྱོན་ཡོད༔ དེ་ཡི་གཡོན་ཟུར་ཚེ་ཆུའི་སྟེང༔ རིན་ཆེན་འདྲ་བའི་བྲག་འོག་ཏུ༔ ཚེ་ཆུར་བཅས་ཏེ་གཏེར་དུ་སྦེད༔ ད་ལྟ་སྤེལ་བའི་དུས་མ་ཡིན༔ད་ནས་མི་ལོ་སྟོང་ཟིན་དུས༔དུས་ངན་བཅུ་གསུམ་འཆར་བ་དང༔འཕགས་པའི་དབོན་དུ་ལྷ་བཟང་འདི༔ སྤྲེའུའི་ལོ་པ་གདོང་སྨེ་ཅན༔ བྱུང་ནས་ཉང་སྟོད་སྐྱོང་དུས་སུ༔ བཻ་རོའི་སྤྲུལ་པ་ཅིག་བྱུང་ནས༔ བསྟན་པའི་རིམ་གྲོ་བྱེད་དུས་སུ༔ རྟེན་


GLG008_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བསྒྲིགས་ན་བོད་ཁམས་འདིར༔ ཉེར་ལྔའི་ལོ་རུ་བོད་ཡོངས་བདེ༔ དབོན་བརྒྱུད་བཅུ་གསུམ་ལུགས་གཉིས་སྐྱོང༔ དེ་དང་འདི་ཉིད་མ་ཕྲད་ན༔ ལྷ་བཟང་རིགས་བརྒྱུད་ཡིད་འཛིན་འདི༔ ཁྱི་ཕག་ལོ་པ་ནམ་མཁའི་མིང༔ བོངས་འཚམ་བློ་སྒམ་དད་བརྩོན་ཅན༔ སྨོན་ལམ་ཤུགས་ཀྱིས་རྒྱལ་སྲིད་སྐྱོང༔ ཕ་ཤུལ་བུ་ཡིས་འཛིན་པ་ཡིན༔ དེ་དུས་མཐའ་དམག་ཕྱོགས་ཀུན་གཡོ༔ སྡེ་དབོན་དྲུག་དང་གཉེན་སྲིད་སྡེབ༔ དབྱར་དགུན་དུས་ལོག་ལོ་བདུན་འབྱུང༔ གཉན་གྱི་འབྲུམ་བུས་ལོ་བདུན་བར༔ བོད་གྱི་མི་ཕྱེད་ཤི་ནས་འགྲོ༔ དེ་དུས་བདག་གི་ཐུགས་རྗེ་དང༔ ཁྱེད་ཀྱི་སྨོན་ལམ་མཐའ་བཙན་པས༔ བདུད་འཇོམས་སྐྱེ་བ་ཉི་ཟླའི་མིང༔ དྲག་སྐྱོང་ཧུར་འགྲོགས་བརྟུལ་ཞུགས་ཅན༔ དུག་ལྔ་རགས་ལ་ཡུན་ཐུང་བ༔ པདྨའི་གནས་ཆེན་སྒོ་འབྱེད་བྱེད༔ དེ་དུས་ཟབ་གཏེར་འདི་དང་འཕྲད༔ དེ་ཡིས་བོད་ཁམས་ལོ་སྐོར་བདེ༔ གཉན་ནད་དེ་ཡི་ཐུགས་རྗེས་ཞི༔ དེ་དང་ཡོན་མཆོད་འཛོམ་པ་ན༔ ཉེར་ལྔའི་བར་དུ་བོད་ཁམས་བདེ༔ ཞེས་པའི་ལུང་བསྟན་གྱི་དོན་ཐོག་ཏུ་བབས་ཏེ་འབྲས་མོ་གཤོངས་ཀྱི་གནས་སྒོ་འབྱེ་བར་ཕེབས།ས་འབྲུག་ཟླ་བ་བདུན་པའི་ཚེས་བཅུའི་སྲོད་ལ་ཚེ་སྒྲུབ་བདུད་རྩི་འཁྱིལ་བའི་ཆོས་སྐོར་ངོ་མཚར་ཅན་འདི་རིན་ཆེན་སྙིང་པོས་བྲག་ནས་སྤྱན་དྲངས། གཞན་ཡང་འཇམ་དཔལ་ཞི་དྲག །ཕྱག་རྡོར་གྱི་ཆོས་སྐོར་སོགས་གཏེར་ཆོས་མང་དུ་བཞེས། སྐབས་ཤིག་བསམ་ཡས་ཀྱི་གནོད་སྦྱིན་ཆེན་པོ་ཙི་དམར་བ་རྒྱུད་འཇམ་དུ་གཏོང་བར་བཞེད་ནས། ཧས་པོ་རིར་སྐུ་མཚམས་ལ་བཞུགས་པས་ཆོས་སྐྱོང་གིས་མངོན་ཤེས་ཀྱིས་རིག་ནས་མིའི་ཁོག་ལ་དངོས་སུ་


GLG008_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས། བསམ་ཡས་མཐིལ་པ་རྣམས་དམག་ལ་བསྐུལ་ཏེ་བར་ཆད་བྱེད་པར་འོངས་པ་ན། ཏིང་ངེ་འཛིན་གྱི་ནུས་པས་ཆོས་སྐྱོང་གན་རྐྱལ་དུ་འགྱེལ། སླར་ཨར་ལ་གཏད་པས་ཡུན་རིང་པོའི་བར་མིའི་ཁོག་ལ་འཇུག་རྒྱུ་མ་བྱུང་། དེའི་ཚེ་སློབ་དཔོན་ཆེན་པོ་དངོས་སུ་ཞལ་བསྟན་ནས། ངས་གཙུག་ལག་ཁང་གི་སྲུང་མར་བསྐོས་པ་ལ་དེ་འདྲ་མ་བྱེད་ཅེས་མི་དགྱེས་པའི་རྣམ་འགྱུར་མཛད་པས། བཅིངས་པ་ལས་བཀྲོལ་ཏེ་ཆོས་སྐྱོང་ཆེན་པོ་མིའི་ཁོག་ཏུ་འཇུག་ཐུབ་པར་གྱུར། སྔར་གནུབས་སངས་རྒྱས་ཡེ་ཤེས་དང་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ལྟ་བུའི་ནུས་ལྡན་བྱུང་ནའང་། དུས་ཕྱིས་མཐུ་སྟོབས་དང་ནུས་པ་རིག་འཛིན་ཆེན་པོ་འདི་ཉིད་ལས་ལྷག་པ་ནི་མ་བྱུང་པ་འདུག །སྡེ་པ་སྣང་རྩེ་ནས་ཀྱི་གཏེར་མར་གྲགས་པའི་ཟབ་པ་སྐོར་བདུན་གྱི་ལོ་རྒྱུས་ལུང་བསྟན་ཏུ། ཞང་བློན་ཁྲ་ཡི་མགོ་ཅན་སྐྱེ་བ་ནི༔ གློ་བོ་གེ་གར་ཉེ་བའི་ས་ཕྱོགས་སུ༔ ལེགས་ལྡན་མིང་ཅན་བན་གཟུགས་སྔགས་བཙུན་ཆས༔ གཏེར་མིན་གཏེར་འདྲས་འགྲོ་བ་སླུ་བྱེད་ཅིང༔སྐལ་བཟང་སེམས་དཔའ་བཅུ་ཡི་སྙིང་ཁྲག་འབྱིན༔ སྦས་ཡུལ་འབྲས་མོ་ལྗོངས་ཀྱི་སྒོ་འབྱེད་ཅེས༔ སེམས་ཅན་ཉམ་ཆུང་སྡུག་ལ་འགོད་པ་འབྱུང༔ ཞེས་བྲིས་སྣང་བ་བན་དེ་དང་བཙུན་པ་གཉིས་དོན་གཅིག་ཅིང་། བན་གཟུགས་ཞེས་པ་རབ་བྱུང་གི་རྟགས་ཅན་དུ་ངོས་འཛིན་དགོས་པས་མངའ་རིས་རིག་འཛིན་དཀར་ཆས་ཅན་ཡིན་པས་དངོས་སུ་འགལ། སྔགས་པ་དང་རབ་བྱུང་གཉིས་ཀ་ཡིན་པ་ཞིག་ལ་སྔགས་བཙུན་ཟེར་བ་ཡིན་གྱི། སྔགས་པ་གོས་དཀར་ཅན་ལ་


GLG008_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བཙུན་ཟེར་བ་ནི་ཀུན་ལ་མ་གྲགས། སྙིང་ཁྲག་འབྱིན་པ་རྣམ་སྣང་ཐུགས་ཀ་ནས་དབྱིངས་གྲོལ་གྱི་ཆོས་སྐོར་གདན་དྲངས་པ་ལ་ཟེར་རྒྱུ་ཡིན་ན། གཏེར་སྟོན་གོང་མ་མང་པོ་ལ་ཡང་སྐྱོན་འདི་འཇུག་ཅིང་། མ་བཏོན་པར་བཏོན་བརྫུ་བྱས་པ་ཡིན་ན་སྙིང་ཁྲག་འབྱིན་རྒྱུ་ཅི་ལ་ཡོད་པས། སྙིང་ཁྲག་འབྱིན་པ་འདི་གཏེར་མིན་གཏེར་འདྲ་ཞེས་པ་ཡང་ཚིག་དངོས་སུ་འགལ། འབྲས་མོ་ལྗོངས་ཀྱི་སྒོ་འབྱེད་དུས་གངས་འུར་གྱིས་མི་འགའ་ཞིག་ཚེའི་དུས་བྱས་པ་ལ་སེམས་ཅན་སྡུག་ལ་བཀོད་ཟེར་ན། རྟའི་རྒྱལ་པོ་བ་ལ་ཧའི་རྒྱབ་ནས་ཚོང་སྤྲུག་རྣམས་བྲུལ་ཏེ་སྲིན་མོས་ཟོས་པ་ལ། སྤྱན་རས་གཟིགས་ཀྱིས་སེམས་ཅད་རྣམས་སྡུག་ལ་བཀོད་ཟེར་རམ་ལེགས་པར་སོམས་ཤིགསྔོན་གྱི་གཏེར་སྟོན་གོང་མ་རྣམས་ཀྱི་གཏེར་ཆོས་ཕན་ཚུན་ཞུས་དག་ཕེར་བ་ཚོ་ཡང་གཏེར་གནས་ཀྱི་སྟབས་ཀྱིས་གཏེར་སྲུང་མི་གཅིག་པར་བྱུང་བ་ལ། ཉང་རིན་པོ་ཆེས་ལྷོ་བྲག་ཕྱོགས་ནས་བཞེས་པའི་དྲག་དམར་དང་། ཁྱེད་ཀྱིས་སྐྱིད་ཤོད་ཕྱོགས་ནས་བཏོན་པའི་དྲག་དམར་གཉིས་གཏེར་སྲུང་ལ་ཁྱད་མི་འདུག་པ་ལྐུགས་པས་རིགས་འགྲེ་བྱས་པའི་དཔེ་ཁོ་ནར་སོང་། ཟབ་པ་སྐོར་བདུན་གྱི་རྫུན་པོད་དེར་བླ་མེད་ཀྱི་ལྷ་རྡོ་རྗེ་གྲོ་ལོད་དང་། བྱ་རྒྱུད་ཀྱི་ལྷ་མི་འཁྲུགས་པ་དབང་ཆོག་གཅིག་གིས་བསྐུར་བ་སོགས། ཀྲི་ཡ་དང་མཧཱ་ཡོ་གའི་རྣམ་དབྱེ་མ་ཕྱེད་པ་དེ་འདྲ་ཨུ་རྒྱན་རིན་པོ་ཆེའི་གསུང་ཡིན་ཟེར་བ་འདི་ལས། སློབ་དཔོན་སངས་རྒྱས་གཉིས་པའི་ཞབས་འདྲེན་པ་དང་སྔ་འགྱུར་གྱི་བསྟན་པར་རྨ་འབྱིན་ཚབས་ཆེ་བ་ཅི་ཞིག་དགོས། རང་དམའ་རང་གིས་མ་ཕབ་ན་བརྒྱ་བྱིན་གྱིས་ཀྱང་ག་ལ་ཕེབས་ཞེས་དང་། སེང་གེ་དཀར་མོའི་སྲོག་ཁོག་པའི་ནང་གི་སྲིན་བུས་


GLG008_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པའི་དཔེ་ལྟར། འབྲི་གུང་དཔལ་འཛིན་སོགས་ཀྱི་རིག་པ་རྣོན་པོར་རློམ་པའི་རྩོད་པ་ལ་ལན་བཟློག་ཏུ་མེད་པའི་སོམ་ཉི་ཟ་བ་མི་འདུག་པས་གནོད་པར་མ་ནུས་ཀྱང་། ཁྱོད་འདྲའི་གཏེར་སྟོན་དུ་བརྫུས་ནས་རྙིང་མའི་བསྟན་པ་འཇིག་པའི་བདུད་ལས་སྟོབས་ལྡན་ལ་སུ་ཞིག་གིས་ཀླན་ཀ་འཇུག་པར་བྱེད་དེ། གོ་རྒྱུ་མེད་པའི་གླང་ཆེན་ལ། །རྒྱལ་པོའི་བཀའ་ལས་དབྱུག་པ་བཙན། །ཞེས་པའི་དོན་དུ་སྣང་ལ། ས་དགེ་བཀའ་བརྒྱུད་ཀྱི་བླ་མ་མང་པོ་བདུད་སྤྲུལ་དུ་བསྟན་པས་དེ་དག་གི་འཆད་རྩོད་རྩོམ་གསུམ། ཐོས་བསམ་སྒོམ་གསུམ་སོགས་མཁས་གྲུབ་ཀྱི་མཛད་པ་ཚོ་ཁྱེད་རང་གི་ངོས་ནས་བདུད་ལས་སུ་སོང་བ་ཐུགས་མེད་པར་གང་སྟེ་ཚུ་རི་ལ་ལྟོས་ནས་ཕ་རིར་འཇོག་པ་ལས་འོས་ཅི་མཆིས། རིན་སྤུངས་པ་ངག་དབང་འཇིགས་གྲགས་ཀྱིས་དབུས་གཙང་ཁམས་གསུམ་དཀྲུག་ཅིང་མཚོན་ཆར་འབེབས་པར་བསྟན་པ་དེ་ནི། མངའ་ཐང་ཆེ་སྐབས་ཀྱང་མདོ་ཁམས་ལྟ་ཅི། གན་པ་ལ་མནལ་ལུང་གཏོང་རྒྱུ་ཆེར་མ་བྱུང་བ་མཆོག་དམན་ཡོངས་ལ་གྲགས་ཀྱང་། སྣང་རྩེ་ནས་རང་གི་དག་སྣང་ལ་བྱུང་བ་ལས་འོས་མི་འདུག་པས། དེ་ལ་སྡེ་གཟར་དག་སྣང་མ་ཟེར་དགོས་པར་གོར་མ་ཆག །ལུང་བསྟན་དེ་ཚོའི་ཁྲོད་དུ། སེར་སྐྱའི་ཁབ་ཏུ་ཤཱཀྱ་དོན་གྲུབ་མིང་། བདུད་སྤྲུལ་མཚན་དཔེས་བརྒྱན་པའི་ཚུལ་འཆོས་མཁན། །དེ་ཡི་རྗེས་འབྲང་ཀུན་གྱི་གཉེན་པོ་རུ། །ལྷ་སྦྱིན་སྣང་བ་དགུ་འགྱུར་འདུས་པའི་སྐོར། །ལས་ཅན་གསུང་སྲས་སྤྲེའུ་ལོ་ནམ་མཁའི་མིང་། །གར་གྱི་དབང་ཕྱུག་དེ་དང་འཕྲད་པར་ཤོག །ཟེར་བ་ཞིག་ཆད་ཡོད་པ་འདྲ་བས། འབྲུག་ར་ལུང་པ་མི་ཕམ་ཆོས་རྒྱལ། གོང་ར་བ་ཉི་ཟླ་གྲགས་པ། གདོང་ཁ་མཚོ་


GLG008_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་བློ་གྲོས་རྒྱལ་མཚན། ཕར་ཚང་བླ་མ་དོལ་པ་སོགས་དཔོན་སློབ་ཐམས་ཅད་བཀའ་གྲོས་ཐུགས་ལྷུས་གང་ཐིངས་མཛད་པ་ཞུ། རྫུན་པོ་ཏ་ཚེ་སྒྲུབ་རྒྱལ་བ་འདུས་པའི་སྐོར་ལ་ཡང་སྐྱོན་མང་པོ་འདུག་པ་རྣམས་ཡི་གེ་མངས་ཀྱི་དོགས་པས་འདིར་མ་བཀོད། གཏེར་ཆོས་ལ་ལ་ཚད་ལྡན་དུ་སྣང་བ་ནི། གུ་རུ་ཇོ་རྩེས་གཏེར་ཆོས་མང་དུ་སྤྱན་དྲངས་ཀྱང་ཤོག་སེར་ཕལ་ཆེར་འབེབས་མ་ཐུབ་པར་གེ་རེ་ལྷ་པའི་ཕྱག་ཏུ་ལུས་པ་ནས། སྣང་རྩེ་དང་གེ་རེ་སྐུ་ཉེ་ཡིན་པའི་སྟབས་ཀྱིས་དེ་ནས་ཁྱེད་ཀྱིས་བསྣམས་ཏེ་བདག་གིར་མཛད་ཅེས་ངག་བགྲོས་ཁུངས་མ་ལས་ཐོས། གཙོ་བོར་ཉིད་དགོངས་འདུས་ཀྱི་གཏེར་ཞབས་སྡུད་པར་ཞལ་གྱིས་བཞེས་འདུག་པ། བླ་མ་དགོངས་འདུས་ཀྱི་མཐའ་རྟེན་འགག་འདོམས་རྩ་བའི་ཆིངས་ལྔའི་ཐ་མ་གཏེར་སྲུང་བཀའ་བསྒོའི་ཆིངས་ཀྱི་མཇུག་ལས། བདག་འདྲ་པདྨའི་ངག་ལ་སླུ་ཚིག་མེད༔ ཆོས་དང་གང་ཟག་འདྲ་མིན་བརྟག་པ་གཅེས༔ ཁྱད་པར་འབྲོམ་བཟའ་བདུད་ཀྱིས་བསླུས་པའི་མཐུས༔ ད་ལྟ་པདྨ་ང་དང་འབྲེལ་ཡོད་ཀྱང༔ ལས་ཀྱི་དབང་གིས་དགོངས་འདུས་དར་བའི་ཚེ༔ དཔེ་དཀར་སྙིང་ཞུགས་འདྲ་མིན་གཏེར་ཆོས་རྩོམ༔ སླུ་ཆོས་ཕན་ཚུན་གཡོ་བའི་ཚུལ་དུ་འབྱུང༔ གང་འབྲེལ་ལོག་ལམ་འདྲེ་སྲིན་འབྱུང་བར་སྐྱེ༔ འབྱུང་པོའི་གཡོས་དར་པདྨའི་ཆོས་ལ་གནོད༔ འོན་ཀྱང་ལས་ཀྱི་མཐའ་ནི་མི་སྟོངས་པས༔ སྐྱེ་བརྒྱུད་ཐ་མར་ང་ཡི་རྗེས་སུ་འཇུག༔ ལས་ཀྱི་སྒྲིབ་བྱང་སྨོན་ལམ་རྫོགས་པའི་ཚེ༔ པདྨ་ཅན་གྱི་ཞིང་དུ་སྐྱེ་བར་འགྱུར༔ ཚེ་ཏོལ་མ་དག་སྐྱེ་བོས་སླར་བསླུས་ན༔ ང་འདྲ་ང་མིན་བསྟན་པ་ཡུན་རིང་སྤེལ༔ གཏེར་མིན་གཏེར་འདྲ་གཏེར་གྱི་བསྟན་ལ་གནོད༔ དེ་སོགས་ཆོ་ཏོལ་བོད་ཁམས་ཡོངས་ལ་ཁྱབ༔


GLG008_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

སླུ་ཙམ་སླུ་ན་དེ་འདྲས་བསླུས་ཉེན་ཡོད༔ འདྲ་མིན་མ་བྱེད་དད་པའི་རྗེས་འབྲང་བ༔ བླུན་པོར་བསམ་ཞིང་དེ་འདྲའི་སྣོད་མ་ཡིན༔ དད་ལྡན་མཁས་པའི་མིག་དང་སེམས་ལ་འཕྲོད༔ བདག་འདྲ་པདྨས་སྙིང་གཏམ་ཡི་གེར་བཀོད༔ ཀུན་ཀྱང་གཙུག་ཏུ་ཡིད་བཞིན་ཐོད་ལྟར་འཁུར༔ བཀྲེས་སྐོམ་གདུངས་པས་བཟའ་བཏུང་མཐོང་བཞིན་སྤྱོད༔ དེ་ལྟར་ཚུལ་བཞིན་སྤྱོད་པའི་རྣལ་འབྱོར་ལ༔ འདོད་རྒུ་མིས་སྟེར་བཀུར་སྟི་གཞན་གྱིས་བྱེད༔ འཚོ་བ་ལྷས་སྦྱོར་བསམས་པ་ཡིད་བཞིན་འགྲུབ༔ བདག་གཞན་དོན་འབྲས་སངས་རྒྱས་བསྟན་པ་ཚུགས༔ད་ལྟ་མངའ་བདག་ཡབ་སྲས་འཁོར་བཅས་དང༔མ་འོངས་རྗེས་འཇུག་དེ་ལྟར་སེམས་ལ་ཆོངས༔ སཱ་མཱ་ཡཱ་དྷ་ཐིམ༔ ཞེས་པ་ནི་སྡེ་པ་སྣང་རྩེ་ནས་ཉིད་ཀྱི་ལུང་བསྟན་དུ་དུས་གསུམ་མཁྱེན་པ་ཨུ་རྒྱན་གྱིས་བཀའ་སྩལ་བར་གདའ་བས་བདག་རྐྱེན་མཛད་པ་དང་། གཞན་ཡང་ཐང་ཡིག་གི་ཞིག་པོ་གླིང་པའི་མཚན་ལ་ཞལ་བདག་མཛད་པར་འདུག་ཀྱང་། རཏྣའི་སྤྱི་ལུང་དུ། ཁྱུང་ཆེན་རི་དང་མཁར་ཆུའི་ཟབ་གཏེར་འདོན༔ གསང་བའི་མཚན་ཡང་ཞིག་པོ་གླིང་པ་ཡིན༔ ཞེས་པ་བྱུང་བས་དོག་འཚང་མི་མཛད་པ་ཞུ། གཞན་ཡང་ཉིད་ཀྱི་རྣམ་ཐར་སྟོད་ཆ་ཐུགས་རྩོམ་མ་སྣང་རྩེའི་གསུང་འབུམ་ཁྲོད་ནས་འཁྱར་བ་དར། སངས་རྒྱས་ཤཱཀྱ་ཐུབ་པའི་འཕེལ་གདུང་རྒྱལ་པོ་གཟུགས་ཅན་སྙིང་པོའི་རྟེན་སྐལ་དེ་གུ་རུ་ཇོ་རྩེས་གཏེར་ནས་གདན་དྲངས་གསུངས་འདུག་པ། དེ་བཞིན་གཤེགས་པ་མྱ་ངན་ལས་མ་འདས་པའི་སྔ་རོལ་ཏུ་མ་སྐྱེས་དགྲས་ཡབ་གཟུགས་ཅན་སྙིང་པོ་བཀྲོངས་པར་རྒྱལ་བའི་བཀའ་དྲི་མ་མེད་པ་ནས་


GLG008_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པས། སྐུ་སྐྱེ་སྔ་མ་དྲན་པ་ལས་འོས་མ་མཆིས་ནའང་། གསུང་རབ་སྤྱི་དང་མཐུན་པ་ལེགས་པས་བསྟན་བཅོས་རྩོམ་པ་ཀུན་ཁུངས་གང་ཆོད་དང་། དོགས་པ་བྱུང་བའི་རིགས་ལ་སྡེ་པ་ཡངས་པ་ཅན་པ། སྡེ་པ་སྤ་ར་བ་སོགས་སྟོད་ལུང་གི་ནང་སོ་རྣམ་པ་ཚོར་དྲི་མོལ་མཛད་འཚལ་ལོ། །རིག་འཛིན་ཆེན་པོ་སྐུ་ཚེའི་སྟོད་ལ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལྟར་ཆོས་ཕྱིར་དཀའ་སྤྱད་ལྷུར་ལེན་པ་གནང་། སྐུ་ཚེའི་མཇུག་ཏུ་རྗེ་འབྲི་གུང་པ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཡབ་སྲས་བྱང་པ་བདག་པོ་དཔལ་བཀྲ་ཤིས་སྟོབས་རྒྱལ། འབྲུག་པ་སྤྲུལ་སྐུ་པདྨ་དཀར་པོ། བྱ་པ་ཁྲི་དཔོན་མཚོ་སྐྱེས་རྡོ་རྗེ། ཞ་ལུ་མཁན་ཆེན་འ་ཞ་མཁྱེན་བརྩེའི་དབང་ཕྱུག །དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་འ་ཞ་དབང་ཕྱུག་རབ་བརྟན་སོགས་ལུགས་གཉིས་ནས་མངོན་པར་མཐོ་བ་མང་པོས་གཙུག་གི་རྒྱན་དུ་བཀུར། གནོད་སྦྱིན་ཙི་དམར་བས་གླགས་གཞན་ལྟ་བར་མ་ནུས་ཀྱང་ས་སྐྱ་བདག་ཆེན་ཀུན་དགའ་རིན་ཆེན་སོགས་སྐྱེ་བོ་དུ་མའི་རྒྱུད་བརླམས་ནས། དམ་རྫས་ལ་དགེ་སློང་འོད་ཟེར་མཐའ་ཡས་ཀྱི་ཤ་འདྲེས་ཟེར་བའི་སྒྲོ་སྐུར་སྣ་ཚོགས་བྱས། རིག་འཛིན་རྒོད་ལྡེམ་ལ་དམིགས་ནས་ལྷད་བཅུག་པའི་དགོངས་འདུས་ཀྱི་བཀའ་རྒྱའི་ལུང་བསྟན་དེ་ལེགས་ལྡན་རྗེ་ལ་སྦྱར་ནས་སྣང་རྩེ་བ་ཕྱོགས་ཀྱིས་བསྒྲགས། དེ་དག་ལ་བརྟེན་ནས་སྐལ་དམན་མང་པོ་ཐེ་ཚོམ་གྱི་གཞིར་བཀོད་ནའང་། མུ་སྟེགས་བྱེད་ཀྱིས་དེ་བཞིན་གཤེགས་པ་ལ་བྲམ་ཟེའི་བུ་མོ་དང་མཛའ་ཞེས་བརྗོད་པ་དང་། སྡིག་བློན་རྣམས་གྱིས་སློབ་དཔོན་པདྨ་མངའ་བདག་ལ་དུག་གཏོང་བར་འདུག་ཅེས་སྒྲོག་པ་ལྟ་བུའོ། །སྐུ་ཚེ་མཐར་ཕྱིན་ནས་བྱང་ཐེག་མཆོག་གླིང་དུ་བཞུགས་


GLG008_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་པའི་ངང་ནས་སྙུན་གཞི་ཡེ་མེད་པར་ཞིང་ཁམས་གཞན་དུ་འཕོ་བའི་ཚུལ་བསྟན་པར། ས་སྐྱ་བདག་ཆེན་སྔགས་འཆང་ཆེན་པོ་ཀུན་དགའ་རིན་ཆེན་གྱིས། ཁོང་གི་མཐུ་ཡིན་ཞེས་དྲིལ་རྒྱ་ཆེར་བསྒྲགས་ནའང་ནམ་མཁའི་འཇའ་ཚོནལྟ་བུ་སྟེ། ཚར་ཆེན་ཆོས་ཀྱི་རྒྱལ་པོ་ལ་ཡང་མཐུས་ནུས་པ་མ་ཐེངས་པར་བརྟེན། ས་སྐྱ་བདག་པོ་དང་སྡེ་པ་གདོང་ཁ་བ་སོགས་རྩེ་གཅིག་པར་དམག་བཤམས་ནས་བཀྲོང་རྩིས་མཛད་ཀྱང་ཆོས་སྐྱོང་གི་ནུས་པས་གླགས་མ་ཁེལ་དེའི་དུས་རྗེ་བཙུན་ཁའུ་པ་ཆེན་པོ་མཐུ་སྟོབས་ཀྱི་དབང་ཕྱུགས་དེ་སེང་གེ་ལ་ཆིབས་ནས་ཞལ་གཟིགས་པའི་གཟིགས་སྣང་བསྟོད་པ་བདུད་དཔུང་ཕྱེར་འཐག་མ་མཛད་པ་ཡིན། དེ་ནི་རཏྣའི་བསྟན་པ་སྤྱི་ལུང་དུ། ས་ཡི་ཕྱོགས་སུ་བླ་མས་སློབ་མ་སླུ༔ ཞེས་པའི་དུས་རྟགས་སུ་གསལ་ཏེ་བདག་པོ་སྔགས་འཆང་བ་སྐུ་གཞོན་དུས་ཁོང་ལ་ཚར་ཆེན་གྱིས་བླ་མ་མཆོད་པའི་ལུང་གསན་པར་སྣང་ངོ་། །ས་སྐྱ་བདག་པོས་པུ་ཏྲའི་ལས་སྦྱོར་གྱི་སྒོ་ནས་འཇམ་དབྱངས་མཁྱེན་བརྩེའི་ཞབས་བསྒྲལ་བ་ཡིན་གསུང་བ་ལྟར་ན། པུ་ཏྲས་ས་སྐྱའི་རྗེ་བཙུན་གོང་མ་རྣམས་ཀྱི་སྤྱན་སྔར་བསྟན་འཛིན་སྒྲོལ་ཞིང་བསྟན་པ་ལ་རྨ་འབྱིན་མཁན་རྣམས་ཀྱི་གྲོགས་བྱེད་པར་ཁས་བླངས་པ་ལས་འོས་ཅི་ཡོད། དེས་ན་འཇིག་རྟེན་ཁམས་ཀྱི་གྲོངས་ཆད་བྱུང་བ་ཐམས་ཅད་ས་སྐྱ་བདག་པོའི་མཐུ་ཡིན་པར་གདའ་བས། ཁུངས་མེད་ཀྱི་མགོན་པོ་དྲུག་ཅུ་པར་གྲགས་པའི་ཟན་གྱི་ཕུང་པོས་ཁྱི་རྒན་རྣམས་ཀྱི་ལྟོ་བ་ཡོངས་སུ་གང་བར་གྱུར། བདག་པོ་འདི་པའི་མཛད་ཚུལ་ལ་དཔགས་ན། གཏེར་སྟོན་བྱང་ཆུབ་གླིང་པའི་ཐུགས་གཏེར་འཁོར་འདས་རང་གྲོལ་གྱི་ཞུ་ལན་གསལ་


GLG008_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྒྲོན་མེ་ལས། མངའ་རིས་གདུག་པའི་དམག་འགོ་གཡོ༔ འཁོན་རིགས་ཀུན་ཞེས་བྱ་བས་འཁྲུག༔ ཁོལ་བུར་སྡུག་བསྔལ་ཅུང་ཟད་སྐྱེད༔ ཅེས་དང་། གཏེར་ཁ་དེ་ཀའི་ལུང་བསྟན་གསལ་བའི་ཤོགས་དྲིལ་དུ། དུས་ལྔ་བཅུ་ཁ་རལ་ལ་ཉེར་སོང་བའི་དུས་སུ་རྒྱལ་པོ་ཉིད་ཀྱི་གདུང་རྒྱུད་ཀྱང་ཉམས་ཏེ༔ མང་ཡུལ་གུང་ཐང་གངས་རིའི་འདབས་ཀྱི་བུ་སྡུག་བསྔལ་བར་འགྱུར༔ དེ་དུས་ནས་བཟུང་སྟོད་སྨད་རིམ་གྱིས་འཁྲུག་པར་འགྱུར༔ དབུས་ཕྱོགས་སུ་གནས་དགོན་དུད་འགྲོའི་མིང་ཅན་སུམ་ཅུ་དར༔ གྲོམ་པ་ས་ཞེས་བྱ་བ་ང་མིན་ང་འདྲའི་ཆ་ལུགས་ཅན་གྱི་བདུད་ཀྱི་སྤྲུལ་པས་འཛིན༔ དེ་རྣམས་ཡོང་བའི་ལྟས་སུ༔ ཉི་ཟླ་ལ་དགྲ་ཡང་ཡང་ཡོང༔ ནམ་མཁའ་ལ་སྤྲིན་དང་ཁུ་རླངས་མདོག་མི་སྡུག་པས་ཁེངས་ནས་འོད་མི་གསལ༔ གཟའ་སྐར་གདུག་པ་ཅན་འཆར༔ ཞེས་སོགས་གསུངས་པའི་དུས་རྟགས། དགོན་པ་གསུམ་ནི། འབྲི་གུང་། སྟག་ལུང་། འབྲུག་གསུམ་ཡིན་པར་མངོན། །དུས་ཕྱིས་ཀྱི་ས་སྐྱའི་གདུང་རྒྱུད་གཅིག་ལ་བདག་པོ་འདི་སྡེ་གཟར་སློང་བའི་མཛད་པ་མང་བས་འགྲིག་གམ་སྙམ། གབ་རྒྱ་ཅན་གྱི་ལུང་བསྟན་དེ་ནི་གྲགས་པའི་མཚན་ཅན་གྱི་གདུང་རྒྱུད་སྔ་ཕྱི་མང་དུ་བྱུང་འདུག་པས། ལུང་བསྟན་དང་ལུང་བསྟན་ཡུལ་གྱི་གང་ཟག་གཉིས་རྟེན་འབྲེལ་འཕྱུགས་པ་མིན་ལ་ཆེ། གང་ལྟར་བློ་ལྡན་རྣམས་ཀྱིས་དཔྱད་པར་འཚལ། དབྱར་དུས་ཆུ་འཛིན་དབུས་ནས་འབྲུག་གི་སྒྲ། །དལ་བུ་སྒྲོག་ཚེ་རྨ་བྱ་གར་བྱེད་ན། །ངོ་མཚར་ལུང་ཁུངས་བསྒྲིགས་པའི་གཏམ་རྒྱུད་ཀྱིས། །བློ་གསལ་སྐྱེ་བོའི་བརྟན་པ་ཅིས་མི་འཕྲོག །རྒྱལ་དབང་པདྨའི་ཐུགས་སྲས་སྣ་ནམ་པ། སླར་ཡང་རིག་སྔགས་འཆང་བའི་སྒྱུ་མའི་འཕྲུལ། །ཟབ་གཏེར།


GLG008_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་རྒྱས་ཕྱིར་སྒྱུར་བ་ལ། །རྒོད་ཀྱི་ལྡེམ་ཕྲུ་ཅན་ཞེས་གྲགས་སྙན་དཀར། །འཁོར་འདས་སྲིད་ཞིའི་ལེགས་ཚོགས་བདུད་རྩིའི་རྒྱུན། །སྐལ་ལྡན་འགྲོ་ལ་སྟེར་མཛད་རིག་སྔགས་འཆང་། །ནུས་པས་བདུད་སྡེའི་དཔུང་ཚོགས་འཇོམས་སོ་ཞེས། །མཐུ་སྟོབས་རྡོ་རྗེ་གདེངས་མཛད་མངའ་རིས་པ། །གང་གི་མཛད་བཟང་ཉི་མའི་འོད་ཟེར་གྱིས། །ཕྱོགས་ལྷུང་བྲག་རིས་གནས་པའི་འབྱུང་པོའི་བྱ། །ལོང་ཡང་གཟུར་གནས་དཔྱིད་ཀྱི་ཕོ་ཉའི་ཚོགས། །དགའ་བའི་འཕུར་ལྡིང་རྩེད་འཇོ་བྱེད་ལ་བྲེལ། །དེ་ལྟར་སྐྱེས་རབས་ཀྱི་འཕྲེང་བ་ཚར་དུ་དངར་བའི་རིག་འཛིན་ངག་གི་དབང་པོའི་གདུང་ནི། རྒྱ་ནག་གོང་མའི་ཁྲི་ལ་གནམ་གྱིས་བསྐོས་པའི་མི་ཉག་སིའུ་རྒྱལ་པོ་ནས་རིམ་པར་བརྒྱུད་པའི་རིགས་ལས་མི་ཉག་སེང་གེ་དར། དེའི་སྲས་རྡོ་རྗེ་དཔལ། འདིས་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་ཞགས་ལ་ཐུགདེའི་སྲས་དཀོན་མཆོག་པ། དེ་ལ་སྲས་གསུམ་བྱུང་བའི་འབུམ་སྡེས་རྗེ་བཙུན་ས་པཎ་གྱི་སྦྱིན་བདག་མཛད། འདི་ལ་སྲས་གསུམ་བྱུང་བའི་ཡོན་བཙུན་གྱིས་ས་སྐྱ་པའི་སྦྱིན་བདག་མཛད། གོང་ནས་སི་ཏུའི་ལས་ཀ་གནང་། ངམ་རིང་གི་ཆོས་སྡེ་བཙུགས། དེའི་སྲས་མགོན་པོ་རྡོ་རྗེས་ཡབ་མེས་ཀྱི་སྲོལ་བཟུང་། ཚོགས་སྡེ་བཞིའི་སྦྱིན་བདག་མཛད། དེ་ལ་སྲས་དྲུག་ལས་ནམ་མཁའ་བསྟན་པས་གོང་དུ་བྱོན་པས་སྟག་མགོ་ནོར་བུ་གསུམ་པ་དང་། གུའི་གུང་གི་མཚན་དང་། ཤེལ་གྱི་ཐོ་ཤུ་རྣམས་གནང་། སླར་ཏ་དབེན་གུ་ཤྲིའི་མིག་དང་ཤེལ་གྱི་དམ་ཁ་བླངས། འདི་ཉིད་མཁྱེན་པ་ཆེ་བར་གྲགས་ཀྱང་གོང་མ་སྡེ་སྲིད་རིན་པོ་ཆེ་ཏའི་སི་ཏུའི་བཀའ་ཆེམས་ལས། སྔོན་ཚེ་དཔལ་


GLG008_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ས་སྐྱ་པ། །མངའ་ཐང་དགུང་ལ་རེག་པའི་དུས། །དཔོན་ཆེན་ནམ་མཁའ་བསྟན་པ་དེ། །ན་སོ་གཞོན་པས་ལན་པ་དང་། །ཞེས་པ་ལྟར་ན། དཔོན་ཆེན་འདི་ཉིད་ཀྱི་མཛད་པ་མ་ལེགས་པས་ས་སྐྱ་པར་གནོད་པ་འདྲ། དེའི་སྲས་གཉིས་ལས་ཆེ་བ་རིན་ཆེན་རྒྱལ་མཚན་གྱིས་ཆེན་པོའི་ལས་ཀ་བཟུང་། སྤྱན་རས་གཟིགས་ཀྱི་སྤྲུལ་པར་གྲགས། འདིའི་སྲས་སྔ་ཚར་དགུའི་གུང་ཆོས་གྲགས་དཔལ་བཟང་གིས་སི་ཏུ་ཆང་གུའི་ལས་ཀ་བླངས། དེའི་སྲས་གཅེན་རྣམ་རྒྱལ་གྲགས་བཟང་དང་གཅུང་དཀོན་མཆོག་ལེགས་པ་གཉིས་ལས། གཅེན་གྱིས་ཏའི་སི་ཏུའི་ལས་ཀ་བླངས། རིག་པའི་གནས་ལྔ་ལ་མཁས་པ་ཕུལ་དུ་ཕྱིན་པས་རྒྱལ་པོ་པཎྜི་ཏར་གྲགས། དེའི་སྲས་ནམ་མཁའ་ཚེ་དབང་རྡོ་རྗེ། དེ་ལ་སྲས་ནམ་མཁའ་རིན་ཆེན། བསོད་ནམས་རྒྱལ་མཚན། ཀུན་དགའ་ལེགས་པ་དང་གསུམ་ལས་འབྲིང་པོ་རབ་ཏུ་བྱུང་། མཆེད་གཉིས་ཀྱི་སྲས་ནམ་མཁའ་རྒྱལ་མཚན། ཀུན་དགའ་རིན་ཆེན། བཀྲ་ཤིས་སྟོབས་རྒྱལ་སོགས་ལས། དཔལ་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེ་ནི་མངའ་རིས་པཎ་ཆེན་གྱི་སྐུའི་སྐྱེ་བ་ཡིན་ལ། མངའ་རིས་པཎ་ཆེན་རིན་པོ་ཆེ་ནི་བསམ་པ་ལྷུན་གྲུབ་མའི་ཕྱི་སྒྲུབ་ཡོན་ཏན་གཏེར་མཛོད་ལས། འདི་ནས་ཚེ་ལོ་ལྔ་བཅུ་ཁ་རལ་དུས༔ ང་ཡི་ཐུགས་རྗེས་སྤྲུལ་པའི་རིགས་འཛིན་ནི༔པདྨ་རྒྱལ་པོ་ཡེ་ཤེས་རོལ་པ་རྩལ༔ཕྱི་ལྟར་རབ་བྱུང་སྔགས་པའི་ཆ་ལུགས་ཅན༔ ནང་ལྟར་སེམས་སྐྱེད་བསྟན་པའི་བྱ་བར་བརྩོན༔ གསང་བ་གཉིས་མེད་རྫོགས་ཆེན་དོན་དང་ལྡན༔ ཆོས་རྒྱལ་ཡབ་སྲས་མཚོ་རྒྱལ་སྨོན་ལམ་གྱིས༔ སྤྲུལ་པའི་གཟུགས་གྱིས་མ་འགགས་སྤྱོད་པ་སྐྱོང༔ དེ་འདྲའི་གང་ཟག་ནུབ་ཀྱི་ཕྱོགས་ནས་འོང༔ ཞེས་དང་། བདེ་གཤེགས་


GLG008_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་ཡོངས་རྫོགས་འདུས་པའི་ཆོས༔ གཏེར་ནས་འབྱིན་པའི་སྐྱེས་བུ་རྫུ་འཕྲུལ་ཅན༔ པདྨ་རྒྱལ་པོ་ཡེ་ཤེས་རོལ་པ་རྩལ༔ མངའ་རིས་གཙང་གི་ཕྱོགས་ནས་གློག་བཞིན་འཁྱུག །དབུས་གཙང་ལྷོ་ཡི་ཕྱོགས་སུ་འབྲུག་བཞིན་བསྒྲགས༔ ཁམས་ཡུལ་རྒྱ་ཡི་ཡུལ་དུ་གྲགས་པ་ནི༔ ལུས་ལ་རྟགས་ཀྱི་རྡོ་རྗེ་སྤྱི་བོར་ཤར༔ རྒྱ་གྲམ་འཕྲིན་ལས་ཕྱག་གི་མཐིལ་ན་གསལ༔སྤྱན་མིག་ཆོས་ཀྱི་འཁོར་ལོས་ཕྱག་ཞབས་སྤྲས༔ འཇོམས་བྱེད་ཧུཾ་གི་ཡི་གེ་རྐང་ལ་མངོན༔ ལྟེ་བ་བུམ་པའི་ཕྱག་རྒྱ་སྨེ་བས་བརྒྱན༔ སྤྱོད་པ་མ་ངེས་ཐོགས་མེད་རླུང་ལྟར་རྒྱུ༔ ཏིང་འཛིན་མི་གཡོ་རྡོ་རྗེ་ལྟ་བུར་བརྟན། སྔགས་དང་ཕྱག་རྒྱའི་ཆོ་འཕྲུལ་རྒྱུན་ཆད་མེད༔ ཨུ་རྒྱན་ང་དང་རྟག་ཏུ་བཀའ་གྲོས་འཆང༔ ཞེས་དང་། གཞན་ཡང་གཏེར་ཁ་གོང་འོག་སོགས་ཁུངས་བཙུན་མང་པོ་ནས་ལུང་གིས་ཟིན་པ་སྟེ། དེ་ཡང་མངའ་རིས་པཎ་ཆེན་རིན་པོ་ཆེ་ཉིད་གཏེར་གསར་གྱི་ནང་བཞིན་སྐུ་ཚེའི་རྟེན་འབྲེལ་མ་འགྲིག་པར་བརྟེན། །མྱུར་དུ་སྐུའི་སྐྱེ་བ་བཞེས་ཚུལ་སོགས་ཉེ་གནས་རིན་རྡོར་བས་ཐོག་དྲངས་སྐུ་འཁོར་པ་རྣམས་ལ་ཁྲོམ་བསྒྲགས་སུ་གསུངས་པ་དང་མཐུན་པར། བྱང་པ་རིག་འཛིན་ཆེན་པོ་ཉིད་ཀྱིས་རང་གཏེར་གྱི་ཐོག་མ། དཔལ་བསམ་ཡས་ཨཱཪྻ་པ་ལོའི་གླིང་ནས་མྱོང་གྲོལ་པདྨ་རཱ་ག་དང་ལྷན་ཅིག་བྱོན་པ་གཏེར་ཁ་སྤྱི་ལ་གཅེས་པའི་ཞལ་གདམས་ལས། མཐའ་ཡས་སྤྲུལ་སྐུ་པདྨ་འབྱུང་གནས་བདག༔ རིན་ཆེན་མཚོ་གླིང་པདྨའི་སྡོང་པོ་ལ༔ རང་བྱུང་མཚན་ལྡན་སྐུ་རུ་སྨིན་པའི་ཚེ༔ ཐུགས་རྗེ་ཆེན་པོས་ལུང་བསྟན་ཁྱད་པར་དུ༔ ཁ་བ་ཅན་དུ་འགྲོ་དོན་རྟེན་འབྲེལ་འགྲིག༔ མཁན་སློབ་ཞལ་འཛོམ་ཁྲི་སྲོང་དགོངས་པ་བཀང༔ ད་ལྟ་བོད་ཡུལ་དམ་


GLG008_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉི་འོད་གདལ༔ ལན་ཅིག་ལྔ་བརྒྱ་ཐ་མར་གྱུར་པའི་ཚེ༔ འགྲོ་བའི་སྡུག་བསྔལ་སྐྱོབ་བྱེད་ཐུགས་རྗེའི་གཏེར༔བརྒྱ་དང་རྩ་བརྒྱད་བྱེ་བ་སར་སྦས་ཀྱང༔ ཉི་ཤུ་རྩ་ལྔ་ཁྱད་པར་ཐུགས་གཏེར་ལྔ༔ ད་ལྟ་མགོ་ནག་སྤྱི་ཡི་རྒྱལ་པོ་ཁྱོད༔ སྨོན་ལམ་དག་པའི་སྐྱེ་བ་རྣམ་ལྔས་འདོན༔ དམ་རྫས་འདི་དང་ཕྲད་པའི་སྐྱེས་བུ་དེ༔ སྐྱེ་བ་དུ་མར་ཟབ་གཏེར་ལ་སྤྱད་པའི༔ སྐུ་ཡི་གཟི་བརྗིད་མཚན་རྟགས་བཅུ་གསུམ་ལྡན༔ བདེན་པའི་ངག་འགྲུབ་སྒྲ་དབྱངས་ཚངས་པའི་གསུང༔ ཐུགས་ཀྱི་བྱིན་རླབ་དགོངས་པའི་གཏིང་དཔག་དཀའ༔ བདག་དང་རྒྱལ་པོའི་ཡོན་ཏན་སྤྲུལ་པ་དེ༔ འཕྲིན་ལས་རྣམ་པ་ལྔ་ལ་རང་དབང་སྤྱོད༔ ད་ལྟའི་བཙུན་མོ་བདུད་བློན་དམ་སེལ་གྱིས༔ བར་གཅོད་ལོག་པའི་ལམ་དུ་མ་ཤོར་ན༔ འདི་ནས་ནུབ་ཕྱོགས་མི་ཉག་རྩྭ་ཤིང་གི༔ རྒྱལ་རིགས་ཁྱིའམ་འབྲུག་གི་ལོ་པར་སྐྱེ༔ གལ་ཏེ་བཙུན་མོས་བར་གཅོད་དབང་བཙན་ན༔ དེ་ཡི་བློན་རིགས་བྱ་སྤྲེ་ལོ་པར་འགྱུར༔ དང་པོའི་རྟེན་འབྲེལ་མ་ལོག་སྐྱེད་བྱེད་ནི༔ ད་ལྟ་ཤུད་བུ་དཔལ་གྱི་སེང་གེ་འདི༔ སྨོན་ལམ་བདེན་པའི་སྐྱེ་རྒྱུད་མང་དུ་འབྲེལ༔ ཡུན་དུ་མི་འགྲོགས་བློན་རིགས་སྐྱེས་པ་ན༔ ཕ་ལྟར་བརྩེ་ཞིང་འཕྲིན་ལས་སྤེལ་བར་བྱེད༔ བཙན་ཕྲན་བློན་པོའི་རིགས་སུ་ཐལ་བ་ན༔ སྐྱེད་བྱེད་མ་ནི་ཉང་བན་རིགས་མ་མཆོག༔ མ་བཙས་ཚེ་ཡི་དུས་བྱེད་སྒྲ་དང་འོད༔ ལྟས་དང་བཅས་ནས་ཞིང་ཁམས་འཕོ་ཚུལ་སྟོན༔ཡབ་ཀྱི་འབྲེལ་པ་མ་བཟུང་ཡུན་རིང་འགྲོགས༔ སྦས་པའི་ཚུལ་དེ་སྔོན་འབྲེལ་བག་ཆགས་ཅན༔ སྨོན་ལམ་མཐུ་བཙན་ཡུམ་ནི་ད་ལྟ་ཡི༔ དངོས་དང་དངོས་འདྲ་སྤྲུལ་བའི་འོད་ཟེར་འགྱེད༔ ལོ་ཙཱའི་སྲས་བཟུང་རྟེན་འབྲེལ་སྨོན་ལམ་གྱིས༔ བཅུ་གསུམ་ལོར་འགྲོགས་སྲས་རྒྱུད་མངའ་


GLG008_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་ཅན། དམ་སྲི་བདུད་མོའི་བར་ཆད་དབང་སོང་ན༔ ཡུལ་ཕྱོགས་དེར་ཡང་མི་རུང་ལྟས་ངན་པ༔ ཉི་ཟླ་དུས་མིན་གཟས་བཟུང་འབྱུང་བ་འཁྲུག༔ ས་ཡི་བཅུད་ཉམས་མུ་གེ་ནད་རིམས་དང༔ དམག་དང་འཁྲུག་རྩོད་དུས་ངན་སྤྱོད་པ་དར༔ ཞེས་པའི་དོན། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཁྱེད་ཀྱི་སྨོན་ལམ་དག་པའི་སྐྱེ་བ་ལྔས་ཟབ་གཏེར་སྤྱན་འདྲེན་པར་མཛད་པའི་སྐབས་ལས། སློབ་དཔོན་ཆེན་པོ་དང་མངའ་བདག་གཉིས་ཐུན་མོང་དུ་སྐུའི་སྤྲུལ་པ་ཉང་རིན་པོ་ཆེ་ཉི་མ་འོད་ཟེར། གསུང་གི་སྤྲུལ་པ་གུ་རུ་ཆོས་ཀྱི་དབང་ཕྱུག །ཐུགས་ཀྱི་སྤྲུལ་པ་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་རྡོ་རྗེ། ཡོན་ཏན་གྱི་སྤྲུལ་པ་ཆོས་རྒྱལ་དབང་པོའི་སྡེ་ཡིན་ལ། དེ་ཉིད་རྟེན་འབྲེལ་མ་འཕྱུགས་ན་མི་ཉག་རྩྭ་ཤིང་གི་རྒྱལ་རིགས་ཁྱིའམ་འབྲུག་གི་ལོ་པར་སྐྱེ། རྟེན་འབྲེལ་མ་འགྲིག་ན་རྒྱལ་རྒྱུད་དེའི་བློན་པོའི་རིགས་བྱང་ཁང་གསར་བའི་བུ་བྱ་སྤྲེ་ལོ་པར་སྐྱེ། དེའི་ཚེ་བུ་མ་བཙས་གོང་ནས་ཕ་མི་འཚོ། རྒྱལ་རིགས་སུ་སྐྱེས་ན་ཕ་དང་ཡུན་རིང་དུ་འགྲོགས་པར་བཤད། ཆོས་རྒྱལ་འདི་ཉིད་མྱ་ངན་ལས་འདས་ནས་རི་ཞིག་ཟངས་མདོག་དཔལ་རིར་བཞུགས། སླར་དུས་བབས་སུ་ཕེབས་རྒྱུའི་སྐྱེ་བ་ནི། འཕྲིན་ལས་ཀྱི་སྤྲུལ་པ་འབྱུང་བར་བཤད་པ་དེ་ཡིན་ལ། དེ་ཉིད་སླར་འབྱུང་རྒྱུ་ཡིན་པས་ཟབ་གཏེར་སྤྱན་འདྲེན་པ་སོགས་འགྲོ་དོན་རྒྱ་ཆེན་པོ་མཛད་པར་གསལ། དོན་འདི་མ་གོ་བར་བླུན་པོ་ཕྱོགས་ལྷུང་ཅན་མང་པོ་དག་གིས། བྱང་བདག་པོས་སྨོན་ལམ་ལོག་པར་བཏབ་ནས་སྡེ་པ་གཙང་པའི་བུར་སྐྱེ་བ་བླངས་པ་ཡིན་ཟེར་བ་ནི། གཙང་པའི་རྒྱལ་པོ་ཀརྨ་བསྟན་སྐྱོང་དབང་པོ་དེ་རྣམ་དཀར་གྱི་མཛད་པ་འགངས་ཆེ་ལུགས་ལ་དཔགས་ན་སྐྱེས་བུ་དམ་པ་ཞིག་ཡིན་ཤས་ཆེ་ཡང་། གྲུབ་མཐའི་


GLG008_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་གསང་སྔགས་རྙིང་མ་ལ་མི་མཛད་ལ། རྙིང་ལུགས་ཀྱི་ཆོས་སྐོར་ཅུང་ཟད་མཛད་པ་རྣམས་ཀྱང་སྡེ་པ་སྣང་རྩེ་བའི་ཕྱོགས་འབའ་ཞིག་ཡིན་འདུག་ཅིང་། གཏེར་འདོན་པ་དང་འདོན་པའི་སྟ་གོན་ཙམ་ཡང་ལྟ་ཅི་སྨོས། འདོན་རྒྱུ་བྱུང་ན་དགོངས་པའི་མོས་དུང་ཙམ་ཡང་མེད་པར་སྣང་བས། ཆོས་རྒྱལ་འདི་ཉིད་ཀྱི་བག་ཆགས་མ་སད་པ་ནི་ལུང་རིགས་ཐམས་ཅད་ཀྱིས་འགྲུབ། ལ་ལ་དག་བླུན་གཏམ་གྱི་རྗེས་སུ་འབྲངས་ནས་རང་བཟོའི་ལུང་བསྟན་དུ། བདག་ཆེན་སྐྱེ་བའི་བསྟན་པ་མཐའ་ནས་སྡུད། ཟེར་པ་ནི་རང་ཉིད་གསལ་བར་སྟོན་པའི་མེ་ལོང་ངོ་། །གཞན་ཡང་ཉང་རིན་པོ་ཆེ་སོགས་ཀྱི་སྐྱེ་རྒྱུད་ཀྱི་ཁུངས་ནི། རྟོགས་ཆེད་དུ། ཉི་མའི་འོད་ཟེར་གྱིས་བསྐྱེད་ཆོས་ཀྱི་དབང་། །འདོད་ཆགས་རྡོ་རྗེ་ཟ་བྱེད་སྤྲུལ་པའི་བུ༔ པདྨ་རྒྱལ་པོའི་བྱིན་རླབས་འོད་ཟེར་ལས༔ བཀྲ་ཤིས་དབང་གི་མིང་ཅན་རྒྱུད་མེ་ཏོག༔ ཅེས་དང་། འཕྲང་མགོ་གཏེར་སྟོན་པའི་ལུང་བསྟན་དུ། མངའ་བདག་རྒྱལ་པོ་མཆིམས་ཀྱི་མདའ་རུ་འབྱུང༔ཞེས་དང་། ལུང་བསྟན་ཀུན་གསལ་ལས། གང་བཟང་མགུལ་དུ་མེ་ཏོག་བབས་པའི་དུས༔ ཞེས་པས་ཀྱང་ཤེས་སོ། །གཟིགས་སྣང་ཞིང་ཁམས་གསལ་བར༔ ཤིང་ཕོ་རྟ་ལོ་ཧོར་ཟླ་བཅུ་པའི་ཚེས་དགུའི་ཐོ་རངས་ཀྱི་ཆར་བསམ་ཡས་སུ་ཕེབས་ཏེ་གནས་གཞི་ཡངས་སུ་མ་སོང་བ་ལ་ལྷུན་པོ་གླིང་བཞི་གླིང་ཕྲན་དང་བཅས་པ་ཆུང་དུ་མ་སོང་བ་ཞིག་མཎྜལ་གྱི་ཚུལ་དུ་འབུལ་བ་མཛད་བའི་ཚེ། རྣམ་སྨིན་སྒྱུ་ལུས་ཀྱི་བག་ཆགས་འགགས་ཏེ། སྐུ་མེ་ཏོག་གི་


GLG008_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤར་ཚུལ་གསུང་བ་ཡང་དཔྱད་གཞི་ཆེ་བར་འདུག་གོ ། དེ་ཡང་ཐོག་མར་བྱང་པ་རིགས་ལྡན་ཆེན་པོ་ནམ་མཁའ་རིན་ཆེན་གྱི་སྲས་སུ་སྐུ་བལྟམས་ནས་ན་ཚོད་ཕྲ་མོའི་དུས་ཀྱང་རིན་པོ་ཆེའི་རྒྱན་དང་གོས་བཟང་པོ། ལོངས་སྤྱོད་ཕུན་སུམ་ཚོགས་པས་བཀུར་བ་དང་བཅས་གཅེས་པར་བཟུང་། སྐུ་ཚེའི་སྟོད་སྨད་བར་གསུམ་དུ་ཆོས་ཕྱིར་ཡོངས་འཛིན་གྱི་བླ་མ་འཇམ་དབྱངས་ཀུན་དགའ་གྲོལ་མཆོག །དུས་ཞབས་པ་ཤཱཀྱ་དཔལ་བ། ལོ་ཆེན་རཏྣ་བྷ་དྲ། ནུབ་དགོན་པ་ཆེན་པོ་མཉམ་མེད་བྱམས་པ་ཆོས་ཀྱི་རྒྱལ་མཚན། མཆོག་གི་སྤྲུལ་སྐུ་མངའ་རིས་པ་ལེགས་ལྡན་བདུད་འཇོམས་རྡོ་རྗེ། ཐུགས་སྲས་བློ་གྲོས་རྒྱལ་མཚན། རིག་འཛིན་རྒྱལ་བའི་སྲས་པོ་པདྨ་ཆོས་རྒྱལ། སོ་སྟོན་ལེགས་ལྡན་རྡོ་རྗེ། རྒྱལ་སྲས་ལྷ་རྗེའི་རྣམ་འཕྲུལ་རྗེ་འབྲི་གུང་པ་ཆོས་རྒྱལ་ཕུན་ཚོགས། རྒྱལ་སྲས་བསྟན་པའི་འབྱུང་གནས། གཏེར་སྟོན་ཤེས་རབ་འོད་ཟེར། རྡོ་རིང་པ་ཀུན་དགའ་རྒྱལ་མཚན། ངོར་ཆེན་དཀོན་མཆོག་དཔལ་ལྡན། བདག་ཆེན་བསོད་ནམས་དབང་པོ། བླ་མ་ཊེ་བོ་རིན་པོ་ཆེ། བཀའ་བཞི་ཚུལ་ཁྲིམས་འགྱུར་མེད། འབྲུག་པ་པདྨ་དཀར་པོ་སོགས་རིས་མེད་ཀྱི་དམ་པ་དུ་མ་ལ་ཆོས་ཀྱི་གསན་པ་རྒྱ་ཆེར་མཛད། གཙོ་བོར་རང་གཏེར་ལས། སྔོན་དུ་བྱུང་བའི་ཟབ་གཏེར་མཐའ་དག་གི༔ བཀའ་བབས་འབྱུང་གི་མི་ནུབ་རྒྱལ་མཚན་ཚུགས༔ ཞེས་པ་ལྟར། གཏེར་སྟོན་བརྒྱ་རྩའི་གསོལ་འདེབས་ཇི་ལྟར་མཛད་པའི་


GLG008_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ནང་བཞིན། དབང་འཁྲིད་ལུང་མན་ངག་གི་བདུད་རྩིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གང་བར་གནང་། ཐ་སྙད་ཀྱི་རིག་པ་ལ་ཡང་མཁྱེན་པའི་སྤྱན་མཆོག་ཡངས། རང་གཏེར་སྐུ་གསུམ་རིགས་བསྡུས་ཀྱི་ལུང་བསྟན་ལས། དབང་དྲག་རྒྱས་དང་ཞི་བ་མཆོག་འགྲུབ་པའི༔ རྟགས་རྣམས་རིམ་གསལ་བཞིན་དུ་འགྲོ་དོན་མཛད༔ཅེས་པའི་དོན་ལྟར། ལ་སྟོད་བྱང་གི་རྒྱལ་སྲིད་འཛིན་པའི་དུས། རྒྱ་དཀར་ནག་ཧོར་སྟོད་སྨད་སོགས་ཀྱི་སྤྱད་དངོས་རྔམ་ཆེ་བ་མང་པོ་དང་། གཏེར་རྫས་དམ་རྫས་ཀྱི་རིགས་བགྲང་ཡས་པ་ཕྱག་ཏུ་འབྱོར་བ་ནི་ལུང་བསྟན་གྱི་ནང་གི་དབང་གི་འཕྲིན་ལས་འགྲུབ་པའི་སྐབས། དེ་རྗེས་དྲག་པོའི་འཕྲིན་ལས་ནི། མངའ་ཐང་ཅན་ལ་གཏེར་གྱི་སྐལ་བ་མེད༔ ཅེས་པ་ལྟར། སྙིང་པོ་མེད་པའི་རྒྱལ་སྲིད་སྤངས་ནས་གསང་ཆེན་རྙིང་མའི་བསྟན་པའི་བདག་པོར་མངའ་གསོལ་བར་རྐྱེན་ངན་ལམ་དུ་ལྷོངས་པ་ཡིན་པས་དེའི་ཚུལ་ནི་འཕྲང་འགོ་གཏེར་སྟོན་གྱི་རྟ་མགྲིན་དྲེགས་པ་ཀུན་འདུལ་གྱི་བསྐྱེད་རྫོགས་འཁྲུལ་མེད་ཙིཏྟ་དམར་པོ་ལས། ལྔ་བརྒྱ་ཐ་མ་དུས་ཀྱི་སྙིགས་མ་ལ༔ ཤཱནྟིའི་མིང་འཛིན་བདུད་ཀྱི་བར་ཆད་ཀྱིས༔ མངའ་རིས་ཕྱོགས་ནས་ཧོར་གྱི་མནན་པ་འདོན༔ ཧ་ལ་འབིག་གིས་ངམ་རིང་བར་དུ་འཇོམས༔ བྱང་གི་དམ་རར་བདུད་སྲིན་འོག་ནས་སློང༔ ས་བདག་ནམ་མཁའི་སྙིང་ལ་བར་ཆད་འཇུག༔ དེ་དུས་བྱང་གི་རི་ནག་བཅུ་གསུམ་རྩེར༔ པདྨ་མཚན་བརྒྱད་གཙུག་ལག་བཅུ་གསུམ་རེ༔ བརྩིགས་ན་བྱང་ཕྱོགས་རྒྱལ་པོ་མངའ་ཐང་རྒྱས༔ ཞེས་པ་ལྟར། བདག་པོ་ནམ་མཁའ་རྒྱལ་མཚན་སོགས་ཀྱི་སྙིང་ལ་བར་ཆད་ཞུགས་པ་ཡིན་ལ། ཞུགས་ཚུལ་ནི། རིག་འཛིན་ཡོངས་འདུས་ཀྱི་སྤྱི་ལུང་ལས་


GLG008_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་སུ༔ བདུད་མོ་རྣོ་མྱུར་ནག་མོ་ལ༔ བུ་དགུ་སྐྱེས་ནས་འཛམ་གླིང་འཇོམས༔ ཁྱད་པར་བོད་ཡུལ་གངས་ཅན་འདིར༔ མ་འོངས་བཞི་བཅུར་ཉེ་དུས་སུ༔ བདུད་སྤྲུལ་དགུ་དང་སྡིག་བློན་དགུ༔ བཙུན་མོ་ཕྱི་ནང་ལས་བྱེད་དགུ༔ འབངས་འཕྲིན་དབུ་གཙོ་དམག་དཔོན་དགུ༔ དགུ་དགུ་བརྒྱད་ཅུ་གྱ་གཅིག་གིས༔ འགྲོ་ཀུན་ཀ་ལོ་ཐུར་དུ་འཁྲིད༔ ཅེས་སྤྱིར་སེམས་ཅན་གྱི་བདེ་སྐྱིད་འཇོམས་པ་ལ་བདུད་སྤྲུལ་སྤུན་དགུ་ཡང་སྤྲུལ་གྱི་ཚུལ་དུ་ཡང་ཡང་འབྱུང་བར་གསུངས་པ་ལས། ཞིང་ཤག་ཚེ་བརྟན་རྡོ་རྗེ་ལ་བུ་དམ་སྲིའི་སྤྲུལ་པ་སྤུན་དགུ་བྱུང་ཞིང་། སྤུན་དགུའི་གཙོ་བོ་ཀུན་སྤངས་ལྷ་དབང་རྡོ་རྗེ་སྟེ། ཞིང་ཤག་པ་ཕ་བུ་རྣམས་དང་བྱང་པ་ནམ་མཁའ་རྒྱལ་མཚན་སོགས་འབྲེལ་བཏགས་བྱས་ནས་རིག་འཛིན་ཆེན་པོ་འདི་ཉིད་དབུས་ཕྱོགས་སུ་གནས་དབྱུང་བ་སོགས་ཞབས་འདྲེན་ཆེན་པོ་བྱས་པར་བརྟེན། མ་རུངས་པ་དེ་དག་དྲག་པོའི་སྒོ་ནས་བཏུལ་ཏེ་རྗེས་སུ་འཛིན་དགོས་པའི་གདུལ་བྱར་མཁྱེན་ནས། འཕྱོང་རྒྱས་དང་འབྲི་གུང་སོགས་སུ་བཞུགས་སྐབས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྐོར་མང་པོ་དང་། ཁྱབ་འཇུག་གཟའི་སྤུ་གྲི་སོགས་དྲག་སྔགས་ཀྱི་ལས་སྦྱོར་དུ་མའི་སྒོ་ནས་རིང་པོར་མ་ལོན་པར་དགྲ་བོ་རྣམས་འཆི་བདག་གི་ཁར་འདུད་པར་མཛད་ཅིང་། མཐུ་སྟོབས་དང་ནུས་པ་ལ་གཞན་གྱིས་འགྲན་ཟླ་དང་བྲལ་བ་ཡིན་པས། རཏྣའི་གཏེར་ལུང་དུ། རྒྱལ་པོའི་མིང་ཅན་མཐུ་སྟོབས་བདག་བོ་འབྱུང༔ ཞེས་དང་། རྟ་མགྲིན་དྲེགས་པ་ཀུན་འདུལ་ལས། འདི་ལ་ཆོས་བདག་སྐྱེས་བུ་སྟག་ལོ་པ༔ རྒྱལ་པོའི་མིང་འཛིན་སྔགས་འཆང་མཐུ་སྟོབས་ཅན༔ ཚངས་སྐུད་རྡོ་རྗེ་སྨེ་བས་སྤྲས་པ་དང༔


GLG008_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འབྱུང་བ་ལྟར་འཕྲང་འགོ་གཏེར་སྟོན་རིན་པོ་ཆེའི་ཆོས་བདག་ཏུ་ངོས་བཟུང་ལ། ལོ་ཚིགས་ཅུང་ཟད་མ་འགྲིག་པ་ནི་གཏེར་ཁ་མང་པོར་གང་ཟག་གཅིག་ལ་ལོ་བདག་འདེམ་ཁ་ཅན་སྣང་བས་སྐྱེ་སྲིད་འཛིན་པ་རྟེན་འབྲེལ་གྱི་དབང་གིས་སྔ་ཕྱི་སྣ་ཚོགས་འབྱུང་བ་ལ་དགོངས་སོ། །དབུས་སུ་ཕེབས་སྐབས་ཞིང་ཤག་པས་སྙིང་ཚིམ་གྱི་ཡི་གེར། སྟོབས་ཞེས་བྱ་བའི་སྟོབས་མེད་འཁྱམས་པོ་ཁྱོད། ཁོ་བོས་པྲེེ་ཏ་པུ་རའི་འགྲམ་དུ་བསྐྲད། །ཅེས་བཀུར་བའི་ལན་དུ། ཞིང་ཞེས་བྱ་བའི་ཞིང་བཅུ་ཚང་བ་ཁྱོད། །བདག་གིས་རཱ་ཧུ་ལ་ཡི་ཞལ་དུ་གདབ། །ཅེས་གསུངས་འདུག་པ་ལྟར། སྐུ་མདུན་དུ་ཞིང་ཁྱབ་འཇུག་གཟའི་ཟེར་ཁས་གྲོངས་པ་ཡིན། དེའི་རྒྱུ་མཚན་སྐོར་རིག་འཛིན་རྒྱལ་བའི་སྲས་པོ་པདྨ་ཆོས་རྒྱལ་ལ་འབུལ་བ་གནང་འདུག་པ་འདི་ལྟ་སྟེ། ཞབས་དྲུང་རྒྱལ་བའི་སྲས་པོ་གང་གི་ཞབས་དྲུང་དུ། ཞུ་བ། དེང་དུས་ཀྱང་སྐུ་རིན་པོ་ཆེ་མཆོག་ཏུ་དྭངས་ངོས་དེ་ཁར་ཕེབས་ཡོད་འདུག་པ་བཀའ་དྲིན་ཆེ། རྒྱལ་དབང་པདྨའི་གཟིགས་པས་བསླུ་མེད་ཅིང་། །རིག་འཛིན་མཆོག་གི་འདའ་ཁ་རྡོ་རྗེའི་གསུང་། །ཆེས་ཆེར་དམ་ལ་བཞག་པའི་རྟེན་འབྲེལ་གྱིས། །རཱ་ཧུ་ལ་དེ་བདག་གི་བྲན་ལྟར་གྱུར། །སྔ་ནས་མི་དགེའི་བག་ཆགས་ཡོངས་བརྟས་པས། །དགེ་བྱེད་ལ་སྡང་ཚུལ་མིན་ལོག་སྤྱོད་མཁན། །ཞིང་ཞེས་ཞིང་བཅུ་ཚང་བའི་སྙིང་ཁྲག་དེ། །མཐུ་ལྡན་གཟའ་མཆོག་ཆེན་པོས་མོད་ལ་བཞེས། ཁེངས་པར་སྤྱོད་པའི་འཁོར་ཚོགས་མང་པོའི་དབུས། །དཀར་ནག་ཕྱོགས་ཀྱི་ཉམས་འཇུག་དུས་ཀྱི་ཚེ། ཁྱབ་འཇུག་ཡབ་ཡུམ་སྲས་འཁོར་ཕོ་ཉར་བཅས། །ཕྱོགས་དེར་རྔམ་སྟབས་ཤུགས་ཀྱིས་མྱུར་བར་འོངས། །དེ་ཡི་མོད་


GLG008_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཟི་བརྗིད་དུག་གཟེར་གྱིས། །རེངས་དང་རྨོངས་པའི་རྣམ་འགྱུར་དུ་མ་དང་། །ཁ་ནས་མི་བཟད་གདུང་བའི་སྐད་དང་བཅས། །དམྱལ་བར་རིངས་པ་བཞིན་དུ་ས་ལ་ལྷུང་། །དགྲ་གཉེན་བར་མར་སྤྱོད་པའི་འཁོར་དེ་དག །འདི་ལྟའི་ཚུལ་ནི་རང་གི་བདེན་མེད་ཀྱིས། །རིན་དུ་བྱས་ཏེ་ཉོས་པའི་དཔེ་བཞིན་ནོ། །དེ་ནི་སྔགས་ནག་དེ་ཡི་མཐུ་ཡིན་ནོ། །ཞེས་ཟེར་ལ་ལ་ཡིད་དགའ་ཤུབ་བུར་སྨྲ། །བུ་དང་ཆུང་མ་མྱ་ངན་འཁོར་ཚོགས་རྣམས། །སྟབས་བུར་སྤྱོད་པས་སྡུག་བསྔལ་མྱོང་དེ་ལ། །འཁྱུད་བཞིན་ཆོ་ངེ་དྲག་པོ་འདེབས་པར་གྱུར། །ཆོ་ངེའི་སྒྲ་ནི་འབོད་པའི་དུང་བཞིན་དུ། །ཡུལ་དེར་གནས་པའི་མཐའ་དག་སྐྱེ་བོའི་ཚོགས། །ཀུན་ཀྱང་ཚུལ་དེ་མཐོང་བས་སོམ་ཉི་བྲལ། །སྔགས་པ་དགྲར་བསླང་འདི་ལྟར་ཡོང་ཞེས་སྨྲས། །དེ་ནས་གཉེན་གྲོགས་རྣམས་ཀྱི་བརྩེ་སེམས་ཀྱིས། །གསོ་རིག་པ་དང་ཚུལ་འདིའི་རིག་བྱེད་མཁན། ཁུར་འཛིན་དེ་དག་རྣམས་ཀྱིས་ཤེས་བྱའི་ཁྱོན། །དུས་དེར་འོས་པའི་བླུན་རྨོངས་འགའ་ཚོགས་ནས། །ངན་འགྲོར་སྤྱོད་པའི་སྡུག་བསྔལ་སློབ་པ་བཞིན། །ཧཱུྃ་ཕཊ་དྲག་པོའི་སྒྲ་དང་ཐུན་སྣ་ཚོགས། ཚ་གྲང་མྱོང་ལ་གསོད་མདའ་ཇི་བཞིན་དུ། །མེ་ཆུའི་ལྕག་གིས་ཡང་ཡང་འདེབས་ལ་བརྩོན། །ཡང་དེར་རང་རིགས་རྗེས་འཇུག་ཞ་ལུ་པས། །སྣ་ཚོགས་རྟེན་འབྲེལ་ཟབ་མོའི་ཆོ་ག་ཡིས། །སྐབས་སྐབས་ཅུང་ཟད་སྨྲ་དང་སྡུག་བསྔལ་དག །མྱོང་བར་ཤེས་པ་ཞག་འགའི་བར་དུ་བྱུང་། །དེ་དུས་དེ་ཡིས་སེམས་ལ་འགྱུ་བའི་ཚོགས། །སྲིད་པའི་བདེ་བར་ཞེན་དང་དེ་འབྲེལ་བའི། །སྡུག་བསྔལ་དག་ལ་གཟུགས་སུ་བྱས་པ་ན། །ལྷུན་པོ་ལ་ཡང་འགྲན་པར་གདོན་མི་ཟ། །སྐབས་དེར་ཉེ་གྲོགས་རྣམས་དང་ལྷན་ཅིག་པར། །སྔོན་དུ་ཐལ་བའི་ལས་ཚོགས་རྣམས་དྲན་ཏེ། །


GLG008_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

འགྱོད་བཞིན་དུག་ལས་བདུད་རྩིར་འདོད་པ་ལྟར། །བདག་ལ་སྲུང་བ་སློངས་ཟེར་གླེང་བ་ཐོས། །དེ་ནས་འགྱུ་བའི་ཚེས་ལ་སླད་ནས་ཀྱང་། །སྲིད་གསུམ་བདག་པོས་མིང་གི་ལྷག་མར་མཛད། །བདེན་པ་བསླུ་མེད་སྟོན་པའི་དུས་དེའི་ཚེ། །ཇི་ལྟའི་ཚུལ་ལྟར་འདིར་ནི་མངོན་སུམ་གསལ། །རིག་སྔགས་དྲག་པོ་སྒྲུབ་པའི་ས་ཁུང་དུ། །ལིང་ག་དག་ལ་དྲོད་ཕེབས་ཚལ་པར་གས། ཁ་ལིང་མེར་འབར་གཞན་ཡང་མཚན་མ་ནི། །དངོས་ཉམས་ཇི་སྙེད་མཐོང་ནས་གཏང་རག་ཕུལ། །དེ་རྗེས་ཕོ་ཉའི་གཏམ་སྙན་འཕྲེང་བ་དག །ལེགས་ཐོས་འདི་ལྟའི་ཚུལ་ནི་ད་དུང་ཡང་། །བདག་ཉིད་བདེན་ཚིག་ཆེས་བཙན་ལོ་ཁོངས་སུ། །གཞན་དག་ལ་ཡང་གཟིགས་པ་གནང་འཚལ་ལོ། །བྱང་ཕྱོགས་ལོག་སྤྱོད་སྐྱེ་བོའི་ཡུལ་དག་ཏུ། །དཔྱིད་དུས་གྲང་རེག་སྤྱོད་ལ་ཉེ་སྐབས་ཀྱང་། །གནམ་ལྕགས་དྲག་པོའི་ཐོག་གིས་བསྣུན་པ་དང་། །གཙུག་ལག་ཁང་ལ་རྫུ་འཕྲུལ་མེ་འབར་ཞིང་། །བདག་ལ་མཐོ་འཚམ་དཔུང་ཚོགས་རྣམས་ལ་ཡང་། །ཕྱི་ལོག་དུས་སུ་སུམ་ཅུར་ཉེ་བའི་གྲངས། །གདོང་ཐུག་བརྒྱབ་སོགས་ཞིབ་ཆ་ནང་མཆིས་པ། །ཡོངས་འཛིན་དམ་པའི་སྙན་དུ་གསན་ངེས་སམ། །འདི་དག་རང་སྟོབས་ཅི་ཞིག་ཨུ་རྒྱན་རྗེའི། །ཐུགས་རྗེའི་འཇུག་པ་དག་དང་ཁྱད་པར་དུ། །བཀའ་དྲིན་མཉམ་མེད་རིག་འཛིན་མཆོག་དེ་ཡིས། །མ་འོངས་དུས་མཁྱེན་དམ་བཞག་བྱིན་རླབས་དང་། །སེལ་མེད་དམ་ཚིག་གཅེས་སྤྲས་སྙིང་ལྟར་བཅངས། །འགྱོད་མེད་བདེན་པའི་རི་བོ་རྒྱབ་ཏུ་ཁུར། །གཡེལ་མེད་ཆོས་སྐྱོང་སྲུང་མ་མཆོད་ལ་བརྩོན། །དགྲ་མེད་རང་གནས་མྱུར་དུ་འཛིན་པར་སྨོན། །ཞེས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་བཀའ་དྲིན་གཞལ་བར་དཀའ་བའི་ཡོངས་འཛིན་དམ་པ་བཀའ་དྲིན་ཅན་གྱི་ཞལ་སྐྱིན་གང་དེར་དད་པ་མཆོག་གིས་ཁྱེད་ཉིད་དགྱེས་པའི་མཆོད་སྤྲིན་དུ་དགོངས། ཅི་བདེར་ཉམས་དགར་ཕུལ། ཞེས་སོ། །


GLG008_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དུས་ཀྱི་ལས་སྦྱོར་གྱི་དམ་སེལ་གྱི་འཚུབ་ལྷོངས་བརྒྱུད་འཛིན་ཚོར་ཡང་བྱུང་བས། དུས་ཕྱིས་རིག་འཛིན་ཡོལ་མོ་བ་བསྟན་འཛིན་ནོར་བུས་གཞིས་ཀ་རྩེར་གཏོར་ཟློག་མཛད་སྐབས་ཀྱང་ཐོག་སེར་བབས་ཏེ་ཁྱབ་འཇུག་གཟའི་འཁུ་བཟློག་བྱུང་བར་སྣང་། རྒྱས་པའི་འཕྲིན་ལས་ཀྱི་སྐབས་ནི། འབྲི་གུང་ཞབས་དྲུང་ཡབ་སྲས། སྡེ་པ་འཕྱོང་རྒྱས་པ་ཧོར་མི་དབང་སྟོབས་རྒྱལ་དང་། ཧོར་ངག་དབང་བསོད་ནམས་གྲགས་པ་འཇིག་རྟེན་དགའ་བའི་རྒྱན་སྡེ་པ་ཡར་རྒྱབ་པ། སྐྱིད་ཤོད་ནས་ས་སྐྱོང་གཡུལ་རྒྱལ་ནོར་བུ། དགའ་ལྡན་ཕོ་བྲང་གི་དཔོན་གཉེར་ལུགས་གཉིས་ཀྱི་མཁྱེན་དཔྱོད་ཅན་སྐུ་མདུན་ཆོས་བཟང་འཕྲིན་ལས། སྡེ་པ་ཐོབ་རྒྱལ་བ། སྡེ་པ་སྙེ་མོ་བ། བར་ཁམས་ཀྱི་སྡེ་པ་ཀ་ནམ་པ་རྒྱ་ཧ་ཀ་རང་ལིང་རྩེའི་རྒྱལ་པོ་སོགས་སྟོབས་ལྡན་ཆེན་པོ་མང་པོའི་ཏི་ཤྲིར་གྱུར། སྣང་གསལ་ཆོས་རྗེ་ཀུན་དགའ་ཚེ་མཆོག །ལྷ་གྲོ་ཆོས་རྗེ་ཀརྨ་གུ་རུ། ཀ་ཐོག་ཆོས་རྗེས་ཐོག་དྲངས་སྔ་འགྱུར་བཀའ་གཏེར་གྱི་རིག་སྔགས་འཆང་བ་བགྲང་བར་དཀའ་བ་དང་། གྲུབ་མཐའ་རིས་མེད་ཀྱི་བླ་མ་མཐའ་ཡས་པས་ཞབས་ལ་བཏུད་དེ། རྣམ་དཀར་གྱི་འཕྲིན་ལས་དབྱར་མཚོ་ལྟར་གྱུར། ཞི་བའི་འཕྲིན་ལས་ནི། སྤྱིར་ནད་གདོན་སོགས་ཞི་བ་དང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་ཞི་བ་གཉིས་བྱུང་བ་ལས། སྐབས་འདིར་ཞི་བ་དེ་དང་པོ་ལ་བསྙག་དགོས་ཏེ། མཆོག་གྲུབ་པ་ཞེས་པའི་ཚིག་གིས་རྗེས་མ་བསྟན་པས་སོ། །དེ་ཡང་སྐུ་ཚེའི་མཇུག་ཏུ་སྦྱིན་བདག་གི་མཐིལ་འཕྱོང་རྒྱས་དང་ཡར་རྒྱབ་གཉིས་སུ་ཕལ་ཆེར་བཞུགས་ནས། སྦྱིན་བདག་དང་གདུལ་བྱ་མཆོག་དམན་རྣམས་ཀྱི་བར་ཆད་སེལ་ཞིང་ཆོས་དང་སྲིད་ཀྱི་འདོད་པའི་དོན་གྱི་རེ་བ་སྐོང་བར་མཛད་དོ། །འཕྱོང་རྒྱས་སྟག་རྩེའི་གཟིམས་ཆུང་ཚེ་རིང་ཕོ་བྲང་དུ། དག་པའི་སྣང་བར་རྒྱལ་


GLG008_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་བསྟན་པའི་འབྱུང་གནས་ཕེབས་ནས། ལྟ་བའི་སྐོར་གྱི་བཀའ་གནད་མང་པོ་དྲི་བ་དྲིས་བཤད་ཀྱི་ཚུལ་དུ་གསུངས། ཡང་སྤྲུལ་ལ་སྨིན་དྲུག་ཟླ་བའི་ཚེས་བཅོ་བརྒྱད་ཀྱི་དུས། ཆུ་བོ་གསེར་ལྡན་གྱི་ལྷོ་ངོས་དོན་འགྲུབ་གླིང་གི་སྒར་དུ། མནལ་ལམ་འོད་གསལ་དུ་ཤར་བར། ཆོས་རྒྱལ་སྲོང་བཙན་སྒམ་པོས་བྱིན་གྱིས་བརླབས་པའི་མཚན་མ་ངོ་མཚར་ཅན་དང་། དེ་ནས་ཞག་ལྔ་སོང་བའི་ཚེ་རྗེ་གྲུབ་པའི་དབང་ཕྱུག་གིས་བྱིན་གྱིས་བརླབས་ཚུལ་སོགས་གཟིགས་སྣང་གི་སྐོར་རྣམས་གསུང་འབུམ་དུ་གསལ། མཆོག་གི་དངོས་གྲུབ་འགྲུབ་པ་ནི་རིག་འཛིན་ཆེན་པོ་ཉིད་ངེས་པའི་དོན་དུ་སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པར་མ་ཟད། ཐུན་མོང་བའི་སྣང་ངོར་སྐུ་ཚེ་འདི་ཉིད་ལ་རྫོགས་པ་ཆེན་པོར་ཐོས་བསམ་སྒོམ་པ་ནན་ཏན་དུ་མཛད་པས་རྟོགས་པ་ཀློང་དུ་གྱུར་ཏེ་གྲུབ་པའི་མཚན་མ་ངོ་མཚར་བ་མང་དུ་བསྟན་ཅིང་། གཙོ་བོར་ཐུགས་སྲས་རིག་འཛིན་སྐུ་མཆེད་ལ་ཟབ་ཆོས་རྣམས་བུམ་པ་གང་བྱོའི་ཚུལ་དུ་གནང་བ་དང་། སྐལ་ལྡན་གྱི་གདུལ་བྱ་མང་པོ་ཀུན་བཟང་དགོངས་པ་ཟངས་ཐལ། འཇམ་དཔལ་རྫོགས་ཆེན། ཡང་ཏིག་གཅེས་སྒྲོན་སོགས་ཀྱི་སྒོ་ནས་སྨིན་གྲོལ་ལ་བཀོད་པའི་ཚུལ་རྣམས་ཀྱིས་ཤེས་པར་ནུས་སོ། །མཛད་པའི་གཙོ་བོ་ཟབ་གཏེར་སྤྱན་དྲངས་ཚུལ་ནི། རང་གཏེར་ལས། གཏེར་ཆོས་པདྨའི་གསུང་དང་མ་ཕྲད་ན༔ བཅུ་བཞི་པ་ལ་ཚེ་ཡི་བར་ཆད་འབྱུང༔ དེ་དུས་བར་ཆད་བདུད་དབང་མ་གྱུར་ན༔ རང་གཏེར་ཟབ་མོའི་སྐལ་བ་ངེས་པར་འབྱིན༔ ཞེས་པའི་དོན་ལྟར་སྐུ་ན་ཕྲ་མོའི་དུས་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གིས། ཐོད་འཕྲེང་རྩལ་གྱི་དཀྱིལ་འཁོར་དུ་ཟླུམ་པོ་བཞི་དབང་གི་སྒོ་ནས་སྨིན་པར་མཛད་པའི་རྟེན་འབྲེལ་གྱིས། གཙང་རོང་ཆུང་གི་སྦས་ཡུལ་ཁམ་བུ་ལུང་ནས་ཧོར་སོག་མཐའ་དམག་ཟློག་ཐབས་ཀརྨ་གུ་རུའི་སྐོར་དང་། སློབ་དཔོན་ཆེན་


GLG008_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

པོས་འདུད་རིགས་དམ་ལ་བཏགས་པའི་བྲག་ལྷང་ལྷང་མའི་མཚམས་ཕུག་དགེ་བའི་དབེན་གནས་ནས་མཚོ་སྐྱེས་རྡོ་རྗེའི་སྐོར་སྤྱན་དྲངས་པ་སྟེ། དེ་ཡང་བླ་མ་མཚོ་སྐྱེས་རྡོ་རྗེ་ལ་རིགས་གསུམ་ཡོད་པའི། དང་པོ་མངའ་བདག་ཉང་གིས་ལྷོ་བྲག་ཕྱོགས་ནས་སྤྱན་དྲངས། ཕྱི་མ་སངས་རྒྱས་གླིང་པས་དྭགས་པོ་སྒེར་བྱེ་མ་དཀར་པོ་ནས་སྤྱན་དྲངས། བར་པ་ཆོས་དབང་རིན་པོ་ཆེའི་གཏེར་ཁ་བཅུ་བདུན་པའི་གཏེར་ཞབས་ཡིན་པ་རིག་འཛིན་ཆེན་པོ་འདི་ཉིད་ཀྱིས་སྤྱན་དྲངས་པ་སྟེ། རང་གཏེར་འཆི་མེད་ཚེའི་དོན་དབང་གི་གཏད་རྒྱའི་སྐབས་ལས། རྒྱལ་པོས་བཞེངས་པའི་གཙུག་ལག་གཉིས་ཀྱི་མཚམས༔རོང་མདོ་ཆུ་བོ་ཆེན་པོ་རྒྱུག་པའི་འགྲམ༔ ས་ཁམས་ཁྱི་འབྲུག་ལོ་པ་སྙིང་རྗེ་ཅན༔ དྲག་ཤུལ་ཆོ་རོལ་སྤྱོད་པ་རིགས་བཞིའི་རྟགས༔ དཀར་དམར་སྨེ་བ་སྦྲུལ་གྱི་མགོ་བོ་ཅན༔ ལག་གཡས་དྲག་པོ་མཚོན་ཆའི་རི་མོ་གསལ༔ ལྟོ་བ་བུམ་པའི་དབྱིབས་ལ་སྨེ་བས་མཚན༔ མཁའ་འགྲོ་དབང་སྡུད་བརླ་གཡོན་སྨེ་བའི་སྤྱན༔ ཞི་འགྲུབ་རྐང་གཡོན་རི་མོ་པདྨས་མཚན༔ རྟགས་དང་ལྡན་པའི་སྐྱེས་བུ་དེ་དང་ཕྲད༔ ཅེས་པ་བྱུང་ལ། གཞན་ཡང་བསམ་ཡས་ཨཱཪྻ་པ་ལོའི་གླིང་ནས་དམ་རྫས་མྱོང་གྲོལ་དང་ལུང་བསྟན་གྱི་སྐོར། ལྷོ་བྲག་འཇོང་པ་གསེར་གྱི་མཆོད་རྟེན་ནས་མ་རྒྱུད་རྙཨང་པོ་དོན་གསུམ། མན་ངག་ཐོར་བུ་དང་ཕུར་པ་དམ་རྫས་ཀྱི་རིགས། གཙང་ཉང་སྟོད་དང་། ཁམས་ཀྱི་ཀློང་ཐང་སྒྲོལ་མའི་ཀ་གཞུའི་འཆོལ་སོགས་ནས་ཟབ་གཏེར་མང་དུ་སྤྱན་དྲངས། གཏེར་ཐམས་ཅད་ངོ་མཚར་ཡིད་ཆེས་ཀྱི་གནས་འབའ་ཞིག་ཏུ་བྱུང་བས། ཚེ་དབང་གི་ཆེ་རྗོད་ཀྱི་སྐབས་གཏེར་ལུང་གི་འཕྲོས་ལས། ཁྱད་པར་འདི་ཉིད་ཉམས་སུ་བླངས་པ་ན༔ ཚེ་འཕྲང་སྒྲོལ་ཞིང་ཚེ་ཡི་ཚད་ལས་བསྲིང༔ དབང་བསྐུར་ལན་རེས་ལོ་རེའི་ཚེ་སྤེལ་འགྱུར༔


GLG008_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་དང་ཉེར་གཅིག་དབང་ཐོབ་སྐལ་བ་ཅན༔ བདག་དང་དབྱེར་མེད་བྱིན་རླབས་མཆོག་ཐོག་འགྱུར༔ ཞེས་པ་ལྟར་རོ། །ལུང་བསྟན་ལྟར་ལྷང་ལྷང་མའི་གཏེར་གསར་གྱི་ཤོག་སེར་རྣམས་ཀོང་པོ་རྒྱ་ལར་འབེབས་པ་གནང་བ་དང་། རྒྱ་ལ་རང་ནས་ཀྱང་བོད་ཁམས་སྤྱི་ལ་ཕན་པའི་མཐའ་དམག་ཟློག་ཐབས་ཀྱི་ལས་ཚོགས་ཀྱི་གཏེར་བཞེས་རྒྱུ་ཡོད་པ་ནས་ཀོང་པོར་ཕེབས། དེའི་དུས་རྩེ་ལྷ་སྒང་དུ་ཀརྨ་བ་དབང་ཕྱུག་རྡོ་རྗེ་བཞུགས་པའི་ཀར་སྲིད་གྲ་འགྲིག་ཅིང་དབང་ཆེ། གྲུབ་མཐའ་མི་གཅིག་པའི་རིགས་མཐའ་དག་ལ་འཇམ་རྩུབ་སྣ་ཚོགས་པའི་སྒོ་ནས་འདུལ་ཐབས་ལྷུར་མཛད་པའི་སྐབས་ཡིན་འདུག་པས། ཀོང་ཡུལ་འདི་གསང་སྔགས་རྙིང་ང་མ་ལ་མོས་པའི་སྟབས་ཀྱིས་འཕྲིན་ལས་རྒྱ་ཆེར་བྱུང་དོགས་པའི་ཕྲག་དོག་གིས་མཐོ་གནོན་དང་། སྒར་གཙང་མཆོད་ཡོན་ཐུན་མོང་ལ་ངན་གཏད་རྦ་དོང་ལ་བརྒྱབ་དོགས་པའི་འཇིགས་སྣང་ཕན་ཚུན་འགྲན་བཞིན་པ་ལ་བརྟེན། སྐྱོན་གནོན་པ་མངགས་ཏེ་གཏེར་གནས་ཀྱི་ཕྱོགས་སུ་ཡེ་འབྱོན་མ་བཅུག་པས། གཏེར་སྲུང་ཁྲོས་པའི་འཚུབ་དང་། གཏེར་ལུང་དུ། དེ་དུས་དྲག་པོའི་ལྟས་ཅིག་འབྱུང༔ ཞེས་གཏེར་གསར་གྱི་ཤོག་སེར་ཀོང་པོ་རྒྱ་ལར་འབེབས་པ་ལ་འཚུབ་འོང་བར་གསུངས་པའི་འཚུབ་འགྱུར་གཉིས་ཀ་འདོམ་པའི་ནུས་པས། རི་ཕན་ཚུན་ཉིལ་པའི་སྣེ་འགྲིག་པས་གཙང་པོའི་རྒྱུན་ལམ་འགགས་ཏེ་གྲོང་ཁྱེར་མང་པོ་ཆུར་ནུབ། དཔོན་སློབ་རྣམས་ཀྱང་རེ་ཞིག་གྱེན་དུ་བྲོས་པས་ས་སྲོས་ཏེ་ཕེབས་མ་ཐུབ་པས་ཆུ་མཚམས་སུ་ཆོས་དབང་རིན་པོ་ཆེའི་གཏེར་མའི་དྲག་སྔགས་འདུས་པའི་ལྕགས་ཕུར་བཏབ་པས། མཚན་མོའི་བར་དེར་ཆུས་ཀྱང་ས་མཚམས་ལས་མ་བསྒྲལ། ནམ་ལངས་ནས་ཕུར་པ་བཏོན་ཏེ་ཕེབས་པ་ན་འབྲོས་འདེད་ལྟར་ཆུ་གྱེན་ལ་ལུད། དེ་ནས་གཏོར་ཟོར་འཕངས་


GLG008_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་བདེན་པ་བརྗོད་པས། གཙང་པོའི་ལམ་བྱེ་ནས་ཆུ་སྔར་བཤུལ་དུ་སོང་སྟེ། འགྲོ་བ་རྣམས་ལ་མི་འཇིགས་པའི་སྦྱིན་པ་སྩལ། རིག་འཛིན་ཆེན་པོ་འདི་ཉིད་ཀྱིས་བདེན་སྟོབས་མ་བརྗོད་ན། འདི་སྐབས་ཀྱང་ཆོས་རྗེ་ཀརྨ་པའི་བཀའ་དྲིན་ལ་བརྟེན་ནས་ཀོང་པོ་རྣམས་ཆུའི་འཇིགས་པས་སྟོངས་རྒྱུ་ཡིན་པར་སྣང་། བྱང་བདག་པོས་ཡར་རྒྱབ་གཙང་པོ་ཞག་བདུན་གྱི་བར་དུ་གྱེན་ལ་སློག་ཟེར་བའི་གྲགས་པས། བྱང་གཙང་གི་དམ་ཉམས་ལྷག་ལུས་པ་རྣམས་ཀྱང་སྙིང་རྩ་འདར་བར་གྱུར་ཏོ། །བླ་རྫོགས་ཐུགས་གསུམ་ཚང་བའི་གཏེར་ཁ་ཆེ་བ་ཞིག་ཐག་ལ་འཕྲེད་ནས་བཞེས་རྒྱུ་ཡོད་པ། སྡེ་བ་གཙང་སྟོད་པ་སོགས་ཀྱི་སྟབས་ནས་སྤྱན་འདྲེན་མ་ཐུབ་པར་རྟེན་འབྲེལ་འཕྱུགས་པས། རང་གཏེར་དུ། ལྔ་བཅུ་རྩ་གསུམ་ཚེའི་ཡི་འཕྲང་ལ་གཟབ༔ ཅེས་པའི་ལུང་བསྟན་གྱི་དོན་ཐོག་ཏུ་བབ་པར་བརྟེན་རེ་ཞིག་འགྲོ་དོན་གཞན་དུ་ཆེ་བར་དགོངས་ཏེ་གཟུགས་སྐུའི་བཀོད་པ་བསྡུས་ནས་ཟངས་མདོག་དཔལ་གྱི་རིར་གཤེགས་པ་ཡིན་ལ། གཅན་གཟན་དྲེགས་པའི་རོ་ལ་སེང་གེ་མི་འཇིགས་པ་ལྟར་སྔགས་རློམ་གཞན་གྱིས་པདྨའི་རྒྱལ་ཚབ་འདི་ཉིད་ལ་གླག་ལྟ་བར་ག་ལ་ནུས་ཀྱང་། ཡོལ་བ་བླ་ཆེན་གྱིས་བརྩམས་པའི་མཁན་ཆེན་གཞོན་ནུ་བློ་གྲོས་ཀྱི་རྣམ་ཐར་དུ། བྱང་བདག་པོས་འཕྱོང་རྒྱས་པའི་སྐུ་རིམ་མཛད་པར་བརྟེན། ཡར་ལུངས་བཀྲ་ཤིས་རྩེ་ཕྱོགས་ཀྱི་མཐུ་ཁ་ཟུག་ནས་ཞབས་དྲུང་བདག་མོ་གཤེགས་པ་ཡིན་ཚུལ་གྱི་རྒྱུ་མཚན་མང་པོ་བྲིས་པའི་མཇུག་ཏུ། སྔགས་རྒྱུད་སྦྱོར་བས་དམན་ཡང་སྣང་ཤས་ཀྱིས། །དྲག་ཤུལ་ཆོ་གའི་ལད་མོ་ཟློས་པ་དག །རང་ཉིད་རིངས་པར་ཆས་པ་གཤིན་རྗེའི་གྲོང་། །ཉུལ་བའི་གྲོགས་སུ་སྤྲོ་བས་སྒྲོན་པ་བཞིན། ཞེས་སྨད་པར་སྣང་བ་ནི་རྟེན་འབྲེལ་འགྲིག་


GLG008_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

མ་འགྲིག་སོགས་ལུང་བསྟན་གྱི་དོན་མ་གོ་བའི་མུ་ཅོར་གྱི་གཏམ་དུ་སྣང་ངོ་། ། ས་ལ་སྤྱོད་པའི་གནམ་གྱི་ཚངས་པ་ཆེ། །ཤར་ཕྱོགས་ནོར་འཛིན་སྐྱོང་བ་མི་ཉག་གི །གདུང་ལས་རིགས་ལྡན་རིམ་པ་བྱོན་པའི་ལྷ། །ནོར་བུའི་འཕྲེང་བ་ཇི་བཞིན་འཛད་མེད་རིང་། ཁུངས་བཙུན་རིགས་ཀྱིས་མཐོ་བའི་དུང་དཀར་པོ། །ལེགས་བྱས་བཀྲ་ཤིས་རི་མོ་གཡས་འཁྱིལ་བ། །བསོད་ནམས་སྟོབས་འབྱོར་དར་བའི་སྙན་པའི་སྒྲ། །འཛམ་གླིང་ཀུན་ལ་ཁྱབ་པར་བསྒྲགས་འདི་རྒྱལ། །བྱང་རིགས་གདུང་གི་རྙོག་བྲལ་རྫིང་བུའི་ནང་། ཁྲི་སྲོང་སྤྲུལ་པའི་ཟློས་གར་ཟླ་བའི་གཟུགས། །ཤར་ཚེ་སྔ་འགྱུར་བསྟན་པའི་ཀུ་མུ་ད། །ཐོས་བསམ་སྒོམ་པའི་འཛུམ་ཕྲེང་ཆེས་ཆེར་གཡོ། །དེ་ལྟར་ཆོས་རྒྱལ་དཔལ་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེ་དྲག་པོ་སྟོབས་ཀྱི་འཁོར་ལོས་སྒྱུར་བ་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་དཔའ་བོ་ཞེས་ཡོངས་སུ་གྲགས་པ་གང་གི་ཐུགས་སྲས་རིག་འཛིན་ཆེན་པོ་ངག་གི་དབང་པོ་ནི། སྔར་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་བྱང་ཐེག་མཆོག་གླིང་དུ་རིག་འཛིན་མངའ་རིས་པ་ཆེན་པོ་ལ་ཟབ་ཆོས་མང་དུ་གསན་པའི་ཀུན་བཟང་དགོངས་པ་ཟང་ཐལ་གྱི་བར་དོ་ལྔའི་སྙན་བརྒྱུད་གསུང་བའི་སྐབས་མཛད་པ་ཐ་མ་སྟོན་པར་བཞེད་པའི་གསུང་གྱ་མ་དོ་འདྲ་ཐོད་རྒལ་དུ་བྱོན་པས། ཆོས་རྒྱལ་དབང་པོའི་སྡེས་ཆོས་གྲལ་གྱི་དབུས་སུ་བཞེངས་ཏེ་ཐལ་མོ་སྦྱར་ནས། རབ་ཏུ་མྱ་ངན་ལས་མི་འདའ་བར་བཞུགས་པ་དང་། གལ་སྲིད་ཞིང་ཁམས་འཕོ་བར་བཞེད་ན་མཆོག་གི་སྤྲུལ་སྐུ་མྱུར་དུ་ཕེབས་དགོས་ཞེས་ནན་གྱིས་གསོལ་བ་བཏབ་པས། ང་ད་རེས་བསྡད་པས་ཡོང་བ་མེད། ཁྱེད་དེ་ཙམ་གྱི་རྩིགས་ཆེ་ན་བདག་པོ་རང་གི་བུར་སྐྱེ་བ་ལེན་ནོ་ཞེས་པའི་རྡོ་རྗེའི་གསུང་


GLG008_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་མེད་པར་བརྟེན། ཡབ་རིག་འཛིན་ཆེན་པོ་དབང་པོའི་སྡེ་ཉིད་དང་། ཡུམ་འཕྱོང་རྒྱས་ཟ་ཧོར་གྱི་གདུང་ལས་ལྕམ་ཡིད་འཛིན་དབང་མོ། ལེགས་སྦྱར་གྱི་སྐད་དུ་མནྡྷ་རེནྡྷ་འབོད་པ་དེའོ། །སྐུ་འཁྲུངས་པའི་ཡུལ་ནི་ཞང་ཡུལ་དུ་ཚ་སྐྱེ་མི་རུང་བའི་ཐུགས་དོགས་ཀྱིས་གངས་ཅན་གྱི་ལྗོངས་འདིར་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་དུས། དབུས་གཙང་རུ་བཞིར་གྲགས་པ་ལས་གཡོན་རུའི་སའི་ཆ། གྲྭ་ཕྱི་མའི་ཕུ་ཆོས་སྡིངས་དགོན་པར། འཕགས་པའི་ཡུལ་དུ་བཱི་ར་ཞེས་པ་གནམ་གནོན་དུ་གྲགས་ཤིང་། བོད་ཡུལ་འདིར་རྒྱ་ནག་གི་གཙུག་ལག་ལྟར་ལྕགས་ཕོ་འབྲུག་གི་ལོ་ལ་ངོ་མཚར་པའི་ལྟས་དང་བཅས་ཏེ་སྐུ་བལྟམས་པས། རིག་འཛིན་ཡོལ་མོ་བ་ཆེན་པོས། འགྲོ་འདུལ་དུས་དང་བྱང་ཕྱོགས་རྒྱལ་པོའི་གདུང་། །རྡོ་རྗེ་རིགས་མཆོག་བཀྲ་ཤིས་གྲགས་པའི་སྟོབས། །རབ་རྒྱས་ཡིད་འཛིན་ས་སྤྱོད་དབང་མོ་སྟེ། །ལྔར་གཟིགས་ལྷུམས་སུ་ཞུགས་དེར་གསོལ་བ་འདེབས། །ལུམྦི་ནི་ཡི་ཚལ་མཚུངས་ཡུལ་དབུས་ཆར། །ཚངས་པ་ལྷ་ཡི་མེ་ཏོག་རྣམ་པར་བཞད། །མནྡྷ་ར་ཡི་འཁྲི་ཤིང་འཛུམ་ལྡན་པར། །ལུང་བཞིན་མངོན་པར་བལྟམས་དེར་གསོལ་བ་འདེབས། །ཞེས་སོ། ། ན་ཚོད་ཕྲ་མོའི་དུས་ནས་ཐུགས་སྒམ་ཞིང་དཀྱེལ་ཆེ་བ་བྱིས་པ་ཐ་མལ་གྱི་རོལ་རྩེད་ཡེ་མི་མཛད་ཅིང་། །རིག་འཛིན་ལེགས་ལྡན་རྗེའི་བག་ཆགས་སད་པའི་མཛད་པ་བསྟན་པ་དང་གསུང་བྱོན་པ་ལ་བརྟེན། ཡབ་དབང་པོའི་སྡེས། ངའི་བླ་མའི་སྐུ་སྐྱེ་ཞེས་གཅེས་པར་བཟུང་བས་མཚན་ཞབས་དྲུང་བླ་མར་གྲགས། ཕྱག་རྫས་དང་སྐུ་འཁོར་མང་པོ་ལ་ངོས་འཛིན་མཛད། ཡབ་ཀྱིས། རྒྱལ་བ་ཀུན་དངོས་སྐྱབས་མཆོག་རིག་འཛིན་རྗེའི། །ལུང་བཞིན་རྣམ་སྤྲུལ་ངག་


GLG008_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

གི་དབང་པོ་ཡི། །ཞེས་སོགས་ཀྱི་སྐུ་ཚེ་བརྟན་བཞུགས་ཀྱི་ཚིགས་བཅད་འབུལ་བ་སོགས་ལེགས་ལྡན་རྗེ་དངོས་ཀྱི་ཐུགས་དད་དང་བཀུར་ཟོས་གནང་། བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ནས། གཏེར་སྟོན་ཨུ་རྒྱན་གླིང་པའི་སྐྱེ་རབས་སུ་ལུང་གིས་ཟིན་པའི་དཔལ་འབྲི་གུང་པ་ཆོས་རྒྱལ་ཕུན་ཚོགས་ལ་གཙུག་ཕུད་ཕུལ། མཚན་ངག་དབང་རིག་འཛིན་རྡོ་རྗེ་ཆོས་རྒྱལ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་གསོལ། བྱང་ཆུབ་སེམས་དཔའི་སྡོམ་པ་གནང་སྟེ་རྒྱལ་སྲས་སེམས་དཔའ་མཆོག་གི་གོ་སར་དབང་བསྐུར། དོན་འདི་ལ་དགོངས་ནས་རིག་འཛིན་ཡོལ་མོ་བས། ཡབ་གཅིག་མི་མཇེད་བདག་པོ་ཆོས་ཀྱི་རྒྱལ། །ཕུན་ཚོགས་འཆི་མེད་དབང་པོས་རབ་བསྔགས་ཤིང་། །གང་ཞིག་ཐོས་པས་སྲིད་པ་ཕྱིར་བསྙིལ་བའི། །མཚན་གསོལ་གུས་པས་བསྙེན་དེར་གསོལ་བ་འདེབས། །ཞེས་སོ། །སྐུ་ཚེ་སྔོན་མ་ལེགས་ལྡན་རྗེའི་དུས་སུ་བྱ་བྲལ་གྱི་བརྟུལ་ཞུགས་བཟུང་སྟེ་ཡོངས་འཛིན་གྲངས་མེད་པ་བསྟེན་ནས་ཆོས་ཕྱིར་དཀའ་སྤྱད་མཛད་པའི་ཟབ་ཆོས་རྣམས་ཡབ་དབང་པོའི་སྡེས་བུམ་པ་གང་བྱོའི་ཚུལ་དུ་གནང་བ་ལ་བརྟེན། སྐུ་ཚེ་འདིར་བླ་མ་མང་པོ་ལ་ལྟོས་མ་དགོས་པར་ནོར་གྱི་བཅལ་པོ་ལེན་པ་ལྟར་ཆོས་རྣམས་ཕལ་ཆེར་ཡབ་ལ་གསན་པས། གྲང་སོ་གཏེར་སྟོན་གྱིས། དེད་དཔོན་བྱེ་བས་ཉེར་བླངས་ཡིད་བཞིན་ནོར། །སྤྱོད་པའི་རང་དབང་ཡབ་གཅིག་ཁོ་ན་ལས། །ཚེགས་མེད་གྲུབ་ཚེ་འགྲོ་འདིའི་རྒུད་པའི་མཐའ། །རབ་བཅོམ་ཀུན་དགར་མཛད་དེར་གསོལ་བ་འདེབས། །ཞེས་སོ། །དེ་ཡང་ཡབ་ཆོས་རྒྱལ་དབང་པོའི་སྡེས། ནུབ་དགོན་ཆོས་རྗེ། མངའ་རིས་རིག་འཛིན་ཆེན་པོ། དྲན་མཆོག་དཔལ་ལྡན་བློ་གྲོས་སོགས་བླ་མ་མང་དུ་བསྟེན་ནས་གསན་པའི་ཆོས་རྣམས་བུམ་པ་གང་བྱོའི་ཚུལ་དུ་ཐུགས་ཀྱི་ཟ་མ་ཏོག་ཡོངས་སུ་གང་བའི་གཙོ་བོ་གསང་སྔགས་སྔ་འགྱུར།


GLG008_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཡང་བཀའ་གཏེར་གཉིས་ལས། ཟབ་པ་གཏེར་མའི་སྐོར་གྱི་ཆོས་ཀྱི་རྣམ་གྲངས་ནི་བརྗོད་པའི་མཐའ་ག་ལ་ཞིག །གཏེར་སྟོན་གྱི་མཚན་ཙམ་སྨོས་ན། གཏེར་སྟོན་སངས་རྒྱས་བླ་མ། རྡོར་འབུམ་ཆོས་གྲགས། མ་གཅིག་ཀུན་དགའ་འབུམ། ཇོ་མོ་སྨན་མོ། མངའ་བདག་ཉང་། གུ་རུ་ཆོས་དབང་། གྲགས་པ་བཟང་པོ། རྒྱ་ཞང་ཁྲོམ། དགེ་བཤེས་དྲང་ཀུན་གྲགས། རྒྱ་ཕུར་བུ། ལྷ་རྗེ་གནུབས་ཆུང་། རྒྱ་སེང་གེ་དར། གཉགས་ལྷ་འབར། པདྨ་དབང་ཕྱུགཚེ་བརྟན་རྒྱལ་མཚན། སྙེ་མོ་རིག་གོང་པ། གྲུབ་ཐོབ་དངོས་གྲུབ། དགེ་བཤེས་དྲི་འཛིན། གྲུ་གུ་ཡང་དབང་། བྱང་ཆུབ་གླིང་པ། ཉི་ཟླ་སངས་རྒྱས། ཟླ་བན་གཟི་བརྗིད། ལྷོའི་བནྡེ། རོག་བན་འབྲོག་པོ། སར་སྟོན་ཕྱོགས་མེད། ལྡང་མ་ལྷུན་རྒྱལ། ལྕེ་སྟོན་ནག་པོ། ཞང་སྟོན་བཀྲ་ཤིས། མེ་ལོང་རྡོ་རྗེ། དུང་མཚོ་རལ་པ་གཡུ་སྒོམ་པ། རིག་འཛིན་རྒོད་ལྡེམ། བ་མཁལ་སྨུག་པོ། འཇམ་དབྱངས་བླ་མ། ཡེ་ཤེས་ཁྱུང་བྲག །སངས་རྒྱས་འབར། གཡུ་སྟོན་མགོན་རྒྱལ། ར་ཤག་གཏེར་སྟོན། ཟླ་བ་རྡོ་རྗེ། བཛྲ་མ་ཏི། ཁྱུང་པོ་ཐིག་གེ བལ་པོ་བྷ་རོ། །ཤུད་བུ་དཔལ་གྲགས། དཔལ་མར་མེ་མཛད། ལྷ་བཙུན་བྱང་ཆུབ་འོད། འབྲོམ་ཆོས་སྙིང་། འབྲོག་མི་ལོ་ཙཱ། གྲ་པ་དར་ཡེ། ལྷ་བཙུན་སྔོན་མོ། སུམ་པ་བྱང་ཆུབ་འོད། སེ་སྟོན་རིང་མོ། ཁ་ལ་མེ་འབར། རྒྱང་གྲགས་འོད་ཟེར། འོད་ཟེར་སྟོན་པ། མངའ་བདག་མོལ་མི་འཁྱིལ། དུ་གུ་རིན་སེང་། ཤཱཀྱ་འོད། གཙང་པ་རིང་མོ། སྤྲུལ་སྐུ་དམར་པོ། སུམ་པ། རྐྱང་པོ། འབྲེལ། བླ་མ་གྲུབ། ནག་པོ་མཁར། སྐྱེ་བན་རྡོ་རྗེ། བནྡེ་ཆུང་ངུ་། ཁྱུང་རྒོད། མི་ཉག་དབུ་མ། མགར་སྟོན་པ། ཨ་ཝ་དྷཱུ་ཏཱི། སྒོམ་ཆེན་འབྲུག་པ། གཉན་སྟོན་འཛམ་ལ། དོན་གྲུབ་སེང་


GLG008_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

གེ །པདྨ་གྲགས་པ། སྤྲུལ་སྐུ་ཚུལ་རྡོར། ཤོ་བན། ཟངས་རི་རལ་པ། དབང་ཕྱུག་ཤཱཀྱ། ཉི་འབུམ་ཁྲི། པྲ་དུམ་པ། ཉི་མ་ཤེས་རབ། གྲ་པ་མངོན་ཤེས། ར་མོ་ཤེས་སྨན། སུམ་སྟོན། བྲང་ཏི་ཁར་བུ། ཉང་ཤེས་རབ་གྲགས། གཙང་སྟོན་ཆོས་འབར། གུ་རུ་ཧཱུྃ་འབར་སྐལ་ལྡན་བྱིས་པ། གུ་རུ་ཇོ་རྩེ། ཉི་མ་སེང་གེ །གཉལ་སྟོན་ནག་པོ། ཤེས་རབ་མེ་འབར། ཁམས་པ་མེ་ཟོར། སྣ་ནམ་ཐུབ་རྒྱལ། ཨུ་རྒྱན་གླིང་པ། སངས་རྒྱས་གླིང་པ། རྡོ་རྗེ་གླིང་པ། ཀུན་སྐྱོང་གླིང་པ། རིན་ཆེན་གླིང་པ། རཏྣ་གླིང་པ། ཀརྨ་གླིང་པ། ལས་འཕྲོ་གླིང་པ། བསམ་གཏན་གླིང་པ། བསྟན་གཉིས་གླིང་པ། ཀློང་ཆེན་པ། དྲི་མེད་ལྷུན་པོ། དྲི་མེད་ཀུན་དགའ། མཆོག་ལྡན་མགོན་པོ། སྔགས་འཆང་ཤཱཀྱ་བཟང་པོ། མངའ་རིས་པཎ་ཆེན། མངའ་རིས་རིག་འཛིན། འབྲི་གུང་རིན་ཆེན་ཕུན་ཚོགས། འཕྲང་མགོ་ཤེས་རབ་འོད་ཟེར། ཡབ་གཏེར་སྟོན་མངྒའི་མཚན་ཅན་རྣམས་ཀྱིས་སྤྱན་དྲངས་པའི་གཏེར་ཆོས་ལས། ལ་ལའི་གཏེར་ཆོས་ཡོངས་རྫོགས་དང་། འགའ་ཞིག་གི་གཏེར་ཆོས་བྱེ་བྲག་ཅི་རིགས་གསན་ཅིང་། གསན་པ་ཀུན་ཀྱང་ཐོས་བློ་ཙམ་མིན་པར་བསམ་པ་དང་སྒོམ་པའི་སྒོ་ནས་ནན་ཏན་ཏུ་མཛད་པས། གཏེར་སྟོན་བི་ཤྭ་ཌཱ་ཀིས། ཁྱད་པར་པདྨའི་ཞལ་ལུང་བུང་བའི་ཚོགས། །གང་ཁྱོད་སྙན་གྱི་པད་འདབ་དྲིས་བོས་ཤིང་། ཁྱོད་ཐུགས་དགའ་བའི་ཚལ་ནས་སྙན་སྒྲོགས་དབྱངས། །སྐལ་བཟང་ཡོངས་ལ་བསྙད་དེར་གསོལ་བ་འདེབས། །ཞེས་སོ། །ཡར་ལུངས་ཤེལ་བྲག་སོགས་སྒྲུབ་པའི་གནས་ཆེན་མང་པོ་དང་། འཕྱོང་རྒྱས་ཡར་རྒྱབ་ནམ་མཁའ་མཛོད་སོགས་སུ་ཟླ་བ་ལྔ་དྲུག་སྦྲེེལ་བའི་བསྙེན་སྒྲུབ་ལན་མང་དུ་མཛད་པས། ཡི་དམ་ཆོས་སྐྱོང་དུ་མའི་ཞལ་གཟིགས་པ་དང་གསུང་གི་གནང་བ་དུ་


GLG008_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྩལ་ཞིང་། གང་གིས་ཀྱང་ཐུལ་བར་དཀའ་བའི་གདོན་གྱིས་བཏབ་པའི་རིགས་ལ་བྱིན་རླབས་མཛད་པ་ཙམ་གྱིས་རང་གྲོལ་དུ་འགྱུར། གསང་སྔགས་ཟབ་མོའི་དཀའ་གནད་འགྲོལ་བ་ལ་མཁྱེན་རབ་ཟབ་ཅིང་བརླིང་། ན་ཚོད་ཕྲ་མོའི་དུས་ནས་ཐུགས་རྗེ་ཆེན་པོའི་གཞན་དབང་གི་མཐུས་གདུལ་བྱ་རྣམས་མཚོ་ལ་ངང་པ་ལྟར་འདུ་བས། རིག་འཛིན་ཡོལ་མོ་བ་ཆེན་པོས། བརྩོན་པས་སྦྱངས་མིན་ཆོས་ཀུན་མ་འདྲེས་འབྱེད། །འབད་པས་བསྒྲུབས་མིན་རིག་སྔགས་ནུས་པས་གྲུབ། །རྙེད་པས་བསྡུས་མིན་མོས་བློས་ཀུན་འདུ་བའི། །ངོ་མཚར་དཔལ་ཀུན་འཛིན་དེར་གསོལ་བ་འདེབས། །ཞེས་སོ། །ཡབ་དབང་པོའི་སྡེས་གཏེར་ཁ་སྤྱན་དྲངས་ནས་རེ་ཞིག་ན། ཀ་ཐོག་པ་རྡོ་རྗེ་རྒྱལ་མཚན་སྣང་རྩེ་ཕྱོགས་ཀྱི་ཀུན་སློང་ངན་པའི་རིགས་ཅན་གྱི་སྐྱེ་བོས་རྒྱུད་བསྒྱུར་བ་བརྟེན། བྱང་པ་བདག་པོ་ཁྱེད་གཏེར་སྟོན་པར་གྲགས་པ་ཇི་ལྟ་བུ་སོགས་ཚོད་བགམ་པར། ཤོག་སེར་སྟོན་པར་གནང་བས་ཐེ་ཚོམ་ཞི་བ་ཡིན་པས། རང་གཏེར་དུ། དང་པོ་འདྲ་མིན་ཆོལ་བུར་སྤེལ༔ ཐེ་ཚོམ་བྱེད་པའི་འཁོར་ཚོགས་འདུལ། །ཞེས་པའི་སྐབས་ཏེ་དེ་ནས། རང་འདྲའི་སློབ་བུ་ཉི་ཤུ་གཅིག༔ གནས་ཆེན་དྲག་པོར་ཟབ་གཏེར་སྤེལ༔ དུས་རྟགས་མ་ནོར་གནད་བསྟེམས་པ༔ སྤྱི་ལུང་གསང་པའི་གལ་མདོར་ལྟོས༔ ཞེས་པ་ལྟར། ཆོས་བདག་ཉེར་གཅིག་ལས་གཙོ་བོ་ནི་གསང་སྒྲུབ་སྙིང་ཐིག་ནག་པོའི་སྐོར༔ ལོ་བཅུར་རང་མིན་ཀུན་ལ་སྦོས༔ སྤྱི་ལུང་བཞིན་དུ་རྟགས་བྱུང་ན༔ དྲག་པོའི་བུ་མཆོག་དཔྲལ་སྨེ་ཅན༔ དེ་སོགས་རྟགས་དང་སྦྱར་ལ་སྤེལ༔ ཞེས་བུ་མཆོག་དཔྲལ་བའི་སྨེ་བ་ཅན་ནི། རིག་འཛིན་ངག་གི་དབང་པོ་ཉིད་དུ་ངོས་


GLG008_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་སྟེ་གཏེར་གསར་གྱི་ཆོས་སྐོར་ཐམས་ཅད་རྫོགས་པར་གནང་ནས་ཆོས་བདག་ཏུ་མངའ་གསོལ། ཡབ་ཆོས་ཀྱི་རྒྱལ་པོའི་ཞབས་ཕྱི་མཛད་ནས། རྒྱ་ཧ་ཀ་ལིང་ཙེའི་བར་དུ་ཕེབས། མདོ་ཁམས་སྟོད་སྨད། རྒྱ་ནག་པོའི་ཡུལ་ལ་ཐུགས་པའི་སྐྱེ་རྒུ་ཐམས་ཅད་སྐུ་གསུང་ཐུག་ཀྱི་མཛད་པས་རེ་བ་བཀང་། རིག་འཛིན་ཡོངས་འདུས་ཀྱི་ཕྱི་སྒྲུབ་ཡོན་ཏན་གཏེར་མཛོད་ལས། ཁམས་ཡུལ་རྒྱ་ཡི་ཡུལ་དུ་གྲགས་པ་ནི། །ཞེས་པ་མངའ་རིས་པཎ་ཆེན་སྐུ་མཆེད་ཀྱིས་མདོ་སྨད་དུ་མ་ཕེབས་ཤིང་། དེ་ཕྱོགས་ནས་གྲགས་ཆེ་བའི་བུ་སློབ་ཀྱང་མི་མང་བས། མཆེད་གཉིས་ཀྱི་གཏེར་ཆོས་སོགས་ཀྱི་སྙན་གྲགས་འདི་དག་གི་སྐབས་རྒྱས་པར་མཛད་པ་ལ་དགོངས་སོ། །ཡབ་དང་ལྷན་ཅིག་པར་དབུས་སུ་ཕེབས་ནས། འཕྱོང་རྒྱས་དང་ཡར་རྒྱབ་སོགས་སུ་ཕལ་ཆེར་བཞུགས་ཤིང་འགྲོ་དོན་རྒྱ་ཆེ་བའི་ངང་ནས། ཆོས་རྒྱལ་མངྒའི་མཚན་ཅན་རེ་ཞིག་ཟངས་མདོག་དཔལ་རིར་ཨུ་རྒྱན་ཆེན་པོའི་ཞབས་དྲུང་དུ་གཤེགས་རྗེས། ཡབ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་དམ་པར་བཞུགས་ཏེ། རྣམ་པར་དཀར་བའི་འཕྲིན་ལས་རྒྱ་ཆེར་སྤེལ་བཞིན་བའི་ངང་ནས། རོང་ཆུང་དུ་སྔོན་ཚེ་ཨུ་རྒྱན་ཆེན་པོས་བདུད་རིགས་དམ་ལ་བཏགས་པའི་གནས། བྲག་ལྷང་ལྷང་མ་དང་། དེ་དང་ཐག་ཉེ་བའི་སྐད་ཐོས་ཀྱི་སར། རྗེ་གོང་མས་གནས་སྒོ་གསར་དུ་ཕྱེ་བའི་ཁམ་བུ་ལུང་གཉིས་མཇལ་བར་ཕེབས། ལྷང་ལྷང་མར་ཞབས་དྲུང་གོང་མས་གསར་དུ་བཏོན་པའི་སྒྲུབ་ཆུ་ཡོད་འདུག་ཀྱང་། ཁམ་བུ་ལུང་དུ་ཆུ་མེད་པས། དེར་གཏེར་སྟོན་པདྨ་གླིང་པའི་ཆོས་བརྒྱུད་འཛིན་མཁན་དབུ་མཛད་འོད་གྲགས་ཀྱིས་དགོན་པ་གསར་དུ་བཏབ་པར་ལྷང་ལྷང་མ་ནས་ཆུ་ལེན་དགོས་སོགས་ཆུ་ཐག་རིང་བའི་སྐབས་ལ། རིག་འཛིན་ཆེན་པོ་འདི་ཉིད་ཀྱིས། དེའི་ཉེ་འདབས་


GLG008_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བྲག་ལ་ཕྱག་སོར་གྱིས་རེག་པས་སྒྲུབ་ཆུ་རྡོལ་ཏེ། ད་ལྟའི་བར་དུ་ཡང་དེ་ཁ་ནས་ཆུ་ལེན་པ་ཡིན་འདུག །དེ་དང་མཚུངས་པར་ཡར་ལུངས་ཤེལ་བྲག་གི་ཕུག་པ་གོང་མ་ནས་ཀྱང་སྒྲུབ་ཆུ་འབྱིན་པར་མཛད་པས། རིག་འཛིན་སྟོབས་ལྡན་དཔའ་བོས་འགྲན་སེམས་ཆགས་སྡང་རིང་དུ་སྤངས་ནས་ཀྱང་། ཛྙཱན་ཀུ་མཱ་ར་ཡི་སྒྲུབ་མཚན་ལ། །ཡོངས་འགྲན་ཕྱག་སོར་རྩེ་མོས་བྲག་ཆེན་ལས། །བདུད་རྩིའི་རྒྱུན་མང་བྱུང་དེར་གསོལ་བ་འདེབས། །ཞེས་སོ། །སྨན་ཐང་གི་གྲོང་པ་ཞིག་ལ་འོན་དགོན་ཕུག །དཀར་མོ་བས་རྐུན་མ་བྱས་པ་རྩད་ཆོས་ནས་ཐོད་གསུངས་པ་ལ། ངོས་མི་ལེན་པར་མ་ཟད་སྐུ་ལ་སྡོ་བ་དང་སྨོད་པ་མང་དུ་བྱས་པར་ཆོས་བརྒྱད་ཀྱི་འགྱུ་དུས་ཀྱི་གཏོར་མ་འཕངས་པས། དགུན་དུས་ཡིན་ཡང་ཐོག་བབས་ནས་མི་ནོར་ཁང་ཁྱིམ་དང་བཅས་པ་གཏན་བརླག་ཏུ་སོང་། སྣེའུ་གདོང་རྩེ་དང་བྲག་ཁ་གཉིས་འགྲས་གཞི་ཆེན་པོ་བྱུང་བ་ལ། རྒྱལ་བཟང་གཞིས་ཀར་གདན་དྲངས། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་གཏོར་ཟློག་མཛད་པས་སྣེའུ་གདོང་རྩེར་རྡོ་ཆར་བབས། སྐབས་ཤིག་སྣེའུ་གདོང་རྩེ། ཡར་སྟོད། ཡར་རྒྱབ་རྣམས་ཀྱི་དམག་རྩེ་ཐང་དུ་སྒར་བརྒྱབ་ནས། འོན་དུ་དཔུང་འཇུག་པར་སྔོན་དུ་ཕྱོགས་པ་ན། སྨན་ཐང་ནས་དམག་ཟློག་མཛད་པས། དམག་རྣམས་དོན་མེད་དུ་འུར་ཞོགས་ཆེན་པོ་ཞིག་བྱུང་ནས་བྲོས། དེ་ལ་སོགས་པའི་ནུས་མཐུའི་མཚན་མ་མང་པོ་ལ་མངའ་བརྙེས་པས། གྲང་སོ་གཏེར་སྟོན་གྱིས། སློབ་དཔོན་སྨོད་བརྩོན་མ་རུངས་སྡིག་ཅན་འགར། །ཉིད་ཀྱི་མཐུ་ཡིས་བསིལ་ལྡན་མ་ཡི་དུས། །གནམ་ལྕགས་ལྕེ་ལྷུང་འབར་བའི་ཤུགས་ཆེན་པོས། །འཁོར་བཅས་མིང་མཐར་མཛད་ལ་གསོལ་བ་འདེབས། །ཞེས་སོ། །


GLG008_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་རྒྱལ་ཁམས་ཕྱོགས་མེད་དུ་གདུལ་བྱའི་དོན་ལ་དགོངས་ནས་མདོ་ཁམས་སུ་ཕེབས་ཁར། ཡར་ལུངས་བཀྲ་ཤིས་རྩེ་ཆོས་སྡེར་འ་ཞའི་རིགས་ལས་ཁྱབ་བདག་འཁོར་ལོའི་མགོན་པོ་དབང་ཕྱུག་རབ་བརྟན་གྱིས་གདན་དྲངས། དཔོན་སློབ་ཕན་ཚུན་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཏེ། ཕར་བྱང་གཏེར་གྱི་ཚེ་དབང་སོགས་ཆོས་བཀའ་དུ་མ་གནང་ཞིང་། ཚུར་རིག་འཛིན་སྐུ་མཆེད་ཀྱི་གཏེར་གསར་འགའ་ཞིག་གསན་པ་མཛད། ཧས་པོ་རིའི་རྩེ་ནས་སྐུ་རྟེན་ཞིག་གཏེར་ནས་སྤྱན་དྲངས། འབྲི་གུང་དུ་ཕེབས། ཞག་ཤས་བཞུགས་ཞབས་དྲུང་སྐུ་མཆེད་ཚོར་ཆོས་བཀའ་མང་དུ་འབུལ་བ་གནང་། ཐོག་མར་ཀོང་པོར་ཕེབས་གཏེར་ཁ་གསར་པ་གཞན་གྱི་ཁ་བྱང་ཀོང་པོ་སྔགས་འཆང་ཞིག་གི་ལག་ན་ཡོད་པ་ཕུལ་ཏེ། ཕྱག་ཏུ་འབྱོར་བ་དང་ཉི་མ་ཤར་བ་དུས་འགྲིག །ཁ་བྱང་གི་ཡི་གེ་གཟིགས་པས། མར་གད་ལས་གྲུབ་པའི་རྟ་འགྲིན་གྱི་སྐུ་ཞིག་ཡོད་འདུག་པས། དུས་ཕྱིས་རྒྱུ་མཚན་རིག་འཛིན་ཡུལ་མོ་བར་གསུངས་པར་སྣང་། ཀོང་པོ་གཉོས་ནས་ཀྱང་ཐུགས་རྗེ་ཆེན་པོའི་ཆོས་སྐོར་གྱི་ཆོས་གཏེར་ཞིག་གདན་དྲངས་པས། གྲང་སོ་གཏེར་སྟོན་གྱིས། སྣོད་མིན་འགྲོ་ངོར་རྒྱས་བཏབ་གསང་བའི་གཏེར། །རིམ་བདུན་ཕྱག་རྒྱས་བཅིངས་རྣམས་གསལ་བྱེད་པའི། །ལྡེ་མིག་རང་བྱུང་སྤྲུལ་པའི་སྐུ་ཉིད་ཀྱིས། །ལེགས་སྩལ་གེགས་མེད་ལོན་དེར་གསོལ་བ་འདེབས། །ཞེས་སོ། །དེའི་ཚེ་འབྲུག་ལུགས་ཀྱི་ཆོས་རྗེ་དུང་དཀར་སྐུ་སྐྱེ་མིང་གཞན་མི་ཕམ་བློ་གྲོས་ཞེས་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཀློང་དུ་གྱུར་པ་དེ་ལ། རྨི་ལམ་དུ་ཨུ་རྒྱན་རིན་པོ་ཆེ་ཕེབས་ནས་ངའི་བུ་ཅིག་འདིར་སླེབ་ཡོད་པས་དེ་ལ་མཆོད་པ་ཕུལ། འཕྲིན་ལས་སྤེལ་བའི་གྲོགས་གྱིས་གསུང་བའི་སྣང་བ་བྱུང་བས། ཁོང་པ་ཡིད་ཆེས་


GLG008_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངེས་པ་རྙེད་དེ་ཞལ་ཟས་ཁྲུ་དོ་ཙམ་བརྒྱ་རྩ། མར་མེ་བརྒྱ་རྩ་སོགས་མཆོད་པ་མང་པོ་སྐུ་ལ་དངོས་སུ་བསྐོར་ནས་ཕུལ་བས། རིག་འཛིན་ཡོལ་མོ་བ་ཆེན་པོས། མགོན་དེས་རྗེས་བཟུང་མི་ཕམ་བློ་གྲོས་ལ། པདྨས་ལུང་བསྟན་གང་གི་སྤྲུལ་པའི་སྐུར༔ ངེས་ནས་ཀུན་བཟང་མཆོད་སྤྲིན་ལྟ་བུ་ཡི། །མཆོད་སྤྲིན་རྒྱ་མཚོས་མཆོད་ལ་གསོལ་བ་འདེབས། །ཞེས་སོ། །རིག་འཛིན་ཡོངས་འདུས་ཀྱི་སྤྱི་ལུང་དུ༔ དབུས་མཐའ་ཀུན་ལ་ཧོར་དམག་ཟ་ཁ་ཟུག༔ འགྲོ་རྣམས་ཉམ་ཐག་ཆོ་ངེས་འདེབས་པར་འགྱུར༔ མཆིམས་ཀྱི་གད་སྐྱའི་གཙུག་ལག་ཡང་ཡང་གསོ༔ བླ་མ་ཞི་དྲག་སྒྲུབ་བཙུགས་ས་དགྲ་མནན༔ ཀོང་ཡུལ་ཀུན་ལ་མ་ཎིའི་ཐུན་ཁ་འཛུགས༔ དབུས་རི་ནག་པོར་སྡེ་བརྒྱད་དམ་བདར་བྱ༔ རྒྱ་ལའི་རྦ་ལ་བསྟན་དགྲའི་ཁྲམ་ཁ་གཏད༔ བུ་ཆུའི་གནས་སུ་རིམ་གྲོ་མང་དུ་བྱ༔ བྱང་གོང་དོ་ལར་བླ་མའི་སྒྲུབ་པ་འཛུགས༔ རིམ་གྲོ་རྒྱས་པ་བྱ་ཐབས་ཞིབ་རྒྱས་སུ༔ མཆིམས་ཀྱི་གང་སྐྱའི་ལྷ་ཁང་སྒོ་ལ་ཡོད༔ ཅེས་པའི་དོན་ལ་དགོངས་ནས། ཨུ་རྒྱན་རིན་པོ་ཆེའི་ལུང་བསྟན་ཡོད་པས་ངའི་གྲོགས་མཛོད་ལ་མ་ཎིའི་དགེ་སྐུལ་གྱིས། ཞེས་ཆོས་རྗེ་དུང་དཀར་སྐུ་སྐྱེ་ལ་གསུངས་པར་བརྟེན། ཁོང་པས་རིག་འཛིན་ཆེན་པོ་འདི་ཉིད་ཀྱི་ཞབས་ཏོག་བསྒྲུབས་ཏེ་ཀོང་ཡུལ་དུ་མ་ཎི་དུང་འཕྱུར་བཅོ་བརྒྱད་ཙམ་བཙུགས། དབུས་རི་ནག་པོའི་མཇུག་གི་སྣའི་སྟེང་དུ་ཕེབས། ལུང་པོ་བྱང་ཆུབ་གླིང་པའི་གཏེར་མའི་བཀའ་ནན་རབ་བརྗིད་ཀྱི་ཕྱག་ལེན་ལ་བརྟེན་ནས། ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས། དེའི་ཚེ་ཞིང་སྐྱོང་གི་སྐུ་ཁོག་བླ་མ་དབང་པོ་ཟེར་བའི་མིག་མཐོང་གསལ་པ་ཞིག་གིས་བལྟས་པས། ལྷ་འདྲེ་གཟུགས་དབྱིབས་མགོ་བརྙན་སྣ་ཚོགས་པ་ས་གཞིར་མི་ཤོང་བ་ཙམ་


GLG008_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་མཐོང་ནས། དེར་འཁོད་པ་རྣམས་ལ། དམ་བདར་མ་ཚར་པར་རྒྱུ་འགྲུལ་མ་བྱེད། ཐོ་རེང་ཁ་རླངས་ཀྱི་དུག་ཕོག་ཉེན་ཆེ་ཟེར་བས། མི་རྣམས་འཇིགས་སྐྲག་གིས་བློ་ཚབ་ཚུབ་ཏུ་གྱུར། བླ་མ་དཔའ་བོས་མཐོང་བ་ལྟར་རྗེ་ཉིད་ཀྱིས་ཀྱང་གཟིགས། གཞན་ཡང་མནན་སྲེག་འཕང་གསུམ། ས་གནད་གསོ་བ་སོགས་ཀྱི་སྒོ་ནས་བོད་དང་བོད་ཆེན་པོའི་རྒྱལ་ཁམས་ཀྱི་བདེ་ཐབས་མང་དུ་གནང་། སྤྲུལ་སྐུ་སངས་རྒྱས་གླིང་པའི་གདུང་བརྒྱུད་སྙི་ཕུ་རིག་འཛིན། གཏེར་བདག་སློབ་བརྒྱུད་སྔགས་འཆང་བྱ་ཁྱུང་པ། རྩེ་ལེ་བ་སོགས་སྔ་འགྱུར་གྱི་བསྟན་འཛིན་རྣམས་གཙོ་བོར་གྱུར་བའི་སྐྱ་སེར་གྲངས་མེད་པས་གུས་པས་བཏུད། ཆོས་ཀྱི་སྦྱིན་པ་རྒྱ་ཆེར་སྩལ། བྲག་གསུམ་མཚོ་ཁར་ཕེབས་དུས་གཞི་བདག་ཀླུ་བཙན་གྱིས་མཆོད་པའི་ཕྱིར་དུ་མཚོའི་ཁ་དོག་འོ་མའི་མདངས་ལྟར་བསྒྱུར་བས། སྔར་དད་པ་མི་བྱེད་པའི་མི་རྣམས་ཀྱང་དད་མོས་ཀྱི་འུར་ལངས་སྙན་གྲགས་ཇེ་ཆེར་སོང་། འཇིག་རྟེན་གྱི་འབྱོར་བ་ཡང་དཀར་འབྲུག་སྤྲུལ་སྐུར་འགྲན་བཟོད་པར་གྱུར་པས། རིག་འཛིན་ཡོལ་མོ་བས། ཀོང་ཡུལ་ནགས་པའི་ལྗོངས་དབུ་མཚོ་རྫོང་དུ། །གདེངས་ཅན་བཙུན་མོས་མཚོ་ཉིད་འོ་མར་བསྒྱུར། །གསེར་གྱི་པདྨོ་ཚར་དུ་དངར་འདྲ་བའི། །རིན་ཆེན་སྒྲོན་མས་མཆོད་དེར་གསོལ་བ་འདེབས༔ ཞེས་དང་། བདུད་རི་ནག་པོར་སྡེ་བརྒྱད་དམ་བདར་ཆེ། །བོད་ཡུལ་ལྷ་སྲིན་ཡོངས་འདུས་བཀའ་ཉན་པར། ཁས་བླངས་ཕྱག་རྒྱ་གཉན་པོས་ཟིལ་གྱིས་མནན། །པདྨ་ཐོད་འཕྲེང་གཉིས་པར་གསོལ་བ་འདེབས། །ཞེས་སོ། །སྔར་དཔལ་བཀྲ་ཤིས་སྟོབས་རྒྱལ་ཀོང་པོ་ཕྱོགས་སུ་ཕེབས་དུས། །ཕན་སྡེ་དགོན་པ་དང་རོང་ཆུ་མདོ་བ་སོགས་ཀར་གེའི་སྡེ་དགོན་མང་པོས། ཕེབས་ལམ་བཀག་ཅིང་རྡོ་ཆོམས་བཏང་བ་སོགས་ཐུགས་སུན་ཆེ་བར་


GLG008_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་ལ། རྗེས་སུ་ལས་འབྲས་ཀྱི་ངང་ཚུལ་ལ་བསམས་ཏེ་འགྱོད་པ་དང་བསྟན་སྲུང་གི་ཆོ་འཕྲུལ་ལ་རྣམ་རྟོག་སྣ་ཚོགས་འཆར་བ་སོགས་སྒོ་དུ་མའི་རྒྱུས། རིག་འཛིན་ཆེན་པོ་འདི་ཉིད་ལ་དགྲ་ཤུལ་དར་འཇམ་དུ་སོང་སྟེ་དགོན་སྡེ་དེ་དག་གིས་སེར་འཕྲེང་གི་བསུ་བས་སྔུན་བསུས་ཤིང་བསྙེན་བཀུར་དང་ཕུ་དུད་རྒྱ་ཆེར་བསྟབས། འབྲུ་ལ་དགོན་དུ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་གསེར་སྐུ་ཐོག་ཚད་མ་ཞིག་བཞེངས་པར། གཟུངས་བཞུགས་འབུལ་མཁན་གྱིས་གྲུལ་མ་བཏུབ་པའི་གཟུངས་རྣམས་འཁྲུགས་པ་དང་དབུ་ཞབས་ལོག་སྟེ་ཡོད་པ་ལྐོག་ཏུ་གྱུར་པ་ལ་བརྟེན། དེ་ནས་རིང་པོར་མ་ལོན་པར་དགོན་པར་མེ་ཐེངས་གསུམ་ཤོར་བ་སོགས་མི་ཤིས་པ་སྣ་ཚོགས་བྱུང་བར་ཀུན་ཡིད་གཉིས་སུ་གྱུར་བ་ན། རིག་འཛིན་འདི་ཉིད་དགོན་པར་གདན་དྲངས་ཏེ་གནས་ཚུལ་རྣམས་ཞུས་པས། གཟུངས་བཞུགས་རྣམས་འདི་ལྟར་འདུག་པ་སླར་ཐོན་ལ་ཕུལ་གསུངས་པ་ལྟར་འཕྲལ་དུ་བལྟས་པས་ཇི་ལྟ་བ་བཞིན་དུ་བྱུང་སྟེ་མཐའ་དག་ཕྱོགས་འཛིན་གྱི་མདུད་པ་གྲོལ་ནས་དད་མོས་ཇེ་ཆེར་འཕེལ། བྱང་པ་བདག་པོ་ལ་མངོན་མཁྱེན་ཐོགས་པ་མི་འདུག་གོ་ཞེས་སྙན་གྲགས་ཀྱི་འུར་ལངས། ཞོ་ཁའི་མདའ་ན་སྐམ་པོ་དིང་ཐང་ཟེར་བའི་ཆར་ཆུ་ཆེས་དཀོན་པ་ཞིག་ཡོད་འདུག་པར་ཡུལ་མི་རྣམས་ཀྱིས་གསོལ་བ་བཏབ་པས། གྲོང་དང་ཝང་པའི་བར་དེར་མཆོད་ཡོན་ཐམས་ཅད་བསྒྲིལ་ནས་ཉིན་གཅིག་ལ་མཆོད་རྟེན་ཐོག་ཚད་ཕྱེད་གཉིས་ཙམ་ཞིག་བརྩིགས། ནང་དུ་གཟུངས་བཞུགས་དང་བྱིན་རླབས་ཀྱི་རྟེན་འབྲེལ་མང་པོ་མཛད། མིང་ལ་བསམས་འགྲུབ་འབུམ་པར་བཏགས། ཡུལ་པ་རྣམས་ཀྱི་ཚོགས་བརྒྱ་ཞུས་པའི་ཚེ། ད་


GLG008_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཆད་ཡུལ་འདིར་ལོ་ཉེས་ནད་ཡམས་འཁྲུག་ལོང་ཅི་བྱུང་ཡང་མཆོད་རྟེན་འདི་ལ་ཚོགས་བརྒྱ། ཕྱག་མཆོད་སྨོན་ལམ་ཐོབ། བསམས་པ་བཞིན་དུ་འགྲུབ་ཅེས་གསུངས་པ་ད་ལྟའི་བར་དུ་སླུ་མེད་ཀྱི་རྒྱུ་ལས་འབྲས་བུ་འབྱུང་བར་ཡོད་འདུག་པ་ནི། སྐུ་གསུང་ཐུགས་ཀྱི་གདུལ་བྱ་ལས། རོང་སྒོ་ས་སྒོ་ཐམས་ཅད་དུ༔ བྱང་ཆུབ་ཆེན་པོའི་མཆོད་རྟེན་བཞེངས༔ ཞེས་དང་། དེ་སྟེང་མཆོད་རྟེན་བཞེང་བར་བྱ༔ བུམ་པར་གཟུངས་སྔགས་བཞུགས་པ་ནི༔ གུ་རུའི་ཐུགས་ཀྱི་སྙིང་པོའི་མཐར༔ སྨོན་ལམ་རྣམ་དག་རྒྱ་ཆེན་བཞུགས༔ རཏྣའི་གཟུངས་རྣམས་རྒྱས་པར་བཞུགས༔ རབ་གནས་མངའ་གསོལ་བཀྲ་ཤིས་བྱ༔ དེ་ལྟར་བྱས་ན་བོད་ཁམས་བདེ༔ ཡུལ་ཕྱོགས་བཀྲ་ཤིས་བདེ་སྐྱིད་འབྱུང༔ ཞེས་པའི་དོན་ཐོག་ཏུ་བབས་པའོ། །ཀོང་པོ་མཐིལ་དུ་ཕེབས་དུས་སྤྱིར་ཀར་ལུགས་འདི་སྡེ་དཔོན་དཔོན་སྐྱ་མང་པོས་ལང་དུ་བཏང་བའི་རང་མཐོང་ཆེ་ཞིང་། ཁྱད་པར་རྩེ་ལྷ་སྒང་པ་རྣམས་ཀར་སྲིད་ཀྱི་ཁྲོད་ནས་མངའ་ཐང་རྒྱས་པའི་ང་རྒྱལ་ཆེ་བའི་སྒང་ལ་ཡོད་པར་སྣང་བས། ངེད་ཀྱི་མངའ་ཞབས་སུ་ཁྱེད་དཔོན་སློབ་དཀྱིལ་གདུགས་འབུབས་པ་དང་རྦ་རྒྱུག་འཁྱེར་ས་མི་ཡོང་ཞེས་གླུ་མ་བླངས་པ་ནས་གྲེ་བ་འཛེར་བ་ལ། ཀརྨ་པ་ཤིའི་དབོན་རྒྱུད་རྩེ་ལྷ་སྒང་གི་དྲུང་ཟེར་བ་རྗེ་ཀརྨ་པ་མ་གཏོགས་གཞན་ལ་ཕྱག་མི་འཚལ་བ་ཞིག་ཡོད་འདུག་པ་དེ། རིག་འཛིན་ཆེན་པོ་འདི་ལ་མོས་པ་ཐོབ་སྟེ། རྩེ་ལྷ་སྒང་དུ་གདན་དྲངས་ནས་ཆོས་འབྲེལ་ཞུས་པས་མི་བསྲུན་སྒྱུ་འཕྲུལ་དྲ་བའི་སྣང་ཚུལ་དེ་དག་རང་ཞིར་སོང་། རིམ་བཞིན་ཁམས་ཕྱོགས་སུ་ཕེབས། ཁམས་སྤོ་བོའི་ཡུལ་སྟོད་སྨད་འཁྲུགས་པའི་མི་གསོད་སོགས་སྡིག་རྒྱུན་ཆེན་པོ་བྱུང་བ་ལ་བཟླུམས་


GLG008_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པར་གྲོང་ཚོ་གཅིག་གིས་མ་ཉན་པས་ཐོག་བབས་ཏེ་མི་ནོར་མང་པོ་ཆུད་ཟོས། དེ་ལ་འཇིགས་ནས་ཐམས་ཅད་ཀྱིས་ཟླ་བ་བདུན་གྱི་བར་ཆིངས་བྱེད་པར་ཁས་བླངས། ཟླ་བ་བདུན་སོང་བའི་འཚམས་ལ་ཡུལ་སྟོད་པས་ཡུལ་སྨད་པ་ལ་དམག་དྲངས་པས། ཡུལ་སྨད་པའི་དཔོན་གྱིས་ཁང་ཐོག་ནས། ངེད་ཚོས་བླ་མ་བྱང་པ་ཆོས་རྗེའི་གསུང་མ་བཅག །ཁྱོད་རང་ཚོ་ཡང་དེ་འདྲ་མི་དགའ། ཡར་ལོག་ཟེར་བ་སོགས་བྱས་པ་ལ་མ་ཉན་པར་འཛངས་པས་ཡུལ་སྟོད་པའི་དམག་དཔོན་གྱི་དཔྲལ་བ་ལ་མདའ་ཐེབས་ནས་ཤི་བས་རྣམ་རྟོག་ཟོས་ཏེ་ལོ་གྲངས་མང་པོའི་བར་དུ་དུས་འཁྲུག་རང་ཞིར་སོང་། གནམ་པའི་དཔོན་གསང་སྔགས་སོགས་ཕྱོགས་དེའི་སྡེ་དགོན་རྣམས་ཀྱིས་གདན་དྲངས། དེའི་ཉིན་ངོ་མཚར་བའི་ལྟས་སྣ་ཚོགས་བྱུང་། ཡུལ་ལུགས་དང་བསྟུན་པའི་འབུལ་བ་ཞབས་ཏོག་རྒྱ་ཆེར་བྱས། ཆོས་དང་ཟང་ཟིང་གི་སྒོ་ནས་ཚིམ་པར་མཛད། བྷ་ག་དགོན་པར་ཕེབས་དུས། ཤུ་ཝ་ཟམ་སོ་ཟེར་བའི་རིའི་རྩེ་བར་སྒར་མཛད་པ་ལ། ས་གཡོས་ཆེན་པོ་ཞིག་དང་ལྷན་དུ་རྦབ་རྡོ་ཆེ་བ་ཁང་པ་ཙམ་དང་ཆུང་བའི་རྦབ་ཕྲན་མང་པོ་གཟིམས་གུར་གྱི་ཐད་དུ་འདྲིལ་བྱུང་བ་ལ་སྡིགས་མཛུབ་མཛད་པས་གཡས་གཡོན་དུ་བྱོལ་བ་ལྟ་བུར་བྱས་ཏེ་སོང་བ་ཕྱོགས་རེའི་སྐྱེ་བོ་མང་པོས་མཐོང་བས། བྱང་པ་བདག་པོས་རི་གཟར་གྱི་རྦབ་ཀྱང་ཟློག་ནུས་པ་ཞེས་སློབ་དཔོན་སངས་རྒྱས་གཉིས་པ་དང་མཚུངས་པ་ལྟ་བུའི་དད་པ་དང་འཕྲིན་ལས་སྙན་གྲགས་ཐམས་ཅད་དབྱར་མཚོ་ལྟར་འཕེལ་ལོ། །སློབ་ཆུ་མདོ་བའི་གྲོས་པ་འགའ་ཞིག་གིས་ལམ་དགག་པ་སོགས་གྲོས་ངན་བཤམས་པ་ན། གྲྭ་པ་རྒན་པ་མང་པོས། སྔར་


GLG008_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་འདིའི་ཡབ་བྱོན་དུས་ཐུགས་འགལ་མང་པོ་བྱས་པས་ཆོ་འཕྲུལ་ཆེན་པོ་བྱུང་། བླ་མ་འདི་པ་ཁ་སང་ཀ་ནམ་དུ་བྱོན་དུས་སྒྲ་དང་ས་གཡོས་སོགས་ལྟས་ཡ་མཚན་ཅན་བྱུང་སྐད་འདུག །གནོད་པ་བྱས་པ་མི་དགའ། བདེ་བར་ཕེབས་ཆུག་ཅེས་གྲོས་བཏོན་པས། རྩོད་པ་ཆོས་ཕྱོགས་སུ་ཞི། སྤོ་བོ་ནས་ལ་རྒྱབ་འོ་འདུ་སྒང་དུ་ཕེབས། དེ་མོ་སྤྲུལ་སྐུ་ལྷ་དབང་ཆོས་ཀྱི་རྒྱལ་མཚན་གྱིས་མཇལ་ཞིང་། འཇིགས་བྱེད་ཐུབ་པ་ནག་པོ་སོགས་ཆོས་འབྲེལ་མང་དུ་གསན། རིམ་གྱིས་ཁམས་རི་བོ་ཆེ་ནས་སྒོམ་སྡེ་ནང་ཆེན་པའི་ཐོག་ཏུ་ཕེབས། ཉི་ཟླ་སྐར་གསུམ་དུས་གཅིག་ལ་ཤར། ནམ་མཁའ་འཇའ་སྤྲིན་ཁ་དོག་ལྔ་ལྡན་གྱིས་ཁྱབ་པས། སྔར་ཁོང་ཚོ་ཀར་ལུགས་ཁོ་ནར་དད་ཀྱང་འདི་ནས་བཟུང་གསང་སྔགས་རྙིང་མ་ལ་འགྱུར་བ་ལྟ་བུའི་སྦྱིན་བདག་གི་མཐིལ་དུ་སོང་། ལུང་པ་དེའི་སྤྱི་སྟོད་ཟེར་བའི་ཡུལ་གྲོང་ཆེན་པོའི་ཞིང་རྣམས་བཙའ་དང་འབུས་ཟོས་ནས་མུ་གེ་ཆེན་པོས་སྟོངས་པ་ལ་ཐུག་པ་ན། དེ་ལ་ཕན་པའི་བྱིན་རླབས་ཞུས་པས་རིན་ཆེན་ཁང་བུའི་མན་ངག་གི་སྒོ་ནས་ཡུལ་དེའི་མི་རྣམས་དབུལ་བའི་སྡུག་བསྔལ་ལས་ཐར་བར་མཛད། དེའི་ལོ་ལས་ལོ་ལེགས་པ་དང་སྐྱ་རྒྱལ་བ་མ་བྱུང་ཞེས་གླེང་། དེ་ནས་སྤྱི་སྨད་ཀྱི་གཡི་གུ་བྲག་ཞབས་ཟེར་བའི་ཞིང་ཐོག་ཏུ་སྒར་ཕབ། བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་སྒྲུབ་ཆེན་བཙུགས་ཏེ་དད་འདུས་ཀྱི་སྐྱེ་རྒུ་མཐའ་དག་ཐེག་པ་མཆོག་གི་ལམ་ལ་བཀོད། དབང་ཡོན་གྱི་ནས་ཕུང་ཤིན་ཏུ་ཆེ་བར་བླ་མ་སྒར་པ་གཞན་ལ་འདི་འདྲས་མ་བྱུང་ཞེས་ཀུན་ཧ་ལས་པ་ལྟར་བྱེད། དེ་ནས་ཕྱམ་ལ་ཁ་ཟེར་བའི་སྡེ་སྟོད་སྨད་བར་གསུམ་གྱི་སྐྱེ་བོ་རྣམས་གཅིག་ཏུ་ཚོགས་ཏེ་གསོལ་བ་བཏབ་པས་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ལ་


GLG008_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་སྨིན་ཅིང་གྲོལ་བར་མཛད། རིམ་གྱིས་བི་རི་སྟོད་པ་དགེ་རྒྱས་ཀྱི་སྡེ་ཐོག་ཏུ་གདན་དྲངས། མར་མེ་གདོང་ལམ་ཟེར་བའི་སར་དཔོན་གྱིས་བསུ་བ་ལ་འོངས་པས་ངོ་མཚར་བའི་ལྟས་མཐོང་བས་རྐྱེན་བྱས་ཏེ་དད་པ་ཆེས་ཆེར་འཕེལ། རྟ་ནོར་ཕྱུགས་ལུགས་སོགས་འབུལ་བ་དང་ཞབས་ཏོག་མང་དུ་བྱས། བར་ཆད་སེལ་བ་དང་མངོན་མཐོ་ངེས་ལེགས་ཀྱི་ཐབས་སུ་འགྱུར་བའི་དམ་པའི་ཆོས་ཀྱིས་འགྲོ་དོན་མང་དུ་མཛད། དེའི་ཚེ་སོག་པོ་ཐུ་མེད་ཀྱི་དམག་ཅིག་དགེ་རྒྱས་ཀྱི་སྟེང་དུ་འོངས་པས་སྡེ་རྣམས་འུར་ཞིང་འབྲོས་པར་བརྩམས་པ་ན། རིག་འཛིན་པདྨ་གླིང་པའི་གུ་ལང་གི་སྒོ་ནས་ཟློག་པ་མཛད་པས་སོག་པོའི་དམག་དཔོན་དེའི་བུ་རྟས་བརྡབས་ནས་ཤི་ཟེར་བའི་གཏམ་ལ་བརྟེན་ཕྱིར་ལོག་པས་མཐུ་སྟོབས་ཀྱི་སྙན་པས་ཕྱོགས་ཀུན་ཏུ་ཁྱབ། སྒོམ་སྡེ་ནང་ཆེན་པ་དང་འབྲོང་པ་གཉིས་འཁྲུག་རྩོད་ཆེན་པོ་བྱུང་བ་ལ་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའི་སྒོ་ནས་ཞལ་ཏ་མཛད་པས་མ་རུངས་པའི་ཞེ་སྡང་གི་དུག་ཐམས་ཅད་རང་སར་ཞི་ནས་ཕན་ཚུན་ཐམས་ཅད་མཉེན་བཤིན་པར་གྱུར། འབྲོང་པ་རྡོ་རྗེའི་བུ་ཨ་རིག །པདྨ་དབང་དྲག །བླ་མ་མགོན་ཏེ་སྤུན་གསུམ་ཡོད་པ་ལས། ཆུང་བ་བླ་མ་མགོན་ནད་དྲག་པོ་ཞིག་གིས་བཏབ་སྟེ་གློ་བུར་དུ་ཤི་བས་ཁྲུས་ཆོག་དབང་བསྐུར་ལ་གདན་དྲངས། དེར་ཕེབས་ཏེ་རྣམ་ཤེས་བཀུག་ནས་གནས་སྦྱོང་དང་དབང་བསྐུར་མཛད་པས་མིག་རིག་རིག་ལྟ་ཞིང་དབུགས་རྒྱུ་བ་དང་ལུས་མགུལ་བས། དེར་འཁོད་རྣམས་རོ་ལངས་སུ་དོགས་ཏེ་འཇིགས་པ་ན་སྐྱོན་མེད་གསུངས་ཏེ་བྱིན་རླབས་མཛད་པས་གཏམ་ཡང་སྨྲ་ཤེས་པར་གྱུར།


GLG008_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དབང་དང་གུ་རུ་དྲག་པོའི་དབང་སོགས་གནང་བས་སྐྱོན་མེད་དུ་སོས། གཉེན་བཤེས་མངའ་འབངས་མཐའ་དག་མི་ཕྱེད་པའི་དད་པ་ཐོབ། སློབ་དཔོན་ཆེན་པོས་གསོལ་འདེབས་བསམས་པ་ལྷུན་གྲུབ་མར་ཞལ་གྱིས་བཞེས་པའི་བཀའ་མི་འགྱུར་པའི་བདེན་པ་དངོས་སུ་བསྟན། དཔོན་བླ་མ་མགོན་གྱིས་ཚེ་རིང་ཐུང་སོགས་ཀྱི་ལུང་བསྟན་ཞུས་པས། དམག་ཇག་རི་དྭགས་སོགས་སེམས་ཅན་གྱི་སྲོག་ལ་མི་འཚེ་བའི་དམ་བཅའ་བྱེད་ན་ལོ་གསུམ་གྱི་ཁག་ཐེག་གསུངས་པས་དམ་བཅའ་ཕུལ། དེ་ནས་སླར་ཡང་བི་རི་སྟོད་པའི་ཐོག་ཏུ་ཕེབས་སྐབས། འབྲོང་པ་སྟོད་པ་ཚོ་གསུམ་ལ། བི་རི་དགེ་རྒྱས་དང་འབྲོང་པ་གཉིས་ཀའི་དམག་ཆའི་བར་བརྩམས་པ་ན། རིག་འཛིན་ཆེན་པོས་འབྲོང་པ་སྟོད་པ་ལ་ནི་མི་ཐེབས། ཚུར་ལམ་དགོན་པ་ཞིག་དང་ཐུག་ཉེན་ཡོད་སོགས་རྒྱས་པར་གསུངས་ཀྱང་མ་ཉན་པར་ཕྱིན་པས། འབྲོང་པ་སྟོད་པ་རྣམས་ཚ་བ་རོང་ལ་བྲོས་ནས་དམག་ཇག་མ་ཐེབས། ཚུར་ལམ་སྤུ་ནེ་དགོན་ཟེར་བའི་དགེ་ལུགས་ཀྱི་དགོན་རེ་ཆེ་ཞིག་གི་མདུན་དུ་དམག་མི་སྔོན་མ་རྣམས་ཀྱིས་སླེབ། བཟན་ཤིང་དང་ཆས་ཀ་དགོས་ཞེས་དགོན་པ་ལ་ཨར་ཤེད་བྱས་པས། གྲྭ་པ་རྣམས་ཀྱིས་མ་ཁུར་བར་བརྟེན་དགོན་པ་ལ་དམག་བརྒྱབ་ནས་སྐུ་གསུང་ཐུགས་རྟེན་དང་རབ་བྱུང་གི་རྟགས་ཆ་ལུགས་མང་པོ་ནོམ་པ་ལ་ཐོབ། དེ་ཐོག་དུ་དགེ་རྒྱས་ཀྱི་དཔོན་སློབ་པས་འགྱོད་པ་ཆེན་པོ་སྐྱེས་ནས་དམག་མི་རྣམས་ལ་ཆད་པ་བཅད༔ རྗེས་སུ་ཡང་བྱང་པ་རིག་འཛིན་འདི་མངོན་ཤེས་ཐོགས་པ་མེད་ཅེས་མོས་པ་ཇེ་ཆེར་སོང་། དེ་ནས་ཟུར་མང་གི་སྟོད་ཇོ་གོ་ཇེ་ནང་དུ་ཕེབས། དཔའ་བོ་དུར་ཁྲོད་ཀྱི་བདག་པོའི་


GLG008_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

བཀང་བ་མཛད་པས་རླུང་ཡེ་མེད་པ་ལ་ཚོགས་གུར་རླུང་ཆེན་པོས་བསྐྱོད་པ་ལྟར་འགུལ་བའི་ཚེ། རྔ་ཆིངས་དང་བསྟུན་དུར་ཁྲོད་བདག་པོ་ཡབ་ཡུམ་གར་མཛད་པ་མངོན་སུམ་དུ་གཟིགས། ཟུར་མང་ནས་རྒྱམ་ཤིས་ཟེར་བའི་ལ་བརྒྱུད་ནས་འདམ་ལྡོག་ཕྱོགས་སུ་ཕེབས་རྩིས་ལ། དེ་གོང་དུ་ཁ་བ་ཉིན་ཞག་བཅུ་དགུའི་བར་བབས་པས་ཉིན་ལམ་གསུམ་གྱི་ས་ཐམས་ཅད་གངས་ཀྱིས་ཁྱབ་སྟེ་མི་འགྲུལ་ཆད་ནས་ཞག་མང་སོང་བར་བརྟེན་ལམ་མ་རྙེད་པར་དཀའ་བར་གྱུར་པ་ན་རྗེ་ཉིད་ཀྱིས་ལམ་སྣ་མཛད་དེ་ཁ་བ་བཤགས་པ་ན་གངས་འུར་ཤིན་ཏུ་ཆེ་བ་མི་རྣམས་ཀྱི་སྟེང་དུ་བྱུང་བ་ལ་གཟིགས་སྟངས་དང་སྡིགས་མཛུབ་མཛད་པས་གཡས་གཡོན་དུ་བྱེར་ཏེ་གནོད་པ་ཡེ་མ་བྱུང་། ལ་ཁའི་བར་དུ་ཕེབས་ཀྱང་ལམ་རྙིང་པ་མ་རྙེད་པས་ཕྱིར་ལོག་རྩིས་མཛད་པ་ན་གཡས་རིའི་ལོགས་ནས་རི་དྭགས་དགོ་བ་ཅིག་འོངས་ཏེ་སྒར་པ་རྣམས་ཀྱི་མདུན་ཐད་ནས་ཐུར་དུ་ཕར་སྐྱོག་ཚུར་སྐྱོག་བྱེད་ཀྱིན་བབས་སོང་བ་ལ། འདི་གཞི་བདག་གི་ཆོ་འཕྲུལ་དུ་འདུག་པས་དེའི་རྗེས་སུ་ཁལ་མ་སོགས་ཐོང་གསུང་ཕེབས་པ་ན་དཀའ་ཚེགས་ལ་མ་ལྟོས་པར་བདེ་བར་བྱོན། གཡག་འདམ་ཐོག་ཏུ་ས་སྐྱ་བདག་ཆེན་ཀུན་དགའ་བློ་གྲོས་མཇལ་བར་ཕེབས་པས་སུམ་གདན་སྙེ་འབོལ་བཞེང་བ་སོགས་བཀུར་ཟོས་ཆེ་བར་མཛད། བདག་ཆེན་གྱི་སྐུ་རིམ་ལ་ཁྲོ་བོ་རོལ་པའི་གཏོར་ཟློག་སོགས་གནང་བའི་སྐབས། ནར་མས་ཀྱི་སོག་པོ་འགའ་ས་སྐྱ་བདག་ཆེན་མཇལ་བར་འོངས་པས་མཐོང་སྟེ། སྒར་པ་འདི་རྣམས་སུ་ཡིན་ཞེས་དྲིས་པ་ལ། བྱང་པ་བདག་པོ་ཞེས་རྙིང་ལུགས་ཀྱི་བླ་མ་ཆེན་པོ་ཞིག་ཡིན་ཟེར་བ་ཐོས་པས་རྟ་འགའ་


GLG008_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྟེན་དུ་ཁྱེར་ཏེ་མཇལ་བར་བྱུང་བ་ལས། རིམ་གྱིས་ཕྱག་དབང་ཞུས་པས་གསུམ་པ་དེ་ལ། ཁྱོད་ཀྱི་ཕའི་ལག་པ་ལ་མཐེ་བོང་མེད་པ་ཅི་ཡིན་གསུངས་པས། དེའི་རྒྱུ་མཚན་ཞུ་ཞིང་ལྐོག་གྱུར་གྱི་ཆོས་རྣམས་མངོན་སུམ་དུ་མཁྱེན་པ་ལ་ངེས་ཤེས་ཆེར་རྙེད། དེ་ནས་ས་དཀར་དགོན་དུ་ཕེབས། རྗེ་གོང་མ་བཀྲ་ཤིས་སྟོབས་རྒྱལ་གྱིས་བི་མ་ལའི་སྤྲུལ་པར་ངོས་འཛིན་གནང་པའི་སྐུ་དྲུང་བསོད་ནམས་རྒྱལ་མཚན་ཞེས་གྲུབ་རྟགས་དང་ནུས་མཐུ་ཐོགས་པ་མེད་པ་མངའ་བ་དེས། རྡོ་རྗེ་དྲག་པོ་རྩལ་གྱི་དབང་སོགས་ཆོས་བཀའ་རྒྱ་ཆེར་ཞུས་ཁོང་པ་ས་སྐྱ་བདག་ཆེན་ཞིག་གི་སྐྱེ་བར་གྲགས་པས་ཆེན་པོའི་ཚུགས་ཀ་འཛིན་ཅིང་མི་རྣམས་ཀྱང་མོས་པར་ཡོད་པས། རིག་འཛིན་ཆེན་པོ་འདི་ཉིད་ལ་སྙིང་ནས་དད་པའི་གུས་འདུད་ཆེན་པོ་མཛད་པར་བརྟེན། སྔ་འགྱུར་བསྟན་པ་འཕེལ་རྒྱས་ཀྱི་སྒོ་དམ་པར་གྱུར། དེ་ནས་སོག་དོགས་ཆེན་པོ་ཡོད་པའི་ལ་རྩ་ཞིག་ཏུ་བཞུགས་པའི་ནུབ་ཐུགས་དམ་བཀང་གསོ་མཛད་པའི་ཚེ་གནོད་སྦྱིན་ཙིའུ་དམར་པའི་སྐུ་ཁོག་བླ་མ་དཔའོ་ཟེར་བ་དེས། དེ་ནུབ་ཆོས་སྐྱོང་ཐམས་ཅད་སྐུ་ལ་བསྐོར་ནས་ཁྲིག་གེ་འདུག་པས་སོག་པོའི་དམག་གི་གནོད་པ་མི་འོང་བ་འདྲ་ཞུས་པ་ལ། ངེད་རང་གི་མིག་ལྟས་དང་བྱིངས་ཕེབས་ལུགས་ལ་བལྟས་ན་དེ་ཀ་འདུག་གསུང་། དཔའ་རི་སྒྲུབ་སྡེ་བའི་འདུལ་དཔོན་དགེ་སློང་སངས་རྒྱས་ཕུན་ཚོགས་དཔོན་སློབ་སྔར་སྤོ་བོ་རུ་ནང་ཞབས་དུས་མཐུན་སྒྲིགས་དང་རྗེས་སུ་མགོ་འདོན་བདག་རྐྱེན་ཁོ་ན་མཛད་པ་ལ། ཁོང་རྣམས་ཀ་ཐོག་ཏུ་སྔོན་ལ་ཕྱིན་ནས་ལ་ལའི་སར། ང་བྱང་པ་བདག་པོའི་དབོན་པོ་འབྲིང་མ་ཡིན་ཟེར་བ་དང་ཕལ་ཆེར་ལ། བྱང་བདག་པོའི་གདུང་རྒྱུད་གཉིས་ཀ་གཤགས་ནས་རིགས་ཆོས་ཀྱི་བརྒྱུད་པ་འཛིན་མཁན་མེད་


GLG008_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བ་སོགས་ལྷས་བྱིན་དྲིན་གཟོ་མེད་པའི་རིང་ལུགས་ཁོ་ནར་བརྟེན་པ་རྣམས་ལ་ཡང་ཁྲོ་བ་ཡེ་མི་མཛད་ཅིང་སླར་ཕན་པ་འབའ་ཞིག་སྒྲུབ་པ་ནི་འཕགས་ཆེན་རྒྱལ་བའི་སྲས་ཀྱི་རྣམ་པར་ཐར་པ་སྟེ། ར་གན་གསེར་ཆུས་བྱུགས་པའི་ཆེར་རློམ་ཚུལ་འཆོས་མཁན་རྣམས་ཀྱི་སྤྱོད་ཚུལ་དང་འདྲ་བར་མི་སེམས་སོ། །མདོ་ཁམས་ཀྱི་གསང་སྔགས་རྙིང་མའི་བསྟན་པའི་འབྱུང་གནས་ལྟ་བུ་ཀ་ཐོག་དགོན་པར་ཕེབས། ཕྱོགས་དེའི་སྐྱ་སེར་ཀུན་གྱིས་གསེར་གངུལ་གཡུ་རྟ་ཁྲབ་ཇ་སོགས་ཟང་ཟིང་གི་འབུལ་བ་དང་བསྙེན་བཀུར་རྒྱ་ཆེར་བསྟབས། སོ་སོའི་བློ་དང་འཚམ་པའི་དབང་ལུང་མན་ངག་སོགས་དམ་པའི་ཆོས་ཀྱིས་འགྲོ་དོན་རྒྱ་ཆེར་སྤེལ། འོན་ཀྱང་སྡེ་པ་སྣང་རྩེ་བའི་བརྒྱུད་འཛིན་འགའ་ཞིག་གིས་ཀུན་སློང་ངན་པས་དབྱེན་བཅས་ཏེ་སྤྱི་ཐོག་ཏུ་བཀའ་བརྒྱད་སྒྲུབ་ཆེན་ཚུགས་པ་སོགས་ནི་མ་བྱུང་། ཡབ་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་ཕེབས་སྐབས་ཀ་ཐོག་པ་རྣམས་ཀྱི་རྩ་གསུམ་ཇ་མཆོད་ཅིག་དགོས་ཞུས་པ་ལ། རིག་འཛིན་མངའ་རིས་པ་ཆེན་པོའི་མཚན་དཔེ་ལ་ཡོད་པའི་ལེགས་པའི་ལམ་སྟོན་མ་ཐུགས་རྩོམ་མཛད་དེ་བཙུགས་པ་རྒྱུན་དུ་འདོན་ནའང་རིག་འཛིན་རྗེའི་མཚན་དཔེ་ལ་ཡོད་པ་མ་ཤེས་པ་ལ། རྗེས་སུ་གཙང་པ་རབ་འབྱམས་པ་ཟེར་པའི་ཡོན་ཏན་དང་ཤེས་རབ་རེ་ཆེ་ཡོད་པ་སྣང་རྩེ་སྡེ་པའི་དངོས་སློབ་ཡིན་པ་ཞིག་གིས་ངོ་ཤེས་ཏེ། དར་མའི་ལམ་སྟོན་ཞེས་འདོན་པ་བསྒྱུར་པས། དེ་ལ་ཐུགས་ཁྲོས་ཏེ་གཙང་པ་རབ་འབྱམས་པ་དང་རྟ་དྲེལ་མང་པོ་རྐུ་བའི་དཔོན་པོ་ཚེ་རྒྱལ་གཉིས་ལ་འཇོམས་བྱེད་ཉི་ཟླ་ནག་པོའི་རླུང་འཁོར་འཛུགས་པ་གནང་བས་དབོན་པོ་ཚེ་རྒྱལ་གློ་བུར་དུ་ཤི། གཙང་པ་


GLG008_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས་པ་སྦྱིན་བདག་རྣམས་དང་མ་མཐུན་པར་ལུང་པ་གསུམ་གྱི་གཅིག་ནས་གཅིག་ཏུ་ཡུལ་དོན་པའི་མཐར་རིམས་གདོན་དྲག་པོས་བཏབ་སྟེ་འཇིག་རྟེན་ཕ་རོལ་ཏུ་སོང་ངོ་། །དེའི་དུས་ཀྲེ་པོ་ན་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་བཞུགས་ཡོད་འདུག་པ་མཇལ་བར་ཕེབས་པ་ལ་ལམ་ནོར་ཏེ་ཧོར་བེ་ལག་ཟེར་བའི་སྡེ་ཞིག་དང་ཉེ་སར་སྒར་བབས་པ་ན། ཧོར་རྣམས་ཀྱིས་གནོད་པ་བྱེད་པར་མངོན་དུ་ཕྱོགས་པའི་ཚེ་སྒར་པ་རྣམས་འཛིང་ངམ་འབྲོས་སམ་ཞེས་འཇིགས་ཏེ་ཚམ་ཚོམ་དུ་གྱུར་པའི་སྐབས། ཕོ་རོག་ནག་ཅིང་སྣུམ་པ་ཞིག་གིས་གཟིམས་གུར་སྟེང་དུ་བབས་ནས་སྐད་སྙན་པ་མང་པོ་སྒྲོག །དེ་ནས་ཅུང་ཞིང་ལོན་པ་དང་ཧོར་དེ་བློ་འགྱུར་ཏེ་གློ་བུར་དུ་དད་ནས་བྱིན་རླབས་རྟེན་སློང་ཞིང་། ལུང་པའི་ཕུ་འདི་ན་ངེད་ཚོ་མིན་པའི་ཧོར་མང་པོ་ཡོད་པས་དོ་ནུབ་འདིར་མ་བཞུགས་པར་ལ་ཕར་ནང་དུ་ཕེབས་ཞུ་བ་སོགས་རྒྱུ་མཚན་མང་དུ་ཕུལ། དེ་ནི་རྗེ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་དང་ཆོས་སྐྱོང་གི་ནུས་པའོ། །ཧོར་དེས་ལམ་བསྟན་པ་ལྟར་མཚན་འགྲོས་མཛད་ནས་ཐོ་རངས་ལ་རྩེ་ཞིག་ཏུ་སྒར་བབས་ནས་བཞུགས། སང་ནམ་ལངས་པ་ན་ལ་བརྒྱབ་སྟེ་དགོན་པ་ནམ་རག་མགོའི་ཕུ་དེར་བཞུགས་སྒར་མཛད། དེ་དུས་གསོལ་འདེབས་ལེའུ་བདུན་མ་ལེའུ་རེ་རེ་ནས་སྐུ་ཞབས་སུ་བརྒྱ་རྩ་གསོག་གིས་ཡོད་འདུག་པས། སྤྲོས་བྲལ་བདེ་ཆེན་མ་གསུང་བའི་སྐབས་རི་ལ་ཡང་ཡང་གཟིགས་ནས་གྲལ་མགོ་ན་བི་རི་དཔོན་པོ་ཟེར་བ་ཞིག་ཡོད་འདུག་པ་ལ། འདི་ན་སོག་པོ་འདྲ་ཡོང་ས་མེད་དམ་གསུང་བར་ཡོད་ཞུས་པས། སྐྱོན་མི་འདུག་ཕེབས། རྗེས་སུ་སྐུ་འཁོར་རྣམས་ཀྱིས་རྒྱུ་མཚན་ཞུས་པས། རི་གདོང་འདི་ལ་སོག་པོ་བརྒྱ་ཙམ་ཞིག་ས་ཐག་རོང་ངེ་བབས་


GLG008_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་མི་སྨུག་ཡོར་རེ་བ་ཞིག་གིས་བསྒྲིབས་ནས་གར་སོང་མ་བྱུང་གསུང་། དེ་ནས་སྔགས་འཆང་ཀུན་ལྷུན་པ་ཀྲེ་བོ་སྟོད་ཀྱི་དཔོན་པོའི་སར་ཇ་འདྲེན་ལ་བཏང་བའི་ཚེ་དཔོན་པོའི་མདུན་ན་སོག་པོ་འགའ་ཞིག་འདུག་པས། དཔོན་དེའི་ངག་ལས། ཁ་སང་སོག་པོ་འདི་ཚོས་ཁྱེད་དཔོན་སློབ་ལ་ངན་བྱེད་པར་བརྩམས་པ་ན། གློ་བུར་དུ་བོར་ནས་མ་མཐོང་འདུག་པས་ནུས་མཐུ་ཤིན་ཏུ་ཆེ། བནྡེ་ཐམས་ཅད་ཀྱི་བསྟན་པ་བཟུང་ཞེས་དགའ་དགའ་བྱེད། སོག་པོ་རྣམས་ནི་ཚིག་པ་ཟོས་ཏེ་ཁ་ཤ་འཐེན་སྐད་དོ། །དེ་ནས་སྒར་དུ་ལྷ་བསངས་བརྒྱགས་རྔན་རྒྱས་པ་ཞིག་མཛད། དེའི་ཚེ་གནོད་སྦྱིན་ཙི་དམར་བ་ཁོག་ཏུ་ཞུགས་པ་ལ་སྔར་གྱི་ལྟས་རྟེན་འབྲེལ་རྣམས་ཀྱི་དྲི་བ་གནང་བས། རི་སྒྱེད་པོ་སྤུན་གསུམ་འདྲ་བ་རུ་ཉེན་ཆེན་པོ་ཡོད། དེ་དུས་ང་འོང་བྱས་པ་དེ་ཕོ་རོག་དེ་ཡིན། མི་སྨུག་པོ་ཆེན་པོ་དེ་ར་ཧུ་ལ་ཡིན་ཞེས་གསུངས་པས་ཆོས་སྐྱོང་སོ་སོ་ལ་གཏང་རག་མཛད། རིམ་གྱིས་ཀྲེ་བོའི་ཆུ་བརྒལ། ཧོར་ཚང་གི་དགེ་ལུགས་ཀྱི་གམ་ཚེ་དགོན་པའི་འདབས་སུ་སྒར་མཛད། ཟླ་བ་གཉིས་ཙམ་བཞུགས། ཀརྨ་པ་དང་མཇལ་འཕྲད་ཀྱི་དོན་དུ་ལྕགས་མོ་རུ་མི་སྣ་བཏང་ཡང་། ཡང་རི་དྲུང་པས་བཀག །རྐུན་མ་མང་པོ་ཡོངས་པས་རྟ་དྲེལ་དང་། ཕྱུགས་ཀྱི་རྫིའུ་རྣམས་མི་མ་ཡིན་དུ་མཐོང་ནས་འཇིགས་སྐྲག་དང་བཅས་ཏེ་བྲོས། དེའི་ཚེ་ཡང་རི་དུང་པ་ཀུན་དགའ་ལྷུན་གྲུབ་ཕྱི་མ་བཅོས་ལྷུག་པའི་སྒྲིབ་ཤིང་ལ་ནང་གྱོད་ཀྱི་ཕུང་པོ་ཆེན་པོ་དེས་ཚོད་བགམ་པའི་ཕྱིར་དུ་མཇལ་བ་སྐད་བྱས་ནས་འོངས་པ་ལ། ངེད་ཀརྨ་པ་དང་མཇལ་འཕྲད་བྱེད་པར་འོངས་ཆོགས་དགོས་གསུངས་པར། དེའི་ལན་དུ་ཁྱེད་ཀྱིས་ཞྭ་དམར་སྤྲུལ་སྐུ་ལ་མཐུ་བསླབས། ཁྱེད་ཀྱི་ནུ་བོ་བདག་པོ་དཔོན་གྱིས་


GLG008_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་སྤུངས་སྤྲུལ་སྐུ་ལ་མཐུ་བསླབས་ནས་ངེད་ལ་མཐུ་བྱེད་རྩིས་བྱས་ཟེར་བ་དང་། ཀརྨ་པ་ལ་ཁྱེད་རང་ཚོ་དབང་ཆེ་མོད། ང་སྟག་ལུང་པའི་ཚོང་པ་རྒད་པོ་ཞིག་གིས་ཅི་ཤེས་ཟེར་བ་སོགས་གཡོ་སྒྱུ་ཁྲམ་གསུམ་ལ་གོམས་པའི་ཉམས་ཀྱིས་ཆེ་སྐད་ཆུང་སྐད་ཀྱི་གཏམ་ཡ་མ་ཟུང་སྣ་ཚོགས་སྨྲས་སྐད་དོ། །ནུབ་ཅིག་གནོད་སྦྱིན་ཆེན་པོ་ཁོག་ཏུ་ཞུགས་ནས། ཡང་རི་དྲུང་པ་འདི་བདུད་ཡག་ཤེར་ནག་པོའི་སྤྲུལ་པ་ཡིན་པས་དེ་དང་ཕྲད་པས་ཚེ་ལ་བར་ཆད་བྱུང་ཉེན་ཡོད། མི་མཐུན་ཕྱོགས་ཟིལ་གྱིས་གནོན་པའི་ཐབས་མཛད་དགོས་ཚུལ་གསུངས། དེ་ནས་ཤེལ་རམ་སྒང་དུ་ཕེབས། རྗེ་གོང་མའི་གྲྭ་རིགས་སྦྱིན་བདག་རྣམས་ཀྱིས་བསྙེན་བཀུར། སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར། བི་རི་མང་དགེ་ཕག་མོ་ཟེར་བ་ཨར་ཇག་རྐུ་གསུམ་ལ་གོམས་པ། སྒར་པ་ཆེ་ཆུང་གནས་སྐོར་པས་མཐའ་བརྟེན་པ་ཀུན་ལ་གནོད་པ་བྱེད་མཁན་ཞིག་ཡོད་འདུག་པ་དེས་ལན་གསུམ་གྱི་བར་དུ་མཚན་མོ་ཇག་པ་འོངས་པས། ནུབ་གཅིག་ཡུར་བ་ཆུ་ཆེན་པོར་འཁྲུལ་བ་དང་། དེ་བཞིན་དུ་མཐའ་མེས་བསྐོར་བ་དང་། སྒར་གྱི་ནང་ཐམས་ཅད་མིས་གང་བ་སོགས་ཆོ་འཕྲུལ་སྣ་ཚོགས་མཐོང་ནས་གླགས་ལྟ་བར་མ་ནུས་པས། ད་སྒར་པ་འགྲིམ་པའི་ལམ་དུ་ངན་བྱེད་བསམས་ཏེ་རྟ་དམག་སུམ་བརྒྱ་ཙམ་ཞིག་གིས་བསྒུགས་པ་ན། སྒར་པའི་གཡས་གཡོན་དུ་དམག་ཁྲབ་ཅན་མང་པོ་འགྲོ་བ་མཐོང་ནས་བྱེད་རྒྱུ་མ་རྙེད་པས། བསམ་པ་ལ་བླ་མ་སྒར་པ་ལ་དམག་དེ་འདྲ་འོང་དོན་མེད། ལྷ་འདྲེའི་ཆོ་འཕྲུལ་ཡིན་ནམ་སྙམ་ཐེ་ཚོམ་སྟེ། སྒར་པ་ལུང་ནང་དུ་བབས་ཟིན་པ་དང་ལྟ་མི་བཏང་པས་དེ་རྣམས་དང་ཁྲབ་རེང་འགའ་ཞིག་འཕྲད་པའི་སྣང་བ་ཤར་ཏེ་ཕྱིར་ལོག །དེ་


GLG008_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་བརྟེན་ནས་མང་དགེ་ཕག་མོ་དཔོན་གཡོག་ཡིད་ཆེས་ཀྱི་དད་པ་ཐོབ་སྟེ་མཇལ་བར་འོངས། ངས་གྲུབ་མཐའ་རིས་མེད་ཀྱི་བླ་མ་སྒར་པ་མང་པོ་བཅོམ་པ་ཡིན་ཏེ། མཐུ་དང་ནུས་པ་བྱང་པ་ཆོས་རྗེ་ཁྱེད་ལས་ཆེ་བ་མ་མཐོང་། ངའི་ཡུལ་ན་བླ་མ་རྒད་པོ་གཉིས་དབུས་གཙང་གི་གནས་མཇལ་བ་དང་སེར་འབྲས་དགེ་གསུམ་གྱི་གཙོས་པའི་དགོན་པ་མང་པོར་མང་བཀོལ་བ་གཏོང་རྒྱུ་ཡིན་པས། དེ་ཚོ་བླ་མ་ཁྱེད་ཀྱི་ཕྱགས་ཕྱི་བྱས་ནས་རྫོང་དགོས་འདུག་པས་ཐུགས་ལ་བཞུགས་ཟེར་བ་སོགས་མང་དུ་ཞུས་ཤིང་འབུལ་བ་ཞབས་ཏོག་བྱས། རིམ་གྱིས་རྟའུ་ལ་བྱོན། ཡུལ་མི་རྣམས་སྤྱོད་པ་འཚུབ་པས་ནང་ཁུལ་དུ་སྒོ་ནོར་རི་ལ་གཏོང་མི་ཐུབ་པའི་འཁྲུག་ཇག་བྱེད་ཅིང་། ཕྱི་ནས་འོང་མིའི་འགྲུལ་པ་རྣམས་འཕྲོག་རྡུང་སྣ་ཚོགས་ཀྱི་སྒོ་ནས་མནར་ཞིང་། ཁྱད་པར་རྒྱ་བོད་ཧོར་གསུམ་ཀུན་ལ་བླ་ཆེན་དུ་གྲགས་པའི་སྙན་པ་དང་ཁེངས་པ་ཤིན་ཏུ་ཆེ་བ་མཆོག་གི་སྤྲུལ་སྐུ་ཞྭ་དམར་བ་ལྟ་བུ་ཡང་བཅོམ་སྟེ་དཱ་རི་དྲའི་གནས་ལ་བཀོད་པས། མཆོག་དམན་མཐའ་དག་ཕྱོགས་དེར་འགྲོ་བ་ལ་སྲིན་ཡུལ་ཡིན་པ་ཙམ་གྱི་འཇིགས་སེམས་བྱེད་པ་ལས། འདིའི་སྐབས་མི་ཞིག་གིས་དྲེའུ་བརྐུས་པས་དྲེའུའི་ཁ་ནས་མེ་འབར་བའི་འཁྲུལ་སྣང་བྱུང་སྟེ་ཕྱིར་ཕུལ། རྙིང་ལུགས་ཀྱི་དགོན་པ་སྡེ་པ་སྣང་རྩེ་བའི་བརྒྱུད་འཛིན་ཞིག་གིས་ཇག་བྱེད་པར་འོངས་པ་ལ། གཟིགས་སྣང་དུ་ཁྱབ་འཇུག་ཆེན་པོ་འཁོར་ལྷ་སྲིན་སྡེ་བརྒྱད་དང་བཅས་པས་ཕྱིར་དེད་པ་དང་། དངོས་སུ་དུས་མིན་གྱི་རླུང་ཚུབ་ཆེན་པོ་ལངས་ཏེ་ཇག་པ་རྣམས་འགྲོ་གནས་མིན་པར་དེད་པ་སོགས་ཆོ་འཕྲུལ་སྣ་ཚོགས་བྱུང་བས་སླར་མ་རུངས་པའི་བསམ་པ་བོར་ཏེ་གུས་པས་བཏུད། གནས་


GLG008_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དེ་དག་ལ་བརྟེན་ནས་ཡུལ་མི་མཐའ་དག་གིས་ཡུལ་ལུགས་དང་བསྟུན་པའི་བསྙེན་བཀུར་གྱ་ནོམ་པ་བསྟབས། རབ་བྱུང་སྔགས་པ་སྐྱེ་བོའི་ཚོགས་རྣམས་ལ་རང་རང་དང་འཚམ་པའི་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་མཛད། ཁྱད་པར་ཕྱི་ནང་གང་དུའང་འཐབ་རྩོད་འཁྲུག་ལོང་ཆེན་པོ་མི་བྱེད་པའི་དམ་བཅའ་བཞེས་ཏེ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པས་འགྲོ་བ་རྣམས་ཀྱི་དབུགས་བདེ་བར་ཕྱུང་། དེ་ནས་མི་ཉག་གི་ཡུལ་དུ་ཕེབས་པའི་ཚེ། ཤར་བཞག་ར་ལྷ་རྩེའི་རིའི་ཐོད་ལ་སྤྲིན་དཀར་པོ་རེ་རྒྱུན་དུ་མི་ཡལ་བར་སྡོད་པ་ལ། དུས་དེར་སྤྲིན་པ་རིའི་སྐེད་པར་བབས་པས་མི་ཉག་རྣམས་ཀྱིས། རང་རེའི་ཨ་ཁུ་བླ་མ་བྱོན་པ་ལ་བཞག་རས་ཞྭ་ཕུད་བྱས་པར་འདུག་ཅེས་གླེང་། དེ་ན་མཐའ་འདུལ་གྱི་གཙུག་ལག་ཁང་ཡིན་ཟེར་པའི་ལྷ་ཁང་ཞིག་ཡོད་པ་མཇལ་བར་དར་རྩེ་མདོ་པའི་ས་བདག་དཔོན་ཟེར་བ་དེས་འོངས་པ་དང་དཔོན་སློབ་རྣམས་ཕེབས་པ་འགྲིག །ཚེས་བཅོ་ལྔའི་འགྱུ་དུས་གྲོལ་བ་དང་མཉམ་དུ་གནོད་སྦྱིན་ཆེན་པོ་ཁོག་ཏུ་ཞུགས་ནས། དར་རྩེ་མདོ་པའི་ཨ་པོ་ཚོ། རྒྱ་བོད་གཉིས་ཀྱི་གསེར་གྱི་གཉའ་ཤིང་ཆག་ལ་ཁད་པ་དེ་ཨེ་ཚོང་ཞེས་ལན་གསུམ་གསུངས་པས། དྲུང་ནས་མདོ་པ་རྣམས་ལ། ཁྱེད་ཚོ་ཡོང་སྐབས་འཁྲུག་ཟིངས་སོགས་ཀྱི་འཕྲོས་མེད་དམ་གསུངས་དྲི་བ་གནང་བར། དེ་འདྲ་མེད་ཚུལ་ཞུས། དེ་ནས་ཞག་གཅིག་ཙམ་སོང་བ་ན་དར་རྩེ་མདོ་ནས་མི་བྱུང་དེ། ཧ་ཀ་དང་ལིང་ཙེ་གཉིས་ཐུག །མདོ་བ་རྣམས་ཀྱང་ལིང་ཙེའི་དམག་རོགས་ལ་འགྲོ་དགོས་པ་བྱུང་། མྱུར་དུ་ཕེབས་དགོས་ཞེས་གདན་འདྲེན་ཚ་དྲག་ཞུས་པ་ལྟར་ལིང་ཙེར་ཕེབས། དེ་ནུབ་མདོ་པའི་དམག་མི་མང་པོ་ཧ་ཀ་བའི་དམག་རོགས་རྒྱ་ལྗང་རྣམས་ཀྱིས་མཚན་བཏིབ་བྱས་ནས་


GLG008_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

གསད་པ་སྐད་ཙམ་བྱུང་བའི་སྔོན་དུ་གནོད་སྦྱིན་པ་ཁོག་ཏུ་ཞུགས་ཏེ། དར་རྩེ་མདོ་བའི་ཨ་པོ་ཚོ། མགོ་མེད་ཀྱི་དཔུང་པ་རོང་རོང་དེ་ཨེ་མཐོང་ཟེར་བས། མདོ་པ་རྣམས་རྣམ་རྟོག་ཟ་བའི་མུས་ལ་གཏམ་གྱིས་སླེབ། དེའི་ཚེ་གྲྭ་པ་འགའ་ཞིག་ཁྱབ་འཇུག་གི་འཕྱར་དར་དང་བཅས་ཧ་ཀའི་རྫོང་གི་མདུན་དུ་ཕྱིན། ཁ་མཆུ་ལབ་པར་བརྩམས་པ་ན་ཧ་ཀ་རྣམས་ཀྱིས་མ་ཉན་པས། ཁོང་ཚོའི་མཐོང་སྣང་ལ་རིག་འཛིན་ཆེན་པོ་ཉིད་ནམ་མཁའ་ལ་འཕུར་ཏེ་རྫོང་གི་སྟེང་དུ་བྱོན་པ་དང་རྫོང་གི་ཕྱོགས་བཞི་ནས་མེ་འབར་བར་གྱུར་པས་འཇིགས་ཏེ་མདུན་མ་བྱེད་པར་ཁས་བླངས། ཧ་ཀའི་རོགས་བྱེད་མི་རྒྱ་ལྗང་གི་དམག་རྣམས་ཀྱང་ཕྱིར་ལོག །དེའི་དུས་སུ་རྒྱའི་མི་དཔོན་གདུགས་དཀར་ནག་ཕུབ་པ་གཉིས་ཀྱིས་འོངས་ཏེ། ཧ་ཀ་དང་ལིང་ཙེའི་ཁ་མཆུའི་རྩ་བ་བྱེད་མཁན་འདི་ཚོས་སོ་མ་ར་ཙའི་ཐག་པས་ལག་པ་གཉིས་བསྡམས་ཏེ་བཏགས། འཕོངས་ལ་ཀོ་ཤ་མང་པོ་བརྒྱབ་སྟེ་ཁྲིམས་བསྒྲགས་ཀྱང་བཟླུམས་དཀའ་བ་ལ། ཁྱེད་བོད་ཀྱི་བླ་མ་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལ་བྱོན་པ་ངོ་མཚར་ཆེ། ད་དུང་འདིའི་མཇུག་རྣམས་སྐྱོང་བར་མཛོད། ངེད་ཀྱིས་གོང་དུ་ཡི་གེ་བརྒྱག་ཅེས་ཞུས་པར། ང་སེམས་ཅན་གྱི་དོན་བསམ་པ་མ་གཏོགས་རང་འདོད་མེད་པས་དེ་འདྲ་མི་དགོས་གསུངས། དེའི་ཚེ་ཁ་མཆུ་བཟླུམས་པའི་ཡི་གེ་ལ་ཕྱག་དམ་བརྒྱབ་པའི་དར་ལྕོག་ཧ་ཀ་དང་ལིང་ཙིའི་བར་གྱི་ཟམ་པ་ལ་བཙུགས་པ་མི་ཅིག་གིས་ཁྱེར་བས་ཆོས་སྐྱོང་གི་བཀའ་ཆད་བྱུང་ནས་གྲི་ཁར་ཤི །གཡུལ་འཁྲུག་རླབས་པོ་ཆེ་ཞི་བའི་སྲོག་སྐྱབས་སོགས་རྣམ་པར་དཀར་བའི་འཕྲིན་ལས་རྒྱ་ཆེར་གྱུར། དུས་འཁྲུག་ལ་བརྟེན་རྒྱའི་ཚོང་པ་རྣམས་ཀྱིས་སྙུག་མའི་གཡབས་རིང་མདའ་རྒྱང་གསུམ་ཙམ་གྱི་འོག་ཏུ་


GLG008_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

ཇ་འབུམ་ཙམ་བརྩིགས་པ་སྲུང་མི་བཞག་སྟེ་ཕལ་ཆེར་རང་ཡུལ་དུ་ལོག་པ་ལས། མདུན་མ་གྲུབ་ནས་གཉེར་པ་རྩེ་ཆེན་པས་འབོད་པར་ཕྱིན་པས་དགའ་བ་དང་བཅས་ཏེ་ཡར་འོངས་རྒྱ་བོད་ཀྱི་གསེར་ཟམ་སོར་ཆུད། དར་རྩེ་མདོར་ཕེབས། གཏང་རག་གི་ཚུལ་དུ་བསྙེན་བཀུར་རྒྱ་ཆེར་བྱས། མདོ་དེར་མི་སྐད་རིགས་མི་གཅིག་པ་མང་པོ་ཚོགས་པའི་སྟབས་ཀྱིས་རྒྱུན་ཏུ་འཁྲུག་འོང་ལོང་བར་སྙིང་རྗེ་ཆེན་པོས་ཀུན་ནས་བསླང་བའི་ཐུགས་བསྐྱེད་ཀྱིས་ཁ་མཆུ་མཐའ་དག་ཞི་བར་མཛད་པ་ཚེ། མི་ཆེན་དཔོན་དང་ཡ་རུ་མགོན་པོ་གཉིས་ལག་ཐུག་བྱུང་བར་བར་པ་ལ་ཕེབས་པས། སྐུ་ལ་མདའ་རྡོ་མང་པོ་ཕོག་ཀྱང་གནོད་པར་མི་ནུས་པ་ནི་ཨུ་རྒྱན་རྡོ་རྗེའི་གུར་དང་ལྡན་པའི་རྡོ་རྗེའི་གསུང་བསླུ་བ་མེད་པའི་མཐུའོ། །སྔར་བླ་ཆེན་རྣམས་བྱོན་པ་ལ་མདོ་བ་རྣམས་ཀྱིས་བསྡུས་ནས་མི་ཆེན་གྱི་རྭ་བར་བརྒྱ་འབུལ་བྱེད་པ་ལ། འདིའི་དུས་སོ་སོར་བརྒྱ་འབུལ་ནས་ཉི་ཤུའི་བར་སྟོབས་འབྱོར་དང་བསྟུན་ཏེ་ཕུལ་བས་བླ་ཆེན་ཡོངས་ཀྱི་ངོམ་གཅིག་མོ་ཟང་ཟིང་གི་ལོངས་སྤྱོད་ཀྱང་དབྱར་གྱི་ཆུ་བོ་ལྟར་འཕེལ། དེ་ནས་སྒར་པ་ཡར་བཏེག །མི་ཉག་བརྒྱད། སྐམ་པོ་གནས་ནང་དུ་ཞྭ་དམར་བ་དྲུག་པ་ཆོས་ཀྱི་དབང་ཕྱུག་མཇལ། འབུལ་བ་ཆེས་པས་སྒར་པ་རྣམས་ཀྱི། བྱང་པ་བདག་པོའི་འབུལ་བ་དེ་ཙམ་ལ་དབུ་ཞྭ་མི་སྒྲོན་པར་ཞེས་བློར་མི་ཤོང་བ་ལྟ་བུ་བྱེད། རྗེ་ཞྭ་དམར་བ་ཡང་ཀུན་ལ་མི་ཆོས་མཁས་པ་དང་། ཁྱད་པར་འབྲི་བྱང་གཉིས་སྔར་ནས་ལུགས་ལེགས་པའི་རྒྱུན་ལ་དགོངས་ཏེ་དག་སྣང་དང་ལེགས་སྐྱེས་ཕུན་སུམ་ཚོགས་པ་མཛད། དེ་ནས་བྱང་པ་རིག་འཛིན་དཔོན་སློབ་ལྗང་ཞབས་སུ་རྣམ་དཀར་གྱི་འཕྲིན་ལས་སྐྱོང་བའི་སྐབས་ཀོང་པོའི་ཚོང་པ་དང་ལྗང་


GLG008_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་འཁྲུག་པ་ཆེར་བྱུང་། དེའི་བར་པ་ལ་འབའ་པ་དཔོན་པོ་ཟེར་བ་ཞིག་གིས་གདན་དྲངས། ཐུགས་དམ་བརྟག་པ་མཛད་པས་རུ་ཡོན་ཟེར་བའི་ལྗང་ཀོང་ཐུག་པའི་ས་དེར་དགུ་ཚིགས་དང་རྒྱ་གྲམ་དུ་འཇའ་ནག་པོ་ཞིག་ཏལ་གྱི་ཟུག་པས་ལེགས་པར་དགོངས་ཏེ་ཞལ་གྱིས་བཞེས། རུ་ཡོན་ཏུ་ཕེབས་པ་ན་ཀོང་པོའི་དམག་གིས་ཁང་པ་ཕལ་ཆེར་མེ་ལ་བསྲེགས་འདུག །སོ་སོར་མི་སྣ་བསྔགས་པ་ན་ལྗང་གི་ཁྲོད་ནས་དབང་བཙན་པ་སམ་པཀྴི་ཟེར་བ་ཅིག་གིས། ཁ་མཆུ་མི་ལབ་ཟེར་ནས་མ་ཉན་པ་ཐུགས་འཁྲུགས་ཏེ་ཁྱབ་འཇུག་གི་འགྱུ་དུས་ཀྱི་ཐུན་གཏོར་བསྒུལ་བས་སམ་པཀྴི་སྣ་ཁྲག་ཤོར་བ་མ་ཆད་པར་འདས། དེའི་རྐྱེན་གྱིས་མདུན་མ་ཡོང་བའི་འགོ་ཚུགས་ཏེ་དམག་རྣམས་སོ་སོར་ཐེན། ལྗང་ཀོང་གི་དཔོན་རྣམས་དྲུང་དུ་བསྡུས་ཏེ་དགེ་སྡིག་གི་ཉེས་དམིགས་སོགས་ལས་འབྲས་ཀྱི་ཆོས་མང་དུ་གསུངས་ཤིང་ལབ་དན་གྱིས་སྐོར་ཡང་མཛད་པའི་ཚེ། ཁ་མཆུའི་རྩ་བ་བྱེད་མི་ཁམས་གསི་བའི་ཚོང་དཔོན་གཅིག་གིས་མ་ཉན་པར་ལང་གི་ཐོག་ཏུ་དམག་དང་བཅས་རྟ་རྒྱུགས་བྱས་པ་ལ་ཐུགས་འུར་ནས་ཁྱབ་འཇུག་གི་རྟེན་རྫས་དང་དབུ་ཞྭ་བརྡབས་པས་ཚོང་དཔོན་དེ་ལ་ཟེར་ག་ཐེབས་ཏེ་རྟ་ཐོག་ནས་ལྷུང་། ང་ལ་མདའ་ཐེབས་བྱུང་ཟེར། གཡོག་རྣམས་ཀྱིས་བལྟས་པས་མདའ་རྨས་མ་བྱུང་འདུག་ཟེར་བའི་མུས་ལ་འཇིག་རྟེན་ཕྱི་མའི་ལྟད་མོར་སོང་བས་ཕན་ཚུན་ཐམས་ཅད་འཇིགས་ཏེ་བཀའ་བཞིན་སྒྲུབ་པར་ཁས་བླངས། དེའི་ཚེ་ཀོང་པོ་ཚོང་དཔོན་ཁམས་སྤྲུག་ཟེར་བ་ཅིག་གིས། བླ་མ་དང་དགའ་ལོད་ཆུང་། ག་ལི་ག་ལི་ཐན་འདྲ་ལྟས་ངན་འདྲ་མི་གཏོང་བར་ཏབ་ཏོབ་ལ་མི་གསོད་ན་སྡིག་པ་མི་


GLG008_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་ཨེ་མིན་ཟེར་བས་ཀུན་བཞད་གད་ཐེག་གེ་བར་གྱུར། དེ་ནས་འབའ་ནང་དུ་ཀོང་པོ་གཤོག་ལྔས་འབུལ་བ་ཆེར་བྱས། འབའ་ཁྲམ་མགོས་དངུལ་གྱི་དོང་ཁ་ཟླ་བ་གསུམ་ཕུལ། རིམ་གྱིས་དགའ་རྗེ་གཞུང་དུ་ཕེབས་པ་ན། སྔར་དེ་ན་དཔོན་གོང་འོག་གཉིས་ཡོད་པ། འོག་མས་གོང་མ་བཅོམ་སྟེ་ཉམས་ཡོད་པ་ལས། དེའི་ཚེ་གོང་མའི་ཉེ་བ་ཚོང་དཔོན་རྟ་མགྲིན་གྱིས་ཇ་པ་རྣམས་དམག་རོགས་ལ་སྦྲན་ཏེ་གཡུལ་གཤོམ་པར་རྩོམ་པ་ན། འོག་མའི་དཔོན་ཕུན་ཚོགས་གཡུལ་རྒྱལ་གྱིས་རྗེ་འདི་ཉིད་གདན་དྲངས། ཁྲོ་བོ་རོལ་པའི་གཏོར་ཟློག་མཛད་པས་ཕ་རོལ་གྱི་དམག་རྣམས་ནང་ཞིགས་ཏེ། སོས་ཀྱི་ཐན་སྤྲིན་ལྟར་གྱུར། དེ་ནས་ཀར་ལུགས་ཀྱི་དགོན་པ་དཔུང་རི་ཟེར་བའི་ཁད་ཉེར་ཕེབས། དགོན་པ་དེའི་ཆུ་མིག་བསྐམས་པ་ལ་རྗེ་ཞྭ་དམར་བས་བྱིན་རླབས་གནང་ཡང་། སེམས་མེད་ཀྱི་འབྱུང་བ་ལ་འཛམ་གླིང་རྒྱན་གཅིག་གི་བརྟུལ་ཞུགས་མ་སོང་བས་ཆུ་མ་བྱུང་། དེ་ལ་བརྟེན་ཕྱོགས་འཛིན་གྱི་ཀུན་སློང་དོར་ནས་རིག་འཛིན་ཆེན་པོ་འདི་ཉིད་གདན་དྲངས་གསོལ་བ་བཏབ་པས་ཆུ་མིག་ཁར་ཕེབས་ནས་གཏོར་མ་ཞིག་གནང་། གཏོར་ཆུ་རྣམས་བསྐམས་ཤུལ་དེར་བླུགས་པ་དང་ཆབས་གཅིག་པར་ཆུ་སྒོ་ནར་གྱི་བྱུང་། དཔུང་རི་དྲུང་པའི་ང་རྒྱལ་བྱེ་མའི་ཆང་བུ་ལྟར་ཞིག་སྟེ་ཕྱག་དབང་དང་ཆོས་འབྲེལ་ཞུས། ཀརྨ་པ་དབང་ཕྱུག་རྡོ་རྗེའི་དབུ་ཐོག་གི་བླ་བྲེ་དང་ཧོར་ཚགས་ཀྱི་སྤོས་ཕོར་སོགས་ནོར་སྣ་རྔམས་ཆེ་བ་མང་དུ་ཕུལ། གཙང་པ་སྡེ་པ་མཐུ་སྟོབས་པའི་གཡུ་དྲུང་དམར་ཁྱད་འཕགས་ཞིག་ཕྱག་ཏུ་བྱུང་བ་སྤུས་སྒྱུར་བྱེད་པར་ལྗང་དུ་བླ་མ་བསམ་ཡས་རྫོང་སྟ་མཛད། རྒྱལ་ཐང་ཇག་པ་ཟེར་


GLG008_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བློན་པོ་ཞིག་གིས་དངུལ་སྲང་སུམ་བརྒྱ་ཙམ་བཅལ་ཏེ་ཉོས། བློན་པོ་དེས། བྱང་པ་ཆོས་རྗེས་ངེད་རྒྱལ་བློན་གྱི་མངའ་ཞབས་ལ་འཁྲུག་པ་བཟླུམས་པའི་བཀའ་དྲིན་ཆེན་པོ་བྱུང་འདུག་ད་ལྟ་གང་དུ་བཞུགས། སྔར་བླ་མ་འདིའི་ཡབ་འདི་ཕྱོགས་སུ་ཕེབས་སྐབས་རྒྱལ་པོས་གདན་འདྲེན་ཞུ་རྩིས་བྱས་ཏེ། བློན་པོ་རྒྱུས་ཡོད་ཅིག་གིས་བླ་མ་རལ་པ་ཅན་དེ་མགུ་ན་དག་འཚེངས་ཏེ་མ་དགའ་ན་ཡུལ་འདི་བརླག་ཉེན་ཡོད་ཟེར་བཤོལ་འདུག །ད་ཁྱོད་མགྱོགས་པར་སོང་ལས་ཐག་རིང་དུ་མ་ཕེབས་འདུག་ན་མི་ཐོང་། ས་ཐམ་སྟེང་དུ་གདན་འདྲེན་པའི་མི་སྣ་གཏོང་བ་ཡིན་ཟེར་བ་བྱས་འདུག་པས། བླ་མ་བསམ་ཡས་པས་མྱུར་དུ་འོངས་ནའང་དབུས་གཙང་དུ་མགྱོགས་པར་འབྱོན་དགོས་པའི་སྤྱན་ལྟས་ཤིག་བྱུང་བས་རྐྱེན་བྱས། ཆིབས་ཁ་བསྒྱུར་ཏ་རྨེ་ཤོད་ཕྱོགས་སུ་འབྱོན་རྩིས་ལ། སོག་པོའི་དམག་འདུག་ཟེར་བར་བྱོལ་ནས་ཕེབས་ཀྱང་ལམ་འཕྱུགས་ཏེ་སོག་པོའི་དམག་དང་ཉེ་ས་ཞིག་ཏུ་བྱུང་བའི་ཚེ། སྒར་པའི་སོ་པ་དང་སོག་པོའི་རི་དྭགས་པ་ཕྲད་པ་ན། སོ་པའི་ཁྲོད་དུ་བི་རི་དགེ་སློང་གོ་ཙོང་གྲགས་པ་ཟེར་པའི་སོག་སྐད་ཤེས་པ་ཞིག་ཡོད་པས་ཕན་ཚུན་དུ་སྐད་ཆ་དྲི་རེས་བྱས། བླ་མ་ཡིན་ན་ཞབས་ཏོག་བྱེད་ཟེར་སྡེ་ཐོག་ལ་གདན་དྲངས། བསྙེན་བཀུར་དང་འབུལ་བ་ཕུལ། ངེད་ཚོས་གཤེན་དར་སྡིངས་པའི་སྒར་པ་ཞིག་ལ་བརྒྱབ་པས་བོན་པོའི་མཐུས་མི་མང་པོ་ཤི །ད་ཁྱེད་ཀྱིས་མཐུ་ཟློག་མཛད་དགོས་ཞུས་པར་ལན་དུ། ངེད་ཚོ་སྔགས་རྙིང་མ་བའི་བླ་མ་མཐའ་དམག་ཟློག་པའི་བཀའ་བབས་དང་ལུང་བསྟན་ཡོད་པ་ཚོས་སོག་པོའི་རིམ་གྲོ་བ་མི་ཡོང་། གལ་ཏེ་བྱས་ན་ཨུ་རྒྱན་རིན་པོ་ཆེ་མི་དགྱེས་ཤིང་


GLG008_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་མ་རྣམས་ཀྱི་འཚུབ་ཡོད། ད་ལམ་ཁྱེད་ཚོའི་སྡེ་ཐོག་ཏུ་ལམ་ནོར་ཏེ་སླེབ་པས་ཟས་འབྲེལ་མི་བྱེད་ཀ་མེད་བྱུང་གསུངས་པར། སླར་ཡང་ནན་ཆེན་པོ་ཞུས་བྱུང་བ་ལ། དེ་ལྟར་ཡིན་ན་སྐྱ་སེར་དྲག་ཞན་སུ་ལ་ཡང་དགྲ་ཇག་མི་བྱེད་པའི་ཁས་ལེན་བསྐོར་བ་མཛད་པས་དཔོན་དང་མི་བཟང་རྣམས་ཀྱིས་ཕྱག་འཕྲེང་ལ་འཇུས་ནས་དམ་བཅའ་ཞུས། འཇམ་དཔལ་ཚེ་བདག་ནག་པོའི་སྒོ་ནས་མཐུ་ཟློག་གི་རིམ་གྲོ་གནང་བས། དེའི་དམ་སེལ་དང་འཚུབ་ལྷོངས་ཀྱི་རྣམ་པས་སྒར་ལ་མེ་ཤོར་ཏེ་ཉེན་ཆེན་པོ་བྱུང་བ་ན་ན་བཟའ་ལན་གསུམ་བརྡབས་པས་མར་མེ་ལ་ཕུ་བཏབ་པ་བཞིན་དུ་ཤི །སོག་པོ་རྣམས་ལྷག་པར་དད་དེ་བསྙེན་གནས་གཏན་ཁྲིམས་དུས་ཁྲིམས་སོགས་དགེ་བའི་ལམ་ཆེན་པོར་བཀོད། དེ་ནས་ཡར་ཕེབས་པ་ན། དགྲ་ཇག་འདུག་ཟེར་བའི་འུར་ཞོགས་ཆེན་པོ་ཞིག་བྱུང་བས་ཕྱག་གཡོག་རྣམས་ཀྱིས་ཚེས་བཅུ་བཤོལ་ནས་ཐེགས་པ་ལེགས་ཚུལ་ཞུས་པར། ཨུ་རྒྱན་གྱིས་བསླུས་མི་ཡོང་གསུངས་ཏེ་ཅག་མལ་མཛད་ནས་གསུང་ཆོག་གནང་པས་ཉེས་པར་མ་གྱུར། ཉིན་གཅིག་དགྲ་འདི་འདྲ་ཞིག་འོང་བ་འདུག་པས་འཕྲལ་དུ་འགྲོ་གསུངས་ཏེ་བཤད་དྲག་ཀྱིས་ཕེབས་པ་ན། ཇ་ཡུན་གཉིས་ཙམ་སོང་བའི་ཚེ་བཞུགས་སའི་ཤུལ་དེར་དགེ་ཚེ་དང་ལྕགས་མོའི་དམག་མང་པོ་བྱུང་བ་རྗེས་སུ་ཐོས་པས་ཀུན་ཡ་མཚན་དུ་གྱུར། ཀྲེ་བོའི་འབྲོག་པ་ཞིག་གིས་རྟ་དྲེལ་དེད་པས་དྲེའུའི་སྒལ་སྟེང་དུ་ཕུག་རོན་བབས་པ་དང་རླུང་ཆེན་པོས་སྦྲ་གུར་བཤགས་ཏེ་ནམ་མཁའི་མཐོངས་སུ་ཁྱེར་བས་རྟོག་བཟོས་ཏེ་ཕྱིར་བཤགས་པ་དང་བཅས་ཏེ་ཕུལ། རིམ་གྱིས་འདམ་འདོག །སྒོམ་སྡེ་ནང་ཆེན་པ། བི་


GLG008_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

རི་སྟོད་པ་སོགས་སྔར་གྱི་སྦྱིན་བདག་རྣམས་ཀྱི་སར་ཕེབས་ནས་འགྲོ་དོན་རྒྱ་ཆེར་མཛད། འབྲོང་པ་བླ་མ་མགོན་དེས་ལོ་ཕྱེད་དང་གསུམ་ཙམ་གྱི་བར་སྲོག་གཅོད་སྤོང་བའི་ཁས་ལེན་ལས་མ་འགལ་འདུག་ནའང་། ཉིན་གཅིག་རི་དྭགས་མང་པོ་བྱུང་བ་ལ། བི་རི་རྣམས་ཀྱིས་མདའ་ཐེབས། འབྲོང་པ་རྣམས་ཀྱིས་ཡེ་མ་ཐེབས་པས་ཚིག་པ་ཟོས་ནས་མདའ་བརྒྱབ་པས་ཤ་བ་གཅིག་བསད། དེས་རྐྱེན་བྱས་ཏེ་ཞག་གསུམ་ཙམ་གྱི་ནད་ཡུན་བྱས་ནས་ཤི་བས། སྔར་ལུང་བསྟན་གནང་བ་རྣམས་ལ་ཐམས་ཅད་ངེས་པ་ཆེས་ཆེར་རྙེད། དགེ་རྒྱས་དཔོན་གྱིས། ཁྱེད་བོད་དུ་ཕེབས་ཀྱང་གཙང་པས་བཟང་པོ་ཨེ་བྱེད་མི་ཤེས། འདི་ཕྱོགས་སུ་བཞུགས་ན་འགྲོ་དོན་ཆེ་ཞེས་ནན་ཆེར་ཞུས་ཀྱང་མ་འོངས་པའི་འབྱུང་འགྱུར་མཁྱེན་ཏེ་མ་བཞུགས། ཁྱུང་པོ་གསེར་རྩ་བས་ཐབ་བསུ་དང་བཅས་ཏེ་གདན་དྲངས་པའི་ཉིན་གཟིམས་ཆུང་སྐོར་གྱི་ཁལ་མ་རྣམས་རྗེས་ལ་ལུས་པ་ཁྱུང་པོ་ནང་རུ་བ་རྣམས་ཀྱིས་ཇག་བྱས་ནས་ཁྱེར། དེ་ནུབ་ས་སྲོས་པས་བྱེད་རྒྱུ་མ་རྙེད། སང་སྒར་པ་རྣམས་ཀྱིས་འཛིང་བར་འགྲོ་གྲབས་བྱས་པས་བཀའ་བཀྱོན་ནས། དེ་འདྲ་མི་དགོས་རྟགས་ཐོན་པ་ཞིག་བྱེད་གསུང་། བསྟན་སྲུང་ཡོངས་རྫོགས་དང་ཁྱད་པར་ཁྱབ་འཇུག་ལ་འཕྲིན་བཅོལ་རྒྱས་པར་མཛད། དེའི་ཚེ་ཇག་པ་རྣམས་ཀྱིས་ནོམ་པ་ཐོབ་པ་ལ་འགོ་བཤའ་བྱས་པས། སྒམ་ཁ་ཕྱེ་བའི་ནང་ནས་ཐོག་མར་གཟའ་ཕོད་དོན་ཏེ་གཟའ་མིག་ཁྲ་ཆིལ་ཆིལ་བྱུང་བར་ཀུན་ཧ་ལས་ནས་ཧུར་རེ་ལུས། དེའི་ཚེ་ཇག་དཔོན་དེ་སྨྱོ་ནས། ངའི་ནོར་ཁྱེར་ཤོག་ཅེས་ཟླ་བོ་རྣམས་ལ་མདའ་གཞུ་བཀང་ནས་རྡེག །


GLG008_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

དྲེའུ་ཞིག་སྐས་ལ་ཐོགས་པ་མེད་པར་སོང་བ་ལ་མི་གཅིག་གིས་ལྟ་བར་ཕྱིན་པས། ཐོག་སྟེང་ན་བུད་མེད་མིག་གཅིག་ཡོད་པ་ཞིག་གིས། ངའི་ཆས་ཀ་རྣམས་ཁྱེད་ཚོ་ཟོ་ཞིག་ཅེས་སྐད་བརྒྱབ་བྱུང་བས་འཇིགས་སྐྲག་ཆེན་པོར་གྱུར་ཏེ་སྐུ་ཆས་ཐམས་ཅད་གྲུ་ཚང་སྒར་པའི་རྩར་བསྐྱལ། གྲུ་ཚང་པ་རྣམས་ཀྱི་ངེད་ཚོས་ཁྱེད་དཔོན་སློབ་ཡིན་པ་མ་ཤེས། ཐོག་མ་ནས་ཕྱག་གཡོག་ཏུ་འགྱུར་བ་མ་བྱུང་བས་དགོངས་མ་ཁྲེལ་ཞེས་འབུལ་ཆས་དང་བཅས་སྐུ་ཆས་རྣམས་ཚང་བར་ཕུལ། དེར་དགེ་ལུགས་ཀྱི་དགོན་པ་འགའ་ཞིག་ཡོད་འདུག་པར་མང་ཇ་གནང་བས། ལུང་པ་འདི་བོན་ལུང་དུ་སོང་། བན་དེ་ལ་ཤིན་ཏུ་གནག་པ་ཡོད་པར་ཁྱེད་དཔོན་སློབ་ཀྱི་ནུས་མཐུས་ཀུན་གྱི་མིག་ལྟོས་ལ་ཕན་པ་བྱུང་ཞེས་གཟེངས་བསྟོད། རིམ་གྱིས་ཧོར་སྨད་པའི་སྡེར་ཕེབས། དཔོན་དབང་ཀླུས་བསྙེན་བཀུར། ལྕུམ་མདའ་གཅོང་རོང་ཟེར་བའི་དགེ་ལུགས་ཀྱི་དགོན་པ་ཞིག་གི་ཁྲིས་ཀྱི་ཟམ་པ་ལ་འགྲུལ་པ་ཆེ་ཆུང་སུ་འགྲོ་ཡང་ཚུགས་སྤྲོད་དགོས་པར། ཁྱེད་དཔོན་སློབ་ཀྱིས་ཁམས་ཕྱོགས་སུ་མཐུ་ནུས་ཀྱིས་བན་དེ་ཀུན་གྱི་མགོ་བཏོན་ཞེས་ཚུགས་མི་ལེན་པར་མ་ཟད་ཕུ་དུད་བྱས། ལྷ་རི་སྣ་དང་འཛམ་གླིང་རྫོང་ཁར་ཕེབས་དུས་ཧོར་ཚ་བར་པའི་དམག་ཇག་མང་པོ་བྱུང་བ་ལ། སྒྲོལ་མའི་འཇག་ཆིངས་མཛད་པས་ཧོར་རྣམས་ཀྱིས་ཡེ་མ་མཐོང་བར་ལོང་པོའི་ཕུར་ཕེབས། ཀ་ཐོག་དགོན་པ་དང་བཅལ་སྡེ་སྔགས་གྲོང་པ་སོགས་ལ་བཀའ་བརྒྱད་གསང་རྫོགས་ཀྱི་སྒྲུབ་དབང་གནང་། གྲོལ་དབང་གི་ཉིན་ཉང་ལོང་གི་ཁྲོམ་སྟོང་ཕྲག་མང་པོ་ཚོགས། ཆོས་དང་ཟང་ཟིང་ལ་བརྟེན་པའི་གདུལ་བྱས་འུར་ལ་སོང་། ཅི་དཀར་ལྷ་ལུང་མྱོས་ཀྱི་ནང་དུ་ཕེབས། མར་


GLG008_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གཏེར་བཞེས་དུས་ཀྱི་གཏེར་གཡོག་བུ་མོ་སྔོ་བསངས་མ་ཅིག་ཡོད་པ་དེ་ལ་མདའ་དར་དམར་པོ་ཞིག་བསྐུར་ནས་སྔོན་མའི་གཏེར་གནས་ཀྱི་ནུབ་ཕྱོགས་ཀྱི་བྲག་ལོགས་མཚལ་གྱི་རི་མོ་ཡོད་པ་དེར་ཚུགས་གསུང་། སླར་ཡང་གཏེར་བཞེས་རྒྱུ་ཡོད་རིགས་སུ་འདུག །ཀ་ཐོག་དགོན་ནས་ཆིབས་ཁ་བསྒྱུར། ཉང་པོའི་ཕུ་ན་ཧོར་ཚ་བར་པའི་དཔོན་ཚང་གི་སྦྲ་ཡོད་པའི་ཐོག་དུ་འབྲི་གུང་དབོན་མོས་སྤྱན་དྲངས་ཏེ་རྐྱེན་སེལ་གྱི་ཆོས་ཀ་མང་དུ་ཞུས། རྟ་ཁྲབ་སོགས་འབུལ་བ་རྒྱ་ཆེར་ཕུལ། ཧོར་མ་རུངས་པའི་བསམ་སྦྱོར་ངན་པ་རྣམས་ཀྱང་མཚོ་ལ་ཁ་བ་བབ་པ་ལྟར་གྱུར་པས། རིག་འཛིན་སྟོབས་ལྡན་དཔའ་བོས། ཆགས་སྡང་རླུང་གིས་རབ་དཀྲུགས་འཐབ་ཀྲོལ་ཤིང་། །འཇིགས་རུང་རལ་གྲིའི་ཡལ་འདབ་གཡོ་ལྡན་ཀུན། །རྫུ་འཕྲུལ་མཐུ་དང་རྣམ་བཞིའི་སྦྱིན་པ་དང་། །བཀའ་རྒྱས་འདུལ་བར་མཛད་ལ་གསོལ་བ་འདེབས། །ཞེས་སོ། །གཞན་ཡང་མ་རུངས་པའི་རིགས་གདུལ་སླད་ཁྱབ་འཇུག་གཟའ་དངོས་སུ་ཕབ་པས། ཀུན་གྱི་མིག་ལམ་དུ་མེ་དཔུང་ཆེན་པོ་འབར་བ་མཐོང་ནས་བྱང་པ་བདག་པོས་གཟའ་བྲན་དུ་བཀོལ་ཟེར་བ་སོགས་ཀྱི་གྲགས་པས་ཁེངས་དྲེགས་ཅན་དང་བློ་ལས་སུ་མི་རུང་བ་ཐམས་ཅད་ཞི་ཞིང་དུལ་བར་མཛད། མདོར་ན་རྒྱ་ཧ་ཀ་ལིང་ཙེ་ནས་བཟུང་དབུས་གཙང་གི་བར་གྱི་འགྲོ་བ་མཐའ་དག་ཆོས་དང་ཟང་ཟིང་མི་འཇིགས་པའི་སྒོ་ནས་ཕན་བདེའི་ལམ་ལ་བཀོད། ཁྱད་པར་ཨུ་རྒྱན་སངས་རྒྱས་གཉིས་པའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་དོ། །གྲུབ་བརྙེས་མ་ལ་ཡ་ཡི་དགའ་ཚལ་ནས། །རྣམ་སྣང་ཐུགས་རྗེའི་རླུང་གིས་རབ་བསྐུལ་ཏེ། །ངོ་མཚར་སྤྲུལ་པའི་


GLG008_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བསུང་ཡོངས་འཐུལ་བ། །སྲིད་ཞིའི་རྒུད་པ་སེལ་བའི་ཆོ་ག་མཁན། །ལེགས་པའི་ལམ་སྟོན་རྗེ་བཙུན་བླ་མ་མཆོག །རིགས་ལྡན་ཆོས་རྒྱལ་རྡོ་རྗེའི་གདུང་སྲས་སུ། །བསམས་བཞིན་རྣམ་པར་རོལ་བའི་ཐུགས་རྗེའི་འོད། །སྔ་འགྱུར་བསྟན་པའི་སྣང་བ་ཆེས་ཆེར་གསལ། །དྲི་བྲལ་གཏེར་ལུང་གིས་ཟིན་ཛ་ཧྣུ། །ཆོས་ཚུལ་གངྒཱ་ཧུབ་ཀྱིས་ལེགས་བཏུངས་ནས། །བོད་དང་བོད་ཆེན་ཕྱོགས་བྲལ་གདུལ་བྱ་ལ། །ཐེག་མཆོག་ཆུ་རྒྱུན་ཆད་མེད་སྐྱུག་དེ་མཚར། །དེ་ནས་ཞ་ལྷ་ཁང་དུ་ཕེབས། གནས་གཟིགས་དང་ཁྱད་པར་ཁྱབ་འཇུག་གི་སྐུ་བརྙན་ལ་སྤྱན་གཟིགས་མཆོད་གཏོར་རྒྱས་པར་མཛད། འབྲི་གུང་རྫོང་གསར་དུ་གདན་དྲངས། ཞལ་ངོ་རྣམས་དང་མཇལ་ཕྲད་དབང་ལུང་མན་ངག་གི་གསན་ལེན་ཟང་ཟིང་གི་འབུལ་སྐྱེས་གནང་རེས་སོགས་སྔར་འཁྱུད་བཞིན་ལུགས་ལེགས་བྱུང་། དེ་ནི་འབྲི་བྱང་གཉིས་ཀ་རིག་འཛིན་མངའ་རིས་པ་ཆེན་པོའི་སློབ་རྒྱུན་རྡོ་རྗེའི་སྤུན་གྲོགས་དམ་ཚིག་ལ་བསེལ་མེད་པའི་རྟེན་འབྲེལ་དུ་གོ །སྐྱིད་ཤོད་བདེ་ཆེན་གྱི་མདུན་དུ་ཕེབས་པའི་ཚེ་ཆིབས་རགས་ཀྱི་སྔོན་དུ་རྒྱ་མི་གཉིས་ཡོད་པ་ལ་ལྕགས་སྦག་ཞིག་རྒྱག་འཇོག་པ་གནང་བར་སྐད་མ་བྱུང་བས་སྡེ་པ་སྐྱིད་ཤོད་པའི་མཚན་དོན་མྱུར་དུ་འཇིག་པར་ལུང་བསྟན། བོད་ཀྱི་རྡོ་རྗེ་གདན་ར་ས་འཕྲུལ་སྣང་དུ་ཕེབས་ཉིན་ནང་པ་རགས་ཁ་བའི་མདུན་དུ་མེ་སྦག་ཞིག་རྒྱག་བཅུག་པར་སྐད་ཤིན་ཏུ་ཆེ་བར་བྱུང་། ཇོ་ཤག་ལ་སྙན་དར་ཇུས་ཡུག་གཅིག་ཕུལ་བས་དེ་ནུབ་མནལ་ལམ་དུ་སྙན་དར་གྱི་རྟེན་འབྲེལ་དེས་གནས་འདིའི་བདག་པོ་ལ་ཇུས་ཡགས་ཡོང་ཟེར་བ་ཞིག་བྱུང་བས་སྡེ་བ་གཙང་པ་ལ་དགེ་བར་འདུག་གསུང་


GLG008_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་དུ་ས་རྟའི་སྡེ་གཟར་ལངས་ཏེ་གཙང་དཔུང་གཡུལ་ལས་རྒྱལ་བའི་རྟགས་སུ་མངོན། བྱམས་ཁང་མ་གཏོགས་པའི་མཆོད་ཁང་ཐམས་ཅད་ཞིབ་ཏུ་མཇལ་ནས་བསྟན་པ་དང་འགྲོ་བའི་བདེ་སྐྱིད་འབྱུང་བའི་སྨོན་ལམ་རླབས་པོ་ཆེ་མཛད། ར་མ་སྒང་དུ་གཅུང་རིག་འཛིན་འཕྲིན་ལས་རྣམ་རྒྱལ་དཔོན་སློབ་ཀྱིས་བསུ་བ་ལ་ཕེབས་སྐུ་མཆེད་མཇལ་འཛོམ་གནང་ནས་རྡོ་རྗེ་བྲག་ཏུ་གཞིས་ལེན་དང་བཤང་ལེན་རྒྱས་པར་མཛད། འོན་ཀྱང་རྗེ་གོང་མའི་གདུང་ལ་དཔོན་རིན་པོ་ཆེས་དོ་དམ་ཆེ་བ་མ་བྱུང་དགོངས་པ་སོགས་ཀྱི་རེ་འཁང་ལ་བརྟེན་པའི་འགལ་འཛོལ་ཅུང་ཟད་བྱུང་། དེ་ནས་སྔར་གྱི་མཆོད་ཡོན་འབྲེལ་སོ་དང་བཅས། འཕྱོང་རྒྱས་སྟག་རྩེར་སྤྱན་དྲངས། ཡུན་རིང་པོའི་བར་དུ་གདན་ཆགས། ཞབས་དྲུང་བདུད་འདུལ་རབ་བརྟན་དེ་ཉིད་ལ་ཚེ་དབང་། བླ་མ་ཞི་དྲག །ཚེ་བདག་འཆར་ཀ་སོགས་ཀྱི་དབང་ལུང་གདམས་སྐོར་མང་དུ་གནང་། ངོས་བཙས་ནས་རིང་པོར་མ་ལོན་པའི་སྐབས་དེར་འཆི་མེད་ལྕགས་གདོང་མ་དང་གཏེར་ཁ་གོང་མའི་དྲག་དམར་གྱི་སྒོ་ནས་སྨིན་པར་མཛད། མཚན་བཅས་མཚན་མེད་ཀྱི་སྲུང་འཁོར་སོགས་སྲིའུ་གསོ་བའི་རིམ་གྲོ་མང་དུ་གནང་། འཇམ་དཔལ་ཚེ་བདག་གི་སྒོ་ནས་གཏོར་ཟློག་རྒྱས་པར་མཛད་པའི་ཉིན་འཚམས་པའི་ཁྲོད་དུ་འཕྱོང་རྒྱས་ཞབས་དྲུང་དེ་ཉིད་ཀྱང་ཕེབས་ཡོད་འདུག་ཅིང་། རིག་འཛིན་ཆེན་པོ་ཧེ་རུ་ཀ་དྲག་པོར་ཁྲོས་པའི་བདུད་ཆས་སུ་ཞུགས་ནས་ཟོར་འཆམས་མཛད་པའི་ཚེ་ཕྱག་ཡ་གཅིག་ཡེ་མ་ཁྱོགས་པར་ཐུགས་རྟོག་ཟོས་ཏེ་བརྟག་པ་གནང་བས། སྦྱིན་བདག་ལ་ངན་པར་མཁྱེན་ནས། ལོ་གསུམ་ཙམ་ནས་སྐུ་རིམ་གྱིས་


GLG008_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མ་འཁོར་ན་དགྲ་ངོ་ཤིན་ཏུ་ཆེ་བ་འདུག་ཚུལ་སོགས་སློབ་སྟོན་མང་དུ་མཛད། ཚེས་བཅུའི་ཉིན་ལས་བྱང་ལེའུ་བརྒྱད་མ་དང་འབྲེལ་བའི་གར་འཆམས་ཤིན་ཏུ་རྒྱས་པའི་གཟིགས་འབུལ་གནང་བས། བྱང་པ་ཞབས་དྲུང་དཔོན་སློབ་ཐུགས་ལྷག་པར་དགྱེས་ཏེ་ཨུ་རྒྱན་མཁའ་འགྲོའི་གླིང་དུ་སླེབ་པ་འདྲ་བ་བྱུང་ཕེབས། སྡེ་པ་བྲག་ཁ་ནས་ཀྱིས་བསམ་ཡས་སུ་གདན་དྲངས། ཁམས་གསུམ་ཟངས་མཁར་གླིང་དུ་བཞུགས། བསམ་ཡས་མཆིམས་ཕུར་དཔོན་སློབ་ཉུང་འདུས་ཞིག་གིས་བདུན་ཕྲག་གཅིག་སྐུ་མཚམས་གནང་། ཆོས་གཏེར་ཞིག་བཞེས། ཆོས་དེ་ཐོག་མར་ཆོས་རྗེ་དུང་དཀར་རས་པ་ལ་སྤེལ་དགོས་ཡོད་འདུག་པ་ལ་ཁོང་པ་གཞན་དུ་བྲེལ་བས་རྟེན་འབྲེལ་མ་འགྲིག །བྲག་ཁ་ནས་ཀྱིས་ཁམས་གསུམ་འབུལ་ཞེས་ཐོག་མར་ཁས་ལེན་མཛད་ཀྱང་། རྗེས་སུ་བསམ་ཡས་རབ་བྱུང་བ་རྣམས་ཀྱི་གཡོ་ཐབས་ལ་བརྟེན་པའི་ཐོག་ཏུ་མ་ཁེལ། དབུ་རྩེ་རིགས་གསུམ་གླིང་བཞི་གླིང་ཕྲན་རྣམས་ལ་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པ་རྒྱས་པ་གནང་ཞིང་སྨོན་ལམ་རྣམ་པར་དག་པས་འཚམས་སྦྱར། བསྟན་སྲུང་གནོད་སྦྱིན་ཙི་དམར་པ་ལ་གཏང་རག་ཏུ་མཆོད་པ་སྤྱན་གཟིགས་གྱ་ནོམ་པ་དང་བཅས་ལྷ་མི་མཇལ་བའི་དགའ་སྟོན་མཛད། བྲག་དམར་གཡའ་མ་ལུང་དུ་ཕེབས། འཆི་མེད་ཚེའི་ལྗགས་བསྙེན་གནང་བས་ཚེ་ཆུ་གསར་དུ་འཕེལ་བ་སོགས་ངོ་མཚར་བའི་ལྟས་བྱུང་། འཕྲང་འགོ་ཤེལ་གྲོང་དུ་ཕེབས། སྐུ་མཆེད་མཇལ་འཛོམ་གནང་། ས་ཕོ་རྟའི་ལོ་སྡེ་གཟར་ཆེན་མོ་ལངས་ཏེ་གཙང་དཔུང་ལུམ་པར་འབྱོར། སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་དང་མཇལ་འཕྲད་མཛད། དེ་ལོ་མཚན་དོན་


GLG008_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུག་པ་དང་རྒྱ་རྒན་བ་སོགས་བློན་པོ་འགའ་ལ་མ་རུངས་པའི་བློ་ཡོད་པ་སོགས་ཐུགས་དམ་གྱི་ལྟས་ལ་ཤར་བ་གཙང་པར་རྒྱུ་མཚན་གནང་ངམ་དགོངས་ཏེ་ཕྱག་གཡོག་གཙང་པ་ཡིན་པའི་འཚོ་བྱེད་ཞིག་ལ་གསུང་འཕྲོས་མཛད་པས། དེ་འདྲ་ཐོག་ཏུ་བབ་ན་ལེགས་ཏེ་གལ་ཏེ་མི་བདེན་པ་བཞིན་བྱུང་ན་སྔར་ནས་ལུགས་མི་ལེགས་པ་དང་བཅས་སྡེ་སྲིད་ཀྱི་ཐུགས་ལ་ཅི་འཆར་མི་ཤེས་པས་མི་འགབ་ཞུས་པར་བརྟེན་གསུངས་མ་ནུས་པར་སྣང་། འོན་སྨན་ཐང་དུ་བཞུགས་དུས་ཚག་གཟི་རྒྱལ་ཕུག་གི་ཆུ་མིག་ཏུ་ཆར་འབེབས་ལ་ཕེབས། སྦྱར་སྡོང་གི་རྩ་བར་ཅོག་པུ་ཕུབ་ནས་ཐུགས་དམ་གནང་བའི་ཚེ། སྦྱར་སྡོང་སྟེང་གི་སྐྱ་གའི་ཚང་ནས་ཕྲུ་གུ་ས་ལ་འགྲིལ་བྱུང་བས་མི་ཤིས་པའི་མཚན་མ་ཆེན་པོར་དགོངས་པའི་ཐུགས་རྟོག་ཟ་བའི་མོད་ལ་བང་ཆེན་ཞིག་བྱུང་སྟེ་འཕྱོང་རྒྱས་སུ་དུས་འགྱུར་བྱུང་བའི་གནས་ཚུལ་ཕུལ། ལོ་དུས་ཀྱི་ཉིན་ཀག་ཡོད་པའི་ལུང་བསྟན་མཛད་པ་ཐོག་ཏུ་ཁེལ། སྔ་གོང་དེར་རང་ལ་དེང་སང་སྟོད་ཕྱོགས་ནས་སློབ་མ་འགངས་ཆེ་བ་ཞིག་འོང་བ་འདུག་ཚུལ་ཡང་ཡང་གསུང་བ་ལྟར། འོན་སྨན་ཐང་དུ་བཞུགས་ཐོག་སྔགས་འཆང་ཆེན་པོ་ཤཱཀྱ་བཟང་པོའི་སྐུ་སྐྱེ་ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུ་དྭགས་བརྒྱུད་རྒན་པོའི་སྐྱོ་མ་སྔ་བཙན་གྱི་རིང་ལུགས་དོར་ཏེ། གསང་སྔགས་རྙིང་མའི་བསྟན་པ་དྲི་མ་མེད་པའི་སྒོར་འཇུག་པའི་སླད་དུ་འབྱོར། ཚེ་དབང་ལྕགས་གདོང་མས་ཐོག་དྲངས། བྱང་གཏེར་གྱི་ཐུགས་སྒྲུབ་རྣམ་གསུམ། ཕྱག་རྡོར་དྲེགས་འདུལ་སོགས་དབང་ལུང་གདམས་པའི་ཆོས་


GLG008_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རྒྱ་ཆེར་བསྐོར། སྤྲུལ་སྐུ་རིན་པོ་ཆེ་ཉིན་བྱེད་གླིང་ནས་ཕྱིར་བྱོན་ཏེ་རིང་པོར་མ་ལོན་པས། རྟོག་གེ་པའི་ཉམས་ཀྱིས་ཚོགས་འཁོར་གསོལ་བ་ལ་འཚེར་སྣང་དང་། དྲེགས་འདུལ་གྱི་ལས་ཚོགས་ལ་སེམས་ཅན་ལ་གནོད་པ་བྱེད་པ་འབའ་ཞིག་ཏུ་འདུག་དགོངས་པའི་ལོག་རྟོག་སྣ་ཚོགས་ཤར་བ་ན། རིག་འཛིན་ཆེན་པོས་སྤྲུལ་པའི་སྐུ་ལ་སྤྱན་གཅེར་གྱི་གཟིགས་ནས། གསང་སྔགས་རྙིང་མ་འདི་ལ་དྲག་པོ་མངོན་སྤྱོད་ཀྱི་སྐོར་མངས་པས་ཐུགས་ཁྲེལ་ཡོད་དམ་གསུང་བ་ན། མཚན་ཉིད་པའི་ཁྱད་གསོད་དང་ང་རྒྱལ་གྱི་ཧམ་ཐུལ་ཡུལ་བུད་དེ། བླ་མ་དང་ཆོས་ལ་མི་ཕྱེད་པའི་མོས་པ་གཏིང་ནས་འཁྲུངས་པས་རྙིང་མ་བའི་སྔགས་འཆང་དུ་གཙང་སིང་གི་སོང་ངོ་། །གཙང་ནས་སྡེ་པ་ཐོབ་རྒྱལ་བའི་གདན་འདྲེན་བྱུང་བ་བཞིན་འགྲུལ་དུ་ཞུགས། དེའི་ཚེ་སྡེ་པ་བྲག་ཁ་ནས་ཀྱིས། གདན་འདྲེན་ཞུས་པ་ལྟར་ཕེབས། ཞག་ཁ་ཡར་བཞུགས་ཤིང་བསྙེན་བཀུར་རྒྱས་པར་བསྟབས། མཆོད་ཡོན་གཉིས་ཀ་ཉང་པོ་གྲུ་ལ་བྱོན་པར་གྲུ་ཕ་རིར་འགྲོ་མ་ཉན་པ་ལ་འོན་གྱི་གཞི་བདག་ཕོ་ལྷ་རྒྱ་རྒོད་ཀྱི་ལྷ་འཁྲེན་དུ་དགོངས་ནས། གསེར་སྐྱེམས་དང་བཅས་བཀའ་བསྒོས་པས་གྲུ་མདའ་འཕངས་པ་ལྟར་སོང་། དེ་ནས་ཡར་ཀླུངས་ཕྱོགས་སུ་འགྲོ་ཕན་དང་ཁྲ་འབྲུག་གི་གནས་མཇལ་སོགས་མཛད། རིམ་གྱིས་གྲྭ་དོལ་བརྒྱུད། ཆུ་བོ་རི་ནས་བྱང་ཁར་དོན། ཐོག་མར་སྡེ་པ་སྙེ་མོ་བས་གདན་དྲངས་ཏེ་ཕེབས། དབང་རྗེས་གནང་རིམ་གྲོ་སོགས་འདོད་སྦྱར་གྱི་བཀའ་དྲིན་མཛད། དེའི་ཚེ་སྙེ་མོའི་ལ་རྒྱབ་ཏུ་ཡོལ་གོར་ཇིང་གིས་ཁྲིད་པའི་ཧོར་སོག་གི་དམག་མང་པོ་སླེབ། ལུང་བསྟན་ཏུ་བྱང་ཁ་


GLG008_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་བརྒྱད་བཤད་པའི་མང་ཚན་ཕག་སྣ་ཟེར་བ་དེར་སོག་ཟློག་ལ་དམིགས་ནས་རིག་འཛིན་མངའ་རིས་པ་ཆེན་པོས་མཆོད་རྟེན་ནག་པོ་ཞིག་བཞེངས་པ་དུས་ཕྱིས་བདག་རྐྱེན་མེད་པར་ཞིག་རལ་ཆེན་པོ་བྱུང་ཡོད་འདུག་པ་ལ་ཞིག་གསོས་མཛད་ཅིང་སོག་ཟློག་གི་རིགས་གནང་བས། འབྲི་གུང་བཤགས་རམ་སྒྲུབ་སྡེ་བའི་བླ་མ་དེས། ཞབས་དྲུང་བླ་མ་རིན་པོ་ཆེ་སྐུ་ན་བགྲེས་པོ་ལ་ཐུགས་ཚོད་ཆུང་བ། ཕྱག་གཡོག་ཚོད་ཡོད་པ་ཅིག་ཀྱང་མེད་པ་འདྲ། སོག་པོ་ལ་རྒྱབ་ཏུ་སླེབ་པ་ག་ལ་བཟློགས་ཟེར་ནས་སྐུར་པ་སྣ་ཚོགས་བཏབ་བས། སང་དེ་སོག་པོ་རྣམས་འུར་ཞོགས་ཤིག་བྱུང་སྟེ་བྲོས་པ་ན་མི་ཀུན་ཧ་ལས། བླ་མ་དེས་ཀྱང་རིགས་རྒྱུད་དང་སྐུ་སྐྱེས་ཁྱོགས་པའི་མཐུ་ནུས་ཡོད་བདེན་ཡིན་པ་འདུག་ཟེར་རོ། །སླར་ཐོབ་རྒྱལ་ནས་གདན་འདྲེན་བྱུང་བས་ཡར་ལམ་ལྷང་ལྷང་མ་སོགས་གཏེར་གསར་གྱི་གནས་རྣམས་མཇལ་ཏེ་ཐོབ་རྒྱལ་རྫོང་དུ་ཕེབས། གཞིས་ལེན་དང་ཤང་ལེན་རྒྱས་པར་མཛད། ཟབ་ཕུ་ལུང་གི་གནས་མཇལ་ལ་ཕེབས། ཟངས་མདོག་དཔལ་རིའི་རྩེ་ནས་བོད་ཀྱི་གཞི་བདག་རྣམས་ལ་བག་ཆགས་སྟོབས་འཇོམས་ཀྱི་ཁྲུས་མཛད། ལྷ་བསངས་བརྒྱགས་རྔན་དང་བཅས་བཀའ་ནན་རབ་བརྗིད་ཀྱི་སྒོ་ནས་ལྷ་སྲིན་དམ་ལ་བཏགས། དེའི་ཚེ་ན་ནམ་མཁའི་མཐོངས་སུ་སྤྲིན་དཀར་པོ་ཞིག་ནར་གྱི་བྱུང་བའི་སྟེང་དུ་ཨུ་རྒྱན་རིན་པོ་ཆེ་བཞུགས་པ་མངོན་སུམ་དུ་གཟིགས། གཏེར་ལུང་རྣམས་རིམ་གྱིས་མཇལ་བའི་ཚེ། གཏེར་ལུང་བརྒྱད་པར་ཉེ་བ་ན་ཕྱག་གཡོག་རྣམས་བཞག་སྟེ་ཆིབས་བརྒྱུགས་མཛད། རི་སྒངས་ཤིག་ཏུ་སྔོན་ལ་ཕེབས་པའི་ཚེ། གཏེར་ལུང་བརྒྱད་པའི་མཚོ་ཨུཏྤལ་འདྲ་བའི་ནང་


GLG008_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་བོང་ཞིག་གི་སྟེང་དུ་འབོལ་སུམ་བརྩེགས་ཀྱི་གདན་ལ་ཨུ་རྒྱན་ཆེན་པོ་ཨཱ་ཙཪྱའི་ཚུལ་དུ་བཞུགས་པ་གཟིགས་ནས་ཕྱག་མཛད་པར་མངོན་དུ་ཕྱོགས་པ་ན། ཞམ་རིང་བ་དགེ་སློང་སྦྱིན་པ་བྱུང་བས་ཡལ་བ་ཐུགས་ལ་ཤིན་ཏུ་ཕངས་པར་གྱུར་པས། རིག་འཛིན་བི་ཤཱ་ཌཱ་ཀིས། དགོངས་པ་དབྱེར་མེད་གྱུར་ཀྱང་ཆུ་ཟླའི་ཚུལ། །རིགས་ཀུན་བདག་པོ་པདྨ་སཾ་བྷ་ཝ། །དངོས་དང་སྤྲུལ་པའི་ཞལ་སྐྱིན་མངོན་སུམ་དུ། །གཟིགས་ནས་ཇི་བཞིན་གསོལ་དེར་གསོལ་བ་འདེབས། །ཞེས་སོ། །སླར་ཐོབ་རྒྱལ་དུ་ཕེབས། དཔོན་ས་ཡུམ་སྔར་ནས་སྟེང་གྲིབ་ཀྱིས་ཟིན་པའི་གཡས་སྟར་རྒྱུད་འགུལ་མི་ཤེས་པ་ལ་བྱིན་རླབས་མཛད་པས་གཞི་མེད་དུ་གསོས། སྡེ་བ་དེ་སྤྱིར་རྙིང་ལུགས་ལ་གུས་ཤིང་དེའི་ནང་ནས་ཀྱང་རིག་འཛིན་ཆེན་པོའི་བརྒྱུད་འཛིན་ཁོ་ན་ལ་དད་པ་ཆེ། དེའི་རྒྱུ་མཚན་ཡང་ཐོབ་རྒྱལ་བའི་བློན་པོ་གངས་བཟང་བའི་མི་ངོ་དཔོན་པོ་སྨོན་སྐྱིད་པ་ཟེར་བ་དེ་བླ་མ་སོག་ཟློག་པར་རྩ་བའི་བླ་མ་འཆོལ་བས། སྐབས་ཤིག་ཏུ་བླ་མ་སོགས་ཟློག་པ་ཐོབ་རྒྱལ་དུ་བྱུང་སྟེ། སྣང་རྩེ་ནས་ཀྱི་གཏེར་མའི་ལུང་བསྟན་ཏུ། སྡེ་པ་ཕྱག་ན་རྡོ་རྗེའི་སྤྲུལ་པར་ཡོད་ཚུལ་འདི་བཞིན་ཡིན་ཞེས་ལུང་བསྟན་ཁུལ་བུ་བསྟན་ཅིང་བསྔགས་བརྗོད་ཆེན་པོ་བྱས་པ་ལ་སྡེ་པ་དེས་ཅི་ཡིན་མི་ཤེས་སྙམ་ནས་ལུང་བསྟན་ལ་བདག་གིར་དང་བླ་མ་ལ་བདག་རྐྱེན་ཆེར་མ་བྱས་པས་ལོ་གཅིག་གཉིས་སོང་བ་ན་ཁོང་གིས། སྣང་རྩེ་ནས་ཀྱི་གཏེར་ལུང་དུ་སྡེ་པ་ཐོབ་རྒྱལ་བ་བདུད་ཡིན་ཚུལ་འདི་བཞིན་ཡོད་ཅེས་མི་འགའ་ལ་བསྟན་ཅིང་བསྒྲགས་པ་སྡེ་པས་ཐོས་པ་ལ་བརྟེན་ཞེ་ཁྲེལ་ཏེ་ཕྱོགས་དེ་ལ་མི་མོས་པ་ཡིན་ཚུལ་ཐོབ་རྒྱལ་བའི་དྲུང་འཁོར་རྒྱུས་ཅན་འདྲས་གླེང་ངོ་། །དེ་རིགས་


GLG008_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཕྲོས་དོན་སྡེ་བ་སྣང་རྩེ་བས་ཁོ་རང་མི་དགའ་བའི་བླ་མ་སྡེ་དཔོན་མང་པོར་ལུང་བསྟན་ངན་པ་བྱས་པས། བྱ་ཡུལ་དུ་འབྲུག་པ་སྤྲུལ་སྐུ་པདྨ་དཀར་པོ་དང་རིག་འཛིན་ཆེན་པོ་མངའ་རིས་པ་གདན་འཛོམ་པའི་ཚེ་འབྲུག་པ་སྤྲུལ་སྐུས། སྣང་རྩེ་ནས་ཀྱིས་ཁྱེད་རང་ཞང་བློན་ཁྲ་མགོ་ཡིན་ཟེར་བའི་ལུང་བསྟན་བྱས་ཡོད་འདུག །ངས་ཁོང་བར་ལུང་བསྟན་ངན་པ་ཞིག་རྩོམ་པས་དེ་ཁྱེད་རང་གི་གཏེར་ཆོས་ཁྲོད་དུ་ཆུག་གསུང་བ་ལ། རིག་འཛིན་རྗེས། ཁོང་རང་ཅི་གསུང་རུང་ང་ནི་ཨུ་རྒྱན་རིན་པོ་ཆེའི་གཏེར་ཆོས་སུ་གང་འདུག་ལས་རང་གི་དགའ་སྡུག་ལ་བརྟེན་པའི་བཟང་ངན་འཇུག་མི་ནུས། བླ་མ་མཁའ་འགྲོའི་བཀའ་ཆད་དང་སྲུང་མའི་འཚུབ་ཡོང་གསུངས་པས་འབྲུག་པ་ཞལ་སྐྱེངས། འབྲུག་པ་རང་ལ་ཡང་ལུང་བསྟན་ངན་པ་ཡོད་སྣང་བའི་ལན་ལེན་རྩིས་ཀྱི་ལས་འབྲས་རྒྱབ་བསྐྱུར་གྱི་རྣམ་པར་འདུག་པས། ཚུལ་དེས་ཀྱང་ལེགས་ལྡན་རྗེ་ལ་གཟུར་གནས་ཀུན་གྱིས་བསྔགས་པར་བྱེད་དོ། །སྡེ་པ་ལ་ཐུགས་སྒྲུབ་རྣམ་གསུམ་སོགས་ཀྱི་བཀའ་དབང་མཛད་པའི་ཚེ། བྱིན་ཕབ་པ་ན་སྡེ་པ་འདར་བ་དང་དགོད་པ་སོགས་བྱུང་ལ། རྗེ་ཉིད་ཀྱི་ཕཊ་ཀྱི་སྒྲ་དྲག་པོ་དང་བཅས་ཏེ། དེ་ཀའི་ངོ་བོ་ལ་ལྟོས་ཤིག་གསུངས་པ་ན། ཇ་དཀར་ཡོལ་གང་འཐུང་ཡུན་ཙམ་ཀ་དག་ལ་ཆམ་གྱི་གནས་པ་སོགས་ལས་འཕྲོ་སད་པའི་རྟགས་ངོ་མཚར་བ་བྱུང་། ཡོལ་མོ་སྤྲུལ་པའི་སྐུ་ཆེད་གཉེར་གྱིས་བྱོན་པ་ལ་ཟླ་བ་བཞི་ཙམ་གྱི་རིང་བྱང་གཏེར་གྱི་ཕུར་པ་ལུགས་གསུམ། འཇམ་དཔལ་ཚེ་བདག་པད་ལུགས་དང་གནུབས་ལུགས་ཀྱི་ཕྱི་ནང་གསང་བའི་སྐོར་སོགས་སྨིན་བྱེད་ཀྱི་དབང་། སྦྱིལ་བྱེད་ཀྱི་འཁྲིད། རྒྱབ་རྟེན་གྱི་ལུང་། ལས་བཞིའི་འཕྲིན་ལས་སྒྲུབ་པའི་


GLG008_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བཞེས་མན་ངག་དང་བཅས་པ་རྫོགས་པར་གནང་། སྡེ་པ་ཐོབ་རྒྱལ་པའི་སྐུ་རིམ་ལ་ཁྲོ་རོལ་ཚེ་བདག་སོགས་ཀྱི་གཏོར་ཟློག་ཆེ་ཕྲ་མང་དུ་མཛད། ཨེ་ཝཾ་ལྕོག་སྒར་བའི་གྲྭ་ཚང་རྣམས་རེ་ཞིག་སྡེ་པའི་སྐུ་རིམ་ལ་ཐོབ་རྒྱལ་དུ་འཇོག་པ་གནང་ནས་དཔོན་སློབ་ཉུང་འདུས་དབུས་སུ་ཕེབས། དེ་དུས་གཙང་སྐུར་ཟློས་པའི་སྡེ་གཟར་ཆེན་པོ་ལངས་པ་དང་འགྲིག །ཡར་ཀླུངས་སུ་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་དང་མཇལ་འཛོམ་གནང་། མཆོད་གཞིས་འོས་འགའ་ཞིག་འབུལ་སྦྱོར་མཛད། བྱུས་ཐག་ཆོད་ནས་དཔུང་གྱེས་གདོང་ལ་དོལ་སྔོན་རྫོང་དུ་གཙང་པ་བཞུགས་ཐོག་མཇལ་བར་ཕེབས་པས། ཉིན་མོ་སྡེ་སྲིད་ཐུགས་བྲེལ་གྱིས་གཡེངས་ཏེ་མུན་རུབ་པ་དང་གདན་འདྲེན་བྱུང་བས། ང་སྔགས་པ་དང་མཚན་མོ་མཇལ་བ་ལ་དགའ་རྒྱུ་ཨེ་ཡོད་མི་ཤེས་གསུངས། གང་ལྟར་མཆོད་ཡོན་བར་དུ་དམ་སེལ་ཆེ་བ་དང་། རྗེ་ཉིད་པད་གནུབས་ཀྱི་གདམས་པ་ཟབ་མོ་ལ་ནང་བྱན་ཆུད་པའི་ལྟས་ངན་གཡང་དུ་ལོན་པས། སྡེ་པ་ཕུན་ཚོགས་རྣམ་རྒྱལ་འབྲུམ་པའི་སྙུང་ནད་ཀྱིས་བཏབ་པ་ལ་ཟླ་བར་ཉེ་ནས་ཀྱང་སྣག་ཆུ་འཁོར་རྒྱུ་མེད་པའི་གསོ་བྱེད་མཁན་པོ་རྣམས་ཀྱིས་བཅོས་སུ་དཀའ་བ་ཞིག་བྱུང་ནས། འཆི་བདག་བཻ་ཝ་སཏྭའི་ལྟོ་བའི་གྲོང་ཁྱེར་དུ་གཤེགས་སོ། །དེ་ནས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་ཕྱག་དང་ཞབས་སྐོར་གཉིས་ཀ་འབུམ་ཐེར་རེའི་སྒོ་ནས་བསག་སྦྱང་དང་། དཀར་མེ་ཞལ་ཟས་སོགས་མཆོད་པ་ཉིན་སྟར་གྱིས་བཤམས་ཤིང་། དཀར་མེ་རུ་བའི་རྒྱུན་བཙུགས་ཏེ་རྣམ་དཀར་གྱི་དགེ་ཚོགས་རྒྱ་ཆེར་སྤེལ། དབུ་རྩེ་རིགས་གསུམ་གླིང་ཕྲན་ཇོ་མོ་གླིང་གསུམ་རྣམས་ཀྱི་


GLG008_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འགངས་ཆེ་བ་སོ་སོའི་མདུན་དུ་རེས་མོས་ཀྱིས་དུས་ཆེན་དགུའི་གསོ་སྦྱོང་བཞེས། བསམ་ཡས་ཀྱི་སྡེ་པའི་ཇོ་མོ་ལ་གནོད་སྦྱིན་ཆེན་པོ་ཤིན་ཏུ་གནོད་པར་བྱུང་བས་ཐབས་ཞུས་པར་རཱ་ཛ་རྒྱུ་ལམ་གཅོད་པའི་འཁོར་ལོ་སྒོ་ལ་སྦྱར་བ་ན། ཆོས་སྐྱོང་ཆེན་པོ་ཐུགས་ཁྲོས་ཏེ་སྤེ་དཀར་ལྕོག་ཏུ་ལྷ་མི་འཛོམ་ཐོག་ཏུ། ང་རང་ཤ་རང་གིས་ཟ། རང་ཁྲག་རང་གིས་འཐུང་དབང་མི་འོང་བ་ཅི་ཡིན། ཁྱོད་འཇིགས་ན་ང་ལུས་རྟེན་འདི་ལས་ཕྲོལ་ནས་ལྷ་གནས་སུམ་ཅུ་རྩ་གསུམ་དུ་སྐྱོལ་དང་སོགས་འཇིགས་འཇིགས་མང་དུ་གསུང་བ་ལ། ང་སེམས་ཅན་གྱི་དོན་བྱེད་མཁན་ཡིན་པ་ལ་སྲུང་བ་ནི་འདོགས་དགོས་བྱུང་། རྒྱལ་འགོང་ཕྲ་རགས་དཀྱུས་མའི་རིགས་མ་གཏོགས་ཁྱེད་བསྟན་སྲུང་རྣམས་ལ་གནོད་པ་ནི་མ་བྱས་སོགས་འཇམ་པའི་སྒོ་ནས་གསུངས་པ་ལ་ཆོས་སྐྱོང་ཁྲོ་བ་མ་ཞི་བས། རིག་འཛིན་ཆེན་པོས་ཕྱག་གི་རྡོ་རྗེ་དེ་ཕྱར་ཐབས་དང་བཅས་ཏེ། འོ་ན་བདེན་པ་སུ་ལ་ཡོད་བལྟ་བས་ཁྱེད་རང་དམོད་བོར་ཞིག་གསུངས་པ་ལ། ཆོས་སྐྱོང་ཆེན་པོས་ནས་ནམ་མཁའ་ལ་གཏོར་བས་ཆོས་སྐྱོང་གི་ཕྱོགས་སུ་ནག་པོ་དང་རྗེའི་ཕྱོགས་སུ་དཀར་པོ་བབས། དེ་ནས་ཀྱང་འཚུབ་འགྱུར་མ་ཞི་བས། ཐུགས་འུར་ཏེ། ཁྱོད་འཇིགས་ན་ངའི་གནས་ཚང་འགག་གི་ཡུ་འབོག་སྡོང་པོ་འདི་བསྒྱེལ་ཐུབ་པ་གྱིས། ང་འཇིགས་ན་ཁྱོད་ཀྱི་བཙན་ཁང་འགག་གི་དར་པོ་ཆེ་འདི་བསྒྱེལ་ཐུབ་པ་བྱེད་གསུངས་ནས་བཞུགས་མཚེར་དུ་ཕེབས། ཁྱབ་འཇུག་གི་ཐུན་གཏོར་གནང་བས་རླུང་ཚུབ་ཆེན་པོ་ཞིག་གློ་བུར་དུ་ལངས་ནས་སྤེ་དཀར་ལྕོག་གི་དར་པོ་ཆེ་བཅག །མཁན་ཚང་པ་རྣམས་ཀྱིས་སྡེ་པ་བྲག་ཁ་བ་བསྒུལ་ནས་སྡེ་པས་ལྷ་མི་དམ་ཚིག་སྲེ་བའི་བར་ཞུས་ཏེ་སྤེ་དཀར་


GLG008_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

ལྕོག་ཏུ་གདན་དྲངས། དེའི་ཚེ་ཐང་ལྷའི་གསོལ་ཀ་མཛད་ནས་འདིའི་གནས་སྲུང་ཐང་ལྷ་ལ་བཅོལ་བས་ཁྱོད་རང་བྱེད་མི་དགོས། ཨུ་རྒྱན་རིན་པོ་ཆེས་མ་འོངས་པ་ཐང་ལྷས་བྱེད་པར་གསུངས་ཡོད་ཅེས་པ་དང་། ཁྱོད་ཀྱི་སྲོག་སྙིང་ང་ལ་ཡོད། ངའི་སྲོག་སྙིང་ཁྱོད་ལ་མེད་ཅེས་བབས་ལྕི་བའི་གསུང་བྱོན་པ་ནི། འཁོར་འདས་ཀྱི་ཚེ་སྲོག་ཐམས་ཅད་ལ་དབང་སྒྱུར་བའི་ཕྱག་རྒྱ་ཟིལ་གནོན་གྱི་སྐུར་བཞེངས་པའི་རྟགས་སོ། །དེ་ནས་ལྷ་མི་དམ་ཚིག་སྲེ་བར་མཛད། ཆོས་སྐྱོང་གི་དབུ་ལ་རྡོ་རྗེ་འཇོག་པ་སོགས་དམ་བསྒྲགས་སོ། །ཟངས་རི་ཕྱོགས་སུ་ག་ཇག་པ་འཕུར་བའི་ཚེ་ཉི་མ་སྒྲིབ་པ་ཙམ་གྱི་མང་པོ་བྱུང་ནས་ལོ་ཐོག་ལ་གནོད་པ་ཆེན་པོ་བྱས་པར། མི་མང་པོས་དར་འཕྱར་བ། དུང་སོགས་རོལ་མོ་འབུད་དཀྲོལ། གདན་ས་ཐིལ་གྱི་རྟེན་བྱིན་རླབས་ཅན་རྣམས་འོང་སྐོར་དུ་གདན་འདྲེན་བྱེད་པ། ཞྭ་དམར་ནག་གི་ཕྱག་ནས་གཏོར་བ་སོགས་ཐབས་ཇི་ལྟར་བྱས་ཀྱང་མ་ཕན། དེའི་ཚེ་རིག་འཛིན་ཆེན་པོ་དབྱེའི་ཆུ་ཚན་ལ་ཕེབས་པའི་སྐད་ཅ་ཚོར་ནས་གདན་དྲངས། འོངས་སྐོར་ལ་ཕེབས་ནས་སྔགས་དང་ཏིང་ངེ་འཛིན་གྱིས་བྱིན་རླབས་མཛད་པས་ག་ཇག་པ་རྣམས་ཙ་རི་དང་ཡར་ལྷ་ཤམ་པོའི་ཕྱོགས་སུ་བྲོས། དེ་དག་གི་སྙན་པ་ལ་བརྟེན་ནས་རོང་ཆད་དཀར་དུ་སྡེ་པ་རྒྱ་རི་བས་གདན་དྲངས། ལྷ་ཀརྨ་ཆོས་རྒྱལ་བ་དེ་སྣང་རྩེ་ནས་ཀྱི་ལུང་བསྟན་འདྲ་ལ་བརྟེན་ནས་ལོག་ལྟ་ཞིག་ཡོད་འདུག་པས་རང་བཞིན་གྱིས་མཇལ་འཕྲད་ལས་ཆོས་ཞུ་བ་སོགས་ནི་མ་མཛད། དེའི་ཚེ་ཆད་དཀར་རྫོང་གི་བཀང་གསོ་བ་གནས་བརྟན་རྒན་པོ་ཞིག་གིས། ཞབས་དྲུང་འདི་རྙིང་མ་བ་མ་བྱས་ན་ཡོང་བ་འདུག་སྟེ་བྱེད། ངེས་པར་བྱེད་


GLG008_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ན་བྱང་པ་བདག་པོ་འདི་ཁུངས་བཙུན་པ་འདུག་སྟེ་འདི་ལ་ཆོས་མི་ཞུ། ཁུངས་མེད་རྐྱང་པ་ལ་ཆོས་ཞུ། རྫི་ཆུང་ཞེས་སྐུར་པ་བཏབ་ཚུལ་བྲག་སྣ་ཆོས་རྗེ་སོགས་རྒྱུས་ཅན་འགས་གླེང་ངོ་། །དེ་ནས་ཡར་ཀླུངས་ཕྱོགས་སུ་ག་ཇག་པའི་གནོད་པ་བྱུང་བ་ལ། དྲུང་འཚོ་བློ་རྣམ་པ་དང་དམག་དཔོན་བཞི་པོས་གདན་དྲངས། ག་ཇག་པ་རྣམས་སྔར་བཞིན་ཕྱོགས་གཞན་དུ་སོང་། དེ་ལོ་ཞོད་ཆེས་པས་ཤེལ་བྲག་གི་རི་ནས་ཤྭ་འོད་དང་རྦབ་གཡག་ཤད་ཙམ་མང་པོ་འགྲིལ་ནས་བཙན་ཐང་དང་དེའི་རྒྱུད་ཀྱི་འོངས་པ་རྣམ་ལ་གནོད་པར་མངོན་དུ་ཕྱོགས་པ་ན། སྤྱན་གྱི་གཟིགས་སྟངས་དང་སྡིགས་མཛུབ་མཛད་པས་ཕར་འགྱུར། བར་སྐབས་སུ་ཐན་པ་ཆེན་པོ་བྱུང་བར་རྩེས་ཐང་བསྟན་མའི་ཆུ་མིག་ཁར་ཞག་གསུམ་བཞུགས་ཏེ་ཆར་འབེབས་མཛད་པས་ཆར་ཆེན་པོ་ཕྱོགས་ཀུན་ཏུ་ཁྱབ་པར་བབས། རྟེན་མཁར་དེ་ལ་ཐུགས་དོགས་ཟོས་ཏེ། རྟེན་མཁར་རྙིང་པ་དེ་འདི་མིན་པའི་གཙུག་ལག་ཁང་གི་ལྟག་དེར་ཡོད་ཚོད་དུ་འདུག །བུ་མོ་སྟག་ལོ་མ་མིང་དང་དབྱིབས་འདི་འདྲ་བ་ཞིག་ཚོལ་གསུང་བ་བཙལ་བས་རྙེད། དེ་ལ་བསྟན་མ་བབས་ཏེ་ལྷ་མི་ཐམས་ཅད་ཀྱིས་གཙུག་ལག་ཁང་གི་ལྟག་དེར་བྱོན། ས་བརྐོས་པས་སྔར་བསངས་བཏང་བའི་ཤུལ་སོགས་ཐོན་པས་ངེས་ཤེས་རྙེད། བསྟན་མས། འདི་ཀ་ཡིན་ཞེས་གསུངས། ཡར་ཀླུངས་སྟོད་སྨད་ཀྱི་མི་ཐམས་ཅད་དད་པ་དབྱར་མཚོ་ལྟར་འཕེལ། ཐུགས་རྗེ་ནུས་པ་མངོན་མཁྱེན་གྱི་སྒྲ་སྐད་ཐོན། འོན་དུ་ཕེབས་དུས་ཤིག །སྐུ་མཆེད་བར་གྱི་སེལ་ཞི་བའི་དགའ་སྟོན་ལ། རྒྱལ་སྲས་རྣམ་གཉིས་ལྷན་ཏུ་བཞུགས་ཐོག་གྲྭ་རིགས་སྦྱིན་བདག་རྣམས་ཀྱིས་བསྙེན་བཀུར་དང་འབུལ་བ་


GLG008_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེར་བྱས། དབོན་རིན་པོ་ཆེ་སོགས་སྒར་དམངས་འཕྲང་མགོར་བཏེག །རིག་འཛིན་ཆེན་པོ་ཤེལ་བྲག་ཏུ་སྐུ་མཚམས་ལ་བཞུགས། འདིའི་དུས་ཡི་དམ་ཆོས་སྐྱོང་གི་གཟིགས་སྣང་དང་ལུང་བསྟན་མང་དུ་བྱུང་། གོང་དཀར་དུ་གདུང་བརྒྱུད་ཉག་ཕྲ་བ་ལ། བླ་ཆེན་དང་བླ་ཆུང་སུས་ཐབས་བྱས་ཀྱང་མ་ཕན་པར་ཐམས་ཅད་ཀྱི་ཕྱག་མཛོད་ཕུག་ལ་སྔོན་ལས་ཀྱི་སྒྲ་བོ་ཆེ་ལ་འབྲོས་ཁུངས་འཆོལ་བའི་ཚེ། རྗེ་ཉིད་ཀྱི་སྙན་པ་གསན་ནས་གོང་དཀར་དུ་གདན་དྲངས། སྡེ་སྲིད་ཕག་མོ་གྲུ་པའི་དབུའི་བླ་མཆོད་དུ་བཀུར་སྲིད་འཕེལ་གྱི་བྱིན་རླབས་དང་རྟེན་འབྲེལ་མཛད་པས་གདུང་རྒྱུད་འཁྲུངས་ཏེ་ཐུགས་མོས་ཇེ་ཆེར་སོང་། སྡེ་པ་ཐོབ་རྒྱལ་བ་འགྲོངས་པར་ཐུག་ནས་རིག་འཛིན་འཕྲིན་ལས་རྣམ་རྒྱལ་ལ་གདན་འདྲེན་ནན་ཆེར་བྱུང་སྟེ་ཕེབས་པས། རོང་གི་ཆབ་ཚན་མ་འཕྲོད་པར་སྐུ་ཁམས་ལོག་སྟེ་འཕྲང་འགོར་ཕེབས་ཙམ་ལ་ཞིང་ཁམས་འཕོས། རྗེ་ཉིད་བྲག་ཁར་བཞུགས་པ་དང་འགྲིག་ནས་ངོས་ཀྱིས་ཞལ་མཇལ་མཐུབ་ཀྱང་དགོངས་པ་རྫོགས་ཐབས་རྒྱ་ཆེར་མཛད། དཔལ་བཀྲ་ཤིས་སྟོབས་རྒྱལ་གྱི་གསེར་གདུང་ལ་ཞིག་གསོས་དང་གཟུངས་གཞུག་རབ་གནས་མཛད་དེ། ཡབ་སྲས་གཉིས་ཀའི་ཕྱི་རྟེན་གྱི་ཚུལ་དུ་བཞུགས་པས་ནམ་མཁའ་ཐམས་ཅད་འཇའ་སྤྲིན་གྱིས་ཁྱབ་བོ། །བྲག་ཁར་ཕེབས། ག་ཇག་པ་ཐོག་མར་བྱུང་ས་རྒྱ་མཚོ་སྦུག་ཏུ་འགོང་རྫོངས་མཛད་པས་དེ་ནས་བཟུང་ག་ཇག་པའི་གནོད་པ་སྟོད་སྨད་ཀུན་ཏུ་མ་བྱུང་། སླར་དྲུང་འཚོ་བློ་རྣམ་པ་སོགས་ཀྱིས་ཡར་ཀླུངས་སུ་གདན་དངས། བསྟན་མའི་སྐུ་མཁར་གསར་པ་ལ་རྟེན་འཛུགས་དང་སྒེར་གསོལ་མཛད། བུ་མོ་ལོ་དགུ་པ་ཞིག་ལ་བསྟན་མ་བབས་ནས། བཀའ་དྲིན་ཆེ་ཟེར་ནམ་མཁའ་


GLG008_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནས་གཏོར་ནས། རྩ་གསུམ་གྱི་ལྷ་ཚོགས་མཐོང་བའི་བརྡ་དང་། དུས་རྟགས་ཀྱི་ལུང་བསྟན་མང་པོ་ཞུས། ཟུར་ཆེན་རྡོ་རྗེ་འཛིན་པ་གྲྭ་སྐོར་ལ་ཕེབས། དཔོན་སློབ་ཀྱི་རྟེན་འབྲེལ་ཐོག་མར་འགྲིག །གོང་པོ་རིའི་ཕྱོགས་བཞི་ཐུགས་རྗེ་ཆེན་པོའི་ཡིག་འབྲུ་རེ་རེ་རང་བྱོན་དུ་ཡོད་པ་ལ། རྗེའི་ཡི་གེ་རང་བྱོན་དེ་རིག་འཛིན་ཆེན་པོས་གཟིགས་ཏེ་ཀུན་ལ་སྟོན་པ་མཛད། དེ་ནས་ཟ་ཕུ་གདན་ས་པས་བསམ་ཡས་ཀྱི་ཞིག་གསོས་ལེགས་པར་གྲུབ། ཨུ་རྒྱན་ཆེན་པོའི་ལུང་བསྟན་ན་བོད་ཙམ་ན་ཆེ་བའི་སྔགས་པ་ཞིག་གིས། རབ་གནས་དང་ལྷ་སྲིན་དམ་ལ་བཏགས་ན་བོད་ལ་བདེ་སྐྱིད་འབྱུང་བར་གསུངས། ཟ་ཕུ་གདན་ས་པས་ཉམ་ཁོག་ཏུ་ཆུད་དེ་ངེས་ཤེས་འདྲོངས་ནས་རིག་འཛིན་ཆེན་པོ་འདི་གདན་དྲངས། མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ལ་རབ་ཏུ་གནས་པ་མཛད། ཧས་པོ་རིའི་རྩེ་ནས་བཀའ་ནན་རབ་བརྗིད་ཀྱི་ཆོ་གས་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དམ་ལ་བཏགས། དེ་ལ་ནན་ཏན་མཛད་པའི་རྒྱུ་མཚན་ཡང་། རིག་འཛིན་ཡོངས་འདུས་ཀྱི་ལུང་བྱང་ལས། །བསམ་ཡས་གཙུག་ལག་གསོ་ཞིང་བདེ་འདུས་ཀྱི༔ སྒྲུབ་པ་འཛུགས་ཤིང་མངའ་གསོལ་རབ་གནས་བྱ༔ མཆོད་ཚོགས་བཟང་བཤམས་རྩེ་བརྒྱན་དར་ཕྱར་ནས༔ བོད་ཁམས་བདེ་སྐྱིད་དར་རྒྱས་འགྱུར་རོ་ཞེས༔ ལྔ་ཚང་འབྲུག་གི་ལོ་པས་སྣ་དྲངས་ནས༔ བསྭོོ་སྒྲ་བྱ་ཞིང་ཐེ་ལེ་ཡང་ཡང་གདབ༔ ཅེས་དང༔ ཧས་པོ་རི་ལ་ཐུགས་ཀྱི་ལྷ་གསུམ་བཞེངས༔ བསངས་དང་གསེར་སྐྱེམས་བཀའ་ནན་རབ་ཏུ་བྱ༔ ཞེས་པའི་དོན་ལ་དགོངས་སོ། །ཡར་ཀླུངས་དམག་དཔོན་བཞིས་གདན་དྲངས། བོད་ཆོས་རྒྱལ་གྱི་གནས་ཁྱད་འཕགས་མཐའ་འདུལ་གྱི་གཙུག་ལག་ཁང་


GLG008_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲ་འབྲུག་ཏུ། སྔོན་ཨུ་རྒྱན་ཆེན་པོས་རྒྱལ་སྲས་ལྷ་རྗེ་ལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དབང་གནང་བའི་དཀྱིལ་འཁོར་གྱི་སྟེགས་བུའི་མདུན་དུ་དཔལ་སྒྲུབ་པ་བཀའ་བརྒྱད་གསང་བ་ཡོངས་རྫོགས་རྡོ་ཚོན་ལ་བརྟེན་པའི་དཀྱིལ་འཁོར་དུ་སྒྲུབ་ཆེན་བཙུགས། རྒྱལ་མཐོའི་ནང་དུ་ཆུད་པའི་དབང་ཞུ་བ་སུམ་བརྒྱ་སྐོར་གྱིས་འཛབ་ཀྱི་ཐུན་འཛིན་པ་སོགས་ཕྱག་ལེན་གཙང་ཞིང་སྨན་སྒྲུབ་འཕེལ་ཆེ་ལ་དྲི་བཟང་པོས་ཕྱོགས་ཀུན་ཏུ་ཁྱབ། སྒྲུབ་པ་གྲོལ་རྒྱུའི་ནུབ་ཆོས་སྐྱོང་ཚངས་པ་དུང་ཐོད་ཅན་ཁོག་ཏུ་ཞུགས་ནས། ཨུ་རྒྱན་གྱི་རྣམ་ཐར་གསོལ་འདེབས་དེ་གདངས་མ་བྱས་ཐོན་གསུང་། སིནྡྷུ་རྒྱ་མཚོ་དང་རྣམ་ཐར་དྲི་མེད་སོགས་མང་བས་གང་ཡིན་དྲི་བར་གནང་པས། ཁྱེད་རང་ལ་གསུངས་པ་དེ་ཐོན་གསུངས། སིན་དྷུ་རྒྱ་མཚོ་ཆེ་བ་དཔོན་སློབ་ཐམས་ཅད་ཀྱིས་གདངས་མ་མཛད་པས། ཆོས་སྐྱོང་འཆི་མ་འདོན་ཞིང་སྙན་དར་གྱི་ཁྲོད་ནས་ཁ་བཏགས་གཅིག་བཀྲོལ་ཏེ་སྐུ་དེ་ལ་བཏགས། སང་ཉིན་ཨུ་རྒྱན་ཕེབས་པ་ཡོད་པས་ཐམས་ཅད་ཀྱིས་གསོལ་བ་ཐོབ་ཟེར་ནས་ཕྱིར་བྱོན་སོང་། སང་སྔ་གྲོ་གྲོལ་དབང་གི་དུས་ཁྲ་འབྲུག་གི་ནེའུ་ཐང་ཆེན་པོ་དེར་ཁྲོམ་ཁྲི་ཕྲག་ཏུ་ཉེ་བ་ཚོགས་པའི་ཚེ། ལྷོ་ནུབ་མཚམས་ནས་རྒོད་གསུམ་འཕུར་ཏེ་ཁྲོམ་གྱི་ཐད་ཀྱི་ནམ་མཁའ་ལ་སྐོར་བ་ལན་གསུམ་བྱས་ནས་ཕྱིར་ལོག་སོང་བ་ན། ཆོས་སྐྱོང་ཚངས་པ་ནི་ཨུ་རྒྱན་ཕེབས་བྱུང་ཟེར་བརྒྱལ་བའི་རྣམ་པ་བྱེད། རིག་འཛིན་ཆེན་པོ་ཡང་ནམ་མཁའ་ལ་གཟིགས་ཤིང་ཕྱག་ཐུགས་ཀར་ཐལ་མོ་སྦྱོར། དབང་གི་གྲོལ་སྟོན་གྱི་བཞུགས་གྲལ་ཐོག་བྱུ་རུ་སྤོས་ཤེལ་གསེར་གཡུ་སྣམ་ཕྲུག་ནས་སོགས་འབུལ་བ་རྒྱ་ཆེ་ཕུལ། ཕོ་བྲང་གོང་རི་དཀར་པོར་ཕེབས། ཡོལ་མོ་སྤྲུལ་པའི་སྐུ་བཀའ་ཆོས་ཀྱི་


GLG008_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་ཞུ་བར་བྱོན། གོང་དཀར་ཉིད་དུ་དབང་ལུང་མང་དུ་གནང་། རིམ་གྱི་རྡོ་རྗེ་བྲག་དུ་ཕེབས། ཡོལ་མོ་སྤྲུལ་སྐུ་གཙོ་བོར་གྱུར་པའི་ཕྱོགས་འདུས་གྱི་སློབ་མ་རྣམས་ལ་བཀའ་བརྒྱད་གསང་རྫོགས་ཀྱི་སྒྲུབ་ཆེན་དང་། གཞན་ཡང་མངའ་བདག་མྱང་། འཁྲུལ་མེད་ཀྱི་གླིང་པ་བཅུ་གཅིག །བྱང་ཆུབ་གླིང་པ་རྒྱལ་མཚན་དཔལ། རྡོར་འབུམ་ཆོས་གྲགས། མངའ་རིས་པཎ་ཆེན་སྐུ་མཆེད། ཆོས་རྒྱལ་དབང་པོའི་སྡེ་སོགས་གཏེར་ཁ་གྲངས་མེད་པའི་དབང་ལུང་ཁྲིད་མན་ངག་དང་བཅས་པ་བུམ་པ་གང་བྱོར་གནང་། ཆོས་རྗེ་ཤ་གཟུག་པ་ངག་དབང་བཀྲ་ཤིས་རྣམ་རྒྱལ་སོགས་ལ། ཀུན་བཟང་དགོངས་པ་ཟངས་ཐལ་གྱི་ཁྲིད་སྤྲུལ་པའི་སྐུས་མཛོད་ཅེས་སྐུལ་མ་གནང་བ་ལྟར་བཙུགས་པའི་ལྷུན་གྲུབ་ཀྱི་དབང་གི་ནུབ་རིག་འཛིན་ཆེན་པོའི་གཟིགས་སྣང་ལ། དཔལ་བཀྲ་ཤིས་སྟོབས་རྒྱལ་དགྱེས་བཞིན་དུ་བྱོན་པ་དང་། ཐིག་ལེ་ཐིག་ཕྲན་གྱི་དབུས་ན་ཞི་ཁྲོའི་ལྷ་མང་པོ་དང་ཁྱད་པར་ཐུབ་པ་ཆོས་ཀྱི་རྒྱལ་པོ་གསལ་བར་གཟིགས་པ་ལ། སྡུག་བསྔལ་གྱིས་ཉམ་ཐག་པའི་སེམས་ཅན་ལ་གཟིགས་ཞེས་གདུང་ཤུགས་དྲག་པོས་གསོལ་འདེབས་གནང་། སང་སྤྲུལ་པའི་སྐུ་ལ། འདི་ལྟར་བྱུང་བས་ཆོས་དེས་གཞན་རྒྱུད་སྨིན་པར་འདུག་ཅེས་གསུངས་པས། རིག་འཛིན་ཡོལ་མོ་པས། རིང་ནས་རྗེས་འབྲེལ་རྒྱལ་དང་རྒྱལ་ཚབ་ཚུལ། །ཆོས་བློན་གྱིས་སྤྲུལ་སྟོབས་ལྡན་ཤུགས་འགྲོ་རྩལ། །སྨིན་གྲོལ་གདམས་ངག་མངོན་མཁྱེན་འབྱུང་འགྱུར་ལུང་། །དུ་མས་རྗེས་སུ་གསོལ་དེར་གསོལ་བ་འདེབས། ཁྱད་པར་གང་དེས་ཞི་ཁྲོ་ལྷུན་གྲུབ་ཀྱི། །དབང་བསྐུར་སྐལ་བཟང་དང་པོའི་འཁོར་འདུས་ལ། །གྱིས་ཞེས་བཀའ་བསྒྲུབས་ཉིད་ཀྱི་


GLG008_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

མནལ་ལམ་དུ། །ཞི་ཁྲོའི་ལྷ་ཚོགས་གཟིགས་དེར་གསོལ་བ་འདེབས། །ཞེས་སོ། །སྡེ་པ་བྲག་ཁ་བས་བཀའ་འགྱུར་བཞེངས་པ་ལ་གདོན་ཆེན་པོ་ཞིག་གིས་བདག་གིར་བཟུང་སྟེ་སྐད་འདོན་པ་དང་མེ་སྟག་འཕྲོ་བ་སོགས་བྱུང་བར། གཏེར་སྟོན་འཇའ་ཚོན་སྙིང་པོ་གདན་དྲངས། སྐོར་བ་བགེགས་སྐྲོད་སོགས་མཛད་འདུག་ཀྱང་། གདན་ས་ཐིལ་པའི་ཆོས་འདོན་པ་བཅུ་གཉིས་ཙམ་གློ་བུར་དུ་ཤི་བ་སོགས་བྱུང་སྟེ་འཚུབ་མ་ཞི་བས། རིག་འཛིན་ཆེན་པོ་གདན་དྲངས། འཇམ་དཔལ་ཚེ་བདག་གི་སྒོ་ནས་དྲག་པོའི་སྦྱིན་སྲེག་བླུགས་པས་གདོན་བགེགས་ཀྱི་མིང་ཙམ་མེད་པར་གྱུར། སྐབས་ཤིག་རྗེ་བཙུན་བླ་མ་ཟུར་པདྨ་དབང་གིས་ཐུགས་སྒྲུབ་དྲག་པོ་རྩལ་དང་གཟའ་པོཏ་སོགས་ཟབ་ཆོས་མང་དུ་གསན་པར་ཕེབས། མ་འོངས་པ་ན་བསྟན་པའི་རྩ་ལག་ཏུ་འགྱུར་པར་དགོངས་ཏེ་ཆོས་རྣམས་གབ་སྦས་མེད་པར་ལྷུག་པར་གནང་ཞིང་ཐུགས་རྩིགས་ནན་ལྟར་ཆེ། ཕོ་བྲང་སྣེའུ་གདོང་རྩེ་དང་ཆོས་རྒྱལ་ཕོ་བྲང་སོགས་སུ་གདན་དྲངས། རྣམ་པར་དཀར་བའི་འཕྲིན་ལས་རྒྱ་ཆེར་སྤེལ། ཁྱད་པར་ཆོས་རྒྱལ་ཕོ་བྲང་པ་ལ་ལྷོ་བྲག་སྤྲུལ་སྐུ་གཙུག་ལག་རྒྱ་མཚོས་གཏོར་མ་མདོ་སྒྲུབ་སོགས་མཛད་འདུག་པ་ཟློག་ཐབས་དགོས་ཚུལ་ཞུས་པར། ཚེ་འཆར་སོགས་འཇམ་དཔལ་གཤིན་རྗེའི་སྒོ་ནས་རང་གཤེད་ཕབ་པས་མི་རིང་བར་ལྷོ་བྲག་སྤྲུལ་སྐུ་གཤེགས། སྤྲུལ་སྐུ་གོང་མ་གཙུག་ལག་འཕྲེང་བ་ཡང་འབྲུག་པ་སྤྲུལ་སྐུས་ངག་མནན་མཛད་པས་སྐུ་ཚེའི་འཇུག་ཏུ་ལྗགས་ལྐུགས་པ་ཞིག་བྱུང་འདུག །སྐུ་ཚེ་སྔ་ཕྱི་མཐའ་དག་མཐུ་བྱད་དུ་ཆུད་དགོས་པའི་ལས་བསགས་པ་ཞིག་ཡིན་ནམ་སྙམ། བསམ་སྡིངས་སུ་ཞབས་དྲུང་ཨུ་རྒྱན་མཁའ་སྤྱོད་མཚོ་མོ་སྟེང་གདོན་གྱིས་བསྙུན་པས་གདན་


GLG008_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས། བཅོས་ཀ་དང་བྱིན་རླབས་མཛད་པས་མྱུར་དུ་སྙུན་ནད་ལས་གྲོལ། ཁོང་དཔོན་སློབ་བོ་དོང་པའི་བསྟན་འཛིན་གྱི་གཙོ་བོ་ཡིན་ཞེས་ཁེངས་པ་ཆེ་ཡང་བསྙེམས་པ་བཏང་སྟེ་ཚེ་དབང་བརྒྱ་ཚར་སོགས་ཆོས་འབྲེལ་ཞུས། སྣ་དཀར་རྩེ་འབྲོག་ཁྲི་དཔོན་ཀུན་དགའ་དབང་ཆེན་ཕུན་ཚོགས་མཆེད་གཉིས་ཀྱིས་གདན་དྲངས། ཚེ་དབང་འགུར་དྲག་སོགས་དབང་ཆོས་ཞུས། འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་གཏོར་ཟློག་མཛད། འོན་ཀྱང་གཟའ་རྭ་གནད་ལ་མི་ཕེབས་ཤིང་རྭ་ཟོར་ལོག་པ་ཁོ་ན་བྱུང་བ་ནི་མི་འགྱངས་པར་ཡར་འབྲོག་ཏུ་སོག་པོ་རྒྱུག་པའི་རྟགས་སོ། །སྟོད་སྨད་ཀུན་ཏུ་ཕྲིན་ལས་ཆེས་ཆེར་འཕེལ་ཡང་ཕལ་ཆེར་ནི་རྡོ་རྗེ་བྲག་ཏུ་སྟན་ཆགས། ཕྱོགས་འདུས་ཀྱི་སློབ་མ་རྣམས་ལ་སྨིན་གྲོལ་གྱི་ཆོས་འཁོར་བསྐོར་བ་དང་། རྡོ་རྗེ་གསུམ་ལས་མི་འདའ་བའི་བཅད་རྒྱའི་སྒོ་ནས་བསྙེན་སྒྲུབ་ལས་སྦྱོར་བསྐྱེད་རྫོགས་ཀ་དག་ལྷུན་གྲུབ་ཀྱི་གདམས་པ་ཟབ་མོ་སོགས་ཐུགས་དམ་ཉམས་བཞེས་ལ་གཙོ་བོར་མཛད། འོན་ཀྱང་སྡེ་པ་ལྷ་རྒྱ་རི་བའི་བློན་ཆེན་གསོལ་དཔོན་རབ་བརྟན་དང་། ཀར་ལུགས་ཀྱི་གྲྭ་ཚང་ཉིན་བྱེད་གླིང་པའི་གཉེར་པ་སོགས་སྟོབས་འབྱོར་ཅན་མང་པོ་ནད་གདོན་གྱིས་གཙེས་པ་ལ་བྱིན་རླབས་ཞུ་བ། ལྔ་པའི་ལམ་དུ་གྱུར་པ་མང་པོའི་རིགས་དྲུག་གནས་འདྲེན་དང་གནས་ལུང་སྟོན་པ། གཙང་སྡེ་སྲིད་ཀྱི་དམག་དཔོན་དམག་ལས་པ་སོགས་གཡུལ་དུ་འཇུག་པ་རྣམས་ཀྱིས་མཚོན་ཆའི་སྲུང་བ། བྱ་བྱེད་ལེགས་ཉེས་ཀྱི་བླང་དོར་བརྟག་པ་ཞུ་བ་སོགས་ལ་སྟོད་སྨད་བར་གསུམ་གྱི་སྐྱེ་བོ་མཐའ་དག་མཚོ་ལ་ངང་པ་འདུ་བ་བཞིན་དུ་འོང་། དེ་ལྟར་འོང་བའི་རྒྱུ་མཚན་ཡང་། སྙན་གྲགས་དང་གྲགས་པ་དོན་དང་ལྡན་པ་གཉིས་ལས་བྱུང་བར་སྣང་། དེ་ཡང་ཁམས་ཕྱོགས་སུ་མ་ཕེབས་གོང་གི་སྔ་ཐོག་ཅིག་རོང་བདེ་སྐྱིད་


GLG008_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

པས་གདན་དྲངས། ཆིབས་ལས་བབས་པ་དང་མཉམ་དུ་རྡོ་ལ་ཞབས་རྗེས་གསལ་བར་བྱུང་ཞིང་། རྡོ་རྗེ་བྲག་གི་ལྟག་སྒོའི་རྡོ་ལ་ཞབས་རྗེས་གསལ་བར་བཞགས་པས་སྐུ་འཁོར་འདྲས་འདི་ལྟར་སྣང་ཞེས་ཞུས་པས། སྦས་པའི་ཚུལ་གྱིས། ངའི་མིན་ཡོལ་མོ་སྤྲུལ་སྐུ་རིན་པོ་ཆེའི་ཡིན་ནམ་ཞེས་གྲང་སོ་གཏེར་སྟོན་པར་ཟོལ་གྱིས་ཁ་བསྒྱུར་བར་མཛད་ནས་དངོས་སུ་ཞལ་གྱིས་མི་བཞེས། གཞན་ཡང་ཕྱག་ཞབས་ཀྱི་རྗེས་དུ་མ་བྱུང་བར་གྲགས། དེ་ནི་ཟུར་ཆུང་ཤེས་རབ་གྲགས་ཀྱིས་རྫོགས་ཆེན་གྱི་ལྟ་བ་ཀློང་དུ་གྱུར་པས། ཆོས་ཀུན་གྱི་རྫུན་མཚང་རིག་སྟེ་ཐམས་ཅད་ཀ་ནས་དག་པས་རྡོས་བཅས་ཀྱི་རང་ཚུགས་ཞིག་སྟེ་ཕྱག་གིས་ཀ་བ་ལ་ཕར་ཡུག་ཚུར་ཡུག་མཛད་པས་ཟང་ཐལ་ལེ་བྱུང་བ་དང་འདྲ་བར་སྣང་བས། རིག་འཛིན་ཡོལ་མོ་བ་ཆེན་པོས། ཀུན་རྫོབ་ཆོས་ཀྱི་རང་ཚང་ཀུན་གཟིགས་པའི། །འཕགས་ཆེན་ཁྱོད་ངོར་སྲ་འཁྲེགས་ལ་སོགས་ཀྱིས། །རང་མཚན་འཛིན་པར་མ་ནུས་རྡོ་བའི་ངོས། །ཞབས་རྗེས་མང་དུ་བྱོན་དེར་གསོལ་བ་འདེབས། །ཞེས་སོ། །སྐབས་ཤིག་ཐོབ་རྒྱལ་དུ་ཕེབས་དུས། རྗེ་ལེགས་ལྡན་ཞབས་ཀྱི་ཞལ་སློབ་སྔགས་པ་རྒན་པོ་ཞིག་ལ་མིང་ནས་བོས་ཏེ་ངོས་འཛིན་གནང་བར། ད་སྐུ་ན་ཚོད་འདི་ཙམ་ལ་སྔོན་གནས་རྗེས་དྲན་དཀའ་སྙམ་ཚེ། ཁྱོད་ལ་ངས་དུང་ཆོས་གཟུངས་ཐག་བྱིན་པ་དེ་ཨེ་ཡོད་གནང་བས་ཁོ་སྨྲ་མི་ཤེས་པའི་ངེས་ཤེས་ཀྱིས་དད་པ་ཐོབ་ནས་དུས་ཕྱིས་ཀྱང་དེ་འདྲའི་ཡ་མཚན་པ་ཞེས་ཡང་ཡང་ཟེར་སྐད། སྔགས་འཆང་ཀུན་བཟང་དབང་པོ་སྐུ་ཚེ་སྔོན་མའི་དུས་ཀྱི་སློབ་མ་གྲུབ་ཆེན་ཚེ་འཕེལ་བཟང་པོ་ཞེས་པདྨ་གླིང་པའི་གཏེར་བྱོན་དྲག་དམར་གྱི་ཕྱི་ནང་གསང་གསུམ་གྱི་སྒྲུབ་པ་དང་དགོས་སྒྲུབ་ཐམས་ཅད་མཐར་ཕྱིན་པ་དེའི་སྐྱེ་བ་ཡིན་འདུག་པའི་བག་ཆགས་ཀྱིས་ཐུགས་


GLG008_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

རྩིགས་ནན་ལྟར་ཆེ་བས། ཁོང་པ་མཁའ་སྤྱོད་རི་ཁྲོད་དུ་འབྲུམ་འཛེམ་གྱི་མཚམས་བྱས་པར་རྗེ་འདི་འཕྲལ་འཕྲལ་ཕེབས་ཀྱི་ཡོད་སྣང་བར། སང་ཕེབས་རྒྱུ་ཡིན་ན་རྟགས་ངོ་མཚར་བ་རེ་ངེས་པར་འབྱུང་བས་གྲོགས་རྣམས་ལ། སང་རིག་འཛིན་བླ་མ་དེ་ཕེབས་པར་འདུག་ཅེས་བྱས་ཚད་ཐོག་ཁོ་ནར་ཁེལ་བས་བླ་མའི་བྱིན་རླབས་ཀྱིས་སློབ་མ་ཡང་མངོན་ཤེས་ཐོགས་མེད་ཡོད་པ་འདྲ་བྱུང་བར་གདའ། མི་ཤི་བའི་དུས་ཀྱི་སྐྱེ་བརྟག་ཞུ་བར་བྱུང་ཚེ། སྔར་ཐུགས་རྒྱུས་མེད་པ་ཚོར་བྱད་དབྱིབས་དང་བབས་འདི་འདྲ་འདུག་ཚུལ། སྐྱེ་བ་ཁྱེད་རང་ཚོའི་བུ་སྲིང་ཉེ་རིགས་སམ་གྲོང་པ་སོགས་སུ་སྐྱེ་བའི་ལུང་བསྟན་དང་། ཕོ་མོ་གང་གི་ལུས་འཐོབ་སོགས་འཕྱུགས་མེད་དུ་བྱུང་བའི་དཔེར་མཚོན་ན། ཡར་ཀླུངས་སྣ་མོ་གཤག་པ་ལྷ་དབང་ནོར་བུའི་ཕ་ཁོ་རང་གི་བུར་སྐྱེ། དཔོན་མོར་ད་ལྟ་སྦྲུམ་ཡོད་པ་འདི་ཡིན་གསུང་བ་ལྟ་བུ་དང་། རྩེས་ཐང་ཟར་བས་ཁྲིའི་ཞབས་སྟེགས་ལ་སྒམ་བཞག་པར། འདིའི་ནང་དུ་རྟེན་ཞིག་ཡོད་པར་འདུག །རྐང་པ་བཞག་པས་བག་ཚ་གསུང་བར། སྦྱིན་བདག་རང་ལ་རྒྱུས་མེད་ཀྱང་སྒམ་ཁ་ཕྱེ་བས་མཁའ་འགྲོ་སེང་གདོང་མའི་ཞལ་ཐང་ཞིག་བྱུང་ནས་དམ་ཚིག་གསོ་བར་མཛད། དེས་མཚོན་ཞི་དྲག་གི་བྱ་བ་འགྲུབ་མི་འགྲུབ་སོགས་གང་ཞུས་ཐམས་ཅད་ལ་ཡོང་མི་ཡོང་བཟང་ངན་ལུང་བསྟན་ཀུན་འཁྲུལ་མེད་ཁོ་ནར་བྱུང་བས། རིག་འཛིན་ཡོལ་མོ་སྔགས་འཆང་གིས། གདོད་ནས་རབ་སྦྱངས་དྲི་མེད་རྒྱལ་བའི་ཐུགས། །ཤེས་བྱའི་སྣང་བརྙན་ཡོངས་རྫོགས་མེ་ལོང་ངོས། །འགོག་མེད་ཇི་ལྟར་ཤར་བཞིན་དུས་གསུམ་ལུང་། །ཐོགས་མེད་ཅིར་ཡང་སྟོན་དེར་གསོལ་བ་འདེབས། །ཞེས་སོ། །ཡབ་ཆོས་ཀྱི་རྒྱལ་པོ་བཀྲིས་སྟོབས་རྒྱལ་གྱི་དུས། ཨེ་ཝཾ་ལྕོག་སྒར་བར་ཐུགས་


GLG008_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་གསུམ་དང་འཇམ་དཔལ་ཟིལ་གནོན་སོགས་ཀྱི་ཆོག་སྒྲིགས་གདངས་དབྱངས་རོལ་ཚིག་གར་འཆམས། བསྙེན་སྒྲུབ་ལས་གསུམ་གྱི་ཕྱག་ལེན། ཐུན་དྲུག་གི་རྣལ་འབྱོར་སོགས་སྤྲོས་བཅས་སྤྲོས་མེད་ཀྱི་ཉམས་ལེན་སྔར་ཡོད་དར་རྒྱས་དང་། སྔར་མེད་གསར་འཛུགས་ཀྱི་སྒོ་ནས་རྒྱལ་དབང་པདྨའི་བསྟན་པ་སྤེལ་བར་མཛད་པས། གྲང་སོ་གཏེར་སྟོན་གྱིས་ཐུན་དྲུག་གཡེལ་བ་མེད་བརྩོན་གསོལ་འདེབས་རྒྱུན། །རབ་འབྱམས་ཞི་ཁྲོའི་ལྷ་ཚོགས་མཆོད་ཅིང་སྐུལ། །རིམ་གཉིས་རྣལ་འབྱོར་སྤེལ་དགོངས་ལྕོག་སྒར་གྱི། །འདུས་སྡེ་རྒྱས་པར་མཛད་ལ་གསོལ་བ་འདེབས། །ཞེས་སོ། །སྤྱི་ལུང་ལས།སྟོད་ནས་ལག་པའི་དམག་དཔུང་གཡོ༔ དབུས་གཙང་གཡོ་ཞིང་ས་ཡུལ་འཕྱུགས༔ སྨད་ནས་ཧོར་སོག་བྱང་ཕྱོགས་འཇོམས༔ ལྷོ་རྒྱུད་ཀུན་ཏུ་ཁོལ་བུར་གཡོ༔ ཁ་སྐད་ལོ་རེ་ཟླ་རེར་འགྱུར༔ ཞེས་དང་། ཆར་ཆུ་མི་རྟག་སྒང་གཤོངས་ཆེ༔ ལོ་ཉེས་སད་སེར་མུ་གེ་འབྱུང༔ གནམ་ལ་འོད་ཆེན་སྐྱ་རེངས་འཆར༔ དེ་མཐོང་སྙིང་འཕྱོ་མི་དགེ་དྲན༔ ནམ་མཁའ་ཁྲག་མདོག་སྤྲིན་དམར་མང༔ ཧང་སྐྱ་བུད་ཆོས་ས་གཞི་གང༔ གུང་ཐང་རྗེ་བློན་རྩོད་ཅིང་འཁྲུག༔ ཅེས་དང་། འབྲི་སྟག་རྩོད་ཅིང་ཧོར་ཁ་ཟུག༔ ཧོར་དང་གཉེན་བསྡེབས་སོ་ཁ་རལ༔ དབུས་གཙང་ས་བཅུད་ཞར་ཅིང་ཉམས༔ ཞེས་སོགས་མདོར་ན་གཏེར་ཁ་སྔ་ཕྱི་མང་པོ་ནས། བོད་དུ་སྟོད་སྨད་ཀྱི་ཧོར་སོགས་ལྷགས་ནས་འགྲོ་བ་རྣམས་ཉམ་ཐག་པ་དང་། བོད་ནང་འཁྲུགས་ནས་སྡུག་བསྔལ་མང་དུ་འབྱུང་བར་གསུངས་ཤིང་། དེ་ཡང་སྔར་ས་སྐྱ་པས་རྒྱ་ཧོར་གྱི་དམག་ཁྲིད་ནས་འབྲི་ཁུང་པས་གཙོས་ཡུལ་ཁམས་མང་དུ་བཅོམ། འབྲི་ཁུང་པས་སྟོད་ཧོར་གྱི་དམག་འབུམ་ཙམ་ས་སྐྱ་པའི་ཐོག་ཏུ་དྲངས་


GLG008_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་པས་དགེ་ལུགས་པ་གཙོ་བོར་གྱུར་པའི་གྲུབ་མཐའ་མི་གཅིག་པ་ཚོ་གཞོམ་པར་འདོད་ནས་བོད་ནང་འཁྲུག་གི་ཆེད་དུ་ཀོང་པོ་ཀར་སྲིད་བསྒྲིགས། བསམ་སྦྱོར་ངན་པ་དེ་དག་གི་ལན་དུ་དགེ་ལུགས་ཀྱི་ཧོར་དམག་བོད་དུ་དྲངས་པ་སོགས་ཤིན་ཏུ་མང་དེ་རྣམས་ཀྱི་དུས་སོ་སོ་དང་མཚུངས་པར་ཟློག་ཐབས་ཀྱི་ཟབ་གཏེར་འདོན་པའི་སྐྱེས་བུ་གུ་རུ་ཆོས་དབང་དང་། པདྨ་ལས་འབྲེལ་རྩལ་མཆོག་ལྡན་མགོན་པོ་སོགས་མང་པོ་རིམ་པར་བྱོན་ཏེ་བཀའ་བབས་ལྟར་བོད་ཀྱི་བདེ་ཐབས་མང་དུ་མཛད་པའི་དུས་ཚོད་ཕྱི་མ་ཚོའི་ཧོར་སོག་ཟློག་པའི་བཀའ་བབས་ཀྱི་ལུང་བསྟན་དཔལ་བཀྲིས་སྟོབས་རྒྱལ་ཡབ་སྲས་ལ་ཡོད་ཀྱང་། སྐྱེ་བོ་སྐལ་དམན་མང་པོས་སོག་ཟློག་པའི་མིང་ཅན་བློ་གྲོས་རྒྱལ་མཚན་རྒྱུད་བཅས་ཀྱིས་ཟློག་ཏུ་རེ་ནས། སྔགས་འཆང་ཡབ་སྲས་རྣམས་ལ་བོད་བདེ་ཐབས་མཛད་དགོས་པར་མ་གསོལ་བས་རྟེན་འབྲེལ་འཕྱུགས་པར་སྣང་མོད། འོན་ཀྱང་རིག་འཛིན་ཆེན་པོ་ཉིད་རྡོ་རྗེ་བྲག་ཏུ་གདན་ཆགས་པ་ནས་བཟུང་ལུང་བསྟན་སྔ་ཕྱི་རྣམས་ནས་བྱུང་བ་ལྟར་བོད་ཀྱི་བདེ་ཐབས་ཀྱི་ཆེད་དུ་སོག་ཟློག་མང་དུ་མཛད། ཁྱད་པར་ཁར་ཁ་ཆོག་ཐུའི་བུ་ཨ་ས་ལང་ཧོང་ཐའི་ཇིས་གཙོས་པའི་དམག་ཁྲི་ཕྲག་ཏུ་ཉེ་བ་བོད་དུ་སླེབ། ཞྭ་དམར་རབ་འབྱམས་པ། ཡང་རི་སྐྱ་ཆེ་བླ་མ། ཟུར་རི་དཔལ་ལྡན་བླ་མ་སོགས་ཀར་ལུགས་པ་རྣམས་ཀྱིས་དབྱེན་བཅོས་ཏེ་སྡེ་སྲིད་གཙང་པ་དང་གཉེན་བྱེད། གཉིས་ཀའི་བླ་མཆོད་ཀར་ལུགས་ལ་འཆོལ། གཙོ་བོར་དགེ་ལུགས་མིང་མེད་ལ་གཏོང་། ཞར་གྱིས་ལུགས་སོགས་ཀྱང་ཡལ་འཇུག་པའི་ཐབས་ཀྱི་གྲོས་ངན་དང་བཅས་གདུག་རྩུབ་ཤིན་ཏུ་ཆེ་བར་མ་ཟད། ཨ་ས་ལང་གིས་ཀར་ལུགས་པའི་གྲོས་དང་མ་བསྟུན་པས་གཙང་སྡེ་སྲིད་ཀྱང་མཛད་དཀར་གྱུར་ཏེ། བོད་ཤིང་སྒོ་ཅན་ཐམས་ཅད་གསུང་སྙན་དྲིལ་བུ་


GLG008_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲོལ་སྐབས། གཙང་སྡེ་སྲིད་ནས་ནུས་མཐུའི་ཁུར་ཅན་གྱི་བན་སྔགས་བོན་གསུམ་ཐམས་ཅད་དམག་ཟློག་བྱེད་དུ་བཅུག་ཀྱང་གྲགས་པ་དོན་ལྡན་ནི་ཆེས་ཉུང་བས། རྗེ་འབྲི་ཁུང་པ་སྔགས་འཆང་ཆོས་ཀྱི་གྲགས་པས་འཇམ་དཔལ་ཚེ་བདག་དང་ཁྲོ་ཆུ་སོགས་ཀྱི་སྒོ་ནས་མཛད་པར་བླ་ཚེ་དངོས་སུ་འགྱུ་རྟགས་ཡ་མཚན་ཅན་བྱུང་འདུག་ཅིང་། ཁྱད་པར་བྱང་པ་རིག་འཛིན་ཆེན་པོ་འདི་ཉིད་ཀྱིས་བསམ་ཡས་མཐིལ། མཆིམས་ཕུ། སྒྲགས་ཡང་རྫོང་སོགས་སུ་ཕེབས་ཏེ། སྒྲུབ་པ་བཀའ་བརྒྱད་སྤྱི་བྱེ་བྲག །ཁྱད་པར་གཤིན་རྗེ་གཤེད་ཕྱག་རྒྱ་ཟིལ་གནོན་རྣ་ཆ་བརྒྱད་དང་བཅས་པའི་སྒོ་ནས་མནན་གཏད་སྲེག་ཟོར་རླུང་འཁོར་སྐོར་བ། ཁྱབ་འཇུག་གི་འགྱུ་དུས་བརྒྱད་སྐུལ་བ་སོགས་ལས་སྦྱོར་མཛད་པས་སྒྲུབ་པའི་སྐབས་ཀྱང་བཙོ་རྒྱུག་པ། བྱིའུ་སོགས་སྲོག་ཆགས་མེར་འཆོང་བ་དང་། ཧོམ་ཁུང་དུ་ཆུད་པ། གཟའ་རྭ་དགྲ་ཕྱོགས་སུ་རྒྱུག་པ་སོགས་ལྟས་མང་དུ་བྱུང་། དེ་མཚུངས་རིག་འཛིན་ཡོལ་མོ་བས་པ་སྣམ་དང་ཕུང་པོ་རི་བོ་ཆེ་སོགས་ནས་ལས་སྦྱོར་མང་དུ་མཛད་པས་སྔ་མ་དང་འདྲ་བའི་རྟགས་སྣ་ཚོགས་དང་། ནུབ་ཅིག་དབང་ཕྱུག་མ་ཉེར་བརྒྱད་རྣམས་འོངས་ཏེ། སྔགས་པ་འུག་པ་ལུང་པས་བཏང་བ་ཡིན་ཟེར་ནས་མི་མགོ་མང་པོ་ཁྱེར་ནས་དཀྱིལ་འཁོར་གྱི་མཐར་སྤུངས་པ་གཟིགས་པས། སྐུ་རིམ་དོ་དམ་པ་བདེ་འབྱོར་བྱང་པ་ལ། འདི་ལྟར་འདུག །མཚན་ཇུས་ལ་སྐྱོན་མི་ཡོང་བའི་རྒྱུ་མཚན་སྡེ་སྲིད་ལ་ཞུས་གསུང་བར་སྣང་ངོ་། །སོག་དམག་ཡར་འབྲོག་ནས་ལྡོག་དུས་དམག་དུམ་འདྲ་ཐག་ཉེར་བྱུང་བར་དབང་ཕྱུག་དམག་ཟློག་གི་ལས་སྦྱོར་མཛད་པས། དམག་རྣམས་དོན་མེད་དུ་སྟོང་འུར་ཆེན་པོ་བྱས་ཏེ་ཕྱོགས་དེར་གནོད་འཚེ་ཡེ་མ་བྱུང་། ཟླ་བ་བཞི་ཙམ་ནས་ཨར་ས་ལང་ཧོང་ཐའི་ཇི་སྨྱོ་འབོག་གི་


GLG008_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ཀྱིས་ཟིན། སོག་པོའི་སྦྲ་གུར་མང་པོའི་སྟེང་དུ་ཐོག་བབས། མི་དང་དུད་འགྲོ་ལ་ལྟས་ངན་སྣ་ཚོགས་སྐྱེས་པ་སོགས་ཆོ་འཕྲུལ་མང་དུ་བྱུང་། དེ་ནས་ཟླ་བ་བདུན་བརྒྱད་ཙམ་ན། ཞྭ་དམར་རབ་འབྱམས་པ་དང་ཆོག་ཐུ་མཆོད་ཡོན་གྱི་སློབ་སྟོན་ལྟར། བློན་པོ་ཐའི་ཆིང་གིས་ཨར་ས་ལང་དཔོན་བློན་ཐམས་ཅད་དུས་གཅིག་ལ་བསད་པའི་ནང་འཁྲུག་དང་། ཆོག་ཐུ་རང་ཡང་དགྲ་ལག་ཏུ་ཤོར་ཏེ་མིང་གི་ལྷག་མར་སོང་བའི་མཐུ་ནུས་ཀྱི་ལག་རྗེས་མགོ་དཀར་པོར་སོང་སོང་སྒུག་མ་དགོས་པར་ལོ་གཅིག་ནང་དུ་བྱུང་བ་དེའོ། །འོན་ཀྱང་གཙང་པས་རིག་འཛིན་ཡབ་སྲས་ལ་དྲིན་གཟོ་མ་མཛད་པས། སྤྲུལ་སྐུ་བསྟན་འཛིན་ནོར་བུས། བྱིན་རླབས་དེ་བྱང་པ་བདག་པོས་མཛད། །ལག་ལེན་དེ་ཡོལ་མོ་སྐུ་སྐྱེས་བྱས། །ཁ་པོ་དེ་ཁམ་ལུང་བླ་མས་སྟོན། །ནོམ་པ་དེ་རྩེ་གདོང་བདག་ཆེན་གྱིས་བླངས། ཁོང་རྒྱལ་བ་ཤཱཀྱ་ཐུབ་པས་ཀྱང་། །སེམས་ཅན་ལ་ཉེ་རིང་མ་གསུངས་ཕྱིར། །མཐའ་དང་དབུས་མི་ལ་ཁྱད་པར་མེད། །ད་མཐའ་མིའི་བསམ་པ་འགྲུབ་གྱུར་ཅིག །ཅེས་འཕྲལ་ཉམས་འཆར་གྱི་ཚུལ་དུ་གསུང་བར་སྣང་ཡང་། དེང་སང་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་བོད་ཀྱི་རྒྱལ་ཁམས་ལ་དབང་སྒྱུར་བ་འདི་ལ་དཔགས་ན་བདེན་ཚིག་གྲུབ་པའི་གསུང་དུ་ངེས་སོ། །སྐུ་རིམ་རྣམས་བསམ་ཡས་གཙུག་ལག་ཁང་དང་མཆིམས་ཕུ་སོགས་སུ་མཛད་པའི་རྒྱུ་མཚན། ཆོས་དབང་རིན་པོ་ཆེའི་མཁའ་རིའི་ཞུ་ལན་ལས། ནུས་མཐུར་ལྡན་པའི་སྔགས་པ་རྣམས༔ བསམ་ཡས་ལྷུན་གྱིས་གྲུབ་པར་ཚོགས༔ ནག་པོ་བདུད་ཀྱི་ཆས་ཞུགས་ཏེ༔ འགོང་པོ་དགར་དང་མནན་པར་བྱ༔ འབྱུང་བ་རླུང་གི་འཁོར་ལོ་བསྐོར༔ བཀའ་འགྱུར་རོ་ཅོག་


GLG008_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐུན་བཟུང་སྟེ༔ ཟློག་ཟོར་བྷྱོས་གདབ་མདོས་བཏང་ན༔ ལོ་སྐོར་གཅིག་ཏུ་སྲིང་བར་གྱུར༔ ཞེས་དང་། སྤྱི་ལུང་ལས། མཆིམས་ཕུར་དབང་ཆེན་འདུས་པའི་སྒྲུབ་པ་བྱ༔ བོད་ཀྱི་ལྷ་སྲིན་དབང་སྡུད་དམ་བསྒྲག་བྱ༔ ཞེས་གསུངས་པའི་དོན་ནོ། །འོན་ཀྱང་ལོ་སྐོར་བར་དུ་མཐའ་དམག་མི་ཟློག་པ་ནི། པདྨ་གླིང་པའི་ལུང་བསྟན་ཀུན་གསལ་ལས། རྫས་རྣམས་ཐམས་ཅད་བསྡུས་ནས་སྦྱིན་སྲེག་བྱེད༔ བཙན་འགོང་ཡམ་ཤུད་དམར་པོ་ཨར་ལ་གཏོད༔ རྒྱ་མི་དམག་དཔོན་དགུ་བསད་ཐོད་པའི་ནང༔ བདུད་མི་དམག་དཔོན་དགུ་ཡི་ལིང་ག་བཅུག༔ ཤཱཀྱ་མུ་ནི་ཞབས་ཀྱི་འོག་ཏུ་མནན༔ རུ་བཞིའི་ཆོས་མཛད་ཐམས་ཅད་དགོངས་པ་བསྟན༔ ཆོ་འཕྲུལ་ཟླ་བའམ་སྤྲེའུའི་ཟླ་བ་ལ༔ རྒྱུད་དང་བསྟུན་ནས་ཉིན་མོ་སྔགས་ལ་འབད༔ གཏོར་མ་མདོས་དང་མནན་སྲེག་ཡང་ཡང་བྱ༔ བྷྱོ་ཟློག་ཟོར་རྣམས་གཤམས་ནས་ཆོས་ཁྲིམས་བྱ༔ ཉན་བཤད་སྒོམ་སྒྲུབ་བྱེད་པའི་བསྟན་པ་གཟུགས༔ རི་རྒྱ་ཀླུང་རྒྱ་ལིང་རྒྱ་ལ་སོགས་གཟུགས༔ སྐྱེ་འགྲོ་སེམས་ཅན་ཐམས་ཅད་བདེ་ལ་དགོད༔ དེ་ལྟར་བྱས་ན་ལོ་བཅུའི་བར་དུ་བདེ༔ ཞེས་བྱུང་བའི་ལྷ་སར་བྱེད་དགོས་རྣམས་ཤིང་ཕག་ལོ་ས་སྐྱ་བདག་པོ་མཐུ་སྟོབས་པ་དང་། ས་སྟག་མངའ་བདག་ཕུན་ཚོགས་རིག་འཛིན་གཉིས་ཀྱིས་ཕྱག་ལེན་སྒྲུབ་པ་ཚད་ལྡན་མེད་པའི་ཁྱི་སྟོན་གྱི་ཟན་སྐྱེལ་རོལ་མོར་བཅས་པ་ལས་སྔགས་འཆང་ཁ་ཡོད་ལག་ཡོད་ཅིག་གིས་བྱས་མ་སོང་བའི་འབྲས་རྟགས་སོ། །དེ་ལྟར་དྲག་པོ་མངོན་སྤྱོད་ཀྱི་སྐོར་དེ་དག་ཀྱང་སྔགས་ཆུང་ཅི་རིགས་ལྟར་མན་ངག་ཕྲན་ཕྲན་འདྲས་སྟབས་ལེགས་དུས་ནུས་པ་ཅུང་ཟད་ཡོད་ཡོད་འདྲ་ལ། སྟབས་མ་འགྲིག་ན་རང་གི་སྒོ་གསུམ་གྱིས་ངལ་བ་བསྟེན་པ་ཙམ་ལས་འབྲས་བུ་གཞན་མི་འབྱུང་བ་དང་། ལ་ལ་རྒྱུ་མཚན་མེད་


GLG008_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཟན་གོང་དར་འཕྱར་དུང་འབུད་དང་བཅས་ཁྱི་རྒན་གྱི་དུས་སྟོན་སྒྲུབ་པར་བྱེད་པ་ཚོ་དང་ཡེ་མི་འདྲ་སྟེ། བྱང་པ་རིག་འཛིན་འདི་ཉིད་ལྟ་བ་རྒྱབ་ཀྱི་གདེངས་དང་ལྡན། གཉེན་པོ་སྟོབས་ཀྱི་བསྐྱེད་རིམ་དང་བསྙེན་སྒྲུབ་མཐར་ཕྱིན། མན་ངག་ལ་ནང་བྱན་ཆུད། སྡེ་བརྒྱད་བྲན་ལྟར་བཀོལ་བས་ན། རིག་འཛིན་ཡོལ་མོ་བས། རབ་བརྗིད་མིག་སྨན་ལྷུན་པོ་གློག་ཞགས་ཀྱི། །སྨིན་མ་རབ་གཡོ་གངས་རིའི་འཕྲེང་བའི་སོ། །ཉི་ཟླ་འབར་བའི་སྤྱན་བགྲད་མ་མགོན་ཚོགས། །བྲན་འཁོལ་མཐུ་སྟོབས་བདག་པོར་གསོལ་བ་འདེབས། །བསྐལ་པའི་མེ་འབར་དུག་རླངས་འཁྲུག་པའི་དབུས། ཁམས་གསུམ་སྐྱེ་འགྲོ་དུས་གཅིག་ཟ་བའི་ཁ། །གནམ་སར་གདངས་པའི་གཟའ་མཆོག་རཱ་ཧུ་ལ། །འཁོར་བཅས་འབངས་སུ་འཁོལ་དེར་གསོལ་བ་འདེབས། །ཞེས་སོ། །ཟུར་ཆེན་རྡོ་རྗེ་འཛིན་པ་ཁྱབ་བདག་པདྨ་དབང་གིས་སྔར་རྩེས་ཐང་དུ་གྲ་བསྐོར་མཛད་དུས་མཇལ་ཞིང་། ལྕགས་གདོང་མ་དང་། ཉང་ལུགས་དྲག་དམར་གྱི་དབང་གསན་པ་ནས་བཟུང་། ཡང་ཡང་དུ་ཞབས་པད་བསྟེན་ནས་ཐུགས་སྒྲུབ་དྲག་པོ་རྩལ་སོགས་བྱང་གཏེར་སྐོར་མང་པོ་དང་། གཟའ་པོད་ཀྱིས་ཐོགས་དྲངས་པའི་དབང་ཆོས་དུ་མ་གསན། གཙོ་བོར་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་ལྕགས་སྡིག་ལྕགས་འདྲ་སོགས་པད་གནུབས་ཀྱི་གདམས་པ་རྣམས་གསན་པར་འདི་སྐབས་ཕེབས་པས། བྱང་པ་རིག་འཛིན་ཆེན་པོ་སྒྲགས་ཡང་རྫོང་དུ་བཞུགས་པ་དང་འགྲིག །ཡང་རྫོང་ནི་སྐུ་འཇམ་དཔལ་གཤིན་རྗེའི་གནས་ཡིན་པས། རྟེན་འབྲེལ་ཤིན་ཏུ་འགྲིག་པ་བྱུང་གསུང་སྟེ། ལྕགས་འདྲའི་སྐོར་ནས་ཆོས་ཚན་ཉི་ཤུ་ཙམ་གྱི་ལྗགས་ལུང་གནང་། དཔལ་བཀྲ་ཤིས་སྟོབས་རྒྱལ་གྱི་གཏེར་གསར་ཀརྨ་


GLG008_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུའི་སྐོར། གནས་ཆེན་དྲག་པོར་ཟབ་གཏེར་སྤེལ༔ ཞེས་ཐོག་མར་སྤེལ་བའི་གནས་ཀྱང་ཡང་རྫོང་ཡིན་པས། རྟེན་འབྲེལ་གྱི་ཆེ་བ་ལ་དགོངས་ཏེ། སྲོག་གཏད་ལུང་དང་བཅས་པ་ཆེད་གཉེར་གྱིས་གསོལ་འདེབས་ལམ་ལྟོས་པར་གནང་། ཟུར་ཆེན་ཆོས་ཀྱི་རྒྱལ་པོས་ཡང་རྫོང་གི་ཕུག་པ་གོང་མའི་བྲག་གསེང་ཞིག་ཅུང་ཟད་བྲུས་པས་རྡོའི་དུང་ཆུང་བཟོ་བཀོད་ལེགས་པོ་ཞིག་ཐོན་པས་མཐོང་བ་ཀུན་ངོ་མཚར་དུ་གྱུར། དེ་ནི་དབུས་གཙང་གི་སྐལ་ལྡན་རྣམས་ལ་སྔ་འགྱུར་ཆོས་ཀྱི་དུང་རྒྱ་ཆེར་སྒྲོག་པའི་རྟེན་འབྲེལ་ལོ། །ཉིན་གཅིག་ཚོགས་ཁང་དུ་ལྗགས་ལུང་གནང་བའི་མུས་ལ། རིག་འཛིན་ཆེན་པོས་ཆེ་མཆོག་གི་སྐུའི་ཕྱོགས་དབུ་འདུད་པ་དང་བཅས་ཏེ་ཕྱག་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་གནང་བར། རྒྱུ་མཚན་ཞུས་པ་ན། རྡོ་རྗེ་བྲག་ནས་འོངས་པ་ཡིན་ཟེར་བའི་བུད་མེད་འཇིགས་སུ་རུང་བ་ཞིག་བྱུང་བའི་སྣང་བ་ཤར། འཕྲང་མགོ་ཕྱོགས་སུ་འབྲུམ་ནད་ཞིག་སླེབ་མེད་ལས་ཆེ་གསུང་བར། དེ་ནས་འགྱང་ཙམ་སོང་བ་ན་བང་ཕྱིན་ཞིག་འབྱོར་པས་གནས་ཚུལ་ཇི་ལྟ་བར་འདུག་པས། དཔོན་སློབ་རྣམས་མྱུར་སྟབས་སུ་རྡོ་རྗེ་བྲག་ཏུ་ཕེབས། དེར་ཟླ་བ་གསུམ་ཙམ་གྱི་རིང་འཇལ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་དབང་ལུང་མན་ངག་ཕྱག་བཞེས་སོགས་ཀྱིས་ཐོག་དྲངས། གཏེར་ཁ་མང་པོ་ཟབ་རྒྱས་གདམས་པའི་ཆོས་ཀྱིས་ཟུར་འཁོར་ལོའི་མགོན་པོ་པད་དབང་གི་ཐུགས་ཀྱི་བང་མཛོད་ལེགས་པར་གཏམས་པར་མཛད་དོ། །འ་ཞའི་རྡོ་རྗེ་འཛིན་པ་ཆེན་པོ་དབང་ཕྱུག་རབ་བརྟན་ཞིང་ཁམས་གཞན་དུ་འཕོས་པའི་དགོངས་རྫོགས་སུ་ཡར་ཀླུངས་བཀྲ་ཤིས་རྩེ་ཆོས་སྡེར་ཕེབས། འཁོར་ལོའི་དབང་ཕྱུག་འཇམ་མགོན་བསོད་ནམས་མཆོག་ལྡན་གྱིས་ཕུ་དུད་རྒྱ་ཆེར་མཛད་ཅིང་


GLG008_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཆོས་དུ་མ་གསན། དཔོན་སློབ་གཉིས་ཀ་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཏོ། །དེ་ཡང་། སྤྱི་ལུང་ལས། བདག་དང་རྡོ་རྗེ་བདུད་འཇོམས་སྨོན་ལམ་ལས༔ གསང་སྔགས་བཀའ་བཞིན་སྤྱོད་པའི་སྐྱེས་བུ་ནི༔ གླང་འབྲུག་ལོ་པ་བྱང་ཕྱོགས་བཀྲ་བཟང་དུ༔ མཐིང་སྨུག་མདོག་ཅན་གཏེར་གྱི་ཆོས་ལ་སྤྱོད༔ སངས་རྒྱས་བསྟན་པའི་སྙིང་པོ་རྒྱས་པར་བྱེད༔ ཅེས་པས་རིག་འཛིན་རྒོད་ལྡེམ་དང་། རིག་འཛིན་འདི་ཉིད་ལྷན་ཅིག་ཏུ་བསྟན་པ་ཡིན་ཏེ། སྐུ་སྐྱེ་སྔ་ཕྱི་ཡིན་པས་རྡོ་རྗེ་བདུད་འཇོམས་ཀྱི་སྐྱེ་བར་སྨོས་པ་དགོས། གླང་གིས་རྒོད་ལྡེམ་དང་འབྲུག་གིས་རྗེ་ངག་གི་དབང་པོའི་འཁྲུངས་ལོ། བྱང་ཕྱོགས་ཞེས་པའི་བྱང་གིས་བྱང་པ་བདག་པོའི་རིགས་རུས་དང་། ཕྱོགས་ཞེས་སྦྱར་བས་རྒོད་ལྡེམ་གྱི་འཁྲུངས་ཡུལ། བཀྲ་བཟང་གིས་རིག་འཛིན་རྒོད་ལྡེམ་གྱི་གཏེར་གནས། མཐིང་སྨུག་གིས་གཉིས་ཀའི་སྐུ་མདོག་བསྟན་པས། ལུང་ཟིན་གྱི་སྐྱེས་བུ་མཆོག་དེས་བསྟན་པའི་སྙིང་པོ་རྡོ་རྗེའི་ཐེག་པ་གསང་སྔགས་སྔ་འགྱུར་གྱི་ཟབ་གཏེར་བརྒྱ་རྩའི་ཆོས་བཀའ་རྒྱས་པར་མཛད་ཚུལ་ནི། དཔལ་འབྲི་ཁུང་པ་ཆོས་རྒྱལ་བཀྲིས་ཕུན་ཚོགས་དང་། ཆོས་ཀྱི་གྲགས་པ་འཕྲིན་ལས་རྣམ་པར་རྒྱལ་བའི་སྡེ་མཆེད་གཉིས། རིག་འཛིན་ཡོལ་མོ་བ་གསུམ་པ་དང་། ཟུར་ཆེན་འཁོར་ལོའི་མགོན་པོ་སོགས་གསང་སྔགས་རྙིང་མའི་བསྟན་པ་རྒྱ་ཆེར་སྤེལ་བའི་ཞལ་སློབ་ཀྱི་གཙོ་བོ་རགས་པ་བརྗོད་ཟིན་ནའང་། བོད་ཀྱི་ཆེ་རྒུ་ཕལ་ཆེར་གྱིས་དྲུང་དུ་ཉེ་བར་བཏུད་པའི་ཚུལ་མདོ་ཙམ་བརྗོད་ན། སྔོན་ཆད་བོད་དུ་ལུགས་གཉིས་ནས་མངོན་པར་མཐོ་བ་དཔལ་ལྡན་ས་སྐྱ་པ་འཇམ་དབྱངས་འཁོན་གྱི་གདུང་བརྒྱུད་བདག་ཆེན་མཐུ་སྟོབས་དབང་ཕྱུག །བོད་ཤིང་སྒོ་ཅན་གྱི་བླ་དཔོན་ཟུང་དུ་འཇུག་པ་སྡེ་སྲིད་ཕག་མོ་


GLG008_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་པ་ལྷ་གཟིགས་མི་ཕམ་བསོད་ནམས་དབང་ཕྱུག་གྲགས་པ་རྣམ་རྒྱལ་དཔལ་བཟང་། ལྷོ་ལུང་ཆེན་བཅོ་བརྒྱད་ལ་དབང་བསྒྱུར་ཏེ་ཆོས་ཀྱི་རྒྱལ་སྲིད་ཀྱིས་མངོན་པར་མཐོ་བ་འབྲི་ཁུང་ཀྱུ་རའི་གདུང་འཛིན་ཞབས་དྲུང་ཆོས་རྒྱལ་བཀྲིས་ཕུན་ཚོགས་དང་། ཞབས་དྲུང་ཆོས་ཀྱི་གྲགས་པ་མཆེད་གཉིས། པཎ་ཆེན་ཤཱཀྱ་ཤྲཱིའི་གདན་ས་པ་རྩེ་ཚོགས་མཁན་ཆེན་བློ་བཟང་དགེ་ལེགས་རྒྱལ་མཚན། གསང་ཕུ་གླིང་སྟོད་ཀྱི་གདན་ས་པ་ཚེའི་རིག་བྱེད་འཛིན་པ་བློ་བཟང་རྒྱ་མཚོ། བོ་དོང་རྗེ་བཙུན་ཨུ་རྒྱན་མཁའ་སྤྱོད་མཚོ་མོ། གསང་བདག་ལས་ཀྱི་རྡོ་རྗེའི་རྣམ་སྤྲུལ་རྗེ་དྲུང་རིན་པོ་ཆེ་བསྟན་པ་རྒྱ་མཚོ། བསམ་ཡས་དཀར་ཆེན་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ། མགོས་པདྨ་གུང་བཙན་གྱི་རྣམ་སྤྲུལ་གྲང་སོ་བ་གསུམ་པ་གཏེར་སྟོན་བསྟན་འཛིན་ནོར་བུ། དེ་མོ་སྤྲུལ་སྐུ་ལྷ་དབང་ཕྱོགས་ལས་རྣམ་རྒྱལ། ཨུ་རྒྱན་ཆེན་པོའི་འདུས་པ་དང་པོའི་འཁོར་དུ་གྱུར་པའི་འ་ཞའི་རྡོ་རྗེ་འཛིན་པ་དབང་ཕྱུག་རབ་བརྟན། དཔལ་གྱི་དབང་ཕྱུག་གི་སྤྲུལ་པ་སྣང་གསལ་བ་ངག་དབང་ཡེ་ཤེས་གྲུབ་པ། སྤྱན་མངའ་ཚུལ་ཁྲིམས་འབར་གྱི་སྤྲུལ་པ་ལོ་པ་ཀུན་དགའ་དོན་འགྲུབ། ཁ་ཆེ་རིན་ཆེན་རྡོ་རྗེའི་རྣམ་སྤྲུལ་ཁའུ་བྲག་རྫོང་པའི་བསྟན་འཛིན་འ་ཞའི་རིགས་ལས་ཁྱབ་བདག་རྡོ་རྗེ་སེམས་དཔའ་མགོན་པོ་བསོད་ནམས་མཆོག་ལྡན། གཉགས་ཛྙཱ་ན་ཀུ་མཱ་རའི་སྐྱེ་སྤྲུལ་ཟུར་རིགས་ཀུན་བདག་པོ་པདྨ་དབང་གི་རྡོ་རྗེ། མདོ་རྒྱུད་དང་ཐ་སྙད་ལ་ལྟ་བའི་མིག་ཅན་ཤ་གཟུག་པ་ངག་དབང་བཀྲ་ཤིས་རྣམ་རྒྱལ། ཚར་ལུགས་ཀྱི་བསྟན་འཛིན་གླང་བུ་ཆོས་རྗེ་ཆོས་སྐྱོང་དབང་ཕྱུག །འབྲུག་པ་སྤྲུལ་སྐུ་རིན་པོ་ཆེ་ཡོངས་འཛིན་དུང་དཀར་བ་མི་ཕམ་བློ་གྲོས། མངའ་བདག་ཉང་གི་གདུང་བརྒྱུད་སྨྲ་བོ་ལྕོག་པ། ཆོས་


GLG008_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་གདུང་བརྒྱུད་གནས་གཞི་བ་དང་ལྷ་བ་རོ་བ། ཨུ་རྒྱན་གླིང་པ་དང་། སངས་རྒྱས་གླིང་པ་སོགས་གཏེར་སྟོན་མང་པོའི་དབོན་བརྒྱུད། ཟུར་གསང་སྔགས་གླིང་པ། ཕ་དམ་པའི་སྤྲུལ་པ་བྱང་པ་རྫོགས་ཆེན་པ་ནམ་མཁའ་འབྲུག་སྒྲ་བཟང་པོ། ནུས་པའི་མངའ་བདག་གུང་རུ་དབྱངས་དཔོན་པ་དཔལ་ལྡན་གྲགས། རིག་འཛིན་ཀུ་མཱ་རཱ་ཛའི་སྐྱེ་བ་ཟུར་གཞོན་ནུ་དོན་གྲུབ། ཉང་སྟོན་སྨན་ལུང་པ་བློ་གྲོས་མཆོག་གི་རྡོ་རྗེ། ཟ་ཕུ་གདན་ས་པ་དབང་གི་རྒྱལ་པོ། གཉགས་ཤེལ་བྲག་པ། ལང་གྲོའི་སྔགས་འཆང་ཉི་ཕུག་པ་དང་། རི་ཕུག་པ། གཏེར་སྟོན་གྲུ་གུ་ཡང་དབང་གི་རིགས་ལས་སྔགས་འཆང་དོན་གྲུབ་བཀྲ་ཤིས། ཆོས་རྗེ་དབང་ཆེན་ལྷུན་གྲུབ་ཀྱི་བརྒྱུད་འཛིན་ཆོས་སྡིངས་པ། བླ་མ་འཛོམ་པ་སྒང་པ། སྤ་གྲོ་ཆོས་རྗེ། བླ་མ་ཁྲོ་ཕུ་བ་སོགས་མདོར་ན་རིགས་རུས་སྐྱེ་རབས་གོ་ས་སྟོབས་འབྱོར་དང་། ལུང་རྟོགས་ནུས་མཐུ་སོགས་ཡོན་ཏན་གྱི་སྒོ་ནས་མངོན་པར་མཐོ་བ་དང་། གྲོང་སྔགས་སྒོམ་ཆེན་བྱ་བྲལ་རི་ཁྲོད་པ་སོགས་བགྲང་བར་མི་ཆོད་ཅིང་། མང་དུ་ཐོས་པའི་དཔྱོད་ལྡན་འབྲུག་པ་སངས་རྒྱས་རྡོ་རྗེ་དང་ཞང་ལོ་འཇམ་དཔལ་རྡོ་རྗེ་སོགས་ཐ་སྙད་རིག་པ་ལ་མཁས་པ་མང་པོ། གཡུ་ཐོག་པའི་སྤྲུལ་པར་ལུང་གསེར་ཟིན་པ་བྱང་ངོས་པ་བསྟན་འཛིན་རྒྱལ་པོ་སོགས་ཚེའི་རིག་བྱེད་པ་དུ་མ། གཉགས་བན་ནང་ར་བ་འཇམ་དཔལ་བློ་གྲོས་སོགས་སྐར་ནག་རྩིས་ལ་མཁས་པ་བླ་མཁྱེན་མང་པོས་དྲུང་དུ་བཏུད་པ་མཐའ་ཡས། སྡེ་པ་འཕྱོང་རྒྱས་པ་ཧོར་ངག་དབང་བསོད་ནམས་གྲགས་པ་འཇིག་རྟེན་དགའ་བའི་རྒྱན། ཧོར་ལྷའི་དབང་ཕྱུག །ཧོར་བདུད་འདུལ་རབ་བརྟན་ཏེ་མཆེད་སྲས་དང་བཅས་པ། སྡེ་པ་ཡར་རྒྱབ་པ་བདུད་འདུལ་གྲགས་པ། ཡར་འབྲོག་


GLG008_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་དཔོན་སྡེ་པ་སྣ་དཀར་རྩེ་པ་ཀུན་དགའ་དབང་ཆེན་ཕུན་ཚོགས། ཀུན་དགའ་རྒྱལ་ཆེན་རབ་བརྟན་མཆེད་གཉིས། གཙང་སྡེ་པ་ཐོབ་རྒྱལ་པ། དྲག་ཁ་ནས། ལྷོ་མདོ་མཁར་བ། ཡར་ཀླུངས་ཆོས་རྒྱལ་ཕོ་བྲང་། ཐོན་པ། སྙེ་མོ་བ། དགོན་པ་བ། ལྷོ་བྲག་ལྷ་ཁང་པ། ལྷོ་བྲག་གདང་བ། ཡར་ཀླུངས་བཀྲ་ཤིས་རྩེ་པ། ཟངས་རི་བ། མོན་མཁར་རྣམ་སྲས་གླིང་པ་སོགས་མདོར་ན་སྡེ་རིགས་ནང་སོ་རྣམ་པ་སོགས་སྐྱེ་རྒུ་མཆོག་སྨན་གྲངས་མེད་པས་འདི་ཕྱིའི་སྐྱབས་གནས་ཞུས་ཏེ་གཙུག་ཏུ་བཀུར། ཀུན་ཀྱང་གནས་སྐབས་དང་མཐར་ཐུག་གི་ཕན་པ་དང་བདེ་བའི་ལམ་ཆེན་པོ་ལ་སྦྱོར་བར་མཛད་པས། སྤྲུལ་སྐུ་བསྟན་འཛིན་ནོར་བུས། འོད་གསལ་ལྷ་བརྒྱུད་འཁོན་དང་སྐྱུ་རའི་གདུང་། །རླངས་སོགས་འཇིག་རྟེན་ཆེ་རྒུས་གུས་བཏུད་ཀྱང་། །དུལ་བ་ཁྱོད་ལ་མངོན་རློམ་མ་མཆིས་པས། །དམ་པར་བསྔགས་འོས་མཆོག་དེར་གསོལ་བ་འདེབས། །ཞེས་སོ། །མདོ་སྨད་བྱང་གླིང་དུ༔ ཁའི་མུན་གསལ་ནས། །གངས་ཅན་འཛམ་བུའི་ལྗོན་པས་ཡོངས་དུད་མཁར། །ཐུགས་རྗེའི་རླུང་གི་ཤིང་རྟས་རབ་དྲངས་ཏེ། །སྔ་འགྱུར་ཆོས་ཀྱི་འོད་སྟོང་ལན་བརྒྱར་སྤྲོས། །མཁྱེན་ཡངས་ཟླ་བའི་མ་མ་ལེགས་འཁྱིལ་བར། །བརྩེ་ཆེན་སྙིང་སྟོབས་ཡོལ་མེད་རླབས་འཕྲེང་ཅན། །མཐུ་སྟོབས་ནུས་པའི་ནོར་བུ་འབྱུང་བའི་ཁུངས། །རིགས་གསུམ་སྒྱུ་དྲའི་ཟློས་གར་འདི་རྨད་བྱུང་། ལྷ་རིགས་དྲེགས་པས་མྱོས་པའི་སྟོབས་ལྡན་ཁེངས། །འཕྲོག་བྱེད་སྲིད་འབྱར་རལ་པའི་ནོར་འཛིན་མར། །རྣམ་དཔྱོད་གོམ་པ་གཅིག་གིས་ནོན་པའི་འཕྲུལ། །བྱེད་པོ་སྔོན་མེད་འཁོར་ལོའི་ལག་པ་ཅན། །རིག་འཛིན་ཡོལ་མོ་བས། རི་བོ་དཔལ་འབར་དུ་ཐུགས་སྒྲུབ་གསུམ་གྱི་བསྙེན་པ་མཛད་པའི་རིག་འཛིན་གདུང་སྒྲུབ་ཀྱི་སྐབས། མཁའ་འགྲོ་མ་ཅིག་


GLG008_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཤོག་དྲིལ་ཅིག་གཏད་པ་གཟིགས་པས། ད་ནི་ཉོན་དང་སྟོབས་ལྡན་ཤུགས་འཆང་རྩལ༔ འདི་ནས་བྱང་ཤར་འབར་བའི་ཕུག་པ་རུ༔ ལས་ཅན་བུ་ལ་བཀའ་འདི་གཏོད་ཅིག་ཅེས༔ བུ་མོ་བདག་ནི་རག་ཤའི་གླིང་ནས་འོངས༔ ཞེས་སོགས་ཀྱི་མཇུག་ཏུ་དཔལ་གྱི་བཀའ་འདི་ཡོངས་ལ་སྤེལ་གྱུར་ན༔ གློ་བུར་གཟེར་བཏབ་བཟློག་དཀའི་ཕོ་ཉ་འོང༔ ཞེས་པའི་འོག་ཏུ་མཚལ་ཐམ་ཁ་ཡིག་ལ། ཨོཾ་ཨཱཿཧཱུྃ་ས་མ་ཡ་སིདྡྷི་ཧཱུྃ་ཟེར་བ་ཡོད་པ་ཞིག་བྱུང་། དེ་ནས་ལོ་ཤས་སོང་ཚེ། གཏེར་འདོན་པའི་སྐུལ་མ་ངོ་མཚར་བ་བྱུང་བའི་རྒྱུ་མཚན་རིག་འཛིན་ངག་གི་དབང་པོར་ཞུ་ཡིག་ཕུལ་བའི་ལན་གྱི་སློབ་སྟོན་ལྟར་མཛད་པས། རྒྱང་ཡོན་པོ་ལུང་ནས་ཁ་བྱང་དང་རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་སྐོར་ཞིག་སྤྱན་དྲངས་པའི་ལུང་བསྟན་དུ། གསང་འདུས་བླ་མའི་དཀྱིལ་འཁོར་དུ༔ ལེགས་སྨིན་ཆོས་ཀྱི་བློན་པོ་ནི༔ གུང་བཙན་རྡོ་རྗེ་ལྷ་འབར་ཁྱོད༔ དག་དང་མ་དག་སྐྱེ་བའི་གྲངས༔ བཅུ་ཕྲག་གཅིག་དང་གཉིས་འདས་ཚེ༔ དག་པའི་སྐྱེ་བ་དབྱིག་མཐའི་མིང༔ བོང་ཆེ་ཤ་དཀར་བ་སྤུ་ཅན༔ ཐི་བ་ལས་གྱུར་འདོད་ཆགས་ཆེ༔ སྤྲེའུ་ལས་གྱུར་སྤྲོ་མི་རིང༔ བཙུན་མོ་ལས་གྱུར་ངོ་ཚ་ཆེ༔ ནེ་ཙོ་ལས་གྱུར་སྨྲ་ལ་དགའ༔ བརླ་གཡས་རྒྱལ་མཚན་མཚན་རྟགས་ཅན༔ ཤར་ཀོང་ལོ་མའི་ནང་ནས་འབྱུང༔ གསང་མིང་སྟོབས་ལྡན་ཤུགས་འགྲོ་རྩལ༔ ལྔའམ་དྲུག་གི་ནང་སོན་ཚེ༔ ང་དང་ཕྲད་ནས་བརྡ་སྟོན་བྱེད༔ བཅོ་ལྔ་ལམ་ནི་བཅུ་བདུན་ཚེ༔ པདྨ་ཅན་གྱི་བུ་མེད་ཅིག༔ རྙེད་ཚེ་ཚེ་ཡི་རྒྱ་མདུད་བྱེད༔ ཉི་ཤུ་གཉིས་གསུམ་བཞི་རྣམས་ལ༔ང་ཡི་ཆོས་དང་ཕྲད་པར་འགྱུར༔ ཞེས་རང་གཏེར་གྱི་ལུང་བསྟན་ངོ་མཚར་ཅན་བྱུང་


GLG008_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

བ་བསྣམས་ནས་དབུས་སུ་ཕེབས། བྱང་པ་རིག་འཛིན་ཆེན་པོའི་སྤྱན་ལམ་དུ་ཕབ་པས་ཤོག་སེར་ལ་གཟིགས་ནས། རྣལ་འབྱོར་རྡོ་རྗེའི་སྤྲུལ་པ་ཅིག༔ བླ་མར་འོང་གི་གཙུག་ཏུ་བཀུར༔ ཟེར་བ་འདི་ཁོ་བོ་ཡིན་པར་འདུགཁྱེད་ཀྱི་གཏེར་དངོས་གཞི་དེ་ཐོན་ལ་ངེད་ཡང་ཕན་པར་གདའ་ཞེས་གསུངས། འཇམ་དཔལ་སྤྲུལ་པ་དབུས་སུ་འབྱུང༔ གློ་བུར་རྐྱེན་གྱིས་མ་བསྒྲིབས་ན༔ རྒྱ་བོད་ཧོར་གསུམ་དེ་ཡིས་འདུལ༔ ཞེས་པ་འདི་ངོས་རིག་འཛིན་ཡབ་སྲས་གཉིས་ཀ་ངོས་འཛིན་མཛད་པར་སྣང་། གཞན་ཡང་། གླང་ཕུ་སེ་བོའི་སྐྱེ་བ་ཅིག༔ སློབ་དཔོན་ཚུལ་དུ་འོང་གི་བསྟེན༔ ཞེས་པ་སྤྲུལ་སྐུ་ཕྱག་རྡོར་ནོར་བུ། དཔལ་གྱི་རྡོ་རྗེའི་སྐྱེ་བ་ཅིག༔ གསང་བའི་ཚུལ་དུ་སློབ་དཔོན་བྱེད༔ ཅེས་པ་རིག་འཛིན་ཨུ་རྒྱན་དོན་གྲུབ། ཀུ་མཱ་ར་ཡི་སྐྱེ་བ་ཅིག༔དགའ་བའི་ཚུལ་སྟོན་བར་ཆད་སེལ༔ཞེས་པ་ཟུར་དཔལ་འབྱོར་འཕྲིན་ལས་རབ་རྒྱས༔ཕོ་གྱོང་རྒྱལ་མོའི་སྤྲུལ་པ་ཅིག༔ མའམ་སྲིང་མོའི་ཚུལ་དུ་འོང༔ཞེས་པ་གཏེར་སྟོན་རང་གི་ལྕམ་སྲིང་སྦས་པའི་རྣལ་འབྱོར་མ་ཞིག །ལས་སྨོན་མཐུན་པའི་སྐྱེས་བུ་ཞིག༔ གྲོགས་སུ་འབྱུང་གི་སྙིང་ལ་ཆོངས༔ ཞེས་པ་རྟ་ནག་སྒྲོལ་མ་ཕུག་ནས། གཞན་མ་ཀོ་ཇག་འཇིགས་བྲལ། བྲག་ནག་བདུད་འདུལ། སྐུ་སྐྱེ་འཆི་མེད་དབང་པོ་སོགས་ལུང་བསྟན་གཅིག་གིས་གང་ཟག་སོ་སོར་ཐོན་པ་ཡང་ཡོད་པར་སྣང་ཞིང་། ཟབ་གཏེར་དེའི་དགོས་པའི་གཙོ་བོ་ནི། སྙིགས་དུས་དམ་སྲི་མིར་རྫུ་བའི༔ ཕུང་ཆེན་བླ་མ་སྟོབས་ཆེན་བཞི༔ འདུལ་ཐབས་ང་ཉིད་གྲོ་བོ་ལོད༔ ཕུར་ཐོགས་དྲག་པོའི་སྒྲུབ་པ་ཡོད༔ སེང་ལྡེང་ཕུར་པ་རྐང་གང་པ༔པདྨ་དག་གི་ལས་ཕུར་ཡོད༔ དེ་འཐོན་ཙམ་གྱིས་དེ་གསུམ་ཉམས༔ ཞེས་སོ། །དུས་རྟགས་


GLG008_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། ཡོས་ཀྱི་ལོ་ལ་ངལ་གསོ་བྱེད༔ འབྲུག་གི་ལོ་ལ་འབྲུག་ལྟར་ལྡིར༔ སྦྲུལ་ལ་སྦྲུལ་ཤུན་ལྟ་བུར་འཐོར༔ དེ་ཕྱིར་ཡོས་བུའི་ལོ་ལ་ལོང༔ ཞེས་པ་ལྟར། དུས་ཀྱིས་གཏུགས་པས་ས་སྟག་གི་ལོར་སྤྲུལ་པའི་སྐུ་རི་བོ་དཔལ་འབར་གྱི་གཏེར་འདོན་པར་སློབ་སྟོན་དང་བཅས་རྫོང་སྟ་མཛད་ཀྱང་། གཏེར་སྟོན་དྲི་མེད་ཀུན་དགའི་ལུང་བསྟན་གསང་བའི་སྦར་སྐབ་ན། ལྷོ་མོན་གཙང་གཡག་ས་སྟེང་ནས༔ དུར་བཅོལ་ཞེས་བྱའི་མིང་བཟུང་ནས༔ སྒོམ་ཆེན་ཆས་སུ་ཞུགས་ནས་འོང༔ མིག་དམར་ཁྱབ་པ་ལག་རིང་སྟེ༔ ལོག་པའི་རྫུ་འཕྲུལ་སྣ་ཚོགས་ཀྱིས༔ ཏུ་རུ་སྐ་ཡི་དམག་སྣ་འདྲེན༔ བོད་འབངས་ཐམས་ཅད་རླག་པར་བྱེད༔ མིང་ཐོས་རླུང་ཁྱབ་ན་རག་འཁྲིད༔ བསྟན་པའི་ཕྱིན་ལོག་བསྐོར་བ་འོང༔ ཞེས་ལུང་གིས་ཟིན་པའི་འབྲུག་པ་ངག་དབང་རྣམ་རྒྱལ་གྱིས་མོན་བོད་སྡུག་བསྔལ་ལ་སྦྱོར་བའི་སྡེ་གཟར་མང་དུ་སླང་བའི་སྟག་གི་ལོ། གཙང་དཔུང་ལྷོ་མོན་ཕྱོགས་སུ་བཅུག་པ་དང་འགྲིག༔ མདའ་དཔོན་དགོས་ལུང་པས་ཇུས་རིམ་ལ་ཕག་རིར་བཞུགས་བཅུག་པས་དུས་འགྱངས། གཏེར་གནས་ལ་མ་ཕེབས་ཙམ་དུ། རིག་འཛིན་ངག་གི་དབང་པོ་གཤེགས་པའི་གཏམ་སླེབ་ནས། དབུས་སུ་འབྱོན་དགོས་བྱུང་བས་རྟེན་འབྲེལ་མ་འགྲིག །སྔར་སྡེ་སྲིད་ཀརྨ་ཕུན་ཚོགས་རྣམ་རྒྱལ་དང་། ལྷུན་གྲུབ་སྒང་ཆེན་པ་གཉིས་ཀྱིས་མངའ་རིས་རྒྱལ་པོ་ཡུལ་ཕུད་པས། བསྐུལ་བྱང་ལས། དེ་ལྟར་མང་ཡུལ་གུང་ཐང་གི་ཁྲོད་དུ༔ བདུད་ཀྱི་སྤྲུལ་པ་ཤན་པ་ནག་པོ་དྲུག་གིས་རྒྱལ་པོའི་གདུང་བརྒྱུད་བརླག་པར་བྱས༔ བོད་ཀྱི་ཕུང་མགོ་བཙུགས༔ ཞེས་པ་དང་། སྟོབས་དང་དཔུང་ཆེ་བའི་རྒྱལ་ཕྲན་ཞིག་གི་སྙིང་དུ་འགོང་པོ་ཁད་ན་ནག་པོ་ཞུགས་ཏེ༔ དེའི་མཐུ་སྟོབས་ཀྱིས་མངའ་བདག་རྒྱལ་པོའི་གདུང་རྒྱུད་གང་ན་འདུག་པའི་གནས་སུ་ཕྱིན་ཏེ་འཐོར་བ་རྣམ་པ་བདུན་བྱེད་


GLG008_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལས་ངན་བྱེད་དོ༔ ཞེས་དང་། རཏྣའི་བསྟན་པ་སྤྱི་ལུང་དུ༔ བཙད་པོའི་གདུང་རྒྱུད་གློ་བུར་རྒྱལ་པོས་བརྡུང༔ ཞེས་དང་། བསྟན་གཉིས་གླིང་པའི་ཀུན་གསལ་སྒྲོན་མེ་ལས། མང་ཡུལ་གུང་ཐང་འཐིལ་འདི་རུ༔ ལྷ་སྲས་གདུང་བརྒྱུད་གཙང་མ་ཅིག༔ དམངས་ཀྱིས་གྲི་རུ་འགུམ་པར་བྱེད༔ ཅེས་སོགས་ལུང་བསྟན་སྔོན་མ་མང་པོར་བྱུང་པ་ལྟར་བདུད་སྤྲུལ་དུ་ངེས་ཤིང་། གཏེར་གསར་ལུང་བསྟན་དུ། དེ་ཕྱིར་དམ་སྲི་སྤུན་དགུ་ཡིས༔ མཐོ་འཚམ་གཏེར་འདི་འཐོན་པ་དཀའ༔ ཞེས་པས་འབྲུག་ར་ལུང་པ་ངག་དབང་རྣམ་རྒྱལ་དང་མདའ་དཔོན་དགོས་ལུང་པ་གཉིས་ཀྱང་དམ་སྲིའི་སྤྲུལ་པར་ཐེ་མི་ཚོམ་མོ། །ཁྱབ་བདག་དཀྱིལ་འཁོར་ཀུན་གྱི་མགོན་པོ་མཆོག །མཆོག་ཏུ་ཡངས་པའི་རྣམ་དཀར་འཕྲིན་ལས་རྒྱུན། །རྒྱུན་ཆད་མེད་པར་བབས་པས་གསེར་ལྡན་ལྟོ། །ལྟོ་བ་ཡོངས་སུ་གང་དེ་ཨེ་མ་མཚར། །རྒྱལ་བ་ཀུན་དངོས་དངོས་བརྒྱུད་བླ་མ་མཆོག །པདྨ་འབྱུང་གནས་གནས་གསུམ་མཁའ་འགྲོའི་གཙོ། །གསང་ཆེན་ཐེག་མཆོག་མཆོག་གི་སློབ་དཔོན་དུ། །རྣམ་རོལ་ངག་དབང་དབང་ཕྱུག་བརྒྱད་ལྡན་རྗེ། །ཡང་ཡང་བསམས་ཀྱང་ཁ་བའི་སྨན་ལྗོངས་འདིར། །འཇིགས་འཇིགས་སྔགས་རློམ་ཀུན་གྱིས་ཟླ་བྲལ་བ། །འུར་འུར་མེ་དཔུང་དབུས་འགྱིང་ཧེ་རུ་ཀ །གསལ་གསལ་ཞི་ཁྲོའི་ཟློས་གར་སྒྱུར་དེ་རྒྱལ། །དེ་ལྟར་རིག་འཛིན་ངག་གི་དབང་པོ་འདི་ཉིད་ཀྱིས་ལོ་གཉིས་གསུམ་ཙམ་གྱི་སྔོན་ནས། ཡོལ་མོ་སྤྲུལ་པའི་སྐུར་གཏེར་རྫས་བཀའ་རྒྱ་རྣམས་རྩིས་ལེན་དགོས་ཚུལ་དང་། མི་རིང་པར་ལྷ་ཁང་རྟེན་བཞེངས་ཀྱང་མང་དུ་དགོས་པ་ཡོང་། ངེད་ཀྱང་ད་ལྟ་དང་མི་འདྲ་བར་བླ་མ་གོང་མ་ཞེས་རྩིས་ཆེར་འགྲོ་ཞེས་སོགས་གསུངས་པ་ལྟར། ས་ཡོས་ནག་པ་ཟླ་བའི་ཚེས་བཅུའི་དུས་ཆེན་གྱི་


GLG008_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་སྙུན་གྱི་རིགས་མངོན་གྱུར་མེད་པའི་ངང་ནས། ལྕོག་སྒར་ཚོགས་པར་འཕྲལ་ཡུན་གྱི་སློབ་སྟོན་མང་པོ་དང་། སྔར་མི་མཛད་པའི་དྲི་མེད་བཤགས་རྒྱུད་ཀྱི་འཁོར་རྣམས་རྗེས་སུ་ཡི་རངས་ཏེ་བཤགས་པའི་ལེའུ་དེ་ཚོགས་ལ་དོ་ནུབ་རང་ཚུགས་པ་བྱེད་གསུངས་ནས་དཔལ་འབར་སྤར་ཏེ་དཔེ་འདོན་གྱི་ཚུལ་དུ་བཙུགས། ཆོ་ག་གྲོལ་རྗེས་སྔར་ཆེད་གཉེར་དུ་མི་མཛད་ཀྱང་། དགེ་བ་རྫོགས་བྱང་དུ་བསྔོ་བ་རྒྱས་པར་གནང་སྟེ་གཟིམས་ཆུང་དུ་ཕེབས་ནས་གཟུགས་སྐུའི་བཀོད་པ་རེ་ཞིག་ཟངས་མདོག་དཔལ་རིར་བསྡུས་སོ། །དགོངས་རྫོགས་ཀྱི་གྲལ་དབུར་ས་སྐྱ་ཞབས་དྲུང་མཐུ་སྟོབས་པ་ཕེབས། གདུང་མཇལ་མཛད་སྐབས་གདུང་གི་སྟེང་ན་འཇའ་ཚོན་གྱིས་ཁྱབ། དེའི་ཚེ་རིག་འཛིན་ཡོལ་མོ་བ་སྟོད་ནས་མར་བྱོན་པའི་ལམ་དུ་ཡང་། ཉི་མ་འཇའ་ལྔ་སྦྲག་གིས་བསྐོར་བ་དང་། ནམ་མཁའ་གཡའ་དག་ཅིང་། འཇའ་ཚོན་སྣ་ཚོགས་ཀྱི་ཐིག་ལེ་ཚོམ་བུ་དྲ་བས་འབྲེལ་བ་དང་། གདུང་ཞུགས་སུ་ཕུལ་ཚེ། མེ་ཏོག་དཀར་པོ་ཁྲུང་ཁྲུང་གི་སྒོ་ང་ཙམ་པའི་ཆར་བབས་པས། ཡོལ་མོ་སྔགས་འཆང་གིས། སྙིགས་དུས་ལོག་པར་སྤྱོད་པས་ཐུགས་ཕྱུང་ཞིང་། །སྐུ་ཚེ་འདི་ཡི་གདུལ་བྱ་འདི་ཙམ་ཞེས། །མཁྱེན་ནས་དངོས་བརྒྱུད་བཀའ་ཡིས་ངེས་མཛད་དེ། །རེ་ཞིག་ཞི་བར་གཞོལ་ལ་གསོལ་བ་འདེབས། །ལེགས་བྲིས་བུ་མོའི་ལག་པད་ཀྱིས་གཏོར་བའི། །པུཎྜ་རི་ཀའི་ཆར་གྱིས་མཁའ་སྲིད་ཁེངས། །ཞུགས་སུ་བཞུན་ཚེ་སྣ་ཚོགས་དབང་པོའི་གཞུའི། །དར་དཔྱངས་མཛེས་པས་མཆོད་ལ་གསོལ་བ་འདེབས། ཞེས་སོ། །དགོངས་པ་རྫོགས་ཐབས་ཕལ་ཆེར་གྲུབ་པའི་ཡོས་ལོ་ཟླ་བ་བཅུ་གཉིས་པའི་ཚེས་གཅིག་ཐོ་རངས་རིག་འཛིན་ཡོལ་མོ་བའི་མནལ་ལམ་དུ། ཟླ་བའི་དཀྱིལ་འཁོར་


GLG008_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ལྔ་མུ་ཁྱུད་ཉིས་རིམ་གྱི་དབུས་ན་རིག་འཛིན་ངག་གི་དབང་པོ་གངས་ཞུ་སྣམ་སྦྱར་ཟབ་བེར་གསོལ་བ། ཕྱག་གཉིས་ན་རྡོ་རྗེ་དང་སྐུ་གསུམ་རིགས་བསྡུས་ཀྱི་ཚེ་བུམ་བསྣམས་པ་དང་མཇལ་བས། ཡོལ་མོ་རྗེས། མོས་དགེ་དག་པའི་སྣང་བ་རབ་འབྱམས་མཁར། །མཚོན་ལྔ་ཉིས་རིམ་འོད་ཀྱི་མུ་ཁྱུད་ནང་། །ཟླ་རྒྱས་དཀྱིལ་འཁོར་ཤིན་ཏུ་རྒྱ་ཆེའི་དབུས། །ཉིད་ཞལ་གསལ་བར་བསྟན་དེར་གསོལ་བ་འདེབས། །ཞེས་སོ། །དེ་ནས་རིག་འཛིན་ཡོལ་མོ་སྤྲུལ་པའི་སྐུས་ཐུགས་ཁུར་བཞེས་ཤིང་། །ཐིག་རྩ་སོགས་ཟུར་ཆེན་རིག་སྔགས་འཆང་བའི་དབང་ཕྱུག་འཁོར་ལོའི་མགོན་པོ་དཔལ་འབྱོར་འཕྲིན་ལས་རབ་རྒྱས་ཀྱིས་མཛད་ནས་ཐུབ་ཆེན་གྱི་གསེར་སྐུ་བཞེངས། སྒྲུབ་སྐོར་གསུམ་གྱི་སྒོ་ནས་རབ་ཏུ་གནས་པར་མཛད། འཕྲང་མགོ་གཞི་པའི་བླ་མ་འཚམས་སྦྱོར་ངན་པས་དམ་སྲི་མ་རུངས་པར་གྱུར་པ་དེ་ཡང་རྟེན་ཆེན་གྱི་འོག་དུ་སྔགས་རྒོད་ལོགས་ཏྲིའི་སྒོ་ནས་མནན་ནོ། །ཡོལ་མོ་སྤྲུལ་པའི་སྐུ་བསྟན་འཛིན་ནོར་བུ་གསང་མཚན་སྟོབས་ལྡན་ཤུགས་འགྲོ་རྩལ་དུ་གྲགས་པའི་སྔགས་འཆང་ཆེན་པོ་དེ་རིག་འཛིན་གོང་མའི་གདན་སར་བཞུགས་ཏེ་ཕྱོགས་བྲལ་གདུལ་བྱའི་རེ་བ་སྐོང་བར་མཛད། ནུབ་གཅིག་མནལ་ལམ་དུ་ཆུ་ཆེན་པོ་ཞིག་བྱང་ནས་བྱུང་གཙང་ཆུ་དང་འདྲེས་ཏེ་ལུང་པ་ཐམས་ཅད་གང་ནས་འགྲོ་བའི་ཚེ་ཟམ་པ་ཕྲ་མོ་ཅིག་ལ་ཕོ་མོ་གསུམ་རྒྱུ་བར་ཐར་མ་སོང་བ་ཞིག་བྱུང་བས། འདི་སྡེ་སྲིད་གཙང་པར་ལྟ་བ་འདུག །སྐུ་རིམ་དགོས་ཚུལ་གསུངས་ཀྱང་། ཆགས་སྒོས་ལྟག་རྩར་སླེབས་གྲུབ་པའི་ཉམས་ཀྱིས་སྔགས་འཆང་མཐུ་སྟོབས་ཅན་འདི་ཚོར་རྩིས་མི་བྱེད། ས་སྐྱ་པའི་འཆམས་ཀྱི་བཀྲ་བཀྲ་ཧྲིག་ཧྲིག་དང་། མངའ་བདག་དཔོན་པོ་ཕུན་ཚོགས་རིག་འཛིན་པའི་ཟོབས་ལ་བློ་བཀལ་བར་སྣང་། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་ངེད་འཕྲད་པར་ཆེད་གཉེར་གྱིས་བྱོན། ཆོས་དབང་རིན་པོ་ཆེ་


GLG008_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

དང་རཏྣ་གླིང་པའི་གཏེར་རྫས་ཁྱད་འཕགས་མང་པོ་སྐྱེས་སུ་མཛད། དེའི་ནུབ་སྔ་མ། སྔགས་སྲུང་དང་ཁྱབ་འཇུག་གིས་ཐོག་དྲངས་གཏེར་སྲུང་རྣམས་དགྱེས་པའི་མཚན་མ་ཁྱད་པར་ཅན་མཐོང་། གཏེར་རྫས་རྣམས་ལ་འཁྲེན་ཆ་མི་མཛད་པའི་བརྡར་གོ །གསུང་གླེང་ཞིབ་པར་བྱུང་། གནང་ཚུལ་གང་ལ་དཔགས་ཀྱང་ཟོག་པོ་གཏེར་བརྫུས་མཁན་གྱི་རིགས་ཚོ་དང་ཡེ་མི་འདྲ་བའི་དཔལ་ཨུ་རྒྱན་ཆེན་པོས་རྗེས་སུ་བཟུང་ངེས་ཤེས་པའི་གཏེར་སྟོན་སྤྲུལ་པའི་སྐུར་ངེས་པ་རྙེད། ཡོལ་མོ་སྤྲུལ་པའི་སྐུས་ཐུགས་ཁུར་བཞེས་ཐོག་ལྕོག་སྒར་བར་མཆོད་ཐེབས་གསར་མཆོད་སོགས་ལུགས་གཉིས་ཀྱི་འཛིན་བཀོད་ཕུལ་དུ་ཕྱིན་པར་གྱུར། གནམ་སའི་དབང་ཕྱུག་བསྟན་འཛིན་ཆོས་ཀྱི་རྒྱལ་པོས། ཆུ་ལུག་ལོར་ངེད་སོག་ཡུལ་དུ་འགྲོ་དགོས་ཚུལ་ནན་ཆེ་བར་རིག་འཛིན་ཆེན་པོ་འདི་ཉིད་ཀྱིས་བརྟག་པ་མཛད་པར། ད་ལྟའི་སོག་པོ་འདི་ཚོས་གདན་འདྲེན་པའི་གྲགས་ཆེ་ཡང་དོན་ལ་ཕེབས་མི་དགོས། ལོ་ཤས་ན་སོག་པོ་འདི་པ་ཚོ་དང་བྱ་སྤྱོད་ཆ་ལུགས་མི་མཐུན་པ་ཉི་མ་ཤར་ཕྱོགས་ཡུལ་སྐད་རིགས་མི་གཅིག་པའི་ས་ནས་གདན་འདྲེན་འོང་། དེར་ཕེབས་དགོས་པ་འོང་ནའང་མྱུར་དུ་ཡར་ཕེབས་པའི་མཚན་མ་འདུག་ཚུལ་གསུང་བ་ཐོག་ཏུ་བབས་པས་ཕོ་ཚོད་ཀྱི་ལུང་བསྟན་མཁན་པོ་ཚོ་དང་ཡེ་མེ་འདྲ། འོན་ཀྱང་གཏེར་གསར་དེ་ཀ་མྱུར་དུ་བཞེས་ཐུབ་ན་བོད་ཀྱི་བདེ་ཐབས་དང་རིག་འཛིན་ཉིད་ཀྱི་སྐུ་ཚེ་མཐར་ཕྱིན་པའི་རྟེན་འབྲེལ་ལ་ཁྱད་ཤིན་ཏུ་ཆེ་ནའང་། བདུད་ཀྱི་ཆོ་འཕྲུལ་འདི་ཐབས་ཟབ་པས་གཞན་རྐྱེན་སྣ་ཚོགས་ཀྱིས་རིམ་འགྱངས་ལ་སོང་བའི་སྟེང་དུ། རང་གཏེར་ལས། མི་མཐུན་བདུད་དུ་བབས་པ་ནི༔ ཀླུ་གོང་བློན་པོའི་སྐྱེ་བ་ནི༔ བླ་མར་བརྫུས་ནས་ཐབས་ཀྱིས་སྨོད༔ བོན་པོ་ཐང་ནག་སྐྱེ་བ་ནི༔ བློན་པོར་


GLG008_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

བརྫུས་ནས་ཡ་ག་སྒྲོག༔ བདུད་བློན་ཤིང་རྩའི་སྐྱེ་བ་ནི༔ བནྡེའི་གཟུགས་ཀྱིས་དམ་ལོག་བྱེད༔ ཅེས་པའི་ལུང་བསྟན་ལྟར། དམ་ལོག་མ་རུངས་པ་འགའི་མི་བསྲུན་སྒྱུ་འཕྲུལ་དྲ་བ་སྣ་ཚོགས་ཀྱིས་བར་དུ་བཅད་དེ་སྐུ་ཚེ་དང་འཕྲིན་ལས་མཐར་མ་ཕྱིན་ཅིང་། བར་ཆད་ཀྱི་དབང་དུ་འགྲོ་བར་མངོན་པར་མཁྱེན་པས། མྱུར་དུ་རིག་འཛིན་ངག་གི་དབང་པོའི་སྤྲུལ་པའི་སྐུ་ངོས་འཛིན་པར་དགོངས་ཏེ་འོད་གསལ་གྱིས་གཟིགས་པས་མོན་མཁར་རྣམ་སྲས་གླིང་དུ་འབྱུང་བར་མཁྱེན་ནས་དེར་ཕེབས། སྤྲུལ་སྐུ་འཁྲུངས་མ་ཐག་པར་དབང་བཀའ་ཁ་ཡར་གནང་སྟེ་བྱིན་གྱིས་བརླབས། ལས་ཅན་གྱི་བླ་སྒྲུབ་ཅེས་གཏེར་སྟོན་གྱི་སྒྲུབ་པ་བྱང་གཏེར་གྱི་ཁྱད་ཆོས་ཆིག་བརྒྱུད་མ་དེ་ཟུར་ཆེན་རིག་སྔགས་འཆང་བའི་དབང་ཕྱུག་པར་གནང་། སྤྲུལ་སྐུ་རྣམ་སྲས་གླིང་དུ་འཁྲུངས་པ་དེ་ཡིན་པར་ཀུན་ལ་གསུང་ཞིང་། དྲིལ་བསྒྲགས་ཏེ་དོན་གྱིས་མངའ་གསོལ་བར་མཛད་པ་ལ་བརྟེན། ད་ལྟ་སྤྲུལ་པའི་སྐུ་བློ་བཟང་པདྨ་འཕྲིན་ལས་ཐེག་མཆོག་དབང་གི་རྒྱལ་པོ་ཡོངས་འདུའི་སྡེ། རིག་འཛིན་བླ་མའི་སེང་གེའི་ཁྲིར་བཞུགས་བཞིན་པའོ། །སླར་ཡང་དུས་གསུམ་མཁྱེན་པ་པདྨ་འབྱུང་གནས་ཀྱི་ཐུགས་རྗེ་ཚད་མེད་པའི་མཐུ་ལ་བརྟེན་ནས། ལས་ཅན་རྣམས་ཀྱིས་ཟབ་གཏེར་སྔོན་མ་རྣམས་ཀྱི་འཕྲིན་ལས་སྤེལ་ཞིང་། གསར་དུ་སྤྱན་དྲངས་ནས་བོད་ཁམས་བདེ་སྐྱིད་ཕུན་གསུམ་ཚོགས་པ་ལ་སྤྱོད་པར་ངེས་ཏེ། རིག་འཛིན་ཡོངས་འདུས་ཀྱི་ལུང་བྱང་ལས། ཤཱཀྱ་ཐུབ་པའི་རྒྱལ་ཚབ་ང་ཡིན་པས༔ རྩོད་ལྡན་དུས་སུ་བསྟན་མཇུག་གཏེར་གྱིས་སྐྱོང༔ ཞེས་དང་། ཚེ་སྒྲུབ་བདུད་རྩི་འཁྱིལ་བའི་སྨིན་བྱེད་བསྙེན་པའི་དབང་རིམ་བདུད་རྩི་འཁྱིལ་བ་ལས། ཕྱོགས་རྣམས་ཀུན་ཏུ་དགོངས་


GLG008_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྤྱོད་པ་མང༔ ཅིའི་ཕྱིར་ཨུ་རྒྱན་ཐུགས་རྗེ་མ་བཟོད་དོ༔ ཞེས་དང་། ཚེ་བསྲིང་བའི་ཉམས་ལེན་བདུད་རྩི་རྒྱུན་འབྱུང་ལས། ཨེ་མ་བདུད་རྩི་འཁྱིལ་བའི་རྒྱུད་དོན་སྙིང་པོའི་མཆོག༔ ཚེ་བསྲིང་ཆོ་ག་རྒྱུད་ལས་ཁོལ་དུ་ཕྱུང༔ ཕྱི་རབས་སྙིགས་མའི་འགྲོ་བ་བསྐྱབ་ཕྱིར་དུ༔ ཨུ་རྒྱན་གསུང་བཞིན་ནམ་སྙིང་བདག་གིས་བཀོད༔ ཅེས་དང་། རཏྣའི་སྤྱི་ལུང་ལས། ཐུགས་བསྐྱེད་ཡོད་ན་གཏེར་ཁ་དཔག་མེད་སྣོས༔ ལས་ཅན་བུ་མཆོག་རེ་ལ་སྨོན་ལམ་འདེབས༔ ལྷད་མེད་བྱིན་རླབས་དྲོད་དང་ལྡན་པའི་ཆོས༔ མ་འོངས་འབྲེལ་ཚད་དོན་དང་ལྡན་པར་འགྱུར༔ ཞེས་སོགས་རྒྱ་ཆེར་བྱུང་བ་ལྟ་བུས་མཚོན་པར་ནུས་སོ། །སྨྲས་པ། གདོད་ནས་ཀ་དག་ཀུན་བཟང་ཆོས་ཀྱི་སྐུ། །ལྷུན་གྲུབ་ཞི་ཁྲོའི་ཟློས་གར་ལོངས་སྤྱོད་རྫོགས། །ཐུགས་རྗེ་ཀུན་ཁྱབ་པད་འབྱུང་སྤྲུལ་པའི་གར། །རྣམ་རོལ་མཛད་པས་འགྲོ་འདི་སྐལ་བཟང་བྱས། །ཟབ་གཏེར་ཡིད་བཞིན་དབང་གི་རྒྱལ་པོ་ཆེ། །འཕྲིན་ལས་རྒྱལ་མཚན་རྩེར་འགོད་རྒོད་ལྡེམ་ཞབས། །མཁྱེན་བརྩེ་ནུས་མཐུའི་ལེགས་པའི་དཔལ་ལྡན་པས། །བདུད་སྡེའི་དཔུང་ཚོགས་འཇོམས་པའི་རྡོ་རྗེ་འཛིན། །ཨ་ཧོ་བསམས་ཤིང་སྔ་འགྱུར་བསྟན་པའི་མཁར། །སྤྲུལ་པའི་ཉིན་བྱེད་དཀྱིལ་འཁོར་ཡོངས་ཤར་བའི། །བཀའ་གཏེར་ཆོས་ཀྱི་འདབ་བརྒྱ་བཞད་པ་ལས། །ཕན་བདེའི་སྦྲང་རྩིའི་ཉིང་ཁུ་ཅི་ཡང་འཛག །དཔྱིད་ཀྱི་ལང་ཚོ་རྒྱས་པའི་ཕང་བ་ན། །ཨ་མྲའི་ལྗོན་པ་ལོ་འདབ་གཡུར་ཟ་ཞིང་། །ཕུན་ཚོགས་མངར་བའི་འབྲས་བུའི་ཁུར་དུད་པས། །མི་ཟད་རོ་བརྒྱའི་དཔལ་གྱི་མཛོད་དེ་འཛིན། །རིག་སྔགས་འཆང་བའི་འཁོར་ལོས་སྒྱུར་བ་དེའི། །


GLG008_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

རྨད་བྱུང་རྟོགས་བརྗོད་ངོ་མཚར་རྒྱ་མཚོ་ཡིས། །སྐལ་བཟང་གདུལ་བྱའི་དགའ་སྟོན་རབ་རྒྱས་ཤིང་། །དོན་གཉིས་ནོར་བུའི་དཔལ་ལ་སྤྱོད་གྱུར་ཅིག །ཅེས་དུས་གསུམ་མཁྱེན་པ་པདྨ་འབྱུང་གནས་ཀྱི་རྒྱལ་ཚབ་མི་ཉག་བྱང་པ་སྔགས་འཆང་ངག་དབང་རིག་འཛིན་རྡོ་རྗེ་ཆོས་རྒྱལ་བསྟན་པའི་རྒྱན་མཚན་དཔལ་བཟང་པོའི་རྣམ་པར་ཐར་བའི་ངོ་མཚར་བཀོད་པ་རྒྱ་མཚོ་ཞེས་བྱ་བ་འདི་ནི། སོ་ཟུར་གནུབས་གསུམ་སྔགས་པའི་རྒྱལ་པོར་གྲགས་པའི་ཟུར་འུག་བྱ་ལུང་པའི་གདུང་ལས་སོན་ཅིང་། གཉགས་ཛྙ་ན་ཀུ་མཱ་རའི་རྣམ་སྤྲུལ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་གྱུར་པ་པདྨ་དབང་གི་གྲོང་ཁྱེར་ངག་དབང་བཀྲ་ཤིས་ཀུན་དགའི་གསུང་གིས་བསྐུལ་བ་དང་དུ་བླངས་ཏེ། ཟ་ཧོར་གྱི་རིགས་ལས་ལོ་རྒྱུས་སྨྲ་བའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས། རིག་འཛིན་ཆེན་པོ་ཡོལ་མོ་བས་མཛད་པའི་རྣམ་ཐར་གསོལ་འདེབས་རྣམ་གྲོལ་ཆོས་དབྱིངས་མ། སྤྲུལ་སྐུ་ཕྱག་རྡོར་ནོར་བུས་མཛད་པའི་བྱང་གཏེར་བླ་བརྒྱུད་ཀྱི་རྣམ་ཐར་བསམ་འཕེལ་མ་ཎི་ཀའི་འཕྲེང་བ་དང་། ཤ་གཟུགས་པ་ངག་དབང་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པའི་ཆོས་འབྱུང་ཕན་བདེའི་དཔག་བསམ་རབ་ཏུ་རྒྱས་པའི་འདོད་འཇོ་གཉིས་ཀྱི་ནང་གི་རྣམ་ཐར། ཨེ་ཝཾ་ལྕོག་སྒར་བླ་མས་ཟིན་བྲིས་རྒྱས་པར་བཏབ་པའི་ཡི་གེ །གཞན་ཡང་ངག་འགྲོས་


GLG008_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

ཁུངས་མ་རྣམས་ལ་བརྟེན་ནའང་། ལོ་ཚིགས་དང་སྔ་ཕྱིའི་དུས་སོགས་ཞིབ་པར་མ་འཚལ་བ་དང་། ལྕོག་སྒར་བླ་མའི་ཟིན་བྲིས་ཀྱི་གོ་རིམ་རགས་པ་ཙམ་འདུག་པའི་ལ་ལར་སོམ་ཉི་རེ་གཉིས་སྣང་ཡང་མཛད་པ་རྒྱ་ཆེ་བའི་ཚིག་སྦྱོར་མང་ཙམ་བྱུང་བ་རྣམས་གོ་རིམ་གྱི་ཚུལ་དུ་བྱས། བརྗོད་བྱའི་དོན་ཉུང་ངུར་བསྡུས་ཆོག་པའི་འགངས་ཆེ་ཆེའི་རིགས་ཕྱོགས་མཐུན་དུ་བགྱི་བར་འོས་པ་རྣམས་ཆབས་གཅིག་ཏུ་བསྡེབས། ལུང་བསྟན་མང་པོའི་ཁུངས་བསྒྲིགས་ཏེ་རྒྱལ་བ་ཞེས་པ་ཤིང་ཕོ་རྟ་ལོ་སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་དབྱངས་ཨེ་འཆར་བའི་ཚེས་ལ། །གཙུག་ལག་ལུགས་བརྒྱའི་སྒོ་འཕར་གཅིག་ཏུ་ཕྱེ་བའི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ།། །།ཤུ་བྷ་མསྟུ་སརྦྦ་ཛག་ཏཾ། །མངྒ་ལཾ།། །


previousབྱང་པ་རིག་འཛིན་ཆེན་པོ་ངག་གི་དབང་པོའི་རྣམ་པར་ཐར་པ་ངོ་མཚར་བཀོད་པ་རྒྱ་མཚོ།no next