Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of བྲག་ཡེར་པ་
[Clear Hits]


  
  
  
  
  
  
 
ཁྱབ་བདག་འཁོར་ལོའི་དབང་ཕྱུག་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་ཐར་སྐལ་བཟང་དད་པའི་ཤིང་རྟ།
  


1 occurrence of བྲག་ཡེར་པ་
[Clear Hits]

 
previousཁྱབ་བདག་འཁོར་ལོའི་དབང་ཕྱུག་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་ཐར་སྐལ་བཟང་དད་པའི་ཤིང་རྟ།next

ཁྱབ་བདག་འཁོར་ལོའི་དབང་ཕྱུག་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་ཐར་སྐལ་བཟང་དད་པའི་ཤིང་རྟ།


GLG008_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་འཁོར་ལོའི་དབང་ཕྱུག་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་ཐར་སྐལ་བཟང་དད་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།།


GLG008_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་སྟི་སིངྔྷི། རིགས་ཐམས་ཅད་ཀྱི་ཁྱབ་བདག་དང་པོའི་མགོན་པོ་ཀུན་བཟང་སྒྱུ་འཕྲུལ་དྲ་བའི་རོལ་གར་མཁན་འཁོན་སྟོན་ཆོས་ཀྱི་རྒྱལ་པོ་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་པར་ཐར་པ་སྐལ་བཟང་དད་པའི་ཤིང་རྟ་ཞེས་བྱ་བ། དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པའི་ཞབས་ཀྱི་པདྨོར་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་རྗེས་སུ་གཟུང་དུ་གསོལ། དཔལ་ལྡན་རྒྱལ་ཀུན་ཆོས་དབྱིངས་བདེ་བ་ཆེན་པོའི་མཁའ་ཀློང་ཡངས་པ་ལས། །མཐའ་ཀླས་མཚན་དཔེའི་འབྱོར་པ་རབ་རྒྱས་ལོངས་སྤྱོད་རྫོགས་སྐུའི་དབྱར་སྐྱེས་འཕྲེང་། །ཐེག་ཀུན་གདུལ་བྱར་འཕྲིན་ལས་ལྷུན་གྲུབ་སྣ་ཚོགས་སྤྲུལ་སྐུའི་གྲུ་ཆར་འབེབས། །དུས་གསུམ་འདྲེན་པ་ཡོངས་ཀྱི་གཙོར་གྱུར་གདན་གསུམ་ཚང་བའི་བླ་མར་འདུད། །དངོས་གྲུབ་རིན་ཆེན་དབང་གི་རྒྱལ་པོ་ཆེ། །བརྒྱ་ཕྲག་ཐབས་ཀྱིས་འགྲོ་ལ་སྩལ་བའི་ཕྱིར། །རྡོ་རྗེ་འཆང་ཀུན་བཤེས་གཉེན་རྣམ་རོལ་དུ། །སྟོན་ཕྱིར་བླ་མ་མཆོག་ཁྱོད་འཁོར་ལོའི་མགོན། །རང་སེམས་ཆོས་སྐུར་གྲོལ་བས་ཤྲཱི་སིང་། །གཞན་ཕན་ལྷག་བསམ་འབྱོངས་པས་ཨ་ཏི་ཤ །ཐུབ་བསྟན་རྩ་ལག་གྱུར་པས་ཙོང་ཁ་པ། །རྣམ་གསུམ་མཛད་


GLG008_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ལུས་གཅིག་ཏུ་གྲུབ། །ཨིནྡྲ་བྷཱུ་ཏི་ཀླུ་སྒྲུབ་མདའ་བསྣུན་ཞབས། །རྒྱ་བོད་མཁས་གྲུབ་ཀུན་གྱིས་དམ་པ་འདིའི། །མཛད་པར་བསྒྲུན་ནུས་མིན་ཕྱིར་པད་འབྱུང་གི །རྣམ་པར་ཐར་དེ་དཔེ་རུ་བསྟན་ནམ་སྙམ། །རྒྱལ་རྣམས་སྐྱེ་སྤྲུལ་བགྲང་ཡས་སྟོན་པས་ན། །ཚུར་མཐོང་བློ་ཡིས་གཞལ་ལས་རབ་འགོངས་ཀྱང་། །ཐུན་མོང་གདུལ་བྱར་ལེགས་བསྟན་སྐྱེས་རབས་འཕྲེང་། །སྤེལ་བ་སྔོན་འགྲོའི་རྟོགས་པ་བརྗོད་ལ་སྤྲོ། །མཐའ་ཡས་རིགས་ཅན་གསུམ་སོགས་གདུལ་བྱའི་ཁམས། །ཇི་བཞིན་འཚམ་པའི་མཛད་པའི་ཆུ་གཏེར་ལས། །བློ་བཟང་རྒྱལ་བསྟན་སྤེལ་ཕྱིར་དངོས་ཀྱི་སྐུའི། །རྣམ་ཐར་བདུད་རྩི་སྐལ་བཟང་སྙིང་ལ་བྱིན། །མང་ཐོས་མཁས་དབང་ཡོངས་ཀྱི་མཁྱེན་པ་དང་། །རྒྱལ་སྲས་དམ་པའི་མི་དམིགས་བརྩེ་བ་ཆེ། །གྲུབ་རིགས་རྒྱ་མཚོའི་ནུས་མཐུ་གཅིག་བསྡུས་པས། །རིགས་གསུམ་མགོན་གྱི་ངང་ཚུལ་རང་གིར་མཛད། །དམ་པའི་སྣང་ཚུལ་ཚུལ་བཞིན་སྟོན་པ་ལ། །མི་སྐྱོའི་སྙིང་སྟོབས་སྟོབས་ལྡན་དཔའ་བོ་ཆེ། །བློ་དང་བརྩོན་པ་པ་སངས་ལྟར་དཀར་བ། །དཔག་ནུས་མིན་འདི་འདི་ཞེས་སུས་བརྗོད་ནུས། །འོན་ཀྱང་དང་བའི་དད་པས་རབ་བསྐུལ་ནས། །རྒྱལ་དང་དེ་


GLG008_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་ཡོན་ཏན་ཕྲ་མོ་དག །སྨྲ་བའི་ལེགས་བྱས་ཕ་མཐའ་ཡས་གྱུར་ན། །རྡོ་རྗེ་སློབ་དཔོན་བསྔགས་ལ་སུ་མི་དད། །རྒྱ་མཚོ་རྩྭ་ཡིས་འཇལ་ལྟར་བདག་བློ་ཡིས། །འཕགས་ཆེན་ཡོན་ཏན་རྫོགས་པ་ནུས་མིན་ཡང་། །ཐུན་མོང་གདུལ་བྱར་བསྟན་པའི་སྣང་ཚུལ་ཙམ། །སྤེལ་བ་བསྐལ་པར་བསོད་ནམས་ཟོང་གིས་བསྒྲུབས། །དེ་ཕྱིར་གཟུར་གནས་རྣམས་དང་ཆབས་གཅིག་ཏུ། །དཀར་ཕྱོགས་མངོན་པར་དགའ་བའི་འཆི་མེད་ཀུན། །སུག་པར་མནྡྷ་ར་སོགས་མཆོད་པའི་ཚོགས། །ཐོགས་ཏེ་གཡེལ་བ་མེད་པར་སྒྲ་འཛིན་ཉོན། །སྲིད་འདིར་དྲི་ཟའི་རྒྱུད་མང་སྒྲོག་པ་ལས། །ཆགས་ལྡན་སྐྱེ་བོའི་ཡིད་ལ་དགའ་བསྐྱེད་ན། །རབ་འབྱམས་སངས་རྒྱས་ཀུན་དངོས་ཡོངས་འཛིན་རྗེའི། །གསང་གསུམ་གཏམ་གྱིས་ཕན་བདེ་ཅིས་མི་སྩོལ། །དབྱངས་ཅན་བུ་མོའི་མགྲིན་ལས་སྙན་ཚིག་གི །མི་ཟད་འདོད་པ་འཇོ་བའི་རྟོགས་བརྗོད་འཕྲེང་། །འགྱུར་མེད་སྐལ་བཟང་དད་པའི་ཤིང་རྟ་འདི། །གླེགས་བུའི་རྭ་བར་འདྲེན་ནོ་ཤེས་ལྡན་ཀྱེ། །དེ་ཡང་ངེས་པའི་དོན་ཉིད་དུ་དུས་གསུམ་རྒྱལ་བ་ཀུན་གྱི་དཀྱིལ་འཁོར་འཁོར་ལོའི་བདག་ཉིད་ཆེན་པོར་བཞུགས་པའི་ཁྱབ་བདག་དང་པོའི་མགོན་པོ་ལས་ངོ་བོ་ཐ་མ་དད་ཅིང་། ཐུན་མོང་གི་གདུལ་བྱའི་ཁམས་དང་། བསམ་པ་དང་། བག་ལ་ཉལ་ལ་གཟིགས་ཏེ། ཉན་ཐོས་དང་རིམ་གྱིས་སྦྱངས་པའི་བྱང་ཆུབ་སེམས་དཔའ་བགྲང་ཡས་པར་སྟོན་པས། རང་ཅག་སྙིགས་མ་ལྔ་ཆེས་ཆེར་བསྡོ་བའི་ལུས་ཅན་རྣམས་ལ་བརྩེ་ཆེན་ཐུགས་རྗེའི་དབང་གིས་ལྷག་པར་རྗེས་སུ་བརྟས་པའི་རྗེ་བཙུན་རྡོ་རྗེ་འཛིན་པ་ཆེན་པོ་དཔལ་ལྡན་བླ་མ་དམ་པ་དཔལ་འབྱོར་ལྷུན་གྲུབ་ཀྱི་


GLG008_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་བརྗོད་པ་ཡི་གེའི་ཕྲེང་བར་ཅུང་ཟད་ཅིག་སྤེལ་བར་བྱའོ། །དེ་ཡང་སྤྱིར་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་ཡེ་ཤེས་རང་སྣང་གི་གཞལ་ཡས་ལས་མི་གཡོ་བཞིན་དུ། སྤྲུལ་པ་གྲངས་མེད་པ་སྟོན་པ་ལྟར། བླ་མ་འདི་ཉིད་ཀྱི་སྐུའི་སྐྱེ་སྤྲུལ་ཡང་འདི་དང་འདིའོ་ཞེས་རང་ཉམས་ཀྱི་བློས་དཔྱོད་པའི་ཡུལ་ལས་ཆེས་འགོངས་ནའང་། གང་གི་ཞལ་ལུང་ལས་སྣོད་ལྡན་ལ་བཀའ་སྩལ་བ་ལྟར་ཅུང་ཟད་བརྗོད་ན། བསྐལ་པ་བཟང་པོ་འདིའི་འགྲོ་བའི་བླ་མ་སྟོབས་བཅུ་མངའ་བ་སྟོང་གི་ནང་ནས་མཆོག་ཏུ་གྱུར་པ་རྒྱལ་བ་བུ་རམ་ཤིང་པའི་སྤྱན་སྔར། དགྲ་བཅོམ་པ་ཙུནྡར་སྐུ་འཁྲུངས། དེ་ནི་བྱད་གཟུགས་ཀྱི་ལང་ཚོ་ཀུན་ནས་བརྟས་ཤིང་། དམ་པའི་ཆོས་སྨྲ་བའི་ཚིག་གི་བརྗོད་པ་བླ་ན་མེད་པའི་སྒྲ་དབྱངས་ཀྱིས། རྒྱལ་པོ་དང་བྲམ་ཟེ་སོགས་མཆོག་དམན་གྱི་སྐྱེ་བོ་རྣམས་དགེ་བའི་ས་བོན་སྤེལ་པའི་དད་པའི་ཡིད་རང་དབང་མེད་པར་སྐྱེད་པར་བྱེད་ཅིང་། ལུང་སྡེ་སྣོད་གསུམ་ལ་མཁས་པ་དང་། བསླབ་པ་གསུམ་གྱིས་ཐུགས་ཀྱི་རྒྱུད་ཡོངས་སུ་ཕྱུག་པར་མཛད་དོ། །དེ་ནས་སློབ་དཔོན་ཤཱཀྱ་བཤེས་གཉེན་དུ་སྐུ་བལྟམས། དེ་ནི་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཀྱི་སྲས་ཀྱི་ཐུ་བོ། གསུང་རབ་སྤྱི་དང་། ཁྱད་པར་འདུས་པ་སོགས་སྔགས་ཀྱི་བསྟན་པའི་བདག་པོ་ཆེན་པོའོ། །དེ་རྗེས་སྐ་བ་དཔལ་བརྩེགས་སུ་སྐུ་སྐྱེ་བ་བཞེས་པ་ནི། ཐང་ཡིག་ཏུ། ཡབ་མིང་སྐ་བ་བློ་ལྡན་ཞེས་བྱ་བཿ ཡུམ་མིང་འབྲོམ་བཟའ་རྡོ་རྗེ་ལྕམ་གྱི་བུཿ ཤཱཀ་ཐུབ་ཉེ་གནས་ཙུནྡར་ཚེ་འཕོས་པཿ སྐྱེས་བུ་སྐ་བ་དཔལ་བརྩེགས་ཞེས་བྱ་བཿ ཞེས་གསུངས་པ་ལྟར། སྐད་གཉིས་སྨྲ་བའི་དབང་པོ་སྐ་བ་དཔལ་བརྩེགས་ཞེས་


GLG008_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་བསྒྱུར་ཅིང་། ལོ་ཙཱ་བ་བརྒྱ་དང་བརྒྱད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་དེ་ཉིད་དོ། །དེ་རྗེས་སྒྲོ་ཕུག་པར་སྐྱེ་བ་བཞེས། དེ་ནི་སོ་ཟུར་སྣུབས་གསུམ་སྔགས་པའི་རྒྱལ་པོ་ཞེས་ཡོངས་སུ་གྲགས་པའི་ཟུར་གྱི་རྒྱུད་ལས་བྱུང་ཞིང་། གཞོན་ནུའི་དུས་སུ་ཡུམ་དང་ཞང་པོས་བསྐྱངས་ཏེ། མངའ་ཕུར་ལོ་བཅོ་ལྔ་དང་། དེ་ནས་ཆུ་བར་དུ་གླན་དང་། སྐེད་ལུང་དུ་བྱོན་ཏེ་ལོ་གསུམ་གྱི་རིན་ཆོས་གསན། དགུང་ལོ་བཅུ་དགུ་ལ་ཆེ་འདོན་མཛད་པས་འཕྲིན་ལས་ལྷག་པར་རྒྱས། ཐོས་བསམ་ལ་ཅུང་ཟད་གནོད་པ་ལྟར་བྱུང་ཡང་། གླན་ཤཱཀྱ་བྱང་ཆུབ་སོགས་བླ་མ་མང་པོ་སྤྱན་དྲངས་ཏེ། མདོ་སྒྱུ་འཕྲུལ་སེམས་ཕྱོགས་ཀྱི་རྒྱུད་མན་ངག་སྒྲུབ་འཕྲེང་ཕྱག་བཞེས་མཐའ་དག་རྫོགས་པར་གསན་ཅིང་། གསང་སྔགས་སྔ་འགྱུར་གྱི་བསྟན་པའི་བདག་པོར་གྱུར། གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས་སོ། །དེ་ནས་སྤྱན་རས་གཟིགས་སི་སི་རི་པར་སྐུ་བལྟམས། དེ་ནི་ཡུལ་ཨེ་རིག་པའི་འབྱུང་གནས་ཀྱི་སའི་ཆར། ཐུགས་རྗེ་ཆེན་པོ་ཕྱག་ན་པདྨ་དངོས་སུ་འགྲུབ་ཅིང་། སྐབས་འགར་ཐགས་བཏགས་པས་ལས་དག་པ་ཞིག་གིས་ཕྱག་བཞི་ཡོད་པར་ཡང་མཐོང་། ཡི་གེ་དྲུག་པའི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པའི་སྦས་པའི་རྣལ་འབྱོར་ཞིག་གོ །དེ་རྗེས་འཕགས་པ་རིན་པོ་ཆེར་སྐུ་སྐྱེ་བ་བཞེས། དེ་ནི་རྗེ་བཙུན་ས་པཎ་གྱི་གཅུང་ཟངས་ཚ་བསོད་ནམས་རྒྱལ་མཚན་དང་མ་གཅིག་ཀུན་དགའ་སྐྱིད་ཀྱི་སྲས་འཁོན་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས། སེ་ཆེན་རྒྱལ་པོ་འཇམ་དབྱངས་གོང་མའི་ཁྲི་ལ་མངའ་སྒྱུར་བ་དང་ཆབས་གཅིག་པར་རྒྱལ་པོ་གང་དེའི་ཏི་ཤྲིར་གྱུར་ཏེ། དམ་པའི་ཆོས་ཀྱི་སྐྱེས་བཟང་པོ་སྩལ་བའི་ལན་དུ།


GLG008_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཆོལ་ཁ་གསུམ་དུ་གྲགས་པ་ཕུལ་ཏེ། ལུགས་གཉིས་ནས་མངོན་པར་མཐོ་བའི་བླ་མ་ཆོས་ཀྱི་རྒྱལ་པོ་ཀྭན་དིང་ཏའི་གུ་ཤྲི་ཞེས་གྲགས་སོ། །དེ་ནས་འགྲོ་མགོན་བསོད་ནམས་པར་སྐུ་བལྟམས། དེ་ནི་བླ་མ་བདག་ཉིད་ཆེན་པོ་བཟང་པོ་དཔལ་ཞེས་མགོན་པོས་རྗེས་སུ་བཟུང་བའི་འཁོན་རིགས་དམ་པ་གང་དེར་ཇོ་མོ་མང་དུ་ཡོད་པ་ལས། མ་གཅིག་གཞོན་ནུ་འབུམ་གྱི་སྲས་སུ་འཁྲུངས། གཞོན་ནུའི་དུས་ཉིད་ནས་གསུང་རབ་མཐའ་དག་ལ་ཐོས་བསམ་ཕུལ་དུ་ཕྱིན་པར་མཛད་ཅིང་། ཕྱི་ཚངས་པར་སྤྱོད་པའི་བརྟུལ་ཞུགས་ལ་གནས་ཀྱང་། ནང་གསང་སྔགས་ཀྱི་རྡོ་རྗེ་འཛིན་པའི་ས་ཆེན་པོ་མངོན་དུ་གྱུར་པ། ཁྱད་པར་དཔལ་ལྡན་ས་སྐྱ་པའི་ཟབ་དོན་སྙན་རྒྱུད་ཀྱི་བདག་པོར་བཞུགས་ཤིང་། དབུས་ཕྱོགས་སུ་སྡེ་སྲིད་ཕག་མོ་གྲུ་པའི་རྩ་བའི་ཡོངས་འཛིན་མཛད་པས་འཕྲིན་ལས་ཀྱི་སྒོ་མཆོག་ཏུ་རྒྱས། ཆོས་འཁོར་བསམ་ཡས་སུ་བཞུགས་སྐབས་དཀོར་སྲུང་གནོད་སྦྱིན་ཆེན་པོས་ཀྱང་བཀའ་བཞིན་བསྒྲུབ་པར་དངོས་སུ་ཁས་བླངས་པ་སོགས་དྲེགས་པ་ཅན་མཐའ་དག་བྲན་དུ་འཁོར་བར་ནུས་པའི་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཅན་ཆོས་རྗེ་བླ་མ་དམ་པ་ཞེས་གྲགས་སོ། །དེ་རྗེས་བྱམས་ཆེན་ཆོས་རྗེར་སྐུ་སྐྱེ་བ་བཞེས། དེ་ནི་སྐྱིད་ཤོང་གུང་ཐང་དུ་ཁྲུངས། ཆུང་ངུ་ནས་གསུང་རབ་ལ་ཡུན་དུ་སྦྱངས་པས་མཁས་པའི་གོ་འཕང་ཐོབ། གོང་མ་ཏ་མིང་རྒྱལ་པོས་རྒྱལ་བ་ཙོང་ཁ་པ་གདན་འདྲེན་བཏང་བའི་རྒྱལ་ཚབ་ཏུ་ཕེབས་ནས་རྒྱ་ནག་པོའི་ཡུལ་ཐམས་ཅད་རྒྱལ་བ་གཉིས་པའི་བསྟན་པས་ཁྱབ་པར་མཛད་དེ། སླར་དབུས་སུ་ཕེབས་སེ་ར་ཐེག་ཆེན་གླིང་གི་ཆོས་སྡེ་ཆེན་པོ་འདི་ཉིད་གསར་དུ་བསྐྲུན་པར་མཛད་ཅིང་། བྱམས་ཆེན་ཆོས་ཀྱི་རྒྱལ་པོ་ཏའི་བའུ་ཧ་ཝང་དུ་གྲགས་སོ། །


GLG008_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དུ་སྐུ་འཁྲུངས། དེ་ནི་མྱང་སྟོད་སྨིན་དྲུག་ཁྱུང་རྩེར་དཔོན་སྐྱ་ཞིག་གི་རིགས་སུ་བལྟམས། རྗེ་བཙུན་དམ་པ་དོན་ཡོད་པ་སོགས་ཡོངས་འཛིན་མང་དུ་བསྟེན་ནས་སྡེ་སྣོད་གསུམ་ལ་ཐོས་བསམ་ཕུལ་དུ་ཕྱིན། ཤཱཀ་ལན་དང་ཀར་ལན་སོགས་བསྟན་བཅོས་ཀྱི་རིགས་མང་དུ་མཛད་ཅིང་སྐུ་ཚེ་ཕལ་ཆེར་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བ་ཞིག་གོ །དེ་ལྟར་ཐུན་མོང་གི་གདུལ་བྱའི་སྣང་ངོ་དང་བསྟུན་པའི་གོ་རིམ་ལྟར་བརྗོད་ཀྱི། མཐའ་དག་བརྗོད་པའི་ཡུལ་ག་ལ་ཞིག་སྟེ། མངའ་བདག་མྱང་གི་གཏེར་ཁའི་ལུང་བསྟན་ལས་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཁྱོད༔ སྐྱེ་བ་བཅུ་བཞིར་རྒྱ་དཀར་ནག་རུ་བཞིའི་ཡུལ༔ སྡེ་སྣོད་སྤྱོད་ཅིང་འགྲོ་དོན་བྱེད༔ཅེས་འབྱུང་བ་ལྟར་དང་། རྒྱལ་པོ་བཀའི་ཐང་ཡིག་ལས་ཀྱང་། ཤཱཀྱའི་ཞིང་ཁམས་ལུག་སྟོད་ཞེས་པ་ནས༔ བྱང་ཆུབ་སེམས་དཔའ་གཞན་གྱི་དོན་ལ་བརྩོན༔ ཕ་བོང་ཁ་པ་ཞེས་པ་འབྱུང་བར་འགྱུར༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ ཅེས་སྣང་ཞིང་། རིག་འཛིན་རཏྣ་གླིང་པའི་གཏེར་ལུང་དུ། མཚོ་རྒྱལ་སྤྲུལ་པ་འགྲོ་བའི་དོན་སྤྱོད་པ༔ བསོད་ནམས་མིང་ཅན་ཨེ་ཡི་ཕྱོགས་སུ་འབྱུང༔ ཞེས་མཁར་ཆེན་བཟའི་སྤྲུལ་པར་བཤད་པ་དང་། གཏེར་ཁ་དུ་མར་འཇམ་དཔལ་དབྱངས་ཀྱི་སྤྲུལ་པར་བསྟན་པ་ཆེས་མང་ངོ་། ། ཨེ་མ་སྟོན་དུས་ཀུན་གསལ་འགྲམ་པ་ལ། །གཉིས་སྐྱེས་རྒྱལ་པོའི་དཀྱིལ་འཁོར་ཡོངས་ཤར་བས། །སྣང་བརྙན་གྲངས་མེད་རྫིང་བུར་འཆར་བ་ལ། །རྨོངས་ལྡན་བྱིས་པ་འཁྲུལ་ཉམས་ཅི་ཡང་སྟོན། །དེ་བཞིན་རྒྱལ་རྣམས་བདེ་བ་ཆེན་པོའི་ཀློང་། །དབྱེར་མེད་ངོ་བོ་གཅིག་པའི་རང་བཞིན་ལ། །ཐ་དད་དུ་མར་སྣང་བའི་སྤྲུལ་པའི་གར། །གདུལ་བྱའི་མོས་ངོས་ཡིན་ཕྱིར་


GLG008_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་གཟུང་ཅི། །མ་དག་ལྔ་བདོའི་མུན་པས་ཆེར་སྦགས་ཚེ། །གང་གི་སྐྱེས་རབས་འོད་དཀར་ཅན་གྱི་འཕྲེང་། །བསྟན་འགྲོའི་མཁའ་ལ་འགོག་མེད་འཆར་བ་འདི། །སེམས་བསྐྱེད་རླུང་གི་རྟ་ཡིས་དྲངས་པར་ངེས། །རྣམ་འདྲེན་མཐའ་དག་སྤངས་རྟོགས་མཉམ་མོ་ཞེས། །སྡེ་སྣོད་མང་པོར་ཡང་ཡང་གསུངས་གྱུར་ན། ཁྱོད་ཀྱི་ཐུགས་བསྐྱེད་སྙིང་སྟོབས་བླ་མེད་ལ། །ཀུན་མཁྱེན་གཞན་གྱིས་བསྒྲུན་དུ་མེད་འདི་ཅི། །འཕགས་ཆེན་དམ་པའི་སྲིད་པ་གྲངས་མེད་པ། །བཟུང་བ་མིན་ན་གང་གི་ཡོན་ཏན་ཚོགས། །བརྒྱ་པའི་ཚེ་ཡུན་གཅིག་ལ་ཡོངས་རྫོགས་པ། །ཀུན་མཁྱེན་ཚད་མས་གཞལ་ནུས་ག་ལ་ཞིག །རྨད་བྱུང་ལུང་རྟོགས་ཁུར་ལྡན་མཁས་གྲུབ་ཀྱི། །སྤྲུལ་པའི་ཟློས་གར་འཛིན་ལ་མཚར་དུ་ཅི། །རབ་འབྱམས་དུས་གསུམ་རྒྱལ་བ་མ་ལུས་པའི། །འཁོར་ལོ་ཁྱོད་ཀྱི་སྐུ་ལ་རྫོགས་མིན་ནམ། །དེ་ཡང་བདག་ཉིད་ཆེན་པོ་འདི་ཉིད་ཀྱི་གདུང་ནི། གནམ་ནས་ལྕེ་རིང་གཡུ་རིང་། གཡུ་བསེ་མཆེད་གསུམ་ལས། གཡུ་རིང་གིས་དམུའི་བུ་མོ་དམུ་ས་ལྡེམ་ཁབ་ཏུ་བཞེས་པའི་སྲས་སྤུན་བདུན་བྱུང་བའི་ཆུང་བའི་སྲས་ཐོག་ཚ་དཔའ་བོ་སྟག་དང་། མོན་བཟའ་མཚོ་མོ་རྒྱལ་གཉིས་ཀྱི་སྲས་གཡའ་སྤང་སྐྱེས་ཀྱིས་སྲིན་པོ་སྐྱ་རེངས་ཁྲག་མེད་བསད། གཡའ་བྲུམ་སིལ་མ་ཕྲོགས་ཏེ་ཁབ་ཏུ་བཞེས་པར་སྲས་བལྟམས་པ་དེ་སྲིན་པོ་དང་འཁོན་པའི་བར་དུ་སྐྱེས་པས་མིང་འཁོན་པར་སྐྱེས་སུ་བཏགས་ཏེ། འཁོན་གྱི་གདུང་བརྒྱུད་ཅེས་པའི་དོན་ཡང་དེ་ལྟར་ཡིན། དེའི་སྲས་དཔའ་པོ་ཆེས་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་མཛད། རླངས་ལོ་ཙཱ་བའི་བུ་མོ་ལྷ་ས་ཁྲེམ་བུ་ཁབ་ཏུ་བཞེས་པར་སྲས་ཁྲི་མཛེས། ལྷ་ལེགས། ཚེ་ལ་དབང་ཕྱུག །འཁོན་ཀླུའི་དབང་པོ། ཚེ་


GLG008_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་རྣམས་ལས། ཀླུའི་དབང་པོས་མཁན་པོ་རིན་ཆེའི་དྲུང་དུ་རབ་ཏུ་བྱུང་ཞིང་། སློབ་དཔོན་ཆེན་པོ་པདྨའི་དངོས་ཀྱི་སློབ་མར་གྱུར། གཅུང་གི་སྲས་རྡོ་རྗེ་རིན་ཆེན་སློབ་དཔོན་པདྨས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་སྨིན་པར་མཛད། རིག་སྔགས་འཆང་བ་ཆེན་པོ་དེའི་སྲས་ཤེས་རབ་ཡོན་ཏན་གྱིས་གྲོམ་པར་བྱོན། དེའི་སྲས་ཡོན་ཏན་འབྱུང་གནས། དེའི་སྲས་ཚུལ་ཁྲིམས་རྒྱལ་པོ། དེའི་སྲས་རྡོ་རྗེ་གཙུག་ཏོར་ཤེས་རབ། དེའི་སྲས་དགེ་སྐྱབས། དེའི་སྲས་དགེ་མཐོང་། དེའི་སྲས་འཁོན་སྟོན་བལ་པོ་ཞེས་པས་ཚ་མོརོང་གི་བྲག་ལ་སྒྲུབ་པ་མཛད་པས་རྡོ་རྗེ་ཕུར་པ་ཞལ་གཟིགས། དེའི་སྲས་ཤཱཀྱ་བློ། དེའི་སྲས་གཅེན་འཁོན་རོག་ཤེས་རབ་ཚུལ་ཁྲིམས་དང་། གཅུང་འཁོན་དཀོན་མཆོག་རྒྱལ་པོ་བྱོན་ཏེ། སྐབས་ཤིག་ཁྲོམ་ཆེན་པོའི་དབུས་ན་སྔགས་པ་མང་པོས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་ཞལ་བརྙན་དང་ཕྱག་མཚན་སོགས་དང་བཅས་ནས་གར་འཆམས་མང་པོ་བྱེད་ཀྱི་འདུག་པ་གཅུང་གིས་གཟིགས་པས། ད་གསང་སྔགས་འཆོལ་བས་རྙིང་མ་ལ་གྲུབ་ཐོབ་མི་འབྱུང་གསུངས་ནས་རང་གི་ཡབ་ཆོས་རྣམས་གཏེར་དུ་སྦས་ཏེ་སྔགས་གསར་མའི་ལོ་ཙཱ་བ་བླ་ཆེན་འབྲོག་མི་སོགས་བསྟེན་ནས་གསང་སྔགས་ཕྱི་འགྱུར་ལ་གཙོ་བོར་མཛད། འོན་ཀྱང་ཆོས་སྐྱོང་དཀར་མོ་བདུད་རྒྱལ་གྱི་ཆོ་འཕྲུལ་ཆེ་བར་བྱུང་པས་རྡོ་རྗེ་གཞོན་ནུའི་སྐོར་ལ་སླར་ཡང་ཉམས་ལེན་གནང་། གྲ་བོ་ལུང་པར་དགོན་པ་ཞིག་བཏབ་པས་ས་སྐྱ་གོག་པོར་གྲགས་ཤིང་། དེ་རྗེས་དཔོན་པོ་རིའི་ངོས་སུ་དཔལ་ལྡན་ས་སྐྱའི་ཆོས་སྡེ་ཆེན་པོ་འདིང་བར་མཛད། དེའི་སྲས་བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་དངོས་སུ་བྱིན་གྱིས་བརླབས་པས།


GLG008_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཟུང་སྟེ་དཔལ་ས་སྐྱ་པ་འཇམ་དབྱངས་འཁོན་གྱི་རིགས་ཞེས་གྲགས། དེ་ལ་སྲས་བཞི་བྱུང་བའི་ཆེ་བ་རྒྱ་གར་དུ་ཚད་པས་གཤེགས། དེ་འོག་སློབ་དཔོན་རིན་པོ་ཆེ་དང་རྗེ་བཙུན་རིན་པོ་ཆེ་གཉིས་རྡོ་རྗེ་འཛིན་པའི་ས་ཆེན་པོ་མངོན་དུ་མཛད་ལ། གཅུང་དཔལ་ཆེན་འོད་པོ་ཆེ་ལ་པཎ་ཆེན་སྐུ་མཆེད་གཉིས་བྱུང་བའི་ཆེ་བ་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོར་རྒྱ་བོད་ཡོངས་སུ་གྲགས་ཤིང་། གཅུང་ལ་སྲས་འཕགས་པ་རིན་པོ་ཆེ་སོགས་བདུན་བྱུང་བའི་སློབ་དཔོན་ཡེ་ཤེས་འབྱུང་གནས་ཀྱི་སྲས་བདག་ཉིད་ཆེན་པོ་བཟང་པོ་དཔལ་ཡིན་ལ། དེ་ཡང་འགྲོ་མགོན་ཕྱག་ནས། ཁོང་རང་གི་སྲས་དྷརྨ་རཀྵི་ཏ་གདན་སར་བཞག་ནས། བླ་མ་བདག་ཉིད་པ་འདི་གདུང་བརྒྱུད་ཁུངས་མ་མིན་ཚུལ་གྱི་སྙན་འཕྲ་གོང་མ་རྒྱལ་པོ་ལ་ཕུལ་བར་བརྟེན། རྒྱ་མཚོ་དང་ཉེ་བའི་ཡུལ་དུ་རེ་ཞིག་ཕེབས་དགོས་པ་བྱུང་ཞིང་། དེ་ནས་མི་རིང་བར་ས་སྐྱའི་དཔོན་ཆེན་སོགས་ཀྱིས་གདན་སར་གདན་དྲངས་ཆོག་པའི་གསེར་ཡིག་པ་མངགས་ཀྱང་དོན་མ་མཐོང་། ཆོས་རྗེ་ཁུ་དབོན་གྱི་མགོན་པོའི་བཀའ་བབས་ཀྱི་སློབ་མ་གྷ་ཨ་ཉན་དམ་པས་ཕོ་བྲང་གི་སྟེང་དུ་ལ་ཁའུའི་རྡོ་ཆར་དང་བྱ་རོག་ལྕགས་ཀྱི་མཆུ་སྡེར་ཅན་གྱིས་སྐད་བསྒྲགས་པ་སོགས་ཀྱི་ཆོ་འཕྲུལ་བསྟན་པས། བླ་མ་བདག་ཉིད་པ་ལ་བཀུར་སྟི་ཕུན་སུམ་ཚོགས་པ་དང་བཅས་ཏེ་གདན་སར་མངའ་གསོལ་བར་མཛད། བླ་མ་འདི་ཉིད་ལ་མདོ་ཁམས་སུ་སྲས་གཅིག་དང་། དབུས་གཙང་དུ་ཇོ་མོ་བདུན་བཞེས་པའི་སྲས་ཆེ་བ་རྒྱུད་ལས་དྷ་རྨ་པཱ་ལ་རཀྵི་ཏ་བྱ་བ་སོགས་རིམ་གྱིས་ཨེ་རིག་པའི་འབྱུང་གནས་ཀྱི་སའི་ཆར་རུས་ཚོ་གྱེས་པ་ཡིན་ནོ། །ལྷ་རིགས་དཔག་བསམ་ཡོངས་འདུ་གསར་པ་ལས། །འཇམ་དབྱངས་འཁོན་གྱི་ཡལ་འདབ་རབ་རྒྱས་རྩེར། །མཁས་དང་


GLG008_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་གང་བུ་ལྡེམ་པ་འདི། །ཐུབ་བསྟན་ནོར་འཛིན་མཛེས་པའི་རྒྱན་གྱི་དཔྱིད། །དམན་པའི་རིགས་བྲལ་འོད་གསལ་ལྷ་ཡི་གདུང་། །ནུས་མཐུའི་རྩལ་ལྡན་རིག་སྔགས་འཆང་བའི་རྒྱུད། །མཁྱེན་པའི་དཔལ་མངའ་འཇམ་དབྱངས་འཁོན་གྱི་རིགས། །ཚུལ་འདིས་ཤཱཀྱའི་གདུང་གི་བསྙེམས་པ་ཕྲོགས། །གང་གི་རིགས་ལས་མཁས་དང་གྲུབ་པའི་ཚོགས། །རྒྱུན་ཆད་མེད་པར་རྟག་ཏུ་འོང་གྱུར་ན། ཁྱོད་ཀྱི་གསང་བ་གསུམ་གྱི་ཡོན་ཏན་ཀུན། རྩོལ་མེད་ལྷུན་གྱིས་གྲུབ་པར་གོར་མ་ཆག །དེ་ཡང་ཡུལ་ཕྱོགས་དེའི་དབྱིབས་ཡི་གེ་ཨེའི་རྣམ་པ་ཅན་དུ་ཡོད་པ་དང་། བོད་དུ་ཧོར་གྱི་ལུང་བྱུང་སྐབས། དཔོན་པོ་གྲོག་མོ་སྐམ་པོ་ལ་ཆོལ་ཟེར་ནས་མཁར་བཙན་པོ་མང་དུ་བརྩིགས་པས་ཧོར་གྱི་ཁྲིམས་འཁུར་མ་དགོས་ཞེས་རྒན་པོའི་ངག་སྒྲོས་སུ་གླེང་ཞིང་། ཕག་མོ་གྲུ་པའི་སྡེ་སྲིད་ཀྱི་དུས། ལྷ་བཙན་པོ་འོད་སྲུངས་ཀྱི་གདུང་བརྒྱུད་ནང་སོ་རྒྱ་རི་བའི་མངའ་འབངས་སུ་གྱུར་པ། སྐྱེ་བོ་ཕལ་ཆེ་བ་དག་ཡིག་རིགས་དང་རྩིས་སྐར་ནག །སྐུ་བརྙན་གྱི་བྲིས་འབུར་སོགས་ཆེ་ཕྲའི་ཡོན་ཏན་ལ་བསླབ་སྦྱངས་ཆེས་དར་བའི་ཡུལ་དེའི་སྐྱོགས་མཁར་ཞེས་པའི་གྲོང་དུ། ཡབ་འཁོན་རིགས་གསང་སྔགས་རྙིང་མ་བཀའ་གཏེར་མཐའ་དག་ལ་གསན་པ་རྒྱ་ཆེ་ཞིང་། གྲུབ་པའི་ཡོན་ཏན་ཡང་དག་པར་བརྙེས་པ་དཔོན་ཚེ་དབང་ནོར་རྒྱས་དང་། ཡུམ་བུད་མེད་ཐ་མལ་པའི་སྐྱོན་གྱི་རིགས་མཐའ་དག་རྒྱང་དུ་བསྲིངས་པའི་ཡེ་ཤེས་ཀྱི་མཁའ་འགྲོའི་མཚན་ཉིད་དང་ལྡན་པ་རྒྱལ་མོ་འཛོམ་ཞེས་བྱ་བའི་སྲས་སུ་རབ་བྱུང་བཅུ་པ་འཕགས་པའི་ཡུལ་དུ་དུ་རྨ་ཏི་ཞེས་པ་བསིལ་ལྡན་གྱི་ལྗོངས་འདིར་བློ་ངན་དུ་འབོད་ཅིང་། རྒྱ་ནག་པོའི་རྒྱལ་ཁམས་སུ་ཟིན་ཡི་འུར་བརྗོད་པ། ཕྱོགས་འདིར་དབང་ཐང་དང་


GLG008_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

བསྟུན་པ་ལྕགས་མོ་བྱའི་ལོ་ལ་སྐུ་བལྟམས་ཤིང་མཆེད་གསུམ་ལས་བགྲེས་པ་ཡིན་ཞེས་གྲག་གོ །རབ་དང་གཙང་མའི་ཆུ་རྒྱུན་སྦྲེང་བ་ཡིས། །མངལ་གྱི་དྲི་མ་འཁྲུད་པའི་རིམ་གྲོ་པ། །ཚངས་དང་བརྒྱ་བྱིན་ལྷགས་པར་ཉེ་འཁོར་གྱི། །སྐྱེ་བོས་མ་མཐོང་མ་རིག་སྒྲིབ་པའི་སྐྱོན། །ལེགས་བྲིས་བུ་མོའི་མཉེན་འཇམ་ལག་པད་ཀྱིས། །མནྡྷ་ར་དང་ཨུ་དུཾ་ཝཱ་ར་སོགས། །ཆུ་སྐྱེས་འཕྲེང་བ་ཚར་དུ་མངར་བ་ལ། །དབང་པོའི་གཞུ་ཡི་སྲད་བུའི་དྲ་བས་སྦྲེལ། །ཚུལ་འདིས་མེ་ཏོག་མདའ་ཅན་ལ་སོགས་པའི། །བདུད་སྡེའི་སྙིང་ལ་ཟུག་རྔུ་བྱིན་པ་དང་། །དཀར་ཕྱོགས་སྐྱོང་ལ་སྤྲོ་དགའ་ཆེར་རྟས་རྣམས། །ཡིད་ཀྱི་དགའ་སྟོན་སྤེལ་བ་མཉམ་དུ་བྱས། བཙས་མ་ཐག་པ་ནས་ཧྲཱིཿདང་དྷཱིཿདང་ཨ་ར་པ་ཙ་ན་སོགས་འབའ་ཞིག་འདྲེན་པ་བྱུང་ཞིང་། ན་ཚོད་གཞོན་ནུའི་དུས་ཉིད་ནའང་བྱིས་པའི་རྣམ་པ་ཡེ་མེད་པར་རྩེད་མོའི་ཚབ་ཏུ་ཡང་བྱིས་པ་ཟླ་བོ་རྣམས་ལ་དབང་བསྐུར་ཆོས་བཤད་མཛད་པ། རྩིག་པ་དང་རྡོ་ལ་ཡི་གེ་འབྲི་བའི་རྣམ་པ་སོགས་མཁས་ཤིང་གྲུབ་པའི་སྐྱེ་བ་རིམ་པར་བརྒྱུད་པའི་བག་ཆགས་བཅོས་མ་མ་ཡིན་པ་ལྷུར་མཛད་པས། བོད་རྒན་པོ་གཞན་གྱི་ལུགས་ལྟར་ཕ་མ་གཡོ་ཅན་གྱིས་ཆེད་དུ་གཉེར་ནས་བཅོས་པའི་ངང་ཚུལ་སོགས་ནི་རྒྱང་དུ་བསྲིངས་སོ། །ཨེ་མ་རྟ་ལྗང་དབང་པོ་དེ། །ཤར་ཚེ་པུཎྜ་རི་ཀའི་ཚལ། །འདབ་མ་རྣམ་པར་བཞད་བྱེད་བཞིན། །དམ་པའི་ངང་ཚུལ་ལྷུན་གྱིས་གྲུབ། །བསིལ་སྦྱིན་མཁན་པོའི་འོད་ཟེར་གྱིས། །པད་ཚལ་རྒྱས་པར་འདོད་པ་ལྟར། །གཡོ་ཅན་བཅོས་མའི་སྒྲོ་འདོགས་དེ། །སྐྱ་རེངས་འཆར་ཁའི་སྐར་ཚོགས་བཞིན། །ཆེས་ཕྲའི་ན་ཚོད་མྱུ་གུའི་རྩེར། །འཕགས་མཆོག་ཡོན་ཏན་གང་བུའི་ཁུར། །རྣམ་པར་


GLG008_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ལྕི་བའི་ངོ་མཚར་འདིས། །ཀུན་མཁྱེན་ངང་ཚུལ་གསལ་བ་བཞིན། །དགུང་ལོ་བདུན་བརྒྱད་ཙམ་གྱི་དུས་ཡི་གེའི་འབྲི་ཀློག་རྣམས་དཀའ་ཚེགས་ཆེན་པོ་མ་དགོས་པར་མཁས་པར་མཁྱེན་ཞིང་། དེ་སྐབས་ཡིག་རིས་སྟོན་པའི་སློབ་དཔོན་དེའི་དཔེ་ཆའི་ཁྲོད་ན་ཐེག་པ་ཆེན་པོའི་བློ་སྦྱོང་གི་སྐོར་མང་དུ་འདུག་པས། འབྲི་ཀློག་གི་གསེང་དང་། སློབ་དཔོན་གྱིས་མ་གཟིགས་པའི་ལྐོག་ཐམས་ཅད་དུ་ལྗགས་ཀློག་གནང་བས། ངེས་འབྱུང་གི་བསམ་པ་བཅོས་མ་མ་ཡིན་པ་ཐུགས་རྒྱུད་ལ་འཁྲུངས་ཤིང་། ཁྱད་པར་གྲོང་པའི་མི་ཞིག་གིས་ཁྱི་ལ་གྲི་བརྒྱབ་པའི་རྨའི་ཟུག་རྔུ་མི་བཟོད་པ་བྱུང་ནས་སྐད་དྲག་པོ་ཡང་ཡང་འདོན་པ་གསན་ཞིང་གཟིགས་པ་བྱུང་བས་ཀྱང་རྐྱེན་བྱས་ཏེ། ཁྱི་དེས་དངོས་སུ་དཔེར་མཚོན་པའི་འགྲོ་བའི་སྡུག་བསྔལ་ལ་མི་བཟོད་པའི་སྙིང་རྗེ་ཤུགས་དྲག་པོའི་དབང་གིས་སྤྱན་ཆབ་མང་དུ་འདོན་པ་བྱུང་། འདི་སྐབས་ན་ཚོད་ཀྱང་ཕྲ་ཞིང་སྐུ་ཚེ་འདིའི་གསུང་རབ་ཀྱི་སྦྱངས་པ་ཆེར་མ་མཛད་པའི་སྐབས་ཡིན་འདུག་ཀྱང་། རྒྱལ་སྲས་དམ་པའི་ངང་ཚུལ་སྟོན་པ་དེ་ནི་ཐུན་མོང་བའི་རྣམ་ཐར་ཅིག་ལ་ཆེ་བར་མཐོང་ཞིང་། ལར་མི་ཚེ་ཧྲིལ་པོར་ཐོས་པ་བྱས་ཀྱང་ཆོས་ཉོན་མོངས་པའི་གྲོགས་སུ་སོང་བའི་མཁས་རློམ་དང་། སེམས་ཅན་སྡུག་བསྔལ་གྱིས་མནར་བ་ལ་བ་སྤུ་ལ་གཡོ་འགུལ་ཙམ་ཡང་མེད་པའི་འགྲོ་བའི་འདྲེན་པར་རློམ་པའི་བཤེས་གཉེན་གྱི་ཤ་ཚུགས་ཅན་གྱིས་ལྗོངས་འདི་གང་བ་མཐོང་བས་ཀྱང་ལྷག་པར་དད་པའི་གསོས་སོ། །འཁོར་བའི་ཆུ་གཏེར་ཆེ་ལ་གནས་བཅས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་རབ་འཁྲུག་པའི། །མི་ཟད་འགྲོ་ལ་བརྩེ་བའི་སྙིང་རྗེ་ཡིས། །ཕྱིན་དྲུག་སྤྱོད་ལ་འཇུག་པར་རིང་དུ་ཆས། །རང་གི་གནས་སྐབས་མཐར་ཐུག་བདེ་བ་ཀུན། །གཞན་ལ་གཏོང་ཞིང་


GLG008_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་དང་ལེན་པའི། །ཚུལ་འདིས་རྒྱལ་བའི་སྲས་ཀྱི་མཛད་པ་ཀུན། ཁྱོད་ཀྱི་རྣམ་ཐར་ཡིན་པར་ད་གདོད་ཁུམས། །རིམ་གྱིས་ཆུ་མིག་ལོ་ཙཱ་བས་མཛད་པའི་ལེགས་པར་སྦྱར་བ་ཀ་ལཱ་པའི་སྟེང་ནས་སྒྲའི་རི་མོ་དང་། གཞན་ཡང་མཁས་དབང་དཎྜིའི་གཙུག་ལག་སྙན་ངག་མེ་ལོང་གི་དཔེར་བརྗོད། མཁན་པོ་ཐོན་མིའི་གཞུང་སུམ་རྟགས། གསོ་རིག་གི་སྐོར་སོགས་ལ་བསླབ་སྦྱངས་མཛད་པས་ཐུགས་སུ་ལེགས་པར་ཆུད། ཡུལ་ལུགས་ཀྱི་སྟབས་ནས་གསུང་རབ་འབྲི་བ་ཡང་མང་དུ་མཛད་དོ། །སྔོན་སྦྱངས་མང་དུ་ཐོས་པའི་བང་མཛོད་གང་། །ཐོགས་མེད་སྤྱོད་ལ་ངལ་བའི་གནས་བྲལ་ཞེས། །སྟོན་ཕྱིར་བརྡ་སྟོན་ཙམ་གྱིས་རིག་པའི་གནས། །མ་འདྲེས་ཐུགས་ཀྱི་མེ་ལོང་ངོས་སུ་ཤར། །ན་ཚོད་ཆེས་གཞོན་བློ་གྲོས་རྒན་པོའི་རྩལ། །ཐ་མལ་ཚུལ་བཟུང་དམ་པའི་རྣམ་ཐར་སྐྱོང་། །བསླབ་སྦྱང་ལ་བརྩོན་སྔོན་ནས་ཆོས་ཀུན་མཁྱེན། །མཁས་པར་གྱུར་ཀྱང་ཡོན་ཏན་ངོམས་པ་མེད། །དེ་ནས་དགུང་ལོ་བཅུ་ལོན་པའི་ཚེ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ནང་སོ་རྒྱ་རི་བས་རི་སྒོ་ཆོས་རྫོང་དུ་སྤྱན་དྲངས་སྐབས། མ་གཅིག་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། ཐུགས་རྗེ་ཆེན་པོའི་སྒོམ་ལུང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དང་སེམས་བསྐྱེད་ཞུས། ཆོས་རྗེ་སྐལ་བཟང་པ། ཆོས་རྗེ་དགེ་འདུན་བསམ་གྲུབ། ཆོས་རྗེ་སངས་རྒྱས་བློ་གྲོས་གསུམ་ལ་ཚེ་དབང་གསན།དགུང་ལོ་བཅུ་གསུམ་ལོན་ཚེ་དྭགས་པོ་གྲྭ་ཚང་གི་སློབ་དཔོན་སྐལ་བཟང་རྒྱ་མཚོ་ལ་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་རྗེས་གནང་། ཕྱག་འཚལ་ཉེར་གཅིག་གི་ལུང་། གདུགས་དཀར་བསྟོད་པ་དང་བཅས་པའི་ལུང་། བྱང་ཆུབ་ལམ་རིམ་ཆུང་བའི་དཀར་པོའི་ལས་འབྲས་ལ་ཐུག་གི་བར་གྱི་བཤད་ལུང་གསན། སྔགས་


GLG008_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

རྙིང་མའི་རིན་པོ་ཆེ་ནོར་བུ་ཡོངས་གྲགས་ལ་ཚེ་སྒྲུབ་གསང་བ་འདུས་པ། ཟུར་རི་སློབ་དཔོན་པར་ཀརྨ་ཀཾ་ཚང་ནས་བརྒྱུད་པའི་ཚེ་དབང་གྲུབ་རྒྱལ་ལུགས། སྔགས་གྲྭ་ཆེ་ཆུང་གི་བླ་མ་གཉིས་ལ་འབྲུག་པ་ནས་བརྒྱུད་པའི་རས་ཆུང་སྙན་རྒྱུད་ལུགས་ཀྱི་ཚེ་རྟ་ཟུང་འབྲེལ་ཏིང་འཛིན་གྱི་དབང་དང་བཅས་པ། ཡབ་ལ་རྒྱུད་གསང་བ་སྙིང་པོ་དང་། དེའི་འགྲེལ་པ་གཡུང་སྟོན་གྱིས་མཛད་པ། ཀུན་མཁྱེན་ཀློང་ཆེན་པའི་ཕྱོགས་བཅུ་མུན་སེལ་སོགས་ཟབ་ཆོས་ཅི་རིགས་པ་གསན། དགེ་བའི་བཤེས་གཉེན་རྔོག་ལེགས་པའི་ཤེས་རབ་ཀྱིས་ལམ་ཁར་དགེ་བསྙེན་ཞིག་ལ་ཆོས་ཞུས་པའི་རྣམ་ཐར་བཞིན། ཀུ་སུ་ལུ་པའི་བླ་མ་མང་པོ་ལ་དབང་གདམས་ངག་གསན་པས་དམ་པའི་ཆོས་ཕྱིར་དུ་སྙིང་སྟོབས་ཀྱི་བརྟུལ་ཕོད་པ་ནི། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་མཛད་པ་བཞིན་ནོ། །དམ་པའི་ཆོས་དང་ཟང་ཟིང་ནོར་བརྗེ་བའི། །དུས་ངན་འདིར་ཡང་ཐོས་བསམ་སྒོམ་པའི་ཆེད། །དཀའ་སྤྱད་ཁུར་དུ་བཟོད་པའི་སེམས་དཔའ་ཁྱོད། །མི་གནས་མྱང་འདས་ས་དེར་རིངས་སམ་སྙམ། །གདོད་མ་ཉིད་ནས་རྡོ་རྗེ་འཛིན་པའི་ས། །མངོན་དུ་གྱུར་ཀྱང་ཚུལ་དེ་ཐོབ་པའི་ཐབས། །སྒྱུ་འཕྲུལ་དྲ་བའི་རོལ་གར་རྒྱ་མཚོ་ཡིས། །བློ་དམན་ཕལ་ཆེར་འཕྱང་མོའི་དྲ་བར་མཛུད། །དགུང་ལོ་བཅུ་བདུན་པ་དབང་ཕྱུག་ཅེས་པ་མེ་མོ་གླང་གི་ལོ། ས་སྐྱ་ནས་བདག་ཆེན་སྔགས་འཆང་ཆེན་པོ་བསམ་ཡས་སུ་ཕེབས། ཡབ་སྲས་གཉིས་ཀ་མཇལ་བར་ཕེབས་རྩིས་ལ། བདག་ཆེན་པས་ཞྭ་སེར་གྱིས་བར་ཁང་གི་ཞལ་བ་འཕྱི་བའི་རྡོག་ཕྱིས་བྱེད་ཟེར་བའི་གཏམ་ངན་ཞིག་བྱུང་བས། ཡབ་ཀྱིས་མཛད་པ་དེ་འདྲ་ཡིན་ན་མི་རུས་ནི་མཉམ། ཅི་བྱེད་ཅེས་མ་བྱོན། ཕྱིས་གཏམ་དེ་བདེན་པའི་ངེས་པ་མི་འདུག །ཆོས་ཀྱི་གེགས་བྱུང་གསུང་ཡང་བདག་ཆེན་འདི་མཛད་པ་


GLG008_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་པོ་ཞིག་ཡོད་འདུག་པས་ཕལ་ཆེར་བདེན་པ་འདྲ། རྒྱལ་བ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དཔལ་བཟང་པོ་ནང་སོ་རྒྱ་རི་བས་གདན་དྲངས། གཙུག་ཕུད་འབུལ་མི་ཤིན་ཏུ་མང་བ་འདུག་པ་དང་ལྷན་ཅིག་པར། རྗེ་འདི་པའི་ཐུགས་དགོངས་ལ། རྒྱལ་བ་འདི་ལྟ་བུ་ལ་རབ་ཏུ་བྱུང་ཐུབ་ན་སྐལ་བ་རེ་བཟང་སྙམ་པའི་ཐུན་མོང་མ་ཡིན་པའི་ཐུགས་དད་འཁྲུངས་ཏེ། རབ་ཏུ་བྱུང་། མཚན་བསོད་ནམས་རྣམ་རྒྱལ་དུ་གསོལ་ཏེ། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་བསྟན་པའི་སྒོར་ཞུགས། ཉེས་བརྒྱའི་འབྱུང་གནས་ཁྱིམ་གྱི་ལྷ་མིན་དཔུང་། །གླགས་བལྟར་ནུས་མིན་ཐུབ་བསྟན་ལྷ་དབང་གི ། རྣམ་རྒྱལ་ཁང་བཟང་ནང་དུ་ལེགས་ཞུགས་པས། །གཏན་བདེར་འཆི་བ་མེད་པའི་བདུད་རྩིར་སྤྱོད། །དེ་སྐབས་ཀྱང་ཐམས་ཅད་མཁྱེན་པའི་དྲུང་དུ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཆོས་སྐོར། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། སྤྱན་རས་གཟིགས་ཀྱི་སྐྱེས་རབས། དེའི་དམར་ཁྲིད། འཁྱེར་སོ་གསུམ་གྱི་ངང་ནས་ཡིག་དྲུག་བཟླ་ལུགས་རྒྱས་བསྡུས་གཉིས། བསྟོད་ཚོགས་སྐོར་འགའ་ཞིག་གི་ལུང་། དཔལ་ལྡན་ལྷ་མོ་དམག་ཟོར་མའི་རྗེས་གནང་ཐུན་མོང་མ་ཡིན་པ། མ་གཅིག་དཔལ་ལྷ་དང་སྤྱན་རས་གཟིགས་ཕྱག་བཞི་པའི་རྗེས་གནང་གཉིས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས། ཆོས་རྒྱལ་སྲོང་བཙན་སྒམ་པོ་ལ་དངོས་སུ་གསན་པའི་ཉེ་རྒྱུད། སློབ་དཔོན་པདྨའི་དངོས་སློབ་གྲུབ་ཆེན་པདྨ་བཛྲ་ལ་དངོས་སུ་གསན་པའི་ཚེ་དབང་ཉེ་རྒྱུད་རྣམས་གསན། དེ་དུས་ཆོས་སྒོར་ཞུགས་པ་ཕལ་ཆེར་ལ་རྒྱལ་དྭགས་པོ་གྲྭ་ཚང་དུ་འགྲོ་དགོས་པའི་བཀའ་ཕེབས་གནང་གི་འདུག་པ་ལྟར། རྗེ་འདི་ཉིད་ཕེབས་བཞེད་བྱུང་ན་ཡང་ཡོ་བྱད་མ་འགྲིག་པ་སོགས་ཀྱི་སྟབས་ནས་ལོ་ངོ་བཞི་ཙམ་གྱི་རིང་འབྲི་ཀློག་གི་སྒོ་ནས་འགྲོ་ཕན་མཛད་པ་དང་། ཁྱད་པར་དགུང་ལོ་བཅོ་བརྒྱད་ལོན་པ་འབྲུ་མང་ཞེས་པ་ས་ཕོ་སྟག་གི་ལོར། ཁུ་བོ་སྔགས་


GLG008_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

རྙིང་མའི་རྟོགས་ལྡན་གངས་ཀྱི་སེང་གེ་འདྲ་བ་ཞིག་ཡོད་པ་དེ་དང་ལྷན་དུ། སློབ་དཔོན་ཆེན་པོའི་དངོས་ཀྱི་སློབ་མ། ཡང་དག་ཐུགས་ཀྱི་བཀའ་བབས་སྣུབས་ནམ་མཁའི་སྙིང་པོའི་རྣམ་འཕྲུལ། རིག་འཛིན་ཆེན་པོ་ཉི་ཟླ་སངས་རྒྱས་པའི་དྲུང་དུ་ཐེག་པ་རིམ་དགུའི་ཡང་རྩེ། རྒྱུད་སྡེ་ཀུན་གྱི་གཙོ་བོ། རྫོགས་པ་ཆེན་པོ་ཀློང་གསལ་སྙིང་ཐིག་ཅེས་རྒྱལ་བློན་གྱི་དུས་ཀྱི་ལོ་ཙཱ་བ་ལང་འགྲོ་དཀོན་མཆོག་འབྱུང་གནས་ཀྱི་སྐྱེ་མཐའ་འགྲོ་འདུལ་གླིང་པས་སྤྱན་དྲངས་པའི་གཏེར་མའི་དབང་ལུང་ཁྲིད་མན་ངག་དང་བཅས་པ་གསན་པས་སྔོན་གྱི་བླ་ན་མེད་པའི་བག་ཆགས་ཀྱི་མཐུས་མེ་ལྕགས་དང་སྤྲ་བའི་སྣང་ཚུལ་ལྟར། གདོད་ནས་འཁྲུལ་མ་མྱོང་བའི་རང་རིག་ཆོས་ཀྱི་སྐུར་ངོ་འཕྲོད་དོ། །མ་རིག་སྤྲིན་གྱིས་རང་སེམས་ཉིན་མོར་བྱེད། །བསྒྲིབས་པའི་འཁྲུལ་པའི་འགྲོ་འདི་རང་མཚང་རྣམས། །སྟོན་པའི་ཆོས་ཚུལ་འདི་ཀོ་ཀུན་ཏུ་བཟང་། །མ་བཅོས་རང་སར་གྲོལ་བའི་གཟིགས་མོར་ཡེངས། །ཐ་མལ་སྣང་ཞིང་ཞེན་པའི་ཆོ་འཕྲུལ་ཀུན། །སེམས་ཀྱི་ཀློང་དུ་དག་པས་གང་ཤར་རྣམས། །ཆོས་སྐུར་གྲོལ་ཚེ་བཻ་རོ་ཙ་ན་དེ། །འགྱུར་མེད་བདེ་བའི་དབྱིངས་སུ་ཞི་བར་མནལ། །ཨ་ཏིའི་ཆོས་ཚུལ་ཡན་ལག་བརྒྱད་ལྡན་ཆབ། །རྨད་བྱུང་བློ་ཡིས་ཅིག་ཅར་འཐུངས་པ་ན། །ལྗོངས་འདིར་འགྱུར་པའི་སེམས་ཀློང་མན་ངག་སྡེ། །གླེགས་བམ་མང་པོར་གྲགས་ཀྱང་གཏམ་དུ་ཟད། །གཞན་ཡང་དྲག་པོ་རང་བྱུང་རང་ཤར་གྱི་དབང་འབྲིང་པོ། དམ་རྫས་སྐྱེ་བདུན་གྱི་སྐོར། རྗེ་ཉིད་ཀྱི་རྣམ་མགུར། གཏེར་སྟོན་རིན་ཆེན་དཔལ་བཟང་གི་མནལ་ལམ་དར་དཀར་མའི་སྙན་རྒྱུད་མཛོད་རྐང་དགུ་པ་ཡན། དེའི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ། དམ་ཅན་སྡེ་བདུན་གྱི་གཏོར་ཆོག །གཏེར་ཀ་འོག་མའི་བཏགས་གྲོལ། སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གསང་


GLG008_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ། མངའ་བདག་དུང་མཚོ་རས་པའི་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར། མ་འོངས་ལུང་བསྟན་སོགས་ལྷོ་བྱང་གི་གཏེར་མའི་དབང་ལུང་མང་དུ་གསན། ཉམས་ལེན་གྱི་ཚེ་ཐང་ལྷོད་ཕྲན་ཚེགས་བྱུང་དུས། ཁུ་བོས། སྐས་ཁའི་འོག་གི་ལྗང་བུ་དང་འདྲ་བ་ཁྱོད་གསུང་ཞིང་། བཀའ་སྐྱོན་དང་ཕྱག་འབེབས་ཡང་ཡང་མཛད། ཚན་གྱི་བཅུད་ལེན་འབའ་ཞིག་ལ་བརྟེན་ནས་བསྒོམས་པས་ཉམས་རྟོགས་ཤིན་ཏུ་འཕེལ་བ་བྱུང་། དགུང་ལོ་བཅུ་དགུ་བཞེས་པའི་ཚེ། རྗེ་ཉི་ཟླ་སངས་རྒྱས་པ་དེ་ཉིད་སྒྲུབ་སྡེ་ཀུན་བཟང་རྩེར་ཕེབས་པའི་ཕྱག་ཕྱི་མཛད། སླར་ཡང་དབང་དང་གདམས་པ་གནང་བར་གསོལ་བ་བཏབ་སྟེ། སྤྲུལ་སྐུ་དྲི་མེད་ལྷུན་པོས་བོད་ཡུལ་གྱི་རྡོ་རྗེ་གདན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་གི་རང་བྱུང་ཐུགས་རྗེ་ཆེན་པོའི་གཙང་ཁང་ནས་གདན་དྲངས་པའི་དོན་ཏིག་འགྲོ་བ་ཀུན་གྲོལ་གྱི་དབང་ལུང་འཁྲིད་མན་ངག་ཀུན་གསན་ནས། ཐུགས་ཉམས་སུ་བསྟར་པའི་ཚུལ་མཛད། གཞན་ཡང་ཀུན་མཁྱེན་རིན་པོ་ཆེའི་ཐེག་མཆོག་མཛོད་ཀྱི་བཤད་ལུང་། བླ་མ་སྐུ་གསུམ་གྱི་སྒྲུབ་པའི་ཆོས་སྐོར། རིན་པོ་ཆེ་བྱེ་ཚང་པས་མཛད་པའི་ཁུག་པ་ལྔའི་ངོ་སྤྲོད་སོགས་མང་དུ་གསན། སྐབས་ཤིག་གཏེར་སྟོན་བདེ་ཆེན་གླིང་པ་ཨེ་གཉལ་ཚོར་འགྲོ་དོན་ལ་ཕེབས་པར་ཞལ་མཇལ་གནང་། བཀའ་འབྲེལ་མེད་ཀྱང་ལུང་ཟིན་གྱི་གཏེར་སྟོན་དུ་དགོངས་པའི་ཐུགས་མོས་ཚད་མེད་པ་འཁྲུངས། ཨེ་ཡི་ནང་དུ་ཁྲག་མཚོ་ལན་གསུམ་ཁོལ༔སོགས་དང་། བུ་དལ་ལ་དམག་ཡོང་བའི་ལུང་བསྟན་ཀྱང་ངེས་པ་ཤིན་ཏུ་འགྲོངས་པ་བྱུང་གནང་ངོ་། །མི་རིང་བར་ཡབ་གཤེགས་པའི་དེ་མ་ཐག་གསལ་འདེབས་ཀྱི་རྟེན་འབུལ་བར་


GLG008_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

གྲབ་ཏུ་རྗེ་ཉི་ཟླ་སངས་རྒྱས་ཀྱི་སྐུ་ཞབས་སུ་ཕེབས་པས། སྒོ་དྲུང་དུ་གྲྭ་པ་ཞིག་གིས་ཡབ་གྲོངས་པ་ཡིན་ནམ་ཞེས་དྲིས་བྱུང་བར། སྐད་ཆ་ཡོང་ཚོད་མིན་པར་སུས་གླེངས་གསུངས་པས། རིན་པོ་ཆེས་ཐུགས་དམ་འོད་གསལ་གྱི་ངང་ནས་གཟིགས་པས་བཀའ་ཕེབས་གནང་ཟེར་བས། སྔར་ནས་ཐུགས་དད་བླ་ན་མ་མཆིས་པ་ཡོད་པའི་སྟེང་དུ་སླར་ཡང་བརྗོད་དུ་མེད་པའི་གོང་འཕེལ་དུ་གྱུར། དུས་ཕྱིས་བཀའ་ཕེབས་གནང་བའི་མདངས་ལ་བརྟགས་ཚེ། རིག་འཛིན་འདི་ཉིད་ལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་དེ་དང་ངོ་བོ་ཐ་མི་དད་པའི་ཐུགས་ངེས་ཕུལ་དུ་བྱུང་བ་ཞིག་འཁྲུངས་པར་མངོན། དེ་དུས་མདོ་སྔགས་ཀྱི་ཐོས་པ་རྣམས་གྲུབ་རྗེས་ཚེ་དང་སྒྲུབ་པ་མཉམ་པའི་རི་ཁྲོད་ཁོ་ན་མ་གཏོགས་གོ་ས་འཛིན་པ་སོགས་གཏན་མི་བྱེད། ཁྱད་པར་ངེས་དོན་ཡང་ཟབ་རྫོགས་པ་ཆེན་པོ་དང་མཇལ་བར་ཆེས་དཀའ། ད་རེས་སངས་རྒྱས་ལག་པར་གཏོད་རྒྱུ་ཡོད་པའི་སྐབས་འདིར་མི་མེད་ཀྱི་དབེན་པ་ལོ་ན་བསྟེན་དགོངས་ཏེ། སྒྲུབ་འཕྲིན་མངོན་སྤྱོད་སོགས་ལ་དོན་གཉེར་ཆེར་མ་གནང་བས། རིན་པོ་ཆེའི་གསུང་ལས། ངེད་ཀྱང་སྔ་མོ་ཁྱོད་ཀྱི་བློ་དང་འདྲ་བ་ཞིག་ཡོད་ཀྱི། དུས་ཕྱིས་བུ་སློབ་འདྲ་མང་བས་འཕྲིན་ལས་རྣམ་བཞིའི་སྐོར་འདི་ཡང་དགོས་པ་ཅིག་བྱུང་གསུང་། ཕྱིས་ཉི་ཐང་གི་བླ་མ་གནང་དུས་འཕྲེང་པོ་སོགས་སུ་བན་སྔགས་མང་པོས་སྒྲུབ་འཕྲིན་ཞུར་འོངས་པ་ལ་བརྟེན། རྗེ་བཙུན་ལས་ཀྱི་རྡོ་རྗེ་སོགས་ལ་སླར་དོན་གཉེར་བྱེད་དགོས་བྱུང་། དེ་སྐབས་ནི་འདོད་ཆོས་དེ་དག་མ་ཐོབ་པས་བྱེད་མ་ཐུབ། སླར་ཆོས་ཞུ་བ་དེ་ཚོ་མ་བྱུང་བས་ཅི་ཡིན་ནམ་སྙམ་ཙ་ན། རྗེས་སུ་བདག་པོ་རིན་པོ་ཆེའི་དབོན་སྐུ་མཆེད་


GLG008_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དེར་བཞུགས་པའི་སྟབས་ཀྱིས་ཆོས་ཀྱིས་མ་ཕོངས་པ་ཡིན་པར་འདུག་ཅེས་བཀའ་ཕེབས་པ་ཐོས་པས། རིན་པོ་ཆེའི་གསུང་དེ་ནི་མངོན་པར་མཁྱེན་པའོ། །ཡོན་ཏན་དབྱར་སྐྱེས་གཞོན་ནུ་ཀུན། །སྐྱེད་ལ་གཤིན་པའི་ནོར་འཛིན་མཆོག །འགྱུར་མེད་དད་པའི་དམ་བཅའ་དེ། །ལྷུན་པོ་བས་ཀྱང་ཆེས་ཆེར་བརྟན། །ཟུར་རིགས་དམ་པར་སྲིད་གཟུང་ཚེ། །ཐེག་མཆོག་དགོངས་དོན་མངོན་གྱུར་ན། །སླར་ཡང་ཐོས་བསམ་སྒོམ་པ་ལ། །བརྩོན་འདི་གདུལ་བྱའི་ངོར་ལགས་སམ། ། དེ་ནས་དགུང་ལོ་ཉི་ཤུ་ལོན་ཚེ་སྔར་གྱི་ཐུགས་བཞེད་ལྟར། ཤར་ཕྱོགས་བསྟན་པའི་སྒྲོན་མེ་དྭགས་པོ་གྲྭ་ཚང་དུ་ཕེབས་རྩིས་ཀྱིས་རི་སྒོ་རྫོང་དུ་ནང་སོ་རྒྱ་རི་བར་ལམ་སྐྱེལ་དགོས་ཚུལ་ཞུས་པས། ཁྱོད་ལ་སངས་རྒྱས་ཞག་བདུན་མའི་གདམས་པ་ཡོད་ནས། གྲྭ་ཚང་ལ་འགྲོ་མི་དགོས་ལ་ཆེ་ཞེས། གྲབ་ཏུ་རིན་པོ་ཆེའི་སྐུ་གཞོགས་སུ་བྱོན་པ་ལ་མ་རངས་པའི་ཀུན་སློང་སྐྱོན་ཅན་གྱི་ཟུར་ཟ་བར་བྱུང་བས། སླར་བསྐྱར་བ་སོགས་མ་གནང་བར་ཐུགས་ཐག་བཅད་དེ་འགྲུལ་ཚན་གཞན་དང་བསྡེབས་ནས་ཕེབས། དེ་ནི་ཚར་ཆེན་རིན་པོ་ཆེས། ལར་སྣངས་ཆུང་ལ་བློ་རིགས་རྒོད་པའི་སྡེ་དཔོན་དབོན་སྐྱའི་རིགས་འདི་ལུག་ཐུག་གི་སྒྲོ་བས་ཝ་མོ་ཉིན་ཐེབས་གཅོག་པ་མ་གཏོགས་དགོས་པ་མི་འདུག་པས། དེ་འདྲའི་རིགས་ལ་བྱ་བྲལ་རྣམས་ལམ་གཞུང་སྲོང་བ་རང་གནད་དུ་གདའ་ཞེས་གསུང་བ་དང་མཐུན་པར་སྣང་ངོ་། །རྣམ་གནོན་ཞེས་པ་ལྕགས་ཕོ་འབྲུག་གི་ལོ་དེའི་ཧོར་གྱི་ཟླ་བ་ལྔ་པའི་ཚེས་བཅུའི་ཉི་མའི་བཞི་ཆ་ལུས་པའི་དུས་སུ། མཁན་པོ་རིན་པོ་ཆེ་མང་ཐོས་མཁས་པའི་དབང་པོ་འོལ་ཁ་


GLG008_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་བློ་བཟང་རྒྱ་མཚོའི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་མནོས། དེ་ནས་བཟུང་སྟེ་གྲྭ་ཚང་གི་སྒྲིགས་འགྲིམ་ལ་བཞུགས། བསྡུས་པ་སོགས་ཆེད་གཉེར་གྱི་བསླབ་སྦྱང་མ་དགོས་པར་རང་ཤུགས་ཀྱིས་མཁྱེན། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་དབུས་སུ་ཕེབས་ཁར། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས། ཐོག་མར་ཕར་ཕྱིན་ལ་གསན་པ་མཛད་དགོས་པར་གསུངས་པ་བཞིན། སྔོན་དུ་ཕར་ཕྱིན་གྱི་བསྐྱར་ཆོས་ཡོངས་རྫོགས་གཉིས་དང་། དབུ་མའི་བསྐྱར་ཆོས་ཚར་འགའ་གསན་ཅིང་། རིགས་ལུང་སོགས་ཀྱིས་མཐའ་ཆོད་པར་གནང་བས། ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་དོན་རྣམས་ཚིག་ཙམ་དུ་མ་ལུས་པར་གདམས་ངག་ཏུ་ཤར་ཏེ། སྔོན་བྱོན་གྱི་མཁས་གྲུབ་རྣམས་དགྱེས་པ་བསྐྱེད་པར་མཛད་དོ། །གྲངས་མེད་ཐུབ་བསྟན་ནགས་ཀླུང་འཕྲེང་བའི་དབུས། །བློ་བཟང་གྲགས་སྙན་རིང་ལུགས་ཡོངས་འདུའི་ལྗོན། །དྲི་མེད་ཚར་དུ་མངར་བའི་འབྲས་བུ་ཡི། །གང་ཐུགས་ལེགས་བྲིས་ཚོགས་ཀྱི་བརྟན་པ་ཕྲོགས། །འཕགས་ཡུལ་མཁས་མང་གཙུག་རྒྱན་ཤིང་རྟ་ཆེའི། །གསུང་རབ་རྒྱ་མཚོའི་ཕ་མཐར་བགྲོད་བྱེད་པའི། མཚུངས་མེད་མཁྱེན་དཔྱོད་བརྩོན་པའི་གྲུ་རྫིངས་འདི། །དྲེགས་ལྡན་གཞན་གྱི་བློ་ཡི་ཡུལ་ལས་འགོངས། །སྔོན་ནས་ཤེར་ཕྱོགས་མདོ་དང་བསྟན་བཅོས་ཀྱི། །ཨུ་ཏྤལ་ཕང་ཕུང་རྒོད་པའི་ཟེའུ་འབྲུ། །བློ་གྲོས་ཅོད་པན་རྒྱན་དུ་འཛུམ་བྱས་ན། །སླར་ཡང་གསན་འདི་གཞན་ལ་ཅོ་འདྲིར་ངེས། །སྤྱི་ཆོས་སུ་བྱང་ཆུབ་ལམ་རིམ་ཆུང་བའི་སྐྱེས་བུ་ཆུང་ངུའི་སྐོར་གྱི་བཤད་ལུང་། རྒྱལ་བ་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས་དང་། གསང་བའི་


GLG008_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཐར། བཀའ་གདམས་གླེགས་བམ་རིན་པོ་ཆེ་ལས་རྔོག་ཆོས་ཀྱི་སྐོར་དང་། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་རྣམ་ཐར་རྣམས་ཀྱི་ལུང་བཟབས་བཤད་དང་བཅས་པ་གསན། ཆུ་རྟ་དགུང་ལོ་ཉེར་གཉིས་ལོན་ཚེ་དཔལ་གསང་བ་འདུས་པའི་གཞལ་མེད་ཁང་མཆོག་དམན་གྱི་སྐྱེ་བོ་ཡོངས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཆོས་འཁོར་རྒྱལ་གྱི་དབྱར་ཆོས་དུས། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཀྱི་དགོངས་དོན་ཕྱིན་ཅི་མ་ལོག་པ་དཔལ་ལྡན་ཟླ་བའི་ཞལ་ལུང་ལྟར། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེན་པོའི་བཞེད་པ་ཇི་བཞིན་དུ་གསལ་བར་སྟོན་པའི་ཟབ་མོ་དབུ་མའི་ལྟ་ཁྲིད་ཀྱི་ཐུགས་རྩོམ་གནང་བས། རབ་འབྱམས་སྨྲ་བའི་མཁས་པ་ཕལ་ཆེར་ཐུགས་ཡིད་ཕྲོགས་ཤིང་། མཛད་བྱང་གསལ་ཁ་མེད་པ་ལ་བརྟེན། རྗེ་ཉིད་དང་གྲྭ་ཐོག་གཅིག་པའི་ཆགས་སྡང་གི་རྣམ་པ་ཡིད་ལ་བྱེད་པ་ཞིག་གིས་སུས་མཛད་མ་ངེས་ཤིང་དོན་བཟང་པོ་འདུག་པ་ལ་བརྟེན་བློ་ལ་བཟུང་ནས་བཤར་སྦྱང་མང་དུ་བྱས་ཤིང་། སྐབས་ཤིག་མཛད་པ་པོ་ཤེས་ནས་འཕྲོ་བཅད་དོ། །དེ་རྗེས་ཡུམ་དོན་གསལ་བའི་སྒྲོན་མེ་གྲུབ་མདའ་མཁན་པོ་བློ་བཟང་ཆོས་འཕེལ་གྲྭ་ཚང་གི་ཆོས་འཆད་ཁྲི་ཐོག་ཏུ་བྱོན་པ་ནས་བཟུང་རིམ་གྱིས་ཕར་ཕྱིན་གྱི་སྤྱི་དོན། རིགས་པའི་དབང་ཕྱུག་གི་བསྟན་བཅོས་ཚད་མ་རྣམ་འགྲེལ། འདུལ་མཛོད་སོགས་ཀྱི་གཞུང་འགྲེལ་ཀུན་ལ་ཐོས་བསམ་ཕུལ་དུ་བྱུང་བ་མཛད། ཨེ་རི་སྒོའི་ཆོས་ཐོག་ཞིག་གི་སྐབས་མཆེད་གྲོགས་ཞིག་གིས་བསྐུལ་བ་ལ་བརྟེན་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཚུལ་གྱི་གདམས་པ་ཟབ་མོ་སྙན་བརྒྱུད་ཁྱད་པར་གསུམ་ལྡན་ཞེས་བྱ་བའི་ཐུགས་རྩོམ་


GLG008_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

གནང་། ལོ་ཤས་ནས་རི་སྒོ་ཆོས་སྡེའི་དགེ་སྐོས་ཀྱི་ལས་སྣེ་ལས་བབས་ཏེ། གཞི་དགོན་དུ་ལོ་གཅིག་བཞུགས། ལས་སྣེ་ཐོན་རྗེས་རི་ཁྲོད་ཅིག་ཏུ་འགོལ་བཞུགས་ཀྱི་སྐབས། དྭགས་པོ་རབ་འབྱམས་པ་དང་། བྱམས་གླིང་རབ་འབྱམས་པ་ཞེས་དཔལ་རི་བོ་དགའ་ལྡན་པའི་བསྟན་པའི་གསལ་བྱེད་ཆེན་པོ་དཔོན་སློབ་ཁྲི་རིན་པོ་ཆེ་དཀོན་མཆོག་ཆོས་འཕེལ་གཉིས་ལ། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ཊཱི་ཀ་དང་། ཁྱད་པར་རྣམ་འགྲེལ་ལེའུ་གཉིས་པ་ལ་རྒྱལ་བ་ཙོང་ཁ་པའི་དགོངས་པ་ཐུན་མོང་མ་ཡིན་པའི་བཟབས་བཤད་དང་། ཞར་ལ་དཀོན་མཆོག་གསུམ་གྱི་དཀའ་གནད་དང་། སྒྲ་འཚམས་སྦྱོར་ལྔ་པ་གསུངས། དུས་ཕྱིས་སྐྱིད་ཤོད་དགའ་ལྡན་ཁང་གསར་དུ་དཔོན་སློབ་གཉིས་གདན་འཛོམ་པའི་ཚེ། ཁྲི་རིན་པོ་ཆེ་ནས་ཕྱག་ལན་སོགས་ནི་མི་གནང་བས། ནག་ཚོ་ལོ་ཙཱ་བ་བྲི་ཀ་མ་ལ་ཤཱི་ལར་བཞུགས་སྐབས་ནཱ་རོ་པ་ཕེབས་པ་ལ་ཇོ་བོ་ཆེན་པོས་ཕྱག་མི་འཚལ་བར་འདུག་པས། ནཱ་རོ་པ་ཇོ་བོའི་བླ་མ་མིན་ནམ་སྙམ་པའི་ཐེ་ཚོམ་བྱུང་བའི་ལོ་རྒྱུས་དང་མཚུངས་པར་མངོན་ནོ། །རླབས་ཆེན་མཁྱེན་པའི་ཤིང་རྟ་ཡིས། །དྲངས་པའི་ཡོན་ཏན་ཕུང་པོའི་ཚོགས། །གསེར་ལྡན་ལྟོ་བ་འདིར་ཤོང་བ། །ཨེ་མ་ས་ནི་ཤིན་ཏུ་ཡངས། །ཐ་དད་གདུལ་བྱའི་ཀུན་གསལ་ངོས། །ཆོས་ཕུང་ཆར་སྤྲིན་སྟོང་འཁྲིགས་ཀྱང་། །ལམ་བཟང་ཞིང་ས་བརླན་པ་ལ། །མཚུངས་པའི་གནད་དོན་ལྷུག་པར་གཟིགས། །མཐའ་བྲལ་རྟེན་ཅིང་འབྲེལ་འབྱུང་གི ལེགས་བཤད་དབྱར་རྔ་བསྒྲགས་པའི་ཚེ། །སྐལ་ལྡན་གཙུག་ཕུད་ཅན་རྣམས་ཀུན། །དགའ་བའི་ཟློས་གར་བྱེད་ལ་བྲེལ། །དེ་ལྟར་དྭགས་པོ་གྲྭ་ཚང་དུ་


GLG008_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ཕྱོགས་ཀྱི་ཐོས་བསམ་ལ་གཞན་དྲིང་མི་འཇོག་པའི་སྤོབས་པ་དང་ལྡན་ཡང་། སྔོན་གྱི་དམ་པ་རྣམས་ཀྱིས་ཀྱང་ཐོས་བསམ་ལ་ངོམས་པ་མེད་པར་མཛད་པའི་རྣམ་པར་ཐར་པ་དང་། ལྷག་པར་རྗེ་ཉིད་བྱམས་ཆེན་ཆོས་རྗེ་དང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དུ་སྐུ་སྐྱེ་བ་བཞེས་པའི་སྔོན་གནས་རྗེས་སུ་དྲན་པའི་བག་ཆགས་ཀྱི་མཐུས། སེ་ར་ཐེག་ཆེན་གླིང་གི་བྱེས་མཁས་མང་གྲྭ་ཚང་འདི་སྤྱིར་ཡང་གཞུང་ལུགས་མཐའ་དག་གཏན་ལ་འབེབས་པའི་རབ་འབྱམས་སྨྲ་བའི་འདུས་སྡེ་ཆེན་པོ་ཡིན་པ་དང་། ཁྱད་པར་ཟབ་མོ་དབུ་མའི་གནད་དོན་གཏན་ལ་འབེབས་པའི་བཀའ་བབས་ཡིན་པའི་ཐུགས་ངེས་དང་བཅས་ཏེ་སྐྱིད་ཤོད་སེར་བྱེས་སུ་ཕེབས། འཆད་ཉན་ལས་ཐོག་ཏུ་ཆོས་རྗེ་དཔལ་འབྱོར་བསོད་ནམས་ལྷུན་གྲུབ་དང་འཕྲིན་ལས་ལྷུན་གྲུབ་གཉིས་རིམ་པ་བཞིན་བཞུགས་འདུག་པ་ལ་གུས་པ་གསུམ་གྱིས་བཏུད་དེ། དཔལ་མགོན་འཕགས་མཆོག་ཀླུ་སྒྲུབ་ཀྱི་སྲས་ཀྱི་ཐུ་བོ་ཟླ་བའི་ཞབས་ཀྱི་འཇུག་པ་རྩ་འགྲེལ་དང་། དེའི་དགོངས་དོན་འཁྲུལ་བ་མེད་པར་སྟོན་པའི་རྒྱལ་དབང་བློ་བཟང་གྲགས་པ་ཡབ་སྲས་ཀྱི་ལེགས་བཤད་རྣམས་ཀྱི་ཉིང་ཁུར་བསྒྲིལ་ཏེ་ཊཱི་ཀ་འགྲེལ་གཙོ་བོར་གསན། འགྱངས་མེད་དུ་གླིང་བསེ་གྲུབ། རྗེ་འཕྲིན་ལས་ལྷུན་གྲུབ་ལ་སྤྱི་ཆོས་དང་སྒོས་ཆོས་ཅི་རིགས་པར། རྒྱལ་བ་ཙོང་ཁ་པའི་བཀའ་འབུམ་ཐོར་བུ། གླེངས་བམ་བཀའ་རྒྱ་མ། ལྷ་ཆོས་བདུན་ལྡན། རང་རྒྱུད་ལ་བསྐུལ་མ་འདེབས་པ་དད་པའི་ལྗོན་ཤིང་། མ་འོངས་ལུང་བསྟན། ལོ་རྒྱུས། ཞུ་ལན་ནོར་བུའི་ཕྲེང་བའི་རྩ་བ། མདོ་སྡེ་རྒྱན། རྒྱུད་བླ། འབྱེད་གཉིས་དང་། ཆོས་འཚམས་སུ་པདྨ་དབང་ཆེན་ཡང་གསང་ཁྲོས་


GLG008_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་། ཕྱག་རྡོར་འཁོར་ཆེན་གྱི་དབང་། ཚེ་དཔག་མེད་ལྷ་དགུའི་དབང་། དབྱངས་ཅན་མ་དཀར་མོའི་རྗེས་གནང་རྣམས་གསན། དེ་ནས་ཕུན་ཚོགས་དགེ་བཅུའི་ཡོན་ཏན་གཅིག་ཏུ་འདུ་བའི་ཡུལ་གྲུར། སྡེ་སྲིད་རིན་པོ་ཆེ་དྲུང་ཆེན་ཏའི་སྭི་ཏུས་ཕྱག་བདར་ཏེ་འདེབས་པར་མཛད་པའི་ཆོས་གྲྭ་ཆེན་པོ་དཔལ་གྱི་རྩེས་ཐང་ཞེས་རིས་སུ་མ་ཆད་པའི་རིགས་པ་སྨྲ་བ་མཐའ་ཀླས་པ་ཚོགས་པའི་འདུས་པ་རྒྱ་མཚོའི་དབུས་སུ་གཞུང་ལུགས་རབ་འབྱམས་སྨྲ་བའི་གྲྭ་བསྐོར་མཛད་དོ། །གསུང་རབ་ཀྱི་དཀའ་བའི་གནད་ལ་བཤད་པ་འབྱམས་ཀླས་པས་དཔྱོད་ལྡན་ཡོངས་ཀྱི་སྒྲ་འཛིན་བུ་མོའི་བརྟན་པ་ཡོངས་སུ་ཕྲོགས་ཤིང་། རྩོད་པའི་ང་རོས་རྒོལ་ངན་རི་དགས་ཀྱི་སྤོབས་པ་འཇོམས་པར་མཛད་དོ། །ཐེག་ཆེན་ཆོས་ཀྱི་སྲིད་ལ་དབང་འབྱོར་བས། སྔོན་གནས་རྗེས་དྲན་མཐུ་ཡིས་བསྐུལ་བ་ན། །རིན་ཆེན་གླིང་དུ་འདོད་ལྡན་སྐྱེ་བོ་བཞིན། །ཆོས་ཕྱིར་བཤུལ་རིང་ཞུགས་ལ་ལྷག་པར་བརྩོན། །རབ་འབྱམས་ཤེས་བྱའི་མཐའ་དེ་ཁྱོད་ཉིད་ཀྱིས། །རབ་ཡངས་མཁྱེན་པའི་སྲང་ལ་གཞལ་བ་ན། །རབ་མཛེས་འཇམ་མགོན་བསྟན་པའི་འཁོར་ལོ་དེ། །རབ་དགའི་ཚུལ་གྱིས་ཁྱོད་ཀྱི་མགྲིན་པར་འཁྱུད། །སུམ་རྩེན་འཛིན་མར་འཕོས་འདྲའི་སྨན་ལྗོངས་ཀྱི། །བགྲང་ཡས་མཁས་མང་འདུ་བའི་རྩེས་ཐང་དུ། །ལུང་རིགས་ནོར་བུ་ཆར་དུ་བསྙིལ་བ་ན། །མཁས་འདོད་མཆིང་བུའི་རང་མཚང་ཕལ་ཆེར་བསྟན། །སླར་ཡང་སྐྱིད་ཤོད་དུ་ཕེབས། དགའ་ལྡན་ཆོས་རྗེ་བྱམས་པ་རྒྱ་མཚོ་ལ་བྱང་ཆུབ་ལམ་རིམ་ཆུང་བའི་བཤད་ལུང་གསན། དེ་སྐབས། ལྷས་བྲག་དགོན་སྤྱན་སྔ་


GLG008_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་ཆོས་དཔལ་བཟང་པོ་མདོ་སྔགས་ཀྱི་གསན་རྒྱ་ཤིན་ཏུ་ཆེ་བའི་གྲགས་པ་ལ་བརྟེན། བྲག་དགོན་དུ་ཕེབས། སྤྱན་སྔ་རིན་པོ་ཆེའི་དྲུང་དུ་དཔལ་སྣར་ཐང་བའི་མངོན་རྟོགས་བརྒྱ་རྩ། རྡོ་རྗེ་འཕྲེང་བ་དང་། ཀྲི་ཡས་མུཉྪ་ཟུང་དུ་འཇུག་པ་ཞེ་ལྔ་མའི་དབང་། གྲི་གུག་ལྕམ་དྲལ་གྱི་རྗེས་གནང་སྙིང་ཞུགས་དང་སྦྲགས་པ། རྣམ་འཇོམས། བདེ་མཆོག་དཀར་པོ། །རྟ་མགྲིན་ཤོ་ཎ་བཞི་བསྐོར། དབྱངས་ཅན་མ་གསང་སྒྲུབ། རྗེ་བཙུན་རིག་བྱེད་མ། འཇམ་དབྱངས་ནང་བསྒྲུབ། དུར་ཁྲོད་བདག་པོ། འཇམ་དཀར་གཙོ་འཁོར་ལྔ་པ། འཇམ་དབྱངས་ལུས་དཀྱིལ། དཔའ་གཅིག །སྒྲོལ་དཀར། སེང་གདོང་མ། ཚོགས་བདག་དཀར་དམར་རྣམས་ཀྱི་རྗེས་གནང་། བྱང་སེམས་ཟླ་བ་རྒྱལ་མཚན་ལུགས་ཀྱི་རྟ་མགྲིན་ལྕགས་རལ་ཅན་གྱི་རྗེས་གནང་ལས་ཚོགས་དང་བཅས་པ། དབྱངས་ཅན་མ་དཀར་མོའི་རྗེས་གནང་། ཆོས་སྐོར། འཇམ་དབྱངས་ནག་པོའི་བཟླས་ལུང་། གུ་རུ་ཞི་བའི་བླ་མའི་རྣལ་འབྱོར། ཚེ་རིང་མཆེད་ལྔའི་རིགས་གཏད། འཇམ་དབྱངས་ཆོས་སྐོར། རྩ་ཤེ། ལམ་སྒྲོན། གླང་ཐང་པའི་བློ་སྦྱོང་ཚིགས་བརྒྱད་མ། བློ་སྦྱོང་མཚོན་ཆ་འཁོར་ལོ། རྨ་བྱ་དུག་འཛོམས། རྟོག་པ་འབུར་འཇོམས། སྐྱིད་སྡུག་ལམ་འཁྱེར། ཉི་མའི་འོད་ཟེར། བསླབ་བྱ་ཆེན་མོ། །གནས་བཅུའི་སྒྲུབ་ཡིག །དཔེ་ཆོས་རིན་ཆེན་སྤུངས་པ་རྩ་འགྲེལ། སྤྱན་སྔ་བློ་གྲོས་རྒྱལ་མཚན་པའི་ལམ་རིམ་གྱི་ཁྲིད། ཁ་རག་པའི་ཨང་ཡིག་བདུན་ཅུ། ཁྲིད་ཆེན་བརྒྱད་ཀྱི་ཁ་སྐོངས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་མཛད་པའི་ལམ་རིམ་གྱི་ཁྲིད། །ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ་ཅ་དུམ་པ་དང་ཆ་


GLG008_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

དུམ་པའི་ལུང་སོགས་དབང་ལུང་མན་ངག་གི་རིགས་མཐའ་ཡས་པ་གསན། སྤྱན་སྔ་འདི་ཉིད་ཆོས་ཀྱི་གན་མཛོད་ལྟ་བུ་ཡིན་པར་འདུག་ཅེས་ཕྱིས་ཀྱང་བསྔགས་བརྗོད་མང་དུ་གནང་། ལན་གཅིག་སྤྱན་སྔ་ལ་སྐྱེ་བརྟག་ཞུས་པས། ལྷ་མོ་ཤྲ་ཝ་ཎའི་སྒོ་ནས་རྨི་ལམ་བསྒུགས་གསུངས་པ་བཞིན་གནང་བས། སྲོད་ཀྱི་མནལ་ལམ་དུ་བུད་མེད་ཅིག་བྱུང་ནས་ཁྱོད་ལ་ལོ་བདུན་ཚེ་ལས་མེད་ཟེར་བས། ཆོས་ལྡན་གྱི་དགོས་པ་དུ་མ་སྒྲུབ་པའི་གེགས་སུ་གྱུར་གྱི་དོགས་ནས་ཐུགས་འཛངས་པར་བྱུང་བས། སླར་སྨོན་ལམ་བཏབ། བར་གཅོད་སེལ་བྱེད་ལ་ཅི་ཕན་དྲིས་པས། ཐོ་རངས་ཁའི་མནལ་ལམ་དུ་ལོ་རེ་ལ་ཚེ་དཔག་མེད་དང་སྒྲོལ་དཀར་གྱི་སྐུ་བརྒྱ་རེ་བཞེངས་ན་ལོ་བདུན་ཅུ་དོན་བདུན་ཐུབ། དེ་ནས་ཅི་བྱས་ཀྱང་མི་ཕན་ཟེར་བ་བྱུང་བ་ལྟར། སྐུ་བརྙན་རྣམས་ལོ་ལྟར་གྱི་མ་ཆག་པ་གནང་། སྐབས་ཤིག་བར་གཅོད་ཀྱི་རྣམ་པས་གྲང་གཞིའི་སྙུན་གྱིས་སྐུ་ཅུང་ཟད་མ་བདེ་བ་ལ། དྲུང་པ་སྔགས་རམ་པ་བཟང་པོ་རྣམ་རྒྱལ་བྱིན་རླབས་ཆེ་བར་གྲགས་པས། སྲས་ཁང་དགོན་པར་ཕེབས་ཏེ། བྱིན་རླབས་དང་ཐབས་ཞུས་པས། མགོན་པོ་ཏྲག་ཤད་ཀྱི་རྗེས་གནང་མཛད། དེ་ནུབ་རྨི་ལམ་སྒུགས་ཤིག་གསུང་། སྲོད་ཀྱི་མནལ་ལམ་དུ་མི་ཕོ་མོ་ཐལ་སྐྱ་མང་པོ་ཞིག་འདུག་པ་ལ། མི་ནག་རྟ་ནག་ཞོན་པ་མདུང་ཁྱེར་བ་ཞིག་གིས་དེད་སོང་བ་བྱུང་། ནངས་པར་ཕྱག་འབུལ་ལ་ཐེགས་པས། མདང་འམ་བུས་ཁོ་གཏང་ཡོད་པ་སླེབ་ཨེ་བྱུང་གསུང་། ཆོས་སྐྱོང་བྲན་དུ་འཁོལ་བའི་རྟགས་སུ་འདུག་ཅེས་ཕྱིས་བཀའ་ཕེབས་གནང་། གཞན་ཡང་མགོན་པོ་ཕྱག་དྲུག་པའི་རྗེས་གནང་


GLG008_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་བཞི་དྲིལ་སྒྲུབ་དང་བླ་མགོན་དབྱེར་མེད་ཀྱི་ཁྲིད། དམིགས་བརྩེ་མའི་ཁྲིད། ལྟུང་བཤགས་ཀྱི་ཁྲིད། འཕོ་ཁྲིད། གཤེད་དམར་ལྷ་བཅུ་གསུམ་གྱི་དབང་། ཟ་མ་ཏོག་གི་ལུང་ཁྲིད། བཅུ་གཅིག་ཞལ་ལྷ་ལྔ་དང་དོན་ཞགས་ལྷ་ལྔའི་དབང་། ཞལ་ཀླུ་སྒྲུབ་རྩ་མགོན་གྱི་རྗེས་གནང་། ཞལ་བྲམ་གཟུགས་ཀྱི་བླ་མའི་རྣལ་འབྱོར། མགོན་པོ་དང་རྣམ་སྲས་ཀྱི་རྒྱས་པ་དང་དབང་གི་འཁྲུལ་འཁོར་གྱི་ཕྱག་ལེན། སྨན་བླ། ཕྱག་རྡོར་གོས་སྔོན་ཅན། རྣམ་སྲས་སེར་ཆེན་སོགས་ཆོས་བཀའ་མང་དུ་གསན། ཆུ་འབྲུག་ལོར་ཡར་ཀླུངས་མཁར་ཐོག་ཏུ་མང་ཐོས་མཁས་པའི་དབང་པོ་ཆོས་རྗེ་ནམ་མཁའ་རྒྱལ་མཚན་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་བཞི། དེའི་སྔགས་བཏུ། མགོན་པོ།ཆོས་རྒྱལ་ཕྱི་ནང་གསང་གསུམ། རྣམ་སྲས། རྣམ་འཇོམས། ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་རྗེས་གནང་གསན། སླར་ཡང་འདོད་ཆོས་ཞུ་བར་ཡོངས་ཆོག་པའི་བཀའ་བཞེས་བཟང་པོ་གནང་ཞེས་ཕྱིས་ཀྱང་ཐུགས་གཟོ་བའི་བཀའ་འཕྲོས་གནང་། སྐྱིད་ཤོད་ཉང་བྲན་ཕ་བོང་ཁར་ཆོས་རྗེ་རིན་ཆེན་བཤེས་གཉེས་པར། འཇིགས་བྱེད་ཀུན་རིག་གཉིས་ཀྱི་དབང་། ཆོས་རྒྱལ་རྣམ་སྲས་གཉིས་ཀྱི་རྗེས་གནང་། ལྕམ་སྲིང་སེང་གདོང་མ་གཉིས་ཀྱི་རྗེས་གནང་ལུང་དང་བཅས་པ། བྱང་ཆུབ་གཞུང་ལམ། འདུལ་བའི་སྤྱི་དོན་མཁས་གྲུབ་བཀའ་འབུམ་གྱི་སྟོད་ཆ་རྣམས་གསན་ནོ། །ཕྱོགས་རེའི་ཡོན་ཏན་ཕྲ་མོའི་ཁྲོན་པ་ཡིས། །བསྙེམས་ལྡན་མཁས་རློམ་རུས་སྦལ་ཚོགས་རྣམས་ཀྱིས། །གང་གི་མང་ཐོས་ཆུ་གཏེར་རླབས་འཁྲུག་པ། །མཐོང་ཚེ་ཁེངས་པའི་སྙིང་


GLG008_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གས་ཀྱི་དོགས། །བཤེས་གཉེན་མང་བསྟེན་བརྩོན་པའི་ལྗོན་ཤིང་ལ། །མི་ཕྱེད་དད་པའི་མེ་ཏོག་ཅི་ཡང་གཡོ། །ཡོན་ཏན་འབྲས་བུ་གཡུར་དུ་ཟ་བ་ཡི། །ཚུལ་དེ་དཔྱོད་ལྡན་དགྱེས་པའི་ཡུལ་ཞིག་ལགས། །སྐབས་ཤིག་སྟོད་ལུང་ཕྱོགས་སུ་ཕེབས་པས། ལམ་ཁར་སྡེ་པ་སྣང་རྩེ་ནས་ཁྲོམ་དབང་ཞིག་མཛད་ཀྱི་འདུག་པས། ཁྲོམ་གྱི་མཐའ་གཅིག་ཏུ་བཞུགས་ནས་གསན་ཀྱང་། གསུང་ཆུང་ཞིང་ཐག་འགྱངས་པས་ཚིག་འབྲུ་གསལ་བར་མ་གསན། བུམ་པ་དང་ཙ་ཀ་ལི་འགྲེམས་པ་སོགས་ཞིབ་པར་གཟིགས། ཕྱིས་རྩད་བཅད་པས་ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་གྱི་དབང་ཡིན་པར་འདུག །འོན་ཀྱང་ཚིག་སོགས་གསལ་བ་མ་བྱུང་བར་བརྟེན་དབང་ཐོབ་པའི་གོ་ཆོད་པ་མི་གནང་བར་མངོན་ཞིང་། དེ་དུས་གཏེར་སྟོན་པ་གྲགས་ཆེ་སྐབས་ཡིན་འདུག་པས་ཐུགས་མོས་ཆེ་བ་ཙམ་བྱུང་བ་འདྲ་ཡང་། དུས་ཕྱིས་ལུང་བསྟན་སོགས་མང་དུ་གཟིགས་པས་ལྷད་ཆེ་བར་དགོངས་ཏེ་བཏང་སྙོམས་སུ་བཞག་གནང་བ་འདྲ་ཞིག་ཡོད་ཀྱང་། དོན་དུ་སྡེ་པ་སྣང་རྩེ་བ་རྗེས་འབྲང་དང་བཅས་པའི་རང་བཟོའི་རྣམ་ཐར་ལ་མཁས་པ་ཆེན་པོ་འདི་ཐུགས་རྟིང་ནས་ཁྲེལ་བར་ཁོ་བོ་སེམས་སོ། །དགུང་ལོ་སོ་བཞི་ལོན་པ་རྒྱལ་བ་ཞེས་པ་ཤིང་ཕོ་རྟའི་ལོ་ཧོར་གྱི་ཟླ་བ་བཅུ་པ་ཉིས་བརྩེགས་སུ་བྱས་པའི་ཕྱི་མའི་མར་ངོའི་ཚེས་བཅུ་གཉིས་ཀྱི་རྒྱུ་སྐར་འཛོམ་པའི་དུས་སུ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཙོང་ཁ་པ་ཆེན་པོས་ཆོས་ཀྱི་སྐུ་མངོན་དུ་མཛད་པའི་གནས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གཟིམས་ཁང་རྒྱལ་ཁང་རྩེར། རྗེ་རྒྱལ་བ་གཉིས་པའི་བསྟན་པའི་གསལ་བྱེད་ཆེན་པོ་ཆོས་རྗེ་དཔལ་འབྱོར་


GLG008_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོས་མཁན་པོ་དང་ཆོས་རྗེ་རིན་པོ་ཆེ་དགེ་འདུན་རྒྱལ་མཚན་གྱིས་སློབ་དཔོན་མཛད། དད་པའི་དགེ་འདུན་བཅུ་ཚོགས་ཚང་བའི་དབུས་སུ་ཡོངས་སུ་རྫོགས་པ་དགེ་སློང་གི་དངོས་པོ་མནོས། མཚན་དཔལ་འབྱོར་ལྷུན་གྲུབ་ཏུ་གསོལ། འདུལ་བའི་བསླབ་བྱ་ཆེན་མོ་དང་། འདུལ་བའི་གླེང་འབུམ་སོགས་གྱི་བཤད་ལུང་གསན་ནོ། །མཁས་མཆོག་འཆི་མེད་ལམ་གྱི་འཕང་པ་ནས། །རྣམ་དག་ཚུལ་ཁྲིམས་ལང་ཚོ་ལ་ཆགས་པའི། །བླ་གོས་འཚམས་སྦྲིན་གསར་པའི་ལུས་ཕྲ་མ། །ཐར་པའི་བདེ་ལ་སྤྱོད་ཕྱིར་འཁྱུད་ལ་བྲེལ། །ཉེས་སྤྱོད་རྙོག་པའི་འདམ་ལས་ཆེར་འཕགས་པའི། །བག་ཡོད་སྡོང་བུ་རྣམ་པར་ལྡེམ་པའི་རྩེར། །ཚངས་སྤྱོད་དཔལ་གྱི་འདབ་སྟོང་འཛུམ་པ་དེ། །ཐུབ་བསྟན་རྐང་དྲུག་ཡོངས་ཀྱི་དགའ་སྟོན་གནས། །ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྲངས་ལྡན་གྱི། །ཆེས་ཕྲའི་སྤང་བྱ་ཀུན་ལས་མི་འདའ་བའི། །གཙང་མའི་རྣམ་པར་ཐར་འདིས་འདྲེན་པ་ཁྱོད། །གངས་རིའི་ལྗོངས་ཀྱི་ཉེ་བར་འཁོར་དུ་ངེས། །དེ་ནས་ཐུགས་དགོངས་ལ། ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཟེར་བ་བཞིན། རྒྱུ་མཚན་ཉིད་ཀྱི་ཆོས་མཐའ་ཟད་པ་མེད་པ་ལྟ་བུ་ཡིན་པས། སངས་མ་རྒྱས་བར་དུ་སློབ་གཉེར་ཚར་བའི་སྐབས་ཅི་མཆིས་ཀྱང་། སྙིང་པོའི་མཆོག་འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་ཕྱི་འགྱུར་གྱི་སྐོར་ལ་ཐོས་བསམ་མཛད་པའི་དགོངས་འདུན་མངོན་དུ་གྱུར་ཏེ། རྒྱལ་བ་ཙོང་ཁ་པ་ཆེན་པོས་དངོས་སུ་བཀའ་སྩལ་བ་རྗེ་བཙུན་ཤེས་རབ་སེང་གེས་དང་དུ་བཞེས་ཏེ་འཛུགས་པར་མཛད་པའི་འདུས་སྡེ། གངས་རིའི་ལྗོངས་འདིའི་གསང་


GLG008_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འཛིན་པ་མཐའ་དག་གི་གཙུག་ན་མངོན་པར་མཐོ་བ་སྨད་རྒྱུད་མཁས་འདུས་གྲྭ་ཚང་དུ་ཕེབས། འཆད་ཉན་ལས་ཐོག་ཏུ་མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་རྣམ་རྒྱལ་དཔལ་བཟང་བཞུགས་འདུག་པ་ལ། རྡོ་རྗེ་འཆང་དངོས་ཀྱི་ཐུགས་དང་བར་བཅས་ཏེ་གུས་པས་བསྟེན་ནས། ཤིང་ལུག་ལོར་འདུས་པའི་བསྐྱེད་རྫོགས་ཀྱི་ཊཱི་ཀའི་བསྐྱར་ལུང་། རིམ་ལྔ་གསལ་སྒྲོན། བསྐྱེད་རིམ་རྣམ་བཤད། རིམ་ལྔའི་དམར་ཁྲིད་ཀྱི་སྒོམ་ལུང་། ཁྲིད་ལག་རྗེས་ཚར་ལྔ། རྒྱུད་རྐྱང་ལེའུ་བཅུ་གསུམ་པ་ཡན་དང་། འགྲེལ་པ་མཆན་བཅས་ལེའུ་བཅུ་གསུམ་པའི་འགོག་པ་ཁྲོ་བོའི་འཁོར་ལོ་དྲང་དོན་ཡན་ཚར་གཉིས། ལེའུ་བཅུ་དྲུག་པའི་གནོད་སྦྱིན་ཕོ་མོ་འགུགས་པ་ནས། འགྱུར་བྱང་གི་བར་གྱི་རྩ་འགྲེལ་མཆན་བཅས། དེ་ཐམས་ཅད་ཀྱི་མཐའ་དཔྱོད། བསྟན་པ་སྤྱི་རྣམ་བསྐྱར་ལུང་དང་བཅས་པ་གསན། མེ་སྤྲེལ་འགྲེལ་པ་བཞི་སྦྲགས། ལེའུ་བཅུ་བཞི་པའི་གཤིན་རྗེ་གཤེད་ཀྱི་ལས་སྒྲུབ་པ་ཡན། ལེའུ་བཅོ་ལྔ་པའི་འཚམས་སྦྱོར་ཡན་གྱི་ཊཱི་ཀའི་བསྐྱར་ལུང་། མེ་བྱ་ལ་འགྲེལ་པ་བཞི་སྦྲགས་ཡོངས་རྫོགས། གསལ་སྒྲོན། བསྐྱེད་རིམ་རྣམ་བཤད། ས་ཁྱི་ལ་བཞི་སྦྲགས་ཀྱི་ལེའུ་བཅུ་གསུམ་པའི་ནང་རྒྱས་པ་དང་དབང་གི་ལས་སྤེལ་ཏེ་བསྟན་པ་ཡན། རྒྱུད་ཕྱི་མ། དགོངས་པ་ལུང་སྟོན། ལྷ་མོ་བཞིས་ཞུས་ལོ་ཆེན་དང་འགོས་ཀྱི་འགྱུར་ལ་རྒྱལ་བ་ཙོང་ཁ་པས་ཞུས་དག་གནང་བ་སོགས་གསན། བླ་མས་ཀྱང་རང་རེའི་སྨད་རྒྱུད་ཀྱི་དཔལ་འདུས་པའི་གཞུང་ལུགས་འདི་ལ་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་མི་དབར་ཁྱིས་མ་ཆོད་ཅིང་བྱིན་རླབས་ཀྱི་


GLG008_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

དྲོད་མ་ཡལ་ཞེས་སྤྲོ་བ་ཡང་ཡང་བསྐྱེད་པ་གནང་གསུང་ངོ་། །གསང་ཆེན་ཐེག་པ་མཆོག་གི་གྲུ་རྫིངས་ལ། །བརྟེན་ནས་སྐུ་གསུམ་གླིང་དུ་རབ་བགྲོད་པའི། །རིན་ཆེན་སྐྱེས་བུའི་མཛད་པས་འཕགས་ཡུལ་གྱི། །གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་གཅིག་ཏུ་བསྡུས། །ཆགས་བྲལ་ངུར་སྨྲིག་འཛིན་པའི་ཞིང་ས་ལ། །འདོད་ཡོན་ལམ་དུ་སྤྱོད་པའི་དབྱར་སྐྱེས་འབྲས། །བདེ་ཆེན་འབྲས་བུའི་ལོངས་སྤྱོད་མི་ཟད་གཏེར། །སྤྱོད་འདིས་ཀླུ་སྒྲུབ་ཞབས་ཀྱི་ཁེངས་པ་ཕྲོགས། །ཐ་མལ་ཡོངས་དག་གསལ་སྟོང་ལྷ་སྐུའི་མཁར། །གཉིས་མེད་བདེ་སྟོང་རབ་བཀྲ་དབང་པོའི་གཞུ། །སྐུ་གསུམ་རོ་གཅིག་སོ་སོར་མ་འདྲེས་པའི། །སྒྱུ་འཕྲུལ་དྲ་བའི་རོལ་གར་ངོ་མཚར་སྨད། །ལྟར་སྣང་གྲུབ་སྤྱོད་འདམ་གྱིས་མ་གོས་པའི། །ཚངས་སྤྱོད་བརྟུལ་ཞུགས་ཡལ་འདབ་ཚར་རྒྱས་ཀྱང་། །ཉེ་ལམ་བདེ་བའི་སྦྲང་རྩི་མཛད་མེད་ཀྱི། །ཨིནྡྲ་བྷཱུ་ཏི་མཁའ་འགྲོའི་མཛོད་དུ་བྲོས། །གཞན་ཡང་བླ་མ་དེ་ཉིད་ཀྱི་དྲུང་དུ་བདེ་མཆོག་ལཱུ་ཨི་པའི་དབང་། མགོན་པོ་ཕྱག་དྲུག་པ། རྟ་མགྲིན་གསང་བསྒྲུབ། འཛམ་དཀར་སེར་རྣམས་ཀྱི་རྗེས་གནང་། འཇིགས་བྱེད་ཀྱི་བསྐྱེད་རྫོགས་མཁས་གྲུབ་རྗེ་དང་བློ་གྲོས་ཆོས་སྐྱོང་བ་གཉིས་ཀྱིས་མཛད་པ། གཞི་གསུམ་ཆོ་ག །ལམ་རིམ་ཆུང་བའི་སྐྱེས་བུ་འབྲིང་གི་སྡུག་བདེན་འཁོར་བའི་ཉེས་དམིགས་བསམ་པ་ཡན། ལམ་རིམ་གྱི་ཁྲིད། མཚན་བརྗོད། ཕྱག་རྡོར་གྱི་རྒྱུད། དགྲ་ནག་གི་རྒྱུད། འཇིགས་བྱེད་ཀྱི་རྟོག་པ་བདུན་པ། བདེ་མཆོག་གི་རྩ་རྒྱུད། མགོན་པོ་ཕྱག་དྲུག་པའི་ལས་གསུམ་རྣམ་གཞག །བླ་མགོན་དབྱེར་མེད་ཐུན་མོང་མ་ཡིན་པ། གྲིབ་


GLG008_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

སེལ། རྟེན་བཞི་གནད་གསུམ། མཁའ་འགྲོ་དབང་སྡུད། མགོན་པོ་གནད་དབབ། དྲུག་ཅུ་པའི་སྒོར། མགོན་པོའི་རྒྱུད་ལེའུ་བརྒྱད་པ། ཆོས་རྒྱལ་གྱི་སྒྲུབ་ཐབས་རྒྱ་གཞུང་སོགས་དམ་པའི་ཆོས་ཀྱི་བགོ་སྐལ་མཐའ་ཡས་པ་ལེན་པ་གནང་། ཚལ་གྱི་རྒྱུད་ཁང་གི་ཁང་ལས་དང་ལོགས་བྲིས་སྐབས་ས་མིན་དང་མཐིང་སྤང་གཞན་སུས་ཀྱང་མ་རྙེད་པར་རྗེ་རྣམ་རྒྱལ་དཔལ་བཟང་ཉིད་ཀྱིས་རྙེད་ཅིང་། དེ་སྐབས་རྗེ་འདི་པས་ཀྱང་ས་མིན་ལེན་པར་ཕེབས་པས། རྗེ་རྣམ་དཔལ་བས་རྡོ་ལ་ཕྱག་ཞབས་ཀྱི་རྗེས་མང་དུ་བཞག་པ་སོགས་སྐུ་གསུང་ཐུགས་ཀྱི་གསང་བའི་མཛད་པ་དཔག་པར་དཀའ་བ་མང་དུ་གཟིགས། དུས་ཕྱིས་རྗེ་ཡབ་སྲས་ཀྱི་གསུང་རབ་ཀྱི་དཀའ་གནད་རྣམས་ལ་གཟིགས་ཚེ་ཡང་། དུས་ཐོག་དེ་ལ་རང་ཕྱོགས་ཀྱི་མཁས་གྲུབ་གྲགས་ཅན་ཤིན་ཏུ་མང་ན་ཡང་། རྗེ་རྣམ་དཔལ་བའི་གསུང་ཉིད་ལེགས་པར་འདུག་ཅེས་རྒྱལ་བ་ཙོང་ཁ་བ་དངོས་ཀྱི་མོས་པ་གནང་། མེ་བྱ་ལ་རྒྱུད་ཀྱི་ཆོས་འཚམས་ཤིག་གི་སྐབས། གདན་ས་ཆེན་པོའི་གཟིམས་ཁང་རྒྱལ་ཁང་རྩེར་མགོན་པོ་བཅུ་གསུམ་གྱི་རྗེས་གནང་། སྒྲུབ་ཐབས་མདོར་བྱས་དང་མདོ་སྲེའི་ལུང་། འགྲེེལ་པ་དོན་གསལ་གྱི་ཊཱི་ཀ །མཛོད་ཀྱི་གནས་བཞི་པ་ཡན་གྱི་ཊཱི་ཀའི་བསྐྱར་ལུང་རྣམས་དང་། བྱང་རྩེ་ཆོས་སྒོ་སློབ་དཔོན་འཕྲིན་ལས་དཔལ་འབྱོར་ལ་ཕྱག་རྡོར་འབྱུང་འདུལ། གུ་རུ་ཞི་བ། གཅོད་ནམ་མཁའ་སྒོ་འབྱེད་གསན་ཅིང་། གཞན་ཡང་རྒྱུད་ཀྱི་ཆོས་འཚམས་རྣམས་སུ། འོད་གསལ་ལྷའི་རིགས་ལས་མཁས་ཤིང་གྲུབ་པ་བརྙེས་པ་ལྷ་རིན་པོ་ཆེ་ལ། དཔལ་ལྡན་དམག་ཟོར་མའི་རྗེས་གནང་། ཞལ་རྣམ་


GLG008_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བཞིའི་རྗེས་གནང་། ཆོས་རྒྱལ་ནང་སྒྲུབ་དང་། ཞང་བློན་གྱི་རྗེས་གནང་། ལྷ་མོའི་ཐུན་མོང་མ་ཡིན་པའི་བཀའ་བསྒོ་བ། མགོན་པོ་ཕྱག་དྲུག་པའི་ལས་གསུམ་རྣམ་གཞག །གཏོར་མའི་རྣམ་བཤད་རྟེན་བཞི་གནད་གསུམ། སྔགས་དོན། བསད་པ་དྲུག་གི་ཡིག་ཆུང་། ཞལ་ཀླུ་སྒྲུབ་ཀྱི་རྒྱ་གཞུང་། གཉན་ལོའི་བསྐང་ཐུང་། བསྙེན་སྔགས། ལྷ་མོའི་ལས་གསུམ་རྣམ་གཞག །གཏོར་ཆེན་རྣམ་བཤད། ཟོར་བཞི་ཐུན་སྒྲུབ། སྦྱིན་སྲེག །ནད་དང་བྱ་ནག་གཏོང་ཐབས། སྤོགས་ཆོག །ཤོ་མོ། དཔལ་འབར་བརྟག་པ། སྤྱན་སྔ་ཆོས་དྲུག་གི་ལུང་སོགས་མཐའ་ཡས་པ་དང་། སློབ་དཔོན་སངས་རྒྱས་རྒྱལ་མཚན་ལ། རྨེ་རྩེགས། ཁྱུང་ཁྲ། སྒྲོལ་དཀར། ཨུ་རྩཱཪྱ་རྣམས་ཀྱི་རྗེས་གནང་ཆོས་རྗེ་བྱང་མ་ནས་ལ་རྣམ་ཐར་དད་པའི་འཇུག་ངོགས། ལམ་སྒྲོན་གྱི་ཊཱི་ཀ །རྔོག་ཆོས་ཆ་ཚང་རྣམས་གསན། གདན་ས་ཆེན་པོ་དགའ་ལྡན་དུ་སློབ་དཔོན་རིན་པོ་ཆེ་དགེ་འདུན་རྒྱལ་མཚན་ལ་རྡོ་རྗེ་འཆང་གི་ལམ་གྱི་རིམ་པ་དང་། རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ་ཤིང་རྟ་ཆེན་པོའི་ལམ་སྲོལ་བྱང་ཆུབ་ལམ་གྱི་རིམ་པ་ཆེན་མོའི་དཀའ་གནད་ཀྱི་བཤད་པ་དང་བཅས་པའི་ལུང་ཡོངས་རྫོགས་གསན། གསུང་ཆོས་ཀྱི་སྐབས་ཤིག་བཞུགས་ས་སྤྱི་ཁང་ཞིག་གི་འོག་ཁང་དུ་བྱུང་བས། དེའི་སྔོན་ཙམ་དུ་གནས་སྐོར་བ་མདོ་པ་བསྡད་ཤུལ་ཡིན་འདུག་པས། སྐུ་གྲིབ་ཀྱིས་ཤིན་ཏུ་བསྙུན་པ་ཞིག་བྱུང་ཡང་། བཤད་ལུང་གཉིས་ཀ་རྒྱལ་བ་ཙོང་ཁ་པ་ནས་རིམ་གྱིས་ཚིག་གཅིག་ཀྱང་མ་ཆད་པར་བརྒྱུད་ངེས་ཡིན་པར་


GLG008_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན། ཐུགས་རུས་བསྐྱེད་ནས་ཆོས་ཐུན་གཅིག་ཀྱང་མ་ཆག་པར་མཛད། དེ་ཡང་སྒོམ་པ་ཡོན་ཏན་འབར་གྲང་གཞིའི་ནད་ཀྱིས་ན་བར་རྣལ་འབྱོར་པས་གསུངས་པའི་དོན་ལྟ་བུ་ཐུགས་ལ་ཤར་བར་ངེས་ཤིང་། ལྷག་ཏུ་རྒྱལ་བ་ཙོང་ཁ་པའི་གསུང་རབ་ཀྱི་དཀའ་གནད་ལ་དོན་གཉེར་མཐའ་ཡས་གནང་བའི་སྟབས། སྐུ་ན་མཐོན་པོར་ཕེབས་ཀྱང་བསྙེལ་གསོའི་ཚུལ་སྟོན་པ་གནང་། ལར་ཆོས་ཕྱིར་དུ་དཀའ་སྤྱད་བཟོད་པ་ལ་རྗེ་མར་པ་དང་། དགེ་སློང་དང་དགེ་བསྙེན་གྱི་ཁྱད་པར་ལས་མེད་དོ། །གློག་ལྟར་མི་བརྟན་ཚེ་འདིའི་ཕུན་ཚོགས་ཆེད། །བླུན་པོ་ལུས་སྲོག་འདོར་བར་ཕོད་བྱེད་ན། །ཐེག་ཆེན་ཆོས་ཕྱིར་བརྩོན་པའི་དཀའ་སྤྱད་འདི། །བཟོད་ལ་ཀླན་ཀའི་བརྟུལ་ཞུགས་སུ་ཡིས་འཛིན། །དཀའ་གནད་ཞུན་ཐར་མི་གཅོད་ཐོབ་ལོར་བརྩོན། །ཆོས་འདོད་དེ་སྟོན་བླ་མར་སྙིང་ནས་སྨོད། ཁེངས་པས་ཡོངས་འཛིན་མི་སྟེན་དཔེ་ཧྲུལ་སྡུད། །དེ་འདྲའི་བོད་རྒན་མང་པོའི་སྣང་ཚུལ་དག །མཐོང་ཚེ་ཁྱོད་ནི་ཟབ་གནད་ཡོངས་ལ་མཁས། །བཤེས་གཉེན་དམ་པའི་མགོན་ལ་ལྷག་པར་དད། །ཆོས་ཕྱིར་མཁས་གྲུབ་སྦས་པའི་བརྟུལ་ཞུགས་ཅན། །རིས་མེད་གཙུག་བསྟེན་དེ་ཕྱིར་སུ་མི་དད། །དེ་ནས་ས་ཕག་ལོ་དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་པོར་ཆོས་རྗེ་ནམ་མཁའ་བཟང་པོའི་དྲུང་དུ། གསང་འདུས་མི་བསྐྱོད་པ། བདེ་མཆོག་ལཱུ་ཨི་པ། དྲིལ་བུ་ལུས་དཀྱིལ་གསུམ་གྱི་དབང་བཞི་ཡོངས་རྫོགས། ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་གསན། ཨེ་ནས་ཡུམ་ཤིན་ཏུ་བསྙུང་པའི་འབོད་མི་བྱུང་བ་དང་ལྷན་ཅིག་ཏུ་བཤུལ་དུ་ཞུགས། ཞོར་ལམ་འཕྱོང་


GLG008_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྩེར་ཕེབས་པས། ཞབས་དྲུང་གཞུང་ངག་དབང་བསོད་ནམས་གྲགས་པ་འཇིག་རྟེན་དགའ་བའི་རྒྱན་གྱིས་བདག་རྐྱེན་ཚང་མ་མཆིས་པ་གནང་། གསུང་ལས། ཡོན་བདག་རབ་འབྱམས་པ་ཁྱེད་གསང་སྔགས་སྔ་འགྱུར་གྱི་སྐོར་ལ་དོན་གཉེར་ཆེ་བ་ཡོད་འདུག་པ། དེས་ན་ཞབས་དྲུང་བདག་པོ་རིན་པོ་ཆེ་དེ་རིང་འདིར་ཕེབས་རྒྱུ་ཡིན་པས། ཁྱེད་རང་ཡང་ཞག་ཤས་འདི་ཁར་སྡོད་ལ། འདོད་ཆོས་མཐའ་དག་ཆོས་ཀྱི་བདག་པོ་ལ་ཞུས་ཆོག་གསུངས་བྱུང་བས། ཐུགས་ཤིན་ཏུ་དགྱེས་ཏེ་ཆོས་འབའ་ཞིག་ལ་ཐུགས་དུངས་པའི་སེམས་མངོན་གྱུར་ཤུགས་ཆེས་པས་ཡུལ་དུ་ཕེབས་དགོས་པ་སོགས་ཟིལ་གྱིས་ནོན་པ་ལྟ་བུར་སོང་ནས། བཞུགས་པར་ཐུགས་ཐག་བཅད་ཚེ། འབོད་མི་དེས་འདི་རུ་ཡུན་རིང་ན་དེ་བར་ཡུམ་གྲོངས་ནས་ངོས་ཀྱིས་མཇལ་རྒྱུ་མི་ཡོང་ཟེར། ནན་ཤིན་ཏུ་ཆེ་བས་འཕྲལ་དུ་ཐེགས་པར་ཤར། ལམ་དུ་ཞུགས་པ་དང་ཁྲི་སྲོང་རྣམ་སྤྲུལ་བདག་པོ་རིན་པོ་ཆེ་དཔལ་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེ་ཕེབས་པ་མཇལ། ཕྱག་འབུལ་གནང་བས། ཐུགས་འདྲིས་མེད་ཀྱང་། སྔར་ནས་ངོ་མཁྱེན་པ་ཞིག་དང་འདྲ་བའི་ཐུགས་དགྱེས་དགྱེས་དཔེ་མེད་གནང་གསུང་། ཉེ་བར་བརྟགས་ཚེ། ངོས་ཀྱིས་ཆོས་བཀའ་གསན་པ་སོགས་རྟེན་འབྲེེལ་ཅུང་ཟད་མ་འགྲིག་ཀྱང་། གང་གི་དངོས་སློབ་རྗེ་བཙུན་ལས་ཀྱི་རྡོ་རྗེ་དང་། མཐུ་སྟོབས་གསང་བའི་དབང་ཕྱུག་སོགས་ལ་གསན་པའི་རྟེན་འབྱུང་གི་དགོངས་པ་མཛད་པར་སེམས་སོ། །རང་ཡུལ་དུ་ཕེབས་ཏེ་ཡུམ་གྱི་འདི་ཕྱིའི་དགོངས་པ་རྫོགས་ཐབས་ཀྱི་དགེ་བའི་མཛད་


GLG008_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་བརྩོན་པས་བསྒྲུབས། ལན་བུག་ཨ་མི་ཞེས་དཀར་ཆས་འཛིན་པའི་བླ་མ་ལོ་བརྒྱ་དང་ཉི་ཤུ་ཙམ་ལོན་པ། གྲོངས་དུས་ཀྱང་སྙུང་གཞི་སོགས་ཡེ་མེད་པར་སྲས་ཀྱིས་ཐུགས་ཅུང་ཟད་དཀྲུགས་པར་བརྟེན། ཡི་དམ་ཆོས་སྲུང་རྣམས་ལ་ད་ང་མི་སྡོད་ཐོང་ཞིག་གསུང་བའི་མུས་ལ་གཤེགས་པའི་ནུས་ལྡན་དེ་ཉིད་ཀྱི་དྲུང་དུ། གུ་རུ་ཞི་བ། ཚེ་དབང་། རྟ་མཆོག་རོལ་པ། ཕྱག་རྡོར་དྲེགས་འདུལ། ནཱ་ག་རཀྵ། ཁྱབ་འཇུག །དབང་ཕྱུག་རྣམས་ཀྱི་དབང་། རྟ་ནག །ལྷ་མོ་སྤུ་གྲིའི་རྗེས་གནང་། སྒྲ་མི་སྙན་པའི་ཚེ་སྒྲུབ་ཀྱི་གཏད་ལུང་སོགས་ཆོས་དུ་མ་དང་། ལྷ་བཙུན་ངེས་ལེགས་དཔལ་འབྱོར་ལྷུན་གྲུབ་ལ་ཞང་བློན་གྱི་རྗེས་གནང་གསན། སླར་སྐྱིད་ཤོད་དུ་ཕེབས། གཞིས་ཁ་བྲག་དཀར་དུ་ཆོས་རྗེ་དཔལ་འབྱོར་བསོད་ནམས་ལྷུན་གྲུབ་ལ། མཁས་གྲུབ་ནོར་བཟང་པའི་དུས་འཁོར་སྤྱི་དོན། བདེ་མཆོག་སྦས་དོན་ཀུན་གསལ། དྲིལ་བུ་ལྷ་ལྔའི་རྒྱ་གཞུང་། དེའི་འགྲེལ་པ་རྒྱལ་བ་ཙོང་ཁ་པས་གནང་བ། ལཱུ་ཨི་པའི་དཀྱིལ་ཆོག །ཞུ་ལན་ནོར་བུའི་འཕྲེང་བ། ཁུ་ཆོས་ཚང་བ། རྗེ་བཙུན་རིག་བྱེད་མའི་ཆོས་སྐོར། ཁྱུང་པོའི་མགུར་བརྒྱད་རྩ་འགྲེལ་བླ་མའི་རྣལ་འབྱོར་བྱིན་རླབས་བདུད་རྩིའི་ཆུ་རྒྱུན། མཁས་གྲུབ་རྗེ་དང་གྲུབ་ཆེན་ཐར་པའི་རྒྱལ་མཚན་གཉིས་ཀྱི་བསྟོད་པ་གསན། དེ་ནས་ཕལ་ཆེ་སེ་ར་ཐེག་ཆེན་གླིང་དུ་བཞུགས་ཏེ། ཆོས་རྗེ་འཕྲིན་ལས་ལྷུན་གྲུབ་སོགས་ལ་བཀའ་ཆོས་ཅི་རིགས་པ་ཞུས། མཁས་པ་འཇུག་པའི་སྒོ་ཞེས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་རྣམ་གཞག་འགྲན་ཟླ་མེད་པའི་ལེགས་པར་བཤད་པའི་ཐུགས་རྩོམ་གནང་།


GLG008_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཀྱང་སྡེབ་སྦྱོར་གྱི་ཛྭ་ཏིའི་སྐོར་ནས་གནང་འཕྲོ་ལུས། སླར་འཕྲོ་མུས་ཀྱི་གསོལ་བ་འདེབས་མི་ཞིག་བྱུང་ན་ཕྱིས་སྐོར་གྱི་བསྟན་བཅོས་ཤིག་ལ་ལེགས་པ་ཞིག་འོང་ཚོད་དུ་འདུག་ཀྱང་། དུས་དབང་གིས་སྐྱེ་བོ་ཕལ་ཆེར་ཇའི་གར་སླ་དང་རྩམ་པའི་མང་ཉུང་མ་གཏོགས། ལེགས་བཤད་དོན་དུ་གཉེར་བ་ཆེས་ཉུང་བས་བསྐུལ་བ་པོ་ཞིག་མ་བྱུང་བར་འདུག །སྐབས་ཤིག་ཉང་བྲན་རིན་ཆེན་ཚལ་པས་བསྙེན་བཀུར་བྱས་ཏེ། དགོངས་ཞོགས་ཡོན་བདག་གི་རིམ་འགྲོ་དང་། ཉིན་བར་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་ཞབས་སྐོར་བདུན་ཅུ་རེ་ཙམ་མ་ཆག་པར་གནང་བས་སྐོར་འབུམ་འགྱངས་མེད་དུ་བསོགས། གནས་སྐབས་སུ་སྐུ་ངལ་བར་བྱུང་ཡང་སྒྲིབ་པ་དག་པའི་ལྟས་དེ་ལས་ཆེ་བ་བྱུང་གསུང་བ་ཕྱི་རབས་ཀྱི་གདུལ་བྱ་ལ་དགོངས་པ་འདྲ། མི་རིང་བར་གཞན་ཕན་པ་བླ་མ་དུང་དཀར་འབྲུག་གྲགས་ཀྱི་བཀའ་འགྱུར་བཞེང་བ་ལ། ཨེ་པའི་བྲིས་མཁན་རྣམས་ལ་ཞལ་བཀོད་དང་བཅས། བཞུ་ཁང་རབ་འབྱམས་པ་དགེ་ལེགས་ལྷུན་གྲུབ་དང་ལྷན་དུ་ཟླ་བ་གསུམ་གྱི་བར་བཀའ་འགྱུར་ཞུས་དག་དང་། རྒྱལ་པོ་ཡབ་ཡུམ་གྱི་སྐུ་འདྲའི་གཟུངས་གཞུག་སོགས་ཀྱི་བྱ་བ་མཛད། གཞན་ཡང་འདི་དག་གི་སྔ་ཕྱི་འགའ་ཞིག་ཏུ། སློབ་དཔོན་བཀྲ་ཤིས་པའི་དྲུང་དུ་རྣལ་འབྱོར་དག་རིམ། རིམ་ལྔ་གདན་རྫོགས་སོགས། སློབ་དཔོན་སངྒྷ་ལ་ཆོས་རྗེ་རྒྱལ་སྲས་པའི་བཀའ་འབུམ། ཡིག་ཆུང་ཉེར་གཅིག །ཆོས་རྗེ་བློ་གྲོས་མཐའ་ཡས་ལ་རྣམ་སྣང་མངོན་བྱང་། བདེ་མཆོག་ལྷ་ལྔ། འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ། རྭ་སྒྲེང་པ་རིན་ཆེན་དཔལ་འབྱོར་ལ་མགོན་པོ་ལྷོ་ནུབ་པ། བཀའ་གདམས་


GLG008_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་བཞིའི་རྗེས་གནང་། སློབ་དཔོན་བྱམས་པ་བརྟན་པ་ལ་ཚིག་གསལ་གྱི་སྟོང་ཐུན། འདུལ་བའི་གཞི་སྟོད། རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང་། གཞན་ཡང་ལྕིལ་པོ་རབ་འབྱམས་པ་ངག་དབང་ཆོས་གྲགས་སོགས་བཀའ་འབྲེལ་གསན་པའི་བླ་མ་གྲངས་ཀྱིས་མི་ལང་། མདོར་ན་བསྡུས་ཚད་ནས་བཟུང་ཐུགས་གཉེར་མཛད་དུས་ཀྱི་རྣམ་པ་ཐམས་ཅད་ལ། སློབ་གཉེར་འདི་བྱས་པ་ལ་བརྟེན་ནས་སེམས་ལ་ཕན་པའི་ཉམས་ལེན་ཞིག་བྱེད་རྒྱུ་ཨེ་ཡོང་དགོངས་པ་མ་གཏོགས། གཞན་ཁྱད་བསོད་རྙེད་པ་དང་བཀུར་སྟིའི་ཕྱིར་བསམས་པ་སྐད་ཅིག་ཀྱང་མེད་ཅེས་བཀའ་ཕེབས་པ་ནི། རྗེས་འཇུག་རྣམས་ཀྱང་མིག་ཡར་བལྟའི་ཚུལ་དུ་བྱེད་དགོས་པའི་ཆེད་དུའོ། །མཐའ་བྲལ་ཤེས་བྱའི་འཆི་མེད་དགའ་ཚལ་དུ། །མདོ་རྒྱུད་ཡོངས་འདུ་ཚར་དུ་མངར་བ་ཡིས། །ཐོས་བསམ་སྒོམ་པའི་འབྲས་བུ་རོ་བརྒྱ་པ། །སྤྱོད་པའི་སྐལ་བཟང་ནོར་དེ་ཁྱོད་ཀྱིས་རྙེད། །རྒྱ་བོད་བརྡ་སྤྲོད་ས་སྲུང་དབང་པོའི་སྟེང་། །ཐ་སྙད་རིག་པའི་མིག་སྟོང་ཕྱོགས་བཅུར་གཡོ། །ངེས་དོན་ཟབ་མོའི་རྡོ་རྗེ་རྩེ་བརྒྱ་པས། །སྒྲིབ་གཉིས་རི་བོ་མཐར་བྱེད་ཁྱོད་མིན་སུ། །ཤེས་བྱའི་ཕ་མཐའ་གཞལ་ཚེ་སྒྱིད་པ་སྐྱུར། །དམ་པའི་རྣམ་ཐར་བསམས་ཚེ་སྤྲོ་བ་འཕེལ། །བླུན་པོ་འབྱོར་ལྡན་མཐོང་ཚེ་གད་མོ་བྲོ། །ཆོས་ལྡན་གཏམ་རྣམས་གླེངས་ཚེ་དགེ་ལ་སྦྱོར། །དབུས་འགྱུར་དགེ་བཅུའི་ཡུལ་གྲུར་ཆོས་ཀྱི་ཕྱིར། །ལན་མང་བགྲོད་དེ་བརྐྱང་ན་འཕགས་ཡུལ་ཡང་། །འཁོར་བས་སྔོན་བྱོན་སྐད་གཉིས་སྨྲ་བ་རྣམས། །དམ་པ་འདི་ཡི་རྣམ་ཐར་ལས་ལྷག་མིན། །ཀུན་མཁྱེན་ཚད་མས་གཞལ་ཡང་རྙེད་དཀའ་བའི། །


GLG008_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཚུལ་ཕ་མཐའ་ཁྱོད་བློས་ཉུལ་བའི་ཚེ། །ལྷ་ལམ་སྐྱེངས་ཏེ་ཆུ་འཛིན་སྟུག་པོའི་གོས། །སྒྲིབ་གཡོགས་ཚུལ་གྱིས་གྱོན་ལ་རིངས་པ་བཞིན། །དེ་ནས་དགུང་ལོ་ཞེ་གཅིག་པ་འཕར་བ་ཞེས་པ་ལྕགས་མོ་གླང་གི་ལོ་ལ་གངས་རིའི་ལྗོངས་ཀྱི་རིགས་པ་སྨྲ་བ་མཐའ་དག་གི་འབྱུང་གནས་དཔལ་གསང་ཕུ་ནེའུ་ཐོག་གི་གྲྭ་ཚང་ཉི་མ་ཐང་གི་འཆད་ཉན་དུ་ཕེབས། ལོ་ལྔའི་བར་དུ་འཆད་ཉན་འཕེལ་ཞིང་། ལྷོ་བྲག་རབ་འབྱམས་པ་བྱམས་པ་ཆོས་དབང་། ནམ་མཁའ་ནོར་བུ། གུང་རུ་རབ་འབྱམས་པ་ཀུན་དགའ་ལྷུན་གྲུབ་སོགས་མང་དུ་ཐོན། གསོལ་སྐོར་སོགས་མཁས་པ་རྣམས་འདུ་འཚོག་གི་ཚེ། མདོ་ཕྱོགས་གཅིག་པུར་མ་ཟད་ཐ་སྙད་རིག་པ་དང་ཆོས་འབྱུང་ལོ་རྒྱུས་སོགས་གསུངས་པས། ཕལ་ཆེར་ལ་སྔོན་མེད་པའི་ལེགས་བཤད་དུ་གྱུར། ཆུ་སྟག་ལ་འབྲས་སྤུངས་སུ་རྗེ་ནམ་བཟང་པ་ལ་རྡོ་རྗེ་ཕག་མོ། བདེ་མཆོག་དཀར་པོ། དུར་ཁྲོད་བདག་པོ་གསུམ་གྱི་རྗེས་གནང་གསན། འཕྲང་མགོར་ཆོས་ཐོག་ཕེབས་སྐབས། ཀོང་ཆེན་རིན་པོ་ཆེའི་སློབ་མ་ཨོ་རྒྱན་ཆོས་རྫོང་གི་བླ་མ་ལ། དགོངས་འདུས་ཡོངས་རྫོགས་ཞིག་གསན་བཞེད་བྱུང་ཡང་། ཉེ་གནས་ཀྱིས། ཆོས་གྲྭ་ཆག་ན་གྲྭ་པ་རྣམས་ཀྱིས་སྐུར་ཞུགས་ཡོང་ཞེས་བཤོལ་བས་མ་འགྲུབ། ཤིང་སྦྲུལ་བྱེས་ཀྱི་སློབ་དཔོན་འཕྲིན་ལས་ལྷུན་གྲུབ་པས་ཀུན་སྤངས་མཛད། ངེད་ཀྱི་རྗེས་སུ་ཉི་ཐང་སློབ་དཔོན་ཡོན་བདག་རབ་འབྱམས་པ་འདི་ཤེས་རབ་དང་། མདོ་སྔགས་སྦྱངས་པ་ཆེ། ཁྱད་པར་བྱེས་པའི་གྲུབ་མཐའི་དཀའ་གནད་ཐམས་ཅད་ལ་འདྲིས་པར་ཡོད་པས་གདན་དྲངས་པ་འཐད་གསུང་བ་བཞིན། གདན་འདྲེན་


GLG008_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བས། དུས་མཆོད་ཀྱི་ཐོག་ནས། བྱེས་མཁས་མང་གྲྭ་ཚང་གི་ཆོས་ཀྱི་ཁྲིར་ཕེབས་སོ། །རྙེད་བཀུར་གོ་ས་འདོད་པའི་སྐྱེ་བོ་ལ། །དགུན་གྱི་འབྲུག་སྒྲ་ཇི་བཞིན་སྙིང་པོས་དབེན། །རྣམ་གཡེང་སྤོང་བར་བཞེད་པའི་སེམས་དཔལ་ལ། །འཕྲིན་ལས་དབྱར་གྱི་སྤྲིན་བཞིན་ལང་ལོང་གཡོ། །བློ་གསལ་རྒྱ་མཚོའི་བསྟི་གནས་གསང་ཕུ་དེར། །གནས་ལྔ་རིག་པའི་ང་རོ་ཆེར་བསྒྲགས་པས། །མཁས་མང་རི་དྭགས་དབུས་ན་ཟླ་བྲལ་ཞེས། །འཇིགས་མེད་དབྱངས་དེ་སྲིད་རྩེའི་བར་དུ་སྒྲོག །ཐེག་པ་གོང་འོག་མདོ་འགྲེལ་ཀུན་སྨྲ་ཡང་། །ཐེག་ཆེན་དབུ་མའི་ཚུལ་ལས་མི་འགོང་བའི། །ཐེག་གསུམ་སྟོན་པའི་སེང་གེའི་གདན་ཁྲི་ལ། །ཐེག་མཆོག་ཆོས་ཀྱི་རྒྱལ་པོ་རྣམ་པར་འགྱིང་། །འཆད་ཉན་ཤིན་ཏུ་འཕེལ་བའི་གྲགས་སྙན་གྱིས་ཕྱོགས་མཐའི་མཁས་པ་ཐམས་ཅད་ཀྱང་བྱེས་སུ་འདུས། ཆོས་གྲྭར་བྱང་ཆུབ་མེ་ཏོག་ཤིན་ཏུ་མང་བ་སྐྱེས་པས་འགའ་ཞིག་གིས་བཙུགས་པ་ཡིན་ནམ་ཞེས་ལོག་རྟོག་བྱེད་ནའང་། རྗེ་འདིས་བླ་མ་བཞག་པ་དང་མཉམ་དུ་བྱང་ཆུབ་མེ་ཏོག་ཀྱང་ཆེར་མ་མཆིས་སོ། །ཆུ་ཡོས་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་བྱང་ཕྱོགས་ཧོར་གྱི་ཡུལ་ནས་དབུས་ཕྱོགས་སུ་ཆིབས་ཁ་བསྒྱུར། མི་རིང་བར་གཡས་རུ་གཙང་གི་ཕྱོགས་ནས་དཔོན་སློབ་པཎ་ཆེན་རིན་པོ་ཆེ་མཇལ་བར་འབྲས་སྤུངས་སུ་ཕེབས། དེ་ཡང་ཐམས་ཅད་མཁྱེན་པ་ནས་སྔར་རྗེ་དགེ་འདུན་རྒྱལ་མཚན་བར་བཀའ་ཆོས་མང་པོའི་སྙན་འབུལ་གནང་བས། ང་རྒས་པ་དང་དགའ་ལྡན་གྱི་ཁྲི་ལས་ཐོག་པ་ཡིན་པས་བཅར་སྡོད་ཀྱིས་ཆོས་འབུལ་མི་ཐུབ་འདུག །ད་ལྟའི་བཀྲ་ཤིས་ལྷུན་པོའི་པཎ་ཆེན་འདི་སྐུ་ན་


GLG008_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ཞིང་གསན་རྒྱ་ཆེ་བ་ཡོད་པས་བཀའ་ཆོས་གསན་པ་ལེགས་གསུང་བ་སོགས་རྟེན་འབྲེལ་རང་འགྲིག་ཏུ་གྱུར་ནས། སྐྱིད་ཤོད་འབྲས་སྤུངས་ཀྱི་གཟིམས་ཆུང་ཉིད་འོད་དུ་རྗེ་ཡོན་ཏན་རྒྱ་མཚོ་དང་། སེར་འབྲས་ཀྱིས་མཚོན་རང་ཕྱོགས་ཀྱི་སློབ་དཔོན་ཆོས་འཆད་སོགས་མཁས་མང་འདུས་པ་ལ་རྡོ་རྗེ་འཕྲེང་བས་གཙོས་པའི་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་བསྐོར་བ་གནང་སྐབས་རྗེ་འདི་པས་ཀྱང་ཕེབས། མཁས་གྲུབ་ཆེན་པོ་ཨ་བྷྱ་ཡཱ་ཀ་རའི་ཐུགས་དམ་རྡོ་རྗེ་འཕྲེང་བ་དང་སྒྲུབ་ཐབས་རྒྱ་མཚོ་སོགས་གསན། རྗེ་འདི་པ་ཡང་། དཔོན་སློབ་པཎ་ཆེན་རིན་པོ་ཆེར། རྒྱལ་བ་གཉིས་པའི་བསྟན་འཛིན་ཀུན་གྱི་གཙུག་ན་མཁས་བཙུན་བཟང་གསུམ་གྱི་མཛད་པས་མངོན་པར་མཐོ་བས་རིགས་ཐམས་ཅད་ཀྱི་བདག་པོར་གདོན་མི་ཟ་བའི་ཐུགས་མོས་འཁྲུངས། པཎ་ཆེན་རིན་པོ་ཆེ་ནས་ཀྱང་དེ་སྐབས་ཆོས་རྗེ་དམ་ཆོས་དཔལ། བཞུ་ཁང་རབ་འབྱམས་པ། རབ་འབྱམས་པ་ཆོས་གྲགས་རྣམ་རྒྱལ་སོགས་དགེ་བཤེས་གྲགས་ཅན་མང་པོའི་ཁྲོད་ནས། རྗེ་འདི་ལ་སྐྱེས་བུ་དམ་པར་དོན་གྱིས་ངོས་བཟུང་པའི་གཞན་ལས་ཐུགས་རྩིགས་ཆེ་ཞིང་། གཞུང་ལུགས་ཀྱི་དཀའ་གནད་མང་པོ་ལ་དྲི་བའི་ཚུལ་གྱིས་དོགས་གཅོད་ཀྱང་གནང་། དུས་ཕྱིས་སུ་རྗེ་ཕ་བོང་ཁ་པ་དེ་བླ་མ་རྣམ་དག་རང་ཡིན་ཞེས་བསྔགས་བརྗོད་གནང་བ་ལན་མང་ཐོས། མཆོད་གཞིས་ཀྱི་དོན་ཞིག་ལ་སྡེ་པ་གཡུལ་རྒྱལ་བར་ཡང་ཡང་ཞུས་པས་གསལ་ཁ་མ་བྱུང་བས་སྐབས་ཤིག །མི་དབང་མཛད་པ་རྒྱ་མཚོའི་རྦ་ཀློང་དུ། །ལྡོམ་བུའི་ཞུ་ཡིག་ལུས་ཕྲས་སིམ་གྱུར་ན། །གསུང་གི་ཞི་མིན་མཛད་


GLG008_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

པས་གང་གི་ཐུགས། །འདོད་དགུར་མཆོད་ལ་ལྷན་སྐྱེས་དགའ་བས་རོལ། །ཞེས་སྙན་ངག་དམ་པ་ཡིག་ཆུང་དུ་འབུལ་བ་གནང་བས། སྡེ་པས་མ་དགོངས་པར་སྐུ་མདུན་བྱང་མ་ནས་ལ་བསྟན་པས་འབྲུ་གཞན་དུ་རྒྱབ་ནས་ཡིག་ཆུང་དེ་མེད་པར་མཛད། རྗེས་སུ་མཇལ་དུས་ཁྱེད་རྫི་ཆུང་བ། དེ་འདྲ་སྡེ་པར་ཕུལ་ནས་ཁོང་ས་བདག་མིན་པ་འདུག་པ་ཨེ་ཡིན་གསུང་། ཡིག་ཆུང་གི་དོན་ནི། རྒྱ་མཚོའི་ནང་དུ་གཟུགས་ཆུང་ཆུང་རྣམས་མི་མངོན་པ་ལྟར། སྡེ་པའི་ཐུགས་བྲེལ་གྱིས་རྗེ་ཉིད་ཀྱི་ཞུ་ཡིག་དབར་དུ་འཁྱམས་ན། གསུང་རྟ་མགྲིན་གྱི་ཞི་བ་མིན་པ་དྲག་པོའི་མཛད་པས་ཁྱོད་ཀྱི་སྙིང་ཟོ་ཞེས་པའི་དོན་ནོ། །རྟེན་འབྲེལ་གྱི་དབང་གིས་སྡེ་པ་ཡང་མ་འགྱངས་པར་གྲོངས། ལར་དཔོན་རིགས་ཡིན་ཀྱང་ཐ་སྙད་ཀྱི་ཡོན་ཏན་རེ་མི་ཤེས་ན་གུ་དོག་གོ །ས་སྤྲེལ་ལོར་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་སེ་ར་ཐེག་ཆེན་གླིང་དུ་བཞུགས། རྗེ་འདི་ཉིན་ལྟར་གྱིས་ཕྱག་འབུལ་ལ་ཕེབས་པར། ཉིན་གཅིག་བཀའ་འཕྲོས་ཀྱི་ལྷོངས་ལ། རྭ་པོད་དང་མཁས་གྲུབ་རིན་པོ་ཆེའི་ཁམས་གསུམ་རྣམ་རྒྱལ་གྱི་ལས་ཚོགས་ཀྱི་ལག་ལེན་སོགས་ལག་ཏུ་ཁེལ་མི་ཁེལ་དང་། ཁྱེད་ཀྱིས་ཨེ་ཡོང་གི་དྲི་བ་གནང་བར། ཕེབས་ལན་དུ། ལག་ལེན་གསལ་ཞིང་ཟབ་ཀྱང་། ལག་ཏུ་ལོན་པ་ལ་དབང་ལུང་མན་ངག་མཐའ་དག་ཐོབ་པ། བླ་མ་དང་དམ་ཚིག་གི་སེལ་མ་ཞུགས་པ། བསྙེན་པ་ཚད་དུ་ཐེམས་པ། ལྟ་བའི་རྒྱབ་དང་སྒོམ་པའི་རྩལ་ཡོད་པ་ཞིག་མེད་ན། དོན་མེད་པའམ་རང་ཕུང་པའི་རྒྱུ་ཡིན་པས། ངེད་ཚོས་ཕྱོགས་འགྲོ་ཤེས་ནའང་བྱེད་པ་ཐོག་ཏུ་ཁེལ་དཀའ་ཞུས་པར། སྐུ་གཞོགས་ན་བཞུ་ཁང་རབ་འབྱམས་པ་ཡོད་འདུག་


GLG008_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

པས། ཞལ་སྔ་ནས་བྱེས་པའི་དེ་ཐུགས་བདེན་ཞེས་སླར་སྒྲུབ་བྱེད་མང་པོ་གསུང་ཞེས་གནང་། རྒྱུད་གསང་བ་སྙིང་པོ་འདི་སྔར་བཤད་སྲོལ་ཆེས་དར་ཡང་ཕྱིས་སྐོར་རིམ་གྱིས་ནུབ་པའི་ཤུགས་ཀྱིས། བྱང་བདག་པོ་རིན་པོ་ཆེས་ཆོས་རྗེ་ཀརྨ་གུ་རུ་ལ་གསང་སྙིང་གི་བཤད་རྒྱུན་ཡོང་མེད་དྲི་བ་གནང་བར་མེད་ཞུས་པས། ཁྱེད་རྣམས་གདུང་རུས་སོགས་གང་ས་ནས་ཨེ་ཡོད་བསམས་པ་ཡིན། ཞེས་གསུང་ལྕི་བ་ཕེབས། དེ་ཐུགས་ལ་བཞག་ནས། བྲག་སྣ་ཆོས་རྗེར་ཁྱོད་ཀྱི་བུ་ཞིག་གསང་སྙིང་ཤེས་པའི་རིགས་རྩད་ཆོད་ན་ཅིས་ཀྱང་སློབ་པར་ཐོང་གསུངས་པར། རེ་ཞིག་མ་རྙེད། བར་ཞིག་ན་རྗེ་འདི་པས་སློབ་དཔོན་གཞན་ལ་ཞིབ་བཤད་གསན་མ་ཐུབ་ཀྱང་། གསང་བདག་སྒྲོ་ཕུག་པའི་སྔོན་གནས་རྗེས་དྲན་གྱི་མཐུས། གཟིགས་པ་ཙམ་གྱིས་ཟབ་གནད་ཐམས་ཅད་རང་བྱང་ཆུབ་པར་མཁྱེན་པའི་སྙན་གྲགས་བྱུང་བར་དཔགས། ཆོས་རྗེ་ཨུ་རྒྱན་བསྟན་འཛིན་ཆེད་གཉེར་གྱིས་སེ་རར་སྐུ་གཞོགས་སུ་བཏང་། ལམ་ཞོར་ཆད་དཀར་དུ་ཕྱག་འབུལ་ལ་བྱོན་པར། ཁྲིའི་དྲུང་གིས་ཀྱང་གནང་སྦྱིན་སོགས་གནང་སྟེ་ལེགས་པོ་སློབས་ཤིག་ཅེས་དགྱེས་དགྱེས་མཛད། ཁོང་པ་སྐུ་གཞོགས་སུ་སླེབ་ནས་བླ་བྲང་དུ་བཅར་སྡོད་བྱས། ཆོས་ཐོག་གི་སྐབས་རྩེ་གཞག་དངོས་གཞི་རྫོགས་རྗེས་ཆོས་མཐུན་རེ་དང་། ཆོས་འཚམས་ཀྱི་གཟིམས་ཆུང་དུ་གནང་བ་སོགས་གཡུང་འགྲེལ་གྱི་སྟེང་ནས་ཤིན་ཏུ་ཞིབ་ཅིང་མཐའ་ཆོད་པར་གྲུབ་པས་ལེའུ་ལྔ་པ་ཡན་གྱི་ཟིན་བྲིས་ཀྱང་དིང་སང་མཆིས། གླིང་བསེ་བྱེད་སླ་བའི་སྟབས་ཀྱིས་མིག་ལྟོས་རེ་ཕྲད་བྱུང་བར་བརྟེན་གླིང་བསེ་བྱེད་ཁར་དབུ་ཕར་གཉིས་ལ་དམ་བཅའ་ཉི་མ་གསུམ་རེ་དང་


GLG008_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བར་ཉིན་གཅིག་འཇོག་པའི་སྒྲིགས་གནང་བས་བསྟན་པའི་རྒྱུན་ལ་ཆེས་ཕན་པར་བྱུང་། སླར་སེར་འབྲས་ཀྱི་གྲྭ་ཚང་གཞན་རྣམས་ཀྱིས་ཀྱང་དེ་ལ་དཔེ་བྱས་ནས་བཙུགས་སོ། །ཁྱོད་སྔོན་རྒྱུད་རྒྱལ་ཚུལ་ལ་སྦྱངས་པའི་མཐུས། །ཚེ་འདིར་མ་བསླབས་ཕུལ་བྱུང་མཁྱེན་གྱུར་ན། །མཁས་པའི་སྐྱེ་བར་གྲགས་པ་ཕལ་ཆེར་རྣམས། གང་དང་མི་མཚུངས་ཅི་ཡིས་ཉེས་གྱུར་ཏམ། །བློ་བཟང་རྒྱལ་བའི་ཆོས་ཀྱི་རྒྱལ་མཚན་མཆོག །སྒྲེང་ལ་ཟླ་བྲལ་མཁས་དང་དམ་པ་ཁྱོད། ཕན་ཚུན་བསྟོད་ཅིང་བསྔགས་པར་མཛད་པ་དེ། །མཁས་པ་མཁས་པའི་དྲུང་ན་མཛེས་པའི་རྟགས། །སླར་ཡང་པཎ་ཆེན་རིན་པོ་ཆེ་དབུས་ཕྱོགས་སུ་ཕེབས་སྐབས་ཤིག །བདེ་མཆོག་རྩ་རྒྱུད། དུས་འཁོར་བསྡུས་རྒྱུད། དབང་མདོར་བསྟན་རྣམ་འཇོམས་རྒྱུད། རྣམ་རྒྱལ་གཟུངས། བྱམས་པས་དམ་བཅས་པས་གཟུངས། རྡོར་གཅོད། བདེ་མཆོག་དྲིལ་བུ་པའི་མངོན་རྟོགས། ཆོས་རྒྱལ་གསང་བསྒྲུབ་མངོན་རྟོགས། བླ་མའི་རྣལ་འབྱོར། དུས་འཁོར་སྒྲུབ་ཐབས། དཀྱིལ་ཆོག །ཤིས་བརྗོད། སྨོན་ལམ། འཇིགས་བྱེད་ཀྱི་རྒྱུད། ཏེའུ་ལོ་པའི་རྟོག་པ། ཙྪུད་ཚ་ར། ཆོས་རྒྱལ་སྒྲུབ་ཐབས། པདྨ་ཡང་གསང་གི་རྒྱུད། འཇིགས་བྱེད་བདུད་ལས་རྣམ་རྒྱལ་སོགས་ཆོས་མང་དུ་གསན། གྲུབ་ཆེན་ལས་ཀྱི་རྡོ་རྗེའི་སྐྱེ་སྤྲུལ་རྗེ་དྲུང་རིན་པོ་ཆེ་སྐྱིད་ཤོད་ཕྱོགས་སུ་ཕེབས། དེ་ཉིད་འཕྲལ་གྱི་སྣང་ཚུལ་གྲུབ་སྤྱོད་ཤིན་ཏུ་རྩིང་བ་ཞིག་མཛད་པའི་སྟབས་ནས། སྐྱེ་བོ་བློ་དམན་རྣམས་ཀྱི་བློར་ཡང་མི་ཆུད་ཅིང་། ཁྱད་པར་རང་ཕྱོགས་ཀྱི་དྲི་མ་མེད་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་


GLG008_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བའི་དང་ཚུགས་གྲུབ་མཐའ་གཞན་ལས་ཁྱད་ཞུགས་པའི་དབང་གིས་རྡུལ་ཁྲོད་ཀྱི་ནོར་བུ་བཞིན་དུ་སྒྱུར་བར་བྱེད་ནའང་། རྗེ་འདི་ཉིད་ཀྱི་ཐུགས་ལ། རྒྱ་གར་གྱི་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས། དེ་ཁོ་ན་ཉིད་སྟོན་པའི་སློབ་དཔོན་བྱི་བའི་ཤམ་ཐབས་ཅན་ཡོད་པའི་བརྡ་བྱུང་བ་ལྟར་བཙལ་བས། དགེ་སྦྱོང་ཆོས་གོས་ཀྱིས་ཐོད་བྱས་ནས་ཞིང་རྨོད་ཅིང་འདུག །རྗེས་སུ་འཛིན་པར་ཞུ་ཞུས་པས། ཁྱིམ་དུ་སོང་ཟེར་ཕྱིན་པས་ཆུང་མ་དང་ཁྱི་མོ་ཞིག་མིན་པ་མི་སྣང་། སླད་ཁོང་རང་སླེབ་ནས་ཞིང་ནས་འཐུས་པའི་འབུ་སྲིན་ཐུ་བ་གང་གཏད་ནས་ཚོས་ལ་ཟོ་ཞིག་ཟེར། ཐེ་ཚོམ་བྱུང་བས། རྟོག་གེ་བ་བྱ་བ་འདི་ག་ཡིན། ཟེར་བའི་མོད་ལ་ཐམས་ཅད་མེད་པའི་འཇམ་དཔལ་རྡོ་རྗེའི་དཀྱིལ་འཁོར་དུ་གྱུར་པ་དང་། ཏེ་ལོས་ནཱ་རོ་ལ་སྤྲུལ་པ་སྣ་ཚོགས་བསྟན་པ་དང་། དགེ་ཚུལ་ཚིམ་བུ་པས་མཛེ་མོ་ཁུར་བས་ཆུའི་དཀྱིལ་ནས་རྡོ་རྗེ་ཕག་མོར་སོང་བའི་ལོ་རྒྱུས་དང་། རྒྱ་གར་ཆུ་བོ་གང་གཱ་ཚུན་ཆད་དུ་རྟོགས་པ་མཐོ་བའི་གྲུབ་ཆེན་གླིང་རས་ཀྱི་རྣམ་ཐར་སོགས་དམ་པའི་མཛད་པ་ལ་མཐའ་རྙེད་པར་མི་ནུས་ཤིང་། ཁྱད་པར་བླ་མ་དེ་རྒྱུད་ཐམས་ཅད་ཀྱི་སྡུད་པ་པོ་ལག་ན་རྡོ་རྗེའི་སྤྲུལ་པར་ཐུགས་ཀྱིས་ངེས་པ་རྙེད་ནས་ཡོངས་འཛིན་དུ་བསྟེན། ཞལ་རྣམ་འགྱུར་བཞིའི་རྗེས་གནང་། དྲག་པོ་དམར་ཆེན་གྱི་དབང་། མགོན་པོ་ཨ་གྷོ་ར། འཛམ་ལ་དམར་པོའི་རྗེས་གནང་། མགོན་པོ་ར་ཐོད། ཀླུ་སྲུང་། དབྱུ་གུ་སྤུན་གསུམ། ཧྲི་དམར། རྣམ་སྲས་མདུང་དམར་གྱི་ལས་ཚོགས། ཀུན་མཁྱེན་མུ་སྤྲས་པ་ལུགས་ཀྱི་ཞལ་གྱི་ཆོས་སྐོར། གཞན་ཡང་མ་གཤིན་སོགས། བདག་པོ་རིན་པོ་ཆེ་


GLG008_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྗེ་འབྲི་ཁུང་གཉིས་ནས་བརྒྱུད་པའི་ཆོས་བཀའ་མཐའ་ཡས་པ་གསན། ཕྱིས་ཀྱང་རྒྱལ་བ་ཀུན་གྱི་མཐུ་སྟོབས་ཀྱི་དབང་ཕྱུག་ཡིན་ཞེས་བསྔགས་བརྗོད་མང་དུ་གནང་། གཞན་ཡང་གུང་རུ་དབྱངས་དཔོན་པ་དཔལ་ལྡན་གྲགས་ཞེས། བདག་པོ་ཡབ་སྲས། ཆོས་རྗེ་དྭངས་མ་བ། ཡུག་ནས་སོགས་བླ་མ་མང་དུ་བསྟེན་ནས། ཆོས་ཚིགས་བཅད་རེའི་ཕྱིར་དཀའ་བ་མང་དུ་སྤྱད་པའི་གསང་སྔགས་འཆང་བ་དེ་ཉིད་རྒྱུན་བཞུགས་ས་ར་རྩེར་མཛད་པའི་སྟབས་ཀྱིས་འཕྲལ་འཕྲལ་བླ་བྲང་དུ་བྱོན་ནས་ཆོས་ཀྱི་གསན་གླེང་ཇི་སྙེད་ཅིག་མཛད་དོ། །ཡང་ཟབ་ནོར་བུ་དབང་གི་རྒྱལ་པོ་ཆེ། ཁྱོད་ཐུགས་བཻཌཱུར་དཀར་པོའི་དཔལ་བེའི་མཛོད། །ཡོངས་གང་མི་ཟད་ཐེག་མཆོག་འདོད་དགུའི་ཆར། །སྐུ་གསུམ་དཔག་བསམ་ལྗོན་འབྲས་དང་བའི་དཔྱིད། །ཇོ་ནང་སྤྲུལ་སྐུ་ཀུན་དགའ་སྙིང་པོ་ཤུན་ཞབས་དྲུང་སོགས་ཀྱིས་གདན་དྲངས་ནས་དབུས་སུ་ཕེབས་དུས་དགའ་ལྡན་ཁང་གསར་དུ་བཞུགས་འདུག་པར། བཀའ་འབྲེལ་མང་དུ་གསན་བཞེད་ནས་ཕེབས་ཀྱང་ཐུགས་བྲེལ་གྱི་སྟབས་ནས་མཇལ་ཁ་དང་ཆོས་འབྲེལ་ཡོད་ཙམ་ལས་མ་འགྲུབ། དཔལ་ས་སྐྱའི་ཁྲི་ཆེན་བསོད་ནམས་དབང་པོ་ལྷ་སར་ཕེབས་སྐབས། ས་སྐྱའི་སྙན་རྒྱུད་སོགས་ཟབ་ཆོས་མང་ཞིག་གསན་པར་བཞེད་ནས་ཉན་ལེན་ཞིག་གནང་ཡང་། ཁོང་དཔོན་སློབ་མྱུར་སྟབས་ཀྱིས་ཕེབས་པས་སྟབས་མ་འགྲིག །ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་ཐེག་ཆེན་གླིང་དུ་བཞུགས་དུས་ཤིག །བདག་པོ་དབོན་རིན་པོ་ཆེ་ཕེབས། རྗེ་འདིས་དབྱངས་དཔོན་པ་བརྒྱུད་ནས། བྱེས་བླ་བྲང་དུ་ཞག་ཤས་ཀྱི་བཞུགས་ཡུལ་དང་། རྟ་མགྲིན་ཁང་གི་ཕུར་མཇལ་སོགས་


GLG008_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

གནང་། འདོད་ཆོས་ཅི་རིགས་ཀྱི་སྙན་གསན་ཕུལ་བས། །ཐུགས་དགྱེས་དགྱེས་དང་བཅས་ཞལ་བཞེས་མཛད་ཀྱང་། བྱང་འགྲུལ་ཚན་ཆེན་སླེབ་པ་དང་འགྲིག །ཐམས་ཅད་མཁྱེན་པ་འབྲས་སྤུངས་སུ་ཕེབས། ཁོང་དཔོན་སློབ་ཀྱང་འབྲས་སྤུངས་ནས་རྫོང་བརྡ་བྱེད་ཅེས་འཕྲལ་འབྱོན་དགོས་བྱུང་བས་དེ་རེས་འགྱངས་སོ། །བཤེས་གཉེན་བསྟེན་ལ་བརྩོན་པའི་མཛད་པ་ལ། །སྐབས་འགར་རྟེན་འབྲེལ་ཅུང་ཟད་མ་འཛོལ་ན། །ཡོངས་འཛིན་ཕྱོགས་ལ་དད་དུངས་མེད་པའི་མིས། །མ་ཎིའི་བཟླས་ལུང་ཙམ་ཡང་ཐོབ་མི་འགྱུར། །ཉོན་མོངས་སྤངས་ཀྱང་ཆོས་ལ་སྲེད་པ་འཕེལ། །སྡོམ་ཁྲིམས་དག་ཀྱང་ཟབ་དོན་མ་བྱིན་ལེན། །ཞི་ཞིང་དུལ་ཡང་བག་མེད་དགྲ་ལ་སྡང་། །ཐོས་ནོར་མང་ཡང་ཆོག་ཤེས་ངོམས་པ་མེད། །སྐབས་ཤིག་གྲོང་སྨད་དུ་མི་ཞིག་ལ་གདོན་ཤིན་ཏུ་ཆེ་བ་ཞིག་བཏབ་བྱུང་ཟེར་ནས་ནམ་ཕྱེད་ཙམ་ན་གདན་འདྲེན་པ་བྱུང་བས། དོ་ནུབ་མུན་པའི་སྟབས་ཀྱིས་ཡོང་མི་ཐུབ་པར་འདུག །རྟ་སྒ་ཐོད་ལ་ཁ་གྲོང་སྨད་ཕྱོགས་སུ་ཐོང་ལ་ཞོག །ཁྱོད་རང་ལོག་གསུང་གདན་འདྲེན་པ་སློག་པས་མི་དེ་ཕྱིར་སླེབ་ཙ་ན་ནད་པ་དྲག་འདུག་ཟེར། དེ་ནི་དམིགས་པ་གར་གཏད་ལ་ནུས་པའི་རྩལ་འབྱིན་པའི་རྟགས་སོ། །ཆོས་འཚམས་ཚོར་བསྟན་རྩིས། འཕྲུལ་སྣང་གཙུག་ལག་ཁང་གི་དཀར་ཆག །གསང་འདུས་སྨོན་ལམ། ས་གསུམ་མ། ཇ་མཆོད་ཀྱི་ཊཱི་ཀ །རབ་གནས་ཀྱི་དོགས་དཔྱོད་སོགས་ལེགས་བཤད་ཀྱི་ཐུགས་རྩོམ་མང་དུ་གནང་བར་ཁམས་ནས་བ་སོ་སྤྲུལ་སྐུ་དང་ཤེས་དབང་སྤྲུལ་སྐུ་སོགས་རིམ་གྱིས་བྱོན། བྱེས་གྲྭ་ཚང་དུ་སློབ་གཉེར་མཛད་སྐབས་


GLG008_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་སྲེག་ཞིག་གི་སར། རྟ་ཚག་རྗེ་དྲུང་ཆེད་གཉེར་གྱིས་འབོད་པ་གནང་། ཁོང་གིས་ཕྱག་ལེན་ལ་མ་བལྟས་པར་མནལ་བས། རྗེ་ཉིད་ཐུགས་རྒྱལ་བཞེངས་ཏེ། ང་སྦྱིན་སྲེག་མགོ་མ་ཐོན་པར་ཁྱེད་བོས་པ་མིན། ཁྱེད་རང་ལ་རྗེས་སུ་ཕན་དུ་རེ་བ་ཡིན་ཞེས་བཀའ་བཀྱོན་གསུང་། དེ་ཙམ་གྱིས་ཀྱང་གཟུར་གནས་ཀྱི་སློབ་མའི་རིགས་ལ་མི་དགེ་བའི་རྟོག་པ་བྱུང་རེས་ཀྱིས་བཀའ་དེ་དྲན་ནས་ཟིལ་ཆུམ་པ་རེ་འོང་རིགས་སུ་འདུག །ཤེས་དབང་སྤྲུལ་སྐུ་དང་ལྷན་དུ་ལྷ་སར་རྡོ་རྗེ་འཛིན་པ་ཆེན་པོ་པཎ་ཆེན་རིན་པོ་ཆེའི་སྐུ་གཞོགས་སུ་བ་རི་བརྒྱ་རྩ་ཡོངས་སུ་རྫོགས་པ་གསན། བྱེས་གྲྭ་ཁང་གི་ལོགས་བྲིས་གནང་དུས། པདྨ་ཡང་གསང་བཀའ་སྲུང་དང་བཅས་པའི་སྟབས་ཀྱིས་གཉན་པས། འབྲོམ་སྟོད་སྔགས་འཆང་གིས་རི་མོ་བའི་གཙོ་བོ་བྱས། རྗེ་ཉིད་ཀྱིས་སྐུ་བརྙན་རྣམས་ལ་ཡེ་ཤེས་སེམས་དཔའ་དངོས་སུ་བཅུག་ཅིང་། ཁྱད་པར་ཐིག་དང་སྐྱ་རིས་ལ་རབ་གནས་མཛད་པ་ཙམ་གྱིས་མཆོད་མེ་འཛིན་པ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་ཞིང་གེགས་མེད་པར་གྲུབ། ཕྱིས་སྐོར་ལོགས་བྲིས་བྱས་པ་རྣམས་ལ་དྲང་སྲོང་གི་གནོད་པ་སོགས་བྱུང་ཟེར། སྐབས་ཤིག་གཞིས་ཀ་སྣེའུར་རྗེ་འདི་པ་ཕེབས། རབ་གསལ་སྒོ་མངས་བསྒྲིགས་པའི་ཐེམ་པ་ཡོད་སར་བཞུགས་པར། གསོལ་ཇ་འདྲེན་མཁན་ལ་ཁྱེད་རྐང་པ་ཐེམ་པའི་ཁར་ཞོག་མཛོད་ཐེམ་པས་མཚམས་ཆོད་ན་བྱིན་ལེགས་མི་ཆགས་ཞེས་བཅས་པ་ཕྲ་མོར་ཡང་འཛེམ་པ་གནང་། ཕྱིས་སྐུ་གཞོགས་སུ་བསྡད་སྐབས་ཀྱང་སྡོམ་པ་གསུམ་གྱི་བཅས་པ་དང་འགལ་བའི་མཛད་པ་མངོན་པ་ནི་ཅུང་ཟད་ཀྱང་མ་མཆིས་སོ། །འདི་དུས་གསར་འགྲུལ་


GLG008_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་སླེབ་ཅིང་། རྨ་ཆེན་སྤོང་རའི་འགུལ་གྱི་ཁྲབ་ཅེས་བྱ་བའི་ས་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་པ་དགེ་སློང་ཤཱཀྱ་རྒྱལ་མཚན་གྱིས་དབུས་སུ་འོང་བ་ལ་བར་ཆད་མེད་པར་འགྲུབ་པའི་དོན་དུ་ཟླ་བ་གསུམ་མཚམས་བཅད་དེ་ལྷ་ལ་གསོལ་བ་བཏབ་པས། མཚམས་འགྲོལ་ཁར་ད་ཆ་མྱུར་དུ་འགྲུལ་ཚན་མང་བར་འགྱོགས། ཁྱོད་བར་ཆད་མེད་པར་བྱམས་ཆེན་ཆོས་རྗེའི་སྐུ་སྐྱེ་དང་མཇལ། དོན་འགྲུབ་ཅེས་ལུང་བསྟན་པ་དང་། གཉིད་སད་པ་དུས་མཚུངས་སུ་བྱུང་། དེ་འཕྲལ་གསར་བརྡ་བྱུང་བས་ཡིད་ཆེས་ཏེ་ཐེ་ཚོམ་མེད་པར་འོངས། འདམ་དང་སེར་འབྲས་ཚོར་གྲྭ་པ་རྣམས་ལ། བླ་མ་འདི་དང་འདི་བྱམས་ཆེན་ཆོས་རྗེའི་སྐུ་སྐྱེ་ཨེ་ཡིན་ཞེས་དྲིས་པས། སྒྲོས་པ་མེད་ཟེར། སྔར་ལུང་བསྟན་ཡོད་པ་མི་བསླུ་ལ་ཆེ་སྙམ་པའི་ངང་ནས་སེ་རའི་མང་ཇ་སྐོལ་བའི་དུང་གཏོང་ཁར་རྨི་ལམ་དུ། ད་ནང་ཁྱོད་ཀྱི་བླ་མ་བྱམས་ཆེན་ཆོས་རྗེའི་སྐུ་སྐྱེ་དེདང་མཇལ་ཡོང་བས་སེམས་དགའ་བར་གྱིས་ཟེར། སྤོས་བསྐོར་ལ་ཡོངས་པ་དང་། རྗེ་འདི་པ་མཐོང་མ་ཐག་རྨི་ལམ་དུ་བྱུང་བ་དང་ཁྱད་མི་འདུག་ཟེར་རབ་ཏུ་དགའ་བའི་རྣམ་འགྱུར་དང་བཅས་འཕྲལ་འཕྲལ་འོངས་ནས་ཆོས་དུ་མ་དང་། བསྙན་རྫོགས་ཀྱི་སློབ་དཔོན་ཞུས་སོ། །ལྷ་ལྡན་གྱི་ཚེས་བཅུ་པ་ཁག་ལ་བླ་མའི་དབང་གནང་བས་དམ་རྫས་ཀ་པཱ་ལའི་ནང་ནས་ཁོལ་ཞིང་ལུད། དབུས་གཙང་དང་མདོ་སྟོད། མདོ་སྨད། རྒྱ་ཧོར་སོགས་སྐྱེ་དགུ་མང་པོར་གསང་བདེ་འཇིགས་གསུམ་སོགས་འདོད་ཆོས་ཇི་སྙེད་སྩལ། ཚལ་དང་ལྷ་ས་སོགས་སུ་ཆོས་བར་བཏེག་པས། སྤྱིར་གྲྭ་ཚང་བཟང་བ་དང་། ལྷག་ཏུ་རྗེ་ཉིད་ཀྱི་ཐུགས་


GLG008_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་མཐུས། ལུགས་གཉིས་ཀའི་གདུལ་བྱ་འཕྲིན་ལས་ས་འུར་ལ་སོང་། སྐབས་ཤིག་སྟོད་རྒྱུད་པ་དང་ལྷན་དུ་ལྷ་སར་འཛོམ་པར། འདི་ཕྱི་གཉིས་ཀའི་སྐྱབས་གནས་ཞུ་བའི་ཕྱིར་དུ་ཕོགས་ཇ་ཚུལ་འབུལ་ནོད་སོགས་བྱས་པ་བཟང་བར་བྱུང་བས། འགའ་ཞིག་མདོ་ལས་སྔགས་སྡེ་རྐྱེན་སེལ་ཡར་འདྲེན་གང་ལ་ཡང་། འཇིག་རྟེན་པ་རྣམས་མོས་པར་བྱེད་ནའང་། ད་རེས་རྒྱུད་པ་དང་བྱེས་པ་གོ་ལོག་པ་འདི་ཅི་ཡིན་ཞེས་མང་དུ་གླེང་། ལ་ལ་བྱེས་པའི་བླ་མ་ཡོན་བདག་རབ་འབྱམས་པ་འདིས་དབང་སྡུད་བཞིན་བྱས་སམ་ཞེས་ཟེར་བ་ཡང་བྱུང་མོད། བླ་མ་འདི་ཉིད་ཀྱིས་དབང་སྡུད་སོགས་ལས་རབ་འབྱམས་ཀྱང་ཇི་སྙེད་ཅིག་མཁྱེན་པའི་ཀློང་དུ་གསལ་ཡང་། གནས་སྐབས་ཀྱི་ཟང་ཟིང་ཕྲ་མོའི་ཆེད་དུ་ལས་སྦྱོར་གནང་བའི་ཐུགས་འདུན་ཙམ་ཡང་ག་ལ་མཆིས། དེ་ནི་སྔོན་ཕོ་བྲང་སྣེའུ་གདོང་རྩེར་རྒྱལ་བ་ཙོང་ཁ་པ་ཕེབས་དུས་འཕྲིན་ལས་ཧ་ཅང་ཆེ་བས། མཁན་ཆེན་སེང་རྒྱལ་བའི་ཐུགས་ལ་དབང་སྡུད་རང་ཞིག་ཡོད་སྙམ་ནས། བཞུགས་གྲལ་དུ་དེ་སྐོར་གྱི་དྲི་བ་ཞུས་པར། རྒྱལ་བ་གཉིས་པས་རྒྱུད་ནས་བཤད་ཚུལ་མང་པོ་ཞིག་གསུངས་རྗེས། དབང་སྡུད་ཀྱི་གཙོ་བོ་ནི་བྱང་ཆུབ་ཀྱི་སེམས་ཡིན་བཀའ་ཕེབས་པར་གྲགས་པ་ལྟར། རྗེ་འདི་ཉིད་ཀྱི་ཡང་ལྷག་པའི་བསམ་པ་རྣམ་པར་དག་པའི་མཐུའོ་སྙམ་མོ། །དཔྱིད་དུས་ས་བོན་མ་བཏབ་སྟོན་གྱི་ཚེ། །འབྲས་བུའི་ལོངས་སྤྱོད་འདོད་པའི་སྐྱེ་བོ་བཞིན། །རླབས་ཆེན་སྦྱིན་པའི་སྐྱེད་བྱེད་མི་ལྡན་པར། །ཟང་ཟིང་ལོངས་སྤྱོད་འདོད་པ་འཁྲུལ་པའི་མཚང་། །ལེགས་བྱས་ཕུང་པོའི་ཆུ་ཡི་ལྕིད་ཀྱིས་ནོན། །མཁས་གྲུབ་སྒྲ་བརྒྱ་ལྷག་


GLG008_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གློག་འཁྱུག་ཚེ། །རྣམ་མང་བདོག་པའི་གྲུ་ཆར་འབེབས་མི་འབེབས། སྐྱེ་དགུའི་ནམ་མཁར་རང་དབང་ཇི་ལྟར་ཡོད། །ཆོས་ཚུགས་པའི་སྐབས་དང་། གཞན་དུ་ཡང་ཕྱོགས་མཐའི་དགེ་བཤེས་དུ་མ་སྐུ་གཞོགས་སུ་འདུས་ཏེ་དཀའ་གནད་ཀྱི་དོགས་གཅོད་དྲི་ལན་མཐའ་དཔྱོད་སོགས་གནང་ཚེ། སྐུ་ཚེ་ཧྲིལ་པོར། རྒྱ་གར་གྱི་རྒྱན་དྲུག་མཆོག་གཉིས་རྗེས་འབྲང་བཅས་པ་དང་། བོད་ཡུལ་གྱི་ཆ་གཙང་སོགས་ཀྱི་བསྟན་བཅོས་ཁོ་ན་ལ་སྦྱངས་པ་མཛད་པ་ཞིག་ཡིན་པར་འདུག་སྙམ་པའི་མཚན་ཉིད་པ་མཐའ་དག་གིས་སྟོན་པར་འཛིན། རྒྱུད་སྟོད་སྨད་ཀྱི་མཁས་པ་རྣམས་འདུས་ཏེ་རྒྱུད་སྡེ་བཞིའི་སྐོར་ལ་རྒྱལ་བ་གཉིས་པའི་གསུང་རབ་དང་བསྟུན་པའི་གཟབས་བཤད་ཀྱིས་གསང་སྔགས་ཁོ་ན་ལ་སྦྱངས་ཤིང་མཁས་པ་ཞིག་ཡིན་པར་འདུག་སྙམ་པའི་རྟོག་པ་དང་བཅས་ཏེ་རྡོ་རྗེ་སློབ་དཔོན་ཆེན་པོར་བྱེད། རང་གཞན་གྱི་སྒོམ་ཆེན་དབུ་མ། ཕྱག་རྫོགས། ཞི་བྱེད། གཅོད་ཡུལ་བ་སོགས་དུ་མ་དྲུང་དུ་འདུ་བ་རྣམས་སོ་སོའི་གེགས་སེལ་བོགས་འདོན་དཔྱིས་ཕྱིན་པར་མཛད་པས། ཚེ་དང་སྒྲུབ་པ་མཉམ་པའི་རྟོགས་པའི་དོན་མངོན་དུ་གྱུར་པ་ཞིག་ཡིན་པར་འཛིན། སྒྲུབ་འཕྲིན་ཕྱག་བཞེས་དོན་དུ་གཉེར་བ་རྣམས་ནི་ལག་ལེན་གྱི་དཀའ་གནད་ཕྲ་མོ་རྣམས་ཀྱང་འཛུབ་བཙུགས་སུ་སྟོན་པས། ར་ལོ་ཙཱ་བ་རྡོ་རྗེ་གྲགས་དང་། བསེ་སྟོན་ཉི་མ་བཟང་པོ་ལྟ་བུའི་རིགས་སྔགས་འཆང་བ་དང་མཚུངས་པར་ལྟ། བརྡ་སྤྲོད་སྙན་ངག་སོགས་ཐ་སྙད་རིག་པ་བ་རྣམས་ལ་འཕགས་ཡུལ་གྱི་ཙནྡྲ་གོ་མི་དང་། བོད་ཡུལ་གྱི་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་ལྟ་བུའི་རྣམ་ཐར་སྟོན། མདོར་ན་ཆོས་གང་དང་གང་ལ་ཡང་


GLG008_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

འདི་མཁྱེན་ཅེས་བྱ་བ་མ་གཏོགས་མི་འབྱུང་པས། ཤེས་བྱ་ཐམས་ཅད་མཁྱེན་པ་ཞེས་བྱ་བའི་སྒྲ་བཤད་ནི་བླ་མ་འདི་ཉིད་ལ་ཚང་བར་མངོན་ནོ། །ཨེ་ནས་སྲིད་སྒྲུབ་གཉིས་པ་འདྲ་བའི་བོན་རྩིས་པ་སློབ་དཔོན་ནོར་བུ་དང་གཉལ་པ་སྔགས་འཆང་བ་གཉིས་སྐུ་གཞོགས་སུ་བསྡད་ནས། རྩིས་དང་ཡི་གེའི་སྐོར་སོགས་ཞལ་བཀོད་གནང་སྟེ། དབྱངས་གསལ་ཀླག་ཐབས་ཀྱི་རིའུ་མིག །རྡོ་རྗེ་རྣམ་འཇོམས་ཀྱི་སྔགས་འཁོར་སོགས་བྲིས་རིམ་གྱིས་ཞུས་དག་དང་། རྩིས་དཀར་ནག་གི་ཕྱག་དཔེ་རྣམས་ལ་ཡང་དག་ཐེར་གནང་། འཆད་ཉན་འཕེལ་བའི་སྟབས་ཀྱིས་ཕྱིས་སྐོར་གྲྭ་ཚང་གི་སློབ་དཔོན་དུ་འཁོད་པའི་རབ་འབྱམས་པ་བྱམས་པ་སྨོན་ལམ། རབ་འབྱམས་པ་འཕྲིན་ལས་བསམ་གྲུབ། རོང་པ་རབ་འབྱམས་པ་བསོད་ནམས་བཀྲ་ཤིས། རྩེས་ཐང་རབ་འབྱམས་པ། གསང་སྔགས་མཁར་གྱི་གཞི་པ་བླ་མ་ངག་དབང་རྡོ་རྗེ་སོགས་དགེ་བཤེས་གྲངས་ཀྱིས་མི་ལང་བ་ལྟ་བུ་བྱུང་། འོན་ཀྱང་རོང་པ་རབ་འབྱམས་པ་སོགས་དྲེད་པོ་ཆོས་རྒྱུས་མཁན་དུ་མ་དང་། ཚ་བ་དགེ་རྒན་སོགས་ཅི་རིགས་ཀྱིས་རང་རྒྱུད་ཉོན་མོངས་ཁ་རྒྱལ་དུ་ཤོར་བའི་བྱེད་སྤྱོད་དང་མ་མཐུན་པ་རྟགས་སུ་བཀོད་ནས་བླ་མའི་མཛད་པ་ཐམས་ཅད་ལ་ལོག་པར་བལྟས། ཐུགས་སུན་མང་དུ་ཕྱུང་། དེ་ནི་སྔོན་ཡང་ལོ་ཙཱ་བ་སྐ་བ་དཔལ་རྩེགས་སུ་འཁྲུངས་ཚེ། རྒྱ་གར་ནས་པཎ་ཆེན་བ་མ་ལ་མི་ཏྲ་གདན་དྲངས་ཏེ་བསམ་ཡས་སུ་བྱོན་ནས། བཙན་པོ་མཉེས་སུ་རེ་བར། སྡིག་བློན་འགའ་ཞིག་གིས་རྒྱལ་པོར། ལོ་ཙཱ་བས་ཁྲིད་ཡོངས་པ་དེ་པིཎྜ་ཏ་གཤའ་མ་མིན་པར་འདུག །བོད་ཕུང་བའི་ངན་སྔགས་མཁན་པོ་ཡིན་ཟེར་ཕྲ་མ་


GLG008_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་ནས་རེ་ཞིག་པཎ་ཆེན་དང་རྒྱལ་པོ་མཇལ་བའི་གེགས་བྱས། ལོ་ཙཱ་བ་བཞིན་གནགས་སུ་བཅུག་པས། དེ་དུས་གནོད་པ་བྱས་པའི་འཕྲོ་ལུས་པའི་ལྷག་ལ་སྤྱོད་ཕྱིར་སྐྱེ་བ་བླངས་པར་གདོན་མི་ཟའོ། །སྤྲིན་བྲལ་འབྲས་ལྡན་དུས་ཀྱི་ལྷ་ལམ་ངོས། །རྟ་བདུན་དབང་པོའི་དཀྱིལ་འཁོར་ཤར་བ་དེས། །ཨུཏྤལ་ནགས་ཀླུང་རྒྱས་པར་བྱེད་པ་ལ། །དཔག་ཚད་དུ་མས་འགྱངས་པར་བལྟོས་པ་ཅི། །བོད་དང་བོད་ཆེན་རྒྱ་ཧོར་ཡུལ་གྲུ་ནས། །མཆོག་དམན་འགྲོ་བའི་ཡིད་ཀྱི་གཉིས་འཐུང་སྣར། །རྣམ་པར་ཐར་པའི་ལྕགས་ཀྱུ་འདེབས་པ་པོ། །མེད་ཀྱང་བཏབ་པ་བཞིན་དུ་ངང་གིས་འདུ། །རྒྱུ་མཚན་མེད་པར་ཆུ་ཀླུང་ཆེན་པོའི་ཚོགས། །རྒྱུན་ཆད་མེད་པར་འབབ་ན་སེམས་ལྡན་ཀུན། །བསྟེན་པས་ཐར་པའི་གོ་སར་འཁྲིད་བྱེད་པའི། །དམ་པའི་རྗེས་སུ་འཇུག་ལ་ཅིས་མི་བྲེལ། །ཟས་གཙང་སྲས་དང་མཚོ་སྐྱེས་རྡོ་རྗེར་ཡང་། །མུ་སྟེགས་བོན་བློན་ངན་པས་གཤེ་བྱེད་ན། །དུས་ངན་འདི་ན་རྒྱལ་སྲས་སྤྱོད་པ་ལ། །བདུད་རིགས་སྡང་བ་རང་གི་ངང་ཚུལ་ཡིན། །སྲ་བརྟན་བཟོད་པའི་གོ་ཆ་དང་། །སྙིང་རྗེའི་རལ་གྲི་རྣོན་པོ་ཡིས། །ཞེ་སྡང་དགྲ་བོ་གཞོམ་བྱེད་པ། །ཁྱོད་ལ་སུ་ཡིས་ཅི་བྱར་ཡོད། །དེ་ནས་མཁྱེན་དཔྱོད་ཀྱིས་ཕྱིའི་དུས་རྟགས་འགྱུར་བ་སོགས་དགོངས་ཤིང་། །ཐུན་མོང་བའི་གདུལ་བྱའི་ངོར་མོ་རྩིས་གནང་བ་ལྟར་སྟོན་ཡང་། དོན་དངོས་པོར་མངོན་པར་མཁྱེན་པ་ཉིད་ཀྱིས་དུས་མི་བདེ་བ་འོང་བར་དགོངས་ཏེ། རི་ཁྲོད་དུ་ཐེགས་རྩིས་ཀྱིས་གདན་ས་རྩིས་སྤྲོད་པར་ཐུག་པ་ན། འགའ་ཞིག་ནི་བསྟན་པའི་དོན་དུ་ཞེ་ཐག་པ་དང་། ཁ་ཅིག་ནི་མཛེས་


GLG008_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་དང་། ལ་ལ་ནི་འཇིག་རྟེན་མི་མཁྱེན་པ་ལ་མཛད་དགོས་པར་ཉེ་བའི་མནད་མནད་ཀྱི་སྒོ་ནས་གསོལ་བ་བཏབ། རྟ་ལོའི་བར་འཆད་ཉན་གྱི་འཕྲོ་སྐྱོང་གནང་དགོས་བྱུང་། མེ་སྦྲུལ་མཇུག་ཏུ་ཁར་ཁ་ཚེ་ཁུར་དཔོན་པོ་སོགས་དམག་དང་འགྲུལ་པ་གཏོས་ཤིན་ཏུ་ཆེ་བ་སླེབ། དེ་སྐབས་འཇིག་རྟེན་གྲགས་པའི་རྗེས་སུ་འབྲང་བ་མང་པོ་ཞིག་སྡེ་གཟར་གྱི་འདོད་པ་མངོན་དུ་གྱུར། རྗེ་འདི་ཉིད་ནི། སྤྱིར་ཡང་སེར་དམག་མི་འོས་ཤིང་། ཁྱད་པར་དབྱངས་འཆར་སོགས་ནས་ཀྱང་དོན་དུ་མི་འགྱུར་བ་ཞིག་གཟིགས། དེ་ཡང་སྔོན་འཕགས་སྐྱེས་པོས་ཤཱཀྱ་བདུན་ཁྲི་བདུན་སྟོང་བསད་པ་རྒྱལ་བ་ཤཱཀྱ་ཐུབ་པས་ཀྱང་བཏང་སྙོམས་སུ་གཞོལ་བ་ལས་ཐབས་མ་བྱུང་བ་ལྟར། སེམས་ཅན་གྱི་ལས་ཀྱི་འབྲས་བུ་མངོན་དུ་གྲུབ་ཟིན་པ་རྒྱལ་བ་རྣམས་ཀྱིས་ཀྱང་ཟློག་མི་ནུས་པས། དཔོན་སློབ་པཎ་ཆེན་རིན་པོ་ཆེས་ཀྱང་ཐུགས་དབང་འདུས་པའི་ངེས་པ་མི་འདུག་ནའང་། འགལ་བ་མེད་པར་དགོངས་ཏེ་འབྲས་སྤུངས་སུ་ཕེབས་ནས། དུས་རྟགས་རྟེན་འབྲེལ་སོགས་ཀྱི་སྙན་འབུལ་ཞུས། ས་རྟ་ལྷ་ས་སྨོན་ལམ་གྱི་སྲོད་སྐོར་ཞིག་གི་སྐབས་ཕན་བདེ་ལེགས་བཤད་གླིང་གི་སློབ་དཔོན་པ་རྟའུ་རི་ཁྲོད་པ་ཕུན་ཚོགས་བཟང་པོ་དང་མཉམ་དུ་བྱུང་བས་གསུང་འཕྲོས་ཞིག་གི་མུས། ཁོང་གི་ངེད་ཚོ་ད་ལོ་པཎ་ཆེན་རིན་པོ་ཆེའི་ཕྱགས་ཕྱིར་མངའ་རིས་ལ་འགྲོ་རྒྱུ་ཡིན་ཞེས་ཟེར་བས། ཁྱེད་རྣམས་བསོད་ནམས་ཤིན་ཏུ་ཆེ། ད་ལོ་ངེད་འདི་ཕྱོགས་སུ་སྡོད་མི་རྣམས་ནི་ཆགས་སྒོ་རང་ཆེ་གསུང་། དེ་ནས་རིམ་གྱིས་སྡེ་གཟར་གྱི་སྒོ་དོད་དེ། དགའ་ལྡན་ཕོ་བྲང་སོགས་ནས་བཤོལ་བ་འགབ་ཚུལ་མཛད་ཀྱང་། གཙང་སྲིད་ལ་འཕུལ་བས་མཐོང་ཕྱོགས་ཀྱིས་ཉན་འཇོག་མ་བྱས། དེ་མཚུངས་


GLG008_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་འདི་པས་ཆོས་མཐུན་གྱི་བཀའ་ཕེབས་པར། སྤྲེ་རྒན་རྣམས་ཀྱིས་མི་བཟུང་ནས། །མཇུག་མ་མེད་ཅེས་བཞད་གད་བྱེད། །ཅེས་པ་ལྟར། ཐམས་ཅད་ཀྱི་བློ་ལ་མ་བབས་པའི་གྲོས་པའི་དཀྱིལ་ནས་སྐྱར་ཕུད་ལ་བཏང་བས་འཆད་ཉན་འཇོག་རྩིས་ཀྱིས་སྐུ་ཆས་རྣམས་འགའ་རུ་ཁང་དུ་བསྐྱལ། སྐུ་དངོས་བླ་བྲང་ནས་ཕེབས་མ་གྲུབ་གོང་དུ། ལྷ་སའི་གཡུལ་འཁྲུག་སྐབས་ཚང་མས་མ་བཞག་པས་ལྷ་སར་ཕེབས། སྲོག་སྐྱབས་འདྲ་ཨེ་འོང་གི་རྩིས་གནང་ཡང་། ཚུར་མཐོང་གི་སྐྱེ་བོ་ཞེ་སྡང་གི་རང་བཞིན་ཅན་རྣམས་སྲོག་གཅོད་པ་ཁོ་ན་ལ་དགའ་བས་ཐུགས་བཞེད་དང་མཐུན་པ་ཆེར་མ་བྱུང་། སྤྱིར་ཡང་སྙིགས་མ་ལྔ་བདོ་བས་འཁྲུག་ལོང་མི་བཟད་པ་འདི་ལྟ་བུ་དང་། ཁྱད་པར་སེར་དམག་ཏུ་མིང་བཏགས་པས་བསྟན་པ་འགྲིབ་ཅིང་འགྲོ་བའི་ཕན་བདེ་ལ་ཆེས་གནོད་པའི་དུས་ངན་འདི་ལྟ་བུ་སྙམ་དུ་ཐུགས་སྐྱོ་བ་དང་སྙིང་རྗེ་ཕན་ཚུན་འགྲན་པ་བཞིན་དུ་གྱུར་བའི་ངང་ནས་སེ་རར་ཕེབས། ཧོར་ཟླ་བདུན་པའི་ནང་དུ་བརླིང་ལོག་བྱུང་སྟེ། སེར་འབྲས་ཕལ་ཆེར་སྟག་ལུང་ཚོར་བཏེག་སྐབས། རྗེ་འདི་པ་རིམ་གྱིས་སོག་ཡུལ་ལ་ཐེགས་དགོས་པ་བྱུང་དོགས་ནས་ཡེར་པར་བཞུགས། ཕྱིས་འདི་སྐོར་གྱི་གསུང་འཕྲོས་བྱུང་དུས། བཙུན་པས་ཆོས་མིན་གྱི་ལས་བྱས་པ་ལ་དཀོན་མཆོག་གི་བཀའ་ཆད་ཡིན་གསུང་། དཔོན་ས་སྟག་ལུང་མའི་གཉེར་པས། ཡེར་པར་གཙང་པས་ཉུལ་མི་བཏང་དོགས་ནས། དཔོན་སློབ་རྣམས་ནང་དུ་བཞུགས་སུ་བཅུག །ཕྱི་ནས་སྒོ་ལྕགས་བརྒྱབ་ནས་མཛོད་ཡིན་པའི་ལུགས་སུ་བྱས། སྔར་ནས་ཐུགས་འདྲེས་ཡོད་པའི་ཡེར་པའི་བཙུན་པ་ཀརྨ་བརྩོན་


GLG008_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུས་ཟེར་བ་ཞིག་གིས་མི་སྣ་ལ་སྐད་ཆ་བཤད་པས་སྐུ་ཆས་རྣམས་ཤོར་རོ། །བླང་དོར་འབྱེད་ལ་མ་རིག་སྒྲིབ་གཡོགས་ཀྱིས། །བདེ་བའི་ཆེད་དུ་སྡུག་བསྔལ་རྒྱུ་སྒྲུབ་པའི། །འཁྲུལ་པའི་སྐྱེ་བོས་བསྒྲུབ་པའི་མདུན་མ་ནི། །བྱིས་པ་འཇའ་ཚོན་འཛིན་དང་ཁྱད་པར་ཅི། །མཁྲིས་ནད་ཅན་དག་གངས་རི་གསེར་མདོག་ཏུ། །སྣང་ལྟར་ལེགས་པར་བསླབས་ཀྱང་ལོག་པར་མཐོང་། །སྨིག་སྒྱུར་བསྙེགས་པས་སྐོམ་པ་སེལ་འདོད་པའི། །སྨོངས་པའི་སྐྱེ་བོ་རང་མཚང་གཞན་ལ་ངོམ། །གཞན་གྱིས་བསགས་པ་རང་གིས་མི་མྱོང་ཞེས། །གཞུང་ལུགས་མང་པོར་གསུངས་པ་ངེས་པར་བརྫུན། །བདེན་ན་སྡེ་འཁྲུག་གཞན་གྱིས་བྱས་པ་ལ། །ཁྱོད་ཉིད་ཡུལ་གཞན་འབྲོས་དེ་ཅི་ཞིག་ལགས། །དེ་ནས་སླར་སྟག་ལུང་ནས་དོ་དམ་མཛད་དོ། །དགོན་པ་ཁག་ཀྱང་སོ་སོར་རང་གནས་ཀྱི་ལུགས་ཙམ་བྱུང་སྐབས། རྗེ་འདི་ཉིད་ཀྱང་ཞབས་ཐང་ལ་ཡེར་པ་ནས་གད་ཁ་ས་བརྒྱུད་དེ་སེ་རར་ཕེབས། །ཞོགས་གཅིག་ཚོགས་སུ་མང་ཇར་ཕེབས་པས། གྲྭ་པ་རྣམས་སྒོ་སོགས་ཇི་བཞིན་མེད་པ་ལ་དཔགས། ཆས་ཀ་ཕྲན་ཚེགས་ཡོད་པ་ཁུར་ནས་འོངས་པ་དང་། སྣོད་མ་ཆག་པ་གཡོར་ས་མ་རྙེད་པས། །ཐུགས་ལ། བསྟན་པའི་སྙིང་པོ་ནི་རྒྱལ་བ་ཙོང་ཁ་བའི་རིང་ལུགས་ཡིན། དེ་ཡང་དུས་དབང་གིས་འདི་ལྟ་བུར་གྱུར་འགྲོ་བ་དགོངས་ཐུགས་ཤིན་ཏུ་ངལ་བ་བྱུང་། དེ་ནས་ཕྱག་དཔེ་འཐོར་བ་རྣམས་འགའ་རུ་ཁང་དུ་བླངས་ཏེ་སྒྲིག་པ་གནང་ཡང་། བར་དེར་སྲང་མདོ་ཆེར་བླུག་པའི་ཤུལ་གྱི་ཆར་ལྷགས་ཀྱིས་ཆུད་ཟོས་པ་དང་། དམག་མི་འགའ་ཞིག་གིས་དཔེ་ཆའི་སྟེང་དུ་དུད་འགྲོ་བསད་བའི་ཁྲག་


GLG008_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྦགས་པ་སོགས་ཤིན་ཏུ་མ་རུངས་པར་གྱུར་འདུག་པས། ཐུགས་བེད་སྤྱོད་ཐུབ་ཙམ་ཡན་ཆད་གླེགས་བམ་དུ་མཛད། དེ་ཕྱིན་ཚ་ཁང་སོགས་འོ་མི་བརྒྱལ་བའི་སར་བཞུགས་སུ་བཅུག །ཟླ་ཤས་ར་མ་རྩེར་ཞབས་ཏོག་ཞུས་ནས་བཞུགས། ཡེར་པར་སྐུ་ཆས་འདྲེན་པར་ཉང་བྲན་བློན་པོ་པའི་གཡག་མང་པོ་ཡོད་པ་མ་བྱུང་ཟེར་གཞིས་ཀ་སྣེའུར་བཏུགས་ནས་མི་སྣ་ཕབ། རྗེ་ཉིད་ཐུགས་རྒྱལ་བཞེངས་ཏེ་གཏོར་ཟོར་འཕངས་པས་བློན་པོ་བསོད་ནམས་གུམ་མོ། །དེ་ནས་སྒྲུབ་པ་འབའ་ཞིག་ལ་ཐུགས་གཞོལ་ཞིང་། སྒྲུབ་གནས་ཀྱང་དཔོན་ས་སྟག་ལུང་མས་ ཡེརབྲག ་གསེབ་ཏུ་བཞུགས། འཚོ་ཆས་ཀྱི་ཞབས་འདེགས་འདི་ནས་བྱེད་གསུང་བ་དང་། འགའ་ཞིག་གིས་ནི་རྒྱལ་འོལ་དང་ཨེ་དྭགས་ཕྱོགས་སུ་ཐེགས་པ་འགབ་ཟེར་བ་མང་དུ་བྱུང་ཡང་། དགོངས་པ་ལ་ཉང་བྲན་ཕ་བོང་ཁ་འདི་སྔོན་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་སྒྲུབ་པ་མཛད་པས་གྲུབ་པ་ཐོབ་སྟེ། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་དང་། དེ་རྗེས་ར་ས་འཕྲུལ་སྣང་གཙུག་ལག་ཁང་རྣམས་བཞེངས་ཏེ། བོད་ཀྱི་ཕན་བདེ་རྒྱས་པར་མཛད་ཅིང་། དེ་ནས་བཟུང་སྟེ་སད་མི་མི་བདུན་རབ་ཏུ་མ་བྱུང་ཡན། སྔགས་པ་རལ་པ་ཅན་བརྒྱ་ཙམ་དང་། མངའ་བདག་ཁྲི་རལ་ཡན་ལ་རབ་ཏུ་བྱུང་བ་བརྒྱ་ཙམ་ཕ་བོང་ཁར་བཞུགས་པས། ཆོས་ཁྲིམས་དང་རྒྱལ་ཁྲིམས་གཉིས་ཀ་དར་ལ། དེ་ནས་རྒྱལ་པོ་དར་མས་རབ་བྱུང་རྣམས་བསྐྲད་པས་བོད་འཁྲུགས་ཏེ་སིལ་བུར་སོང་། དེ་རྗེས་དབུས་གཙང་གི་མི་བཅུས་བསྟན་པ་སྤེལ་ཀྱང་། ཕ་བོང་ཁར་དགེ་འདུན་གྱི་སྡེ་མ་ཚུགས་པར་བརྟེན་


GLG008_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་བོད་འཁྲུགས་པས། རྒྱལ་ལྷ་ཁང་དང་རྭ་སྒྲེང་ལ་བརླིང་ལོག་བྱུང་། དེ་ལ་བརྟེན་ནས་དགེ་བཤེས་བྲག་དཀར་བས་ཕ་བོང་ཁར་འདུས་སྡེ་བཙུགས་པས། ལོ་མང་པོའི་བར་དུ་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ཤིན་ཏུ་ཆེ། གདན་རབས་བདུན་ཙམ་ནས་ཅུང་ཟད་འགྲིབས་པ་ལ་བརྟེན། ཧོར་དམག་བོད་དུ་ལྷགས། སླར་ས་སྐྱ་པས་རྒྱ་ནག་པོའི་བླ་མ་བྱས་ནས་ཡར་ཕེབས་དུས་ཕ་བོང་ཁར་ཞིག་གསོས་དང་། བསྟན་པ་རྒྱས་པའི་སྨོན་ལམ་མཛད་པས། ས་སྐྱ་པས་བོད་ཀྱི་བདག་པོ་མཛད་པའི་རིང་བདེ་སྐྱིད་ཆེ་ཡང་། ལོ་བདུན་ཅུ་ཙམ་ནས་སྡེ་འདི་ཅུང་ཟད་ཉམས་པས་ས་ཕག་འཁྲུགས་ཏེ་དབུས་གཙང་ཐམས་ཅད་མི་བདེ་བར་གྱུར། དེ་ནས་ཐེག་ཆེན་ཆོས་ཀྱི་རྒྱལ་པོས་ཕེབས་ནས་བསྟན་པ་རྒྱས་པའི་སྨོན་ལམ་དང་སྡེ་ཚུགས་པ་ལ་བརྟེན། ཕག་མོ་གྲུ་པའི་སྡེ་སྲིད་ཀྱིས་བོད་འདི་ལོ་ཉིས་བརྒྱ་ཙམ་བདེ་བར་བསྐྱངས། དེ་ནས་ཞབས་དྲུང་གོང་མ་ཆེན་པོའི་དུས་ལུང་བསྟན་ལྟར། བདུད་མི་སྤུན་དགུས་ཕག་ཚང་དཀྲུགས་ཏེ་བོད་ཀྱི་བདེ་སྐྱིད་བཤིག །དེ་རྗེས་ཆོས་རྗེ་བདེ་ལེགས་ཉི་མ་ཕ་བོང་ཁར་བཞུགས་པ་ནས་བཟུང་། རབ་བྱུང་བཅུ་པའི་ས་རྟ་ཡན་ལ་བོད་བདེ་བར་བྱུང་ནའང་། ལོ་དེར་དགེ་སློང་བརྒྱད་གྲྭ་ཞིག་ཡོད་པ་མ་མཐུན་པར་སོ་སོར་གྱེས་རྗེས། བོད་ཡུལ་གྱི་རྡོ་རྗེ་གདན་དུ་སྡེ་འཁྲུག་འདི་ལྟ་བུ་བྱུང་བས། སླར་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཕེལ་བ་དང་། སེམས་ཅན་གྱི་བདེ་སྐྱིད་ལ་དགོངས་ཏེ། ཕ་བོང་ཁ་བྱང་ཆུབ་ཤིང་གི་ནགས་ཁྲོད། ཡུལ་ཉི་ཤུ་རྩ་བཞིའི་ཡ་གྱལ། དེ་ཝཱི་ཀོ་ཊར་བཞུགས་པའི་ཐུགས་ཐག་བཅད། ས་མོ་ལུག་གི་ནང་དུ་ཕེབས་སོ། །ཕྱག་ན་པདྨའི་ཐུགས་རྗེའི་སྒྱུ་འཕྲུལ་གར། །


GLG008_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

བསིལ་ལྡན་རྒྱལ་པོར་ཤར་བ་སྲོང་བཙན་རྗེ། །སྒྲུབ་པའི་བསྟི་གནས་བྱང་ཆུབ་ཤིང་གི་ཁྲོད། །བོད་འབངས་ཕན་དང་བདེ་བའི་རྩ་ལག་མཆོག །གཞན་ཕན་ཁུར་འཁྱེར་སེམས་ཀྱི་མདོག་ལྔ་པས། ཁྱབ་བདག་འཁོར་ལོའི་དབང་ཕྱུག་ཉིན་མོར་བྱེད། །དབེན་གནས་འཆི་བ་མེད་པའི་ལམ་ཡངས་པོར། །དྲངས་ཚེ་གངས་ཅན་བདེ་བའི་པདྨོ་འཛུམ། །དེར་ཡང་ཐུགས་དམ་སྤྲོས་བཅས་ཀྱི་རིམ་པ་དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུས་དཀྱིལ། དཔལ་རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མ། དེ་དག་གི་བཟླས་པ་སྟོང་ཚོ་རེ་ལ་མཐའ་བརྟེན། བླ་སྒྲུབ། བསམ་གཏན་གྱི་སྦྱིན་སྲེག །ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། ལས་གཤིན། ཞལ་དམར་ནག །དམག་ཟོར་མ། རྣམ་སྲས་སོགས་ཆོས་སྐྱོང་སྐོར་གྱི་མཆོད་གཏོར། ཕྱི་གཏོར་བརྒྱ་རྩ། བསངས་མཆོད། ཉེར་ལྔ་བྱུང་རེས་ཀྱི་དཔལ་གསང་བ་འདུས་པ། གཞན་ཡང་པདྨ་ཡང་གསང་སོགས་རྒྱུད་སྡེ་ཆེ་བའི་རིགས་ཇི་སྙེད་དང་། གསོལ་འདེབས་ཆོས་སྤྱོད་ཀྱི་རིགས་ཀྱང་མང་དུ་གནང་། གཙོ་བོར་སྤྲོས་མེད་འོད་གསལ་སྣང་བཞིའི་སྐོར་ལ་ཐུགས་དམ་གྱི་མཐིལ་དུ་བསྟར། །ཐུགས་དམ་གྱི་བོགས་འདོན་དང་བསྟན་དང་འགྲོ་བ་ལ་ཕན་པ་རྒྱ་ཆེན་པོའི་ལྟས་ཡ་མཚན་པ་མང་དུ་བྱུང་ངོ་། །སྔོན་ནས་སྟོབས་བཅུའི་གོ་འཕང་གང་། །བརྙེས་ཀྱང་ཟབ་མོའི་ཉམས་ལེན་ལ། །བརྩོན་པར་མཛད་དེ་རྗེས་འཇུག་རྣམས། །ཆོས་ལ་བསྐུལ་བའི་བརྡ་རུ་ངེས། །ལྕགས་སྤྲེ་ནང་དུ་དཔོན་ས་སྟག་ལུང་མ་གཤེགས་པའི་ཡར་འདྲེན་དུ་ཕེབས། དེ་དུས་བྱང་རྩེ་ཆོས་རྗེ་ངག་དབང་ཆོས་གྲགས་འབྲོམ་གླིང་མར་གཤེགས་པའི་གདུང་དགའ་ལྡན་བྱང་


GLG008_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

རྩེར་དྲངས་པའི་ཞུགས་འབུལ་ལ་ཕེབས། རྒྱལ་བ་ཙོང་ཁ་པའི་ཕྱག་དྲིལ། ནཱ་རོའི་ཁྲུས་བུམ་གྱིས་སྣ་དྲངས་པའི་འབུལ་ནོད་རྒྱ་ཆེར་བྱུང་། དགུང་ལོ་རེ་གཅིག་པ་ལྕགས་བྱ་ལ་སྒོམ་སྡེ་ཆོས་རྗེ་རིན་ཆེན་འོད་ཟེར། ལྷ་རྩེ་དབོན་མོ་སོགས་འགྲུལ་པ་མང་དུ་འབྱོར། སྒོམ་སྡེ་ཆོས་རྗེ་དང་སྒར་པ་གྲྭ་ཚང་གི་སློབ་དཔོན་དུང་མཁན་སོགས་ཀྱིས་གསོལ་བ་བཏབ་སྟེ། འགྲེལ་པ་སྒྲོན་གསལ་གྱི་དབུ་ཚུགས་ཙམ་དང་། བདེ་མཆོག་འདོད་འཇོ། སྤྱོད་འཇུག །རྒྱལ་བ་ཙོང་ཁ་པའི་གསུང་འབུམ་ཐོར་བུ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ། འདུལ་བའི་གླེང་འབུམ་སོགས་མདོ་རྒྱུད་ཀྱི་བཤད་ལུང་དུ་མ་དང་། ཀུན་རིག་གི་དབང་། བཅུ་གཅིག་ཞལ་གྱི་དབང་། སྒྲོལ་མ་ཉེར་གཅིག །སྣར་ཐང་བརྒྱ་རྩ། ཆོས་སྐྱོང་སྐོར་གྱི་རྗེས་གནང་། སྒྲུབ་ཡིག་གི་ལུང་། དཔལ་རི་བོ་དགའ་ལྡན་པར་གྲགས་པའི་ཁྲིད་ཆེན་བརྒྱད། སྙིང་པོ་དོན་གསུམ། དབུ་མའི་ལྟ་ཁྲིད། ལྟ་བ་སྤྱི་ཁྱབ་སོགས་ཀྱི་སྐོར་ཡང་མང་དུ་གནང་། ཧོར་ཟླ་བཅུ་གཅིག་པའི་ནང་དུ་རྗེ་ཉིད་ཀྱི་ཐུགས་སྲས་དམ་པ་ཆོས་ཀྱི་རྗེ་སྔགས་རམ་པ་ཟུར་བཙུན་དཔལ་འབྱོར་འཕྲིན་ལས་རབ་རྒྱས་དཔལ་བ་ཟང་པོ་ཡང་། སྐུ་ཞབས་སུ་འབྱོར། ཕྱག་དཔེ་དང་། །ཐུགས་དམ་ཐང་ཀ་འབྲི་བ་སོགས་ཞབས་ཕྱིར་ཤིན་ཏུ་འགྱུར། མདོ་སྔགས་གསར་རྙིང་གི་གསུང་ཆོས་ཀྱང་འདི་དག་གི་སྔ་ཕྱི་ཁོ་ནར་འཕེལ། སྐབས་ཤིག་ལྷ་རྩེ་དབོན་མོས་ལྷ་ས་ནས་བཏོན་ཟེར་བའི་དཔེ་ཆ་འགའ་དང་། ཕ་བོང་ཁ་ནས་ཀྱང་གཏེར་འདོན་རྒྱུ་ཡོད་ཟེར་སྐུ་ཞབས་སུ་འོངས་པར། བརྟགས་དཔྱད་གནང་བས་གཏེར་ཡང་ཟོབ་དང་། གྲུབ་རྟགས་ལ་ཡང་ཐུགས་ཐེ་ཚོམ་བྱུང་བས། ཁྱེད་རང་གི་འཕྲིན་


GLG008_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལྷ་སར་འཕེལ་ཞིང་། གནས་འདི་ནས་གཏེར་བཏོན་ནས་བཅུད་ཉམས་འགྲོ་ཞེས་ཐབས་མཁས་ཀྱིས་རྫོང་བ་གནང་། མི་རིང་བར་དཔོན་མོ་འབྲུམ་པའི་ནད་ཀྱིས་ཐེབས་ནས་བཀའ་དབང་ལ་གདན་དྲངས། རྣམ་འཇོམས་ཀྱི་བྱབ་ཁྲུས་གནང་བས། དེ་དགོངས་རྨི་ལམ་དུ་སྤྲང་པོ་འདྲ་བའི་ཕོ་མོ་མང་པོ་འབོག་ཁྲེས་ཁུར་ནས། ད་མི་འཇོག་པར་འདུག་ཟེར་འགྲོ་གྲབས་བྱེད། སང་ནས་ཁམས་བདེ་བར་བྱུང་ཟེར། རྗེ་འདི་ཉིད་གསུང་བཙུན་པས་དངོས་སུ་བཀའ་མི་བཀྱོན་ཡང་། མདངས་ལ་བརྟགས་ན་གཏེར་དང་རྫུ་འཕྲུལ་ཐམས་ཅད་ཟོག་ཁོ་ནར་དགོངས་པ་ཞིག་ཡོད་པར་ངེས། དུས་ཕྱིས་ཁོ་བོས་ཀྱང་དེའི་གཏེར་ལུང་ཡིན་ཟེར་མང་དུ་མཐོང་བས། མངའ་བདག་ཁྲི་རལ་ལས་མ་གཅིག་ལབ་སྒྲོན་སྔ་བ་སོགས་མི་འགྲིགས་པའི་རྫུན་གྱི་རྫོབ་རྟགས་མང་དུ་འདུག །ལར་ལས་འབྲས་མི་ཤེས་པའི་མི་སྙིང་ཁམ་ཅན་གྱི་བྱེད་པ་ལ་མཐའ་མི་སྣང་ངོ་། །ཉན་རང་ཞི་བདེར་གཞོལ་དང་མཚུངས་མིན་པའི། །དབེན་པ་བསྟེན་ཡང་གཞན་ཕན་རྣམ་གཡེང་ཅན། །འདུ་འཛི་འཕེལ་ཡང་རང་དོན་ཡལ་འདོར་བའི། །རྒྱལ་སྲས་དམ་པའི་མཛད་པ་བླ་ན་མེད། །སྒྱུ་མའི་རྟ་དང་གླང་པོའི་སྤྲུལ་སྒྱུར་གྱིས། །ཚུར་མཐོང་སྐྱེ་བོ་བདེན་པར་ཞེན་པ་ལྟར། །མིག་འཕྲུལ་རྫུན་གྱིས་རྨོངས་པའི་འགྲོ་བ་ཀུན། །མེ་དོང་ཐལ་བས་གཡོགས་ལ་ལག་པ་འཇུག །དུས་གསུམ་སྒྲིབ་མེད་གཟིགས་པའི་མཁྱེན་སྤྱན་གྱིས། །དུས་ངན་ཟོག་པོའི་རྫུན་མཚང་ཀུན་རིག་ནས། །དུས་ཀུན་འདོད་དགུའི་གཏེར་གྱུར་ལྷ་ས་དེར། །དུས་བསྟུན་


GLG008_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་མཁས་གསུང་གིས་རྫོང་བར་མཛད། །དེ་ཡང་ཐེག་པ་འོག་མ་ལྟར་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ལས་ཀྱི་ལྷག་མའི་མཐུས་ཞབས་ལ་སེང་ལྡེང་གི་ཚལ་བ་སོར་བཅུ་དྲུག་པ་ཟུག་སྟེ་བསྙུན་པ་དང་། ཐེག་པ་གོང་མའི་དབང་དུ་བྱས་ན་ཚུལ་བསྟན་བཞིན། རྗེ་འདི་ཡང་ཟ་འཕྲུག་གི་སྙུན་དམ་པོས་སྐུ་ལ་བཏབ་སྟེ། སྨན་དཔྱད་སོགས་བཅོས་ཀ་ཅི་བྱས་ཀྱང་ཕན་ངོ་ཆེ་བ་མ་བྱུང་བས། །ཐུགས་དམ་གྱི་ངང་རང་དུ་བཞུགས་པས་གདངས་བསྐྱེད་ཆེ་བར་བྱུང་། བར་གཅོད་སེལ་བྱེད་དུ་དཔོན་སློབ་པཎ་ཆེན་རིན་པོ་ཆེ་སྤྱན་འདྲེན་གནང་། ཚེ་དབང་བརྒྱ་རྩ། འགུར་དྲག ཁྱུང་དམར་ནག །ཕྱག་རྡོར་སོགས་ཀྱི་རྗེས་གནང་གསན། དེ་ཉིན་ཉི་མ་ལོག་པོས་རིང་བ་དང་། ནམ་མཁའ་ལ་འཇའ་ཚོན་འཁྲིགས་པ་སོགས་ཡ་མཚན་པའི་རྟགས་མང་དུ་བྱུང་བས་མི་རྣམས་ཀྱིས་ཞིང་བརྗེ་བར་གླེང་། བྱང་རྩེའི་ཁྲི་དང་ལྕང་ར་མཁར་ཐོག་སོགས་ཀྱི་སྙན་གསན་བྱུང་ཡང་། བོད་འབངས་ཀྱི་བདེ་ཐབས་ཐུགས་ལ་བརྣགས་ཤིང་། རང་ཉིད་གདན་ས་ཆེ་གེ་བྱས་སོ་ཞེས་པའི་སྙན་གྲགས་ལ་ཇི་མི་མཉམ་པ་གཉིས་འཛོམ་པས་མི་ཕེབས་པར་ཐུགས་ཐག་བཅད། རྒྱུན་གྱི་ཉམས་བཞེས་དང་། སེར་འབྲས་རྒྱུད་སྟོད་སྨད་མདོ་ཁམས་ལྷོ་བྱང་གི་དགེ་བའི་བཤེས་གཉེན་མང་པོ་ལ་ཆོས་ཀྱི་བཀའ་དྲིན་སྩལ་བ་སོགས་རྣམ་དཀར་གྱི་མཛད་པ་ཕན་ཚུན་འགྲན་པ་བཞིན་དུ་གྱུར། བྱིང་གིར་གནམ་གྱི་རྒྱལ་བརྒྱུད་ལྷ་བཙུན་དང་། འགུ་རུ་ཧུང་ཐའི་ཇི་སོགས་རྒྱལ་བརྒྱུད་ཀྱི་རིགས་དུ་མས་ཞབས་ཀྱི་པདྨོར་བཏུད་དེ་དམ་པའི་ཆོས་ཀྱི་བཀའ་དྲིན་མནོས། ཆ་གན་རྒྱལ་


GLG008_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སོགས་ཀྱི་བླ་མ་ཅོ་ཎེ་ཆོས་རྗེར་ཡང་དབང་རྗེས་གནང་འདོད་ཆོས་ལྷུག་པར་སྩལ། རྗེ་ཉིད་ཀྱི་དབོན་པོ་ཆོས་བཟང་ནད་དམ་པོས་བཏབ་སྟེ་ཁོ་རང་གིས་ཀྱང་འཆི་བ་ཐག་བཅད། ལྷ་རྗེ་སོགས་ཀྱང་ཚམ་ཚོམ་དུ་གྱུར་སྐབས། ཞོགས་གཅིག་བཀའ་ལས། མདང་སྙིང་ཐིག་གི་འོད་གསལ་ལ་གནས་པའི་སྐབས་ཤིག །སོག་པོ་དགེ་འདུན་རྒྱ་མཚོའི་རྗེས་ལ་འབྲངས་པའི་མཐའ་འདྲེ་ཅིག་གིས་དབོན་པོ་ལ་བར་གཅོད་བྱེད་པ་ཤར་བས། དེ་རིང་འདྲེ་དེ་རྫོང་དགོས་པ་འདུག་ཅེས་རྣམ་འཇོམས་ཀྱི་བྱབ་ཁྲུས་དང་བཅས་གླུད་རྫོངས་གནང་བས་མ་འགྱངས་པར་ནད་ལས་གྲོལ། ཆོས་རྗེ་སྔགས་རམ་པར་སྒྱུ་འཕྲུལ་གསང་བ་སྙིང་པོའི་འགྲེལ་ཊཱི་ཀ་གཡུང་འགྲེལ་གྱི་སྟེང་ནས་ཉིན་རེ་ཆོས་ཐུན་ཚར་གཉིས་རེ། གཞན་ཡང་སྙིང་ཐིག་གི་སྐོར་སོགས་ཆོས་མཐའ་ཡས་པ་གནང་། ཁྱད་པར་གསང་སྙིང་གི་སྒོ་ནས་ཆོས་གྲྭ་ཆེན་པོ་དཔལ་གྱི་རྩེས་ཐང་དུ་གྲྭ་བསྐོར་གྱི་བསླབ་བསྟོན་གནང་བས། སྔ་འགྱུར་ལ་རྒྱུད་བཤད་མེད་དམ་སྙམ་པའི་ལོག་རྟོག་ཐམས་ཅད་བསལ་བ་ཡིན་ནོ། །གང་ཞིག་རྟོག་གེའི་རིགས་པས་དུས་འདའ་བའི། །ཡུལ་གྲུར་ཐེག་མཆོག་ཆོས་ཚུལ་འདི་ལྟ་བུ། །སྐལ་བཟང་གདུལ་བྱའི་སྤྱད་བྱར་ཡོད་དོ་ཞེས། །སྒྲོག་ཕྱིར་བཤད་པའི་ཟོལ་གྱིས་ཕོ་ཉ་མངགས། །རྒྱ་ཧོར་དྲེགས་ལྡན་མང་པོའི་ཟུར་ཕུད་ལ། །ཞབས་རྡུལ་ཆུ་སྐྱེས་བཀོད་པ་མཚར་དུ་ཅི། །ལྷར་བཅས་འཇིག་རྟེན་ཀུན་གྱི་འདྲེན་པ་ཞེས། །སྒྲོག་པའི་དབྱངས་འདི་ཚངས་པའི་ཡུལ་དུ་ལྡིར། །ཤིང་ཕོ་བྱི་བའི་ལོ་ལ་ཆོས་རྗེ་བྱམས་པ་རྒྱ་མཚོའི་སྤྲུལ་སྐུས་གཙོས་པའི་


GLG008_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུལ་ཚན་ཤིན་ཏུ་ཆེ་བ་སླེབ། དམ་པ་རྣམས་ཟང་ཟིང་གི་འདུ་འགོད་ལྷུར་མི་མཛད་ཀྱང་། འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་མཁོ་དགུའི་ཡོ་བྱད་ཇི་སྙེད་ཕུལ། བདོག་པ་རྣམས་རི་ཁྲོད་ཀྱི་མཐུན་རྐྱེན་སོགས་སུ་བསྒྱུར། དོན་ལྡན་དུ་མཛད། ལོ་སྔ་མ་རྣམས་སུ་ཕྱག་གཡོག་སྣ་ཚོགས་ཀྱི་སྟབས་ནས་སྐུ་ཆས་ཐང་ལྷོད་ཅི་རིགས་བྱུང་། ཕེབས་སྒོར་འཕྲིན་ལས་ཕུན་ཚོགས་ཟེར་བ་ཞིག་ཡོད་པ་དེ་ངེད་དང་ལོ་ཁམས་མཐུན་པས་ལག་གཡོག་བྱས་ན་འགྱུར་བ་ཡོད། མ་ཤི་ན་ངོ་ཞག་ཙམ་སླེབ་ཡོང་གསུང་བ་ལྟར། དཀའ་བཅུ་འཕྲིན་ལས་ཕུན་ཚོགས་སྐུ་ཞབས་སུ་འབྱོར། འདི་དག་གི་སྔ་ཕྱིར་འདོད་ཆོས་ཞུ་བ། གསང་བདེ་འཇིགས་གསུམ་སོགས་ཡི་དམ་གྱི་བསྙེན་སྒྲུབ་དང་། ཉམས་ཁྲིད་སྐྱོང་འདོད་དོགས་གཅོད་ཞུ་བ་ལ་དཀའ་བཅུ་རབ་འབྱམས་སོགས་དུ་མ་ལ་ལ་ལོ་ཤས། འགའ་ཞིག་དབྱར་གནས་ཙམ་སྡོད་མི་ཉུང་མཐའང་བཅུ་རེ་ཙམ་སྟར་ཆགས་སུ་བྱུང་བར། དད་འབུལ་བསྔོ་རྟེན་གྱི་སྟེང་ནས་ཉིན་རེ་ཇ་གཉིས་རེ་དང་། གཞུང་དུ་ཞུ་བ་གནང་བའི་ཕོགས་སོགས་འཚོ་ཆས་ཀྱི་མཐུན་རྐྱེན་དང་། གཙོ་བོར་རྒྱལ་བ་ཙོང་ཁ་པའི་མདོ་སྔགས་ཀྱི་གསུང་རབ་རྣམས་ཀྱིས་ཐོག་དྲངས་པའི་གྲུབ་མཐའ་རིས་སུ་མ་ཆད་པའི་འདོད་ཆོས་ཀྱིས་ཚིམ་པར་གནང་། ཤིང་གླང་ལོར་ཇུ་ནང་ཐུབ་པ་ཐའི་ཇི་སོགས་བྱང་ཕྱོགས་ཧོར་སོག་གི་ཡུལ་གྱི་སྐྱ་སེར་ཇི་སྙེད་འབྱོར། གྲྭ་ཚང་ཆོས་རྗེ་བསོད་ནམས་བཀྲ་ཤིས་དང་། དུ་རལ་ནང་སོ་གཉིས་ཀྱིས་གསོལ་བ་བཏབ་ནས། བོད་ཀྱི་རྡོ་རྗེ་གདན་ལྷ་སར་གདན་དྲངས། རྡོ་རྗེ་འཕྲེང་བ་ཞེ་ལྔ་མའི་དབང་། བདེ་མཆོག་དྲིལ་བུ་ལྷ་ལྔའི་དབང་། རྟ་མགྲིན་ཡང་


GLG008_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

གསང་། ཐུགས་རྗེ་ཆེན་པོ་སོགས་ཀྱི་དབང་ལུང་རྗེས་གནང་མང་པོའི་ཆོས་ཀྱི་སྒོ་འཕར་ཟླ་བ་གཅིག་ཏུ་ཕྱེ། ཁྱད་པར་གསང་འདུས་ཡེ་ཤེས་ཞབས་ཀྱི་དབང་གི་དགོངས་མོ་ས་གཡོ་བ་སོགས་ལྟས་ཡ་མཚན་པ་མང་དུ་བྱུང་། དེ་དུས་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོའི་དངུལ་གདུང་ཐུ་མེད་ཀྱི་དཔོན་པོ་ཧུང་ཐའི་ཇིས་སྦྱིན་བདག་བྱས་ནས་བཞེངས་པའི་རབ་གནས་ལ་དཔོན་སློབ་པཎ་ཆེན་རིན་པོ་ཆེས་གཙོ་གནང་སེར་འབྲས་ཀྱི་སློབ་དཔོན་ལས་ཐོག་ཟུར་པ་ཐམས་ཅད་འདུས། རབ་གནས་དགའ་སྟོན་གྱི་ཚེ། རྗེ་འདི་དང་སྒོ་མངས་སློབ་དཔོན་ཆོས་གྲགས་རྣམ་རྒྱལ་གཉིས་གསང་སྔགས་གསར་རྙིང་གི་མཚམས་ལ་ཆོས་ཀྱི་འབྲེལ་གཏམ་མཛད་པས་ལུང་རིགས་གཉིས་ཀའི་སྒོ་ནས་སྒོ་མང་སློབ་དཔོན་རྨེག་མེད་པ་ལྟ་བུར་མཛད་པ་ནི། དབང་ཕྱུག་གི་མདས་གྲོང་ཁྱེར་སུམ་བརྩེགས་བཞིན་ནོ། །བར་ཁམས་ནས་འཕགས་པ་ལྷ་ཕེབས་ཏེ། ཐོག་མར་ནི་བཀའ་ཆོས་ཤིག་གསན་བཞེད་ཡིན་པས་དགོངས་འདུས་ཞུ་ཟེར། དེ་ཡོངས་རྫོགས་མ་ཐོབ་གནང་བར་ཐུགས་མཐོ་དམའ་རེ་ཆེ་ཡོད་ཚོད་དུ་གདའ་བས་རྗེས་མ་ཆོས་ནི་མ་ཞུས་འདུག །མཻ་ཏྲི་བརྒྱ་རྩའི་དབང་ཆོག་ཞིག་བསྐུལ་ནས། གསལ་བའི་སྒྲོན་མེ་ཞེས་པ་ཐུགས་རྩོམ་གནང་། མེ་སྟག་སྨོན་ལམ་ཆེ་ཆུང་འཛུགས་པར་ཤར་ཚེ། དཔོན་སློབ་པཎ་ཆེན་རིན་པོ་ཆེ་ཕེབས་ལམ་དུ་ཐུགས་བྲེལ་གྱིས་གཡེངས་ནས་ཅུང་ཟད་འགྱངས་པས། སྨོན་ལམ་ཆུང་བར་མ་ཕེབས་དོགས། འཕྲལ་དུ་དགའ་ལྡན་ཕོ་བྲང་ནས་སྙན་གསན་གནང་བ་ལྟར། ར་མོ་ཆེའི་སྨོན་ལམ་གྱི་མགོན་དུ་ཕེབས་ཀྱང་། པཎ་ཆེན་རིན་པོ་ཆེ་


GLG008_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་གྲུབ་པ་ནས། སྨོན་ལམ་ཡོངས་རྫོགས་ཀྱི་མགོན་ནི་གནང་མ་དགོས། མེ་ཡོས་ཀྱི་སྟོན་མཇུག །ངེད་ལ་བཀའ་ཐོ་ཞིག་གནང་བྱུང་བ་དེ་འོང་རྒྱུའི་དགོངས་མོ་ཟླ་བོ་གཉིས་ཙམ་དང་ལྷན་དུ་ཡོད་པས་གློ་བུར་དུ་ཕྱི་ན་རླུང་ཡེ་མེད་པར་ནང་དུ་རླུང་དམར་གྱི་སྐོར་ཚུབ་བྱས། དེའི་ཁྲོད་དུ་མི་དམར་པོ་ཞིག་གཅིག་གིས་མཐོང་འདུག །ཕལ་ཆེར་བེག་རྩེ་འདི་བཀའ་ཉན་བྲན་གཡོག་རང་བྱེད་པ་ཅིག་ཡོད་འདུག་པས། ཕྱག་བྲིས་ཀྱི་ཕོ་ཉར་སྔོན་དུ་འོངས་པ་ཞིག་ཡིན་པར་སེམས་སོ། །པད་དཀར་ཚལ་དུ་བྷྲ་མ་ར། ཉལ་འགྲོའི་རྫིང་བུར་ངང་མོ་དཀར། །སྐལ་ལྡན་ཡོངས་ཀྱི་གཙུག་ཕུད་དེ། ཁྱོད་ཞབས་བསྙེན་ལ་ངང་གིས་འདུ། །ཚུལ་ཁྲིམས་དྲི་ངད་ཀྱིས་བོས་པའི། །དུག་གསུམ་ཚད་གདུངས་གླང་པོ་རྣམས། །ངེས་ལེགས་བསིལ་བའི་བདེ་བ་དེ། །འཐོབ་ཕྱིར་ཙན་དན་ཁྱོད་དྲུང་ལྷགས། །སྡུག་བསྔལ་གཞོམ་པས་སྨན་པ་སྟེ། །བདེ་བ་སྟེར་བས་རི་དྭགས་མིག །སྐུ་གསུམ་གླིང་འཁྲིད་དེད་དཔོན་ཆེ། །རྒྱལ་བའི་བསྟན་ལ་བཤེས་གཉེན་ཚུལ། །སྐུའི་འཕྲོད་བསྟེན་དུ་ཨེའི་ཆབ་ཚན་ལ་ཕེབས། དེ་ཡང་གདུལ་བྱའི་ངོར་ཆབ་ལ་ཞུགས་པར་སྟོན་པ་ཙམ་མ་གཏོགས། དོན་སྐུ་ན་ཕེབས་སོགས་ཀྱིས་ད་རེས་ལས་ཨེ་ཕྱོགས་ཕེབས་པར་མི་འཆར་ཞིང་། འདུལ་དགོས་ཀྱི་གདུལ་བྱ་ལྷག་མ་མང་པོའི་དོན་དུ་དགོངས་ཏེ་མཐོང་ཐོས་དྲན་རེག་བཀའ་འབྲེལ་གྱི་སྒོ་ནས་རྣམ་དཀར་གྱི་ལས་རླབས་པོ་ཆེ་བསྐྲུན། ཁྱད་པར་རི་སྒོ་ཆོས་སྡེར་ཕེབས་ནས་སྨན་བླ་བདེ་གཤེགས་བདུན་གྱི་དབང་། ཆོས་སྐྱོང་སྐོར་གྱི་རྗེས་གནང་སོགས་འདོད་ཆོས་དུ་མ་དང་། ཇ་གོས་དར་སོགས་ཟང་


GLG008_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཟིང་གི་འགྱེད་ཀྱིས་ཚིམ་པར་མཛད། གྲྭ་པ་རྣམས་ཀྱིས། ཞལ་སྔ་ནས་བྱམས་པ་བརྟན་པས་མི་ཚེ་ཧྲིལ་པོ་བླ་མ་མཛད་པ་ལས་ཞལ་སྔ་ནས་ཡོན་བདག་ཐེངས་གཅིག་ཕེབས་པ་ལུགས་གཉིས་ནས་དགའ་བ་བྱུང་ཞེས་གླེང་། གསོལ་དཔོན་རབ་བརྟན་གྱིས་གཙོས་པའི་སྐྱེ་བོ་མང་པོ་ཡན་ལག་བརྒྱད་པའི་བསླབ་ཁྲིམས་ལ་འགོད་པར་མཛད། ཕེབས་ཞོར་ཆད་དཀར་རྫོང་དུ་ཞབས་དྲུང་ཁྲི་པས་བསྙེན་བཀུར་གྱ་ནོམ་པ་དང་བཅས་སྙིང་ཐིག་ཞུ་བའི་སྙན་གསན་ཕུལ། འོན་ཀྱང་སྐྱིད་ཤོད་དུ་ཐུགས་རིངས་བས་འཕྲལ་དུ་འབུལ་མ་ཐུབ། སླར་སྒྲུབ་པའི་བསྟི་གནས་ཉིད་དུ་ཕེབས། དགེ་འདུན་བཅུ་ཕྲག་རེ་ལྷག་པར་ལོ་རེ་བཞིན་དབྱར་གནས་དགག་དབྱེ་གསོ་སྦྱོང་སྟེ་གཞི་གསུམ་གྱི་ཕྱག་ལེན་དང་། རྒྱུན་ལྡན་དུ་བསྟན་འགྲོའི་ཕན་བདེའི་ཆེད་དུ། སྔ་ཇ་ལ་ཤེར་སྙིང་ཚར་སུམ་ཅུ། ནག་པོ་སྐོར་གསུམ། དམག་ཟོར་མ། རྣམ་སྲས། ཞལ་དམར་ནག །ཏྲག་ཤད། དཔལ་ལྷ་སོགས་ཀྱི་མངོན་རྟོགས། དགོངས་ཇ་ལ་བསྐང་གསོ། གཏོར་བསྔོ། སྨོན་ལམ་ཤིས་བརྗོད་བར། ཉེར་ལྔ་བྱུང་རེས་ཀྱི་གསང་འདུས་མངོན་དཀྱིལ་གྱི་རྒྱུན་འཛུགས་པར་གནང་། ལོ་སྟར་ཆགས་སུ་དགག་དབྱེ་སྟོན་མོའི་དགེ་འདུན་གྱི་བསྙེན་བཀུར་གྲོང་སྨད་ནས་ཚང་རྗེ་འདི་ལ་གུས་པའི་སྟབས་ནས་གང་ལྕོགས་བྱེད་ཀྱི་ཡོད་འདུག །རྡོ་རྗེ་འཆང་ཆེན་པོའི་ལམ་རིམ། བྱང་ཆུབ་ལམ་རིམ། དབང་ལུང་ཁྲིད་སོགས་སོ་སོའི་རེ་འདོད་དང་སྦྱར་ཏེ་ཆོས་འཕེལ་བར་མཛད། འདི་དག་གི་སྔ་ཕྱི་རྣམས་སུ་ལེགས་བཤད་ཀྱི་ཐུགས་རྩོམ་གནང་བ་ཡང་། སེ་ཆེན་བླ་མས་བསྐུལ་ནས། འཇིགས་བྱེད་


GLG008_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆོས་འབྱུང་ནོར་བུའི་ཕྲེང་བ། རྒྱུད་པ་དབུ་མཛད་རབ་འབྱམས་པ་ཡོན་ཏན་རྒྱ་མཚོའི་ངོར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་འཕྲིན་ལས་བཞིའི་སྤྱིན་སྲེག་བྱེད་ཚུལ་དང་། སྨན་བླ་བདེ་གཤེགས་བདུན་གྱི་དབང་ཆོག་ཕན་བདེའི་འབྱུང་གནས། རྒྱལ་ལེགས་བཤད་སྒྲོག་པའི་ཚིལ་གྱི་རི་ཁྲོད་སྤྱི་སོས་ཞུས་ནས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་བླ་མ་མཆོད་པའི་རྣམ་བཤད། ནང་སོ་ཚེ་འཕེལ་གྱིས་བྱང་གཏེར་ཐུགས་སྒྲུབ་ཀྱི་མངོན་རྟོགས་གསར་མ་ལྟར་ལྷུག་འདོན་ཞིག་བསྐུལ་ནས་སྒྲུབ་ཐབས་དངོས་གྲུབ་རྒྱ་མཚོ་བུམ་བསྐྱེད་དང་སྦྲགས་པ། ཟལ་དཀར་ཆོས་རྗེས་བསྐུལ་ནས། རྒྱལ་བ་ཙོང་ཁ་པར་འཇམ་དབྱངས་ཞལ་གཟིགས་ཚུལ་བརྡས་བཅིངས་པའི་འགྲོལ་བློ་བཟང་དགོངས་རྒྱན། གཞན་ཡང་བྱེས་ཀྱི་ཕུར་པའི་ལོ་རྒྱུས། བདེ་བ་ཅན་སྨོན་ལམ་གྱི་འགྲེལ་པ་སོགས་གསོལ་འདེབས་སྨོན་ལམ་ཞལ་གདམས་དྲི་ལན་གྱི་རིགས་དང་། བསྟན་བཅོས་མངོན་རྟོགས་རྒྱན་རྩ་འགྲེལ་གྱི་ཊཱི་ཀ་ཤིན་ཏུ་རྒྱས་པ། རྒྱལ་ཚབ་རིན་པོ་ཆེའི་རྣམ་བཤད་ཀྱི་དགོངས་དོན་ལྷུག་པར་སྟོན་པ་གངས་ཁྲོད་ཀྱི་ཕར་ཕྱིན་ཡིག་ཆར་ལྟོས་པར་ལེགས་པ་ཞིག་གནང་། རྐུན་མ་ཞིག་གིས་དར་པོ་ཆེ་བརྐུས་པར། རི་ཁྲོད་པ་རྣམས་ཀྱིས་དར་པོ་ཆེ་སྣངས་ཆུང་ཡང་འདི་རིགས་མངས་ན་རྗེས་སོར་རི་ཁྲོད་མི་ཆགས་པས་འདི་ལ་མངོན་སྤྱོད་ཀྱི་རྟགས་ཐོན་པ་ཞིག་དགོས་ཞུས་པས། བེག་རྩེའི་ལས་སྦྱོར་གྱིས་ལོ་མ་འགྱངས་པར་མི་དེ་གུམ། དྲག་ལས་གནང་ན་རྭ་སྣུབས་དང་མཚུངས་པའི་མཐུ་བོ་ཆེ་ཞིག་ཡོང་ངེས་ཀྱང་། རྩལ་འདོན་མི་གནང་། བཀའ་ཕེབས་ལ་ཡང་


GLG008_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་མི་ལས། ང་མཆོག་ལ་སེམས་པའི་རྣལ་འབྱོར་པ་གསུངས་པ་ཡིན་ཞེས་ལུང་འདྲེན་འཕྲལ་འཕྲལ་གནང་། འབྲུག་ལུགས་པའི་བཟང་སྡིངས་སྐུ་སྐྱེས། རྒྱ་བོད་ཀྱི་སྐད་ཤན་སྦྱར་སྡེབ་སྦྱོར་སོགས་ཡོད་པའི་ཞུ་ཡིག་སྙན་ངག་གི་ལམ་ནས་དྲངས་པ་ཞིག་ཕུལ་བར། ཞབས་ཕྱི་བ་རྣམས་ཀྱིས། ད་རེས་འདི་ག་དང་མཚུངས་པའི་བཀའ་ཤོག་གནང་བ་ལེགས་ཞུས་པས། དེ་ངེད་རང་རི་ཁྲོད་དུ་བསྡད་ནས་གཡེང་བ་གང་ཆུང་དང་དགེ་སྦྱོར་གང་འཕེལ་ལ་གཙོ་བོར་བྱེད་པ་ལས། ཐ་སྙད་སྤྲོས་པའི་རིགས་ཀྱིས་དགོས་པ་ཆུང་། འདི་ལ་ལན་དེ་འདྲ་ཞིག་བྱས་ན། སླར་ཁོང་གིས་དེའི་ལན་བྱེད། ཡང་ལན་གྱི་མནོ་བསམ་གཏོང་དགོས་ཡོང་བས། དེ་ཐམས་ཅད་ཀྱི་ཚབ་ཏུ་དམིགས་རྐང་རེ་བསྐྱངས་ཀྱང་སླེབ་ཚོད་ཅིག་ཡོད་གསུང་། དེ་ནི་རྗེ་ཉིད་ལ་དེ་འདྲས་ལྟོས་པ་ག་ལ་མཆིས་ཀྱང་། དུས་དབང་གིས་དབེན་པ་བསྟེན་ནས་སླར་རྣམ་གཡེང་ཁོ་ན་དོན་དུ་གཉེར་བའི་ལྷ་བུའི་བདུད་ཀྱིས་ཟིན་པ་མང་བས་རྗེས་འཇུག་ལ་བག་ཡོད་པར་གདམས་པའི་དགོངས་པ་ཅན་ནོ། །ཀྱེ་མ་འཇིག་རྟེན་འདི་ན་ཅི་ཡང་སྣང་། །མཁས་རྣམས་རྩོམ་པའི་རྣམ་གཡེང་སྤོང་བ་སྐད། །བླུན་པོ་ལྡབ་ལྡིབ་ཡི་གེར་འགོད་ལ་བརྩོན། །གོ་རིམ་ལྡོག་པའི་བྱེད་པོ་སུ་ཞིག་ཡིན། །རྟག་འཛིན་སྐྱེ་བོ་ངེས་པར་འབྱུང་བའི་ཆེད། །ལོང་མེད་ཉམས་ལེན་སྒྲུབ་ལ་བརྩོན་སྟོན་ཡང་། །འཆད་རྩོད་རྩོམ་པའི་གྲགས་སྙན་སྟོང་གི་རྒྱུད། །བརྡུང་བའི་སྒྲ་དེ་སྲིད་འདིར་སུ་ལ་བསྙོན། །བཀའ་གདམས་ཀྱི་ཕྱག་ལེན་ལ་ཐུགས་ཤིན་ཏུ་དགྱེས་པས། དབྱར་གནས་དང་དུས་བཟང་མང་པོར།


GLG008_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བཅུའི་སྒྲུབ་མཆོད་སྣར་ཐང་པའི་ལུགས་བཞིན་ཕྱག་ལེན་དུ་གནང་། ས་ཕོ་འབྲུག་གི་ལོར་ཆུ་འཛིན་གྱི་སྒྲིབ་གཡོགས་སོགས་མེད་པར་ནམ་མཁའ་གཡའ་དག་བཞིན་དུ་ཉིན་བྱེད་དབང་པོའི་འོད་མོག་མོག་པོར་གྱུར་པ་ལ་བརྟེན། སྐྱེ་འགྲོ་ཕལ་ཆེར་ཡིད་ཚམ་ཚོམ་དུ་གྱུར་ཅིང་། འདི་འདྲ་གང་གི་རྟགས་ཡིན་ནམ་ཞེས་གླེང་སྐབས། གྲུབ་ཐོབ་མདུང་རྩེ་རས་པའི་དབོན་བརྒྱུད་ཆོས་རྗེ་ལྷུན་གྲུབ་རྒྱ་མཚོ་དང་། ཡེ་གེ་དྲུག་པའི་འཕྲིན་ལས་པ་བླ་མ་དུང་དཀར་བ་སོགས་དུ་མས། རྗེ་འདི་པའི་དྲུང་དུ་དྲི་བ་ཞུས་པར། མ་འོངས་འབྱུང་འགྱུར་གྱི་རིམ་པ་བཤད་པའི་ལུང་བསྟན་ལྔ་པ། ཡངས་པའི་རྒྱལ་ཁམས་བདེ་ཐབས་ཀྱིས་སྐུ་རིམ་དགེ་བསྐུལ་གྱི་རིམ་པ་ཕན་བདེའི་འབྱུང་གནས་ཞེས་པ་གནང་། དེ་ནི་འགའ་ཞིག་ལྟར་ཐེའུ་རང་བརྟེན་ནས་སྨྲ་བ་དང་། ལ་ལ་ཕོ་ཚོད་དང་། རྣ་བ་གསང་པོ་འཕར་གཏམ་ཉན་པ་དང་། བྱུང་རྒྱལ་དུ་ལུང་བསྟན་མངོན་ཤེས་འཆད་པ་སོགས་མཐར་རང་གི་རྫོག་རྟགས་སྐྱེལ་བ་ཚོ་དང་མི་འདྲ་སྟེ། ངེས་དོན་དུ་མངོན་པར་མཁྱེན་པ་ཆགས་ཐོགས་མི་མངའ་ཡང་གདུལ་བྱའི་ངོར་རྩིས་དཀར་ནག་དབྱངས་འཆར་ལ་གཟིགས་པ། སློབ་དཔོན་ཆེན་པོའི་ལུང་བསྟན། ལྷོ་བྲག་གྲུབ་ཆེན་གྱི་གསུང་། བླ་མ་གོང་མ་ཚད་ཐུབ་ཀྱི་གསུང་། རྗེ་ཉིད་ཀྱི་དངོས་ཉམས་མནལ་ལྟས་སོགས་དུ་མ་ཞིག་སྒོ་བསྟུན་གནང་བས་འཁྲུལ་པ་ག་ལ་སྲིད། དེ་སྐབས་ཚུར་མཐོང་སྐྱེ་བོ་བྱིས་པ་དང་འདྲ་བ་དུ་མས། ཁྱུང་ནམ་མཁར་ལྡིང་བ་ལ་ཁྱིམ་བྱས་འཕྱ་བ་དང་མཚུངས་པའི་གཏམ་སྣ་ཚོགས་ཟེར་ཡང་། རབ་བྱུང་བཅུ་གཅིག་པའི་ས་སྦྲུལ་ནས་ལྕགས་འབྲུག་བར་


GLG008_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དུས་རྟགས་རྣམས་ལ། ནད་རིམས་དང་། ཨ་ས་ལང་ལ་བརྟེན་པ་སོགས་དུས་འཁྲུག་ལྷོ་བྱང་མང་པོར་བྱུང་སོང་བ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་གྲུབ། ཀུན་གྱིས་དམིགས་བརྩེ་མར་སྒྲིལ་གསུང་བ་ནི། བསྟན་འཛིན་ཆོས་རྒྱལ་གྱི་ལུང་གིས་གངས་རིས་བསྐོར་བའི་ལྗོངས་འདིར་མངའ་སྒྱུར་བའི་བརྡའོ། །ལྐོག་གྱུར་ཆོས་ཀྱི་གཟུགས་བརྙན་རྣམས། །མཁྱེན་པའི་མེ་ལོང་ངོས་ཤར་ཚེ། །ཀུན་མཁྱེན་པདྨ་ཀ་ར་དང་། །དབྱེར་མེད་ཡིན་པར་ད་གཟོད་ངེས། །ས་སྦྲུལ་ཧོར་ཟླ་དགུ་པར། ངེད་ཚོ་ལ་དབེན་གནས་སུ་འོང་དགོས་ཚུལ་ཕེབས་པ་ལྟར་ཕྱིན། བཞུགས་གྲལ་ཚོར་ལོ་རྒྱུས་ཀྱིས་འབྱམས་ཀླས་ཤིང་། དྲུང་འཚོ་སོག་སྒོར་གྱི་སྤྱིལ་བུར་ཇ་བཞེས་སར་འདུལ་བའི་ལྗགས་བཤད་ཅིག་གནང་གི་འདུག་པས། བླ་མ་མཁས་པ་ཞིག་ཡོད་འདུག་སྙམ་པ་ཙམ་མ་གཏོགས་མ་བྱུང་། དེ་སྐབས་ནས་ཞབས་པད་བསྟེན་ནས་ཟབ་རྒྱས་ཆོས་ཀྱི་བཀའ་དྲིན་ཞུས་ན། རྒྱ་མཚོ་ལས་ཆུ་བཅུ་བ་ལྟར་ལྗོངས་འདིར་འགྱུར་རོ་ཅོག་གི་ཆོས་ལ་གང་དགོས་སུ་སྤྱད་ཆོག་པ་ཞིག་འོང་རྒྱུར་འདུག་ཀྱང་། དེ་དུས་རྟོག་གེའི་ལོག་རྟོག་གིས་དད་པ་བསྒྲིབས་ནས་ཐལ་འགྱུར་གྱི་འཕྲེང་བ་མ་གཏོགས། གཞན་གང་ལ་ཡང་ཁྱད་གསོད་ཀྱི་དབང་དུ་སོང་བས། ཕྱིས་སུ་བསམས་ཚེ་ཆོས་ཀྱིས་འཕོངས་པའི་རྒྱུ་ཡིན་པར་གདའ། རྗེ་འདི་རང་རེ་ལ་ཐུགས་རྗེས་འཛིན་པའི་ཤུགས་ཀྱིས་འཕྲལ་འཕྲལ་བསླབ་སྟོན་བཀའ་ཤོག་གནང་སྐབས་ཤིག །ཁྱོད་ཀྱིས་མགོན་པོ་ཞལ་ལ་བསྙེན་སྒྲུབ། བསྟེན་མཆོད་བྱས་ན་མཚན་མ་མྱུར་བར་འོང་བ་འདུག །རྒྱུ་མཚན་སྔོན་ས་ཕག་གཉིས་འགྲས་དུས་ས་


GLG008_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱ་ནས་ཆོས་སྐྱོང་འདི་ཕག་གྲུ་དཔོན་བློན་ཐམས་ཅད་ལ་རྦད་ཡུན་རིང་བས་འཕྱོང་རྒྱས་ཚོར་ཟ་ཁ་ཡང་ཟུག །འདི་འདྲའི་རིགས་ཚུར་ཁུགས་ཏེ་གཡང་དུ་ལོན་པ་ཅིག་ཀྱང་འོང་ཞེས་གནང་།ལྕགས་རྟ་བར་ཁམས་ནས་བ་སོ་སྤྲུལ་པའི་སྐུ་བྱོན། བདོག་པའི་འབུལ་ནོད་ཀྱི་བཀུར་སྟི་གྱ་ནོམ་པ་ཕུལ། བདེ་མཆོག་ལཱུ་ཨི་པའི་དབང་བཞི་ཡོངས་རྫོགས་ཞུས། ལྕགས་ལུག་ཞལ་སྔ་ནས་སྐུ་སྐྱེས་རྒྱུད་ཀྱི་འཆད་ཉན་འཇོག་རྒྱུ་ཡིན་པས་བླ་མ་གནང་དགོས་ཚུལ་གྱི་སྙན་གསན་བྱུང་ཡང་མི་ཕེབས་པའི་བཀའ་གསལ་གནང་། ཁར་ཁ་དཔོན་པོ་ཨ་ཁས་ཏའི་ཆིན། ཆ་ཀར་སྐུ་སྐྱེ། ཅོ་ཎེ་ཆོས་རྗེ་སོགས་བྱང་འགྲུལ་མང་དུ་འབྱོར། དབང་བཀའ་རྗེས་གནང་ལུང་སོགས་ཀྱིས་སོ་སོའི་རེ་བ་ཡོངས་སུ་བསྐང་། ཙཱི་ཎའི་ཡུལ་གྲུ་ལས་འོངས་པའི་དངོས་པོ་འགྲོ་བའི་ལེགས་སྤྱད་ཀྱི་རྒྱུར་བསྐྲུན། ཆུ་སྤྲེལ་ལོ་སྐུ་ཤིན་ཏུ་བསྙུན་པ་ཞིག་བྱུང་བས། འགའ་ཞིག་གིས་ད་ལོ་བར་གཅོད་ཆེ་བ་ཞིག་མི་ཡོང་ལ་ཆེ་ཞེས་ཞུས་པར། ངེད་གནས་འདིར་སླེབ་ནས་རྟེན་འབྲེལ་མང་དུ་བརྟགས་པར་ད་ལོ་ཅུང་ཟད་འཚེ་བ་ཙམ་ཡོད་ནའང་། རིམ་གྲོས་ཟློག་པར་འདུག །ལོ་དྲུག་གི་རིན་སྡོད་བསམ་པ་ཡོད་གསུང་། ཆུ་བྱ་ཧོར་ཟླ་གསུམ་པའི་ནང་དུ་དགའ་ལྡན་ཕོ་བྲང་དུ་ཕེབས། ངེད་ཁ་ཤས་ལ་ཞལ་བྲམ་གཟུགས་ཀྱི་བླ་མའི་རྣལ་འབྱོར། ནཱ་ག་རཀྴ། བླ་མ་དྲག་པོ། ཐུགས་རྗེ་ཆེན་པོའི་དབང་། དུར་ཁྲོད་བདག་པོ་རྣམས་ཀྱི་རྗེས་གནང་སྩལ། ཕེབས་གདོང་དུ་ཆོས་དང་འབྲེལ་བའི་བསླབ་སྟོན་ཡང་མང་དུ་གནང་། ཤིང་ཁྱིའི་དབྱར་སྨད་སྐུ་ཤིན་ཏུ་བསྙུན་པའི་ཚུལ་བསྟན། ཉི་ཐང་དྲུང་འཚོ་བས་


GLG008_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་སྨན་དང་། ཕྱག་གཡོག་རྣམས་ཀྱིས་གྲྭ་པ་ཕན་ཚུན། རྒྱུད་སྟོད་སྨད་ཚོར་མང་འགྱེད་སོགས་སྐུ་རིམ་མང་དུ་བསྒྲུབས། རི་ཁྲོད་ཀྱི་འདུས་པས་བརྟན་བཞུགས་ཕུལ་བས་མྱ་ངན་ལས་མི་འདའ་བར་དགོངས་པ་གཏད་དེ་སྐུ་ཚེ་བྱིན་གྱིས་བརླབས་སོ། །མཁས་བཙུན་བཟང་པོར་གྲུབ་པའི་ཁབ་ལེན་རྡོས། །འཕགས་ནོར་བདུན་གྱི་ལྕགས་ཕྱེ་བསྡུས་པ་ནི། །སྲིད་འདིའི་འབྱོར་པའི་རྡུལ་མང་ཀུན་དྲེད་ནས། །མ་བསྡུས་པར་ཡང་ཁྱོད་ཀྱི་དྲུང་དུ་ལྷགས། །ལས་ཉོན་སྐྱེ་འཆིའི་འཕྲང་ལས་བརྒལ་ཟིན་ཀྱང་། །སྐྱེ་དང་གཤེགས་པའི་སྣ་ཚོགས་ཆོ་འཕྲུལ་གྱིས། །མཐའ་བྲལ་ལུས་ཅན་མྱ་ངན་འདས་པའི་སར། །འཁྲིད་འདི་ཐེག་ཆེན་འཕགས་པའི་ངང་ཚུལ་ལགས། །ཟུག་རྔུ་སྤངས་ཀྱང་སྨན་དཔྱད་ཉེ་བར་བསྟེན། །བདུད་བཞི་བཅོམ་ཀྱང་མི་མཐུན་ཟློག་ལ་བརྩོན། །འཇའ་ལུས་གྲུབ་ཀྱང་ལུས་ཀྱི་མཐུ་དམན་སྐད། །རང་དབང་གྱུར་ཀྱང་གཞན་གྱིས་ཕན་ལྟར་སྟོན། །ཤིང་ཕག་ནག་པ་ཟླ་བའི་ནང་དུ་སྔར་ནས་བཀའ་བཞེས་ཡོད་པ་ལྟར། ངེད་ཀྱིས་ཕ་བོང་ཁར་སྐུ་གཞོགས་སུ་ཕྱིན། ཟླ་བ་ཕྱེད་གཉིས་ལ་ཐུག་གི་བར་དུ་ཞབས་ཀྱི་པདྨོ་བསྟེན་ཏེ། གསང་སྔགས་གསར་རྙིང་གི་དབང་ལུང་འཁྲིད་མན་ངག་ཇི་སྙེད་ཅིག་ལྷུག་པར་སྩལ། རྒྱལ་བ་ཙོང་ཁ་པའི་གསུང་སྒྲོས་རིན་པོ་ཆེ་ཡིག་ཆུང་ཉེར་གཅིག་གི་ལྗགས་ལུང་སྐབས། ཡི་གེར་མ་བཏབ་ན་རྗེའི་གསུང་ངག་རྣམས་རིམ་གྱིས་ནུབ་དོགས་ཚུལ་འདུག་ཅེས་མཁས་གྲུབ་རིན་པོ་ཆེའི་གསུང་རྣམས་བྱུང་བས་རྐྱེན་བྱས་སྤྱན་ཆབ་ཤར་མར་ཤོར་ཏེ་ཡུག་


GLG008_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ལྗགས་ཀློག་གི་འཚམས་འཇོག་དགོས་བྱུང་། ལར་རྒྱལ་བ་གཉིས་པའི་བསྟན་པ་འདི་ཐུགས་རང་ལ་གཅགས་པའི་ཉམས་ཆེན་པོ་བརྗོད་ལས་འདས་པར་གདའ་བས། རྗེ་འདི་ཞལ་བཞུགས་སྐབས། རིས་མེད་ཆོས་ལ་མཁྱེན་པ་ཆེ་བས་གྲུབ་མཐའ་མི་གཙང་བར་གླེང་མཁན་མང་པོ་ཡོད་དེ། གྲུབ་མཐའ་གཙང་གཙང་མོ་ཚོས་ཀྱང་། རྒྱལ་བ་ཙོང་ཁ་པའི་བསྟན་པ་ལ་ཐུགས་ཞེན་བཅོས་མིན་རྗེ་འདི་པ་ཙམ་དཀའ་བར་མཆིས། ཕྱག་དཔེ་དཔེ་ཁྲིར་རྩིག་པའི་ཚེ་ཡང་། རྒྱལ་བ་གཉིས་པའི་གསུང་རབ་རྣམས་སྟེང་ཁོ་ནར་འོང་བ་གནང་། གལ་བོར་འོག་ཏུ་ཆུད་ན་བཀའ་བཀྱོན། བསྐྱེད་རིམ་གྱི་རྟོགས་པ་མཐར་ཕྱིན་པའི་རྟགས་ཀྱི་གསུང་ཐོལ་བྱུང་དུ་ཡང་ཡང་གནང་། སླར་ཞིབ་ཏུ་ཞུས་ན་སྦས་པའི་བརྟུལ་ཞུགས་འཛིན། ངེད་སྐུ་གཞོགས་ན་ཡོད་དུས་གཅིག་རྫི་བོ་ཞིག་རྦབ་ལ་ཤོར་ནས་ཤི་བའི་བསྔོ་ཞུས་བྱུང་བས་དེ་མ་ཐག་བཅོས་མིན་གྱི་སྙིང་རྗེ་ཆེན་པོ་བླ་ན་མེད་པའི་རྣམ་པ་དང་བཅས་སྨོན་ལམ་གྱི་ཐུགས་འདུན་གཏད། སླར་སྐུ་མདུན་གྱི་མི་ཚོར་སྦུབ་ཟོའི་རྣམ་པས་ཇི་མི་སྙམ་པ་ལྟ་བུར་བཞུགས། ཐུགས་དམ་བརྟག་པ་འགའ་ཞིག་ཞུས་པས། ལྟ་སྣང་དུ་ཕྱག་འཕྲེང་ལ་བརྩིས་པའི་མོ་ཞིག་གནང་། བཀའ་ཕེབས་གང་གནང་ཐམས་ཅད་ཀྱི་ཐོག་ཁོ་ནར་སོང་། དོན་དུ་ནི་ཡེ་ཤེས་ཀྱི་གཟིགས་པ་སྟེ། འཕྲེང་མོ་དེ་ངེད་ལ་སློབ་པ་གནང་བྱུང་བར། ལག་ཏུ་བླངས་ཚེ་ཡིད་གཏན་རུང་བ་ནི་ཅི་ཡང་མ་བྱུང་། གཞན་ལ་ཡང་དེ་དང་འདྲ་བ་བྱུང་ངོ་། །རིན་པོ་ཆེ་དངས་མ་བའི་ལུགས་ཀྱི་སྔགས་འཁོར་གྱི་ཕྱག་ཁྲིད་གནང་ཚེ་ལག་སྦྱོངས་བྱས་པའི་འཁོར་ལོ་


GLG008_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གོང་ལར་བཙུགས་པས། རླུང་ཚུབ་ཆེན་པོ་གློ་བུར་དུ་བྱུང་ནས་འཁོར་ལོ་ཁྱེར། བཀའ་ལས། ད་རེས་ལག་ལེན་དངོས་གཞི་མིན་ནའང་འཚུབ་ཀྱི་རྣམ་པ་ཡིན་ངེས་སུ་འདུག་པས་ཡ་རྣམས་འཕྲལ་དུ་བསུབས་པ་ལེགས་གསུང་། བླ་མེད་ཀྱི་བཀའ་དབང་ཆེ་བ་རེ་གང་གནང་ཡང་དབང་རྫས་མཆོད་པ་ཡོ་བྱད་ཕྲ་མོ་ཚུན་ལ་ཡང་སོ་སོའི་བཤད་སྲོལ་ལྟར་ཞིབ་ཏུ་གནང་བ་མ་གཏོགས་སླ་ཆོས་གཏན་མི་གནང་། འཁྲིད་ཕྱག་བཞེས་ཀྱི་རིགས་ཀྱང་བླ་མ་འདི་འདི་འདྲ་བཞེད་ཅེས་ཞིབ་ཆ་ཤིན་ཏུ་ཆེ། རྗེས་སོར་དམིགས་ཁྲིད་ཀྱི་ཁྱད་འོང་ཞེས་བློར་འཇགས་ཐབས་ཀྱི་བསླབ་སྟོན་འབའ་ཞིག་གནང་། ཉིན་གཅིག་འཇིགས་བྱེད་ཀྱི་འཁྲུལ་འཁོར་ལས་འཕྲོས་ནས། དབང་གི་ལས་ཁོ་ན་ལ་བསྔགས་བརྗོད་དང་། དོན་གྱིས་བྱེད་དགོས་པའི་བརྡ་ལྟ་བུ་གནང་། དེ་སྐབས་རང་བཞིན་གྱི་བཀའ་ཕེབས་ཡིན་ནམ་སྙམ་པ་ལས་མ་གོ །ཕྱིས་བསམས་ཚེ་ལོ་དེའི་འཇུག་ཏུ་ཁར་ཁ་ཨ་ས་ལང་འོང་རྒྱུ་ཡིན་པ་ལ་དགོངས་པར་འདུག །བཀའ་ཆོས་ཀྱི་མཚམས་ལ་གསུང་འཕྲོས་ཀྱི་རིགས་སྔོན་བྱོན་གྱི་ལོ་རྒྱུས། རྒན་རབས་ཀྱི་ངག་སྒྲོས་ཀྱིས་མཐའ་བརྟེན་པ་མ་གཏོགས་རྒྱུ་མཚན་དང་མི་འབྲེལ་བའི་དུག་གསུམ་གྱིས་ཀུན་ནས་བསླང་བའི་ལོང་གཏམ་གསུང་བ་ནི་མ་ཐོས། ཚུར་འོང་ཁར་ཐོས་བསམ་སྒོམ་གསུམ་བྱེད་ལུགས་སོགས་ཀྱི་བསླབ་སྟོན་དང་། ད་འགྱངས་མེད་བསྙེན་རྫོགས་ཅིག་ཀྱང་སྒྲུབ་རན་པས། པཎ་ཆེན་རིན་པོ་ཆེ་མཁན་པོར་གདན་འདྲེན་དགོས་པ་སོགས་ཞིབ་རྒྱས་ཀྱི་བཀའ་ཕེབས་གནང་། ཧོར་ཟླ་དགུ་པའི་ནང་དུ་ཨ་ས་ལང་དམག་གི་


GLG008_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་ཆེན་པོ་དང་བཅས་ཏེ་འདམ་དུ་འབྱོར། སླེབ་མ་ཐོག་ཡོང་ཤ་བུའི་དཔོན་ཁག་བཞི་ཙམ་བཅོམ་པ་སོགས་ཀྱི་དྲག་ཤུལ་གྱིས་བོད་རྣམས་སྐྲག་ཅིང་། རྒྱལ་བ་གཉིས་པའི་བསྟན་པ་ལ་མི་བསྲུན་པའི་བློ་ཡོད་པ་འདྲ་ཞེས་ཕལ་ཆེར་ཡིད་གཉིས་སུ་གྱུར་ཀྱང་། རྗེ་འདི་ཉིད་ཀྱིས་སྐྱོན་དུ་འགྱུར་བ་མི་འོང་བའི་བཀའ་གསལ་ཕྱག་བྲིས་སུ་གནང་། དེ་ཡང་སོག་དམག་དེས་སྤྱིར་བསྟན་པ་དང་བོད་ཁམས་ལ་མི་དགེ །ཁྱད་པར་རྒྱལ་བ་ཙོང་ཁ་པའི་བསྟན་པ་ལ་ངན་སེམས་འཆང་བ་མཁྱེན་ཏེ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་པ་གསུམ་པའི་དོན་རྒྱས་པར་བཤད་པ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཉི་འོད་ཀྱི་འཕྲིན་ལས་རྣམ་བཞིའི་སྒོ་ནས་སྡང་སེམས་ཞི་བ། སྤ་བཀོང་བ། དབང་དུ་བསྡུ་བ་སོགས་ཀྱི་ལས་སྦྱོར་དང་། ཨ་ས་ལང་ལ་ཡང་རྒྱལ་བ་གཉིས་པའི་བསྟན་པ་ལ་གུས་མཆོད་ལྷུར་བླངས་ན་འདི་ཕྱིར་དགེ་བའི་ཞལ་ཏ་དང་ཕྱག་ཐམ་གནང་ངོ་། །མི་བསྲུན་སྐྱེ་བོའི་སྡང་སེམས་མུན་པའི་དཔུང་། །རྨད་བྱུང་ཐུགས་རྗེའི་འོད་ཀྱིས་རབ་ཞི་བས། །ཐུབ་བསྟན་པད་མོའི་འདབ་མ་རྒྱས་སོ་ཞེས། །སྙན་གྲགས་ཕྱོགས་བྲལ་བུ་མོའི་འགྲམ་པར་བཀོད། །རང་བཞིན་གྱིས་སྟོང་ཐ་སྙད་རྟེན་འབྱུང་དུ། །གྲུབ་ཕྱིར་གནག་པའི་ཡིད་ཀྱང་གཉེན་གཤིན་པར། །གྱུར་པས་ཟླ་བའི་ཞབས་ཀྱི་རི་མོའི་བར། །འོ་མ་བཞོས་པའི་ངོ་མཚར་གཉིས་པ་བྱས། །སོག་པོའི་དམག་གིས་ཡར་འབྲོག་ཕྱོགས་སུ་བརྒྱུགས་པ་ལ་བརྟེན། མེ་བྱིའི་དཔྱིད་ཀ་གཙང་ས་ནས། བོད་ཁྲི་སྐོར་བཅུ་གསུམ་གྱི་དཔུང་གནམ་མཚོ་ལེ་གོང་དུ་བཏེག །བོད་སོག་གི་མདུན་འཆིངས་གླེང་བར་གཙང་ནས་འགྲོ་དགོས་ཚུལ་བྱུང་བ་ལྟར།


GLG008_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ངེད་རྣམས་འཕན་ཡུལ་རྒྱལ་ལྷ་ཁང་བར་ཕྱིན། ཚུར་ལམ་ཕ་བོང་ཁར་སྐུ་གཞོགས་སུ་འོངས། བཀའ་ཆོས་ཀྱི་རིམ་པ་ཞུ་བ་དང་བཅས་ཟླ་ཤས་སྡོད་རྩིས་ཡིན་ཡང་། ཉེ་སྐོར་ཚོར་འབྲུམ་པ་མཆེད་པས། ཞག་བཅུ་སྐོར་གྱི་བར་ལས་སྡོད་པ་མ་ཤར། འོན་ཀྱང་། སླེབ་ཉིན་སྤྲེལ་ཟླའི་ཚེས་བཅུ་དང་འགྲིག་པས། དེ་ཉིན་རང་ཐུན་དྲུག་གི་ལྗགས་ལུང་དང་། སང་ནས་བཟུང་འདོད་སྦྱར་གྱི་བཀའ་ཆོས་རྣམས་ལྷུག་པར་སྩལ། བཀའ་ལས། ད་ལོའི་འབྲུམ་ནད་འདི་ཡང་མཐའ་དམག་བོད་དུ་ལྷགས་ཆེས་པའི་མཐའ་འདྲེའི་ཁ་རླངས་ཡིན་པས། རྒྱ་འགོང་གནད་ལ་གཟིར་བའི་སྐོར་འདི་ལག་ལེན་དུ་བསྟར་དགོས་ཚུལ་གྱི་བསླབ་སྟོན་དང་ལྗགས་ཁྲིད་གནང་། དགེ་འཕེལ་དུ་སླེབ་འཕྲལ་ལག་ལེན་བྱས་པས་རྨི་ལྟས་ཀྱང་ཕེབས་སྒོ་བཞིན་བྱུང་། དེ་དུས་བསྟན་པ་དང་སེམས་ཅན་གྱི་དོན་དུ་ཡུན་རིང་པོར་བཞུགས་དགོས་པའི་གསོལ་བ་བཏབ་པས། བྲག་དགོན་དུ་སྐྱེ་བརྟག་གནང་བའི་ལོ་རྒྱུས་སོགས་གསུང་ཞིང་། ང་ལོ་དོན་དྲུག་པ་ཡིན་པས། ད་ཡུན་རིང་ཨེ་སྡོད་མི་ཤེས་ཞེས་ཞལ་གྱིས་བཞེས་པ་མ་བྱུང་། སྐུ་སྐྱེ་བ་གང་དུ་བཞེས་ཞུས་པར་ཡང་། སྔར་སློབ་གཉེར་གྱི་མུས་ལ་རི་ཁྲོད་ཉག་བསྐྱངས་ནས་སྒྲུབ་པ་ཞིག་བྱེད་རྒྱུ་བྱུང་ན་དག་པའི་ཞིང་ཞིག་ཏུ་སྐྱེ་ཨེ་ཐུབ་ཀྱི་འདུན་པ་ཡིན་ནའང་། བར་དུ་རྣམ་གཡེང་དང་དཀོར་གྱི་དབང་གིས་རང་དབང་འདུས་པ་ཞིག་དཀའ་བར་འདུག་ཀྱང་། རྒྱ་ཧོར་དབུས་གཙང་སོགས་སུ་སྐྱེ་བ་ལེན་འདོད་ནི་མེད་ཅེས་བཀའ་ཕེབས། དེ་ཡང་ཐུགས་དབང་མི་འདུས་པ་སོགས་ནི་དགོངས་པ་ཅན་དུ་ངེས་ཤིང་། ལོ་སྔོན་


GLG008_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྐབས་ཐུན་དྲུག་མའི་སྐོར་ནས་འཕྲོས་ཏེ། འདི་ནས་གནང་གི་ཨེ་ཡོད་ཞུས་པས། མ་ཆག་པ་རང་བྱེད་ཀྱི་ཡོད་ལགས། རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་སུ་འགྲོ་དགོས་པ་ཞེས་བཀའ་ཕེབས་པས། ཐེག་ཆེན་འཕགས་པ་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་སྐྱེ་འཆིའི་ཚུལ་སྟོན་པ་ནི། བུ་ཕ་ཁྱིམ་དུ་འགྲོ་བ་ལས་ཀྱང་ཆེས་སླའོ། །བཀའ་ཕེབས་རྣམས་ལ་བརྟགས་ན། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས། རྒྱ་ནག་ཏུ་ཆོས་དར་པོ་མེད་འདུག་པས་སྐྱེ་བ་ལེན་པའི་ཤེས་འདོད་མེད་གསུངས་པ་ལྟར། མཐའ་འཁོབ་ཀྱི་ཡུལ་དམ་པའི་ཆོས་ཀྱི་སྣང་བརྙན་ཙམ་ལས་མེད་པ་རྣམས་ལ་ནི། རྗེ་འདི་ཉིད་སྐུ་སྐྱེ་བ་མི་བཞེས་པར་གཏན་ཚིགས་སུ་གྲུབ་ལ། དབུས་གཙང་གི་ཕྱོགས་སུ་གདུལ་བྱའི་འཕྲོ་མ་དང་། སངས་རྒྱས་བྱང་སེམས་ཀྱིས་བསྐུལ་ཏེ་སྤྲུལ་པའི་རྣམ་རོལ་སྟོན་པ་ཡང་སྲིད་མོད། དེ་ཡང་ཉི་མ་ཤར་བ་ན་མུན་པའི་ཚོགས་མཐའ་དག་ངང་གིས་འཇོམས་པ་ལྟར། གཞན་གྱིས་འགེབས་པར་མི་ནུས་པས། སྐུ་གསུང་ཐུགས་ཀྱི་མཛད་པ་ངོ་མཚར་བའི་ཚུལ་རང་བབས་ཀྱིས་སྟོན་པ་ལས་ཕ་མ་གཡོ་སྒྱུ་ཅན་གྱིས་གཏམ་སྣ་ཚོགས་སུ་སྒྲོག་པ། གྲྭ་རིགས་སྦྱིན་བདག་གི་ཚོད་འདིང་བ་སོགས་མུན་ཁུང་དུ་མདའ་འཕེན་པའི་སྦྱོར་བ་ཙམ་ལ་ནི་ཡིད་རྟོན་པར་མི་ནུས་སོ། །ཧོར་ཟླ་བདུན་པའི་ནང་དུ་ཨ་ས་ལང་མི་བཟང་དང་བཅས་ཇོ་མཇལ་ལ་འོངས། རྗེ་འདི་ཉིད་མཇལ་ཏེ། ལེགས་ཉེས་ཀྱི་བརྟག་པ་ཞུ་བ་དང་། ཟང་ཟིང་གི་འབུལ་ནོད་མང་དུ་བྱས། དམ་སེལ་གྱི་རྣམ་པས་ནམ་མཁའ་ཤིན་ཏུ་ཚུབ་ཅིང་། ཁྱད་པར་དགེ་འཕེལ་གྱི་རི་རྒྱུད་ནས་སྣ་དྲངས། ཕ་བོང་ཁའི་བར་སེར་བ་དྲག་ཏུ་བབས། དེ་འཕྲལ་


GLG008_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་བཤགས་དང་གཏོར་འབུལ་སོགས་མཛད་པས་ནམ་མཁའ་དྭངས། བརྟག་པ་ཡང་། ཨ་ས་ལང་ཕར་མཚོ་ཁར་ལོག་ན་ཕ་དང་ཨེ་འཕྲད་ཞུས་པས་མི་འཕྲད་ཅིང་བར་ཆད་ཆེ་བ་འདུག་གསུངས། ཕའི་བློན་པོ་ཐའི་ཅིང་གིས་ང་འདི་ནས་མགྱོགས་པར་མཚོ་ཁར་ཕྱིན་ན་དཔོན་པོ་དང་ཨེ་མཇལ། སྡེ་རྣམས་འཚམ་པོར་ཨེ་ཡོད། དཔོན་སྐུ་ཁམས་ཨེ་བཟང་ཞུས་པས། ད་ལྟ་སྡེ་ཡང་འཚམ་པོར་ཡོད། དཔོན་ཡང་སྐུ་ཁམས་བཟང་བར་འདུག །ཁྱོད་དང་དཔོན་མི་མཇལ་གསུངས། ཐའི་ཅིང་གི་བསམ་པ་ལ། དཔོན་སྐུ་ཁམས་བཟང་། སྡེ་འཚམ་པོར་ཡོད་ན་ཟླ་བ་གཉིས་གསུམ་ལ་ང་མཚོ་ཁར་ནི་སླེབ་འགྲོ །བརྟག་པ་འདི་ཅི་འདྲ་ཡིན་བསམས་པ་ཤར་བ་རྗེས་སུ་གླེང་བརྗོད་བྱུང་འདུག །དེ་ནས་ཟླ་བ་དྲུག་ཐོག་ལ་བར་ཁམས་སུ་ཨ་ས་ལང་དཔོན་གཡོག་ནང་འཁྲུག་དང་། མཚོ་ཁར་ཨོ་རོད་ཀྱི་དམག་གིས་བཅོམ་པ་དུས་མཉམ་དུ་བྱུང་ངོ་། །གྲངས་མེད་འགྲོ་ལ་བརྩེ་བའི་ཆུ་རྒྱུན་གྱིས། །ཐུགས་རྗེའི་ཞིང་ས་དུས་དྲུག་བརླན་པ་ལས། །ལེགས་ཉེས་འབྱུང་འགྱུར་གསལ་བའི་འབྲས་བུའི་ཁུར། །རིས་མེད་སྐྱེ་དགུའི་ཐོས་འཛིན་རྒྱན་དུ་ལྡེམ། །མ་འོངས་མངོན་སུམ་སྟོན་པའི་གསང་བའི་ཚིག །མཐའ་འཁོབ་རྗེ་འབངས་རྣ་བར་བསྒྲགས་པ་ན། །ལོག་རྟོག་ཅན་འགའ་ཐེ་ཚོམ་ཁྱོགས་འཆང་ཡང་། །དྲུག་གི་ཟླ་བར་མཐའ་དག་མངོན་དུ་གྱུར། །མེ་མོ་གླང་གི་ལོ་ལ་དབྱར་གནས་སོགས་སྔར་བཞིན་རྒྱས་པར་གནང་། གནས་བཅུ་ཕྱག་མཆོད་ཀྱི་ཞལ་བཀོད་དང་། ཐ་མའི་ཞལ་གདམས་མང་དུ་གསུངས་ཀྱང་མི་བཞུགས་པའི་བརྡར་མ་གོ །དགག་དབྱེ་གྲོལ་རྗེས་ཧོར་ཟླ་བརྒྱད་


GLG008_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེས་བརྒྱད་ནས་སྐུ་ཅུང་ཟད་བསྙུང་བའི་ཚུལ་བསྟན། ཉི་ཐང་དྲུང་འཚོ་བ་སོགས་ཀྱིས་འཕྲོད་བསྟེན་མང་དུ་བྱས་ཀྱང་གདངས་བསྐྱེད་ཆེར་མ་བྱུང་། སྔ་མོ་ནས་དགུང་ལོ་དོན་བདུན་ལས་མི་བཞུགས་པ་དང་། རིག་འཛིན་རཏྣ་གླིང་པའི་རྣམ་ཐར་དུ་ཁམས་ལྕགས་ཡིན་པས་བཞུར་ཡང་མི་བཏུབ་གསུང་བའི་ལུང་འདྲེན་ཡང་ཡང་གནང་སྟེ། ཁྱེད་ཉེ་འཁོར་རྣམས་ཀྱིས་འཁུར་དང་བུལ་ཏོག་སོགས་ལྕག་རྩོལ་གྱིས། ཁོ་བོ་ལྕགས་ཁམས་ཡིན་པས་ལོ་གཅིག་གི་བར་སྲེག་མི་བཏུབ། རྟེན་སྨན་སྐུ་ཙམ་ལས་མ་ཐུབ་ཀྱང་གནས་འདི་ཁར་བཞེངས་པ་འགྲོ་དོན་ཆེ་གསུངས། བྲག་སྣ་ཆོས་རྗེ་ལྷ་སར་འབྱོར་འཕྲལ་སྐུ་གཞོགས་སུ་ཕྱིན་པར་སྐུ་ཤིན་ཏུ་བསྙུན་པའི་ཚུལ་སྟོན་སྐབས་ཡིན་འདུག་ཀྱང་ཕྱག་གཉིས་ཀས་ཕྱག་དབང་ནོན་ཆེན་དབུ་ཐུག་དང་། རྣམ་རྒྱལ་གྲྭ་ཚང་གི་བླ་མ་བྱས་པ་ལེགས། གྲྭ་ཚོགས་ཙམ་ཡོད་ཅེས་དྲི་བ་སོགས་དགྱེས་དགྱེས་གནང་། ཚེས་དགུ་དང་བཅུའི་ཉིན་ནམ་མཁའ་ལ་ཡང་ཡང་གཟིགས་ཀྱིན་བཞད་མོ་དང་བཅས་ཏེ་དགྱེས་པའི་རྣམ་འགྱུར་མང་དུ་མཛད། དེ་ལ་དགོངས་གཞི་ཆེ་བ་ཡོད་ཚོད་དུ་འདུག་ཀྱང་འདི་ཞེས་བརྗོད་པའི་ཡུལ་ལས་འདས་སོ། །ཚེས་བཅུ་གཅིག་གི་སྲོད་དུས་ལ་ཟབ་ཞི་སྤྲོས་བྲལ་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་གྱུར་ཅིང་། ཞིང་འདིའི་མཛད་པ་ཐ་མ་བསྟན་ཏེ་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ། འདི་སྐབས་ངེད་ཚོ་རྒྱལ་ཕྱོགས་ནས་ཡོངས་ཏེ་དགའ་ལྡན་ཁང་གསར་དུ་འབྱོར་ཚེ། དག་པའི་ཞིང་དུ་གཤེགས་ནས་ཞག་གཉིས་སོང་གྲུབ་འདུག་པས་ངོས་ཀྱིས་མཇལ་བའི་སྐལ་པ་དང་ནི་བྲལ། གདུང་མཇལ་ཞིག་ལ་འགྲོ་འདོད་བྱུང་ཡང་། ལྷོ་བྱང་ནས་ཡོང་མི་མང་བ་སོགས་


GLG008_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམ་གཡེང་གིས་རང་དབང་མ་ཐོབ། དེ་ཡང་སེམས་ངོ་ཇི་བཞིན་མ་འཕྲོད་པའི་སྐྱོན་དུ་འདུག་གོ །འགྱུར་མེད་ཆོས་དབྱིངས་ངང་གཅིག་ཀྱང་། །གཉིས་མེད་གཉིས་སུ་ཤར་བ་ཡི། །སྣ་ཚོགས་སྤྲུལ་སྐུའི་ཟློས་གར་དེ། །མཁའ་ལ་མཁའ་ཡི་སྦྱོར་བ་བཞིན། །འདི་སྣང་ལ་ཞེན་འཛིན་པ་ཅན། །ཆུ་ཤིང་འབྲས་ལྟར་གྲུབ་པའི་གཟུགས། །རྡོ་རྗེའི་སྐུ་ཡང་འཇིག་ཚུལ་གྱིས། །རྙོག་བྲལ་ཆུ་མཚོར་གསལ་བར་ཤར། །ཞག་བདུན་གྱི་བར་དད་ལྡན་གསོལ་བ་འདེབས་པ་རྣམས་ཀྱི་ཆེད་དང་། དམངས་ཕལ་པ་རྣམས་ཀྱི་དད་པའི་གསོས་སུ་ཐུགས་དམ་ལ་བཞུགས་པའི་རྟགས། དྲི་བཟང་པོས་ཁྱབ་པ་དང་། སྐུ་མདངས་མ་ཡལ་བ་སོགས་བྱུང་། ཁྱད་པར་འཆི་བ་འོད་གསལ་ཆོས་ཀྱི་སྐུ་ཨ་ཏི་ཡོ་གའི་དོན་ལས་མི་འདའ་བའི་རྟགས་སུ། ནམ་མཁའ་གཡའ་དག་པ་ལ་འཇའ་འོད་ཀྱི་གུར། རྩིབས་ཤར། གྱེན་འདྲེན། ཐིག་ལེའི་རྣམ་པ་ཉི་མ་མང་དུ་བྱུང་ངོ་། །འོད་སྐོར་ཚོམ་བུ་ཆུ་ཡི་སྒྲོན་མ་སོགས། །ནང་དུ་ཇི་བཞིན་མངོན་དུ་གྱུར་པའི་རྟགས། །ཕྱི་རོལ་སྐྱེ་བོའི་མིག་ལ་སྟོན་པ་ནི། །རྒྱུ་འབྲས་བསླུ་བ་མེད་པའི་ངང་ཚུལ་ངོམ། །ཚེས་བཅུ་དགུའི་ཉིན་ད་ལྟའི་དགའ་ལྡན་ཁྲི་ཐོག་པ་ཆོས་རྗེ་ཆོས་རྒྱལ་པ་སྨད་རྒྱུད་གྲྭ་ཚང་གི་སློབ་དཔོན་ལས་ཐོག་པ་ཡིན་པས། དཔོན་སློབ་ཐམས་ཅད་ཀྱིས་གདུང་མཇལ་དང་། སྐུ་གདུང་རིན་པོ་ཆེའི་སྐུ་གཞོགས་སུ་འདུས་པའི་སྨོན་ལམ་མགྲིན་གཅིག་གསུངས་པས་འཚམས་སྦྱར་ཏེ། འཆི་བ་འོད་གསལ་ཆོས་ཀྱི་སྐུ་ལས་བར་དོ་ལོངས་སྤྱོད་རྫོགས་སྐུར་བཞེངས་པའི་རྟགས་སུ་ཐུགས་དམ་གྲོལ། གདུང་ཆོག་ལ་དགེ་སློང་


GLG008_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཁྲོད་པ་རྣམས་ཀྱིས་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་གའི་སྒོ་ནས་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཟད་མི་ཤེས་པ་འབུལ་བ་དང་། རྒྱུད་སྟོད་སྨད་ཚོར་འདུས་པའི་སྟོང་རྩ། སེར་འབྲས་དགེ་གསུམ་ལ་མང་འགྱེད། དཔོན་སློབ་པཎ་ཆེན་རིན་པོ་ཆེ་སོགས་བླ་མ་རྣམས་ལ་ཐུགས་དམ་འདོགས་ཆས་ཀྱིས་མཚོན་དགོངས་པ་རྫོགས་ཐབས་རྒྱ་ཆེན་པོ་དཀའ་བཅུ་པ་འཕྲིན་ལས་ཕུན་ཚོགས་ཀྱིས་དོ་དམ་བྱས་ཏེ་བསྒྲུབས། དེ་ཡང་ཞལ་ཆེམས་བཞིན། གླང་ལོའི་འཕྲོ་མ་རྫོགས་ཀྱི་རིང་སྐུ་གདུང་རིན་པོ་ཆེ་བཞུགས་པ་འགབ་པར་ཀུན་མཐུན་ཏེ། ཚེས་ཉི་ཤུའི་དགོངས་མོ་ཆོས་རྗེ་སྔགས་རམ་པ་དང་ཉི་ཐང་སློབ་དཔོན་གཉིས་ཀྱིས་སྤུར་ཆས་བྱས་ནས་མཆོད་པའི་རྟེན་དུ་བཞུགས་སུ་གསོལ། ཟླ་བ་བཅུ་པའི་ནང་དུ་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་དང་། ཅོ་ཎེ་ཆོས་རྗེ་སོགས་ཀྱིས་གདུང་མཇལ་དུ་བྱོན། དངུལ་སྲང་ལྔ་བཅུ་མ། དངུལ་གྱི་ཀ་ཏོ་ར་སོགས་རྟེན་བཞེངས་ཀྱི་མཐུན་རྐྱེན་མཆོག་དམན་དུ་མས་མང་དུ་ཕུལ། དཀའ་བཅུ་པས་བླ་མ་ལ་སྲི་ཞུ་ཆེ་བ་སོགས་བསམ་པ་རྣམ་པར་དག་པས་ཕྱི་རྟེན་ལ་དངུལ་གདུང་བཞེང་རྩིས་ཀྱིས་ལོ་གསར་ནས། བྱེས་པ་སློབ་དཔོན་བྱམས་པ་སྨོན་ལམ་དང་། རི་ཁྲོད་པ་རྣམས་ཀྱིས་གདུང་ཞུགས་སུ་ཕུལ་བས་ནམ་མཁའ་དྭངས་པ་དང་། འཇའ་འོད་ཀྱི་གུར། མེ་ཏོག་གི་ཆར་བབས། ཕྱིར་མི་ལྡོག་པའི་རྟགས་སུ་དབུ་ཐོད་བམ་རིལ། ཐུགས། སྐུ་ཉུངས་འབྲུ་ལྟ་བུའི་རིང་སྲེལ་འགའ་ཞིག་བྱོན། དེ་ཡང་ཞུགས་འབུལ་བ་བྱེས་པ་སློབ་དཔོན་འཕྲིན་ལས་བསམ་གྲུབ། བྲག་སྣ་ཆོས་རྗེ། ཆོས་རྗེ་སྔགས་རམ་པ་སོགས་སློབ་མ་དམ་ཚིག་གི་སེལ་མེད་པ་ཞིག་


GLG008_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན། གདུལ་བྱ་རྣམས་ཀྱི་དད་རྟེན་དུ་རང་བྱོན་གྱི་སྐུ་དང་གདུང་ཤ་རྭི་རཾ་སོགས་ཇི་སྙེད་ཅིག་འོང་ཚོད་དུ་འདུག་ཀྱང་། རབ་འབྱམས་པ་བྱམས་པ་སྨོན་ལམ་བྱེས་ཀྱི་དགེ་སྐོས་སྐབས་རྗེ་འདི་པའི་ཐུགས་དཀྲུགས་པའི་དམ་ཚིག་གི་སེལ་རེ་ཆེ་ཡོད་འདུག་པས་ཉམས་གྲིབ་ཀྱི་སྐྱོན་དུ་ངེས་ཏེ། གླིང་རས་པདྨ་རྡོ་རྗེར་ཡང་དམ་སེལ་ཅན་ཞིག་ལ་བརྟེན་ནས་གཤེགས་པའི་ལོ་རྒྱུས་དང་དུས་གྱིས་ཀྱང་རྗེ་རྣམ་རྒྱལ་དཔལ་བཟང་ཐུགས་དམ་ལ་བཞུགས་པའི་དྲུང་དུ་སྡེ་པ་གཡུལ་རྒྱལ་བས་བྱོན་པས་ཐུགས་དམ་གྲོལ་བ་སོགས་མང་ལ། དཔོན་སློབ་ཀྱི་བར་གྱི་དམ་ཚིག་ནི་ཤིན་ཏུ་འཇིགས་པས་སོ། །གཟུང་མེད་བརྗོད་བྲལ་སྣང་སྟོང་འཇའ་ཡི་ལུས། །ཡེ་ཤེས་ཞུགས་ཀྱིས་བསྲེགས་ཚེ་ཤ་རཱི་རཾ། །ཐ་སྙད་རྟེན་འབྱུང་ངོ་བོར་གྲུབ་པའི་གདུང་། །ཕྱུར་བུར་སྤུངས་ཀྱང་མཁའ་འགྲོས་ཞིང་གཞན་དྲངས། །ས་སྟག་ནང་དུ་བྱང་ཆུབ་ཆེན་པོའི་མཆོད་རྟེན་མཐོ་བཅུ་པ་ཉིད་ཆོས་རྗེ་སྔགས་རམ་པས་ཐིག་རྩ། གཟུང་གཞུག་འབུལ་བ་དང་། གང་ཅིའི་ཁུར་ལེན་དཀའ་བཅུ་པས་བགྱིས་ཏེ། བལ་པོ་བདུན་གྱིས་ཟླ་བ་གཅིག་ལ་གེགས་མེད་པར་ལྷུན་གྱིས་གྲུབ། རི་ཁྲོད་པ་རྣམས་ཀྱིས་རབ་ཏུ་གནས་ཤིང་། ཟླ་བ་ལྔ་པའི་ནང་དུ་ངེད་ལ་མེ་ཏོག་འཐོར་བར་འོང་དགོས་ཚུལ་བྱུང་བ་ལྟར་དབེན་གནས་སུ་འོངས། དབུ་ཐོད་དང་ཚེམས་འཕེལ་བའི་དུང་གཡས་འཁྱིལ་རྣམས་གདུང་རྟེན་དུ་བཞུགས་འདུག་པས། དངུལ་གདུང་སྐུ་གཞོགས་སུ་ཞག་གཅིག་བསྡད། སྨོན་ལམ་གྱིས་མཚམས་སྦྱར། བཀྲ་ཤིས་པའི་ཚིགས་སུ་བཅད་པའི་ཤིས་པ་བརྗོད་དོ། །དེ་ནས་བཟུང་ད་ལྟའི་བར་


GLG008_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བཅུ་པ་སོགས་དགེ་སློང་བརྒྱད་གྲྭར་མཐའ་བསྟེན་པ་ཕ་བོང་ཁར་རྒྱུན་ཆད་མེད་པར་གནས་པ་ནི་རྗེ་དེ་ཉིད་ཀྱིས་དགོངས་པ་གཏད་པའི་བདེན་ཚིག་གི་མཐུའོ། །སླད་ནས་ཀྱང་བོད་གངས་ཀྱི་ར་བས་ཡོངས་སུ་བསྐོར་བའི་བསྟན་འགྲོའི་ཕན་བདེ་སྙིང་ལ་གཅགས་པ་ཡིན་ན། གནས་འདི་ཉིད་དུ་དགེ་འདུན་གྱི་སྡེ་ཚུགས་པ་དང་སྲི་ཞུ་བགྱིད་པ་ལ་བརྩོན་པར་རིགས་སོ། །རབ་འབྱམས་རྒྱལ་བ་ཀུན་དངོས་དངོས་རྒྱུད་བླ་མ་ཡོངས་ཀྱི་དཔལ། །དཔལ་ལྡན་ཀུན་མཁྱེན་ཡེ་ཤེས་ཤེས་བྱ་རྣམས་ལ་ཐོགས་མེད་དུ། །དུ་མར་འབྱེད་ཅིང་ལེགས་དཔྱོད་དཔྱོད་ལྡན་དགའ་བའི་འབྱོར་བའི་གཏེར། །གཏེར་མཛོད་ཇི་བཞིན་མ་ལུས་ལུས་པ་མེད་པར་ལྷུན་གྲུབ་པ། །རྡོ་རྗེ་འཆང་དབང་བཤེས་གཉེན་རྣམ་རོལ་ཅན། །མཁས་བཙུན་བཟང་པོར་གྲགས་པའི་སྙན་པའི་རྔ། །ཕྱོགས་བྲལ་ཡོངས་ཀྱི་རྣ་ལུང་མཛེས་བྱེད་པའི། །འཁོར་ལོའི་མགོན་ཁྱོད་མཛད་པ་ཕ་མཐའ་ཡས། །མཐའ་བྲལ་བསྐལ་པར་བབས་པའི་ཆར་གྱི་གྲངས། །འཛིན་པའི་ངལ་བ་བསྟེན་ལྟར་བླ་མ་རྗེའི། །དཔག་ཡས་མཛད་པའི་ཕ་མཐའ་ཡོངས་རྫོགས་པར། །བརྗོད་པ་ཀུན་མཁྱེན་ལས་གཞན་སུ་ཡིས་ནུས། །འོན་ཀྱང་ཐུན་མོང་གདུལ་བྱའི་བསམ་པའི་མཚོར། །ཚངས་སྤྱོད་རི་དྭགས་གཟུགས་ཀྱི་འཇོ་སྒེག་ལས། །རྣམ་ཐར་ཆ་ཤས་ཙམ་གྱི་ཟེགས་མས་ཀྱང་། །དད་ལྡན་གཉིས་སྐྱེས་དགའ་བའི་གར་གྱིས་རོལ། །ཁྱབ་བདག་དམ་པའི་ཡོན་ཏན་ནོར་བུའི་དཔྱ། །ཐུབ་བསྟན་རྒྱལ་མཚན་རྩེ་མོར་མཆོད་པ་ལས། །བདེ་ལེགས་འདོད་དགུའི་གཏེར་གྱི་ཆར་ཆེན་པོས། །ཡངས་པའི་ནོར་འཛིན་ཀུན་ལ་ཁྱབ་གྱུར་ཅིག །ཁྱད་པར་ཚེ་རབས་


GLG008_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་མགོན་ཁྱོད་ཀྱིས། །དགྱེས་བཞིན་བརྩེ་བས་གཟུང་སྟེ་ངེས་གསང་ལམ། །ཐེག་ཆེན་ཆོས་ཀྱི་དཔལ་ལ་དབང་བསྒྱུར་ནས། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །རིགས་ཐམས་ཅད་ཀྱི་བདག་པོ་ཁྱབ་བདག་འཁོར་ལོའི་མགོན་པོ་འཁོན་སྟོན་ཆོས་ཀྱི་རྒྱལ་པོ་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་པར་ཐར་པ་སྐལ་བཟང་དད་པའི་ཤིང་རྟ་ཞེས་པ་འདི་ཡང་། རིང་མོ་ཞིག་ནས་བྲི་འདོད་པས། སློབ་མའི་ཚོགས་མང་པོ་དང་གླེང་མོ་ཞིབ་ཏུ་བྱས་ཀྱང་། དགེ་བའི་བཤེས་གཉེན་པུ་ཏོ་བའི་ཞལ་ནས། རང་ཅག་ཆོས་ལ་ཅི་ཡང་མི་རྩི་བར་ཇ་སུན་རེའི་མཐོ་དམན་ལ་ཐུགས་ལ་བཏགས་མ་བཏགས་ཐམས་ཅད་རྩི་བ་དེ་ཕུགས་རུལ་བའི་རྟགས་ཡིན་གསུང་བ་ལྟར། ཕལ་ཆེར་ནི་ཕོགས་བཟང་ངན། བདག་རྐྱེན་ཆེ་ཆུང་ཇ་ཚུལ་གར་སླ་ལས་སྤྲོས་པའི་བླ་མའི་སྐུ་གསུང་ཐུགས་ཀྱི་རྣམ་པར་ཐར་པ་བཤད་རྒྱུ་ཡོད་པ་ནི་ཉིན་མོའི་སྐར་མ་ལྟར་སྣང་བས། མཚན་ཉིད་པས་བླ་མ་མགྲིན་བཟང་དུ་མཐོང་ཟེར་བའི་གཏམ་རྒྱུད་བདེན་པར་གདའ། འོན་ཀྱང་ཆོས་རྗེ་སྔགས་རམ་པས་དམ་པ་དེ་ཉིད་ཀྱི་ཞལ་ལུང་ཟིན་བྲིས་སུ་བཏབ་བ་ལ་གཞི་བྱས། བྲག་སྣ་ཆོས་རྗེ། ཉི་ཐང་སློབ་དཔོན། དཀའ་བཅུ་འཕྲིན་ལས་ཕུན་ཚོགས་རྣམས་དང་འཕྲོས་བྱུང་བ་དག་གིས་ཟུར་བརྒྱན། རང་ཉིད་ཀྱིས་དངོས་སུ་ཞལ་ལུང་ལས་ཐོས་ཤིང་། རྒྱུས་ཡོད་ཀྱི་ངེས་པ་རྣམས་ཀྱིས་ཁ་བསྐང་སྟེ། བཤེས་གཉེན་མཆོག་དེའི་བཀའ་དྲིན་གྱིས་ཉེ་བར་འཚོ་བའི་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས། དམ་པ་དེ་ཉིད་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་ནས་ལོ་བརྒྱད་འདས་པ། ས་སྐྱོང་ཞེས་པ་ཤིང་མོ་བྱའི་ལོ།


GLG008_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ཧོར་གྱི་ཟླ་བ་དྲུག་པའི་དཔའ་བོ་དགའ་སྟོན་གྱི་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ།། །།ཤུ་བྷམ་སུ་སརྦ་ཛ་ག་ཏཾ།། །།མངྒ་ལཾ།། །།


previousཁྱབ་བདག་འཁོར་ལོའི་དབང་ཕྱུག་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་ཐར་སྐལ་བཟང་དད་པའི་ཤིང་རྟ།next