Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
ཉང་སྟོན་ཁྲ་ཚང་པ་བློ་གྲོས་མཆོག་གི་རྡོ་རྗེའི་རྟོགས་པ་བརྗོད་པ་ཉུང་ངུ་རྣམ་གསལ།
   
   
   


 
previousཉང་སྟོན་ཁྲ་ཚང་པ་བློ་གྲོས་མཆོག་གི་རྡོ་རྗེའི་རྟོགས་པ་བརྗོད་པ་ཉུང་ངུ་རྣམ་གསལ།next

ཉང་སྟོན་ཁྲ་ཚང་པ་བློ་གྲོས་མཆོག་གི་རྡོ་རྗེའི་རྟོགས་པ་བརྗོད་པ་ཉུང་ངུ་རྣམ་གསལ།


GLG009_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཉང་སྟོན་ཁྲ་ཚང་པ་བློ་གྲོས་མཆོག་གི་རྡོ་རྗེའི་རྟོགས་པ་བརྗོད་པ་ཉུང་ངུ་རྣམ་གསལ་ཞེས་བྱ་བ་བཞུགས་སོ། །


GLG009_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ན་མསྶརྦ་ཀཱུ་ལ་པྲ་བྷུ་ཤྲཱི་མངྒུ་ར་ཝེ། ཞི་དང་ཁྲོ་བོའི་བགྲང་ཡས་དཀྱིལ་འཁོར་མ་ལུས་པ་སྤྲོ་ཞིང་སྡུད་པའི་ཁྱབ་བདག་ཀུན་ཏུ་བཟང་པོ་ཉང་སྟོན་ཁྲ་ཚང་པ་བློ་གྲོས་མཆོག་གི་རྡོ་རྗེའི་རྟོགས་པ་བརྗོད་པ་ཉུང་ངུ་རྣམ་གསལ་ཞེས་བྱ་བ་ཐེག་དགུའི་ཡང་རྩེ་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པ་སྤེལ་བར་པཎ་ཆེན་བི་མཱ་ལ་མི་ཏྲའི་གསང་བ་བསམ་གྱིས་མི་ཁྱབ་པའི་སྤྲུལ་པའི་རོལ་གར་ཤཱཀྱ་སྐྱབས་སྦྱིན་རྒྱལ་ཀུན་འདུས་པའི་ངོ་བོ་བླ་མ་རྡོ་རྗེ་འཆང་དང་གཉིས་སུ་མེད་པ་རང་རིག་དོན་གྱི་པདྨ་ཐོད་འཕྲེང་རྩལ་མངོན་སུམ་རང་ངོ་འཕྲོད་མིན་དེ་སྲིད་ཀྱི་བར་དུ་བདེ་ཆེན་འཁོར་ལོའི་པད་མཚོར་འབྲལ་བ་མེད་པར་གསོལ་བ་འདེབས་ན་ཐུགས་རྗེ་ཆེན་པོས་རྗེས་སུ་བཟུང་སྟེ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ།ངོ་བོ་རིག་རྩལ་འདུས་མ་བྱས་པ་གདོད་ནས་ཆོས་སྐུ་མན་ཤེལ་གདངས། །རང་བཞིན་འགགས་མེད་ཡེ་ཤེས་ལྔར་ཤར་ལོངས་སྤྱོད་རྫོགས་སྐུ་མ་འདྲེས་ཚོན། །ཐུགས་(༢ན)


GLG009_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཀུན་ཁྱབ་སྣ་ཚོགས་སྤྲུལ་སྐུ་གཅིག་པུ་ཉིད་ལས་དུ་མའི་གར། །བསྒྱུར་མཛད་བློ་གྲོས་མཆོག་གི་རྡོ་རྗེའི་ཞབས་ཟུང་འཁོར་ལོར་མགོས་ཕྱག་འཚལ། །དུས་གསུམ་སངས་རྒྱས་ཀུན་འདུས་པདྨ་འབྱུང་། །མཚན་བརྒྱད་རྣམ་རོལ་ཤཱཀྱ་སེང་གེ་དེའི། །མི་འཇིགས་སྐྱབས་ཀྱི་སྦྱིན་པའི་ཕྱག་རྒྱ་ཡིས། །སྔ་འགྱུར་བསྟན་པའི་བདག་པོར་དེང་གཟེངས་བསྟོད། །དྲི་མེད་བཤེས་གཉེན་འཇའ་ལུས་འཕོ་བ་ཆེ། །ཡོངས་གྲུབ་རི་བོ་རྩེ་ལྔར་སྒྱུ་མའི་སྐུ། །མ་བསྡུས་མངོན་སུམ་བཞུགས་པ་རྫུན་པའི་གཏམ། །མིན་ན་ཉང་སྟོན་རིགས་སུ་བྱོན་འདི་ཅི། །མཁྱེན་སྤྱོད་ལང་ཚོ་དར་བའི་རྔ་ཡབ་ཀྱིས། །རྙིང་བསྟན་གོག་པོའི་རྡུལ་འཕྱག་གད་བདར་གྱི། །མཁན་པོར་པདྨཱ་ཀ་རས་མངའ་གསོལ་བར། །རྒྱལ་རྣམས་དགྱེས་པའི་ལེགས་སོ་སྟེར་བ་བཞིན། །བརྒྱ་བྱིན་གཙུག་ཏོར་ནོར་བུར་རེག་པའི་མོད། །མི་ལུས་སྐབས་གསུམ་གཟུགས་སུ་སྒྱུར་བྱེད་ན། །ཐེག་མཆོག་ཆོས་ཀྱིས་གཉིས་འཛིན་རྒྱ་བྲལ་(༢བ)


GLG009_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མཐར། །ས་ལམ་རྫོགས་པའི་ཀུན་ཏུ་བཟང་དེ་ཉེ། །ཆེད་དུ་དམན་ཆ་བླངས་པའི་མཚན་མོའི་མལ། །སོ་སྐྱེའི་གཉིད་ལ་གཡུར་འདོད་རྫུ་བག་མུན། །མཁས་གྲུབ་ངང་ཚུལ་སྐྱ་རེངས་མས་དྲངས་པའི། །རྣམ་ཐར་རྟ་ལྗང་ཅན་ཤར་གང་གིས་འགོག །གཞན་གསོས་མགྲིན་པའི་དྲིལ་ཆུང་འཁྲོལ་བའི་གླུ། །སྙན་པོ་རྣ་བར་མངར་བའི་ཕོ་ཉ་ཡིས། །ལེགས་བོས་སྤང་ལྗོངས་མར་གད་གོས་གྱོན་པ། །དབྱར་གྱི་དཔལ་མོའི་བཞིན་ངོམ་དངོས་པོའི་གཤིས། །ཐུབ་མཆོག་རྣམས་ཀྱི་ཡོན་ཏན་ཉེར་བརྗོད་པའི། །ཉམས་འགྱུར་སྒྲ་དོན་བྷྲ་མ་ར་ཡི་གླུར། །མེ་ཏོག་མཆུ་སྒྲོས་འདབ་མ་རྒོད་པ་ནས། །སོ་འཕྲེང་ཟེའུ་འབྲུ་དཀར་པོ་སྟོན་ལ་བྲེལ། ཁུངས་བཙུན་རིགས་བལྟམས་ཐོས་བསམ་དངོས་གྲུབ་བརྙེས། །ཆོས་འཁོར་ལེགས་བསྐོར་འགྲོ་དོན་དཔག་ཡས་མཛད། །ཟབ་དང་རྒྱ་ཆེའི་བསྟན་བཅོས་མང་དུ་བརྩམས། །ཞི་བའི་ཀློང་གཟིམས་དོན་ལྡན་གཏམ་གྱི་གཞི། །གསང་ལས་ཡང་གསང་དབྱངས་ཅན་ཕང་འགྲོའི་སྒྲ། །ཐུན་མོང་གཅིག་པུའི་ཐོས་འཛིན་ཡུལ་མིན་ཡང་། །མཁས་བཙུན་བཟང་པོའི་རྒྱུད་མངས་ལས་དྲངས་པའི། །གླུ་འདི་ཤེས་ལྡན་ཡིད་གསོས་རྩི་སྨན་ལྗོན། །མི་ཕྱེད་ཆོས་རྗེས་འབྲང་དང་ཟླ་ཟེར་གྱིས། །དམ་པའི་ཡོན་ཏན་ཀུནྡ་ཁ་འབྱེད་པའི། །སྐལ་བཟང་འདི་ཀོ་དུས་མཁྱེན་རྒྱལ་པོ་དང་། །མཚུངས་སྙམ་སྤོབས་མགྲིན་མཐར་བཏེག་སྨྲ་འདི་ཉོན། །དེ་ཡང་བསྟན་བཅོས་རྩོམ་པ་དང་བཀའ་དང་དགོངས་འགྲེལ་བསྒྱུར་པའི་ཚེ་ཡུལ་ཁྱད་པར་ཅན་ལ་ཕྱག་འཚལ་བ་ལོ་པཎ་རྣམས་ཀྱི་ཕྱག་བཞེས་ཡིན་པས། མངོན་པའི་སྡེ་སྣོད་ཀྱི་ཐོག་མར་འཇམ་དཔལ་དབྱངས། (༣ན)


GLG009_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡེའི་སྡེ་སྣོད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ།འདུལ་བ་ལ་ཐམས་ཅད་མཁྱེན་པ་ལ་ཆེད་དུ་བརྗོད་པས་བསོད་ནམས་འཕེལ་ཞིང་བར་ཆད་མི་འཇུག་པ་དང་ཆོས་དེ་སྡེ་སྣོད་གསུམ་པོ་གང་གི་ཁོངས་སུ་གཏོགས་ཤེས་སླ་བར་གསུངས་པར་མ་ཟད་བརྡ་སྤྲོད་པའི་བསྟན་བཅོས་ཙནྡྲ་བྱཱ་ཀ་ར་ཎར། གྲུབ་པ་ཀུན་མཁྱེན་ཀུན་ལ་སྨན། །འགྲོ་བའི་བླ་མར་ཕྱག་འཚལ་ནས། །ཞེས་དང་། ཆ་བསགས་ཀྱི་མདོར། གཉིས་སུ་མེད་པར་གསུང་བ་སངས་རྒྱས་ལ་ཕྱག་འཚལ་ཞིང་། སྡེབ་སྦྱོར་གྱི་བསྟན་བཅོས་རིན་ཆེན་འབྱུང་གནས་ལས། རྒྱལ་བ་ཐུབ་པ་ཉི་མ་ནི། །སྣང་བ་མཆོག་གི་བདག་ཉིད་ཅན། །ནང་གི་མཚན་མོ་ཤེས་བྲལ་གྱི། །ནང་གི་ཉིན་བྱེད་ལ་ཕྱག་འཚལ་དང་། མངོན་བརྗོད་མུ་ཏིག་འཕྲེང་བར། གསེར་གྱི་མདོག་ཅན་བསོད་ནམས་བརྒྱ་ཡི་མཚན་མངའ་བ། །བསོད་ནམས་ཕུང་པོ་རི་བོ་དངོས་སུ་རྒྱུ་བ་བཞིན། །ལྷ་དང་མིས་མཆོད་དཔལ་ལྡན་ཤཱཀྱ་སེང་གེ་གང་། །(༣བ)


GLG009_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་རྒྱ་མཚོ་འདྲ་བ་དེ་ལ་ཕྱག་བགྱིའོ། །ཞེས་རྒྱ་གར་ཁ་སྤུ་ཅན་རྣམས་ཀྱི་རྣམ་པར་ཐར་པའི་རྗེས་སུ་འབྲངས་ཏེ་ཡུལ་ཁྱད་པར་ཅན་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བའི་སྒོ་ནས་ལས་སུ་བྱ་བ། མདོ་ལས། དེ་བཞིན་གཤེགས་པ་དུས་མཁྱེན་རྒྱལ་པོ་ནི། །སྙན་ངག་མཁན་དེ་བདེ་གཤེགས་རྩྭ་མཆོག་ལ། །ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་ནས་ཀྱང་། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་སྐྱེས་བུ་དམ་པ་རྣམས་ལ་སྙན་ངག་གི་ལམ་ནས་དྲངས་ཏེ་བསྟོད་པའི་བསོད་ནམས་ཀྱི་ཕུང་པོ་ནི་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་རྡུལ་གྱིས་བགྲང་བར་མི་ནུས་ལ། སྙན་ངག་ཀྱང་མཁས་དབང་དཎྜིས། ཚིགས་བཅད་རྐང་བཞི་དེ་ཡང་ནི། །བྲྀཏྟ་ཛཱ་ཏི་ཞེས་རྣམ་གཉིས། །དེ་ཡི་སྤྲོས་པ་མཐའ་དག་ནི། །སྡེབ་སྦྱོར་གཞུང་དུ་ངེས་པར་བསྟན། །རིག་དེ་སྙན་ངག་རྒྱ་མཚོ་ནི། །ཟབ་མོ་རྒལ་འདོད་རྣམས་ཀྱི་གྲུ། ཞེས་རྐང་པ་བཞིར་བཅད་པའི་ཚིགས་བཅད་ཉིད་གཙོ་བོར་གསུངས་ཤིང་སྙན་ངག་རྣམས་ཀྱི་མཆོག་རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་ཡང་དེ་དང་ཆ་མཐུན་མོད། མཐའ་གཅིག་ཏུ་ངེས་པ་མེད་པ་སློབ་དཔོན་ཆེན་པོ་དཔལ་ལྡན་མ་ཁོལ་གྱི་བདེ་བར་གཤེགས་པའི་འཁྲུངས་རབས་སོ་བཞི་པ་བཅད་ལྷུག་སྤེལ་མར་མཛད་པ་དང་། ལྗོངས་འདིར་ཟློས་གར་གྱི་བསྟན་བཅོས་ཀྱང་ཚུལ་དེ་ལྟ་བུར་ངོས་འཛིན་པས། རིམ་ལྔ་ལས། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །ཞེས་བླ་མ་དམ་པ་ནི་གདན་གསུམ་ཚང་བའི་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་ཡིན་པས་དེ་ལ་མཆོད་བསྟོད་སོགས་རི་མོར་གང་བྱས་(༤ན)


GLG009_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ལ་བྱས་པར་འགྱུར་བའི་ཚོགས་རྒྱ་ཆེན་པོ་གསོག་ལ། དེ་ཡང་ཚོགས་གསོག་ཚུལ་རྣམ་གྲངས་མང་བ་གཞན་དག་གི་སྒོ་ནས་བསགས་ན་མི་རུང་ངམ་སྙམ་ན་རང་གི་བསགས་སྦྱངས་ལ་ཁྱད་པར་མེད་ནའང་བདེ་བར་གཤེགས་པ་ཞི་ཁྲོ་རབ་འབྱམས་མ་ལུས་པ་འདུས་པའི་བདག་ཉིད་ཀུན་བཟང་རྡོ་རྗེ་འཆང་མཉམ་མེད་ཁྲ་ཚང་པ་ཆེན་པོ་བློ་གྲོས་མཆོག་གི་རྡོ་རྗེ་ཆོས་སྐུ་བདེ་བ་ཆེན་པོའི་དབྱིངས་སུ་གཟུགས་སྐུ་སྒྱུ་མའི་རྣམ་འཕྲུལ་ཉེ་བར་བསྡུས་ཀྱང་། མེ་ལོང་མར། སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས། །ངག་གི་རང་བཞིན་མེ་ལོང་ཐོབ། །དེ་དག་ཉེ་བར་མི་གནས་ཀྱང་། །རང་ཉིད་ཉམས་པ་མེད་ལ་ལྟོས། །ཞེས་སྔོན་གྱི་རྒྱལ་པོ་ང་ལས་ནུ་ལ་སོགས་པ་དེང་སང་དངོས་སུ་མེད་རུང་དེ་དག་གི་སྙན་གྲགས་འགྲོ་བ་རྣམས་ཀྱི་རྣ་བའི་རྒྱན་དུ་གྱུར་པ་བཞིན་འོ་སྐོལ་གྱི་སྟོན་པ་ཤཱཀྱའི་རྒྱལ་པོ་ནས་བཟུང་རྒྱ་བོད་ཀྱི་མཁས་གྲུབ་ཕལ་མོ་ཆེར་རྣམ་པར་ཐར་པའི་ཡི་གེ་ཡོད་པ་མང་ཞིང་ཚུལ་དེ་དག་བརྗོད་པའང་། བཤེས་སྤྲིངས་སུ། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་། །བདེ་དང་མི་བདེ་སྙན་དང་མི་སྙན་དང་། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །ཅེས་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་སོང་བའི་གྲགས་པ་དང་སྙན་པ་དོན་དུ་གཉེར་བ་མ་ཡིན་པ། མཁས་མཆོག་དཔའ་བོས། གྲགས་པའི་མཚན་མར་གྱུར་པ་བཟང་པོ་འདི་རྣམས་ཀྱིས། །བདེ་བར་གཤེགས་གྱུར་ལམ་རྣམས་གང་ཡིན་བསྟན་པར་འགྱུར། །ཡིད་ལ་དད་པ་མེད་པ་རྣམས་ཀྱང་དད་པར་འགྱུར། །(༤བ)


GLG009_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དང་ལྡན་པའི་གཏམ་གྱིས་རབ་ཏུ་དགའ་བར་འགྱུར། །ཞེས་དམ་པའི་རྣམ་པར་ཐར་པ་ལ་བརྟེན་ནས་སྔར་དད་པ་མེད་པ་རྣམས་གསར་དུ་སྐྱེ་ཞིང་ཡོད་པ་རྣམས་གོང་ནས་གོང་དུ་རྒྱས་པའི་ཕྱིར་ན་འགྲོ་བ་ཀུན་གྱི་ལེགས་བྱས་རྒྱ་ཆེར་འཕེལ་བ། དཀོན་ཅོག་སྒྲོན་མའི་གཟུངས་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །དད་པ་རྙོག་པ་མེད་ཅིང་སེམས་དང་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་ནོར་དང་གཏེར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཞེས་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་དད་པ་ལ་རག་ལས་པའི་ཕྱིར་རྡོ་རྗེའི་སློབ་དཔོན་ཆེན་པོའི་རྟོགས་བརྗོད་རྒྱས་པ་ཞིག་འབྲི་བར་སྤྲོ་བའི་རྗེ་བླ་མའི་ཞབས་འབྲིང་བ་སོ་སོར་རྣམ་ཐར་གྱི་ས་བོན་དགོས་ཚུལ་མོལ་བར་ཆོས་རྗེ་གདན་ས་བ་སྨར་ངག་དབང་ཐུབ་བསྟན་གྱིས་ས་བོན་འཕྲིན་ཤོག་ཆེ་བ་ཙམ་གྱི་རྩིས་ལས་ཞབས་ཕྱིར་ཡུན་རིང་བསྡད་ཀྱང་བློར་མ་འཇགས་ཚུལ་དང་གསན་ཡིག་གི་གླེེགས་བམ་ལས་མ་བྱུང་ཞིང་། རོང་བ་སྐུ་སྐྱེ་ངག་དབང་འཇམ་དབྱངས་ཀྱིས་ཁོ་རང་ཞབས་འབྲིང་དུ་བསྡད་པ་ཚུན་ཞིབ་ཙམ་བྲིས་འདུག་རུང་སྟོད་ཆ་རྣམས་གསལ་བ་མི་སྣང་བས་སྟོད་སྨད་མི་མཚུངས་པའི་གོ་རིམས་བསྒྲིགས་པ་ལེགས་ཆར་མི་འགྱུར་བ་ནས་མཛད་པ་རྣམས་སྡེ་ཚན་དུ་བྱས་ཏེ་ཉུང་ངུར་འགོད་པ་ལ་ཁུངས་བཙུན་གདུང་ལས་བལྟམས་པ། ཡོངས་འཛིན་བསྟེན་ནས་ཐོས་པ་རྒྱ་ཆེར་(༥ན)


GLG009_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ། བསྐྱེད་རྫོགས་རྫོགས་པ་ཆེན་པོར་གོམས་པས་དངོས་གྲུབ་བརྙེས་པ། གྲངས་མེད་པའི་སློབ་མར་ཆོས་འཁོར་རྒྱ་ཆེར་བསྐོར་བ། དགོན་གནས་ཀྱི་ཞལ་བདག་དང་བྱ་བ་ལས་ཀྱི་འཁོར་ལོ་སོགས་འགྲོ་དོན་མཛད་པ། ལེགས་བཤད་ཀྱི་བསྟན་བཅོས་བརྩམས་པ། རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་ཆོས་དབྱིངས་སུ་འདུས་མ་བྱས་པའི་ཀློང་དུ་སྐུའི་བཀོད་པ་བསྡུས་པ་དང་བདུན་ལས། དང་པོ་ནི། དྲི་མེད་འོད་ཀྱི་འཇིག་རྟེན་ཁམས་ལེར། འཇིག་རྟེན་ཀུན་རྫོབ་ཏུ་མོས་པ་སྣ་ཚོགས་པའི་སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་འཇིག་རྟེན་གྱི་ཁམས་ལ་ཚད་སྣ་ཚོགས་གསུངས་ཤིང་། དོན་དམ་པའི་བདེན་པས་འཇིག་རྟེན་གྱི་ཁམས་ལ་ཚད་མེད་དེ། སེམས་ཅན་གྱི་བསོད་ནམས་དང་སྡིག་པའི་དབང་གིས་འཇིག་རྟེན་གྱི་ཁམས་ལ་ཚད་སྣ་ཚོགས་སུ་སྣང་བ་ཡིན། ཞེས་འགྲོ་བའི་ལས་ཀྱི་སྣང་ངོར་འཆར་ཚུལ་མཐའ་ཡས་པར་འདི་ཙམ་ཞེས་ཚད་བཟུང་བར་མི་ནུས་ནའང་མངོན་པ་གོང་འོག །སངས་རྒྱས་རྨ་ག་ཆད། དུས་འཁོར་བདེ་མཆོག་མཁའ་འགྲོ་རྒྱ་མཚོ་སོགས་མདོ་རྒྱུད་དུ་མ་ནས་ཚད་གསུངས་པའི་ཆོས་མངོན་པ་ལས། གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་པ། །མཉམ་དུ་འཛིན་ཅིང་འབྱུང་བ་ཡིན། །ཞེས་འཇིག་རྟེན་གྱི་ཁམས་འདི་གཅིག་ཏུ་བྱས་པ་དེ་འདྲ་བ་སྟོང་གི་ནང་ཚང་བ་སྟོང་སྤྱི་ཕུད། དེ་དང་(༥བ)


GLG009_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པ་སྟོང་གི་གྲངས་ཚང་བ་བར་མའི་འཇིག་རྟེན་གྱི་ཁམས། དེ་ལྟ་བུ་སྟོང་གི་གྲངས་ཚང་བ་གངས་ཆེན་མཚོའི་རྒྱ་མཚོ་ཆེན་པོར་བརྟེན་ཁོར་ཡུག་གཅིག་གིས་བསྐོར་བ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་རྣམས་ཆགས་འཇིག་ཅིག་ཅར་དུ་འབྱུང་བ་འདི་ནི་མཆོག་གི་སྤྲུལ་སྐུའི་ཞིང་དུ་འདོད་ལ། ཐེག་ཆེན་པའི་ལུགས་ལ་བཤད་མ་ཐག་པ་དེ་བྱེ་བ་ཕྲག་བརྒྱར་རབ་འབྱམས་མཚམས་སྦྱོར་གཅིག །དེ་བྱེ་བ་ཕྲག་བརྒྱར་རབ་འབྱམས་རྒྱུད་གཅིག །དེ་བྱེ་བ་ཕྲག་བརྒྱར་རབ་འབྱམས་རྒྱ་མཚོའམ་བར་མའི་རྒྱུད་གཅིག །དེ་བྱེ་བ་ཕྲག་བརྒྱར་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་སྤྲུལ་པའི་སྐུ་གཅིག་གི་ཞིང་དེ་རྣམ་སྣང་གངས་ཅན་མཚོའི་བ་སྤུའི་ཁུང་བུ་རེ་དང་ཞིང་གི་རྡུལ་རེར་ཡང་བྱེ་བ་ཕྲག་བརྒྱར་གནས་ཤིང་ཐུབ་པ་འདི་ཉིད་བདག་ཅག་གི་སྟོན་པ་ལོངས་སྐུར་བཞེངས་པ་ཡིན་ལ། གོང་གི་ཞིང་ཁམས་རྣམས་གཅིག་ཏུ་བསྡོམས་པ་ལོངས་སྐུའི་ཞིང་ཁམས་རེར་སོང་ཚུལ་འདི་ཡིས་ནམ་མཁའ་ཇི་སྲིད་ཁྱབ་པར་གྱུར་པ་དེ་སྙེད་རྒྱལ་བའི་ཞིང་དང་སྐུའང་གནས་སོ། །ཐུབ་པ་དེའི་ལྷུང་བཟེད་དུ་པདྨའི་སྡོང་པོ་ཉེར་ལྔ་གནས་པའི་བཅུ་གསུམ་པའི་སྟེང་ན་གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱས་བརྒྱན་པ་ནི་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་སངས་རྒྱས་སྟོང་ལ་སོགས་པ་འབྱོན་པའི་ས་ཡིན་ཞིང་། དེ་ཡང་འཇིག་རྟེན་ཁམས་ལེར། གླིང་ནི་ཟླ་བ་འོད་དཀར་ཅན་དང་རབ་མཆོག་ཀུ་ཤ་དང་ནི་མིའམ་ཅི་དང་ཁྲུང་ཁྲུང་དང་། །དྲག་པོ་ཡང་ནི་ལོངས་སྤྱོད་ས་སྟེ་བདུན་པར་ཛམྦུའི་མི་རྣམས་གནས་པ་དག་ནི་ལས་ཀྱི་ས། །ཞེས་རི་རབ་ཀྱི་རིའི་འོག་ན་ཡོད་པའི་(༦ན)


GLG009_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་དྲུག་ནི་ལོངས་སྤྱོད་ཀྱི་ས་དང་། དེའི་ཕྱི་རོལ་གྱི་གླིང་བཞི་གླིང་ཕྲན་བརྒྱད་ལས་ཀྱི་ས་པར་གསུངས་པ་དང་ཕྱོགས་མཚུངས་པ་མཁའ་འགྲོ་རྒྱ་མཚོ་སོགས་ནས་ཀྱང་འབྱུང་ལ། ཛ་ན་སྐྱེ་བ་ལའོ་ཞེས་པའི་བྱིངས་ལས་བསྒྲུབས་པའི་ཛམྦུའི་གླིང་དེ་ས་དུམ་བུ་བཅུ་གཉིས་རྫོགས་པར་ངོས་བཟུང་སྟེ་འཛམ་གླིང་ཆེན་པོ་དང་རི་རབ་ལྷོ་ཕྱོགས་ཀྱི་གླིང་འདི་ལ་ཆུང་ངུའི་ཐ་སྙད་དུ་འདོགས་ནའང་ཆོས་མངོན་པ་སོགས་ཕལ་ཆེར་དུ་འཛམ་གླིང་ཆེ་ཆུང་གི་ཐ་སྙད་མི་མཛད་ཅིང་ལས་ཀྱི་ས་པ་ཡང་། བདེ་མཆོག་སྡོམ་འབྱུང་དུ། ཤར་གྱི་ལུས་འཕགས་བ་ལང་སྤྱོད། །དེ་བཞིན་བྱང་གི་སྒྲ་མི་སྙན། །གླིང་གསུམ་པོ་ཡི་མི་རྣམས་ནི། །ལོངས་སྤྱོད་ཆེན་པོས་ཡང་དག་འཚོ། །རྣམ་རྟོག་མེད་ཅིང་རྟོག་སྤྱོད་མེད། །བླུན་རྨོངས་བྱེ་བྲག་མི་ཕྱེད་པའོ། །འཛམ་བུ་གླིང་དུ་ལེགས་སྐྱེས་པ། །ལས་ཀྱི་ས་པར་རབ་ཏུ་གྲགས། །ལེགས་བྱས་ཉེས་པར་བྱས་པའི་ལས། །མཆོག་དང་འབྲིང་དང་ཐ་མ་ཡི། །སྐྱེ་བ་སྔ་མའི་རྣམ་སྨིན་འདིར། །སྐྱེ་བོ་ཀུན་ལ་མཐོང་བར་འགྱུར། །ཞེས་ལྷོ་འཛམ་བུ་གླིང་འདི་ཉིད་ལས་ཀྱི་ས་པར་གསུངས་པའི་ལྟེ་བ་རྡོ་རྗེ་གདན་དུས་གསུམ་གྱི་སངས་རྒྱས་རྣམས་མཆོག་གི་སྤྲུལ་པའི་སྐུར་མངོན་པར་རྫོགས་པ་འཚང་རྒྱ་བའི་གནས་བསྐལ་པ་ཆགས་འཇིག་གི་དུས་ཀྱང་གཞོམ་ཞིག་དང་བྲལ་བ། ཤར་རྒྱ་ནག་གི་རྒྱལ་ཁམས་སུ་འཕགས་པ་འཇམ་དཔལ་གྱི་ཕོ་བྲང་རི་བོ་རྩེ་ལྔ། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ན་འཕགས་པ་སྤྱན་རས་གཟིགས་ཀྱི་གནས་པོ་ཏ་ལ། ནུབ་ཕྱོགས་ཨཽཌྜི་ཡ་ན་ཞེས་འཕུར་འགྲོའི་ཐེག་པར་མཁའ་འགྲོ་འདུ་(༦བ)


GLG009_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གླིང་རང་བྱུང་གི་གཙུག་ལག་ཁང་བྱང་ཕྱོགས་ན་ཆོས་རྒྱལ་རིགས་ལྡན་གྱི་རྒྱལ་ས་ཤམྦྷ་ལའི་གྲོང་ཁྱེར་གྱིས་མཚོན་པའི་ཞིང་དང་ཡུལ་གྱི་བཀོད་པ་མཐའ་ཀླས་ནའང་། ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། །ཞེས་འཕགས་ཡུལ་ནས་བརྩིས་པའི་བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ་ནི། འཇམ་དཔལ་རྩ་རྒྱུད་ལས། ང་ཡི་དུས་ནས་ལོ་བརྒྱ་ན། ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་མཚོ་རྣམས་ཀོང་ཆུ་བརླག་ཏུ་ཐེམ་ནས་སཱ་ལའི་སྨན་ལྗོངས་སུ་གྱུར་པའི་སྤྱན་རས་གཟིགས་དང་འཕགས་མ་སྒྲོལ་མས་བྱིན་གྱིས་བརླབས་པའི་སྤྲེའུ་དང་བྲག་སྲིན་མོ་འདུས་པ་ལས་གདོང་དམར་ཤ་ཟན་གྱི་ཕྲུག་གུ་མང་དུ་འཕེལ་ཏེ་རིམ་གྱིས་མིའི་ཁམས་སུ་གྱུར་པ། ཚལ་པའི་དེབ་དམར་དུ། མ་སངས་སྤུན་དགུ། རྒྱལ་ཕྲན་ཉི་ཤུ་རྩ་ལྔ། བཅུ་གཉིས། སིལ་མ་བཞི་བཅུས་རིམ་གྱིས་དབང་བྱས་པ་དུས་རིང་ཞིག་ན་བོད་སྤྱི་ལ་དབང་སྒྱུར་བའི་རྒྱལ་པོ་ནི་གླང་དར་ཙམ་མ་གཏོགས་བཙད་པོ་རྣམས་རིགས་གསུམ་མགོན་པོས་མཚོན་པའི་འཕགས་ཆེན་དམ་པའི་རྣམ་སྤྲུལ་ཤ་སྟག་ཏུ་བྱུང་བས་ན། བཀའ་གདམས་གླེགས་བམ་རིན་པོ་ཆེའི་ལྷའི་རྒྱལ་པོའི་སྐྱེས་རབས་སུ། ད་ཧྲིལ་ཏེ་དྲིལ་ན། སྔོན་གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་དེ་དག་རིགས་གསུམ་མགོན་པོའི་སྤྲུལ་པར་གྲགས་ཏེ། རལ་པ་ཅན་ལ་སོགས་པ་གཅིག་གཉིས་རིགས་གཞན་ཡིན་གྱི་ཕལ་ཆེ་བ་ནི་མགོན་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་རྒྱལ་བའི་(༧ན)


GLG009_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གནས་ཉིད་ཡིན་ལ། མཁན་བརྒྱུད་བྱང་ཆུབ་སེམས་དཔའ་དེ་རྣམས་ནི་ང་ཁོ་ན་ཉིད་ཡིན་གྱིས་གཞན་དུ་མ་སེམས་ཤིག །ཅེས་གསུངས་པས་ཤེས་ནུས་ཤིང་བྱེ་བྲག་འཕགས་པ་སྒྲིབ་པ་རྣམ་སེལ་གྱིས་བསྐུལ་བའི་རྐྱེན་གྱིས་བོད་འདུལ་བར་བྱོན་པ། དེ་ཉིད་ལས། པོ་ཏ་ལ་ཡི་རི་བོ་ན། སྤྱན་རས་གཟིགས་དབང་ང་བཞུགས་ཚེ། །སྒྲིབ་པ་རྣམ་སེལ་དེར་བྱོན་ཏེ། །མགོན་པོ་བོད་ཀྱི་ཡུལ་དུ་བྱོན། །བོད་རྗེ་གཉའ་ཁྲི་བཙན་པོར་མཛོད། །འགྲོ་བའི་དོན་དུ་ངེས་འགྱུར་གསུངས། །ང་ནི་བདེར་གཤེགས་ཆོས་སྐུ་ལ། །འགྲོ་འོང་ཐ་དད་མི་མངའ་མོད། །བོད་རྗེ་གཉའ་ཁྲི་བཙན་པོར་གྲགས། །སྣང་ངོར་ཐ་དད་དུ་མ་འབྱུང་། །ཞེས་བཤད་པ་ལྟར་རྒྱ་གར་རྒྱལ་པོ་དམག་བརྒྱ་པའི་བརྒྱུད་ལས་རྗེ་གཉའ་ཁྲི་བཙན་པོ་ལྷ་རི་རོལ་པོའི་རྩེར་བྱོན་པ་ཡོན་ཏན་ཅན་གྱི་མི་བཅུ་གཉིས་ཀྱིས་མཐོང་བ་གང་ནས་འོངས་དྲིས་པས་ནམ་མཁའ་ལ་མཛུབ་མོ་ཀེར་བས་ལྷའི་ཡུལ་ནས་འོངས་པ་ཞིག་ཏུ་གོ་སྟེ་གཉའ་ཁྲི་བྱས་གདན་དྲངས་པས་མཚན་ཡང་དེར་ཐོགས་ཤིང་བོད་ཡོངས་ཀྱིས་ལྷ་བཙན་པོར་མངའ་གསོལ། འདི་ནས་བཟུང་གནམ་གྱི་ཁྲི་བདུན། བར་གྱི་སྟེང་གཉིས། སའི་ལེགས་དྲུག །ལྡེ་བརྒྱད་ཀྱི་རྗེས་སུ་བཙན་ལྔར་གྲགས་པའི་ཁྲི་ཐོག་རྗེ་བཙན་ཏེ་རྒྱལ་རབས་ཉེར་བདུན་གྱི་བར་ཆབ་སྲིད་སྒྲུང་ལྡེའུ་བོན་གྱིས་བསྐྱངས། ཉེར་བརྒྱད་པའང་དེ་ཉིད་ལས། པོ་ཏ་ལ་ཡི་རྩེ་མོ་ན། །སྙིང་རྗེ་ཆེན་པོ་ང་བཞུགས་ཚེ། །ཀུན་ཏུ་བཟང་པོ་དེར་བྱོན་ཏེ། །ཐུགས་རྗེ་ཆེན་པོ་བོད་དུ་བྱོན། །ཐོ་ཐོ་རི་ཞེས་བོད་རྗེར་མཛད། །སེམས་ཅན་དོན་དུ་ངེས་འགྱུར་རོ། །ང་ནི་བདེ་གཤེགས་ཆོས་(༧བ)


GLG009_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལ། །འགྲོ་དང་འོང་བ་མི་མངའ་ཡང་། །ཐོ་ཐོ་རི་ཞེས་བྱ་བར་གྲགས། །སྣང་ངོར་ཐ་དད་དུ་མ་འབྱུང་། །ཞེས་ལྷ་ཐོ་ཐོ་རི་གཉན་བཙན་ཕོ་བྲང་ཡུམ་བུ་བླ་སྒང་དུ་བཞུགས་པའི་ཚེ་དཔང་སྐོང་ཕྱག་བརྒྱ་པ། ཚིནྡྷ་མ་ཎིའི་རྐོས་ཕོར་གསེར་གྱི་མཆོད་རྟེན་མདོ་སྡེ་ཟ་མ་ཏོག་གི་སྙིང་པོ་ཡི་གེ་དྲུག་པ་རྣམས་བབས་པ་དོན་མ་ཁྲོལ་ཡང་མཚན་གཉན་པོ་གསང་བར་བཏགས་ཏེ་མཆོད་པ་མཛད་པས་རྒྱལ་པོ་གཞོན་ཤ་ཅན་དུ་གྱུར་ཏེ་དགུང་ལོ་བརྒྱ་དང་ཉི་ཤུ་བཞུགས་པར་གྲགས། དེ་ནས་རྒྱལ་རབས་བཞི་པ་གནམ་རི་སྲོང་བཙན་གྱི་སྲས་ནི་དེ་ཉིད་ལས། པོ་ཏ་ལ་ཡི་ཞིང་ཁམས་ན། །བརྩེ་བ་ཆེན་པོ་ང་བཞུགས་ཚེ། །ཐུགས་རྗེ་ཆེན་པོ་ཉིད་བྱོན་ཏེ། །རྒྱལ་བ་རྒྱ་མཚོ་བོད་དུ་བྱོན། །བོད་རྗེ་སྲོང་བཙན་སྒམ་པོར་མཛོད། །སེམས་ཅན་དོན་དུ་ངེས་འགྱུར་རོ། །ང་ནི་བདེ་གཤེགས་ཆོས་སྐུ་ཡིན། །འགྲོ་དང་འོང་བ་མི་མངའ་ཡང་། །དེ་ཚེ་སྲོང་བཙན་སྒམ་པོར་གྲགས། །སྣང་ངོར་ཐ་དད་དུ་མ་འབྱུང་། །ཞེས་ལུང་གིས་ཟིན་པའི་རྒྱལ་པོ་སྲོང་བཙན་སྒམ་པོས་འཇམ་དཔལ་གྱི་སྤྲུལ་པ་ཐུ་མི་རྒྱ་གར་དུ་བརྫངས་ཏེ་བརྡ་སྤྲོད་པའི་བསྟན་བཅོས་རྣམས་ལ་མཁས་པར་སྦྱངས་ནས་བོད་དུ་བྱོན་ཏེ་སྔར་ཡི་གེ་མེད་པ་ལ་འབྲི་ཀློག་དར་བར་མཛད། རྒྱ་བལ་གྱི་ཡུལ་ནས་ཀོང་ཇོ་དང་ཁྲི་བཙུན་ཁབ་ཏུ་བཞེས་པའི་རྟེན་སྐལ་ལ་ཇོ་བོ་རྣམ་གཉིས་སོགས་རྟེན་ཁྱད་འཕགས་རྣམས་སྤྱན་དྲངས། ཡབ་ཡུམ་གསུམ་གྱིས་ཕ་བོང་ཁའི་ཕོ་བྲང་མ་རུར་སྒྲུབ་པ་མཛད་པས་རིགས་གསུམ་མགོན་པོས་ཞལ་གཟིགས་ལུང་བསྟན་པ་ལྟར་བོད་སྲིན་མོ་གན་རྐྱལ་དུ་བསྒྱེལ་བའི་དབྱིབས་ཅན་གྱི་སའི་མེ་(༨ན)


GLG009_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བཙའ་རྣམས་བཅོས་ཏེ་ཤཱཀྱའི་རྒྱལ་པོའི་ཕོ་བྲང་གི་གནྡྷོ་ལ་བཞེངས་པ་སོགས་བསྟན་པའི་སྲོལ་བཏོད། དེ་ནས་མི་རབས་བཞི་པ་མེས་ཨག་ཚོམ་གྱིས་པཎྜི་ཏ་སངས་རྒྱས་ཞི་བ་དང་སངས་རྒྱས་གསང་བའི་སར་མངགས་པའི་ཕོ་ཉས་བློར་གཟུང་བའི་ཐེག་པ་ཆེན་པོའི་མདོ་སྡེ་ལྔ་གླེགས་བམ་དུ་འདྲི་བ་དང་བཞུགས་གནས་ཀྱི་ལྷ་ཁང་བཞེང་བ་སོགས་དཀོན་ཅོག་གསུམ་ལ་བླ་མར་བཟུང་། དེའི་སྲས་ལྗང་ཚ་ལྷ་དཔོན་གྱི་བཙུན་མོར་རྒྱ་མོ་བཟའ་ཕྱི་མ་བསུས་པ་རྒྱལ་བུ་སྐུ་གཤེགས་ཏེ་ཡབ་དང་འདུས་པའི་སྲས། དེ་ཉིད་ལས། པོ་ཏ་ལ་ཡི་ཕོ་བྲང་ན། །རྒྱལ་བའི་འབྱུང་གནས་ང་བཞུགས་ཚེ། །འཇམ་པའི་རྡོ་རྗེ་དེར་བྱོན་ཏེ། །དཔའ་བོ་ཆེན་པོ་བོད་དུ་བྱོན། ཁྲི་སྲོང་ལྡེ་བཙན་བོད་རྗེར་མཛོད། །འགྲོ་བའི་དོན་དུ་ངེས་པར་འགྱུར། །ང་ནི་བདེ་གཤེགས་ཆོས་སྐུ་སྟེ། །འགྲོ་དང་འོང་བ་མི་མངའ་ཡང་། །དེ་ཚེ་ཁྲི་སྲོང་ཞེས་བྱར་གྲགས། །སྣང་ངོར་ཐ་དད་དུ་མ་འབྱུང་། །ཞེས་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གིས་འཕགས་ཡུལ་གྱི་གནས་བརྟན་ཆེན་པོ་ཨཱ་ཙཪྻ་བོ་དྷི་སཏྭ་སྤྱན་དྲངས་དགེ་བ་བཅུ་དང་ཁམས་བཅོ་བརྒྱད་ལ་བརྟེན་པའི་འཆད་ཉན་མཛད་པར་སྲིད་པའི་ལྷ་ཆེན་དགུ་དང་བསྟན་མ་བཅུ་གཉིས་སོགས་བོད་ཀྱི་མི་མ་ཡིན་ཐུ་བོ་ཆེ་རྣམས་བོན་ལ་དགའ་བས་ཐོག་དང་ཤྭ་འོད་ནད་ཡམས་ཀྱི་ཆོ་འཕྲུལ་སྣ་ཚོགས་བསྟན་པས་ཡོན་མཆོད་བཀའ་བགྲོས་ཏེ་སྲིད་པ་གསུམ་ན་ཆེ་བའི་སྔགས་འཆང་པདྨ་ཐོད་འཕྲེང་རྩལ་གདན་འདྲེན་པའི་ཕོ་ཉ་བརྫངས་པ་བཞིན་བལ་བོད་ཀྱི་མཚམས་ནས་བཟུང་རྫུ་འཕྲུལ་གྱིས་ཐོགས་མེད་དུ་གཤེགས་ནས། (༨བ)


GLG009_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྲིན་གདུག་པ་ཅན་རྣམས་ཀྱི་ཚ་ངར་བཅག་ཟིན་ཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གེགས་མེད་དུ་འབྱོངས། མཁན་པོས་རབ་བྱུང་གི་སྡེ་བཙུགས། སློབ་དཔོན་ཆེན་པོས་རི་བྲག་དབེན་གནས་ཐམས་ཅད་བྱིན་གྱིས་བརླབས་ཏེ་ཟབ་གཏེར་སྦས། ལོ་པཎ་རྣམས་ཀྱིས་གསུང་རབ་བསྒྱུར་ནས་འཆད་ཉན་གྱིས་གཏན་ལ་ཕབ་སྟེ་བསྟན་པ་དར་རྒྱས་སུ་མཛད། འདིའི་སྲས་མུ་ནེ་བཙན་པོས་སྡེ་སྣོད་གསུམ་གྱི་མཆོད་པ་བཙུགས་ཤིང་ལྟོགས་ཕྱུག་ལན་གསུམ་བསྙོམས། མུ་རུག་བཙན་པོས་མཐའི་སོ་ཁ་བསྲུངས་ནས་རྒྱ་ཧོར་གྱི་ཡུལ་ཁམས་ཆམ་ལ་ཕབ། སད་ན་ལེགས་མཇིང་ཡོན་གྱིས་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་བཞེངས། དེའི་སྲས་ནི་དེ་ཉིད་ལས། རི་རབ་རི་ཡི་རྩེ་མོ་ན། །ལྷ་མིན་འདུལ་ཞིང་ང་བཞུགས་ཚེ། །རྡོ་རྗེ་འཛིན་པ་དེར་བྱོན་ཏེ། །སྤྲུལ་པའི་རྒྱལ་པོ་འགྲོ་ལ་གཟིགས། ཁྱོད་ཀྱི་ཞིང་ཁམས་བོད་ཡུལ་དེར། །ད་ཡང་བདུད་སྡེ་བསམ་ངན་རྒྱུ། །མཐའ་ཡི་བདུག་པ་དེར་ལྷགས་ཏེ། །ཐམས་ཅད་སྡིག་ལ་བཀོད་པ་སྲིད། །དེ་བས་རྡོ་རྗེ་འཛིན་པ་དང་། ཁྱེད་དང་དབྱེར་མེད་དཔའ་བོར་བགྱི། །དེ་ཚེ་བདག་གིས་འདི་སྐད་དུ། །རལ་པ་ཅན་ཞེས་བོད་ཁམས་སུ། །མཐའ་དམག་ལ་སོགས་བདུད་སྡེ་རྣམས། །དྲག་པོས་འདུལ་ཞིང་བསྟན་པ་བསྲུང་། །ཞེས་མངའ་བདག་ཁྲི་ལྡེ་སྲོང་བཙན་གྱིས་འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་བཞེངས། ཡབ་མེས་ཀྱི་དུས་བསྒྱུར་བའི་ཆོས་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། འོན་ཀྱང་རྒྱལ་པོ་སུམ་ཅུ་རྩ་དྲུག་ལ་གཤེགས་རྗེས་གཅེན་དར་མའི་(༩ན)


GLG009_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ལ་གདོན་གསོལ་ཏེ་བསྟན་པ་རིན་པོ་ཆེ་འཕེལ་འགྲིབ་བྱུང་ནའང་སྟོད་སྨད་གཉིས་ནས་སོ་སོར་ཐར་པའི་བསྟན་པའི་མེ་རོ་གསོས། སྨྲྀ་ཏི་ཛྙཱ་ན་ཤྲཱི། མཉམ་མེད་ཇོ་བོ་ཆེན་པོ་མར་མེ་མཛད། ཁ་ཆེའི་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི། རྒྱལ་སྲས་ནགས་ཀྱི་རིན་ཅེན་སོགས་པཎྜི་ཏ་ཚད་ཐུབ་དུ་མ་དང་། སྐད་གཉིས་སྨྲ་བ་རིན་ཅེན་བཟང་པོ་དང་། སྒྲ་བསྒྱུར་རྒྱལ་པོ་འབྲོག་མི་ལོ་ཙཱ་བ་གཉིས་ཀྱིས་ཐོག་དྲངས་མལ་འགོས་མལ་བ་རི་རྭ་གཉན་ས་རྔོག་ཤོང་དཔང་ཆག་བུ་ཞ་ལུ་ལོ་ཆེན་གྱིས་མཚོན་པའི་སྐད་གཉིས་སྨྲ་བ་རྒྱུ་སྐར་གྱི་འཕྲེང་བ་ལྟར་བྱོན་ནས་ཕྱི་དར་དུ་གྲགས་པའི་མདོ་རྒྱུད་ཀྱི་སྲོལ་བླ་ནས་བླར་འཕེལ། དམ་པའི་ཆོས་འདུལ་བའི་སྐབས་ས་རྩིས་དང་ཆོས་རྩིས་གཉིས་ཀའི་སྒོ་ནས་མཐའ་འཁོབ་ཏུ་བཤད་མོད། བཤད་སྒྲུབ་ཀྱི་ཆ་ནས་འཕགས་ཡུལ་གྱི་བསྟན་པ་རིམ་གྱིས་འགྲིབ་སྟེ་ཕྱོགས་འདི་ལྷག་པར་གྱུར་པས། ཁྲོ་ཕུ་ལོ་ཙཱ་བ་གནུབས་བྱམས་པའི་དཔལ་གྱིས་ཁ་ཆེ་པཎྜི་ཏ་ཆེན་པོར་ཕུལ་བའི་ཞུ་འཕྲིན་དུ། མ་ག་དྷ་སོགས་རིགས་འབྱུང་གནས་ན་སྡིག་ཏོ་ཡི། །དམག་ཚོགས་ཀྱིས་བཅོམས་ཨོ་རྒྱན་ཁ་ཆེ་བལ་ཡུལ་ཡང་། །ལོག་སྤྱོད་ཀྱིས་ཁེངས་དེང་སང་བསྟན་སྲོག་ལེགས་གནས་ནི། །བོད་ཡུལ་འདིར་ཟད་སྐྱེས་ཆེན་བྱང་ཕྱོགས་ཞབས་བསྐྱོད་ཞུ། །ཞེས་གསུངས་ཤིང་ལྷག་པར་འཕགས་མཆོག་ཕྱག་ན་པདྨའི་འདུལ་ཞིང་ཁྱད་པར་ཅན་ཡིན་པས་ཇོ་བོ་རྗེ་ལྷ་གཅིག་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ན་འོད་དཔག་མེད་ཀྱི་ལྷ་ཁང་ཞིག་ཡོད་པའི་ནང་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཐུགས་དམ་ལ་བཞུགས་པར་(༩བ)


GLG009_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་བོ་སྤྱན་རས་གཟིགས་ཀྱི་ཞལ་མངོན་སུམ་དུ་བསྟན་ཞིང་གཟིགས་ཏེ་ཐུགས་རྗེ་ཆེན་པོའི་ཞལ་ནས་སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་མཛོད་གང་ཡིན་པ་དེ་ཁྱོད་ཀྱིས་ཤེས་སམ་འདི་ནས་ཀྱང་བྱང་ཕྱོགས་ན་ངའི་ཞིང་ཁམས་ཡོད་ཁྱོད་ཀྱི་ཡི་དམ་ཇོ་མོ་སྒྲོལ་མའང་དེ་ན་སེམས་ཅན་གྱི་དོན་མཛད་ཅིང་བཞུགས་ཁྱོད་ཀྱི་གདུལ་བྱ་མང་པོ་ཡང་དེ་ན་ཡོད་པས་བྱང་ཕྱོགས་བོད་དུ་སོང་ཞིག །ཅེས་སྲས་བཅས་རྒྱལ་བས་ཆེས་ཆེར་བསྔགས་པའི་ཁ་བས་བསྐོར་བའི་སྨན་ལྗོངས་འདིའི་འགྲོ་བ་རྣམས་བཀའ་ཆེམས་ཀ་ཁོལ་མར་སྤྲེལ་ཕྲུག་སྤུན་བཞི་བརྒྱ་པོ་སྡེ་ཚན་བཞིར་འཐབས་པ་དང་མེས་པོས་བར་མཚམས་བྱས་ཏེ་ཞིང་ལ་ཆ་བཞིར་བགོས་གཅིག་ལ་གཅིག་འཇིགས་ནས་ཚན་བཞིར་ཆད་པས་སེ་དང་། རྨུ་དང་ལྡོང་དང་སྟོང་སྟེ་ནང་གི་མིའུ་རིགས་བཞི་པོ་རིགས་ཀྱི་ཕྱི་མོར་གྲགས། དྲུག་ཏུ་བྱེད་ན་སྤྱན་སྔ་ལྷ་གཟིགས་རས་པའི་ཡིག་ཚང་དུ། དགའ་ལྡོང་འབྲུ་གསུམ་དགྲ་དང་བཞི། །ནུ་མོ་དཔའ་མདའ་གཉིས་ཏེ་དྲུག་ཏུ་གསུངས་པར་ཉང་ཞེས་པ་དངོས་སུ་མི་གསལ་ཡང་ཞྭ་དམར་བ་བཞི་པ་སྤྱན་སྔ་ཆོས་ཀྱི་གྲགས་པས་མཛད་པའི་ཁྲུས་ཁང་པའི་རྣམ་ཐར་དུ་ཕྱིའི་རུས་ཆེན་ལྡོང་ལ་ནང་ཚན་བཅོ་བརྒྱད་དུ་གྱེས་པའི་རོག་ཡིན་ཏེ་ཞེས་རུས་དེ་རྣམས་ནང་གསེས་ཀྱི་རྣམ་གྲངས་བྱུང་བར་སེམས་ཤིང་དེ་ཡང་ཉང་རིགས་ལམ་རྗེ་སྲོང་བཙན་སྒམ་པོའི་དུས་རྒྱ་ནག་ཏུ་རྒྱ་མོ་བཟའ་གདན་འདྲེན་པའི་ཕོ་ཉར་བྱོན་པའི་བློན་པོ་ཉང་དང་། པཎ་ཆེན་བི་མཱ་ལའི་སློབ་མ་ཉང་ཏིང་འཛིན་བཟང་པོ། ཉང་ཏ་ཐཱ་ག་ཏ། ཉང་(༡༠ན)


GLG009_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་འབྱུང་གནས་སོགས་གསང་སྔགས་ཀྱི་གྲུབ་པ་བརྙེས་པ་ཟམ་མ་ཆད་པར་བྱོན་པའི་གདུང་ལས་ཉང་སྟོན་བྱ་ཁྲིད་འཁོར་ལོ་དང་ཉང་པོ་ཆེ་བྱ་བ་ཡབ་ཚན་དུ་གྱེས་པའི་བྱ་ཁྲིད་འཁོར་ལོའི་སྲས་གཏེར་སྟོན་ཆོས་ཀྱི་རྒྱལ་པོ་ཉི་མ་འོད་ཟེར་དང་ཕྱི་མ་ནས་བརྒྱུད་པ་བླ་མ་བརྩོན་སེང་སྟེ་ལྷོ་བྲག་ཉང་ཚོ་དང་འཕྱོང་རྒྱས་ཉང་ཚོར་གྲགས་ཤིང་དེ་དག་ལས་ཀྱང་འཕེལ་བ་ཨེ་ན་ཉང་ཆོས་ལྡན་པས་མཚོན་སྟོད་སྨད་དུ་ཁྱབ་ཆེ་ཞིང་ཉང་སྟོན་བརྩོན་འགྲུས་སེང་གེའི་གཅུང་གི་སྲས་བླ་མ་མཉམ་མེད་ཆེན་པོ་ནམ་མཁའ་བསོད་ནམས་ལ་སྲས་སྐུ་མཆེད་ལྔ་བྱུང་བར་ཡར་ཀླུངས་སྤྲུལ་སྐུ་མཆེད་ལྔར་གྲགས་པ་སྨན་ལུང་པ། ཆོས་ལྡན་པ། དུར་ཁྲོད་པ། སྐལ་ལྡན་པ། དབང་རྒྱལ་བ་རྣམས་ཡིན་པས་སྤྲུལ་སྐུ་ཆོས་མགོན་པའི་འཕྲིན་ཡིག་ཏུ། ཉང་སྟོན་ཆེན་པོས་བསྟན་པའི་དབུ་བརྙེངས་ནས། །མཉམ་མེད་དབོན་སྟོན་བསྟན་པའི་སྲོལ་ཆེན་བཏོད། །མཁས་ཆེན་སྨན་ལུང་པ་ཡི་དབུ་བཟུང་ནས། །ཉང་བན་སྐུ་མཆེད་རིང་འདིར་དར་ཞིང་རྒྱས། །ཞེས་གསང་སྔགས་སྔ་འགྱུར་བ་བཀའ་གཏེར་གྱི་བསྟན་པ་ཕྱོགས་དེར་དབུ་བརྙེས་སྲོལ་བཏོད་དར་རྒྱས་སུ་མཛད་ཚུལ་གསུངས་པར་མ་ཟད་གཏེར་སྟོན་ཆོས་ཀྱི་དབང་ཕྱུག་གི་ཡབ་མཁས་པ་སྟོན་ཉིའི་སྐུའི་སྐྱེ་བ་ཆོས་ལྡན་པ་ཡིན་པས་སྤྲུལ་སྐུར་གྲགས་ཤིང་སྐུ་མཆེད་མཐའ་དག་ལ་མཚན་དེ་ལྟར་ཐོགས། འདིའི་དུས་སྨན་ལུང་གི་གདན་སར་མ་བྱོན་པས་ཆོས་དབང་རིན་པོ་ཆེས་བཀའ་འབུམ་དུ་ཡབ་ནས་གྲས་ཏེ་རིན་པོ་ཆེ་སྐལ་ལྡན་པ་ཡབ་སྲས་སམ་ཉང་སྟོན་དབོན་པོ་ཡབ་སྲས། (༡༠བ)


GLG009_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འགར་ཡར་ཀླུངས་ཀྱི་དགེ་བཤེས་ཤཱཀྱ་འོད་དང་གསང་མཚན་མི་བསྐྱོད་རྡོ་རྗེ་ཞེས་པ་ལ་དགོངས་ནས་སློབ་མ་རྒྱལ་བ་རིགས་ལྔ་ཡོད། འོག་རྟ་མགྲིན་དབང་རྒྱལ་ཡོད། ཅེས་གསུངས། དུས་ཕྱིས་གླེན་བསོད་ནམས་མགོན་པོའི་གདན་ས་སྨན་ལུང་དུ་བཞུགས་ནས་མཚན་དེ་ལྟར་ཐོགས། བླ་མ་འདི་ཉིད་ཀྱིས་བླ་རྫོགས་ཐུགས་གསུམ། མདོ་སྒྱུ་སེམས་གསུམ། རྫོགས་བཞི་སྤྱོད་གསུམ་སོགས་ཀྱི་སྒོ་ནས་འགྲོ་དོན་རྒྱ་ཆེར་མཛད། ཁྱད་པར་སྨན་སྒྲུབ་རྒྱ་ལུགས་དང་གསང་རྫོགས་ཀྱི་ཕྱག་ལེན་གཅིག་ཏུ་དྲིལ་ནས་སྣང་སྲིད་ཐམས་ཅད་ཡེ་ཤེས་ལྔའི་རང་བཞིན་བདེ་བ་ཆེན་པོའི་ངོ་བོར་བྱིན་གྱིས་བརླབས་ཏེ་ལས་ཅན་གྲངས་མེད་པ་ཡེ་ཤེས་ལྔའི་སར་བཀོད། སྒྱུ་འཕྲུལ་རྒྱུད་དོན་རྣམ་ངེས་སྐོར་ཆོས་ཚན་ལྔ། བདུད་རྩི་རིན་པོ་ཆེའི་བཀོད་པས་མཚོན་ལུང་རིགས་དང་འགྲེལ་བའི་བསྟན་བཅོས་དུ་མ་མཛད། སྤང་སྟོན་མཚན་ལྡན་ཉི་མ། སྤྲུལ་སྐུ་ཆོས་ལྡན་པ་སོགས་གཅུང་མཆེད་བཞི། དེ་དག་གི་སྲས་བརྒྱད་ཤཱཀ་འབུམ་ཤཱཀ་གཞོན་གཉིས། གཞན་ཡང་དྭགས་སྟོན་དབང་རྡོར། མགར་སྟོན་ཁམས་སྟོན་གྲགས་པ། གཉལ་རི་གྲོང་པ། བལ་བཀོད་དགེ་བཤེས་ཀྱིས་གཙོས་པའི་སློབ་མ་མང་དུ་བྱོན། རྫོགས་པ་ཆེན་པོ་ཆོས་སྐུ་འདུས་མ་བྱས་པས་ལྷུན་གྲུབ་འོད་གསལ་གྱི་ལམ་མངོན་དུ་གྱུར་པས། དྭགས་སྟོན་གྱི་རྫོགས་ཆེན་བརྒྱུད་འདེབས་སུ། ཤེས་བྱའི་གནས་རྣམས་མ་ལུས་ཐུགས་སུ་ཆུད། །ཐེག་མཆོག་ངེས་དོན་བཀའ་ཡི་གདམས་པ་དང་། །གསང་བའི་རྒྱུད་ལུང་དབང་གི་ཆུ་བོ་འཛིན། །རྟོག་ཚོགས་འོད་ལྔར་དག་པའི་སྨན་(༡༡ན)


GLG009_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་པ། ཞེས་པའང་དོན་ལ་གནས། དེ་ལྟར་གཅུང་ཆོས་ལྡན་པ་དང་དུར་ཁྲོད་པ་གཉིས་ཀྱི་སྲས་ཉང་སྟོན་ཤཱཀྱ་འབུམ་དང་ཤཱཀ་གཞོན་གཉིས་དེ་གཉིས་ཀྱི་སྲས་སྨན་ལུང་པ་འཁྲུལ་ཞིག་བསོད་ནམས་རྒྱལ་མཚན། རྨ་བསོད་ནམས་པ་ཤཱཀྱ་སེང་གེ །སྲོང་བཙན་པ་གཞོན་དབང་གསུམ་ལས་དང་པོ་ནི་ཤཱཀྱ་དཔལ། དེའི་སྲས་སངས་རྒྱས་རིན་ཅེན། དེའི་སྲས་བློ་གྲོས་རྒྱ་མཚོ། དེའི་སྲས་ནམ་མཁའ་རྒྱལ་མཚན། དེའི་སྲས་ནམ་མཁའ་ཚེ་དབང་བླ་མ་འདིས་མངའ་བདག་ཆེན་པོ་ཉང་རལ་པ་ཅན་གྱི་བྱང་ལས་ཀྱི་མཁའ་འགྲོའི་བཀའ་བབས་བླ་མ་གཉོས་ཞིག་ཆེན་པོ་མཐིང་མ་བར་གྲགས་པའི་གདུང་རུས་ཁ་ཡར་ནས་ཁྲ་ཚང་དང་དེ་ནས་གུང་རུར་ཆད་པ་གུང་མཐིང་ཁྲ་གསུམ་ཞེས་སྔགས་སྡེ་གསུམ་དུ་གྱེས་པའི་ཁྲ་ཚང་པའི་གདུང་རབས་རྫོགས་ཏེ་སྲས་མོའི་སྐུ་མག་ལ་བྱོན་ནས་གདན་ས་ཡས་མས་གཉིས་ཀ་སྦྲགས་པས་ཆོས་རྗེ་ཁྲ་ཚང་པ་དང་སྨན་ལུང་པ་ཞེས་མཚན་གྱི་འབོད་ཕྱོགས་གཉིས་སུ་གྱུར་ཅིང་། དེའི་སྲས་ཉང་ཀརྨ་གཟི་བརྗིད་དང་ཀརྨ་མཐུ་སྟོབས་གཉིས་ཀྱི་ཇོ་མོ་ཡར་སྟོད་འཆད་དཀར་ནས་སྡེ་པ་མཁར་ལྡན་པའི་སྲས་མོ་བུད་མེད་ཀྱི་ཉེས་པའི་སྐྱོན་བརྒྱད་དང་བྲལ་བ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལྷག་པའི་ལྷར་བཟུང་སྟེ་ཡི་གེ་དྲུག་པའི་ཉམས་ལེན་ཆིག་དྲིལ་དང་སྐྱེས་ཆེན་མང་པོའི་མཚན་ནས་སྨོས་ཏེ་གསོལ་འདེབས་བརྒྱ་ཕྲག་མཛད་པ་དགུང་ལོ་གོ་གསུམ་གྱི་བར་དུ་བཞུགས་པའི་མཁའ་འགྲོའི་རིགས་ཅན་དེ་ཁབ་ཏུ་བཞེས་པར་དམ་པ་འདི་ཉིད་འཁྲུངས་པའི་ཡུལ་ནི་ཆོས་རྒྱལ་མེས་(༡༡བ)


GLG009_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དབོན་གྱི་དུས་དབུས་གཙང་རུ་བཞིར་གྲགས་པ་ལས་གཡོན་རུ་སྟེ། དེང་སང་གཡོར་པོ་དང་གཡོ་རུ་ཞེས་སྒྲ་ཟུར་ཆག་པའི་འདོན་ཚུལ་སྣང་ཞིང་། ས་གསུམ་གྱི་མགོན་པོ་འཕགས་པ་རིན་པོ་ཆེ་དང་གོང་མ་སེ་ཆེན་རྒྱལ་པོ་གཉིས་ཀྱི་དུས་གནམ་ལ་ཉི་ཟླ་ཟུང་འབྲེལ་དང་ས་ལ་ས་ཧོར་ཟུང་འབྲེལ་དུ་གྱུར་པའི་ཚེ་ཁྲི་སྐོར་བཅུ་གསུམ་དུ་ཕྱེ་བའི་ཕག་གྲུ་ཁྲི་སྐོར་གྱི་ཁོངས་སུ་གཏོགས་པ་འཛམ་གླིང་རྒྱན་གཅིག་ཕོ་བྲང་སྣེའུ་སྡོང་རྩེ་དང་ཧ་ཅང་གི་ཐག་མི་རིང་བ་གཡུ་པ་གཞུང་ཞེས་འདི་མེད་ཀྱི་དགའ་ཚལ་ས་ལ་འཕོས་པ་འདྲ་བའི་ཆ་གངས་རིའི་ལྗོངས་འདིར་བསྟན་པ་རིན་པོ་ཆེ་དབུ་བརྙེངས་པ་ལྷ་བཙན་པོའི་སྐུ་མཁར་ཡུམ་བུ་གླ་སྒང་གི་བྱ་འདབས་གསང་ཆེན་རྙིང་མའི་གྲུབ་བརྙེས་ཧེ་རུ་ཀ་དཔལ་མིའི་སྒྱུ་དྲའི་གར་མཁན་རིམ་པར་བྱོན་པའི་བསྟི་གནས་ཁྲ་ཚང་བླ་བྲང་དུ་འཕགས་པའི་ཡུལ་དུ་སྟོད་འགྲེལ་བ་ལྟར་མང་ན་ཞེས་པ་ལྗོངས་འདིར་མྱོས་བྱེད་གྲགས་ཤིང་ཤར་ཕྱོགས་རྒྱལ་པོའི་ཁབ་ཏུ་ཡི་ཝུའི་དུ་འབོད་པ་དབང་ཐང་དང་བསྟུན་པའི་ཤིང་མོ་ལུག་གི་ལོ་རྟ་ལྗང་དབང་པོ་མེ་བཞིའི་དགའ་མ་དང་རྩེ་བའི་འགྲུབ་སྦྱོར་གྱི་འཕྲོད་དགེ་བ། ཉིན་མོར་བྱེད་པ་ཤར་གྱི་རི་པོའི་ཕྲག་པ་ལས་ཉེ་བར་ཐོན་པའི་ཚེ་ཡུམ་ལ་མི་བདེ་བ་མེད་པར་དམ་པ་ཉིད་སྐུ་སྟོན་མཚན་སྤྲིན་བྲལ་གྱི་མཁའ་ལ་ཟླ་བ་ཤར་བ་ལྟར་ལེགས་པར་བལྟམས། གཟའ་སྐར་དུས་སྦྱོར་གྱི་འབྲས་བུ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་པའི་བཤད་པ་ཡོད་སྣང་བ་དེ་བཞིན་གཤེགས་པ་སྐུ་འཁྲུངས་པའི་དུས་མཚན་མཁན་གྱིས། ས་བདག་རྟོག་པ་པོ་རྣམས་བློ་གྲོས་འཁྲུལ། །རྩོད་པའི་དུས་སུ་འཁོར་ལོས་སྒྱུར་མི་འབྱུང་། །བསོད་ནམས་(༡༢ན)


GLG009_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་ཆོས་ཀྱི་མཛོད་འདི་ནི། །ཉེས་ལས་རྣམ་པར་རྒྱལ་ནས་སངས་རྒྱས་འགྱུར། །ཞེས་ལུང་བསྟན་པ་ལྟར་དམ་པ་འདི་ཉིད་ཀྱང་མཁས་བཙུན་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར་བའི་དོན་དུ་མངོན། ལྷུམས་སུ་ཡོད་པའི་སྐབས་སློབ་དཔོན་བཻ་རོ་ཙ་ནའི་རྣམ་པར་སྤྲུལ་པ་ལྷ་བྲོ་བ་མཁས་གྲུབ་ཆེན་པོ་ཀརྨ་གུ་རུས་བྱིན་རླབས་གནང་ཞིང་བསྟན་པ་ལ་ཕན་པའི་སྲས་ཁྱད་པར་ཅན་འཁྲུངས་པར་ལུང་བསྟན། འཁྲུངས་ནས་ཡུམ་གྱི་པང་ཐོགས་ཀྱི་དུས་ཀྱང་རྗེ་ཀརྨ་གུ་རུ་ལ་ཚེ་དབང་གསན་ཞིང་བྱིན་རླབས་ཀྱི་མཐུ་དཔུང་ཐུགས་རྒྱུད་ལ་ཞུགས་པས་མདོ་སྒྱུ་སེམས་གསུམ་དང་གཏེར་ཁ་གོང་འོག་གཉིས་ཀྱིས་གཙོས་གསང་སྔགས་སྔ་འགྱུར་གྱི་བསྟན་པའི་བདག་པོར་འགྱུར་བའི་རྟེན་འབྲེལ་འགྲིག །ཡབ་མཆེད་གཉིས་ཐུགས་འདོད་མ་སྙོམས་པའི་རྗེ་བླ་མ་དགུང་ལོ་བཞིའི་དུས་གསོལ་ཐབ་སོ་སོར་གྱེས་པའི་ཀརྨ་མཐུ་སྟོབས་ཡུམ་བཅས་ཀྱིས་སྨན་ལུང་དུ་བཞུགས། གསུང་འབྱོན་པ་ཡོང་བ་ནས་ཕྱག་དཔེ་གཟིགས་པའི་སྟང་ཀ་སོགས་ཆོས་ཕྱོགས་ཀྱི་བག་ཆགས་ཁོ་ན་མ་གཏོགས་བྱིས་པ་ཐ་མལ་པའི་ངང་ཚུལ་ཡེ་མི་མཛད། སྨན་ལུང་པའི་གྲ་རྒན་དབོན་པོ་ནམ་རྒྱལ་ཟེར་བས་ཉིན་རེ་བཞིན་གསོལ་ཞོ་ཁྱེར་ནས་དགོས་དགོས་འདི་བཞེས་སྐུ་འཆམས་གནང་ངོ་ཞུས་པའི་ཚེ་ཕྱག་གཅིག་གོང་ལ་དང་གཅིག་ནམ་རྒྱལ་བར་བརྟེན་ནས་རྩ་ཚིག་དང་བསྟུན་པའི་འགྲོས་ཀྱི་སྟང་ཀའི་ཞབས་ཀྱི་འདེགས་འཇོག་མཛད། ཡབ་ཀྱིས་མཚན་ཤཱཀྱ་སྐྱབས་སྦྱིན་དུ་གསོལ་ལོ། །ཕལ་སྤྱོད་རྙོག་མའི་འདམ་གྱིས་གོས་མེད་(༡༢བ)


GLG009_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། ཁུངས་བཙུན་ཉང་རིགས་པད་དཀར་རྫིང་བུའི་དབུས། །དམ་པའི་ངང་ཚུལ་མ་སྙིགས་སྤེལ་ལེགས་འདབ། །ཕན་བདེའི་དགའ་སྟོན་བསུ་ལ་འཛུམ་པ་བཞིན། །གན་ཇག་ཐང་ཏའི་རྣམ་སྤྲུལ་ལྷ་གྲོ་པའི། །བྱིན་རླབས་བདུད་རྩིས་ཐུགས་གསུམ་ཡོངས་གཏམས་པ། །ཨཽཌྜི་ཡ་ནའི་མཁན་པོའི་བསྟན་པ་ཡི། །བདག་པོར་ཁྱོད་ཉིད་བསྔགས་ཆེད་གཟེངས་སུ་བསྟོད། །གཟིག་ཤུན་གོས་ཀྱིས་ཀླུབས་པའི་མགྲིན་པ་བཟང་། །གཞན་འདྲིད་རྫུ་ལ་མི་རེ་ཡང་སྲིད་ཀུན། །མཁས་གྲུབ་བརྒྱུད་མར་བྱོན་པ་མ་ལ་ཡའི། །དྲི་བསུང་རྩོལ་བར་བལྟོས་མིན་ངང་གིས་འཐུལ། །གཉིས་པ་ཡོངས་འཛིན་བསྟེན་ནས་ཐོས་པ་རྒྱ་ཆེར་མཛད་པ་ནི། དགེ་བའི་བཤེས་གཉེན་མང་དུ་བསྟེན་པའི་གཙོ་བོ་རྒྱལ་བའི་གསུང་རབ་ལས། མཐའ་བཞི་གངས་ཀྱིས་བསྐོར་བའི་ར་བ་རུ༔ སྦས་པའི་རྣལ་འབྱོར་མེ་ལོང་འཛིན་པ་འབྱུང་༔ ཞེས་དང་། ཐང་ཡིག་ལས། སྣ་ཐག་སས་བྱས་ཧོར་དམག་བོད་དུ་འབྱུང་༔ ངན་སོང་ཟེར་ཡང་དེ་འདྲའི་སྡུག་བསྔལ་མེད༔ མི་ལ་སྲིད་གཅད་སྲིད་སྲུང་མང་དུ་ཡོང་༔ སེམས་ཅན་ས་འོག་ནོན་པའི་དུས་ཙ་ན༔ གནམ་སྐས་མཁར་ཆུར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང་༔ གཏེར་སྟོན་ཆོས་ཀྱི་དབང་ཕྱུག་ཅེས་བྱ་འབྱུང་༔ ཞེས་ལུང་བསྟན་པ་ལྟར་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་གསུང་གི་སྤྲུལ་པ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་ཐུགས་སྲས་པདྨ་དབང་ཆེན་ཞེས་ལང་འགྲོ་ལོ་ཙཱ་བ་དཀོན་ཅོག་འབྱུང་གནས་ཀྱི་རྣམ་པར་སྤྲུལ་པ་གང་(༡༣ན)


GLG009_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་གདུང་བརྒྱུད་མཁས་ཤིང་གྲུབ་པའི་འཁོར་ལོས་སྒྱུར་བ་མཚུངས་མེད་གར་དབང་ཀརྨ་དབང་འབྱོར་ཡར་སྟོད་ཤམ་པོ་གངས་ཀྱི་ཉེ་འདབས་ཀརྨ་ལྷ་ཁང་དུ་བཞུགས་པའི་དུས་དགུང་ལོ་བཅུ་བཞི་ལོན་ནས་ཟབ་རྒྱས་ཀྱི་ཆོས་རྣམས་གནང་དགོས་པའི་གསོལ་འདེབས་མཛད་པའི་ཚེ་ཐུགས་མཐོང་ཤིན་ཏུ་ཆེ་བས་དགྱེས་པ་ཆེན་པོས་དེ་བཞིན་ཅིས་ཀྱང་ལེགས་ཆོས་བདག་པོའི་ལག་ཏུ་སྤྲོད་པ་ཡིན་ཞེས་ཞལ་གྱིས་འཆེས་ནས་ཐོག་མར་ཇི་སྐད་དུ། བླ་མའི་ཐུགས་སྒྲུབ་ཐུགས་དམ་ཁྱད་འཕགས་སྐོར༔ གཙོར་བཏོན་དགོས་པ་ཀུན་འབྱུང་ཐུགས་གཏེར་གཅིག༔ ལྷོ་བྲག་གནམ་སྐས་ཅན་གྱི་བྲག་ལ་མཆིས༔ ཐུགས་གཏེར་ལྔ་ལས་ཁྱད་འཕགས་འདི་ཁོ་ན༔ ཅིའི་ཕྱིར་ང་ཡི་སྙིང་ནོར་མིག་འབྲས་ཡིན༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ ཞེས་དང་། གཞན་ཡང་། ཐུགས་གཏེར་གཅིག་ནི་ལྷོ་བྲག་གནམ་སྐས་ཅན་ལ་སྦེད༔ ཁྱད་པར་བླ་མའི་སྒྲུབ་སྐོར་ཡིན༔ མངའ་བདག་གསུང་གི་སྤྲུལ་པས་འདོན་པར་འགྱུར༔ ཞེས་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཀླུ་བདུད་སྐུ་སྟོད་ནས་ཕྱུང་བ་བླ་མ་གསང་བ་འདུས་པའི་དབང་ལུང་འཁྲིད། གཞན་ཡང་གསང་བ་བླ་མེད་མཆོག་གི་སྒྲུབ་པ། གསོལ་འདེབས་ཚིག་བདུན་མ། པདྨ་ཐོདའཕྲེང་གསང་མཚན་གྱི་སྒྲུབ་པ། པདྨ་བཅུད་བསྡུས་ཐབས་ལམ་གྱི་སྒྲུབ་པ། སྐུ་རྐེད་ནས་བྱུང་བ་བླ་མ་སྐུ་གསུམ་གྱི་སྒྲུབ་པ། བླ་མ་ཡོངས་རྫོགས་ཀྱི་དབང་། རྩ་གསུམ་སྒྲུབ་ཐབས་དངོས་གྲུབ་ཀུན་(༡༣བ)


GLG009_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། བཀའ་རྩིས་ལས། རིམ་གྱིས་བྱང་ཆུབ་ཐོབ་ཐོབ་ཆོས་མང་གི༔ ཅིག་ཅར་བྱང་ཆུབ་ཐོབ་ཆོས་འདི་ན་མཆིས༔ དེ་གང་ཞེ་ན་སངས་རྒྱས་མཉམ་སྦྱོར་སྐོར༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ ཞེས་ཐེག་པ་རིམ་དགུའི་ཡང་རྩེ་རྒྱུད་སྡེ་ཀུན་གྱི་གཙོ་བོ་རྫོགས་པ་ཆེན་པོ་སངས་རྒྱས་མཉམ་སྦྱོར་གྱི་སྨིན་བྱེད་ཀྱི་བྱིན་རླབས་རང་རིག་ཀུན་ཏུ་བཟང་པོ་གཅེར་མཐོང་དུ་ངོ་སྤྲོད་པའི་ཉམས་འཁྲིད། ལུང་ཡོངས་རྫོགས། མ་བརྒྱུད་སྤྲོས་བྲལ་དོན་གསལ་ཆེན་མོའི་རྒྱུད་དང་བཅས་པ། ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་ནས་དམ་ཆོས་འདུས་པ་སྐོར་དགུ་གདན་དྲངས་པའི་ནང་ཚན་བསྟན་པ་བབས་ཀྱི་ལོ་རྒྱུས་ལས། ལྟ་བ་ཡངས་ཤིང་སྤྱོད་ལམ་བདེ༔ དེ་ཕྱིར་ཐུགས་རྗེའི་བསྟན་པ་རྒྱས༔ སྒོམ་སྒྲུབ་མ་གཙོ་བཀླགས་པས་འགྲུབ༔ དེ་ཕྱིར་ཐུགས་རྗེའི་བསྟན་པ་རྒྱས༔ བྱ་བླ་ཚེགས་ཆུང་སྒྲུབ་ཐག་ཉེ༔ དེ་ཕྱིར་ཐུགས་རྗེའི་བསྟན་པ་རྒྱས༔ ཞེས་དང་། རྩོད་དུས་འཕགས་པའི་འཕྲིན་ལས་དག༔ ཨོ་རྒྱན་ཐུགས་སྲས་སྐྱེས་མཆོག་གིས༔ བསྟན་པའི་གསོལ་འདེབས་དར་རྒྱས་བྱེད༔ཅེས་འཕགས་མཆོག་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་ཡང་སྙིང་འདུས་པའི་དབང་ལུང་། གཞན་ཡང་འཁོར་བ་དོང་སྤྲུག །བཀའ་རྩིས་ལས། ཞི་ཁྲོ་བཀའ་བརྒྱད་སྒོས་སྒྲུབ་ཆོས་མང་གི༔ ཁྱད་པར་ཡོངས་རྫོགས་དྲིལ་སྒྲུབ་འདི་ན་མཆིས༔ དེ་གང་ཞེ་ན་གསང་བ་ཡོངས་རྫོགས་སྐོར༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ ཞེས་དང་། ཡི་དམ་རྩ་བར་གསང་བ་ཡོངས་རྫོགས་སྒྲུབས༔ དུས་གསུམ་རྒྱལ་བའི་སྤྱི་སྒྲུབ་(༡༤ན)


GLG009_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ག་གཟབ༔ འདི་འཆང་ཨོ་རྒྱན་ང་དང་འདུ་འབྲལ་མེད༔ ཅེས་བརྗོད་བྱེད་ཀྱི་ཚིག་ཧ་ཅང་མངས་པ་དང་ཉུངས་པའི་སྐྱོན་མེད་ཅིང་བརྗོད་བྱའི་དོན་ཟབ་ཅིང་རྒྱ་ཆེ་བ་ཞི་ཁྲོ་ཡོངས་རྫོགས་སློབ་དཔོན་ཆེན་པོའི་ཐུགས་ཀྱི་ཐིགས་པ་ཡིན་པས། བདེ་གཤེགས་འདུས་པ་འོ་མའི་རྒྱ་མཚོ་ལས༔ གསང་བ་ཡོངས་རྫོགས་མར་གྱི་ཉིང་ཁུ་ཕྱུངས༔ ཞེས་སྙིང་པོ་ཡང་སྙིང་དེ་ཉིད་ཀྱི་སྒྲུབ་ཆེན་དང་འབྲེལ་བའི་དབང་བདུད་རྩི་སྨན་གྱི་སྒྲུབ་པ་དང་བཅས་པ་སྤྲོས་པ་ཤིན་ཏུ་ཆེ་བའི་སྒོ་ནས་ཐུགས་རྒྱུད་ཡོངས་སུ་སྨིན་པར་མཛད་པའི་ནུས་དབང་གི་དུས་ཁྲི་མཐོན་པོའི་སྟེང་དུ་རྗེ་བླ་མ་བཞུགས་སུ་གསོལ་བར་རྒྱལ་བའི་སྲས་པོ་ཀརྨ་དབང་འབྱོར་ཉིད་ཀྱི་དབུ་ཞྭ་དང་སྐུ་བེར་སྒྲོན། རྡོ་རྗེ་དྲིལ་བུ་ཕྱག་ཏུ་གཏད་ཁྱེད་ཆོས་ཀྱི་བདག་པོ་ཡིན་ནོ། །ཞེས་གཟེངས་བསྟོད་ཆེར་མཛད་པ་ཨེ་གཉལ་ལྷོ་བྲག་གཙང་ཕྱོགས་ན་གདུང་བརྒྱུད་མང་ཞིང་གཞན་ཡང་བླ་ཆེན་དུ་གྲགས་པའི་སློབ་མ་མང་བས་ཕལ་ཆེར་གྱིས་རྗེ་འདི་ཉིད་འགངས་ཆེན་དུ་མི་བརྩི་ནའང་རྒྱལ་དབང་པདྨའི་བཀའ་གཏེར་གྱི་བསྟན་པ་སྤྱི་དང་བྱེ་བྲག་གཏེར་སྟོན་ཆོས་ཀྱི་དབང་ཕྱུག་གི་བསྟན་པའི་སྲོག་འཐུད་པ་འབྱུང་འགྱུར་རྟོགས་པའི་བླ་མའི་མངོན་མཁྱེན་དང་སློབ་མའི་ཆེ་བ་གཉིས་ཀ་ཕན་ཚུན་འགྲན་པར་སྣང་། ངེད་ལ་དབང་སྩལ་སྐབས་བླ་མ་དམ་པ་ཀརྨ་དབང་འབྱོར་འདི་ལྟར་གནང་བ་སྐུ་ཞབས་སུ་འབུལ་བ་ལ་དགོངས་གསུང་བ་ནི་གཞན་ངོ་བསྲུང་བ་ཙམ་དུ་མངོན། ཀླུ་བདུད་དབུ་ནས་སྤྱན་དྲངས་པའི་ཐུགས་སྒྲུབ་དྲེགས་པ་ཚར་གཅོད་ཀྱི་དབང་ལུང་། རྫོགས་ཆེན་ཚེ་དབང་། རྟ་(༡༤བ)


GLG009_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་དབུ་དགུ་པ། རྟ་ནག་ལྕགས་རལ་ཅན། བཀའ་རྩིས་ལས། ཕོ་མོ་ཀླུ་གསུམ་སྒྲུབ་མཐུའི་ཆོས་མང་གི༔ བཟློག་ཐབས་མེད་པའི་ཅོག་རྡུང་འདི་ན་མཆིས༔ དེ་གང་ཞེ་ན་མ་ནིང་ཚིག་ཤུར་སྐོར༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ ཞེས་དང་། རྨི་ལམ་ཉམས་འཇིགས་ལྟས་ངན་ཆོས་མང་གི༔ མི་ནག་སྒོས་སུ་སྒོ་གཅོག་འདི་ན་མཆིས༔ དེ་གང་ཞེ་ན་མ་ནིང་ཡང་འཁོལ་སྐོར༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ མཛེ་འབྲས་ནད་འབྱུང་གཏད་ཀྱི་ཆོས་མང་གི༔ ཧུར་ཐུམ་མི་སྡེ་རྩད་གཅོད་འདི་ན་མཆིས༔ དེ་གང་ཞེ་ན་ཀླུ་བདུད་གན་ལོག་སྐོར༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ ཞེས་དཔལ་མགོན་མ་ནིང་གི་སྐོར་ཟབ་པ་ལས་ཀྱང་ཆེས་ཟབ་པའི་དབང་ལུང་། འཇམ་དཔལ་ནཱ་ག་རཀྴ། སྟག་ཞོན་བྱད་མ་འབུམ་ཐུབ། མཁའ་རི་ཞུ་ལན་སོགས་གཏེར་ཁ་འོག་མའི་དབང་ལུང་མན་ངག་ཕལ་མོ་ཆེ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མངའ་བདག་ཉང་རིན་པོ་ཆེའི་བཀའ་བརྒྱད་བདེ་གཤེགས་འདུས་པ། རྟ་མགྲིན་དྲག་པོ་ལྷ་གསུམ། རྒྱུད་བཅུ་བདུན། ལེའུ་བདུན་པའི་སྐོར་གྱིས་མཚོན་པའི་གཏེར་ཁ་སྣ་ཚོགས་ཀྱི་ཆོས་རྒྱུན་ཡང་མང་དུ་སྩལ། ཐུགས་ལ་ཤིན་ཏུ་འདོགས་པས་བཞེས་ཁྲུང་གིས་ཅུང་ཟད་བད་པའི་བད་འགོང་གི་རྣམ་པ་དང་སྦྲགས་དབུ་ལ་ཕྱག་བྱིལ་བྱིལ་དང་ཕུར་ཕུར་མཛད་ཅིང་བུལ་ཆོས་བུམ་པ་གང་བྱོར་བྱེད་དོ་ཞེས་ཞར་ཞོར་ལའང་ཕྱག་ལེན་དང་དཀའ་གནད་ཐམས་ཅད་ཡང་ཡང་བཀྲོལ་ནས་གནང་བས་ཐུགས་ལ་ཤིན་ཏུ་བྱང་ཆུབ་པས་གཏེར་ཁ་གོང་(༡༥ན)


GLG009_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ལ་གཞན་དྲིང་མི་འཇོག་པའི་མཁྱེན་པ་ཟླ་མེད་པ་ནི་ང་ཀརྨ་དབང་འབྱོར་ལ་གཏུགས་པ་ཡིན་ཞེས་ངོམ་ཆོག་པ་ཞིག་མཛོད་ཅེས་བཀའ་གནང་བ་མེད་ཀྱང་ཙམ་དུ་མ་ལུས་པ་ཕྱག་ཐོག་ཏུ་ཁེལ་བ་མཆོག་དམན་ཀུན་གྱི་མངོན་སུམ་དུ་གྱུར་ལ། རྫོགས་པ་ཆེན་པོའི་སྒོམ་ཉམས་མཐོ་ཞིང་རྩ་རླུང་ལ་ནང་བྱན་ཆུད་པའི་བདེ་སྟོང་གི་ཡེ་ཤེས་འདྲེན་པ་ལ་མངའ་བརྙེས་པ་བླ་མ་ཡི་དམ་དུ་མའི་ཞལ་གཟིགས་ཤིང་དམ་ཅན་སྲུང་མ་བྲན་དུ་ཁོལ་ཞེས་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་ཐུགས་དད་དང་བཀའ་དྲིན་ཟླ་མེད་པའི་རྩ་བའི་བླ་མར་འཛིན་པ་ཡིན་ནོ། །ཆོས་དབང་རིན་པོ་ཆེའི་སྲས་ཆུང་བ་མཚན་ལྡན་ཉི་མ་འོད་ཟེར་གྱི་གདུང་བརྒྱུད་བྲག་སྣ་བ་ཆོས་དབང་བསྟན་འཛིན་ཉི་མའམ་ཀུན་མཁྱེན་དབང་ཕྱུག་ཏུ་གྲགས་པའི་དྲུང་དུ་བླ་མ་མངའ་བདག་ཉང་གི་གཏེར་བྱོན་ཚེ་སྒྲུབ་མཚོ་སྐྱེས་རྡོ་རྗེའི་སྐོར། རྣམ་ཐར་ཟངས་གླིང་མ། མཁའ་འགྲོ་གསང་རྫོགས། གསང་སྔགས་ལམ་རིམ། ལོག་ཏྲི། ནཱ་ག་རཀྴ་ཆུ་སྲིན་གདོང་ཅན། རྟ་མགྲིན་དྲག་པོ་ལྷ་གསུམ་གྱི་སྐོར། གཏེར་ཁ་འོག་མའི་རྫོགས་ཆེན་ཅི་ཏེ། སངས་རྒྱས་མཉམ་སྦྱོར། མ་རྒྱུད་སྤྲོས་བྲལ་དོན་གསལ་ཆེན་མོ། ཀླུ་བདུད་སྐུ་རྐེད་བླ་མའི་སྒྲུབ་ཐབས་ཀྱི་ནང་ཚན་བླ་མ་གསང་བ་ཡོངས་རྫོགས་ཀྱི་དབང་ལུང་། ཀརྨ་གུ་རུ་དར་ནག་བེར་ཆེན། ཕུར་པ་སྤུ་གྲིའི་དབང་ལུང་། ཇོ་མོའི་ཉམས་ལེན་སྐོར་དགུ། མནལ་ལམ་ཞྭ་ནག་མ་དང་རྟ་དཀར་མ།བཀའ་རྒྱ་མ།བཀྲ་ཤིས་ཚེའི་རྫོང་སྒྲུབ། རྣམ་ཐར་མཛད་པ་བཅུ་གཅིག་པ་(༡༥བ)


GLG009_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་གཏེར་བཀའ་འབུམ། ཞུ་ལན་སྐོར། ཉང་ཞུས་ངེས་དོན། སྒྲོལ་དཀར། ཛམ་དཀར་དམར། དབང་སྡུད་ལས་ཀྱི་འཁོར་ལོ། ནཱ་ག་རཀྴ ལྕགས་རལ་ཅན། ག་པའི་ཛམ་དམར། ཕྱག་རྡོར་དྲེགས་འདུལ། དམ་ཆེན་སྐྱེར་མདུང་། རྫོགས་ཆེན་ཐིག་ལེ་གསང་སྐོར། རིན་ཅེན་གླིང་པའི་ཀླུ་བདུད་མགོ་དགུའི་སྒྲུབ་ཐབས། གཉལ་སྟོན་ནག་པོའི་ལྷ་ཆེན་གཙང་ཤུག་མའི་སྐོར། བཀའ་མ་སྙན་བརྒྱུད་རྡོ་རྗེ་ཟམ་པའི་དབང་ལུང་གིས་གཙོས་པའི་གསན་པ་རྒྱ་ཆེར་མཛད་ཅིང་བླ་མའང་ཐུགས་ཤིན་ཏུ་མཉེས་པའི་ངེད་ལ་ཕྱོགས་མཐའི་སློབ་མ་ཡོང་མཁན་དགོན་པར་བྱུང་ཁྱེད་ཀྱིས་ཆེད་བསྟད་བྱོན་པ་ལེགས་བྱུང་ཞེས་རྡོ་རྗེ་གླིང་པའི་དངུལ་ཆུ་སྔགས་ཀྱིས་འདུལ་བའི་མན་ངག་གིས་མཐའ་བརྟེན་པའི་གདམས་པ་ཆེ་ཆུང་ལ་མ་བལྟོས་པ་མཐའ་དག་སྦ་བསྲིས་མེད་པར་གནང་ཞེས་ཐུགས་མོས་ཆེ་ཞིང་བླ་མ་འདི་ཉིད་ཧ་ཅང་གི་མཁས་ཚུལ་མི་སྟོན་ཡང་སློབ་དཔོན་ཆེན་པོའི་ཞལ་ཡང་ཡང་གཟིགས་པ་སོགས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ཞེས་བསྔགས་བརྗོད་མཛད། བུལ་ཤིང་དགོན་པར་རང་གྲོལ་གྱི་རྣལ་འབྱོར་པ་ཆེན་པོ་ནམ་མཁའ་ཆོས་དབང་ཞེས་མཁས་གྲུབ་ཀརྨ་གུ་རུའི་དབུ་མཛད་ཆེན་མོར་གྲགས་པ་ལ་ཐེག་པ་ཆེན་པོ་སྙན་བརྒྱུད་རྡོ་རྗེའི་ཟམ་པ་གྲུབ་ཐོབ་དངོས་གྲུབ་ནས་ཉེ་བར་བརྒྱུད་པའི་བཀའ་བརྒྱད་བཀའ་མ་རྫོང་འཕྲང་གི་སྐོར། རིན་ཆེན་གླིང་པའི་ཚིག་ཆོད་ཀུན་གྲོལ་གྱི་དབང་ལུང་། ཉང་གི་བླ་མ་དམར་འཁྲང་། ཤིན་ཏུ་ཟབ་པ་ཁྲོས་ནག་གི་དབང་ལུང་། ཐུགས་རྗེ་ཆེན་པོ་འགྲོ་འདུལ་ཡིད་བཞིན་(༡༦ན)


GLG009_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ། མགོན་པོ་གཡུལ་བཟློག་སྐོར། པཎྜི་ཏ་ཆེན་པོ་བི་མཱ་ལ་མི་ཏྲའི་ཐུགས་བཅུད་གཏེར་སྟོན་མདང་མ་ལྷུན་རྒྱལ་གྱིས་དབུ་རུ་ཞྭ་ལྷ་ཁང་ནས་གདན་དྲངས་པའི་ཟབ་པ་པོད་བཞིའི་སྐོར། འོད་གསལ་སྒྲོལ་མ་དྲུག་སྐོར་གྱི་ལུང་རགས་པ། གཏེར་ཁ་འོག་མའི་རྫོགས་ཆེན་ཅི་ཏིའི་རྒྱུད་སྐོར་ཉི་ཤུ་རྩ་ལྔ། སངས་རྒྱས་མཉམ་སྦྱོར། སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་ལེའུ་བཅོ་བརྒྱད་པ། མནལ་ལམ་ཞྭ་ནག་མ་དང་རྟ་དཀར་མ། མ་ཎི་བཀའ་འབུམ། གཏེར་སྟོན་གྱི་སྐུ་གསུང་ཐུགས་ཀྱི་རྣམ་ཐར། བཀའ་ཆེམས་གཏེར་འབྱུང་ཆེན་མོ། ལྷ་བུ་བཙོན་འཛིན་གྱི་གདམས་པ། རྒྱ་བན་རྡོ་རྗེ་དབང་ཕྱུག་གིས་ལྷོ་བྲག་མཁར་ཆུ་ནས་གདན་དྲངས་པའི་རྟག་ཏུ་ངུའི་བཅུད་ལེན། གྲུབ་ཐོབ་མེ་ལོང་རྡོ་རྗེའི་རྣམ་ཐར་ལེ་ཚན་ལྔ་དང་མགུར་འབུམ། དོ་ཧ་སྐོར་གསུམ། ཡབ་མཉམ་མེད་ཆེན་པོའི་རྣམ་ཐར། རིན་ཅེན་འོད་འབར་སོགས་བཀའ་འབུམ་ཐོར་བུ། སྨན་ལུང་པ་མི་བསྐྱོད་རྡོ་རྗེའི་རྣམ་ཐར་གྱིས་མཚོན་པའི་ཟབ་ཆོས་ཤིན་ཏུ་མང་བ་གསན་ཞིང་བཀའ་དྲིན་ཆེ་བའི་བླ་མ་གཅིག་ཏུ་མཛད།གསང་ཆེན་སློབ་བཤད་ཀྱི་སྔགས་གྲ་བཀྲ་ཤིས་ཆོས་ཀྱི་སྡེར་སྒྲིགས་འགྲིམ་མཛད་ནས་རྒྱང་ཙམ་བཞུགས་འཕགས་ཡུལ་གྱི་གྲུབ་ཆེན་ཀུ་ཀུ་རི་པ་དང་བོད་ཡུལ་འདིར་དཔྱལ་སྟོན་ཆེན་པོ་སོགས་མཁས་གྲུབ་དུ་མའི་རྣམ་པར་སྤྲུལ་པ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་དྲུང་དུ་དགུང་ལོ་བདུན་པའི་ཚེ་དགེ་བསྙེན་གྱི་སྡོམ་པ་དང་ཚེ་དབང་གྲུབ་རྒྱལ་མ་ལྕགས་སྡོང་མ་ཡོངས་རྫོགས་ལྷ་འཁྲིད་དུ་བསྟར་(༡༦བ)


GLG009_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཟབ་གནད་ཀུན་ལྷུག་པར་གསན་པས་ཆོས་བཀའ་རྒྱ་ཆེ་ཆེ་མོ་ཞུ་མ་ཐུབ་རུང་གཅིག་ཤེས་ཀུན་གྲོལ་ལྟ་བུའི་བོགས་ཆེ་ཞིང་སེམས་ཐོག་ཏུ་བབས་པ་བྱུང་གསུང་བ་ཡང་ཐོས། འབྲུམ་ནག་མཆེད་པ་ཞིག་ལ་བསླབ་སྟོན་ཞུས་པར་ཨོ་ལོ་རང་བྲེད་མི་དགོས་ཞེས་བྱིན་རླབས་དང་སྲུང་བ་གནང་བས་དུས་དེར་མ་ཟད་གཞན་དོན་དུ་མི་གཤེགས་པར་རྡོ་རྗེ་ཚེར་མའི་ནད་དབུས་གཙང་དུ་ལན་བདུན་བརྒྱད་ཙམ་བྱུང་བར་ཆེད་དུ་གཉེར་བའི་འཛེམ་ཆ་མ་ཐུབ་རུང་འགོས་པ་གཏན་མ་བྱུང་བ་དམ་པ་དེའི་བཀའ་དྲིན་ཡིན་ཞེས་ཐུགས་གཏིང་ནས་གུས་པའི་རྣམ་འགྱུར་དང་གསུང་འཕྲོས་ཡང་ཡང་གནང་། དམ་ཅན་སྲུང་མ་སྤྲིན་བཞིན་འདུ་བའི་གནས་རྩེས་དང་བསམ་གླིང་བདེ་བ་ཆེན་པོའི་གཙུག་ལག་ཁང་སྣེའུ་སྡོང་གོང་མ་ཆེན་པོས་བར་སྐབས་སུ་རྩིས་སྤྲོད་གནང་ནས་བཞུགས་དུས་དཔལ་ལྡན་བླ་མ་དམ་པ་དང་ཡར་ཀླུངས་པ་ཁུ་དབོན་གྱི་དུས་ཀྱི་རྟེན་ཐུག་བཀའ་ཤིན་ཏུ་གཉན་པས་འགྱེལ་ཆག་ཏུ་གྱུར་ཏེ་གཞན་གྱིས་ལག་ཙམ་ཡང་རེག་མ་ནུས་པར་ལུས་པ་རྣམས་ཉམས་གསོས་ཀྱི་དགོངས་པ་གཏད་ནས་གྲུབ་པའི་འཁོར་ལོས་སྒྱུར་པ་བི་རཱུ་པ་དང་རྡོ་རྗེ་འཆང་ཚར་པ་ཆོས་རྗེ་སོགས་ཀྱི་སྒྱུ་འཕྲུལ་དྲ་བའི་རོལ་གར་མགོན་པོ་བསོད་ནམས་མཆོག་ལྡན་གྱི་དྲུང་དུ་གཉིས་མེད་རྒྱུད་ཀྱི་རྒྱལ་པོ་ཀྱེ་རྡོར་མན་ངག་ལུགས་ཀྱི་དབང་། གུར་ལྷ་བརྒྱད་ཐུན་མོང་བ་དང་ཞལ་བསྙེན་དུས་ཀྱི་མགོན་པོའི་རྗེས་གནང་གསན་པའི་དུས་ཁྱབ་བདག་བཀའ་འགྱུར་བ་ཆེན་པོས་རྙིང་མར་སྟོང་ཚིགས་ཀྱི་མཆོད་པ་ཞེས་དང་འགའ་ཞིག་བསྟོད་ཚིགས་ཀྱི་མཆོད་པ་(༡༧ན)


GLG009_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུང་བ་ཇི་ལྟར་ཡིན་ཕེབས་པར་སྟོང་ཚིགས་ཀྱི་མཆོད་པ་ཡིན་ཚུལ་དང་། གཞན་ཡང་རྒྱུད་ལས། སྟོང་སྟོང་མཚམས་སུ་ཁྲོ་རྒྱལ་བསྐུལ། །ཞེས་སོགས་ཡོད་ཚུལ་ཞུ་བ་གནང་བས་གསར་མ་ལའང་རྣམ་རྒྱལ་སྟོང་མཆོད་ཅེས་གཟུངས་སྔགས་སྟོང་སྟོང་གི་མཚམས་སུ་མཆོད་ཅེས་གཟུངས་སྔགས་སྟོང་སྟོང་གི་མཚམས་སུ་མཆོད་པ་འབུལ་བ་ཡོད། གསར་རྙིང་དགོངས་པ་ལོས་གཅིག་གསུངས་ཕྱག་ཐལ་མོ་སྦྱར་དགྱེས་དགྱེས་གནང་ཞིང་རྙིང་མའི་ཆོས་སྐོར་མང་ཙམ་ཞུ་འདོད་ཀྱང་ཞུས་དཀོན་པ་བྱུང་། ད་ཆ་གང་བཞུགས་སྩོལ་དགོས་པའི་གསོལ་བཏབ་མཛད་དེ་དཔོན་སློབ་ཐུགས་ཡིད་གཅིག་འདྲེས་ལྟ་བུར་གྱུར། གཞན་ཡང་ཟབ་ལམ་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་ཆོས་སྐོར་གྱི་ལུང་། དཔལ་རྡོ་རྗེ་འཇིགས་བྱེད་རྭ་ལུགས་བཅུ་གསུམ་མ། སངས་རྒྱས་མཉམ་སྦྱོར་ལྷ་བརྒྱ་དང་ཞེ་གཉིས། གཤེད་དམར་ལྷ་ལྔ། གུར་མགོན་གྲི་གུག་ལྷ་ལྔ། རྣམ་འཇོམས་དཀར་པོ། ཕུར་པ་སྤུ་གྲི། ཕུར་པ་དཔྱལ་ལུགས་རྣམས་ཀྱི་དབང་། རྟ་མགྲིན་ཟླ་རྒྱལ་ལུགས། བྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གཏེར་ཁ་གོང་མའི་དྲག་པོ་གཞུང་ཆེན་བདེ་གཤེགས་འདུས་པ། འབྲིང་པོ་མེའི་སྤུ་གྲི། ཆུང་བ་དཔའ་བོ་ལྷ་གསུམ། གཞན་ཡང་ཐེམས་མེད་སོགས་ཆོས་སྐོར་ཡོངས་སུ་རྫོགས་པ་རྡོ་རྗེ་སྤྱི་བླུགས་འབྲིང་པོ་མེའི་སྤུ་གྲིའི་དབང་བཅས། ཆོས་དབང་གི་ཡང་གསང་དྲག་པོ་རྟ་སྐད་ཅན། འཁོར་བ་དོང་སྤྲུག །ཚེ་སྒྲུབ་བུ་སྟོན་གོང་ཁུག་མ། དཔལ་མགོན་མ་ནིང་གི་སྲོག་དབང་ཤིན་ཏུ་རྒྱས་པ། ཆུ་མོ་ཕུག་(༡༧བ)


GLG009_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གུ་རུ་ཚེ་བརྟན་རྒྱལ་མཚན་གྱིས་སྤྱན་དྲངས་པའི་དྲག་པོ་སྤྱན་མང་། གནུབས་ལུགས་སྟག་ཞོན་གྱི་རྒྱུད་ལེ་ཚན་དང་དབང་། ཞལ་གླང་གདོང་མ་དང་ཁྱུང་ཞལ་ཅན། བྲམ་ནག་བཤན་པ་དྲུག་སྐོར་རྣམས་ཀྱི་རྗེས་གནང་དང་གཉན་ལོའི་གཏེར་མའི་བྲམ་ཟེ་དཀར་པོའི་སྒྲུབ་ཐབས། རྟ་མགྲིན་ཟླ་རྒྱལ་ལུགས། སེང་གདོང་ནག་མོ། འཆར་ཀ་སྒྲོམ་བུ་མ་བཀའ་གཏེར། ཨོ་རྒྱན་གླིང་པའི་སྟག་ཞོན་གྱི་དབང་ལུང་། དཔལ་འཛིན་གྱི་འཇིགས་བྱེད་པོད་ཆུང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་ལུང་གིས་མཚོན་གསང་སྔགས་གསར་རྙིང་གི་ཆོས་བཀའ་མཐའ་ཡས་པ་གསན། སྐུ་ཆས་དབུལ་པོ་བྱུང་བར་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱི་གཏེར་གསར་དབྱུག་གུ་སྤུན་གསུམ་གྱི་དབང་ལུང་གནང་བ་ནས་བཟུང་ལོངས་སྤྱོད་ཀྱང་རིམ་པར་འཕེལ་གསུང་། དམ་པ་འདི་ཉིད་མཁས་གྲུབ་ཀྱི་ཚད་དུ་འཛིན་པའི་ཐུགས་ཤིན་ཏུ་གུས་པར་མཛད། རྗེ་མཉམ་མེད་དྭགས་པོ་ཟླ་འོད་གཞོན་ནུའི་སློབ་མ་ཁམས་པ་མི་གསུམ་ཕྱི་ནང་ཚན་རྗེ་དབུ་སེ་དུས་གསུམ་མཁྱེན་པར་གྲགས་པའི་ཉེ་གནས་ནམ་མཁའ་འོད་དེ་ནས་རྗེ་གྲགས་སེང་སོགས་དྲུང་རྟོགས་ལྡན་པ་རིམ་པ་གསུམ་གྱི་བར་ཀརྨ་པ་ན་རིམ་གྱི་བུ་ཆེན་མགོ་འོག་ཏུ་ལུས་ཆུད་ཡིན་ནའང་། བཞི་པ་ཐམས་ཅད་མཁྱེན་པ་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོས་སྙིགས་དུས་ཀྱི་མཁས་པ་ཀུན་གྱི་གཙུག་གི་ནོར་བུ་འགོས་ཡེ་བཟང་རྩེ་པ་གཞོན་ནུ་དཔལ་དང་ཁྲུས་ཁང་ལོ་ཙཱ་བ་བསོད་ནམས་རྒྱ་མཚོའི་སྡེ་སོགས་ཐུབ་བསྟན་(༡༨ན)


GLG009_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་རྫོགས་ཀྱི་བཤེས་གཉེན་དུ་མ་བསྙེན་ནས་ཤེས་བྱའི་གནས་མཐའ་དག་ལ་མཁས་པའི་རྩེར་སོན། ཨ་པའི་གསོལ་ཞལ་གོག་པོ་ལ་གཙང་གཙང་མོའི་རྨོངས་ཞེན་མི་མཛད་པར་དཔྱད་པ་གསུམ་གྱིས་དག་པའི་རྒྱུད་སྡེའི་བཤད་སྲོལ་དང་ཕྱག་ལེན་མཛད་པས་ར་ཕོ་དཀར་པོ་ལུག་ཁྱུར་མི་འགྲེ་ཞིང་འཛམ་གླིང་ཆོས་གྲགས་རྒྱ་མཚོས་ཐུབ་ཆེན་གདན་ས་བཏིང་ནས་རྩོད་པ་ལྷུར་ལེན་གྱིས་འཕྲིན་ལས་སྐྱོང་བར་ཐུགས་མ་རངས་ཏེ་ཁོ་བོ་ཟག་པ་མི་འཕེལ་བའི་སར་གནས་གཞི་འདིང་ཞེས་བདེ་ཆེན་ཡངས་པ་ཅན་གྱི་ཆོས་སྡེ་བཙུགས། ས་སྐྱོང་དོན་ཡོད་རྡོ་རྗེ་གཞན་འཕྲུལ་དབང་བྱེད་ཀྱི་སྦྱོར་བས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་མིང་གི་ལྷག་མར་གཏོང་བར་ཉེ་ཚེ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་མཛད་པ་སོགས་ལ་དྲུང་རྟོགས་ལྡན་པས་ནད་པ་སྨན་གཞུང་བཞིན་མ་ན་སྙམ་པའི་ཕྱིར་འབུད་དང་རྗེས་སུ་རྗེ་མི་བསྐྱོད་པ་དབྱངས་ཅན་དགའ་བར་གྲགས་པས་རི་བོ་དགའ་ལྡན་པའི་བསྟན་འཛིན་ཆེན་པོ་ཞིག་འདི་ལྟར་བཞེད་ཅེས་ཟུར་ཟ་བའང་མཛད་སྣང་། གཙོ་བོར་གནམ་གྱིས་བསྐོས་པའི་རྒྱལ་པོ་དཔལ་ཕག་མོ་གྲུ་པ་སྤྱན་སྔ་ངག་གི་དབང་ཕྱུག་ཞིང་གཞན་དུ་གཤེགས། གོང་མ་ཆེན་པོ་ཀོན་དིང་ཏའི་གོ་ཤྲཱི་ཆེན་ཧོང་ཝང་སྐུ་ནར་མ་སོན་པའི་བར་དུ་རྒྱལ་ཁབ་ཆེན་པོ་སྣེའུ་སྡོང་རྩེའི་དཔོན་སའི་གོ་ས་དང་གདན་ས་མཐིལ་ཀུན་བཟང་ནགས་ཁྲོད་ཀྱི་སྤྱན་སྔ་ཟུང་དུ་འབྲེལ་བའི་སྒོ་ནས་བོད་ཤིང་སྒོ་ཅན་གྱི་རྒྱལ་སྲིད་ཉམས་པ་མེད་པའི་མཛད་བཟང་ལ་བརྟེན་དཔོན་ས་གོང་མ་རིམ་བྱོན་དང་ཁྱད་(༡༨བ)


GLG009_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

པར་མེད་པའི་ལུང་ལས་ཀྱི་མངོན་པར་མཐོ་བ་ནས་སྒར་ཕྱོགས་ཀྱི་དྲུང་རྟོགས་ལྡན་པ་ཞེས་སྤྱན་མས་འགེབས་མཛད་པའི་སྤྲོས་པ་དང་བྲལ་མ་པང་དུ་བུ་མ་ཤོང་བའི་ཞྭ་དམར་ནག་གཉིས་ཞལ་མཛེས་ཙམ་ལས་བྱ་རོག་འུག་པའི་བརྟུལ་ཞུགས་སུ་གྱུར་པ་དེ་བཞིན་ཡིན་ལ། སྤྱན་སྔ་རིན་པོ་ཆེ་ཞི་བར་གཤེགས་རྗེས་སྟོད་ལུང་དུ་བདེ་ཆེན་སྤྲུལ་སྐུར་གྲགས་པ་ཤིན་ཏུ་གསལ་བ་བྱོན་པར་ཆོས་རྒྱལ་འབྲི་གུང་པ་ཆེན་པོ་རིན་ཅེན་ཕུན་ཚོགས་ཀྱིས་བདག་རྐྱེན་དང་། བྱང་སྟག་ལུང་ནས་ཀྱང་དེ་དང་ཕྱོགས་མཚུངས་གནང་ནའང་རྗེ་མི་བསྐྱོད་རྡོ་རྗེས། ཞྭ་དམར་ཅན་གྱི་ཆར་པ་བབས་གྱུར་ཀྱང་། །ང་ཡི་ཞྭ་དམར་དཀོན་ཅོག་ཡན་ལག་ཡིན། །ཕུན་སུམ་ཚོགས་པར་གྱུར་ན་རྗེས་ཡི་རང་། །དངོས་སུ་མཇལ་སྙམ་འགྲམ་ཆུ་མི་ལྡང་ངོ་། །ཞེས་ཀོང་པོ་སྐྱེམ་པའི་ཞལ་ངར་འཁྲུངས་པ་དེ་ལ་ངོས་བཟུང་བའི་སྤྲུལ་སྐུ་བྱེ་བ་ཐེར་འབུམ་གྱི་དབུ་ཚུགས། རྗེ་དཀོན་ཅོག་ཡན་ལག་གི་སྤྲུལ་སྐུ་འབྲི་གུང་སྐྱུ་རའི་རིགས་སུ་སྐུ་བལྟམས་པ་དཔལ་ལྡན་གར་དབང་ཆོས་ཀྱི་དབང་ཕྱུག་དོན་ཀུན་ཡོངས་སུ་གྲུབ་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཁམས་ཕྱོགས་ཀྱི་འགྲོ་བ་རྣམས་མཐོང་བས་དོན་ལྡན་དུ་མཛད་ནས་ཡར་ཕེབས། རིང་པོ་མ་ལོན་པར་གཙང་སྐུར་གཉེན་སྲིད་རྡོ་རྗེའི་བྲག་ལྟ་བུའང་དུས་ཀྱི་ཆད་པས་དུམ་བུར་སོང་བའི་བདེ་གཟར་ཆེར་ལངས་པས་ཡར་ཀླུངས་ཤར་ནུབ་མཐིལ་གསུམ་དུ་སྟོན་ཏོག་བསྡུ་རྒྱུ་མ་བྱུང་བས་རྐྱེན་བྱས་རྙིང་ལུགས་ཀྱི་བླ་མ་ལྔ་ཙམ་ཞིག་གསོལ་ཆས་ཀྱིས་བརྡུགས་ཏེ་ད་ཇི་ལྟར་དྲག་གམ་ཞེས་འགྲོ་ལྡིང་པའི་ངང་ནས་ཞྭ་(༡༩ན)


GLG009_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ཐམས་ཅད་མཁྱེན་པའི་སྒར་དུ་བྱོན་པར་ཐག་བཅད་པའི་ཡ་གྱལ་ཞིག་རྗེ་འདི་ཉིད་ཡིན་ལ། ཀར་ལུགས་འདི་ཁོག་ཡངས་ཤིང་མཛད་པ་རླབས་ཆེ་བས་འདི་ཆུང་འདི་མི་ཆུང་ཅེས་རིས་སུ་ཆད་པ་མེད་གཤིས་ཁོང་དཔོན་སློབ་རྣམས་ཐུན་མོང་དུ་གུར་དཀར་ནག་གཡབས་ཐབ་ཆས་རྟ་དྲེལ་གྱི་རྩིས་འཁྲི། སྒར་པ་དཔེ་འགྲེའི་འཕོགས་དང་གཟིམས་གུར་འགག་ཏུ་ཉུང་ཇ་བསྒུགས་ཆོག་པ་སོགས་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་། བླ་མ་གཞན་རྣམས་ཀྱི་ལོ་གཅིག་ཙམ་ནས་དགོངས་པ་ཞུས་ཏེ་སོ་སོའི་གནས་སུ་བྱོན། རྗེ་བླ་མའི་ཐུགས་ལ་ཐོག་མར་སྒར་དུ་འཇུག་རྐྱེན་དེ་བཞིན་ཡིན་ཡང་ཞྭ་དམར་ཐམས་ཅད་མཁྱེན་པ་འདི་ཉིད་མདོ་སྔགས་དང་ཐ་སྙད་སོགས་ཤེས་བྱ་རིག་པའི་གནས་ལྔར་མཁྱེན་པའི་སྤྱན་ཡངས་པ་དེང་སང་བོད་འདིར་བླ་ཆེན་ཀུན་གྱི་ནང་ནས་འགྲན་ཟླ་དང་བྲལ་བ་ཞིག་མཆིས་པས་རེ་ཞིག་ཞབས་ཀྱི་པདྨ་བསྟེན་ནས་ཐོས་བསམ་རྒྱ་ཆེ་བ་མཛད་པར་དགོངས་ཏེ་ཐོག་མར་བར་མ་རབ་བྱུང་ནས་བཟུང་བསྙེན་རྫོགས་བར་གྱི་སྡོམ་པ་རྣམས་ཞུ་བ་མཛད་པའི་ཚེ་མཚན་ཀརྨ་བློ་མཆོག་རིག་པའི་རྡོ་རྗེར་འདོགས་པ་གནང་། སྒར་ཕྱོགས་ཀྱི་བསྙེན་རྫོགས་པ་རྣམས་ཀྱང་རྔུལ་ལེན་དང་ལྡིང་སློག་སོགས་གོས་སྦུ་གུ་ཅན་ལ་མཆོར་ཆས་སུ་བྱེད་པའི་སྤྱན་ལྟོས་མ་མཛད་པར་རབ་ཏུ་བྱུང་བའི་རྟགས་ཁོ་ན་ལྷུར་བླངས་པས་རྗེ་ཉིད་ཀྱི་དཔེ་ཟླར་འོས་པ་ལོ་ཙཱ་བ་བསྟན་པ་ཙམ་མ་གཏོགས་མ་བྱུང་བས་གངས་བབས་པའི་ཞོགས་ཤིག་གུར་སྡུད་པའི་ཚེ་ལོ་ཙཱ་བ་བསྟན་པར་ཟླ་བོ་ཞིག་གིས་སྟོད་གོས་གཡར་(༡༩བ)


GLG009_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བཏང་བ་མགོ་མཇུག་སློག་ནས་གྱོན་འདི་བཞིན་འདུག་བྱས་པར་ད་ནང་མིན་པ་རྐང་གོས་དང་ལག་གོས་ཨང་དེ་གྱོན་མ་མྱོང་བྱས་སྐད། ཐམས་ཅད་མཁྱེན་པའི་ཞབས་དྲུང་དུ་དུས་འཁོར། རྒྱལ་བ་རྒྱ་མཚོ། ཕག་མོ། དགྱེས་རྡོར་ལྷ་དགུ། བདེ་མཆོག་ལྷ་ལྔ། ཀུན་རིག །ཚེ་དཔག་མེད་རྩ་གསུམ་དྲིལ་སྒྲུབ་རྣམས་དབང་། ཕྱག་རྡོར་འབྱུང་འདུལ། བཅུ་གཅིག་ཞལ། འཇམ་དཀར། སྨན་བླ་སྤྲུལ་སྐུའི་རྗེས་གནང་། ཚེ་དབང་ལྷ་གཅིག་བུམ་གཅིག །ཕྱག་ཆེན་ཆོས་དྲུག་གི་འཁྲིད་སོགས། ཀརྨ་ཀམ་ཚང་ལུགས་ཀྱི་དབང་འཁྲིད་རྗེས་གནང་དུ་མ། གཞན་ཡང་ཀླུ་སྒྲུབ་ལུགས་ཀྱི་སེམས་བསྐྱེད། དབུ་མ་འཇུག་པ། མངོན་རྟོགས་རྒྱན། མདོ་སྡེ་རྒྱན། མངོན་པ་མཛོད། སྤྱོད་འཇུག །འདུལ་བའི་བསླབ་བྱ་རྒྱས་པ། དཔེ་ཆོས་རིན་ཆེན་སྤུངས་པ། ཟབ་མོ་ནང་དོན། སྤྱན་སྔ་ཆོས་ཀྱི་གྲགས་པའི་བཀའ་འབུམ། བློ་སྦྱོང་སྐོར། འཁྲུངས་རབས་སོ་བཞི་པ་ཀུན་མཁྱེན་རང་བྱུང་རྡོ་རྗེའི་ཁ་སྐོང་དང་བཅས་པའི་ལྗགས་ལུང་གི་རིས་གང་ཐོབ་གནང་། རྒྱུན་པར་གཟིམས་གུར་དུ་དཔེ་མཚམས་ལྟ་བུས་དུས་འཁོར་བསྡུས་རྒྱུད། ཀྱེ་རྡོར་རྩ་རྒྱུད་བརྟག་པ་གཉིས་པ། རྒྱུད་གསང་བ་སྙིང་པོ། རྒྱུད་བླ་མ། སུམ་རྟགས། སྙན་ངག་མེ་ལོང་གིས་གཙོས་པའི་རྒྱ་བོད་ཀྱི་གཞུང་མང་པོའི་རྩ་བ་ཐུགས་ལ་འཛིན་པ། ཊཱིཀ་འགྲེལ་རྣམས་ལ་གཟིགས་རྟོག་གིས་མཚོན་པའི་གསན་སྦྱོངས་ལྷུར་གནང་། འོན་ཀྱང་སྒར་པ་འཕྲིན་ལས་ཆེ་ཞིང་ཕྱོགས་ཀུན་ཏུ་ཕེབས་དགོས་པའི་སྟབས་བྱེས་ལ་གཞིས་བཅོལ་བ་ལྟ་བུས་ཐུགས་ཀ་ཁེངས་(༢༠ན)


GLG009_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱག་དཔེ་རང་ནི་མ་བྱུང་གསུང་། ཤངས་སུ་སྡེ་པ་ལྷ་བུ་བས་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱི་གཏེར་གསར་རྡོ་རྗེ་གྲོ་ལོད་ཀྱི་དབང་ཞུས་དུས་དབང་རྫས་ཀྱི་ཕུར་པ་མ་རྙེད་པར་སྡེ་པ་ཆོས་རྒྱལ་ཕོ་བྲང་པས་བསྙེན་ཕུར་གཡོར་བར་བྱུང་བ་དབང་གྲལ་དུ་ཆུད་པའི་གསོལ་བཏབ་མཛད་པས་རྗེས་སུ་བཟུང་། ཟབ་བུ་གདན་ས་པ་མཚུངས་མེད་ཀརྨ་དབང་རྒྱལ་གྱིས་ཞུས་པས་དོན་གཉེར་ཅན་ཁ་ཤས་ལ་མཁའ་འགྲོ་སྙིང་ཏིག་གི་ལྗགས་ལུང་སྩལ་བ་ལྷན་དུ་གསན། ལུང་ནས་གཉན་པའི་རིས་ཁ་ཤས་བྱེད་མི་ནུས་གསུངས་ནས་མ་གནང་ཞིང་དབང་ཡང་མ་བྱུང་འབྲི་གུང་པའི་ཞལ་ངོར་གོང་གཤིས་རྙིང་ཆོས་རྒྱ་ཆེ་བ་ཨེ་ཐོབ་བསམས་རུང་དེ་ཕྱོགས་ལ་དགོངས་པ་ཤིན་ཏུ་མ་གཏོད་པས་གནང་བའི་སྤྲོས་པ་དང་བྲལ། ཚེས་བཅུའི་དུས་དབང་དང་དངོས་གྲུབ་ཀྱི་དབྱེ་བ་ནི་སྒར་ཕྱོགས་ལ་ཅི་ཡང་མི་འདུག །གཏོར་མ་མགོ་ལ་བཞག་ནས་བཛྲ་གུ་རུ་གསུང་བའི་བྱིན་རླབས་ཡོང་བ་ངེད་ལྷན་དུ་སྡོད་མིའི་རྙིང་བླ་ལྔ་པོ་དང་བླ་མ་འོལ་བབ་སོགས་ཀྱིས་ལྐོག་ཏུ་འདི་འདྲས་དབང་དང་དངོས་གྲུབ་གང་གིའང་གོ་མི་ཆོད་པ་འདྲ་ཞེས་གླེངས་ནའང་ཕྱི་ཡུལ་དུལ་བ་ག་ལ་ནུས། འོན་ཀྱང་ཐམས་ཅད་མཁྱེན་པ་དེ་གར་དབང་སྣང་བ་མཐའ་ཡས་དངོས་ཡིན་པས། ཚིག་གི་བདག་པོས་ཚིགས་སུ་བཅད། །ཅེས་པ་ལྟར་གང་གནང་ཡང་ཚབས་སུ་འགྲོ་བ་ཞིག་ཡོད་པ་གཞིར་བཅས་གསུང་། དཔོན་སློབ་ཞྭ་དམར་བར་ཡང་རི་དྲུང་པ་ཕྱོགས་ནས་བྱུང་ངམ་ཟེར་གང་ལྟར་གསོལ་ཟས་ངན་པ་ཞིག་གིས་སྐུ་ལྟེམ་བབས་ལྕི་བར་ཚང་མས་སྐུ་རིམ་བརྟན་བཞུགས་འཕྲོད་(༢༠བ)


GLG009_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བསྟེན་ལ་འབད་པས་བསྟན་འགྲོའི་སྨན་ཡོན་དུ་དྭངས་སྐྱེད་ཆེ་བར་གྱུར་ཏེ་སྒར་སྤོ་བའི་ཉིན་ཞིག་རྒྱ་འདྲེའི་འཚུབ་ལྷོངས་ཀྱི་རྣམ་པས་ཐུགས་འཁྲུལ་བས་གཟིམས་དཔོན་སྡེ་པ་སྤེལ་ཆུང་པར་འོལ་བ་ངག་དབང་ཆོས་གྲགས་མ་གཏོགས་རྟ་པ་ཐམས་ཅད་ཀྱིས་བེར་ཟླམ་དང་བསེ་ཐེབ་ཞེ་གཅིག་ལ་རྟ་རྒྱབ་ཏུ་སྤྲེའུ་རེ་བསྐྱོན་འདུག་པ་འདི་འདྲ་ཅི་ཡིན་ཞེས་དྲི་བ་གནང་འདུག །ཆིབས་རགས་བསྒྲིགས་མ་དམ་དྲགས་གཤིས་ངེད་རྟ་ཆས་ཧྲུལ་བས་ཁལ་མའི་ཟླ་ལ་འགྲོ་དགོས་པས་ཆིབས་རགས་ཀྱི་ཞབས་ཕྱིར་མེད་གསུང་བར་དཔགས་ན་མཁས་བཙུན་གྱི་ཡོན་ཏན་གཟིགས་པས་ཞྭ་དམར་བས་ཕྱི་ལྟར་དུ་ཕྱག་ཕྱིའི་གྲས་སུ་གནང་ཡང་ཐུགས་ཀྱི་འཇོག་སོ་བླ་མ་ཁོ་ནའི་མོས་པ་མཛད། དེའི་སྟབས་ཀྱིས་སྒར་པ་དམངས་མའི་སེམས་ལ་མ་རན་པའི་སྐུར་ཞུས་ཁོ་ན་བྱེད་པ་ཡོད་ཚུལ་གྲ་རིགས་འདྲས་གླེང་བ་བླ་མར་བསྟོད་བསྔགས་ཀྱི་ལུགས་ཡིན་འདྲ་ཡང་། གསུང་སྟོན་པས། སློབ་མ་དད་པ་ཅན་གྱིས་བླ་མ་ཟོག་པོར་གཏོང་གསུང་བའི་དཔེར་མཆིས་རྗེ་དབུ་སེ་དང་ཉེ་གནས་ནམ་མཁའ་འོད་གཉིས་ཁམས་ཀྱི་རི་ཁྲོད་གཅིག་ཏུ་བཞུགས་པའི་བྲག་ཕུག་གི་སེར་ཁ་ནས་སྦྲུལ་ཐོན་པ་དེ་ཡང་རི་དྲུང་པ་ཀུན་དགའ་ལྷུན་གྲུབ་ཡིན་པའི་སྨོན་ལམ་དང་རྟེན་འབྲེལ་མདོ་ཁམས་སུ་ཞྭ་དམར་ནག་ནང་ཞིག་པའི་རྐྱེན་བྱས་སམ་ཟེར་སླར་ཡར་སྟོད་ལྷུན་པོ་སྒང་དུ་ཀརྨ་པ་ཡོན་མཆོད་ལྷོ་བྲག་དཔའ་བོའི་རིམ་འདེགས་དང་བཅས་ཡང་རི་བ་རྣམས་སརྦ་གཙྪ་བཏང་ཐོས་སྒར་པ་ཕྱོགས་གཅིག་ཏུ་འདྲིལ་ཏེ་རྒྱལ་བ་ཡབ་སྲས་ཉི་ཟླ་ཟུང་འབྲེལ་(༢༡ན)


GLG009_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སོང་། ཡབ་སྲས་ཐམས་ཅད་བསམ་ཡས་སུ་ཕེབས་པའི་ཚེ་དཔེ་ཀར་ལྕོག་ཏུ་དྲེགས་པའི་སྡེ་དཔོན་ཙིའུ་དམར་པོས་རྒྱལ་བ་ཀརྨ་པར། ཞྭ་ནག་འོག་གི་བན་ཆུང་ཁྱོད། །དམ་ཚིག་དེ་ཐུབ་བམ་མི་ཐུབ་ཅེས་རལ་གྲི་རྡག་རྡག་དང་བཅས་ཏེ་འཚུབ་པའི་རྣམ་འགྱུར་སྟོན་ཚེ་ཞྭ་དམར་ཐམས་ཅད་མཁྱེན་པས་དམོད་ནས་མཛད་པའི་མུས་ལ་ཅོད་བན་འཛིན་པ་ཞེས་འཇམ་མུས་ཀྱིས་འགྲོ་བ་ཞིག་ཡོད་པ་སྤྱན་སྔ་ཆོས་ཀྱི་གྲགས་པའི་དུས་རྩེ་འཁྲི་མཛད་པ་དང་སྐུ་ཚེ་འདིར་འབྲི་གུང་གི་ཞལ་ངོར་འཁྲུངས་པར་ཆོས་སྐྱོང་བཟོས་ཆེ་བ་ཡིན་འདྲ་གསུང་། སྒར་པ་ཡབ་སྲས་གཙང་ཕྱོགས་སུ་ཕེབས་ཀརྨ་པ་དབང་ཕྱུག་རྡོ་རྗེ་གཤེགས་ནས་སྒར་མང་མའི་ཐུགས་ཁུར་དཔོན་སློབ་ཞྭ་དམར་བས་མཛད་པ་འདི་རེས་སྤྲུལ་སྐུ་ཆོས་དབྱིངས་རྡོ་རྗེ་ལ་ཆོས་འཇིག་རྟེན་གཉིས་ཀ་གྲ་ཆག་གྲུ་མ་ཉམས་པར་རྩིས་འབུལ་ཞུ་བ་གནང་སྐབས་ཚེས་བཅུའི་འཆམས་ཀྱི་གཟིགས་མོ་རྒྱས་པར་ཕུལ་བའི་བླ་མ་སྐུ་སྐྱེས་བྱིན་དབབ། སྡེ་པ་ཕོ་བྲང་པས་གཏུམ་རྔམས། རྗེ་བླ་མས་ཚོགས་ལེན་གྱི་འཆམས་དཔོན་མཛད་པ་དགོངས་པར་འབྱོར་ཆེ་བའི་གཏང་རག་ཏུ་ཆིབས་སྒ་སྤུ་ལེན་སྲབ་རྨེད་སོགས་ཆ་འགྲིག་ལེགས་པ་ཞིག་སྩལ། དེ་ནས་བཟུང་ཆིབས་རགས་ཀྱི་ཕྱགས་ཕྱིར་ཡང་ཆུད། བྲག་ཁ་གཟིམས་ཤག་པའི་ཆོས་མཛད་འཁོར་ཞག་ཏུ་སོང་བའི་གཞིས་ཀ་རྩེར་ཕེབས་དུས་ཁོ་པའི་ཆབ་ཀྱི་ཕྱག་ཕྱག་ཁྱེར་མི་གྱིས་ཕེབས་པར་ལས་ཆན་དུ་ཆུད་དགོངས་པའི་མཉེས་ཚོར་ཆེ་བ་བྱུང་། རྒྱུན་དུ་བཞུགས་སྒར་ལས་རྫོང་དུ་མི་བཞུགས་ནའང་ཞག་བཅོ་ལྔ་(༢༡བ)


GLG009_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཞིག་གི་བར་ཀརྨ་པ་དཔོན་སློབ་བཅུ། ཞྭ་དམར་བ་བརྒྱད། དྲུང་པ་ལྔ་རྣམས་རྫོང་དུ་བཞུགས་པར་གསོལ་ཐབ་ཀྱང་མ་བཟུང་བའི་གཙང་གཞུང་ནས་ཞབས་ཏོག་ཤིན་ཏུ་སྨིན་པ་མཛད་པ་དེ་ཁྲོད་དུ་ཆུད་མི་ཆུད་ཀྱི་གླེང་བརྗོད་ཀྱང་ཡོང་གིན་ཡོད་འདུག །རྫོང་དུ་ཞག་བཞུགས་ལ་ཕེབས་ཉིན་ཕྱག་ཕྱག་དོལ་པོ་ཆོས་མཛད་གཞོན་པར་བསྐུར་སོང་བར་ཞལ་སྐྱེངས་པའི་ཉམས་ཀྱིས་རྫོང་དུ་གདན་འདྲེན་ལའང་མ་ཕེབས་པར་གུར་ནང་དུ་བཞུགས། རེ་ཞིག་བཀའ་ཆོས་གསན་པ་དང་སྐུ་ཡོན་སྦྱོང་དར་མཛད་པ་ལས་ཕུགས་ཡུལ་ཀར་ལུགས་མཛད་པ་མི་འཆར་གཞི་བཞག་གིས་ཀར་ལུགས་ཀྱི་ཆོ་ག་ཆོས་སྤྱོད་རྣམས་ཐུགས་ལ་མ་བཟུང་ཞིང་དབུས་གཙང་གི་མི་རྣམས་ཀྱང་སྒར་སྐད་ཟེར་བའི་ཁམས་སྐད་འདྲ་མོ་ཞིག་བྱེད་དགོས་ཀྱི་ཡོད་སྣང་བ་མ་མཛད་པས་བླ་མ་ཁྲ་ཚང་བ་ཟེར་བ་འདི་རྙིང་མ་བའི་ཆོས་ཁོབ་ཁོབ་འདི་དང་ཡར་ཀླུངས་པའི་སྐད་ཏྲེབ་ཏྲེབ་འདི་ལ་འགྱུར་རྒྱུ་ཡང་མི་འདུག་ཅེས་དམངས་མས་སྡང་བ་ཙམ་ཞུས་འདུག །མ་ནས་རབ་གནས་ཀྱི་དོགས་སེལ་སོགས་གསར་མ་ཕྱོགས་ཀྱི་གསུང་འཕྲོས་ཕལ་ཆེར་ལ་ཞ་དམར་བ་དྲུག་པ་འདི་བཞེད་ཅེས་ཚད་མར་འཛིན་ཅིང་མཁས་བཙུན་བཟང་གསུམ་མཐའ་དག་གི་སྒོ་ནས་ཐུགས་དད་ནི་ཆེ་བར་སྣང་། འོན་ཀྱང་ཞྭ་དམར་ཅོད་པན་འཛིན་པ་ཉིད་ཀྱིས་ཡོལ་མོ་གངས་རའི་རྡོ་རྗེ་གླིང་དུ་མཛད་པའི་བཅད་ལྷུག་སྤེལ་མའི་གླུ་ལས། སློབ་མ་བཟང་མང་ཐོན་པ་དེ། །བླ་མའི་ཡོན་ཏན་གཙོ་བོ་ཞེས། །མཁས་གྲུབ་རྣམས་ལ་གྲགས་གྱུར་ན། །དེ་ཅི་ཁྱོད་ལ་ལྡན་མཐོང་ངམ། །ངེད་ལ་སློབ་(༢༢ན)


GLG009_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཟང་པོ་མང་པོ་ཡོད་ཟེར་བའི་གྲགས་པ་དོན་དུ་གཉེར་བ་ཡིན་ན་སྤྲུལ་སྐུ་སྐྱེས་ཆེན་མཁན་སློབ་བླ་ཆེན་སྐུ་ཆེ་རིགས་བཙུན་སོགས་གྲངས་འདྲེན་རྒྱུ་ནི་ལག་མ་ཐོགས་པ་ཡོད་ཀྱང་། མ་ལ། རང་ལ་འཁོར་བའི་བུ་སློབ་འཁོད། །མཁས་བཙུན་བཟང་པོར་བསྐྱེད་ནས་ཀྱང་། །སངས་རྒྱས་བསྟན་པ་བསྲུང་ནུས་པ། །ཀྱེ་མ་ཤིན་ཏུ་དཀོན་པ་བྱུང་། །ཅི་ཞིག་འདི་ལྟ་བུ་འབྱུང་བའི་རྒྱུ་ནི་གང་ཡིན་ན། ཕ་རོལ་གཞན་གྱི་སྐྱོན་ནི་ཅུང་ཟད་ཀྱང་མ་ཡིན་ཏེ། ཕྲུ་བར་མེད་པའི་གཟར་བུ་བཞིན། །རང་རྒྱུད་ཡོན་ཏན་མེད་པས་ན། །གཞན་ལ་དེ་ལྟར་མི་འབྱུང་བ། །གཙོ་བོའི་རྒྱུ་ནི་དེ་ཉིད་ཡིན། གཅིག་ཏུ་རང་རྒྱུད་ལ་བསླབ་ཤེས་ཀྱི་ཡོན་ཏན་སྨིན་པར་མེད་པ་དང་། གཉིས་སུ་གང་ཤེས་པའི་ཆོས་དེ་ཡང་ཟླ་གཅིག་སྦྲེལ་བའི་འཆད་ཉན་མི་ནུས་པ་དང་། གསུམ་དུ་གོ་ས་མཐོན་པོར་བཏགས་ནས་སྙོམས་ཆུང་ཤེས་ལྡན་གྱི་དྲི་སྨེད་བྱེད་པ་ལྟ་ག་ལ་ཞིག་གམ་དུ་འོང་ས་ཡང་མེད་ཅིང་ཞུ་མི་ནུས་ཟེར་སྤ་བཀོང་སྟེ་གནས་དགོས་པ་དང་། བཞིར་ན་དེ་ཚོ་ཐམས་ཅད་འོང་བའི་རྩ་བ་འུར་སྒྲོབ་རྣམ་གཡེང་གི་འཁོར་ལོ་བསྐོར་བ་སྟེ་སྐྱོན་རྩ་རང་རྐྱེན་བཞི་པོ་དེར་འདུས་འདུག་གོ །ཞེས་པ་ལྟར་སྐུ་དབྱིངས་ཧ་ཅང་ཆེས་པས་བཀའ་ཆོས་ཀྱང་གཞན་གྱི་ཞོར་སྒུག་ལས་རྐང་བཙུགས་ཞུ་གནང་གི་སྦ་མི་ཕིགས་ཤིང་དེ་ཡང་ཐུགས་བྲེལ་གྱིས་སྦྱོར་དངོས་རྗེས་གསུམ་ཚང་བ་དཀོན་ཞིང་སྒྲ་སྙན་སྡེབ་སྦྱོར་རྩིས་ལ་སོགས་ཐ་སྙད་དང་གཞུང་ལུགས་ཀྱི་དོགས་གཅོད་ཞུ་བའི་སྐབས་ཀྱང་ཆེར་མི་ཡོང་བར་མ་ཟད་ཕྱི་ལྟར་དུ་འགྲོ་བ་མཐའ་དག་ལ་རིས་མེད་པ་ལྟ་བུ་ལས་(༢༢བ)


GLG009_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་གཞིས་རྩེའི་ནང་མགྲོན་ལྟར་སྤྱི་སྤྱིའི་ནང་གི་སྒེར་སྒེར་གྱིས་མཚོན་དགེ་སྐྱོན་དུ་མ་ནས་རྗེ་ཀརྨ་དབང་འབྱོར་ལ་ཆོས་འཕྲོ་ཞུ་བ་དང་བླ་མ་གཞན་དག་བསྟེན་པ་ཁེ་ཆེ་བར་མཁྱེན་ནས་དགོངས་པ་ཞུས་པས་སྐུ་ཞབས་སུ་ཤོག་གསུངས་ནས་ཉིད་རང་ཀར་ལུགས་ཕྱོགས་གཏོགས་བྱེད་པ་བཞིན་མ་བྱེད་ཀར་བསྟན་འདི་རང་གང་འདྲ་བྱེད་མི་ཤེས་ཁྱེད་རང་ནི་མཉམ་མེད་ཆེན་པོ་ནས་བཟུང་སྨན་ལུང་པ་མི་བསྐྱོད་རྡོ་རྗེ་སོགས་རྙིང་མའི་སྐྱེས་ཆེན་མང་རབ་ཅིག་བྱུང་འདུག་པས་སྤྱིར་རྙིང་མ་ཡང་སྒོས་ཕ་ཆོས་རང་ལ་ཉམས་ལེན་མཛོད་ཀྱི་བསླབ་དོན་ཞིབ་རྒྱས་གནང་བ་མངོན་པར་མཁྱེན་པ་མིན་པའི་ཁ་མཚོན་མི་ཆོད་མོད་ཕལ་ཆེར་རྗེ་ཆོས་དབྱིངས་རྡོ་རྗེའི་མཛད་པ་བའི་ཉལ་ལུགས་ཀྱི་བེའུ་ལྡན་ཀྱོག་སྐྱེ་བ་མཁྱེན་རླབས་ཀྱིས་ཆོད་པ་འདྲའོ། །གཙང་རོང་གོང་རར་མང་རོང་གཏེར་སྟོན་འཇམ་དཔལ་རྡོ་རྗེ་ཟེར་བ་ཞིག་བྱུང་བ་ལ་ཐང་ཡིག་ནང་གི་བདེ་ཆེན་གླིང་པ་དང་གཅིག་པར་འདོད། གང་ལྟར་གཏེར་སྟོན་ཚད་ལྡན་བྱུང་ཚོད་དུ་འདུག །གཏེར་སྟོན་དེ་ལ་སྲས་སོགས་ཀྱི་བརྒྱུད་འཛིན་མཁན་ནི་བྱུང་རིས་མིན་འདུག་པས་བླ་མ་ཆོས་ཉིད་རང་གྲོལ་གྱི་རིགས་བརྒྱུད་ཉི་ཟླ་གྲགས་པ་ཟེར་བས་གོང་ར་བཟུང་སྡེ་པ་སྣང་རྩེ་བས་ཆོས་བདག་བྱས། དེའི་རྗེས་སུ་གོང་ར་ངག་གི་དབང་པོ་ཞེས་སྒྲ་སྙན་ངག་ལ་ཤིན་ཏུ་མཁས་པ་བྱུང་རིན་སྤུངས་ཞབས་དྲུང་ངག་དབང་འཇིགས་གྲགས་ཀྱི་དགོངས་པར་ཡང་བདེ། ཞྭ་དམར་སྤྲུལ་སྐུ་དྲུག་པའི་རིག་གནས་ཀྱི་སློབ་དཔོན་ཡང་ཡིན་ཟེར་བ་དེའི་ཚ་བོ་གོང་ར་ལོ་ཙཱ་བ་གཞན་ཕན་རྡོ་རྗེ་ཞེས་སྒྲ་ཀ་ལཱ་པ། སྙན་ངག་མེ་ལོང་། སྡེབ་སྦྱོར་མངོན་བརྗོད་ལ་བྱང་བ་སོག་བཟློག་པ་བློ་(༢༣ན)


GLG009_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས་རྒྱལ་མཚན་དང་སྙིང་ཕུ་རིགས་འཛིན་གྱིས་གཙོས་བླ་མ་དུ་མ་བསྟེན་ནས་སྔགས་རྙིང་མ་ལ་ཐོས་རྒྱ་ཆེ་བ་གཏེར་ཁ་གོང་འོག་གིས་ཐོག་དྲངས་སྔ་འགྱུར་བྱིངས་བདེན་མེད་དུ་རྟོགས་ཤིང་སངས་རྒྱས་གླིང་པ་དང་སྣང་རྩེ་བ་གཉིས་བདེན་འཛིན་མངོན་དུ་གྱུར་པ་རྒྱུད་ལ་ལྡན་པའི་ཁེངས་རློམས་ཅན་དེའི་དྲུང་དུ་འབྱོན་པའི་རྐྱེན་སྨན་ལུང་གི་ཡབ་ཡུམ་གྲ་རིས་རྣམས་ཀྱིས་ཇོ་མོ་ལེན་རྩིས་བྱས་པ་རྗེ་འདི་ཉིད་ཚངས་པར་སྤྱོད་པའི་བརྟུལ་ཞུགས་འཕགས་པ་འོད་སྲུངས་ཆེན་པོ་ལྟར་ཤིན་ཏུ་བརྟན་པས་ཐུགས་ལ་མ་བཞེད་ནས་རེ་ཞིག་འཕུལ་ཐབས་སུ་རིག་གནས་བསླབ་པར་སྙད་དེ་གོང་རར་ཕེབས། སྔར་སྒར་དུ་བཞུགས་དུས་ཐ་སྙད་ཀྱི་སྐོར་སྦྱང་བཞེད་ཀྱང་ཟུར་མཁར་བློ་གྲོས་རྒྱལ་པོས། ཚུལ་དེ་ལྟ་མོད་ཀྱི་སྤུར་རྒྱལ་འདིར། །གཞན་ཀུན་ལ་ཕྱོགས་མེད་གཏོང་བ་དང་། །རང་ལེགས་བཤད་འཚོལ་བར་རློམ་ན་ཡང་། །དོན་སྦྱིན་ལེན་གཉིས་ཀ་གསེར་ལས་དཀོན། །ཞེས་པ་ལྟར་ཞིབ་ཆ་མཛད་རྒྱུ་མ་བྱུང་བར་བརྟེན་ལོ་ཆེན་པཱ་ར་ཧི་ཏའི་དྲུང་དུ་ལེགས་པར་སྦྱར་བ་ཀ་ལཱ་པའི་མཚམས་སྦྱོར། མིང་ལེ། ཀུན་བཤད། ཀྲོ་ཏ་རྣམས་ཀྱི་ས་རིས་ཡོངས་རྫོགས། སྙན་ངག་མེ་ལོང་ལེའུ་གསུམ་གྱི་རྩོམ་རྒྱུགས་སྡེབ་སྦྱོར་རིན་ཆེན་འབྱུང་གནས་སོགས་རིག་པའི་གནས་རྣམས་ལ་རྟག་འགྲུས་སུ་མཛད། གཞན་ཡང་ཐུགས་སྒྲུབ་དྲག་པོ་རྩལ། བཀའ་བརྒྱད་བདེ་འདུས། ཁྲ་མོ་བྲག་གི་བླ་མ་སྤྱི་འདུས། རཏྣའི་རྟ་མགྲིན་གསང་འདུས། བི་མཱ་ལའི་སྙིང་ཏིག །བསྟན་གཉིས་གླིང་པའི་སངས་རྒྱས་དགོངས་འདུས། ཉང་གི་(༢༣བ)


GLG009_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བཞི་པ། ནཱ་རཀ་དོང་སྤྲུག །སངས་གླིང་པའི་ཐུགས་རྗེ་ཆེན་པོ། སྤོ་བོ་པདྨ་རིགས་འཛིན་གྱི་བླ་མ་ཞི་དྲག་རྣམས་ཀྱི་དབང་ལུང་། གསང་སྐོར་སྙན་བརྒྱུད་ཤངས་ལུགས། ཉང་གི་གསང་སྔགས་ལམ་རིམ། བཻ་རོའི་འདྲ་འབག་སོགས་བཀའ་གཏེར་གྱི་ཆོས་མང་བ་གསན། ཁྱད་པར་འགྲོ་མགོན་དུང་མཚོ་རས་པའི་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་ལ་རྟགས་ཐོན་པ་བྱུང་གསུང་། དབང་བསྐུར་གྱི་ཕྱག་ལེན་བརྗོད་མི་གཙང་བ་མེད་ཅིང་ལུང་གི་རས་ཀློག་བཟང་བས་འགྲོ་ཆེ་བ་འཁྲིད་འབོག་ལུགས་ཀྱང་ལེགས་རབ་ཡོད་འདུག་རུང་རྫོགས་པ་ཆེན་པོ་ལྟ་བའི་ཀློང་ནས་ཡོད་རྒྱུའི་ཁུལ་གྱིས་སྒྲུབ་མཆོད་ཚུལ་ལྡན་ཡེ་མི་མཛད་ཅིང་དཀྱིལ་འཁོར་ལའང་ཐིག་ཚོན་གྱི་ཆོ་ག་གང་ཡང་མེད་པར་མདོས་དཀྱིལ་དཀྱུས་མ་ལྟར་གང་བདེར་འབྲི་བ་ཞིག་ཡོད་སྣང་། ལྷོ་བྲག་ནས་གུ་རུ་ཟེར་བའི་བླ་མ་ཞིག་གིས་སྐུ་ཚབ་མཐོང་གྲོལ་ཁུངས་བཙུན་པ་ཁྱེར་ནས་བྱུ་རུ་སྤོས་ཤེལ་གཡུ་མུ་ཏིག་འདྲ་དང་ཨེ་བརྗེ་ཞེས་འོངས་པ་རྗེ་ཉིད་ཀྱིས་གཙོས་པའི་ཆོས་ཞུ་བ་རྣམས་ཀྱིས་དེ་འདྲའི་རིན་མེད་ཅེས་ཕྱིར་སློག་ཚར་ནས་ལོ་ཆེན་གྱིས་དེ་འདྲ་བྱུང་བ་ངེད་ལ་འཕྲོས་མི་གཏོང་བ་གསུངས་ཁྲོ་བའི་རྣམ་འགྱུར་མཛད་པར་དེ་ཞི་བར་སྨན་འདི་རང་ཟབ་ཅེས་སྣང་རྩེ་གཏེར་སྟོན་གྱི་གཏེར་ཆོས་རྣམས་དགོས་པའི་སྙན་གསན་ཕུལ་ནས་ལྷ་ཞི་ཀླུ་ཞིར་སོང་སྐད་སོག་བཟློག་བཀའ་དམ་པས་དེ་སྐོར་མ་གཏོགས་པའི་གཏེར་ཆོས་ཚང་མ་གསན། ཞང་སྣ་ནམ་པ་རྡོ་རྗེ་བདུད་འཇོམས་དང་། མཆོག་གི་སྤྲུལ་སྐུ་རིགས་འཛིན་མངའ་རིས་པ་གཏེར་ཆེན་ཉི་ཟླ་འོད་ཟེར་གྱི་སྤྲུལ་པའི་ཟློས་གར་བྱང་པ་རིགས་འཛིན་ངག་གི་དབང་པོ་ཆོས་རྒྱལ་བསྟན་པའི་(༢༤ན)


GLG009_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་དཔལ་བཟང་པོའི་ཞབས་འབྲིང་དུ་བཞུགས་ནས་སྐུ་བེར་འཁུར་བ་སོགས་གཟིམས་དཔོན་གྱི་ལས་ཚན་མཛད། དཀྱིལ་འཁོར་གྱི་དབང་ཁ་ཤས་དང་གདམས་པ་འདྲ་མ་གཏོགས་པའི་མཉམ་སྦྱོར་གྱི་འཁྲིད་ཆེན་བརྒྱད། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་ལུང་ཐོར་བུ། འཚོ་རྒྱལ་གཙུག་གི་རྒྱན་གཅིག །སེམས་བསྐྱེད་བསྟན་པའི་སྙིང་པོ། ཁ་འབར་མ་དཀར་ནག་ཁྲ་གསུམ། ཕྲ་མེན་ཐུན་གྱི་བཟློག་པའི་འཆོང་། རྟ་མཆོག་ཡིད་བཞིན་ནོར་བུ། ཆོས་རྒྱལ་མངྒའི་མཚན་ཅན་གྱི་གསུང་ཁ་ཤས། གཉན་ལོའི་གཏེར་མའི་དཔལ་མགོན་དར་ཁྲ་ཅན། ཚེ་དཔག་མེད་འཆི་མེད་དཔལ་སྟེར་སོགས་ཟབ་ཆོས་ཁ་ཤས་གསན། དབང་བརྡ་འཕྲོད་ཅིང་ཕྱག་ལེན་གཙང་བར་སྣང་། ལུང་ལྗགས་ཀློག་དལ་དྲགས་པ་དང་ཐུགས་བྲེལ་སོགས་འགྲོ་ཆེ་བ་མི་ཡོང་འདུག་གསུང་། ནུབ་ཅིག་ཐུན་དྲུག་གི་གསོལ་འདེབས་འུར་དིང་ངེ་བ་མ་བྱུང་བས་ངེད་རང་ཚོ་ལ་གཞན་ནི་ལག་རྗེས་གང་ཡང་མེད་ཡབ་ཆོས་རྒྱལ་མངྒའི་མཚན་ཅན་གྱི་ཕྱག་བཞེས་ལེའུ་བདུན་ཐུན་དྲུག་མ་ཡོད་ཁུལ་འདིའང་ཁྱེད་ཚོས་བྱེད་རྒྱུ་མིན་པ་ཨེ་ཡིན་ཞེས་ཕྱི་རོལ་ཏུ་བྱོན་ནས་བཀའ་བཀྱོན་ཚ་དྲག་གནང་བ་ཞིག་ཐོས། གཞན་མཚན་མོའང་སྐུ་ཞབས་སུ་བཅར་སྡོད་བྱས་རུང་ཐུགས་རྒྱུད་ཤིན་ཏུ་འབྱོངས་ཤིང་མཚན་བཅས་མཚན་མེད་ཀྱི་ཟབ་བཞེས་འཕེལ་བ་འཕྲལ་དུ་ངེད་རང་ལ་ཡོན་ཏན་མེད་ཅེས་དམན་ཆ་མཛད་ནའང་མཁྱེན་བརྩེ་ནུས་གསུམ་གྱི་གཏིང་དཔོག་པར་མི་ནུས་པ་ཞིག་ཡོད་གསུང་། སྔོན་རྗེ་འབངས་ཉེར་ལྔའི་ནང་གི་ལང་གྲོའི་སྔགས་འཆང་ལོ་ཙཱ་བ་དཀོན་ཅོག་འབྱུང་གནས་ཀྱི་གདུང་ལས་(༢༤བ)


GLG009_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་ནག་སྒྲོལ་མ་སྦུག་པ་བསམ་གྲུབ་རྡོ་རྗེ། སངས་རྒྱས་རིན་ཆེན། ནམ་མཁའི་རྣལ་འབྱོར་སོགས་ཧེ་རུ་ཀཿདཔལ་གོས་དཀར་ལྕང་ལོའི་འཕྲེང་བ་འཛིན་པ་ཤ་སྟག་ཏུ་བྱོན་པའི་རིགས་ལས་སྒྲོལ་སྦུག་ནས་སྐུ་འབྲིང་བ་ཞེས་ཆོས་བློན་པདྨ་གུང་བཙན་གྱི་རྣམ་སྤྲུལ་ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུའི་གཏེར་གསར་དུ་ལས་ཅན་སྙིང་གི་བུ་བདུན་འབྱུང་ཞེས་པའི་ནང་ཚན། དཔལ་གྱི་རྡོ་རྗེའི་སྐྱེ་བ་ཞིག༔ གསང་བའི་ཚུལ་དུ་སློབ་དཔོན་བྱེད༔ ཅེས་ལུང་གིས་ཟིན་པའི་མཁས་གྲུབ་དེ་ལ་སེ་སྟོན་ཆེན་པོའི་དབང་ཆོག་ངེས་དོན་བདེ་འཇུག་གི་སྟེང་ནས་འཇམ་དཔལ་ཚེ་བདག་ཕྱག་རྒྱ་ཟིལ་གནོན་གྱི་དབང་བཞི་ཡོངས་རྫོགས་དང་། སྒྲོན་མ་དྲུག་པ་སོགས་ལྕགས་འདྲའི་ཆོས་སྐོར་གྱི་ལུང་གསན། ཐང་ཡིག་ནས་བཤད་པའི་གཏེར་སྟོན་ལས་འཕྲོ་གླིང་པ་འཁྲུལ་མེད་ཅིག་ལྷོ་བྲག་ཆོས་སྟེང་དགོན་པར་བྱོན་བཅོ་ལྔའི་ལོ་ལ་གཏེར་བཞེས། ཉེར་ལྔའི་ལོ་ལ་སྐུ་འདས་པ་ཞིག་བྱུང་བ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱི་གསུང་ལས། ཡོངས་ལ་ཚད་མར་གྲགས་པའི་རྡོ་རྗེ་གླིང་། །དེ་ཡི་ངོས་བཟུང་ནོར་བ་ག་ལ་སྲིད། །མ་ནོར་ལས་འཕྲོ་གླིང་པ་ཅི་ལ་ནོར། །ཞེས་གསུངས་པ་ལྟར་སོམ་ཉི་ག་ལ་ཡོད། འོན་ཀྱང་འགྲོ་འདུལ་ལས་འཕྲོ་གླིང་པ། གར་དབང་ལས་འཕྲོ་གླིང་པ། ཆོས་འབྱུང་ལས་འཕྲོ་གླིང་པ། འཇའ་ཚོན་ལས་འཕྲོ་གླིང་པ་སོགས་ཕྱོགས་ཀུན་ནས་ཧབ་ཐོབ་དིར་རི་བ་བྱུང་བའི་བང་རི་འཇའ་ཚོན་སྙིང་པོས། སྡོང་པོ་གཉིས་པོ་དམར་ནག་ཞྭ་ཡི་མིང་༔ ཞེས་སོགས་ཀྱི་ལུང་བསྟན་དང་བཅས་མཚུར་ཕུར་བྱོན་པ་ཞྭ་དམར་མཆོག་གི་སྤྲུལ་སྐུ་ཞིང་ཁམས་འཕོས་(༢༥ན)


GLG009_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཅིང་རྒྱལ་བ་ཀརྨ་པ་ཆོས་ཕྱོགས་ལ་གཟིགས་པ་མི་འཇུག་པས། གཏེར་ཆོས་རྣམས་དབོན་པོ་ཕྱག་མཛོད་པ་བརྒྱུད་ནས་ཕུལ་གསུང་བར་བརྟེན་ཟློས་གར་ར་མཇུག་གི་ཚོས་རྒྱག་མ་བྲིན་པའི་ཡར་ཀླུངས་སུ་ཕྱིར་ལོག་འབྱོན་སྐབས་བྲག་ཁར་རྗེ་ཉིད་ཀྱིས་དཀོན་ཅོག་སྤྱི་འདུས་ཀྱི་དབང་ལུང་གསན། ཕར་ཆོས་དབང་གི་མ་ནིང་སྐོར་དགོས་གསུང་བ་དཔེ་མེད་ཚུལ་ཞུས་པས་ཐོབ་ཡིག་ཨེ་ཡོད། ཡོད་ན་དེ་ཀ་ཀློག་པས་ཆོག་གསུངས་བྱུང་ཞེས་ཐུགས་ཡ་ཞི་བ་མཛད་འདུག །འཇའ་ཚོན་སྙིང་པོ་གུ་ཡངས་དྲགས་པས་དེར་མ་ཟད་དཔོན་སློབ་མཇལ་རེས་མེད་པར་ཡང་ཆོས་འཆད་ཉན་ཡོང་བའི་རྒྱལ་བ་ཟས་གཙང་གི་སྲས་པོ་ལས་སྤངས་རྟོགས་མཐོ་བ་ཙམ་ཡོད་པར་གྲགས། ཉམས་དང་རྟོགས་པའི་མངའ་བདག་བྲིས་པ་བླ་ཆེན་ཆོས་རྒྱལ་རྡོ་རྗེའི་དྲུང་དུ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཉི་ཟླ་འོད་ཟེར་ནས་བརྒྱུད་པའི་འདུས་པ་མདོ་དབང་ཆེན་མོ། འཇམ་དབྱངས་བླ་མའི་རྩ་གསུམ་དྲིལ་སྒྲུབ་དབང་ལུང་ཡོངས་རྫོགས། འཆར་ཀ་གནུབས་ལུགས་དང་གནམ་སྐས་མའི་བརྒྱུད་པ་ཆུ་བོ་ཉིས་འདྲེས་ཀྱི་ཟོར་དབང་སོགས་ཟབ་ཆོས་མང་དུ་གསན། ཡབ་རྗེ་ཁྲ་ཚང་པ་ཆེན་པོ་ཉང་སྟོན་ཀརྨ་མཐུ་སྟོབས་དང་། ཀརྨ་གཟི་བརྗིད་ལ་མངའ་བདག་གི་བྱང་ལས་ཀྱི་མཁའ་འགྲོའི་བཀའ་བབས་མཐིང་མ་བ་གཉོས་ཞིག་ཆེན་པོ་ནས་བཟུང་ཁྲ་ཚང་པ་ཞལ་ངོ་ནང་བརྒྱུད་ཀྱི་ཁྲོ་བོ་རོལ་པའི་ལུང་ཕྱག་ལེན་ཞིབ་པར་གསན་པས་མུན་ནག་འདོམ་འཇལ་གྱི་ཁྲོ་རོལ་མཁས་པོ་རྣམས་དང་ཡེ་མི་འདྲ་བའི་པདྨཱ་ཀ་རའི་གཞུང་དང་མན་ངག་གཞལ་བཞེས་གཉིས་ཤིག་མཛུབ་(༢༥བ)


GLG009_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོད་རྒྱུ་ཡོད་པའི་ཕུལ་དུ་ཕྱིན་པ་ཐུགས་སུ་ཆུད། གཞན་ཡང་། མཁའ་རིའི་ཞུ་ལན། འཆར་ཀའི་མདོས་འཁོར་གྱི་ཕྱག་ལེན་ཕྲ་ཞིབ། ཀརྨ་མཐུ་སྟོབས་ལ་སྒེར་དུ་ཆོས་ལྡན་པས་མཛད་པའི་བླ་མ་གསང་འདུས་ཀྱི་ལས་བྱང་དང་སྒོམ་རིམ་གྱི་ལུང་གསན། པད་གླིང་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེའི་དྲུང་དུ་ཆོས་རྒྱལ་རཏྣ་གླིང་པ་ནས་ཉེ་བར་བརྒྱུད་པའི་རྙིང་མ་རྒྱུད་འབུམ་གྱི་ལུང་དང་པདྨ་གླིང་པའི་བླ་མ་ནོར་བུ་རྒྱ་མཚོ་སོགས་ཀྱི་ཆོས་བཀའ་ནོད་པར་མཛད། ཡར་འབྲོག་ཡོན་པོ་དོ་པ་བླ་ཆེན་བཀྲ་ཤིས་ལྷུན་གྲུབ་ལ་རྒྱུད་འབུམ་པོ་ཏི་བཅུ་ལྷག་གི་ལུང་གོང་ར་ལོ་ཆེན་དང་ཆབས་གཅིག་པར་གསན་པའི་དུས་བླ་མ་འདིས་རིན་པོ་ཆེ་སྤ་ལུང་པར་ཐུག་པའི་མངའ་རིས་རིགས་འཛིན་ཆེན་པོ་ནས་བརྒྱུད་པའི་གཏེར་ཆོས་མང་པོ་ཡོད་སྣང་བ་གསན་བཞེད་ཀྱང་ཤྲཱི་བྷ་དྲས་ཡང་ཡང་བརྫི་གསང་ལྟ་བར་འོངས་པ་དང་ལོ་ཆེན་གཞན་ཕན་པའི་སྒྲ་འཛིན་གྱི་དབང་པོར་སོན་ན་ཐུགས་ཀའི་ཧཱུྃ་སྔོན་པོ་ལས་འོད་ཟེར་འཕྲོས་དོགས་ནས་ཐུགས་རྩོལ་ཆེར་མ་བདེ་རྐུན་པོའི་ནོར་ལྟར་ལྐོག་ངོས་ཁོ་ནའི་སྒོ་ནས་རྒྱལ་པོ་བཀའ་འབུམ་གྱི་ལུང་དང་མངོན་དོད་དུ་པད་གླིང་དྲག་དམར་གྱི་དབང་ལུང་། མནལ་ལམ་ལེ་ཚན་གསུམ་གྱི་ལུང་ཆོས་དབང་དགོངས་གཏེར་གྱི་མ་ཎི་བཀའ་འབུམ། འདུས་པ་སྐོར་དགུའི་ནང་ཚན་བདུད་རྩི་བཅུད་ལེན་འདུས་པ། ཡང་དག་འཛབ་དགོངས་འདུས་པ། བསྟན་གཉིས་གླིང་པའི་ཕྱག་ཆེན་མ་རིག་མུན་སེལ་སྐོར། གསང་སྐོར་གྱི་སྤྱི་རྒྱུད་ཐིག་ལེ་ཀུན་གསལ་རྣམས་གསན། གཙང་སྡེ་སྲིད་ཀྱི་བདག་མོ་འབྲི་གུང་དབོན་མོ་རྟག་བརྟན་སྤྲུལ་སྐུས་འགུགས་སྔགས་(༢༦ན)


GLG009_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྦྱོར་བ་ལ་བརྟེན་ནས་ཐུགས་རིག་མ་གནས་པ་མཁར་རྩེ་ཕྱོགས་ཀྱི་རྒྱུ་འགྲུལ་ཆེས་པར་ཀླུ་གོང་རྒྱལ་པོའི་གནོད་པར་འཁྲུལ་ཏེ་ཀོང་པོ་ནས་གཏེར་སྟོན་སངས་རྒྱས་གླིང་པའི་གདུང་བརྒྱུད་སྙིང་བུ་ཀརྨ་རིགས་འཛིན་དབང་པོ་གདན་འདྲེན་མཛད་པ་གདོན་གྱི་གནོད་པར་མ་སོང་བས་ཕན་ཐོགས་ཆེ་བ་མ་བྱུང་རུང་གོང་ར་ལོ་ཙཱ་བས་གཙོས་པའི་དོན་གཉེར་ཅན་མང་པོ་ལ་བླ་མ་དགོངས་འདུས་ཀྱི་ཆོས་སྐོར་བཙུགས་པའི་མཇུག་ཙམ་ལ་རྗེ་བླ་མ་ཡར་ཀླུངས་ནས་རོང་དུ་ཕེབས་པ་དང་འགྲིག །སངས་རྒྱས་གླིང་པའི་གཏེར་མ་ཕུར་སྒྲུབ་ཐུགས་ཀྱི་ཉིང་ཁུ་དང་རྣམ་སྲས་ཀྱི་དབང་ལུང་། ཟབ་པ་པོད་བཞི། གཏེར་སྟོན་ཉི་མ་འོད་ཟེར། སྲས་འགྲོ་བའི་མགོན་པོ། མངའ་བདག་བློ་ལྡན། མངའ་བདག་བདུད་འདུལ། དེ་སྲས་རྡོ་རྗེ། དེ་སྲས་པདྨ་དངོས་གྲུབ། དེ་སྲས་འཇམ་དཔལ་ནོར་བུ། དེ་སྲས་ཀུན་དགའ་རྒྱལ་མཚན། དེ་སྲས་བཟང་པོ་ལྷུན་གྲུབ་རྣམས་ཀྱི་རྣམ་ཐར། བཀའ་བརྒྱད་བདེ་འདུས་ཀྱི་ལུང་རགས་རིམ་དང་ཁྲོ་རོལ་སྐོར་ལ་མཐའ་ཆོད་པར་མཛད་པས་གཉོས་ཞིག་གི་ཕྱག་ལེན་དང་ཁྱད་པར་མེད་པའི་ཁུངས་བཙུན་པར་འདུག་གསུང་། རྗེ་འབངས་ཉེར་ལྔའི་ནང་ཚན་ཆུ་ལ་ཉ་ལྟར་རྒྱུག་པའི་གྲུབ་ཐོབ་འོ་བྲན་དཔལ་གྱི་དབང་ཕྱུག་གི་གདུང་བརྒྱུད་བླ་མ་འོལ་པ་བ་ངག་དབང་ཆོས་གྲགས་ལ་གུ་རུ་དྲག་པོ་ལྷ་དགུའི་དབང་འོ་བྲན་ལུགས། དེའི་ཡིག་ཆ་ཀུན་མཁྱེན་རང་བྱུང་རྡོ་རྗེ་དང་དཔའ་བོ་གཙུག་ལག་པས་བསྒྲིགས་པ། ཕྱག་རྡོར་གཏུམ་པོ་ཉེར་གཅིག །ཚེ་དཔག་མེད་ལྷ་དགུའི་དབང་། བཅུ་གཅིག་ཞལ། ཀླུ་དབང་གི་རྒྱལ་པོ་(༢༦བ)


GLG009_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྡོར་འབྱུང་འདུལ། ཨུ་ཙཪྻ། འོ་བྲན་ལུགས་ཀྱི་དམག་ཟོར་མ། ཞང་བཙུན་དར་མ་རིན་ཅེན་པའི་གཏེར་མ་དཔལ་ལྡན་རང་བྱུང་རྒྱལ་མོ། སེང་གདོང་མ། མགོན་པོ་ཕྱག་དྲུག་པ་རྣམས་ཀྱི་རྗེས་གནང་། ཏྲག་ཤད་ཐལ་མོ་བརྡབས་ཆོག་གི་དབང་ལུང་། རྟ་མགྲིན་གསང་སྒྲུབ། འཆར་ཀ་གནམ་སྐས་མ། ལྷ་མོ་དུད་སོལ་མའི་ལས་ཚོགས། བློ་སྦྱོང་མཚོན་ཆ་འཁོར་ལོ། རྨ་བྱ་དུག་འཇོམས་སོགས་ཆོས་མང་དུ་ཞུ་བ་མཛད། ཁོང་པ་གསན་རྒྱ་ཆེ་བས་དེ་ལས་མང་བ་ཡོང་རིས་ཡོད་འདུག་ཀྱང་བླ་མ་སྟག་ལུང་དུ་བཞུགས་སྐབས་འཕྲིན་ལས་ཆེས་པ་དྲུང་པ་ཀ་དྲུག་པས་གཙོས་པའི་བླ་མ་གཞན་རྣམས་མ་འདོད་པའི་ཆགས་སྡང་གི་བཀྲོང་རྩིས་བྱས་པས་སྐུ་སྲོག་ཐོན་པ་གཙོ་བོར་བཟུང་བྲོས་པ་ཀ་ཅ་མཐའ་དག་གཤོར་པ་ནས་ཕྱག་དཔེ་དབང་རྫས་ཀྱིས་རྒྱ་སྡུགས་ནས་མ་བྱུང་སྐད། གནམ་མཚོ་ངོ་བོ་པ་སྦྱིན་པ་བཟང་པོས་གཏེར་ཁ་གོང་མའི་རྟ་ནག་ཡང་ཆུང་བསྒྲུབས་པའི་ཚེ་ལུང་པ་རྟ་སྐད་གཅིག་གིས་གང་བའི་སྒྲ་གསན་པ་སོགས་ཡི་དམ་གྱི་རྗེས་སུ་བཟུང་བ་དེ་ལ་བླ་མ་འོལ་བ་པས་གསན་ནས་ཉམས་བཞེས་ཀྱི་མཐིལ་མ་གཏོགས་གཞན་སུ་ལའང་མ་གནང་བ་འགྲོངས་རྒྱུའི་ཟླ་བ་གཉིས་ཙམ་གྱི་སྔོན་དུ་རྗེ་ཉིད་ལ་སྩལ་བ་དཔོན་སློབ་གཉིས་ཀའི་ཆེ་བར་མངོན། ཡར་སྟོད་གཡའ་བཟང་གི་བླ་མ་ཀརྨ་ཤེས་རབ་ལ་སྙན་བརྒྱུད་རྡོར་ཟམ་གྱི་བཀའ་སྲུང་ལྷ་མོ་ཙཎྜི་ཀ་འབར་མའི་གདོང་ཅན་དང་སྒྲོལ་དཀར་གྱི་རྗེས་གནང་། ཉི་མ་མདུང་གང་མའི་སྐོར་གྱི་ལུང་ནོད་པ་མཛད། ཕོ་བྲང་པའི་སྲས་མཁའ་རེག་སྤྲུལ་སྐུ་ལ་དམ་ཆོས་ཞི་བྱེད་ཡང་སྙིང་སྐོར་(༢༧ན)


GLG009_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

གསན། བླ་མ་བོན་ལུང་པ་གར་དབང་ཚུལ་ཁྲིམས་རྒྱལ་མཚན་ལ་པད་གླིང་ནོར་བུ་རྒྱ་མཚོའི་སྐོར་སོགས་འགའ་ཞིག་ཞུ་བ་མཛད། དེ་ཡང་རྡོ་རྗེ་འཆང་གནས་གསར་བ་ཆེན་པོས་ངོར་དུ་རྒྱུད་འབུམ་དང་། གོང་དཀར་ཆོས་སྡེར་འདུལ་བ་ལུང་གསན་ནའང་དེ་འཕྲོས་མ་གསན་པའི་རྒྱུན་འཚལ་བ་ལ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལྟ་བུའི་ངང་ཚུལ་དང་ལྡན་པས་ཁོ་བོ་བཀའ་འགྱུར་གྱི་ལུང་ཡོངས་སུ་རྫོགས་པ་ཞིག་འདོད་ནའང་ཞ་ལུར་ལོ་གསུམ་བྱས་སྐབས་རྒྱུད་སྡེ་འོག་མ་གསུམ་གྱི་ཚེ་སྡོར་དཀར་ལ་བརྟེན་པའི་སྟབས་བད་ཀན་འཕེལ་ཞིང་ལུས་སྟོབས་ཞན་པ་དང་། ཁྱད་པར་ཆོས་སྡེ་འདི་ཉིད་ཀྱི་ཁུར་འཁུར་གྱི་མིང་བཏགས་མཁན་ཚུགས་ཀྱི་སྒྲོབ་སྒྲོབ་ཀྱིས་ཕྱོགས་མེད་དུ་འཇུག་བདེའི་བགྲོད་དཀའ་བ་བྱུང་བས་ཁྱེད་ཀྱིས་ཆོས་འཚོལ་བའི་ཐུགས་ཁུར་བཞེས་དགོས་ཞེས་སྐུ་ཆས་ཀྱི་མཐུན་རྐྱེན་དུ་གཡུ་པད་ཀྱིས་གཙོས་པའི་བདོག་པ་གྱ་ནོམ་པ་སྩལ་ནའང་འཕྲལ་དུ་སྟབས་འགྲིག་པ་ཞིག་ཅི་འདྲ་འོང་དགོངས་པའི་ཐུགས་ཐེ་ཚོམ་གྱི་དུས་ལྷོ་བྲག་ཉི་ལྡེ་དགོན་པར་དྷཱི༔ཚ་སྤྲུལ་སྐུ་བཀའ་འགྱུར་གསན་རྩིས་ཀྱིས་མཁའ་རེག་ནས་སྡེ་པ་རྣམ་གླིང་པ་སྡོམ་བརྩོན་ཚོགས་གཉིས་དཔལ་གྲུབ་གདན་དྲངས་པའི་གནས་ཚུལ་དང་། ཁྱེད་རང་ཡང་བཀའ་འགྱུར་གསན་འདོད་ཡོད་ན་ཞོར་ལ་འགྲོ་བའི་གོང་ར་ལོ་ཙཱ་བས་འཕྲིན་ཡིག་བསྐུར་བ་གཟིགས་མ་ཐག་བླ་མ་ཚོགས་གཉིས་པའང་རི་ཁྲོད་པར་སོང་དཔོན་སློབ་ཐམས་ཅད་ཆས་རྐྱེན་འཛོམ་པ་ཞིག་ཅི་འདྲ་འོང་ངམ་སྙམ་པ་སོམ་ཉིའི་སྐབས་ཉི་ལྡེ་སྤྲུལ་སྐུས་ཆོས་འཁོར་བཙུགས་པ་དང་དེའི་(༢༧བ)


GLG009_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཚུལ་འཕྲལ་དུ་ཐོས་པས་སངས་རྒྱས་ཀྱི་ཐུགས་རྗེ་ཡིན་དགོངས་རྗེ་ཉིད་ལ་ཆིབས་དང་ཕྱག་གཡོག་གཅིག་བཅས་ཚམ་ཚོམ་མེད་པར་སྙིང་སྟོབས་ཆེན་པོས་ལམ་ལ་ཞུགས་ནས་ཐེབས་པས་ལམ་ནོར་ནས་སེང་གེ་རྫོང་དང་ཉེ་བ་ལུང་པ་ཁ་དོག་ལ་གཏིང་ཟབ་པ་ཞིག་ཏུ་བྱོན། དེར་སྐད་ཆ་དྲིས་བཤད་ཀྱི་ཡུལ་ཙམ་ཡང་མ་རྙེད་པས་ཉེ་གནས་ཀྱིས་ཆིབས་ཁྲིད་རྗེ་ཉིད་ཀྱིས་འཕོངས་ནས་སྐྱོར་གྱིན་ལམ་གཟར་པོ་ལ་དཀའ་སྤྱད་མཛད། མཐར་ཟམ་པ་ཕྲ་མོ་སྣར་གྲོད་གཅིག་ཡོད་པར་ཕེབས་དེའི་མི་ཞིག་གིས་ཅི་ཡིན་དྲི་བ་ཞུས་པར་ཉི་ལྡེ་དགོན་དུ་འགྲོ་མཁན་ཡིན་ཚུལ་གསུངས་པ་ན་ལམ་འདི་ལ་རྟ་ཐར་བ་ངོ་མཚར་ལམ་ནོར་ཚབས་ཆེན་ཞིང་མི་རྟ་ལ་སྐྱོན་མ་བྱུང་བའང་གོ་སྤྱད་དོ་ནུབ་གྲོང་ཡོད་སར་མི་འབྱོར་བས་འདི་ཁར་བཞུགས་ཟེར་བ་ལྟར་མཛད། སང་ཉིན་དྲི་བ་གནང་བར་ཡོངས་གྲགས་ཀྱི་ལམ་འདི་ཡིན་རང་གི་པར་བཀབ་མེད་ཀྱང་ཟམ་པ་འདི་དོན་རི་འདི་ཚོ་ཡར་འཛེགས་པ་ན་ལུང་སྟོན་ཁ་ཡར་ཡོད་སྟབས་ལེགས་ན་བཀྲ་ཤིས་བདེ་ཆེན་ཟེར་བར་སླེབས་འོང་ཞུས་པ་ལྟར་རིམ་གྱིས་ཕེབས་པས་ལུང་སྟོང་ཞིག་ཏུ་དྲོ་མཛད་པའི་ལྷོ་ཕྱོགས་ནས་བྱ་རོག་ཅིག་འཕུར་ནས་སྐད་སྣ་ཚོགས་སྒྲོག་ཅིང་དྲུང་དུ་ཉེ་སར་སྡོད་པ་ན་ངེས་འབྱུང་དང་ཆོས་སྐྱོང་ལ་གདུང་ཤུགས་དྲག་པོ་འཁྲུངས་ཏེ་གསོལ་ཟན་གྱི་སྟེང་ནས་གཏོར་དབྱིབས་བཟོས་སྔགས་ཀྱི་བསྔོ་བ་མཛད་པས་བྱ་རོག་དེས་ལྷག་མེད་དུ་ཟོས་ད་བྱ་རོག་གང་སོང་གི་རྗེས་ལ་འགྲོ་ཞེས་ཕེབས་པ་ན་བྱ་དེས་ཀྱང་མདའ་རྒྱང་གང་ལས་མི་རིང་བར་འཕུར་སྡོད་བྱེད་པའི་ངང་ནས་ལྷོ་སྟོད་ཀྱི་གྲོང་སྣ་ཟིན་པར་འབྱོར། བྱ་(༢༨ན)


GLG009_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

རོག་དེ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་སྤྲུལ་པར་མངོན། གྲོང་པ་དེ་དག་གིས་ཉི་ལྡེ་བླ་མ་བཀྲ་ཤིས་བདེ་ཆེན་དུ་བྱོན་སོང་ཟེར་བ་ལྟར་འཕྲལ་དུ་ཕེབས་པས་བླ་མ་གཟིམས་མལ་དུ་བཞུགས་གྲུབ་པའི་དྲུང་དུ་ཤར་མར་གདན་དྲངས་ཤེར་ཕྱོགས་རྫོགས་ནས་མདོ་མང་ཚུགས་པའི་ཐོག་ཏུ་འདིར་དོན་གཅོད་ཅིག་ལ་འོངས་པ་ཡིན་སང་ལྷན་དུ་འདེགས་གསུངས་དགྱེས་དགྱེས་མཛད་ནས་སྤྲེའུ་ལ་བརྒྱུད་ཉི་ལྡེར་ཕེབས། བླ་མ་ཚོགས་གཉིས་པས་ཀྱང་ཁྱེད་བྱུང་ན་བསམས་ཡང་ཡང་སེམས་ལ་ཤར། ད་ལམ་ཅིས་ཀྱང་ལེགས་ཉིན་མཚན་གཉིས་ག་འདི་གར་བཞུགས་གསུངས་མདོ་མང་གི་པོ་ཏི་ཆ་པ་ཡན་སོང་གྲུབ་པའང་སྲུབས་དབར་ཚོར་གནང་བས་ཤེར་ཕྱོགས་ཐོར་བུ་དང་། དཀོན་བརྩེགས་ཕལ་ཆེན་བཅས་པོ་ཏི་ལྔ་བཅུར་ཉེ་བའི་ལུང་གསན་པས། དམ་པའི་ཆོས་ཐོག་མར་དགེ་བ། བར་དུ་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ་འདི་འདྲའི་ཚིགས་བཅད་གཅིག་ཙམ་ཐོས་པས་བསོད་ནམས་ཆེ་ན་ཚང་བ་ལྟ་ཅི་སྨོས་དགོངས་པའི་སྟོན་པ་བདེ་བར་གཤེགས་པ་དང་ཆོས་སྟོན་པ་ལ་ཐུགས་མོས་འཕེལ་བར་མ་ཟད་འདི་ལྟ་བུའང་རྗེ་བཙུན་བཀའ་འགྱུར་བ་ཆེན་པོའི་བཀའ་དྲིན་ཡིན་དགོངས་པའི་གུས་པ་དབྱར་མཚོ་ལྟར་གྱུར། སླར་ཡང་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་གྱི་བསྐུལ་མ་གནང་བར། རྣམ་གླིང་སྡེ་པ་ཚོགས་གཉིས་དཔལ་གྲུབ་སྐུ་གཤེགས་ཟིན་པས་སྔར་ཞ་དམར་ནག་གི་བར་དུ་ཕྱོགས་ཁྱེར་གྱི་སྡེ་འཁྲུག་བསླང་བ་དང་མོན་(༢༨བ)


GLG009_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཞྭ་དམར་བ་བཞི་པ་འཕྲིན་ལས་རྒྱས་པའི་སྒོ་དོད་པ་ལྷོ་འབྲུག་པས་མ་བཟོད་པར་རྟོགས་ལྡན་གྱི་དམག་བཏང་ནས་བཀྲོང་རྩིས་བྱས་པ་བླ་མའི་ཆེད་དུ་སྐུ་སྲོག་བཏང་སྟེ་བྱ་བྲལ་འགའ་ཞིག་བསད་པས་བླ་མ་འདི་སྡིག་པའི་རྩ་བ་ཡིན་ཞེས་བླ་དྭགས་རྗེས་སུ་དྷཱིཿཚ་ཞེས་མཛེས་བཙལ་བར་སྣང་ཞིང་ཞྭ་དམར་པ་དང་དྷཱིཿཚ་སྐུ་སྐྱེ་ན་རིམ་ལྟར་འབྲལ་བ་མེད་བར་སྨོན་ལམ་ཐེབས་པའི་སྐྱེས་བུ་དམ་པར་གླེང་བ་དེ་ལ་གསན་པའི་སྒོ་དོད། གསོལ་ཆས་ཀྱི་མཐུན་རྐྱེན་རྣམས་དོ་བོ་རྫོང་ནས་ཕུལ་ནས་རྗེ་བླ་མ་ལྷོ་བྲག་བཀྲ་ཤིས་དགེ་འཕེལ་དུ་ཕེབས། སྤྲུལ་སྐུ་འཇིག་རྟེན་དབང་ཕྱུག་ལ་བརྒྱད་སྟོང་པ་མ་གཏོགས་ཤེར་ཕྱོགས་ཡོངས་སུ་རྫོགས་པའི་ལུང་ནོས་པ་གནང་། རྗེ་བཙུན་བཀའ་འགྱུར་བར་འདུལ་ལུང་འབུལ་མ་དགོས་པའི་སྟབས་ཐུགས་རྩོལ་མ་ཐུབ་པ་ངེད་ཀྱིས་མདོ་མང་དང་ཤེར་ཕྱོགས་ཞུས་པའི་རྐྱེན་གྱིས་བླ་མ་ཚོགས་གཉིས་བར་ལུང་ཐོབ་པའི་བསོད་སྙོམས་པ་གྲུབ་པའི་རྡོ་རྗེ་ལ་རོང་རི་ལུང་སྦུག་ཏུ་འདུལ་བ་ལུང་སྡེ་བཞི་ཚང་བ་དང་གཏེར་སྟོན་ཨོ་རྒྱན་གླིང་པས་སྤྱན་དྲངས་པའི་ཐང་ཡིག་སྡེ་ལྔའི་ལུང་གསན། ངེད་ཀྱིས་ཟུར་ཐམས་ཅད་མཁྱེན་པར་གསར་མ་རྒྱུད་འབུམ་ཞུས་པ་འཕྲོ་ཅན་དུ་ལུས་པའི་ངོར་གྱི་ལུང་རྒྱུན་ཁུངས་མ་དེ་གོང་དཀར་ཆོས་སྡེར་ཡོད་པ་གསན་དགོས་པའི་གསོལ་བ་བཏབ་པ་ལྟར་རབ་འབྱམས་ཆོས་རྗེ་རིན་ཅེན་རྒྱ་མཚོ་ལ་གསར་མ་རྒྱུད་འབུམ། དཔལ་འཁོར་ལོ་སྡོམ་པ་བདེ་ཆེན་རལ་གཅིག་གི་དབང་ལུང་། ཚེ་དཔག་ལྷ་དགུའི་དབང་འཆི་བདག་བཟློག་བྱེད་ཀྱི་ཆོ་ག་དང་འདྲེས་པ། སེང་གདོང་མ་སྔོན་མོའི་རྗེས་གནང་དང་ལས་ཚོགས། བ་(༢༩ན)


GLG009_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རི་ལུགས་ཀྱི་གུར་མགོན་རྗེས་གནང་། སྒྲོལ་དཀར་གྱི་ཚེ་འཁྲིད། རྗེ་བཙུན་རིན་པོ་ཆེས་མཛད་པའི་གཏོར་མ་བརྒྱ་རྩ། མ་ནིང་གི་ལས་མཐའ་ཆར་འབེབས་ཟབ་རྒྱས་མ་སོགས་ཆོས་དུ་མ་གསན། འདི་སྐབས་འཚུབ་ཀྱི་རྣམ་པས་སྐུ་བསྙེན་པས་དྲུང་འཚོ་གསུམ་དགའ་རྫོང་བདའ་བྱས་ཤིང་མགོན་པོ་ཆེ་ཆུང་ལ་བཀང་གསོས་གཙོས་སྐུ་རིམ་ཆེ་ཕྲ་ཕལ་ཆེར་ཆོས་སྡེ་རང་དུ་འཕྲལ་གྲུབ་གནང་བས་གསོལ་སྨན་གྱི་ངོ་བླངས་ཏེ་ཡུན་མི་རིང་བར་གཞི་མེད་དུ་དྭངས་ཁྲ་ཚང་པའི་ཆོས་སྐྱོང་གི་གཙོ་བོ་གཅིག་རྒྱལ་པོ་པེ་ཀར་ཡིན་པས་གསོལ་མཆོད་གནང་རྒྱུ་མཐུ་སྟོབས་ཀྱི་དབང་ཕྱུག་རྡོ་རྗེ་གདན་པས་དགོན་པ་སྲུང་འཁོར་དུ་བཅུག་གཤིས་ཆོས་སྡེའི་ནང་དུ་རྒྱལ་རྨིས་ཀྱང་མི་ཡོང་ལ་གསོལ་ཁའང་གཏོང་སྲོལ་མེད། ས་སྐྱ་ཁྲི་ཆེན་ཕེབས་དུས་འམ་བུ་ཡོང་སར་ཙི་དམར་བ་ཡོང་བ་གཞིར་བཅས་ཞེས་བཀང་གསོ་མཛད་པས་ཆིབས་ཆེན་ལ་སྦྲག་ཤི་རྒྱབ་པའི་ལོ་རྒྱུས་དང་བཅས་ཆོས་སྡེ་པ་ཚོའི་སྙན་འབུལ་ལ་གསན་ནས་ཆུ་བོ་རིར་རྒྱལ་པོ་ལ་བཀང་བཤགས་གནང་ལྷ་སྲས་མུ་ཏིག་བཙན་པོའི་ཡང་སྲིད་འབྲི་གུང་ཞབས་དྲུང་ཆོས་ཀྱི་གྲགས་པ་འཕྲིན་ལས་རྣམ་པར་རྒྱལ་པའི་སྡེ་ཞེས་རྒྱལ་དབང་པདྨའི་གདུང་འཚོབ་ཆེན་པོ་དེ་ཉིད་སྡེ་པ་རྒྱལ་བཟང་པས་དཔོན་ས་དོ་བྲག་མའི་ཡར་འདྲེན་ལ་གདན་དྲངས་པའི་ཚེ་སྣེའུ་སྡོང་རྩེ་ནས་ཇ་འདྲེན་ལ་རྫོང་བདའ་གནང་སྐབས་དམ་ཆོས་དགོངས་པ་ཡང་ཟབ་ཀྱི་ཉམས་ལེན་དམིགས་རིམ་གྱི་ཆོས་འབྲེལ་གསན། མཆོག་སྤྲུལ་ལེགས་ལྡན་རྡོ་རྗེའི་ཆོས་བདག་ལུང་ཟིན་སྤྱན་མངའ་བ་ལེ་བ་སངས་རྒྱས་བཟང་(༢༩བ)


GLG009_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྣམ་སྤྲུལ་རྗེ་བཙུན་སྟག་ལུང་པ་ངག་དབང་བཀྲ་ཤིས་དཔལ་གྲུབ་ངེས་དོན་ཆོས་ཀྱི་ཉི་མ་རྣམ་གྲོལ་མཆོག་གི་སྡེར་གཏེར་ཆེན་ཉི་ཟླ་འོད་ཟེར་གྱིས་བསམ་ཡས་བར་ཁང་རྣམ་སྣང་ཐུགས་ཀ་ནས་གདན་དྲངས་པའི་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་དབང་འཁྲིད་ལུང་རྣམས་གསན་ཞིང་རྗེ་བ་ལེ་བའི་ཕྱག་བྲིས་གླེགས་བམ་སྐུའི་འབྲལ་སྤངས་དེའང་མ་དཔེར་གཡར་པོ་སོགས་ཐུགས་རྗེས་ཤིན་ཏུ་འཛིན་པ་མཛད། གཉགས་ཛྙཱ་ན་ཀུ་མཱ་རའི་སྤྲུལ་པའི་ཟློས་གར་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་ལ་འབྲས་སྤུངས་ཀྱི་དངོས་གྲུབ་སྤྱིལ་པོར་བླ་མའི་རྣལ་འབྱོར་གྱི་ཆོས་འབྲེལ་དང་། རྗེས་སོར་དཔོན་སློབ་གཉིས་ཆོས་བཀའ་ཕར་གསན་ཚུར་གསན་གྱིས་བཅད་མཛད་ནའང་ཡུལ་དུས་ཀྱིས་བསྐལ་པས་ཕྱག་ཐོག་ཏུ་མ་ཁེལ། ཆོས་རྒྱལ་བྱང་པ་ངག་གི་དབང་པོའི་སྤྲུལ་པའི་སྐུ་མཆོག་བློ་བཟང་པདྨ་འཕྲིན་ལས་ཐེག་མཆོག་དབང་གི་རྒྱལ་པོ་ཡོངས་འདུའི་སྡེར་རྒྱལ་པོ་བཀའ་འབུམ་གྱི་དབང་། བཀའ་གདམས་ལྷ་བཞིའི་རྗེས་གནང་འཁྲིད། མགོན་པོ་མིའུ་ཐུང་ཆོས་རྒྱལ་བྱང་པ་ངག་གི་དབང་པོའི་སྤྲུལ་པའི་སྐུ་མཆོག་བློ་བཟང་པདྨ་འཕྲིན་ལས་ཐེག་མཆོག་དབང་གི་རྒྱལ་པོ་ཡོངས་འདུའི་སྡེར་རྒྱལ་པོ་བཀའ་འབུམ་གྱི་དབང་། བཀའ་གདམས་ལྷ་བཞིའི་རྗེས་གནང་འཁྲིད། མགོན་པོ་མིའུ་ཐུང་གསོད་བྱེད་ཀྱི་རྗེས་གནང་། ཆོས་རྒྱལ་བྱང་པའི་གཏེར་གསར་བླ་མ་མཚོ་སྐྱེས་རྡོ་རྗེའི་དབང་། ཞབས་དྲུང་བདག་པོའི་དག་སྣང་མ་སྲིད་པ་སྤྱི་སྐོང་གི་མདོས། མཁས་གྲུབ་མངའ་རིས་པཎ་ཆེན་གྱིས་མཛད་པའི་སྡོམ་གསུམ་རྣམ་ངེས་སོགས་ཆོས་བཀའ་དུ་མའི་བཀའ་དྲིན་ནོད་པར་མཛད། རིགས་འཛིན་སྲོག་སྒྲུབ་དང་གཏེར་གསར་རིགས་འཛིན་ཐུགས་ཏིག་གཉིས་ཀ་ནས་མཁར་ཆེན་བཟའ་འཚོ་རྒྱལ་གྱི་སྤྲུལ་པར་ལུང་གིས་ཟིན་པ་དཔལ་རི་སྤྲུལ་སྐུ་ངག་དབང་པདྨ་(༣༠ན)


GLG009_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་ལ་ཆོས་རྒྱལ་འབྲི་གུང་པ་རིན་ཆེན་ཕུན་ཚོགས་ཀྱི་གཏེར་གསར་དམ་ཆོས་དགོངས་པ་ཡང་ཟབ་ཀྱི་དབང་ཆེན་དབང་ཕྲན་ལུང་ཡོངས་རྫོགས། རིགས་འཛིན་པྲཛྙཱ་རསྨིའི་གཏེར་མའི་རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་དབང་། གྲོལ་ཐིག་དང་གཤིན་རྗེ་ནག་པོ་གསུམ་དྲིལ་གྱི་ཆོས་སྐོར་ཡོངས་རྫོགས། འཇམ་དཔལ་ཚེ་བདག་ནག་པོ་མེའི་སྤུ་གྲིའི་གཟའ་གདོང་ཞལ་གདམས་སྐོར་གྱིས་གཙོས་པའི་ཆོས་ཚན་མང་རབ། རླུང་ནག་འཁྲུགས་པ་དྲེགས་པ་ཁམས་བྱོན་མ་རྣམས་གསན། ཁོང་དཔོན་སློབ་ནས་སྒོ་སྣ་ཤག་པ་དང་ཡིག་འཕྲུལ་ལ་བརྟེན་པའི་འཕྱོང་རྒྱས་སུ་སྒོར་བསྐྱིལ་དང་ཆད་ལས་སོགས་ཀྱི་ནན་ཏུར་ལ་སྔ་ཕྱིར་ཕན་ཐབས་ཀྱི་ཁུར་བཞེས་ཀྱང་ཆེ་བར་མཛད་པ་ཆོས་ཡོན་གཞན་ལས་ཁྱད་པར་དུ་འཕགས་པར་སེམས། ཆོས་རྒྱལ་གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེས་བྲག་དམར་གཡའ་མ་ལུང་ནས་གདན་དྲངས་པའི་ལུང་བསྟན་རབ་གསལ་མེ་ལོང་ནས། བི་མཱའི་ཡང་སྤྲུལ་རཏྣ་བཛྲ་མིང་༔ གཡུ་རུའི་སར་འབྱུང་འདི་དང་འཕྲད་པ་ན༔ བར་ཆོད་དམ་སྲིའི་འཚེ་བ་ངེས་པར་སེལ༔ ཞེས་ཆོས་བདག་ཏུ་གྱུར་པར་བརྟེན་གཏེར་གསར་རིགས་འཛིན་ཐུགས་ཏིག་གི་དབང་ལུང་གི་བདུད་རྩིས་ཐུགས་ཀྱི་བུམ་པ་གཏམས། བྱང་གླིང་འཇམ་དཔལ་དབྱངས་བཀྲ་ཤིས་རྒྱལ་མཚན་གྱི་སྐུའི་རྣམ་པར་སྤྲུལ་པ་ཞ་ལུ་མཁན་པོ་ཁྱབ་བདག་རིན་ཆེན་བསོད་ནམས་མཆོག་གྲུབ་ལ་རྩ་གསུམ་དྲིལ་སྒྲུབ་ཀྱི་དབང་སོགས་ཆོས་འབྲེལ་ཁ་ཡར་གསན། བཤེས་གཉེན་ཆེན་པོ་འཆད་ཀ་བ་ཡེ་ཤེས་རྡོ་(༣༠བ)


GLG009_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་སྒྱུ་འཕྲུལ་གྱི་རོལ་པ་གླིང་སྟོད་ཆོས་རྗེ་མཚུངས་མེད་དཀོན་ཅོག་དཔལ་འབྱོར་ལ་བཟང་སྤྱོད་ལ་བརྟེན་པའི་འོད་དཔག་མེད་ཀྱི་ཉལ་སྒོམ་གྱི་འཁྲིད་དང་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པའི་དུར་ཁྲོད་བདག་པོའི་མན་ངག་གི་ལུང་སོགས་གསན། འདན་མ་རྩེ་མངས་ཀྱི་ཞུ་ལན་ལས། ཉང་རལ་གདུང་རབས་བཅོ་བརྒྱད་ཡན་ཆོད་དུ༔ སྔོན་ཚེ་རྒྱལ་པོའི་སྨོན་ལམ་མཐུ་ཡོད་པས༔ ཆོས་བཞིན་མ་བྱས་ཀྱང་སངས་རྒྱས་ཐོབ་པར་འགྱུར༔ ཞེས་ལུང་གིས་ཟིན་པའི་གདུང་རབས་བཅུ་དྲུག་པ་མངའ་བདག་རྨ་བོ་ལྕོག་པ་མཚུངས་མེད་བསྟན་འཛིན་ཆོས་དབང་གི་དྲུང་དུ་བླ་མ་མངའ་བདག་ཆེན་པོའི་གཞུང་ཆེན་བདེ་གཤེགས་འདུས་པའི་སྨིན་ལམ་དབང་གི་རྒྱལ་པོ་སྣང་སྲིད་ལྷ་འདྲེའི་སྲོག་དབང་དང་གཞན་ཡང་དྲག་པོ་སྒོ་འབྱེད་ཀྱི་དབང་ལུང་ཐོར་བུ་གསན། སེ་བརྒྱ་མཁར་བ་ཆེན་པོའི་གདུང་འཛིན་ཟོ་ལུང་པ་སྔགས་འཆང་ལེགས་གྲུབ་ཚེ་རིང་ལ་ཞི་ཁྲོ་སྒྱུ་འཕྲུལ་གྱི་དབང་། འཇམ་དཔལ་གཤིན་རྗེ་གཤེད་གདོང་དྲུག་གི་ཐུགས་སྒྲུབ་བསྐྱེད་རྫོགས་ཟུང་འབྲེལ་གྱི་དབང་ལུང་། ཙནྡྲ་གོ་མིས་མཛད་པའི་རིགས་གསུམ་མགོན་པོའི་མཆོད་རྟེན་བཞེང་ཐབས་ཀྱི་ལུང་རྣམས་གསན། སེའི་སྔགས་འཆང་མཁས་གྲུབ་རིམ་པར་བྱོན་པའི་རིགས་ལས་མངའ་བདག་གི་རྣམ་འཕྲུལ་བཀྲ་བཟང་ཆོས་རྗེ་ཐུགས་མཆོག་འོད་འབར་ལ་ཆུ་མོ་ཕུག་གཏེར་མའི་དྲག་པོ་ཡཀྴ་མེ་དབལ་དབུ་དགུ་པ། བྱང་གཏེར་ཕུར་པ་ཆེ་མཆོག་དང་ལྕགས་ཁང་མ་རྣམས་ཞུ་བ་གནང་། སོ་ཟུར་གནུབས་གསུམ་སྔགས་པའི་རྒྱལ་པོར་གྲགས་པའི་ཟུར་སྤང་སྟོན་བདེ་ལེགས་རྒྱལ་མཚན་གྱི་དབོན་བརྒྱུད་མང་ཐོས་མཁྱེན་པའི་(༣༡ན)


GLG009_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་ལྡན་ངག་དབང་ཕུན་ཚོགས་ལ་སྤྲུལ་སྐུ་ཚེ་བརྟན་རྒྱལ་མཚན་གྱིས་ཆུ་ཕུག་ནས་སྤྱན་དྲངས་པའི་བླ་མ་རིགས་འདུས་ཀྱི་དབང་དང་ལུང་ཡོངས་རྫོགས། ཚེ་དབང་བདུད་རྩི་འཁྱིལ་བ། ཉང་གི་སྣང་སྲིད་ལྷ་འདྲེའི་སྲོག་དབང་། བྱིན་རླབས་ལུ་གུ་བརྒྱུད། ཆོས་རྒྱལ་རིན་ཆེན་གླིང་པའི་དྲག་དམར་གྱི་དབང་། ཞི་ཁྲོ་དོང་སྤྲུག་གི་དབང་། མགོན་པོ་ལེགས་ལྡན་གྱི་དབང་ཆོས་སྐོར། བྱང་གཏེར་ཚེ་དབང་མ་ནིང་དང་སྟག་ཞོན་ལྕགས་སྒྲོག་ཅན་གྱི་དབང་། རོང་ཟོམ་གྱི་གསང་སྙིང་འགྲེལ་པ། ཆོས་ཚན་ཉེར་ལྔའི་ཁ་སྐོང་སོགས་བྱང་གཏེར་གྱི་ཆོས་སྣ་ཐོར་བུ། ལྔ་དབང་རིན་པོ་ཆེ་དབང་ལུང་། གྲ་པ་མངོན་ཤེས་ཀྱི་ལྷ་འཁོན་སྦྱོང་ཐབས། གཏེར་ཁ་སྣ་ཚོགས་ཀྱི་མན་ངག་ཐོར་བུ་མང་དུ་གསན། ཕོ་བྲང་གོང་རི་དཀར་པོའི་ཆོས་རྗེ་དཀོན་གཉེར་དཔོན་མཚུངས་མེད་དགེ་སྟེང་པ་བྱམས་པ་ཀུན་དགའ་འབྱུང་གནས་ལ་ས་ཕུར་ལྷ་ཁྲ། གདུགས་དཀར་ལྷ་བཅུ་བདུན་མ་གཉིས་ཀྱི་དབང་། བཀྲ་ཤིས་ཚེ་རིང་མའི་རྗེས་གནང་། ལེའུ་བདུན་མའི་ལུང་རྣམས་གསན། ཆོས་རྒྱལ་འབྲི་གུང་པ་ཞབས་དྲུང་དཀོན་ཅོག་ཕུན་ཚོགས་ཀྱི་ཐུགས་སྲས་མངའ་རིས་བླ་ཆེན་དཀོན་ཅོག་ལྷུན་གྲུབ་ལ་དགོངས་པ་ཡང་ཟབ་ཀྱི་དབང་ཕྲན་ཁ་ཤས། ཚེ་བདག་ལྕགས་སྡིག་ཡོངས་རྫོགས། འཇམ་དཔལ་མེའི་སྤུ་གྲིའི་ཆོས་སྐོར་མང་བ། འཇམ་དཔལ་ཁྲོ་ཆུ་དུག་གདོང་གི་ཆོས་སྐོར་ཁ་ཤས། གཤིན་རྗེ་དུ་བ་དུམ་བུ། དམར་ཆུང་རླུང་སྒྲུབ། གནུབས་ལུགས་བཀའ་མ་དང་རྒྱའི་གཏེར་མའི་གཏད་སེལ་ངན་སྔགས་ཀྱི་སྐོར་སྣ་ཚོགས་པ། སངས་(༣༡བ)


GLG009_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་གླིང་པའི་དབང་ཕྱུག །གཏད་ཁྲམ་རུས་སྦལ་ནག་པོ། རྒྱལ་སེལ་ལྷ་ཁང་མ། ཀོང་པོ་བྱ་ཁྱུང་པས་བསྒྲིགས་པའི་གཟའ་བཅོས་དང་གཟའ་ཡུམ་གྱི་དབང་། གཏད་ཁྲམ། རྒྱལ་པོ་བྱེས་ཆས། རླུང་འཁོར་ཆ་ཕྲི་ནག་པོ་སོགས་གཏེར་ཁ་སྣ་ཚོགས་ཀྱི་གདམས་པ་ཁྱད་པར་ཆོས་དབང་རིན་པོ་ཆེའི་འཇམ་དཔལ་ནཱ་ག་རཀྴའི་དབང་། འཆི་བདག་ཞལ་དབྱེ་བའི་དབང་རྫས་ཁྱད་འཕགས་རྙིང་རློམ་ཕལ་གྱི་སྤྱོད་་ཡུལ་དུ་མ་གྱུར་པ་མངའ་རིས་རིགས་འཛིན་ཆེན་པོའི་ཕྱག་བཞེས་འཁྲུལ་མེད་ཀྱི་དབང་། སྒྲ་མི་སྙན་པའི་ཚེ་དབང་པཎ་ཆེན་ནགས་རིན་ནས་བརྒྱུད་པ་དང་རྗེ་དཀོན་ཅོག་ཕུན་ཚོགས་ཀྱི་དག་སྣང་མ་སོགས་ཟབ་ཆོས་མང་དུ་ནོད་པར་གནང་། རཏྣ་གླིང་པ། འགྲོ་འདུལ་གླིང་པ། ཞིག་པོ་གླིང་པ་སྟེ་གཏེར་སྟོན་གཅིག་ལ་གླིང་པ་གསུམ་དུ་ལུང་གིས་ཟིན་པའི་གདུང་བརྒྱུད་ཨེ་ཆོས་རྗེ་སྤེལ་ལྕོག་པ་ཐུགས་སྲས་ཆོས་རྗེ་རིན་ཆེན་བཟང་པོ་ལ་ཆོས་རྒྱལ་རཏྣ་གླིང་པས་རི་བོ་ཁྱུང་ཆེན་ལྡིང་ནས་གདན་དྲངས་པའི་ཐུགས་སྒྲུབ་ཡང་སྙིང་འདུམ་པ་དང་མཁར་ཆུ་ཕུག་རང་ནས་བཏོན་པའི་དྲག་པོ་མེའི་འཕྲེང་བ་གཉིས་ཀྱི་དབང་ལུང་ཡོངས་རྫོགས་ཡང་སྙིང་འདུས་པའི་སྒྲུབ་ཆེན་དང་འབྲེལ་བར་གསན། གཏེར་ཆེན་རཏྣ་གླིང་པའི་ཆོས་རྒྱུན་འཛིན་པ་ལ་འགྲན་ཟླ་དང་བྲལ་བ་ཨེ་ཉང་ཆོས་ལྡན་པར་རཏྣ་འཕྲིན་ལས་ལ་ཆོས་རྒྱལ་ཞིག་པོ་གླིང་པས་ཀོང་པོ་བུ་ཆུ་ནས་གདན་དྲངས་པའི་སྨན་སྒྲུབ་གསང་རྟོགས་ཀྱི་ལུང་གསན། ལྷོ་བྲོ་ཤུའི་གཏེར་སྟོན་བདེ་ཆེན་གླིང་པའི་སྤྲུལ་སྐུ་ཀརྨ་ཆོས་དབང་རྒྱ་མཚོ་ལ་གཏེར་ཆེན་རྡོ་རྗེ་གླིང་པའི་དྲག་དམར་གྱི་སྐོར། བདེ་(༣༢ན)


GLG009_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གླིང་པའི་གཏེར་མ་ཚེ་འཁྲིད་ཡིད་བཞིན་མེ་ལོང་གི་དབང་ལུང་རྣམས་གསན། ཆོས་རྒྱལ་བྱང་པ་ངག་གི་དབང་པོའི་ཞལ་སློབ་རྣམ་དཔྱོད་མཆོག་ཏུ་ཡངས་པ་བླ་མ་བྲག་ལ་བ་ངག་དབང་དོན་གྲུབ་རྒྱལ་མཚན་ལ་རི་སྦུག་པ་རྒྱལ་སྲས་རྡོ་རྗེ་ཐུགས་མཆོག་རྩལ་ནས་བརྒྱུད་པའི་རྫོགས་ཆེན་གསང་སྐོར་གྱི་དབང་ལུང་ཡོངས་རྫོགས། རླུང་ནག་དྲེགས་པ་ཉི་ཤུ་ཆོས་རྒྱལ་མངྒའི་མཚན་ཅན་གྱི་བཞེད་སྲོལ་ཐུན་མོང་མ་ཡིན་པ་རྣམས་ཞུ་བ་མཛད། སྣང་ཚད་ཆོས་སྐུ་བདེ་བ་ཆེན་པོའི་ཀློང་དུ་གྱུར་པའི་རང་གྲོལ་གྱི་རྣལ་འབྱོར་པ་ཀརྨ་གསང་སྔགས་ལ་རིན་ཆེན་གླིང་པའི་ནཱ་ག་རཀྴའི་དབང་ལུང་། འཚོ་རྒྱལ་སྐོར་གསུམ་གྱི་དབང་། རཏྣ་གླིང་པའི་རྩ་གསུམ་ནོར་བུའི་དོན་འཁྲིད། ཚེ་དཔག་མེད་རྡོར་འཕྲེང་། ཀློང་གསལ་གྱི་དབང་ལུང་ཁ་ཤས། དམ་ཅན་གྱི་སྐོར་སོགས་ཁ་ཐོར་སྣ་ཚོགས། མ་གཅིག་ནས་བརྒྱུད་པའི་གཅོད་སོགས་གསན། ཞལ་སྔ་ནས་བྲག་སྣ་བ་ཨོ་རྒྱན་བསྟན་འཛིན་ལ་རྫོགས་པ་ཆེན་པོའི་རྒྱུད་བཅུ་བདུན། དཔལ་ལྡན་དམག་ཟོར་མའི་རྗེས་གནང་སོགས་གསན་པ་མཛད། བླ་མ་རིན་ཅེན་གྲུབ་ལ་གཏེར་སྟོན་ཨོ་རྒྱན་གླིང་པའི་ཚེ་དབང་རྫོང་ཆུང་མ་ཞུ་བ་གནང་། ཁྱབ་བདག་བཀའ་འགྱུར་བ་ཆེན་པོའི་མཆོད་དཔོན་བླ་མ་འཇམ་དབྱངས་རྒྱལ་མཚན་ལ་ཇོ་བོ་ལུགས་ཀྱི་ཛམྦྷ་ལ་དཀར་པོ། མགོན་པོ་ཏྲག་ཤད་ཀྱི་རྗེས་གནང་། ཆོས་དབང་གི་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་ལམ་དབང་། གུར་ཞལ་གྱི་ཡིག་ཆ་ཐོར་བུའི་ལུང་གསན། གསང་སྔགས་འཆང་བ་དཔལ་འབྱོར་གྲགས་པའི་དབྱངས་ལ་ཁྱབ་འཇུག་གསང་མདོས་ཀྱི་(༣༢བ)


GLG009_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་ཆེད་དུ་ནོད་པ་གནང་། བླ་མ་ལྷ་རྩེ་བའི་སྤྲུལ་སྐུ་ངག་དབང་ཀུན་དགའ་ལྷུན་གྲུབ་ལ་གཏེར་མགོན་ཕྱག་བཞི་པའི་སྐོར་གསན་པའི་ཞར་ལ་དྲག་པོ་ཕུར་ཞབས་མའི་དབང་ལུང་བྱུང་འདུག་ནའང་པདྨ་གླིང་པའི་དྲག་དམར་གྱི་པདྨ་ཀཱི་ལཱ་ཡ་ཟུར་དུ་ཕྱུང་བ་ལྟ་བུའི་ཐུགས་རབ་ཀྱི་རྩལ་ལས་ཐོན་པ་མ་གཏོགས་ཚད་ལྡན་ཡིན་མིན་དཔྱད་དཀའ་གསུང་། སྨན་སྒོམ་འབྲང་རྒྱས་པ་ངག་དབང་དོན་གྲུབ་ལ་དཔལ་ལྡན་རྒྱུད་བཞི། བྱེ་བ་རིང་བསྲེལ། ཉམས་ཡིག་བརྒྱ་རྩ་རྣམས་ཀྱི་ལུང་གསན། རྩེ་ལུགས་ཀྱི་ཕུར་པའི་སྐོར་ཞབས་དྲུང་ཡབ་སྲས་ནས་ཐུགས་རྩོལ་གནང་དགོས་ཚུལ་ལ་བརྟེན་འོན་ནས་ཆོས་རྗེ་བན་གྲོང་པར་ཕུར་པའི་ལས་བྱང་འཕྲིན་ལས་རྒྱ་མཚོ། ཁ་སྐོང་ཧུ་ལུཏྣའི་ཆུ་རྒྱུན་གྱིས་གཙོས་པའི་ཆོས་སྣ་དཀོན་པ་དུ་མ་གསན། གོང་དཀར་དཀོན་གཉེར་བླ་མ་པར་ཁང་པ་དང་ཆོས་རྗེ་འགྲེལ་ལྔ་པ་ལ་ཕུར་པའི་རྩ་འཆམས། འབྲུབ་འཆམས། རིགས་བསྡུས། འཆམས་གསར། ཚེས་བཅུའི་འཆམས། གར་ཐིག་དབྱངས་གསུམ་གྱི་སྐོར། ཁྲོ་ཕུ་དུས་ཞབས་པར་ཙནྡྲ་པའི་ཁོག་ཕུག །དགུང་ལོ་བདུན་ཙམ་འགྲོ་བ་ནས་རིམ་གྱིས་རྒྱ་བོད་ཀྱི་ཀློག་ཡིག་དུ་མར་སྦྱངས་ཤིང་ལཉྪ་སློབ་དཔོན་མ་རྙེད་པས་པཎ་ཆེན་རི་ཟངས་ཏོག་པའི་ཕྱག་བྲིས་ལ་དཔེ་མཛད་པས་ཕྱོགས་འགྲོ་མཁྱེན་ནའང་དེ་ཙམ་གྱིས་ཆོག་འཛིན་མེད་པར་ལྷོ་བྲག་སྒོ་མོ་བར་རྒྱ་བོད་ཀྱི་ཡིག་སྣའི་དོགས་གཅོད་སོགས་ཤེས་བྱའི་གནས་ཕྲ་རགས་གང་ལའང་མཐའ་གཅོད་ཅིང་ཆོས་རྒྱུན་དཀོན་པ་ཆད་དུ་ཉེ་བའི་རིས་ཁུངས་བཙུན་པ་ཞིག་བྱུང་ཕྱིན་གསན་པར་ཁེངས་དྲེགས་ཅུང་ཟད་ཙམ་ཡང་མི་མཛད་ཅིང་། བཀའ་ལས། མེ་ཚོགས་སྤུ་(༣༣ན)


GLG009_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

གྲིའི་སོ་ཡང་བརྒལ་ནས་ནི། །འཆི་མཐར་ཐུག་གི་བར་དུ་དམ་ཆོས་བཙལ། །ཞེས་པའི་དོན་ཡིན་པས་ཡོན་ཏན་གཞན་རྒྱ་ཆེ་བ་ལས་ཆོས་ཐོབ་རྒྱ་ཆེ་བ་དགའ་གསུང་ངོ་། །ཤེས་བྱར་སྲིད་པའི་ཡོན་ཏན་མཐོ་རིས་ཆུ། །བློ་བརྩོན་ཧུབ་ཀྱིས་དྲངས་ཀྱང་རྣམ་དཔྱོད་ཀྱི། །ལྟོ་བ་མི་དོག་ཡངས་པའི་ཛཧྣུ། །ཉང་སྟོན་རིགས་ཀྱི་ཐིག་ལེར་དེང་འདིར་བྱོན། ཁྱད་པར་རྩ་བའི་འདྲེན་པ་ལྷ་དྲོ་པས། །སྲས་ཀྱི་ཐུ་བོར་བཟུང་ནས་སྨིན་གྲོལ་ལུང་། །ཆོས་དབང་བསྟན་པའི་རྒྱལ་སྲིད་ཡོངས་གཏད་ཚེ། །སྔགས་འཆང་མང་བཀུར་སེང་གེའི་ཁྲི་སྟེང་འགྱིང་། །གཙུག་ལག་བཤོལ་མེད་མར་ཆགས་དམོད་མཚན་དབྱིབས། །བློ་གྲོས་མིག་སྟོང་བཀྲ་བའི་རྣམ་དཔྱོད་མཚོན། །རྩེ་བརྒྱ་གདེངས་ཚེ་རབ་རྨོངས་ལྷ་མིན་མོའི། །མངལ་ལྷུང་བརྒྱ་བྱིན་བླ་གོས་ཟོལ་གྱིས་བསྒྲིབས། །བགྲང་ཡས་ཡོངས་འཛིན་ཆུ་ཤེལ་གཙུག་ཏོར་རྒྱན། །མཁྱེན་སྤྱན་ཟླ་ཟེར་ཕོག་ཆུས་མགོན་ཁྱོད་བཞིན། །བཀྲུ་བར་ལྟ་ཕྱིར་གདོང་པ་དྲུག་སྤྲུལ་ནས། །གར་མཁན་ཞེན་ཏེ་ས་འདིར་བསྐྱོད་ཀྱི་དོགས། །མི་མངོན་ཉམས་རྟོགས་མུན་པའི་ཁུང་བུ་རུ། །སྣ་ཚོགས་རྫུན་གཏམ་འཁྱུག་པའི་ལྕེ་གཉིས་པ། །མ་ཡིན་ལྔ་རིག་གདེངས་ཀ་མཐོན་པོའི་རྩེར། །ལེགས་བཤད་དབང་གི་རྒྱལ་པོ་གཟི་འོད་འཕྲོ། །ཐ་སྙད་ཚིག་ལ་ཞེན་པ་སྲ་བའི་གཞུ། །གོ་ཡུལ་རྒྱུད་ཀྱིས་མ་ཁུགས་མཁས་རློམས་དང་། །མཚུངས་མིན་སྣང་གྲགས་ཆོས་སྐུའི་རང་རིག་པར། །ངོ་སྤྲད་ཙམ་ནས་ངང་གིས་ཀློང་དུ་གྲོལ། །གསུམ་པ་བསྐྱེད་རྫོགས་རྫོགས་པ་ཆེན་པོར་(༣༣བ)


GLG009_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་པས་དངོས་གྲུབ་བརྙེས་པ་ནི། ཁྲ་ཚང་དང་སྨན་ལུང་གཉིས་གདན་ས་ཕན་ཚུན་ཟུང་འབྲེལ་ཡིན་ནའང་སྨན་ལུང་གི་སྲས་མོའི་ཐོག་ཏུ་བཀྲ་ཤིས་ཆོས་སྡེའི་གྲ་པ་དགེ་འདུན་རྒྱ་མཚོ་ཟེར་བ་ཞིག་གིས་མག་པ་བྱས་ཏེ་མི་བདག་བདག་ཏུ་གཟུང་བདག་པོ་སྒོ་ཕྱིར་འབུད་པའི་དཔེ་བཞིན་སྐུ་ཚ་མོས་ཀྱང་མི་གུས་པ་ལྷུར་བླངས་པས་མཉམ་མེད་ཇོ་བོ་ཆེན་པོ་བསམ་ཡས་སུ་བཞུགས་དུས་ལྷ་བཙུན་བོ་དྷི་རཱ་ཛ་བག་དོག་པའི་རྐྱེན་གྱིས། གང་དང་འཐབ་ཅིང་རྩོད་པ་ནི། །དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ ། ཞེས་གསུངས་པའི་དོན་བཞིན་ཁྲ་ཚང་དུ་སྐུ་མཚམས་མཛད་ནས་སྲི་ཞུ་ཡུམ་གྱིས་ཞུས་ཏེ་རྫོགས་པ་ཆེན་པོ་སངས་རྒྱས་མཉམ་སྦྱོར་དང་བླ་མ་ཡང་ཏིག་གསང་སྐོར་སོགས་རྫོགས་ཆེན་ཀ་དག་ལྷུན་གྲུབ་ཀྱི་ཉམས་ལེན་གཙོ་བོར་གནང་བས་རིག་རྩལ་ཀུན་ཏུ་བཟང་པོར་གཅེར་མཐོང་དུ་ངོ་འཕྲོད། ཆོས་ཉིད་མངོན་སུམ་དང་ཉམས་གོང་འཕེལ་གྱི་འོད་གསལ་ལོངས་སྐུའི་ཞིང་ཁམས་ལ་འབྱམ་ཀླས། དེའི་མུས་ནས་ཇི་སྐད་དུ། ང་སྒྲུབས་སངས་རྒྱས་ཐམས་ཅད་འགྲུབ། །ང་མཐོང་སངས་རྒྱས་ཐམས་ཅད་མཐོང་། །ང་ནི་བདེ་གཤེགས་འདུས་པ་ཡིན། །སྙིང་པོ་བདེ་གཤེགས་འདུས་པའི་སྔགས། །རྒྱལ་བ་ཀུན་འདུས་དྲིལ་སྒྲུབ་ཡིན། །ས་ནི་བཅོ་ལྔ་ལམ་ལྔ་ཡང་། །ང་སྒྲུབས་ཐོད་འཕྲེང་བཟླས་པས་བགྲོད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསུང་རབ་ཐམས་ཅད་བཀླགས་དང་མཚུངས། །ཨྱོན་པདྨ་ཐོད་འཕྲེང་རྩལ། །ལྷོ་ནུབ་རྔ་ཡབ་གླིང་ཕྲན་གྱི། །ཐག་རིང་ཞིག་ན་ཡོད་པ་མིན། །མོས་གུས་ཅན་གྱི་དྲུང་ན་ནི། །ང་ཉིད་འདུ་འབྲལ་མེད་པར་གནས། །མངོན་(༣༤ན)


GLG009_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དྲུག་ལྡན་སྟོབས་བཅུ་སོགས། །བདེ་གཤེགས་རྣམས་ལ་མངའ་བས་ན། །གསོལ་བ་བཏབ་པ་ང་ཡིས་གསན། །མོས་གུས་བྱེད་པ་ང་ཡིས་ཤེས། །སྒྲུབ་པ་བྱེད་པ་ང་ཡིས་མཐོང་། །ང་ཡིས་མི་མཁྱེན་གང་ཡང་མེད། །དེས་ན་དགའ་བྲོད་སྤྲོ་ཚུལ་གྱི། །རིགས་ལྔ་བསྐྱེད་ལ་བཟླས་པ་བྱ། །ཞེས་པ་ལྟར་རིགས་འཛིན་བླ་མའི་སྒྲུབ་ཐབས་གྲངས་ཡས་པའི་ནང་ནས་གཙོ་བོར་གྱུར་པ་ཐུགས་སྒྲུབ་གསང་བ་འདུས་པ་སྒྲུབ་པའི་སྒྲོམ་བརྒྱད་ཀྱི་ཕྱག་ལེན་དང་བཅས་བསྙེན་སྒྲུབ་ལས་སྦྱོར་གྱི་རིམ་པ་གཏེར་གཞུང་ལ་ཞལ་ཤེས་ཀྱིས་བརྒྱན་ཏེ་ཟླ་བ་གསུམ་གྱི་བར་ཐུགས་ཉམས་སུ་བསྟར་བས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་པཎ་ཞུ་རྒོད་སྒྲོ་ལྡེམ་མེ་ཕྱི་རོལ་ནས་འབྱོན་མཁན་ཡོད་པའི་ཀུན་རྫོབ་ཨ་འཐས་ཀྱི་རྫུན་ཕུག་བརྡིག་ནས་རང་རིག་དོན་གྱི་པདྨ་ཐོད་འཕྲེང་རྩལ་དུ་ཐག་ཆོད། ཡི་དམ་ཀུན་གྱི་ནང་ནས་ཁྱད་པར་དུ་འཕགས་པ་ཞི་ཁྲོ་བཀའ་བརྒྱད་ཡོངས་རྫོགས་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་མ་ཧཱ་ཡོ་ག་ལྟར་སྒྲུབ་པ་འཕྲིན་ལས་ཡོངས་རྫོགས། ནང་ལུས་དཀྱིལ་ལ་བརྟེན་ནས་ཨ་ནུ་ཡོ་ག་ལྟར་སྒྲུབ་པ་གཅིག་དྲིལ། ཡོངས་རྫོགས་ཕུར་སྒྲུབ་རྣམས་རྫོགས་པ་ཆེན་པོའི་ལྟ་བས་རྩིས་ཟིན་པ་ཁོ་ན་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་ཞལ་འཁྲིད་ལྟར་མཛད་པས་ཡོ་ག་གསུམ་གྱིས་སྒྲུབ་ལུགས་མཐར་ཕྱིན་པས་ཨཽཌྜི་ཡ་ནའི་ཨཱ་ཙཪྻའི་དགོངས་དོན་འཁྲུལ་མེད་མངའ་རིས་པཎ་ཆེན་རིན་པོ་ཆེས་ཇི་ལྟར་གསུངས་པ་རྗེ་འདི་ཉིད་ཀྱི་ཐུགས་ཉམས་སུ་བཞེས་པར་མངོན། གཞན་ཡང་བོད་འདིར་བསྟན་པ་རིན་(༣༤བ)


GLG009_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེའི་དབུ་ཐོག་མར་བརྙེས་པ་ཡུམ་བུ་གླ་སྒང་དང་ཁྲ་ཚང་དུ་ཉང་གི་དྲག་དམར་གཞུང་ཆེན་བདེ་གཤེགས་འདུས་པ་དང་ཆོས་དབང་གི་དྲེགས་པ་ཚར་གཅོད་གཉིས་ཀ་ལ་ལྗགས་བསྙེན་མཛད་པ་གཏེར་ཁ་འོག་མ་རྩུབ་ཅིང་གོང་མ་འཕྲལ་འཇམ་ལ་ཕུགས་ཆུན་ཆེ་བ་ཡོད་ཅེས་གནོག་ཆོས་སུ་མཛད་ཅིང་བསླབ་སྟོན་ལྟར་ངེད་ཀྱིས་ཀྱང་ཉམས་ལེན་གྱི་ལུགས་བྱས་པ་དྲག་པོ་དབུ་དགུ་ཚ་ངར་ཆེའང་འདི་ཉིད་འཇམ་རྩུབ་རན་པར་གོ་ཞིང་ཞག་འགའ་སོང་བ་ན་འཁྲུལ་སྣང་དུ་པོ་ཏ་ལའི་མཆོད་ཁང་དམར་པོའི་བྱང་བརྒྱུད་ཀྱི་རྩིག་སྟེང་ན་གཉྫིར་ཤིན་ཏུ་ཆེ་བ་ཞིག་སྣང་བ་རླུང་དྲག་པོས་བསྒྱེལ་སོང་བ་བརྒྱུགས་ནས་ཐག་པ་འདྲ་མོས་འཐེན་པས་གཡང་ལ་མ་ཤོར་བར་སྔར་ཤུལ་ལས་འཁྲོངས་པ་བྱུང་བ་བར་ཆད་ལས་རྒྱལ་བའི་མཚན་མར་མངོན། བླ་མ་མངའ་བདག་པར་མཁའ་འགྲོའི་བཀའ་བབས་པ་ཡིན་ཞིང་མཁས་གྲུབ་ཆེན་པོ་མངའ་རིས་པཎ་ཆེན་ཀྱང་འདི་ལ་ཡི་དམ་གྱི་གཙོ་བོར་མཛད་ཚུལ་གྱི་ལོ་རྒྱུས་དང་བཅས་གསུང་བ་ཐོས་ཤིང་སངས་རྒྱས་གཉིས་པ་ཨོ་རྒྱན། པདྨ་འབྱུང་གནས་ཀྱི་གནས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ཏུ་ཉང་གི་ཁྲོས་ནག་ལ་བསྙེན་པ་དང་རྒྱུན་གྱི་ཉམས་བཞེས་ཀྱང་གཙོ་བོར་གནང་། སྲིད་པ་གསུམ་ན་འགྲན་ཟླ་དང་བྲལ་བ་ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་། རྣལ་འབྱོར་གྱི་དབང་ཕྱུག་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་ཁུ་དབོན། མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་ཀུན་བཟང་རྩེ་པ་ཡབ་སྲས་ཀྱིས་མཚོན་པའི་དམ་པ་དུ་མས་བྱིན་གྱིས་བརླབས་པའི་གནས་ཧེ་རུ་ཀཿརང་བྱུང་གི་གཙུག་(༣༥ན)


GLG009_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཁང་དམ་ཅན་སྤྲིན་བཞིན་འདུ་བ་བསམ་གླིང་བདེ་བ་ཆེན་པོ། སྨན་ལུང་ཆོས་དབྱིངས་རྩེ་མོ་སོགས་གནས་དུ་མར་རྫོང་ཆེན་ཚེ་སྒྲུབ་ཏུ་གྲགས་པ་ཉང་ཆོས་དབང་ཨོ་རྒྱན་གླིང་པ་གསུམ་གར་ཡོད་པ་དང་བྱང་གཏེར་གྱི་ནང་ལོངས་སྤྱོད་རྫོགས་སྐུར་སྒྲུབ་པ། གཞན་ཡང་གནམ་སྐས་མ། རྒྱུན་ཁྱེར་མཁར་ཆུ་མ། ཁོ་ལྷ་ཁང་གི་གཏེར་མ་སོགས་དགོངས་དོན་གཅིག་ཏུ་དྲིལ་པའི་བསྙེན་སྒྲུབ། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་འཁོར་བ་དོང་སྤྲུག་གི་ཉམས་བཞེས་ཀྱང་མཐར་ཕྱིན་པས་ངས་ནི་ལྷོག་སྔགས་དང་གཉན་སྔགས་སོགས་སྒེར་དུ་ཤེས་ཀྱིན་མེད། ནད་པ་ལའང་ཡིག་དྲུག་གི་སྔགས་བཏབ་པས་ཕན་ཚུལ་གསུང་གིན་ཡོད་པར་སྣང་། མགོན་པོ་ལེགས་ལྡན་དང་དཔལ་མགོན་མ་ནིང་སོགས་ཆོས་སྐྱོང་དུ་མ་བསྙེན་སྒྲུབ་གནང་བས་མཚོན་མདོར་ན་གནས་དེ་དག་ཏུ་རིང་བ་ལོ་དང་ཐུང་བ་ཟླ་གྲངས་སུ་བཅད་དེ་བསྙེན་སྒྲུབ་དཔྱིས་ཕྱིན་པར་མཛད་པས་ཡི་དམ་གྱི་ལྷའི་ཞལ་གཟིགས་ལུང་སྟོན་སོགས་མང་དུ་བྱུང་བར་གོར་མ་ཆག་ཀྱང་གཞན་དག་གིས་དྲི་བ་ཞུས་པའི་ཚེ་མཉམ་སྦྱོར་དང་བླ་མ་འགའི་གསུང་ལས། སྒྲུབ་པའི་སྙིང་པོ་འདི་ལ་དྲིལ་ནུས་ན། །སྤྱོད་པ་བསླབ་གསུམ་མཛེས་པའི་སྒྲུབ་རྟགས་ཤིག །རང་གཞན་ཀུན་གྱི་སྣང་ངོར་སྟོན་ནུས་ཤིང་། །དེ་ལས་གཞན་པའི་གྲུབ་རྟགས་མེད་ཀྱང་བཟོད། །ཅེས་དེ་འདྲའི་རིས་མངོན་པ་ཟུར་ཙམ་ཡང་མི་མཛད་ནའང་གསེར་ས་འོག་དང་། འོད་ནམ་མཁའི་དཔེ་བཞིན་དགྲ་འདྲེས་མཚོན་མི་མཐུན་པའི་ཕྱོགས་ཐམས་ཅད་ལ་འཇིགས་པ་མེད་པའི་བརྟུལ་ཞུགས་ཀྱི་དཔའ་(༣༥བ)


GLG009_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

གདེངས་ཆེ་ཞིང་དེ་དག་ཀྱང་བློ་འདས་ཆོས་སྐུ་འཛིན་མེད་ཀྱི་ཀློང་དུ་རང་གྲོལ་བས་གདེངས་ཚད་བློའི་ར་བ་ལས་ཡོངས་སུ་བརྒལ་བ་ཞིག་མཆིས། ཐུགས་ཉམས་བཞེས་ཀྱི་རིམ་པ་དེ་དག་ཀྱང་ཇི་སྐད་དུ། ང་དང་འཕྲད་པར་འདོད་ན་ཐུགས་ཀྱི་སྒྲུབ་པ་སྒྲུབ༔ མྱུར་དུ་འཚང་རྒྱ་འདོད་ན་མཉམ་སྦྱོར་ཉམས་སུ་ལོང་༔ འགྲོ་བ་འདུལ་བར་འདོད་ན་ཐུགས་རྗེ་ཆེན་པོ་སྒྲུབས༔ སྐུ་ཚེ་རིང་འདོད་བཅུད་ལེན་ཉམས་སུ་ལོང་༔ མཐུ་རྩལ་ཆེ་འདོད་ཅོག་རྡུང་དྲུག་པོ་སྒྲུབས༔ མཁའ་འགྲོ་འདུ་འདོད་དམ་གཙང་ཚོགས་འཁོར་རེམས༔ ཐུན་མོང་སྒྲུབ་འདོད་ལས་ཚོགས་མ་ལུས་སྒྲུབས༔ དམ་ཆོས་སྤྱོད་འདོད་འཁོར་བ་བློ་ཡིས་ཐོང་༔ གཏེར་རྣམས་འདོད་ན་ཐུབ་ཆོད་ཆེན་མོ་སྒྲུབས༔ དེ་དག་ཀུན་འདོད་བཀའ་བརྒྱད་ཡོངས་རྫོགས་སྒྲུབས༔ ཞེས་པའི་དོན་ཁོ་ན་ཐོག་ཏུ་བབས་པར་མངོན། ཚེ་སྒྲུབ་བྱེད་མཁན་མང་ཡང་ཚེ་ཚད་ཁ་དམར་གདགས་དཀའ་བ་འོག་ཏུ་གསལ་བའི་ལོ་རྒྱུས་ལྟར་དྲུང་ཆེན་རིན་པོ་ཆེས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཞབས་འདྲེན་མཛད་པར་བརྟེན་ས་ཕག་གཉིས་ལུགས་མ་ལེགས་པའི་བདེ་གཟར་རྒྱུན་རིང་ཞིང་བརྡོས་དྲག་པ་བྱུང་བའི་ཚེ་བཞི་ཐོག་བླ་བྲང་ནས་མཐུ་སྟོབས་ཀྱི་དབང་ཕྱུག་མཁས་བཙུན་ནམ་མཁའ་ལེགས་པས་ཆོས་སྐྱོང་རྦད་བསྐུལ་མཛད་པའི་དུས་ཇོ་ནང་དུ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་སྦྱོར་དྲུག་བཅུགས་པའི་འཁྲིད་པ་ཞིག་རླུང་འགྲོ་འོང་གིས་སེམས་མི་གནས་པ་ལྟ་བུ་བྱུང་བས་འཆར་སྒོར་སྦུས་རུའི་དམག་དཔོན་ནི་མཁས་བཙུན་ལེགས་པ་ཡིན། གཡས་རུའི་དམག་དཔོན་ནི་མགོན་པོ་གུར་(༣༦ན)


GLG009_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་སོགས་སྨྲས་པ་ལྟར་སྣེའུ་སྡོང་རྩེ་ཕྱོགས་སུ་ཟ་ཁ་ཤིན་ཏུ་ཟུག་ཆེ། ཁྱད་པར་རྫོང་ཆུང་བ་སྔགས་འཆང་ཆེན་པོ་གཟུངས་ཀྱི་དཔལ་བས་མགོན་པོ་ཞལ་གྱི་གཏོར་ཆེན་གཙང་པོ་ལ་བསྐྱུར་བས་སྐྱོན་མེད་དུ་ཆུས་ཁྱེར་བ་གདན་ས་མཐིལ་གྱི་ཡས་ཟུར་དུ་འབར་ནས་ཉིན་མོ་དུད་པ་འཐུལ་བ་དང་མཚན་མོ་མེ་འབར་བའི་ཆོ་འཕྲུལ་སྣ་ཚོགས་བྱུང་བ་དོགས་པ་ཟོས་ཏེ་སྣེའུ་སྡོང་རྩེ་ནས་ལྟར་བཏང་བ་གཏོར་མ་དང་ཆུ་འགྲམ་ན་རྡོལ་ཞལ་བྲམ་གཟུགས་ཀྱི་སྐུ་རང་བྱོན་ཞིག་ཀྱང་འདུག་ཚུལ་བྱུང་བར་བརྟེན་མཐིལ་དུ་བསམ་ཐོངས་མགོན་ཁང་ཟེར་བ་བརྩིགས། གཏོར་མ་སྒམ་ནང་དུ་བཅུག་པ་དང་རྡོ་སྐུ་རྣམས་སྤྱན་དྲངས་རྩེ་མཐིལ་གཉིས་ཀར་ཆོས་སྐྱོང་དུ་བསྟེན་པས་ལྟས་ངན་གཡང་ཁུགས་ཀྱི་རྣམ་པས་མཐུ་བཟློག་སྟེ་ཕག་མོ་གྲུ་པའི་བསྟན་སྲིད་ཀྱང་ཡུན་རིང་དུ་གནས་ཤིང་དེང་སང་གི་བར་དུ་གདུང་བརྒྱུད་མི་ཆད་པ་འདི་བཞིན་བྱུང་། རྡོ་སྐུ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་གདན་དྲངས་ནས་དེང་སང་ཆོས་འཁོར་རྒྱལ་དུ་བཞུགས་ཏེ་རྡོ་སྐུ་མེ་འབར་མར་གྲགས། གཏོར་མ་འགར་བའི་ཡུལ་དེར་གཉན་ཆ་ཞེས་མིང་ཆགས། བསམ་ཐོངས་མགོན་ཁང་ཆོམས་རྡིབ་ལ་སོང་བ་གཉན་པའི་གྲགས་པས་ཞྭ་དམར་བའི་སྒར་ཁྲོད་ཀྱི་བླ་མ་དབུ་ཆེ་ང་ཡིན་བསམས་པ་གང་གིས་ཀྱང་འགྲོ་མ་ནུས་པར་རྗེ་འདི་ཉིད་འཁྱགས་པ་ཁའི་མེ་འབུད་ལྟ་བུར་རྫོང་བདའ་མཛད་པ་རིགས་འཛིན་ཆེན་པོ་ཡོལ་མོ་བས། སྣང་སྲིད་དང་ལྷ་འདྲེའི་ཆོ་འཕྲུལ་དེ་ཁྱོངས་ཤོག །ཡ་ང་དང་མེད་པའི་ཐོག་བརྫིས་ཤིག་བྱའོ། །ཞེས་པའི་དོན་ལྟར་རིག་སྔགས་འཆང་བའི་བརྟུལ་ཞུགས་འཇིགས་(༣༦བ)


GLG009_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སེང་གེ་ལྟ་བུའི་སྤྱོད་པས་ཕེབས་ཏེ་མགོན་ཁང་རྡོ་ཕུང་ལྟ་བུར་སོང་བ་འུ་ལག་རྣམས་ཀྱིས་ས་སེལ་རྡོ་སེལ་བྱས་པའི་ནང་ནས་སྤྱན་གཟིགས་འགངས་ཆེ་བ་གོ་མཚོན་རོལ་མོ་ནས་བཟུང་གཏོར་སྣོད་ཀྱི་རྫ་སླང་གིས་མཐའ་བརྟེན་པ་ཐམས་ཅད་ཆག་གྲུམ་མེད་པར་ཐོན་ཀྱང་ས་སྐྱའི་གཏོར་མ་སྒམ་བཅས་ཡེ་མ་རྙེད་པས་ལས་མི་རྣམས་ཟན་ལ་བཀྲམ། རྗེ་ཉིད་གཅིག་པུར་ཞལ་གྱི་གཏོར་བསྔོས་མཛད་པའི་མུས་ལ་སྐུ་མདུན་གྱི་ཉེ་ཕྱོགས་སུ་འཇའ་མདུང་ཚུགས་སུ་ཟུག་པའི་ཤུལ་དུ་བརྐོས་པས་རྟེན་སྒམ་རྙེད། མགོན་ཁང་ཕྱིའི་མཁར་ལས་དང་ནང་གི་རྟེན་དང་གཏོར་མ་སྤྱན་གཟིགས་མཆོད་པ་རྣམས་སྔར་ལྟར་བསྒྲིགས་རབ་གནས་མཛད་པས་བཀའ་གཉན་པའི་གྲགས་པ་དེང་སང་གི་བར་དུ་མ་ཉམས་པ་འདི་བཞིན་བྱུང་། གོང་དཀར་རྡོ་རྗེ་གདན་དུ་བཞུགས་སྐབས་ནུབ་ཅིག་འོད་གསལ་ལ་གསེར་དངུལ་ཉ་ཕྱིས་དུང་དང་། གཞན་ཡང་མིའི་དངོས་པོ་ལས་འདས་པ་མིང་བརྗོད་དཀའ་བའི་རིན་པོ་ཆེའི་སྣོད་དུ་མ་བཅུད་སྣ་ཚོགས་ཀྱིས་བཀང་བ་མི་མ་ཡིན་གྱིས་ཕུལ་ནས་བསྙེན་བཀུར་བའི་ཚུལ་བྱེད་པ་ནི་ལྷ་ཀླུ་གནོད་སྦྱིན་ལྗོན་པ་རྟ་མགོ་ཅན་གྱིས་མཚོན་པའི་མཐུ་བོ་ཆེ་རྣམས་ཀྱིས་ཀྱང་རྗེ་འདི་ཉིད་མགོན་སྐྱབས་དཔུང་གཉེན་དུ་བཟུང་བར་གདོན་མི་ཟའོ། །སྐྱིད་གཤོང་དུ་བཞུགས་དུས་མཉྫུ་མཉྫུ་ཡང་ཡང་གསུང་བར་ཅི་ཡིན་ནམ་ཞུས་པས་འདི་ཚོད་སྡུས་ཕེབས་པར་ནམ་གུང་ཡིན་ཅི་ཡང་བསྡུ་རྒྱུ་མེད་གསོལ་བར་ཡོད་ཅེས་ཡང་བསྐྱར་དུ་བཀའ་སྩལ་བས་མལ་ནས་ལངས་དྲུང་དུ་ཕྱིན་ཏེ་ཅི་ཡིན་ནམ་གང་ཡིན་ནམ་གང་ཡང་མི་མཐོང་འདུག་ཞུས་པ་ན་ད་མེད་སོང་གཞན་ངེད་ཀྱི་མདུན་འདིར་ཟ་མའི་རིགས་མེད་པའི་མཐའ་དང་བྲལ་བ་ཞིག་བྱུང་(༣༧ན)


GLG009_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ད་དེ་གས་ཡོང་འདུག་ཉོལ་ཤོག་གསུང་བ་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་ཕུལ་བའི་ཚོད་དུ་སྣང་། པོ་ཏ་ལར་ཕེབས་སྐབས་ཤིག་ལྗངས་ཀྱི་བཞུགས་མཚེར་དུ་དག་སྣང་ལ་སྒྲོལ་དཀར་མང་དུ་ཞལ་གཟིགས་ཤིང་རྟ་བརྡབ་འབྱུང་ཉེན་ཆེ་བས་སྒྲོལ་མ་ཐོན་ཞེས་པའི་ལུང་བསྟན་ལྟར་ནང་པར་ཆིབས་ཐོག་ཏུ་ཕེབས་འཕྲལ་སྐུ་སྐྱེ་ལ་བསྐུལ་ཞིག་ཅེས་བཀའ་གནང་ནས་དཔོན་སློབ་ཐམས་ཅད་ཀྱིས་ཕྱག་འཚལ་ཉེར་གཅིག་གསུང་བཞིན་པའི་ངང་ལ་སྙེ་ཐང་རྒྱ་གྲོང་དུ་མ་ཕེབས་ཙམ་ལ་གློ་བུར་དུ་ཆིབས་པ་འདྲོགས་ནས་ཉེན་ཅན་ལ་ཐུག་པ་དོན་དུ་སྐུ་རྡབ་མ་ཤོར་བ་སྒྲོལ་མའི་བྱིན་རླབས་དང་པོ་ཏ་ལ་ནས་སྣེའུ་སྡོང་རྩེར་ཆིབས་ཁ་སྒྱུར་རྒྱུའི་ནུབ་སྐུ་ཆས་དུ་མ་ཆུ་ལ་ཤོར་བའི་མཚན་ལམ་ཤར་བ་ནང་པར་ཞབས་འབྲིང་པ་རྣམས་ལ་འདི་བཞིན་བྱུང་བས་བཅའ་ག་གྱིས་གསུངས་པ་བ་མ་རིའི་ཟམ་པ་ནས་ཁལ་མ་ལྷུངས་ཏེ་སྐུ་འགན་སྦྱར་གྱིས་གཙོས་པའི་ན་བཟའ་སོགས་མང་རབ་ཅིག་ཆུས་སྤངས། པོ་ཏ་ལར་བཞུགས་སྐབས་ཤིག་ཁང་པ་ཆེན་པོ་འདི་ཡིན་མེད་པའི་སྦུག་ན་ཙེ་བེར་དང་སག་ཐེབ་གྱོན་པའི་བཙུན་པ་མི་བོངས་གསུམ་འགྱུར་ཙམ་པ་གཟི་བྱིན་ཅན་ཞིག་བསྡད་དེ་འདྲ་རུང་བས་སྒོའི་ཕྱི་རོལ་ཏུ་དོན་ནས་རྗེ་ཉིད་ཀྱི་ཕྱག་ཏུ་སྤྱི་སྒོས་ཀྱི་ལེགས་ཉེས་བླང་དོར་ཡོད་ཟེར་བའི་ཤོག་རིལ་ཆེན་མོ་ཕུལ་བ་ནང་པར་ལྗགས་ལུང་གི་སར་རྒྱལ་པོ་ལི་བྱིན་ཧ་ར་འདི་འཁོར་པོ་ཡོད་པས་ཡིན་ནམ་མདང་འདི་བཞིན་བྱུང་། སྐུ་རིམ་དགོས་ཚུལ་ཧ་ལམ་འདི་འདྲ་འདུག་ཕེབས་པ་ནས་ཇ་ཡུན་གཅིག་ཙམ་གྱི་ཚེ་གནས་ཆུང་ཆོས་རྒྱལ་སྐུ་ཐོག་བབས་ཀྱི་སར་མགྲོན་གཉེར་(༣༧བ)


GLG009_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་པས་ཕྱིན་པས་ཇི་ལྟར་གསུང་བ་དང་ཕྱོགས་མཐུན་པའི་ཤོག་རིལ་ཞིག་བསྐུར་བ་མཛད་འདུག །རིན་སྤུངས་སུ་སྐུ་རིམ་ཞིག་གི་སྐབས་གོང་ར་བའི་མཆོད་གཡོག་དེས་བསླབ་སྟོན་རྣམས་རས་སུ་བོར་ཞིང་རྩེ་སག་ལུས་ལ་བཅངས་ཏེ་མིག་ངན་ཁོ་ན་བལྟ་བ་དེ་ཉེར་དགུའི་ནུབ་ཁམས་སང་ལ་ཕྱིན་པ་ཚོམས་ཆེན་སྟེང་དུ་ལྷུངས་ནས་གནམ་གང་གི་ཉིན་ཚེའི་དུས་བྱས་ཟླ་བོ་རྣམས་ལ་ང་མི་ནག་པོ་ཞིག་དང་འཕྲད་པས་ལྷུངས་བྱུང་གླེངས་པ་སོགས་སྐུ་དགྲའི་རིས་ལ་ཆེད་དུ་མ་བསྐུལ་ཡང་མ་ནིང་ནག་པོས་ཡལ་བར་མི་འདོར་བས་མཚོན་ངོ་མཚར་བའི་ལོ་རྒྱུས་མང་པོ་ཡོད་ཚོད་དུ་འདུག་ཀྱང་སྦས་ཚུལ་ཧ་ཅང་ཐལ་བས་མང་བ་མ་འཚལ་ལོ། །སྒྲིབ་མུན་དག་རིག་ཉི་མའི་སྙིང་པོའི་ཁམས། །ཡེ་ཤེས་འོད་ཚོན་ལྔ་རྫོགས་འཇའ་རིས་ཅན། །ཆོས་ཉིད་ཟད་མཐར་ཁྱོལ་ཉེ་བི་མཱ་ལས། །སྔོན་ནས་མྱོང་ཟིན་དེ་ལ་མཚར་དུ་ཅི། །སྲས་བཅས་རྒྱལ་ཀུན་བྱིན་རླབས་དཀར་མོའི་འབྲུ། །རིག་རྩལ་བླ་མར་ངེས་པའི་ཡེ་མལ་དུ། །གནད་གསང་ཕབ་རྩིས་སྦྲན་པའི་དངོས་གྲུབ་ཆང་། །དངར་པོས་མྱོས་པའི་རྒྱང་གླུ་རྣ་བའི་གསོས། །ཀ་དག་ཐུགས་ཀྱི་བགྲང་ཡས་རྫིང་བུའི་ནང་། །ཞི་ཁྲོའི་བསིལ་སྦྱིན་མཁན་ཤར་བྱིས་པ་རྣམས། །མཚར་འཛིན་ངེས་པར་མཚན་དཔེའི་རི་དྭགས་གཟུགས། །གསལ་ཟླ་འོག་མིན་མཁར་བགྲོད་སུ་ཞིག་བསྙོན། །གཏུམ་ཆེན་དྲག་པོའི་གར་ལ་བཞེངས་པའི་ཞལ། །གདངས་ལས་སྔགས་འཕྲེང་ཞུན་མར་རབ་ཁོལ་བ། །རྡོ་རྗེའི་ཚ་ཚ་འཕྲོས་པའི་དཔལ་གྱི་རྩེར། །ཡིད་སྲུབས་སྦུར་མ་ཚུགས་པའི་གོ་སྐབས་ཅི། །མི་བཟད་འཁོར་དོང་ཡོངས་སྤྲུགས་སྙིང་པོའི་གཟུངས། །སྡིག་(༣༨ན)


GLG009_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་དེས་བསྐྱེད་ནད་གདོན་དུག་སེལ་སྨན། །འགྲོ་མངས་ཟུག་རྔུའི་ཚེར་དབྱུང་ཆ་བྱད་ཀྱི། །ཆུ་ལྷའི་བུ་ཡི་ཁེངས་པ་ཐུང་ངུར་བྱེད། །བཞི་པ་གྲངས་མེད་པའི་སློབ་མར་ཆོས་འཁོར་རྒྱ་ཆེར་བསྐོར་བ་ནི་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་ཆེན་པོ་གནས་གསར་བ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་གཏེར་ཁ་འོག་མའི་བླ་མ་ཡོངས་རྫོགས། རྫོགས་ཆེན་ཚེ་སྒྲུབ། བཀའ་བརྒྱད་གསང་རྫོགས། རྟ་ནག་ལྕགས་རལ་ཅན། ཐུགས་སྒྲུབ་དྲེགས་པ་ཚར་གཅོད། གཏུམ་པོ་སེང་གེ་སྒྲ་སྒྲོག ཉང་གི་མཁའ་འགྲོ་གསང་རྫོགས། བླ་མ་དམར་འཁྲིད། རྟ་མགྲིན་ནག་ཆུང་། རཏྣ་གླིང་པའི་ཐུགས་སྒྲུབ་ཡང་སྙིང་འདུས་པ། དྲག་དམར་མེའི་འཁོར་ལོ། སྣང་རྩེ་བའི་རྟ་ནག་རྣམས་ཀྱི་དབང་ལུང་ཡོངས་རྫོགས། རྟ་མགྲིན་དབུ་དགུ་ཕྱག་བཅོ་བརྒྱད་པ། འཆར་ཀ་གནམ་སྐས་མ། གྲ་པའི་ཛམ་དམར། ཕ་དམ་པའི་འཇམ་དབྱངས་ཆོས་སྐོར། གདུགས་དཀར་བཅུ་བདུན་མའི་དབང་། སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པའི་རྗེས་གནང་། དུང་མཚོ་རས་པའི་གཏོར་མའི་རྫོགས་ཆེན་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་མའི་འཁྲིད། འདུས་པ་མདོ་དབང་ཆེན་མོ་ལ་ཐོག་མར་སྔོན་དུ་འགྲོ་བའི་དབང་སྒོ་འབྱེད་ཕྱག་རྡོར་ཞེས་པ་རྩིབས་ཀྱི་ལྷ་ལ་སྱཱ་མ་ལ་སོགས་པ་བཞི། གྲ་བཞིར་བདུག་སྤོས་མ་ལ་སོགས་པ་མཆོད་ལྷ་བཞི། སྒོ་བཞིར་ལྕགས་ཀྱུ་མ་སོགས་ཏེ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་བདུད་རྩི། བུམ་པ། འཕྲེང་བ། ཅོད་པན། མེ་ལོང་། འཁོར་ལོ་(༣༨ན)


GLG009_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དུང་། རྒྱ་གྲམ། སྣ་ལྔའི་ཐུར་མ། སྣ་བདུན་འཁོར་ལོ། རལ་གྲི། མདའ་གཞུ། སེང་གེ །ཉི་ཟླ། མཐའ་རྒྱས་བཀྲ་ཤིས་རྟགས་བརྒྱད་ཀྱི་དབང་དང་བཅས་ཏེ་དབང་རིམ་ཆེན་མོ་ཡོངས་སུ་རྫོགས་པ། ལྷ་མིའི་ཐེག་པ་ནས་བརྩམས་ཏེ་ཉན་ཐོས་རང་རྒྱལ་སོགས་དང་བྱང་ཆུབ་སེམས་དཔའི་ཐེག་པ། ཀྲྀ་ཡ། ཨུ་པ། ཡོ་ག །མ་ཧཱ་ཡོ་ག །ཨ་ནུ་ཡོ་ག་ལ་དཀྱིལ་འཁོར་སྒོ་སྦྲགས་བཅུ་གཅིག་ཡོད་པའི་ནང་མ་ནས་རིམ་བཞིན་ཞི་བ། ཁྲོ་བོ། སྤོར་བརྒྱད། དབང་ཕྱུག་ཉེར་བརྒྱད་མཁའ་འགྲོ་སུམ་ཅུ་རྩ་གཉིས། མ་བདུན། སྲིང་བཞི། གསང་བའི་ཡུམ་བཞི། གིང་ཆེན་བརྒྱད། ཁྲོ་ཚོགས་བཅུ་དྲུག །ཕོ་ཉ་སུམ་བརྒྱ་དྲུག་ཅུ། མ་མོ་དྲུག་ཅུ། རིགས་འཛིན་རྩལ་འཆང་། སྒྲུབ་པ་བཀའ་བརྒྱད། རྒྱ་བོད་ཀྱི་རིགས་འཛིན་བརྒྱ་རྩ་བརྒྱད་དང་བཅས་པའི་དབང་ཡོངས་སུ་རྫོགས་པ། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་ཕྱི་མཚོན་བྱེད་རྡུལ་ཚོན་ལ་དོན་བཅོ་བརྒྱད་དམ་ནང་སློབ་དཔོན་གྱི་ལུས་དཀྱིལ་ལ་བརྟེན་ནས་མན་ངག་བྱང་ཆུབ་ཀྱི་སེམས་རིག་པའི་རྩལ་དབང་བཅོ་བརྒྱད་ཀྱི་ངོ་སྤྲོད། རྫོགས་ཆེན་སེམས་སྡེ་ཉེར་གཅིག་དང་སེམས་མང་བཅོ་བརྒྱད་ཀྱི་ངོ་སྤྲོད་རྫོགས་པ། གཞན་ཡང་དངོས་གྲུབ་ཆེ་མཆོག་རྡོ་རྗེའི་ཚེ་དབང་། རིགས་འཛིན་བརྒྱུད་པ་བླ་མའི་དབང་ཕྱག་ལེན་ལུང་བཅས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ལྷ་བཙུན་ལེགས་ལྡན་རྡོ་རྗེའི་ཕྱག་ལེན་འཁྲུལ་བ་མེད་པ། བསྟན་པ་རིན་པོ་ཆེའི་རྩ་ལག་དམ་པར་གྱུར་པ་བརྒྱད་སྟོང་པ་མ་གཏོགས་པའི་ཤེར་ཕྱོགས་ཡོངས་རྫོགས། དཀོན་ཅོག་བརྩེགས་པ། སངས་རྒྱས་ཕལ་པོ་ཆེ། མདོ་སྡེ་སྣ་ཚོགས་(༣༩ན)


GLG009_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ་ཁྱོན་བསྡོམས་བཀའ་འགྱུར་རོ་ཅོག་ནས་གླེགས་བམ་བདུན་ཅུ་སྐོར་གྱིས་ཐོག་དྲངས་མདོ་སྔགས་ཀྱི་ཆོས་གྲངས་མེད་པ་འབུལ་བ་གནང་། ཇ་གོས་དར་གྱི་ཆོས་ཡོན་ཀྱང་སྔ་ཕྱིར་མཎྜལ་གྱི་ཚུལ་དུ་བཏེག །ཐུབ་བསྟན་རྡོ་རྗེ་བྲག་ཏུ་རིགས་འཛིན་སྤྲུལ་པའི་སྐུ་མཆོག་དཔོན་སློབ་རགས་བསྡུས་ལ་འདུས་པ་མདོ་དབང་གི་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་ལ་ཚུགས་ནས་སྐུ་ཆས་ཞུགས་ཀྱི་རྡོ་རྗེའི་འགྲོས་སོགས་སྤྲོས་པ་ཤིན་ཏུ་ཆེ་བའི་སྒོ་ནས་དབང་ཡོངས་རྫོགས་ལུང་ཕྱག་བཞེས། བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་སྒྲུབ་ཆེན་བདུད་རྩི་སྨན་སྒྲུབ་དང་འབྲེལ་བ་ཤིན་ཏུ་རྒྱས་པ། ཨེ་ཝཾ་ལྕོག་སྒར་བ་ཡོངས་རྫོགས་དང་བཅས་པར་བླ་མ་གསང་འདུས་ཀྱི་དབང་ལུང་། བཀའ་བརྒྱད་དང་ཁྲོས་ནག་གི་ཆོས་སྐོར་གྱི་ལུང་རྣམས་ཕུལ། ཕོ་བྲང་ཆེན་པོ་སྣེའུ་སྡོང་རྩེར་ལྷ་གཟིགས་ཕག་མོ་གྲུ་པ་བློ་བཟང་མཁྱེན་བརྩེའི་དབང་ཕྱུག་ནོར་འཛིན་ཆོས་ཀྱི་རྒྱལ་པོ་ངག་གི་ལྷ་ཡབ་ཡུམ་སྲས་བཅས་ལ་གཏེར་ཁ་འོག་མའི་བླ་རྫོགས་ཐུགས་གསུམ། རྫོང་ཆེན་ཚེ་དབང་། བཀའ་བརྒྱད་གསང་རྫོགས་སྒྲུབ་ཆེན་དང་འབྲེལ་བ། ཕུར་པ་སྤུ་གྲི། མཐིལ་ལུགས་ཕྱག་བཞི་པའི་བུམ་དབང་བཅུ་བཞི་པ། ཞིང་སྐྱོང་། མ་ནིང་། ཞང་བློན། ཚེ་རིང་མ། རྣམ་སྲས་གསེར་ཆེན། དུར་ཁྲོད་བདག་པོས་མཚོན་པའི་རྩེ་ལུགས་སྐོར་གྱི་དབང་ལུང་མང་བ། གཞན་ཡང་གཡུ་ཐོག་སྙིང་ཏིག །སྨན་བླའི་རྗེས་གནང་། སྒྲོལ་དཀར་སོགས་དགོངས་པ་དང་བསྟུན་པའི་ཆོས་བཀའ་མང་དུ་འབུལ་བ་མཛད། ཞལ་ངོ་རྣམས་ལ་བརྟན་བཞུགས་འབུལ་བ་གནང་(༣༩བ)


GLG009_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་དྲུང་ཆེན་རིན་པོ་ཆེ་ཏའི་སི་ཏུའི་བཀའ་ཆེམས་སུ་ང་ངེད་རང་གིས་ཆུན་པས་ནང་སྐོར་རྣམས་ཆུན། ནང་འཁོར་ཆུན་པས་ཕྱི་འཁོར་ཆུན། ཕྱི་འཁོར་ཆུན་པས་འབངས་འཁོར་མཐའ་དག་ཆུན་པ་ཡིན་རུང་བར་སྐབས་སུ་བདག་མོ་སྔོན་མས་བཀའ་དྲིན་མ་བསྐྱངས་པའི་སྡོད་པ་དེ་རྒྱུ་མ་བྱུང་ཡང་། སྡེ་སྲིད་དགའ་ལྡན་ཕོ་བྲང་པས་ཐོ་ཡོར་ལ་མི་གཟུགས་བཟོ་བ་གནང་། ད་ལམ་སྣེའུ་སྡོང་གོང་མ་ཆེན་པོའི་ཏི་ཤྲཱིར་བཀུར་བའི་ཐུགས་རྗེས་བཟུང་ཚུལ་སོགས་རྒྱུ་མཚན་ཞིབ་རྒྱས་འབུལ་བ་མཛད། དབང་གྲོལ་བའི་དགའ་སྟོན་ལ་བཞུགས་ཁྲི་དཔངས་བསྟོད་ཚོགས་འཁོར་རྒྱ་ཆེ་བའི་ཐོག་གོས་དར་ན་བཟའ་ཆིབས་ཀྱིས་གཙོས་པའི་ཡོན་རྒྱ་ཆེར་ཕུལ། དཔལ་རི་སྤྲུལ་པའི་སྐུ་ངག་དབང་པདྨ་འཕྲིན་ལས་ལ་བླ་མ་གསང་འདུས་ཀྱི་དབང་ལུང་སོགས་ཆོས་བཀའ་ཁ་ཡར་སྩལ། གོང་དཀར་དཀོན་གཉེར་དཔོན་རིན་པོ་ཆེ་དགེ་སྟེང་པར་བཀའ་བརྒྱད་ཡོངས་རྫོགས་ཀྱི་མགྱོགས་དབང་བུམ་པའི་རྒྱ་ཅན་དང་དཔལ་མགོན་མ་ནིང་གི་སྲོག་དབང་གནང་ཞིང་ཚེས་བཅུའི་གར་འཆམས་ཀྱི་ཕྱག་ལེན་ཡང་སྩལ། དཔོན་སློབ་གཉིས་ཐུགས་ཡིད་གཅིག་འདྲེས་ལྟ་བུའི་རྗེ་ཉིད་ནས་རྩེ་ལུགས་ཀྱི་ཆོ་ག་ཕྱག་ལེན་དཔོན་སློབ་དགེ་སྟེང་པ་ལས་ལྷག་པ་མེད་ཚུལ་དང་དགེ་སྟེང་ནས་ཀྱིས་ཀྱང་རྗེ་ཁྲ་ཚང་པ་སྐུ་བཙུན་པ་དང་གསན་རྒྱ་ཆེ་བའི་དཔེར་འཛིན་པར་སྣང་། རྟ་ནག་སྒྲོལ་(༤༠ན)


GLG009_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྦུག་པའི་གདུང་བརྒྱུད་བགྲེས་པ་གུ་གེ་ཆུ་རོངས་པ་མངའ་རིས་འོད་གསལ་མཆོག་གི་སྤྲུལ་སྐུ། ཆོས་དབང་གདུང་བརྒྱུད་ཉང་སྟོད་ཁ་མོ་བས་གཙོས་པའི་ཆོས་ཞུ་བ་དྲུག་ཅུ་སྐོར་ལ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་སྒྲུབ་ཆེན་སྨན་སྒྲུབ་དང་འབྲེལ་བའི་དབང་རྒྱས་པར་བཙུགས་པའི་གྲོལ་དབང་གི་ཉིན་ཁྲོམ་པ་སྟོང་ཕྲག་བརྒལ་བ་བྱུང་། གཞན་ཡང་བཀའ་བརྒྱད་བདེ་འདུས། བླ་མ་གསང་འདུས། རྗེ་ཉིད་ཀྱི་ཐུགས་རྩོམ་མའི་བཀའ་བརྒྱད་ཀྱི་སྦྱིན་སྲེག་རབ་གནས་ཁྲོ་རོལ་ཆོག་སྒྲིགས་རྣམས་ཀྱི་ལུང་སྩལ། སེ་སྟོན་ཆེན་པོ་བཀྲ་བཟང་པ་ཐུགས་མཆོག་འོད་འབར། གདུང་བརྒྱུད་ཁ་མོ་བ། འབྲིང་མཚམས་ཕྱོགས་ཀྱི་སྔགས་པ་སོགས་དོན་གཉེར་ཅན་དྲུག་ཅུ་སྐོར་ལ་དང་པོ་ས་ཆོག་ནས་བརྩམས་ཏེ་སྔོན་འགྲོ་ལས་རིམ་བཅུ་གཅིག་པ་ས་ལྷ་རྣམས་སྟ་གོན་ལ་གནས་པར་གསོལ་བ་གདབ། དངོས་གཞི། རྒྱལ་ཆེན་མཐོ་འཛུགས། དམ་སྲི་མནན་པ། སྒོ་བྱང་། མ་ཏྲཾ་བསྒྲལ་བ། རྫས་བསག་པ། ཕྱག་ཕྱག་ཐིག་གདབ། ཚོན་བྱིན་རླབས། དཀྱིལ་འཁོར་བྲི་བ། རྒྱན་འགོད། བསྲེ་མནན། ཆས་འབུལ། མངའ་གསོལ། སྨན་སྒྲུབ་ཀྱི་ཁྲོལ་བུའི་སྒྲུབ་པ། བཏགས་བཙགས་གོང་བུའི་སྒྲུབ་པ། ཉེར་དགུ་པ་བསྙེན་སྒྲུབ་ཚར་ནས་དབང་བསྐུར་བར་ཕྱིའི་དབང་རིམ་བརྒྱད་ལ་ཅོད་པན། བུམ་པ་རྣམས། ནང་གི་དབང་རིམ་དགུ་ལ་རིགས་ལྔ་ནས་རབ་གནས་མངའ་གསོལ་བར་རྫོགས་པ་དྲག་པོ་སྒྲོལ་དབང་། དྲེགས་པའི་སྲོག་དབང་བཀའ་གཉན་པའི་གཤིས་བླ་མ་ལྔ་པོར་སྩལ། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་(༤༠བ)


GLG009_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཚེ་བླ་མ་རྣམས་ཁྲི་སྟན་མཐོན་པོའི་སྟེང་དུ་བཀོད། གདུགས་རྒྱལ་མཚན་བསྒྲེངས་རྡོར་དྲིལ་གཏད་དེ་ནུས་དབང་བརྒྱད་ཐུན་མོང་གི་དབང་ལྔ། གསང་དབང་། ལྟ་བ་སྤྱི་འབྱམས། དངོས་གྲུབ་ལེན་ཆོག །གཏོར་ཟོར། མར་མེ་སྨོན་ལམ། སྲུང་འཁོར་བསྡུ་བ། བདག་བསྲུང་གི་བར་ཤིན་ཏུ་སྤྲོས་པ་ཆེ་བ་མཛད། བཀའ་བརྒྱད་གསང་རྫོགས་པོ་ཏི་གཉིས། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ། མ་ནིང་རྒྱུད་སོགས་རྣམ་གྲངས་ཤིན་ཏུ་མང་བའི་ཆོས་འཁོར་བསྐོར། སྤང་སྟོན་དབོན་པོ་ཟུར་ཆེན་ངག་དབང་ཕུན་ཚོགས་ལ་བླ་མ་གསང་འདུས། སངས་རྒྱས་མཉམ་སྦྱོར། གཏེར་མགོན་ཕྱག་བཞི་པ་རྣམས་ཀྱི་དབང་ལུང་། ཐང་ལྷའི་སྲོག་གཏད་ཀྱིས་མཚོན་པའི་བཞེད་ཆོས་དུ་མ་སྩལ། གོང་ར་ལོ་ཙཱ་བར་བླ་མ་གསང་འདུས་ཀྱི་སྐོར་གནང་། ལེགས་ལྡན་ནག་པོས་ཉེ་བར་སྤྲུལ་པ་དཔའ་དར་མཛངས་གསུམ་འཛོམ་པ་མ་སངས་ཀྱི་རིགས་བརྒྱུད་སྡེ་སྲིད་སྣ་དཀར་རྩེ་པ་ཟིལ་གནོན་དབང་རྒྱལ་རྡོ་རྗེ་སྣང་ཐིག་གོས་སྔོན་ནོར་བུའི་རྣ་རྒྱན་གྱི་ཁུར་རིང་དུ་དོར་ཏེ་གོས་དཀར་རིག་སྔགས་འཆང་བའི་བཞུགས་གྲལ་དོག་པོར་ཕེབས་པའི་ཡོངས་འཛིན་དུ་འགྲོག་སྣ་དཀར་རྩེའི་རྫོང་དུ་གདན་དྲངས་པ་དང་སླར་རོང་རི་ལུང་སྦུག་ཏུ་མིའི་དབང་པོས་ཞབས་པད་ཚུར་བསྐྱོད་ཀྱི་དུས་སྔ་ཕྱི་བསྡོམས་པར་བླ་མ་གསང་འདུས། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ། འཇམ་དཔལ་ནཱ་ག་རཀྴ་གསུམ་གྱི་དབང་ལུང་། རྣམ་ཐར་ཟངས་གླིང་མ། ཀུ་རུ་དམར་འཁྲིད། ཐུགས་རྗེ་ཆེན་པོ་འགྲོ་འདུལ་ཡིད་བཞིན་ནོར་བུ། བདེ་འདུས་རྒྱུད་ལུང་ཉི་ཤུ་རྣམས་ཀྱི་ལྗགས་ལུང་འབུལ་བ་གནང་། ཡར་(༤༡ན)


GLG009_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

སྟོད་ཀརྨ་ལྷ་ཁང་གི་སྤྲུལ་སྐུ་ཀརྨ་ནོར་བུ་དང་གདུང་བརྒྱུད་སོགས་ལ་བཀའ་བརྒྱད་སྨན་སྒྲུབ་དང་འབྲེལ་བའི་དབང་གིས་གཙོས་གཏེར་ཁ་འོག་མའི་ཆོས་བཀའ་ཕལ་ཆེར་བསྟན་རྒྱུན་ལ་དགོངས་ཏེ་འབད་པ་ཆེན་པོས་སྩལ། དྷཱིཿཚ་རིན་པོ་ཆེ་འཇིག་རྟེན་དབང་ཕྱུག་གི་སྐུ་སྐྱེ་ལ་རྫོང་ཆེན་ཚེ་དབང་གནང་། ཡར་འབྲོག་པདྨ་གླིང་པར་བླ་མ་གསང་འདུས། རྫོགས་ཆེན་སངས་རྒྱས་མཉམ་སྦྱོར། བཀའ་བརྒྱད་གསང་རྫོགས། འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་དབང་མཛད། ལྷོ་གཤོག་བྱང་རིང་ཚལ་དཀར་བར་བླ་མ་གསང་འདུས། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ། རྫོང་ཆེན་ཚེ་སྒྲུབ་ཀྱིས་གཙོས་པའི་གཏེར་ཁ་འོག་མའི་ཟབ་ཆོས་ཅི་རིགས་གནང་། ཤམྦྷར་བླ་མ་སྣང་དཀར་བར་བླ་མ་གསང་འདུས་དང་ཚེ་བདག་གི་སྐོར་སྩལ། ཨེ་དམར་བླ་མ་ལྷོ་སྟོད་པ་ཀརྨ་བསྟན་སྲུང་ལ་ཚེ་དབང་དང་སྒྲོལ་དཀར་གྱི་རྗེས་གནང་མཛད།མངོན་དགའ་རབ་འབྱམས་ཆོས་རྗེ་རིན་ཆེན་རྒྱ་མཚོ་ལ་སྨན་རྒྱལ་ཡོན་ཏན་མགོན་པོའི་ཐུགས་བཅུད་གཡུ་ཐོག་སྙིང་ཏིག་གི་དབང་ལུང་རྫོགས་པ་ཐུགས་བཞེད་དང་སྦྱར། ཞལ་སྔ་ནས་བྲག་སྣ་བ་ཤེས་རབ་རྒྱལ་མཚན་ལ་གཏེར་ཁ་འོག་མའི་དབང་ཆོས་འགའ་ཞིག་དང་། དགའ་ལྡན་གསང་སྔགས་གླིང་གི་གྲ་ཚང་ལ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་དབང་གིས་ཐོག་དྲངས་ཉེར་མཁོའི་ཆོས་སྐོར་ཁ་ཡར་འབུལ་བ་མཛད། ལ་སྟོད་ཤྲཱི་ལོ་སྤང་པ་བླ་མ་སངས་རྡོར་བ་བརྒྱུད་བཅས་ཀྱི་ཕ་ཆོས་གོག་པོ་འདོར་དུ་འཇུག་པ་དང་དགོན་གནས་འཕྲོག་ཏུ་ཉེ་བའི་མྱ་ངམ་གྱི་ཐང་ལས་ཕྱིར་ཐོན་པའི་ཚེ་ཆེད་དུ་གསོལ་བ་བཏབ་པ་བཞིན་བླ་མ་གསང་འདུས་(༤༡བ)


GLG009_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་དབང་ལུང་གིས་ཡིད་ཀྱི་གདུང་བ་རབ་ཏུ་གསལ། ཡངས་པའི་གསང་སྔགས་གླིང་གི་གདུང་བརྒྱུད་ལ་རྫོགས་ཆེན་སངས་རྒྱས་མཉམ་སྦྱོར་དང་བཀའ་བརྒྱད་རྫོགས་སྐོར་སྩལ། ཉང་སྟོད་ནས་གནུབས་ཀྱི་གདུང་བརྒྱུད་བླ་མ་བགྲང་པ་ལ་འཇམ་དཔལ་གཤིན་རྗེ་ཚེ་བདག་དང་གཏེར་ཁ་འོག་མའི་དབང་ཆོས་ཁ་ཡར་གནང་། བྱམས་ཆེན་མཁན་པོ་ཉང་པོ་ང་ཕོད་ཆོས་རྗེར་བླ་མའི་སྒྲུབ་སྐོར་འགའ་ཞིག །རྫོང་ཆེན་ཚེ་དབང་། སྒྲོལ་མའི་རྗེས་གནང་སོགས་ཐུགས་བཞེད་དང་སྦྱར། གྲ་ཕུ་དགོན་སྦུག་པར་གཏེར་ཁ་འོག་མའི་བླ་རྫོགས་ཐུགས་གསུམ་གྱི་སྐོར་གནང་། སྐྱེད་ཚལ་མཁན་པོར་རྒྱལ་པོ་སྐུ་ལྔའི་སྲོག་དབང་ཕུལ། གོང་ར་ངེས་གསང་རྡོ་རྗེ་གླིང་པར་བླ་མ་གསང་འདུས། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ། བཀའ་བརྒྱད་གསང་རྫོགས་ཀྱི་དབང་ལུང་། རྫོགས་ཆེན་སངས་རྒྱས་མཉམ་སྦྱོར་གྱི་འཁྲིད་ལ་རྒྱུ་འབྲས་ཆོས་བཤད་ནས་བརྩམས་ནས་སྐྱབས་སེམས་རྡོར་སེམས་སྒོམ་བཟླས། མཎྜལ། བདག་བྱིན་རླབས། བླ་མའི་རྣལ་འབྱོར། བླ་མ་སྤྲུལ་སྐུ་བསྙེན་པ། ལོངས་སྐུར་སྒྲུབ་པ། ཆོས་སྐུར་ལས་ལ་སྦྱོར་བ། འཁོར་འདས་རུ་ཤན་དབྱེ་བ། ལུས་ངག་ཡིད་གསུམ་རུ་ཤན་དབྱེ་སྟེ་གཏན་ལ་ཕབ། དེ་ནས་ངོ་སྤྲོད་རྩལ་སྦྱོང་གདམས་གཏད་བར་ལེགས་པར་གནང་གདམས་གཏད་འདི་བླ་མའི་སྐུ་ཚེར་གཟན་ཟེར་པ་ཡིན་ཀྱང་ངེད་ཀྱི་བུའི་ཚབ་གྲ་ཚང་ཡིན་པས་ང་ནི་རྒས་ནས་གཡེང་བ་ཆེར་གཏོང་དགོས་པ་ཞིག་བྱུང་། ང་ཁྱེད་རྣམས་ཀྱི་ཧུར་ཐག་ཐོང་རང་གཞན་ཐམས་ཅད་ལ་མགོ་མི་སྐོར་བའི་ཁྱད་པར་ཡོད་པས་མཉམ་གཞག་ཁོ་ན་ལ་རྩོལ་འདོན་དགོས་པའི་བསླབ་སྟོན་(༤༢ན)


GLG009_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གནང་། ས་ཕག་གད་སྒོ་ཞང་ཚན་གྱིས་བདེ་གཟར་བསླང་བའི་འཕྲོ་མ་ཆོད་ཅིང་སྡེ་པ་ནོར་བུ་དང་གོང་རའི་གྲ་རྙིང་རྣམས་འདྲིས་ཟབ་པས་བཞུགས་མ་ནུས་པར་པོ་ཏ་ལར་ཕེབས་ལྕགས་བྱིའི་ལོ་གསར་གྱི་བཞུགས་གྲལ་ལ་བསྟན་པ་སྤྱི་བྱེ་བྲག་ལས་བརྩམས་བའི་འཕྲོས་གཏམ་ཟབ་ཅིང་རྒྱ་ཆེ་བ་བློ་ལྡན་རྣམས་ཀྱི་ཡིད་དབང་འཕྲོག་པ་དང་དབྱར་གྱི་རིང་གཏེར་ཁ་གོང་འོག་གི་དཔེ་ཆ་མང་པོར་ཞུ་དག་གོང་འོག་སྒྲིག་པ་འདི་ལོའི་སྟོན་ངེད་རང་གི་ཆོས་འབྲེལ་ཞུས་པ་ནས་བཟུང་ལྕགས་གླང་ནས་མེ་རྟའི་བར་ལོ་ལོ་བཞིན་ཕོ་བྲང་ཆེན་པོ་པོ་ཏ་ལར་གདན་དྲངས་པའི་འདུས་པ་མདོ་དབང་ཆེན་མོ། ཞི་ཁྲོ་སྒྱུ་འཕྲུལ་ཚེ་དབང་དང་བཅས་པ། དོང་སྦྲུག །མདོ་མགོན་ལེགས་ལྡན་གྱི་དབང་ལུང་། སྙན་བརྒྱུད་རྡོ་རྗེའི་ཟམ་པས་གཙོས་པའི་རྙིང་མ་བཀའ་མའི་སྐོར་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་སྒྲུབ་དབང་ཆེན་མོ། བླ་རྫོགས་ཐུགས་གསུམ། ནཱ་ག་རཀྴ །སྔགས་རྒོད་ལོག་ཏྲི། རྟ་མགྲིན་དབུ་དགུ །རྟ་ནག་ཡང་ཆུང་། དཔལ་མགོན་མ་ནིང་སོགས་ཆོས་དབང་གི་ཟབ་གཏེར་ཕལ་མོ་ཆེ། ཁྱད་པར་སངས་རྒྱས་མཉམ་སྦྱོར་དང་བླ་མ་གསང་འདུས་ཀྱི་ཉམས་འཁྲིད་ཞུས་པས་ཟུར་ཐམས་ཅད་མཁྱེན་པའི་དྲུང་དུ་རྫོགས་ཆེན་མང་དུ་ཐོབ་པའི་མེ་འབར་བའི་སྟེང་ཤིང་བསྣན་པ་ལྟར་ཉམས་ལེན་གྱི་བོགས་ཆེས་ཆེར་ཐོན་གཏེར་ཁ་གོང་མའི་བླ་མ་དམར་འཁྲིད། ཐུགས་རྗེ་ཆེན་པོ་འགྲོ་འདུལ་ཡིད་བཞིན་ནོར་བུ། ཁྲོས་ནག །མཁའ་འགྲོ་གསང་རྫོགས། ལོག་ཏྲི། གཏེར་སྟོན་གདུང་བརྒྱུད་དང་བཅས་པའི་རྣམ་ཐར། ཁྲོ་བོ་རོལ་པའི་སྐོར་གྱི་ལུང་ཕྱག་བཞེས་(༤༢བ)


GLG009_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དམར་འཁྲིད། མགོན་པོ་སྲོག་འཁོར་དང་ལྷ་མོ་པ་ཏྲ་ཀུན་བཟང་། རྒྱལ་པོ་བཀའ་འབུམ། ཟབ་པ་པོད་བཞི། འབྲི་གུང་ནས་བརྒྱུད་པའི་ཚེ་བདག་ལྕགས་སྡིག །འཇམ་དཔལ་མེའི་སྤུ་གྲི་སོགས་གནུབས་ཀྱི་དྲག་སྔགས་ཟབ་ཆོས་མཐའ་ཡས། རྡོ་རྗེ་གླིང་པའི་གུར་དྲག །རིན་ཅེན་གླིང་པའི་ཆིག་ཆོད་ཀུན་གྲོལ། བྱང་གཏེར་ཕུར་པ་ལུགས་གཉིས་ཀྱི་དབང་། བསྟན་སྲུང་ཡོངས་རྫོགས། རཏྣ་གླིང་པའི་དྲག་དམར། དགོངས་པ་ཡང་ཟབ། གྲོལ་ཐིག་གིས་གཙོས་གཏེར་ཁ་སྣ་ཚོགས་པའི་དབང་ལུང་མན་ངག །སྔགས་གསར་མའི་རྒྱུད་འབུམ་སྔར་ཐོབ་པའི་པོ་ཏི་འགའ་ཞིག་མ་གཏོགས་བཀའ་འགྱུར་ཡོངས་རྫོགས། རྙིང་མ་རྒྱུད་འབུམ་ནས་པོ་ཏི་ཁ་ཡར་གྱིས་མཚོན་དམ་པའི་ཆོས་ཀྱི་བཀའ་དྲིན་ཟླ་མེད་པ་ཞུས་ཤིང་ངེས་གསང་རྡོ་རྗེ་གླིང་པའི་གྲ་ཚང་ཚུགས་པའི་མཆོད་ཐེབས་རོང་དང་གོང་དཀར་ཕྱོགས་ནས་རྒྱ་མི་ཆུང་ཙམ། ཆུ་བོ་རིའི་ཚེ་ཆུ་སྒྲུབ་སྡེ་བཅས་པ་སྦྱོར་འཇགས། གོས་དར་གསེར་དངུལ་སོགས་ཆོས་ཡོན་གྱི་མཎྜལ་གང་རྒྱས་ཀྱི་ལུགས་སུ་ཕུལ་བ་སྔར་ལོ་པཎ་རྣམས་ཀྱིས་ཆོས་ཕྱིར་སྲོག་ཀྱང་འདོར་བར་ནུས་བའི་དཀའ་སྤྱད་དང་། འབྲོག་མི་ལོ་ཙཱ་བ་དང་ཁྱུང་པོ་དུ་གུ་བས་གསེར་སྲང་ལྔ་བརྒྱ་དུས་གཅིག་ལ་ཕུལ་བའི་ལོ་རྒྱུས་ལྟ་བུར་དཔགས་ན་དེ་འདྲས་གར་ཡང་མི་ཕྱིན་མོད། དེང་སང་ཁ་རྐྱང་ལག་སྟོང་མཁན་གྱི་ཆོས་ཞུ་བ་ཚོར་བསམས་ན་ངོ་མི་གནོང་ངམ་སྙམ། རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་ཚོགས་ལ་བླ་མ་གསང་འདུས་དང་བཀའ་བརྒྱད་ཀྱི་མགྱོགས་དབང་བུམ་པའི་རྒྱ་ཅན་མཛད། གཞན་ཡང་ཆོས་གང་གནང་ཞིབ་ཏུ་མ་འཚལ་བའི་ཞལ་སློབ་(༤༣ན)


GLG009_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཞ་ལུ་མཁན་རིན་པོ་ཆེ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ། སྒམ་པོ་སྤྲུལ་སྐུ། དྷཱིཿཚ་སྤྲུལ་སྐུ། ཆོས་རྒྱལ་འགྲོ་འདུལ་གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ། འབྲས་ཡུལ་སྐྱེད་ཚལ་མཁན་པོ་བྱམས་པ་ངག་དབང་བསྟན་འཛིན། མངའ་བདག་རྨ་བོ་ལྕོག་བསྟན་འཛིན་ཆོས་དབང་། གནས་གཞི་ཆོས་རྗེ་བློ་བཟང་པདྨ་ཚེ་དབང་། མངའ་རིས་བླ་ཆེན་སྔགས་འཆང་དཀོན་ཅོག་ལྷུན་གྲུབ། རྟོགས་པའི་མངའ་བདག་བྲེས་པ་ཆོས་རྒྱལ་རྡོ་རྗེ། བོན་ལུང་གར་དབང་ཚུལ་ཁྲིམས་རྒྱལ་མཚན། ཤམྦྷར་གདན་ས་བ་བྲག་ལ་བླ་མ་དོན་གྲུབ་རྒྱལ་མཚན། རང་གྲོལ་གྱི་རྣལ་འབྱོར་པ་མཚུངས་མེད་ཀརྨ་གསང་སྔགས། ཨེ་ཝཾ་ལྕོག་སྒར་སློབ་དཔོན་དཔལ་འབྱོར་གྲགས་པའི་དབྱངས། བླ་མ་ཤ་ཟུག་པ། རཏྣ་བྷ་དྲའི་གདུང་བརྒྱུད། མོན་པ་སྨལ་པོ་བ། ཚར་སྟེང་ཆོས་རྗེ། དྲག་གསུམ་པ། སྣ་མོ་ཤག་མི་ཕམ་ཀརྨ་སངས་རྒྱས། མཆོད་དཔོན་དབུ་མཛད། དགེ་སློང་འཇམ་དབྱངས་གྲགས་པ་འདར་པ་ལོ་ཆེན། སྨན་སྒོམ་འབྲང་རྒྱས་པ་ངག་དབང་དོན་གྲུབ། དྲུང་འཚོ་ངག་དབང་ལྷག་བསམ། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་སོགས་མང་དུ་ཡོད་འདུག་ནའང་ཐོར་བུ་ཙམ་ལས་རང་ཉིད་ཀྱིས་མ་ངེས་པ་དང་དྲི་བྱའི་ཡུལ་མ་འཚལ་ལོ། །ཐུབ་བསྟན་འཛིན་མར་བཏབ་པའི་ལེགས་བཤད་ཀྱིས། །ས་བོན་དར་དྲག་མཁས་གྲུབ་ཡོངས་འདུའི་ཤིང་། །ཐོས་བསམ་སྒོམ་པའི་འབྲས་བུ་རོ་བདའ་བ། །སྐལ་བཟང་འཆི་མེད་ཚོགས་ཀྱི་དགའ་སྟོན་གནས། །བཤེས་གཉེན་དུ་མས་སྔ་འགྱུར་རིང་ལུགས་ཀྱི། །གདུགས་དཀར་ཡུ་བ་ཁྱོད་(༤༣བ)


GLG009_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཉེར་གཏད་པའི།། ཕྱག་བཞེས་སྨིན་གྲོལ་གདམས་པའི་གྲིབ་བསིལ་ལ། །བགྲང་ཡས་ལས་ཅན་ངལ་གསོར་བྱས་འདི་མཚར། །ཐེག་དགུའི་ལམ་རྫོགས་མདོ་དབང་ཙནྡན་ལྗོན། །བུམ་སྟོང་གཅིག་ནས་གཅིག་བྱོའི་དུག་སྦྲུལ་གྱིས། །འཁྲིལ་སྲོག་ཟུར་ལུགས་མ་ཀི་ཏས་བཅད་དྲི། །རྣམ་དག་བསྟན་པའི་རླུང་ཞོན་ཕྱོགས་ཀུན་ཁྱབ། །རིས་མེད་གྲུབ་མཐའི་སྤྱི་རྟ་ཐུབ་པའི་གསུང་། །འཆད་ཉན་གསེས་བྲལ་རིམ་གྲོའི་འགྲུལ་ཞུད་ཅན། །ཐོས་བསམ་ལང་ཚོ་དར་བབ་གོམ་འགྲོས་གསང་། གངས་ཅན་ཐང་ལ་དཀྱུས་ཐོག་བཅད་དེ་རྨད། །ལྔ་པ་དགོན་གནས་ཀྱི་ཞལ་བདག་བྱ་བ་ལས་ཀྱི་འཁོར་ལོ་སོགས་འགྲོ་དོན་མཛད་པ་ནི། རྗེ་བླ་མ་འདིས་ཁྲ་ཚང་དང་སྨན་ལུང་གི་གདན་སའང་གཅུང་དང་སྐུ་ཚ་མོ་སོགས་ཅི་དགར་སྤྱོད་པ་ལས་བདེན་འཛིན་གྱི་ཞེན་པ་མི་མངའ་ཞིང་རྩེས་དང་བསམ་གཏན་གླིང་གནས་ཁྱད་དུ་འཕགས་པ་དང་སེར་ཁྱིམ་པ་སོགས་ཀྱི་འདུ་འཛི་མེད་པ་ནས་ཟབ་བཞེས་ཀྱི་བསྟི་གནས་སུ་ཐུགས་རྩེ་བསྟད་པ་སྣེའུ་སྡོང་བདག་མོ་སྔོན་མས་བཞུགས་སུ་མ་སྟེར་བས་ཤེལ་བྲག །བཀྲ་ཤིས་རྩེ་ཆོས་སྡེ། ས་བ་གྲུས་མཚོན་པའི་གནས་ངེས་མེད་དུ་བཞུགས་ངོས་སྣེའུ་སྡོང་རྩེར་དགོས་དུས་རྡོ་རྗེ་དང་མི་དགོས་རྡོ་འཇོང་གི་དཔེས་བཞུགས་གྲལ་འཕྲོས་གཏམ། བཀའ་ཤོག་གལ་ཆེ་བའི་རིས་ཀྱི་བོད་རྩོམ། ཁྲོ་རོལ་འཆར་ཀ་དགྲ་མནན་སྐོང་བཤགས་སོགས་སྐུ་རིམ་གྱི་ཚེ་ལྷ་གཟིགས་གོང་མ་ཆེན་པོའི་ཞབས་འབྲིང་དུ་བཅར་པའི་མུར་ཤིང་རྟ་གོང་ར་ལོ་ཙཱ་བ་གྲོངས་པའི་སློབ་མ་མཐའ་དག་དེར་འདུས་ཁྲོད་ནས་སྲེག་ཆོག་གསལ་འདེབས་ཀྱི་ཆོ་ག་བའི་གཙོ་བོ་རྗེ་ཉིད། (༤༤ན)


GLG009_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་བྲེས་པ། བླ་མ་བོན་ལུང་པ་གསུམ་བཞུགས་གནས་ཀྱང་གཅིག་ཏུ་མཛད། གསུང་འཕྲོས་ཀྱི་ལྷོངས་ལ་ཀ་ཅ་ཆེ་ཆུང་གི་གླེང་གཞིར་བྲེས་ནས་ཀྱིས་གཞིས་ཀ་རྩེ་དང་ཐག་ཉེ་བས་བསྔོ་རྟེན་ལ་བྱུང་བའི་གསེར་དངུལ་དང་བྱུ་རུ་སྤོས་ཤེལ་ཕྲན་ཙམ་མ་གཏོགས་གཞན་འགངས་ཅན་མེད་ཚུལ། བོན་ལུང་པས་ཧོར་འབྲོག་དང་འདྲིས་ཆེ་བས་རྟ་སྤུ་གནག་འོས་འཚམ་ཡོད་གསུང་བར། རྗེ་བླ་མས་ཁོ་བོར་དཔེ་ཆ་པོ་ཏི་ཁ་ཤས་ལས་གཞན་འགངས་ཆེ་བ་མེད་ཕེབས་པ་གོང་རའི་གྲ་རིས་འདྲས་ཚོར་བས་བླ་མ་སྨན་ལུང་ནས་ཀྱི་གསུང་དེ་རྣམ་དཔྱོད་ཆེ་ཞེས་ངོ་མཚར་དུ་འཛིན། བླ་མ་གསུམ་ཐུན་མོང་དུ་གསལ་འདེབས་ཀྱི་ཡོན་བྱུང་བའི་སྟེང་ནས་ཁེ་དང་རྒྱལ་ཁ་གཞན་དང་གྱོང་དང་བུག་ཁ་རང་གིས་ལེན་པའི་རྣམ་པས་ཁོང་དཔོན་སློབ་གཉིས་ཀྱི་ཐུགས་དང་བསྟུན་ནས་བོན་ལུང་པས་ཧོར་སིལ། བྲེས་ནས་ཀྱིས་ཕོད་ཀ་བདག་གིར་མཛད་པའི་ལྷག་རྟ་དང་ཤམ་ཐབས་བསྣམས་པས་ཐུགས་འཛིན་ཆགས་ཆུང་བའི་ཚད་དུ་སོང་། གོང་ར་བ་ཚོའི་ནང་གྲོས་སྐུ་སྐྱེ་མ་བྱུང་བར་བླ་མ་བོན་ལུང་པས་འཛིན་བདག་གི་མིང་བཏགས་དང་། དེ་གཞུང་གི་དགོངས་པར་མ་བསྟད་ན་སྐོར་ཅིག་བླ་མའི་མིང་བཏགས་མེད་པ་བྱས། བསྔོ་བ་དང་གྲོང་ཆོག་གི་དབུ་མཛད་སོགས་བླ་ཚབ་ཤྲཱི་བྷ་དྲས་བྱེད་རྩིས་རྡོ་ཁ་གཅིག་ནས་གཉིས་སུ་འཁྱར་བའི་རིན་སྤུང་རྫོང་སྡོད་དྭགས་པོ་བཀྲ་ཤིས་ཀྱིས་ཚོར་བ་སྡེ་པའི་སྙན་དུ་ཕུལ་བ་དང་དེ་སྔ་གོང་ར་ལོ་ཙཱ་བ་ཆོས་གོས་ངུར་སྨྲིག་དང་ཞྭ་སེར་གྱི་སྒྲིབ་ཤིང་ལ་བརྟེན་སྡེ་པ་ཐུགས་འཁྲུལ་ནས་སྤྱན་རྒྱང་མཛད་ནའང་། བླ་མ་སོག་བཟློག་པའི་སློབ་(༤༤བ)


GLG009_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གཙོ་བོ་ཡིན་ཚུལ་གསན་པས་སོག་བཟློག་པ་དགེ་ལུགས་ལ་ཤིན་ཏུ་གནག་པ་གཙང་གི་དྲུང་འཁོར་ལ་བཞུགས་དུས་ནས་ཐུགས་རྒྱུས་ཡོད་པར་བརྟེན་སྔར་བདག་རྐྱེན་གནང་བའང་ཐལ་ཆར་སོང་སྙམ་པའི་ཐུགས་འཛིན་སྟངས་གཞན་དུ་གཞོལ་ཏེ་ཁོང་ཚོའི་ཞུ་བ་མཐའ་དག་སྒྲིམ་སློག་རྗེ་བླ་མ་སྔར་ནས་ཅུང་ཟད་སྤྱན་སྔར་ཡང་ཐོགས་པ་དང་། ངེད་རང་ནས་ཀྱང་སྐབས་སུ་བབས་ཚུལ་མོལ་བའི་རྒྱུས་རྗེ་ཉིད་དང་སངྒ་བྷ་དྲ་ཅན་ལྷན་ཅིག་པར་སྡེ་པའི་བསླབ་སྟོན་ལ་སྔར་ཕན་གོང་ར་བའི་གནས་ཚུལ་ཞིབ་པ་ཤེས་མ་བྱུང་། ཁྱེད་ཚོ་སྣང་རྩེ་གཏེར་སྟོན་དང་བླ་མ་སོག་བཟློག་པའི་བརྒྱུད་འཛིན་ཡིན་འདུག་པ་ཆོས་ལུགས་དེ་བཞིན་བྱས་ན་དགེ་ལུགས་དང་དམ་སེལ་ཆེས་པས་གཞུང་གི་སྐུ་རིམ་པ་མི་ཡོང་འདུག །ད་ཆ་སྔར་བྱེད་མཐའ་དག་བཞག་ནས་ཉང་ཆོས་དབང་སོགས་གཏེར་ཁ་རྙིང་པའི་རིས་ཆོ་ག་ཕྱག་ལེན་གྱིས་མཚོན་སྐབས་སུ་གང་བབས་བླ་མས་འཛུགས་པ་དང་། ཁྱེད་ཚོས་ཀྱང་བླ་མས་གང་ཟེར་ལ་ཉན་དགོས་པའི་རྒྱུ་མཚན་ཞིབ་གསེད་རྫོང་སྡོད་ལ་བསླབ་སྟོན་བསྐོ་འཇའ་སོགས་གནང་ནས་བསྐོ་བཞག་མཛད། ལོ་ཆེན་གྱི་ཕྱི་རྟེན་ལ་དངུལ་གདུང་། རྫོགས་ཆེན་བླ་བརྒྱུད། གཙང་ཁང་དུ་དེ་བཞིན་གཤེགས་པའི་སྐུ་རྣམས་བཞེང་བའི་ཐིག་རྩ་ཞལ་བཀོད་རབ་གནས་ཀྱི་བར་ཐུགས་ཁུར་ཆེར་མཛད། འདི་དུས་རྟེན་གྱིས་རབ་གནས་ཀྱི་མེ་ཏོག་བཟུང་བས་མཚོན་དབུས་གཙང་ཀུན་ཏུ་ཕྱག་ནས་བཟུང་བའི་ལོ་རྒྱུས་མང་དུ་སྣང་། འདུ་ཁང་ལོགས་བྲིས་དང་གཙང་ཁང་གཡས་ལ་རྗེ་བླ་མའི་ཡུམ་གྱི་དགོངས་རྫོགས་སུ་ཨོ་རྒྱན་ཡབ་ཡུམ་གསུམ། བླ་མ་གསང་འདུས་དང་ཐུགས་རྗེ་ཆེན་པོ་ཡང་(༤༥ན)


GLG009_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་འདུས་པའི་ལྷ་ཚོགས་འབར་མ་སྔགས་སྲུང་གི་སྐུ་རྣམས་བཞེངས། དེ་ལྷག་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་གནས་བཅུས་བསྐོར་བའི་ཞལ་བྱང་ལ་ཐུགས་རྩོམ་གནང་། རྗེ་ཉིད་གཏེར་ཁ་གོང་འོག་ལ་ཐུགས་ཞེན་ཤིན་ཏུ་ཆེ་ནའང་སྣང་རྩེ་གཏེར་སྟོན་ཕྱོགས་ལ་མི་དགྱེས་པ་མེད་པའི་བར་གོང་ར་ལོ་ཙཱ་བར་ཐུགས་དང་དམ་ཚིག་གི་ཁྱད་ནས་དེ་ཕྱོགས་ཀྱི་ཆོས་ལུགས་བསྒྱུར་བ་སྐབས་སུ་མི་བབས་ཤིང་གྲ་རིས་ཀྱི་བློར་ཡང་མི་ཆུད་པས་ལམ་དུ་མི་རྒྱུག་པ་སོགས་སྒོ་དུ་མའི་རྒྱུ་མཚན་དང་བཅས་རོང་བྱམས་ཆེན་དུ་སྡེ་པ་བློ་བཟང་མཐུ་སྟོབས་དེ་སྐབས་མཆོད་དཔོན་ཡིན་པ་བརྒྱུད་ནས་དབྱིངས་ས་ལ་ནི་བཀའ་གང་ཕེབས་ལས་སྙན་འབུལ་ཞུ་མ་ནུས། དངོས་གཞི་ཤར་ཚོད་འདི་ལྟར་བྱུང་བས་ཆོས་ལུགས་རང་བབས་སུ་བཞག་པའི་སྒོ་ནས་བླ་མའི་གདན་ས་བྱེད་པ་ལ་ནི་མི་སྤྲོ་བ་མེད། གྲུབ་མཐའ་བསྒྱུར་བར་ཤར་ན་བླ་མའི་དགོངས་པ་མ་རྫོགས་དོགས་པ་དང་ངེད་རང་ལའང་ཕྱོགས་མཐོང་གི་བྱེད་དཀའ་ལས་སྤྲོས་པའི་ཐོན་གསོགས་མི་ཡོང་འདྲ་སྣང་སོག་གོང་གསུམ་གྱི་ལུགས་བསྣུབ་པ་རང་གི་དགོངས་བསྟད་ཡིན་ན་བླ་མ་གཞན་ཞིག་བསྐོ་བ་གནང་ན་འགབ་ཚུལ་བྱུང་བར། དངོས་གཞི་ཐུགས་བསམ་ཐོངས་པའི་གསུང་འཕྲོས་ཡིན་འདུག་རུང་ཐག་ཆོད་ནས་བསྒྱུར་བཀོད་བྱས་ཚེ་སྡེ་པའི་དགོངས་འཕོག་ཀྱང་བྱུང་དོགས་ཡོད་ཐུགས་བསམ་ལ་དྲི་མ་མེད་ཕྱིན་དཔོན་པོའི་གཞན་དབང་དུ་གྱུར་པ་ལ་ཉེས་པ་ཡོང་རྒྱུ་མི་འདུག་པས་བསླབ་སྟོན་དང་བསྟུན་པའི་སྒོ་གང་ཟབ་མཛད་དགོས་པའི་ལེན་ཕུལ་བ་ཐུགས་ལ་བཞག་པའི་བླ་མ་གསང་(༤༥བ)


GLG009_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་དང་བཀའ་བརྒྱད་གསང་རྫོགས་འཛུགས་པའི་སྒྲ་སྒྲིག་གནང་། དྭགས་པོ་ན་གསང་རྫོགས་ལས་བྱང་གི་པར་ཡོད་པ་རྣམ་རྒྱལ་གྱི་རྫོང་དཔོན་རོང་བདེ་སྐྱིད་གླིང་པར་གང་མང་བཏབ་ནས་དགོས་ཚུལ་གྱི་ཕྱག་བྲིས་མཛད། ཆོས་དབང་གིས་ཟབ་གཏེར་བཞེས་པའི་སྙན་པ་སྨན་ལུང་པ་མི་བསྐྱོད་རྡོ་རྗེས་གསན་ནས་སྤྱན་སྔར་བྱོན་ཏེ་བླ་མ་རིན་པོ་ཆེ་ལ་སྔར་མ་གྲགས་པའི་དམ་ཆོས་ཁྱད་པར་ཅན་ཞིག་ཡོད་འདུག་པ་བདག་ལ་ཐུགས་རྗེས་འཛིན་པར་ཞུ་ཞུས་པས་འདི་ལྟར་ཟབ་ཅིང་རྒྱ་ཆེ་བའི་ཆོས་འདི་དང་པོར་བྱོན་པ་ཡིན་ཏེ་ལོ་བཅུ་གསུམ་གྱི་བར་དུ་གཏེར་ལུང་བཞིན་བཀའ་རྒྱས་བཏབ། དེ་ནས་ཀྱང་རྒྱུད་འདི་གདན་མ་དྲངས་ཀྱི་བར་དུ་རྒྱབ་བརྟེན་ལུང་དང་བྲལ་བས་རྩོད་པས་འཇིགས་ནས་མ་བསྟན། ད་སྟོན་པ་ལའང་བསྟན་པའི་ཡུལ་ཡང་དཀོན་པར་བྱུང་ཁྱེད་བྱོན་པ་ལེགས་དེའི་སྔོན་ལ་དབང་གལ་ཆེ་བས་གྲ་སྒྲིག་ལ་ལྷ་གྲོ་དགོན་པར་ཕེབས་ཕྱོགས་ཀྱི་ཆོས་ཞུ་བ་རྣམས་ལ་བརྡ་འགྲེམ་གྱི་ཕོ་ཉ་བཏང་ནས་མ་འདུས་པར་གདངས་དབྱངས་རྣམས་སྦྱོང་དར་མཛད་པ་སྨན་ལུང་པའི་ཐུགས་སུ་ཆུད་པའི་འཁྲུལ་མེད་དྭགས་སྟན་དབང་ཕྱུག་རྡོ་རྗེས་རྩེ་ལེ་དགོན་དུ་བཙུགས་པ་ད་ལྟའི་བར་དུ་རྒྱུན་མི་ཆད་དུ་ཡོད་འཕྲོས་མཆིས་པས་གྲ་རིས་གྲས་ནས་སློབ་མཁན་གྱི་ཁས་ལེན་པ་ཨེ་ཡོད་གསུངས་པ་ཛི་ན་ཀླུ་ལས་ཁས་བླངས་ནས་གདངས་དབྱངས་རྣམས་ཞིབ་ཏུ་དཔྱད་གྲ་རིས་རྣམས་ལ་ཁྲིད་པས་ཕལ་ཆེར་གྱི་བློར་ཆུད། ཧོར་ཟླ་དྲུག་པའི་ནང་དུ་བླ་མ་གསང་འདུས། བྱང་གཏེར་ཐུགས་སྒྲུབ་དྲག་པོ་རྩལ། བཀའ་བརྒྱད་གསང་རྫོགས། སྒྱུ་འཕྲུལ་ཞི་ཁྲོ། ཐུགས་རྗེ་ཆེན་པོ་ཡང་(༤༦ན)


GLG009_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་འདུས་པ། ཕུར་པ་སྤུ་གྲི། དགོངས་འདུས་པདྨ་བཛྲ་རྩལ་གྱི་དཀྱིལ་འཁོར་རྣམས་རྡུལ་ཚོན་ལ་བརྟེན་པའི་ཆོག་མང་བཙུགས། བསྔོ་ཞུས་ཀྱིས་གཙོས་པའི་འདི་ཕྱིའི་དོན་དུ་འབུལ་པ་གང་བྱུང་གྲ་རིས་ལ་མང་འགྱེད་འཆམ་དབྱངས་བྲིས་ཐིག་སོགས་ཡོན་ཏན་སྤྲོད་མཁན་རྣམས་ལ་ཟུར་ཇས་མཚོན་སྐྱེད་བསྟར་ལེགས་པོ་མཛད་རུང་སངྒྷ་བྷ་དྲ་དང་ཤྲཱི་བྷ་དྲས་ཐོག་དྲངས་གྲ་པ་ཕལ་ཆེར་རྗེ་ཉིད་བླ་མ་མཛད་འདོད་ནས་རི་བསྒུལ་མཚོ་སྐྱོམ་དང་གཏེར་ཁ་འོག་མའི་སྐོར་འཇུགས་བཞེད་ཀྱིས་སྣང་རྩེ་བའི་ལུགས་བསྣུབས་པ་ལས་གཞུང་ནས་མི་མཛད་དཀའ་མེད་བཏང་བ་ཡིན་སྙམ་པ་མེད་པའི་ལོག་རྟོག་གི་མུན་པས་བཏིབས་ནས་ཅི་མཛད་ཐམས་ཅད་ལེགས་པར་མཐོང་། གཞུང་ནས་གནང་བའི་བསྐོ་བཞག་ཀྱང་ལྷ་དབང་ཕྱུག་ཆེན་པོ་འཇིག་རྟེན་ཐམས་ཅད་ངས་བྱས་མཉམ་པའི་དཔེ་བཞིན་གོང་ར་ལོ་ཙཱ་བའི་ཤུལ་གྱི་དགོན་ཆོས་བཞིས་ཕྱི་ནང་ནོར་རྫས་གྲ་རིས་ཚང་མ་ཆོས་རྗེ་ཁྲ་ཚང་པར་སྤྲད་ཡོད་དོ་བའི་ཏིང་ངེ་འཛིན་ལ་མཉམ་གཞག་བརྟན་ནའང་གོང་ར་བླ་མ་ཞེས་པའི་སྙན་པོའི་མིང་ཙམ་ལས་ཕྱི་ནང་ནོར་རྫས་རྣམས་ལ་ཞལ་འཇུག་པ་ལྟ་ཅི་སྤྱན་གྱིས་གཟིགས་དབང་ཙམ་ཡང་མེད། སངྒྷ་རང་བསྡད་དུས་ཁོ་པའི་ཞོར་གྱི་གསོལ་ཇ་དང་བཞེས་པ་བརྟེན་ཐུབ་ཙམ་ཡོང་ནའང་སངྒ་ནི་རི་ལུང་སྦུག་དང་སྐྱིད་ཁང་པའི་ནང་གཉིས་སུ་ཏིཥྛ་བཛྲ་གྱི་མཐུས་མང་ཇ་མ་གཏོགས་ཉུང་ཇའི་ཟུར་གསོས་ཙམ་ཡང་མེད་ཅིང་དམངས་རྩམ་གསར་རྙིང་ལ་མ་ལྟོས་པ་བཞེས་རྒྱུ་བྱུང་བ་རང་ལ་ཡ་མཚན་དུ་བརྩི། རྒྱུན་གྱི་ཕྱག་གཡོག་ཨོ་རྒྱན་བཛྲ། རྒྱལ་མཆོག་(༤༦བ)


GLG009_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

པ་རི་ཀརྨ། ཨཱི་ཤ་སོགས་རེ་མོས་ཀྱིས་ཞབས་འབྲིང་དུ་བསྟེན་ཡང་ཆོས་ཕྱོགས་ཀྱི་དད་པ་དང་འཇིག་རྟེན་གྱི་ཁྲེལ་གཞུང་གང་ཡང་མེད་པའི་ཁྲལ་ཆོས་ཁོ་ན་ལྷུར་བླངས་པས་བསྔོ་ཞུས་ལ་བྱུང་བའི་ཕོ་མོའི་གོས་སྣའི་རིས་གསོལ་ཇ་ཉོ་བར་བྱམས་ཆེན་སོགས་སུ་རྫོང་བདའ་མཛད་པ་ནོར་ཉན་པ་རྣམས་ཁོ་རང་ཚོས་ཚགས་བྱས། རྙིང་པ་དག་སྡུག་བཙོངས་པའི་རིན་གྱིས་འུ་ཟི་འདྲ་སྲུལ་བ་མང་དུ་བཞེས་པའི་སྐྱོན་གྱིས་དབུ་ཡ་དང་ཞབས་ནད་སོགས་སྐུ་གཟུགས་མ་བདེ་བས་ཆུ་བཟང་དུ་རེ་བའི་རི་ལུང་སྦུག་ཏུ་བཞུགས་པའི་ཚེ་གྲ་པ་སྒྲིགས་འགྲིམ་མ་ནུས་པ་རྣམས་དོན་སངྒ་ལ་འཁོར་བ་ཁག་བླ་མར་བཏགས་པའི་གོང་རའི་ཆགས་སུ་སྡོད་མི་ཆེར་མ་བྱུང་བས་རྐྱེན་བྱས་དམངས་མ་གྲོས་ཐོག་ནས་བླ་མའི་ཕྱག་གཡོག་ལ་བཙུན་ཆུང་རྣམས་རེ་མོས་བྱས་དམངས་མ་གོང་ར་རང་དུ་བསྒྲིལ་བར་ཐག་བཅད། གྲ་གཞོན་ལྔ་ཟན་རིལ་བསྒྲིལ་བ་རོང་པ་སྐུ་སྐྱེ་འཇམ་དབྱངས་རབ་རྒྱས་ལ་བབས་པའི་ཕྱག་གཡོག་ལ་བསྐོས་རྗེས་སདྒྷས་མདོ་དབང་གི་བོད་རྩག་རྣམས་རོགས་བྱེད་ཙམ་ཡང་མེད་པར་སྐུ་སྐྱེ་བསྐུར་པ་ན་གཞོན་པའི་ཐེག་དཀའ་བ་ཙམ་ལ་སྙིང་རུས་བསྐྱེད་ནས་ཤ་རའི་གྲུ་བཏོན་ཁུ་ལུང་དུ་ཁྱབ་བདག་བཀའ་འགྱུར་བར་མདོ་དབང་འབུལ་བ་གནང་བའི་ཞབས་ཕྱིར་འབྱོར་བ་ནས་བཟུང་ཞིང་གཞན་དུ་མ་གཤེགས་པར་ཕྱག་གཡོག་ཁུར་བསྐྱེད་བཅར་སྡོད་བྱས་སྣང་གོང་རའི་གྲ་པ་རྣམས་ཀྱང་ཁ་མཛེས་ཙམ་ལས་ཧ་ཅང་གུས་རྒྱུ་མེད་པས་ཐུགས་ཞེན་གསོག་པར་དགོངས་ཏེ་གཉེན་པོ་བསྟེན་པ་ལས་ཡུལ་ངན་སྤོང་བའི་དཔེ་ལྟར་ཕྱག་ཕྱིར་སྐུ་སྐྱེ་དང་གཙང་དགེ་འཁོར་ནས་ཆོས་ཞུ་བའི་སྔགས་གཞོན་དཀར་པོ་བ་གཉིས་(༤༧ན)


GLG009_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་ནས་འབྲས་ཡུལ་སྐྱེད་ཚལ་གྱི་ཕུའི་དགོན་ཆུང་ཆུ་ལེགས་པ་ཞིག་ཏུ་སྐུ་མཚམས་མཛད་ཟླ་བ་ལྔ་ཙམ་ནས་གསོལ་ཆས་ཆད་རི་ལུང་སྦུག་གི་གཉེར་པ་སདྒྷའི་སྲུ་མོས་བྱེད་ཡོད་པ་དེའི་སར་དགོན་ཆུང་དེའི་གྲ་པ་རྣ་བ་འོན་པ་ཞིག་ཡོད་པ་ཕོ་ཉར་མངགས་པའི་ཕྱག་བྲིས་འདི་ལྟ་སྟེ། སྲུ་མོ་རང་གྲོལ་རྣལ་འབྱོར་མ། །མོས་གུས་དག་སྣང་ཅན་དེ་ལ། །ད་ལམ་ཡི་གེ་ཕུལ་བའི་དོན། །སྡུག་རྒན་བྱིས་པ་གཉིས་དང་བཅས། །བདག་ཅག་བྱ་བྲལ་མི་གསུམ་གྱི། །ཆོས་བརྒྱགས་རྩམ་པ་རྦད་ཆད་སོང་། ཁྱེད་ཀྱི་སྙིང་རྗེས་ཀུན་བླངས་ནས། །ད་ལམ་ཕྱེ་ཁུག་གང་ཙམ་ཞིག །འོན་པ་འདི་ལ་བསྐུར་བ་མཁྱེན། །ལྟོགས་པའི་ནད་ལ་ཕན་པའི་སྨན། །བག་ཟན་གྲོ་ཞིབ་བྱུང་ཡང་ཞུ། །འདི་ནས་ཡི་གེ་འདི་བཞིན་གྱི། །གནས་ཚུལ་སངྒྷར་གསུང་བར་མཛོད། །ཅེས་པ་གནང་རུང་ཞག་ལྔ་ཙམ་གྱི་བར་བང་ཕྱིན་མ་འཁོར་བར་རྗེ་བླ་མ་ནི་ཁྱབ་བདག་བཀའ་འགྱུར་བ་ཆེན་པོས་དབང་ཡོན་ལ་བསྟར་བའི་ནག་པོ་སྤུས་ལེགས་དེ་ག་ནས་སྐོལ་ཏེ་ཞུས་པས་བཞེས་པའི་གོ་ཡང་བཅད་གསུང་ངག་བསྡམས་ནས་ལྷ་སྔགས་ཡེ་ཤེས་ཁོ་ནས་དུས་འདའ། བང་ཕྱིན་ཨེ་བྱུང་ཞེས་པའི་ཕྱག་བརྡ་མཛད་པ་མ་བྱུང་མཐོང་ས་ལ་མི་འདུག་དོ་ནུབ་ཀྱང་མི་ཡོང་བ་འདྲ་ཞུས་པར་སམ་ཊ་ལ་ཕྱག་བྲིས་གནང་ནས་ཁྱེད་གཉིས་ན་གཞོན་པས་ལྟོགས་ཡོད་གཏོར་མའི་མཐེབ་སྐྱུ་འདི་རྣམས་ཕབ་ལ་ཟན་ཚོད་གྱིས་སྐྱོན་མེད་གསུངས་པ་བཞིན་ཞབས་ཕྱི་བ་གཉིས་ཀྱིས་མཐེབ་སྐྱུ་ཟོས་དགོན་ཁྲོད་ནས་རྩམ་པ་བཙལ་བས་ནས་ནག་གི་ཕྱེ་ཞིག་རྙེད་པ་དེ་མེད་པ་ལས་ཨེ་དྲག་སྙམ་བྲེ་ལྔ་ཙམ་ཞིག་ཁྱེར་(༤༧བ)


GLG009_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྐུ་སྐྱེས་སྐུ་ཞབས་སུ་ཕུལ་བས་འདི་བད་ཀན་ལ་རྒྱག་ང་ལྟོགས་པ་མི་འདུག་ཁྱེད་རང་གཉིས་ཟོ་ཡ་གསུང་བའི་ཕྱག་བྲིས་གནང་། དེ་ནས་བང་ཕྱིན་འཁོར་ཏེ་དམངས་རྩམ་རྡོ་སག་འདྲེས་པ་ཁལ་གཉིས་ཙམ་བྱུང་བ་ལའང་དགྱེས་པ་ཆེན་པོར་གྱུར། རིན་སྤུངས་ཀྱི་ཡོངས་སྡུད་བཀར་རྒྱ་བ་སོགས་ཀྱིས་གོང་ར་བ་བླ་གྲ་རྣམས་ལུགས་ལེགས་པོ་མེད་འདུག་ཟེར་བའི་སྐད་ཆ་གཅིག་ནས་གཉིས་སུ་མཆེད་པ་འབྲས་སྤུངས་སུ་བྱུང་བ་བྲག་སྣ་ཆོས་རྗེར་འདྲི་བར་བཏང་བའི་ཡིག་ལན་དུ་སྨན་ལུང་པ་འདི་ལ་བྱབས་མེད་པས་ཕོ་སྐྱེས་པའི་རྒྱུ་མཚན་འབུལ་བ་ཡོང་རིས་སུ་མི་འདུག །ད་ཆ་དབྱེ་གཡང་མ་བྱུང་ན་མི་ཚེ་མི་ཕྱིད་ཐག་ཆོད་ཡིན་ཚུལ་ལ་བརྟེན་རིན་སྤུངས་རྫོང་སྡོད་དང་ཁང་དམར་བ་ཐུན་མོང་དུ་སྡེ་པས་བཀའ་ཤོག་གནང་བའི་དགོན་ཆས་མཆོད་གཞིས་རྣམས་སདྒྷའི་ལག་ནས་བླངས་ནས་བླ་མར་ཕྲད་ཟེར་བ་ཡོད་པ་ལྟར་རིན་སྤུངས་ནས་རྒྱུ་མཚན་འདི་ཡིན་མེད་པར་འཕྲལ་དུ་ཕེབས་དགོས་པའི་ཞུ་ཡིག་ཕུལ་བ་དེ་སྐབས་འཚུར་ཕུར་དྲུང་པ་རིན་པོ་ཆེ་གཤེགས་པའི་སྐབས་དང་འགྲིག་པས་ཀར་ལུགས་ཚོར་རྩི་བཞག་གནང་བ་རྗེ་ཉིད་སྔར་ཞྭ་དམར་བའི་སྒར་དུ་ཕེབས་པའི་ཕྱོགས་འཕུལ་གྱིས་ཐུགས་ཟོས་མི་བདེ་བ་ཞིག་ཨེ་ཡིན་དགོངས་པའི་ཅི་ཡིན་ནམ་གང་ཡིན་ནམ་ཞེས་ཐུགས་བློ་མི་བདེ་བའི་ངང་ནས་བཀྲ་ཤིས་གླིང་གི་གྲོང་དུ་གནས་ཚང་མཛད་པའི་ནུབ་བཀའ་ལས། ཀར་ལུགས་ཀྱི་གྲལ་དུ་བསྡམ་ར་བཞིན་ཨེ་ཡིན་གཞན་ནི་སྒར་ལ་ཕྱིན་ཙམ་ལས་སྤྲོས་པའི་ཀར་ལུགས་ཀྱི་ཞབས་ཏོག་དང་དགེ་ལུགས་ལ་ཞབས་འདྲེན་མངོན་ཐོགས་པ་ནི་མེད། ང་རང་གི་ཡོན་ཏན་ཕྲན་བུ་རེ་སྦྱངས་ཆོས་བཀའ་གང་ཐོབ་བླ་མ་ངེས་(༤༨ན)


GLG009_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལ་ཞུས་ཉེས་པ་ཡོད་དོན་མི་འཇུག་ཀྱང་གང་ལྟར་ལྷ་ས་ཕྱོགས་ལ་འགྲོ་དགོས་པ་ཡོད་འགྲོ་ཆོས་རྗེ་ནི་མེད་སྔགས་པ་ཁོ་ནི་འགྲོ་ཨེ་ཡོང་མི་ཤེས་ཕྱིན་ཀྱང་ཟ་རོགས་ལས་མི་འདུག །ཁྱོད་ཀྱི་འགྲོ་རོགས་བྱེད་དགོས་གསུངས་པའི་ཕེབས་ལན་དུ་སྐུ་སྐྱེའི་ཞུ་བར་ཐག་རིང་ཐུང་གང་གི་སར་ཡང་མི་འགྲོ་ཅི་ཞུ། གཞན་མ་སྐུ་ཞབས་རང་སྐུ་ན་བགྲེས་ང་ན་གཞོན་ཡོང་ཐང་གང་ཡང་མེད་པས་དཔེར་ན་ད་ལམ་ཕྱག་གཡོག་གྲུལ་ཐུབ་རྒན་པ་ཞིག་ཡོད་ན་གསོལ་ཞིབ་དང་གསོལ་མར་ལུས་མེད་འགྲོ་འོན་ཀྱང་བློ་བསམ་མ་ལོག་པའི་ངོས་ནས་བསླབ་སྟོན་གང་གནང་མི་ཞུ་རི་ཤི་མོད་ཞུས་པས་ཁྱོད་ཀྱིས་སྔར་ལྟར་བྱས་པས་ཆོག་ཕེར་ཡོང་འཛོམ་པས་བྱ་བ་བྱེད་པའི་ངེས་པ་མི་འདུག་གང་བསྐོས་གཙོ་ཆེ་དེའི་ནང་ནས་ཨོ་རྒྱན་རིན་པོ་ཆེའི་ཐུགས་རྗེ་ཡིན་གསུངས་ནང་པར་པཀྵུའི་ཀླུང་ཆེན་པོ་བསྒྲལ་ཏེ་རིན་ཆེན་སྤུངས་པའི་ཕོ་བྲང་དུ་ཕེབས། རྫོང་དཔོན་མཚལ་མིག་པ་དང་ཞྭ་ཁབ་པ་ཡོང་སྡུད་ཁང་དམར་པ་གསུམ་ནས་ཁང་སྟེང་དུ་ཡོད་ཐོག་གདན་དྲངས་ཕྱག་གཡོག་གཉིས་ཕྱིར་བཏོན་བཀའ་གྲོས་འདྲ་མོ་ཞིག་བཙུགས་སོང་བ་ལགས་སྡོང་པོ་བ་ཟེར་བས་གོང་རའི་བླ་མ་རང་རྩད་གཅོད་པ་ཞིག་འདུག་ཅི་ཡིན་གླེང་བ་སོགས་གང་ས་ནས་བཀའ་བཀྱོན་ཡིན་དོགས་ཀྱི་ཕྱག་གཡོག་གཉིས་བློ་འཚུབ་ཆེར་ལངས། ང་འདེབས་གཅིག་སོང་མཚམས་སྐུ་ཞབས་སུ་ཕྱིན་པ་ན་དགོང་དང་མི་འདྲ་བའི་ཐུགས་བློ་ལྷོད་པར་གྱུར་ཏེ་ཞལ་འཛུམ་པ་དང་བཅས་སྐྱོན་མ་མཆིས་སདྒྷའི་ལག་ནས་གང་ཅི་རྣམས་རྩིས་ལེན་དགོས་པའི་བཀའ་ཤོག་དང་བཀའ་བཀོད་བསྒྱུར་བ་ཡིན་འདུག་གསུང་། དེ་གོང་ནས་དོགས་པ་ཞིག་ཡོད་པ་ཡིན་ནམ་རྫོང་ནང་ནས་གཅིག་(༤༨བ)


GLG009_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཉིས་བརྟེན་གྱི་བྱ་བཤོར་གང་རུང་གི་སྐྱོན་གྱིས་ཡོངས་གྲགས་རྣམས་མ་གཏོགས་ཀ་ཅ་ཕལ་ཆེར་སྦས་བཤུགས་བྱས་པའི་སྟབས་ཀྱིས་གོང་ར་སྡེ་དགོན་དང་བཅས་པ་ཕྱག་ཏུ་འབྱོར་བའི་གཏམ་དང་གང་ཡོད་ཁ་སིང་ལུགས་ཀྱི་མི་ལ་ཕྱག་གདང་མི་དགོས་པའི་ཕན་ཡོན་ཙམ་ལས་གྲགས་པ་དོན་དང་མཐུན་པ་ནམ་བྱུང་བར་སྣང་། རྩིས་ལེན་དུས་དངོས་པོ་རྣམས་བསྡུ་བ་དང་མི་སྣའི་སྣེ་ལེན་སོགས་ཚང་མ་སྐུ་སྐྱེ་གཅིག་པུའི་སྟེང་དུ་གལ་ཞིང་གྲ་རིས་གཞན་མ་ཚོས་རོགས་རམ་མ་བྱས་པའི་སྦྱོང་སྤྱོད་ཆེ་བ་བྱུང་སྐད། ཀ་ཅ་རྣམས་མ་སྤྲད་པའི་རྒྱུ་མཚན་ལ་བརྟེན་ནས་སླར་རྒྱ་མ་བ་བློ་བཟང་རབ་རྒྱས་རྫོང་བདའ་བྱས་པའི་ཞི་བའི་སྐོར་གཡེང་དང་ཚ་འཇུན་ཅི་ཡང་བྱས་རུང་ཁོ་པས་བྲག་ཕུག་རྒྱབ་བསྟད་ཀྱིས་སྔར་གང་སྤྲད་ལས་སྤྲོས་པའི་ཆས་ཀའི་རིས་མེད་ཅེས་ཁས་མ་བླངས་པར་མི་སྣ་རྫོང་སྡོད་ཀྱིས་སྣུམ་ལ་བཀར་བར་ཐག་བཅད་པ་ན་ཞུ་ལན་དུ། གཞུང་ནས་སྐུ་དྲིན་བསྐྱངས་པ་གཅིག་པུས་ཆོག་རྡོ་སྣུམ་གཏན་མེད་པ་ཞིག་རང་དགོས་ཁོང་རྣམས་ཀྱིས་ནི་མི་ཐོན་ངེས་ཡིན་དེས་ན་ཁྲིམས་རར་ཆུད་ན་ངེད་བཙུན་པའི་ནང་ནས་ཀྱང་བླ་མའི་མིང་བཏགས་ཙམ་ཡིན་པས་ཆོས་ཀྱི་བྱ་བ་དང་མི་འབྲེལ་བས་དེ་འདྲར་མ་ཐུག་པར་མཛོད། ཕྲན་བུར་ཙམ་བྱུང་ཡང་གྲ་པ་སྐྱོང་མཁན་ཡིན་འདུག་མ་བྱུང་ནའང་སྔར་ཡང་གང་བྱུང་ཐུགས་རྗེར་ཤེས་པ་བྱས། ད་དུང་བཟོད་པ་གང་ཐེག་བྱེད་གསུངས་པས་ཁ་མཆུ་ཡོ་གལ་མ་དགོས་པར་ཐག་ཆོད། ས་སྐྱོང་བསོད་ནམས་རབ་བརྟན་ཞབས་མ་བརྟན་རུང་བཞུགས་པ་སྐད་དུ་དྲིལ་རྒྱ་ཆེར་བསྒྲགས་པའི་གསང་སྒོའི་སྐབས་གོང་རའི་དེབ་སོགས་སྤྱན་འབེབས་(༤༩ན)


GLG009_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་བར་ཕེབས། གུང་ཐང་དཔོན་སློབ་ཞབས་པད་མ་བརྟན་པའི་གཤིས་རྙིང་མ་ཕྱོགས་ནས་དགོས་རིགས་རྗེ་འདི་ཉིད་འོས་འདྲ་ཞེས་མཆོད་དཔོན་པའི་འཆར་སྟོན་བྱུང་བ་དང་མ་ནས་སྐུ་ཡོན་གྱི་བབས་ཀྱང་ཆེ་བར་གོ་བས་ལྷ་ས་ནས་ཕྱིར་ཕེབས་ཞོར་འབྲས་སྤུངས་སུ་ཞག་ཤས་བཞུགས་ནས་དེ་ལོ་ངེད་རང་ལ་དོགས་ཆ་ཆེ་ཙམ་ཡོད་པ་སེལ་བྱེད་དུ་ཁ་འབར་མ་དཀར་ནག་ཁྲ་གསུམ། མཁའ་འགྲོ་གྲིབ་སེལ། མཁའ་འགྲོ་བསུ་བཟློག་གནང་། འདིས་མཚོན་ལྕགས་བྱི་ནས་མེ་རྟའི་བར་གོང་སྨོས་ཀྱི་རིམ་གྲོ་དང་སྡེ་བརྒྱད་ཀྱི་གྲིབ་སེལ། འཆི་བླུ། གདོན་འགྲོལ། གཤིན་རྗེ་འཆར་ཀའི་མདོས་ཆེན་རྒྱས་པ་གྲ་ཚང་གི་གྲ་པ་ཁ་ཤས་ཀྱིས་གསུང་རིམ་པ་བྱས་ནས་ཞག་བདུན་གྱི་བར་ལས་བྱང་དུས་བཞིར་བསྲང་བ་སྡིགས་རྒྱུན་དང་བཅས་བསྒྲུབས་མཐར་སྐུ་ནུབ་ཕྱོགས་ཀྱི་ལྕོག་རིལ་དུ་བཞུགས། ཆུ་སྟག་ལོ་ཀོང་པོ་ཕན་བདེ་བས་ཆབ་མདོ་དབོན་དྲུང་སོགས་དང་ལག་སྦྲེལ་བའི་ཁ་འཇམ་གཏིང་རྩུབ་ཀྱི་བྱེད་ངན་ཐོག་དཔུང་ཆེན་བཏེག་པའི་ཇུས་རིམ་ལ་འཆར་ཀ་སེང་ཞོན་མའི་མདོས་གཏོར་གནང་བའི་དུས་སྲོད་ཀྱི་ཐུན་གཏོར་འབུལ་བའི་ཚེ་བཤུགས་གླུའི་སྒྲ་ཆེན་པོ་ཀུན་གྱིས་ཚོར་བ་སྒྲུབ་པ་པོ་རྣམས་ལ་སྤྱན་ལྟས་ངོ་མཚར་བ་མདོས་གཏོང་ཉིན་རླུང་ཚུར་འོད་འཕྲོ་སྐད་ཅིག་ལ་ཤར་ཕྱོགས་སུ་འགྱུར་བའི་མེ་ལྕེའི་ཚོགས་དུམ་བུར་ཆད་པའི་ནུས་རྟགས་ཤིན་ཏུ་ཆེ་བ་བྱུང་། སློབ་དཔོན་པདྨ་ཐོད་འཕྲེང་དང་གྲུབ་པའི་དབང་ཕྱུག་ལྕགས་ཟམ་པ་ཆེན་པོའི་གནས་དཔལ་གྱི་ཆུ་བོ་རིར་ཚེ་ཆོག་འཛུགས་པའི་ཤར་པ་ལོ་ཤས་ཟེ་བོ་འཆི་མེད་བཀོད་པ་དང་དེ་རྗེས་སློབ་དཔོན་ཆེན་པོའི་ཆེ་(༤༩བ)


GLG009_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ཡོད་པའི་རྟེན་འབྲེལ་གྱི་ཁྱད་དང་བཅས་ཚེ་ཆུ་སྒྲུབ་སྡེ་བཞུགས་གནས་སུ་ཕུལ་ཞིང་ས་རིས་ཀྱང་སྔ་ཕྱིར་སྦྱར་བར་བརྟེན་མཆོག་སྤྲུལ་ལེགས་ལྡན་རྡོ་རྗེས་འབྲས་གཤོང་ལྷ་རི་རིན་ཅེན་སྙིང་ཕུག་ནས་གདན་དྲངས་པའི་ཚེ་དཔག་མེད་བདུད་རྩི་འཁྱིལ་བའི་སྒྲུབ་མཆོད་ལོ་ལོ་བཞིན་ཟླ་བ་བཅུ་གཉིས་པའི་ཉེར་དགུ་ལ་ས་ཆོག །གནམ་གང་ལ་དཀྱིལ་འཁོར་བྲིས་ཐིག་ཚེས་གཅིག་གི་སྔ་ཆར་སྒྲུབ་པ་ཚུགས་པ་བཅོ་ལྔ་ལ་དངོས་གྲུབ་ལེན་ཆོག་བཅུ་དྲུག་གི་ཞོགས་དཀྱིལ་འཁོར་བསྡུས་རྡུལ་ཚོན་གཤེགས་གསོལ་ལ་སེར་སྦྲེང་གི་བཀུར་སྟི་དང་བཅས་ཏེ་ཆུ་བོ་ཆེན་པོར་བཤགས་ཚུར་ཕེབས་རྒྱུན་གྱི་དཀྱིལ་འཁོར་གྱི་ཆ་རྣམས་བཤམས་ཚེ་ཆོག་ཚར་གཅིག་གཏོང་བའི་བར་གྱི་རྡོ་རྗེ་སློབ་དཔོན་དུ་རྗེ་བླ་མ་ཉིད་ཕེབས་ཤིང་དེ་མཚུངས་ཟླ་བ་གསུམ་པའི་ཉེར་དགུ་ནས་བརྩམས་ས་ག་ཟླ་བར་ཡང་ཤིན་ཏུ་རྒྱས་པ་གནང་ཞིང་རྒྱུན་དུའང་གྲངས་བཅད་ཀྱིས་ཚེ་ཆོག་ཆག་མེད་དུ་གཏོང་བའི་ཐུགས་ཁུར་བཞེས། ས་ཁྱི་ནས་བཟུང་བསྟན་པ་སྤྱི་རིམ་བོད་ཁམས་ཀྱི་བདེ་ཐབས་ལ་དམིགས་དབུས་གཙང་གི་སྔགས་སྡེ་མང་པོ་ནས་ཧོར་ཟླ་བཅུ་པའི་ནང་དུ་ཁྲོ་རོལ་གཏོར་རྒྱུན་བཙུགས་པའི་གཙང་གི་ཕུང་པོ་རི་བོ་ཆེར་ཁྲོ་བོ་རོལ་བའི་གཏོར་བཟློག་དཀྱིལ་འཁོར་རྡུལ་ཚོན་བསད་ཟློག་དང་ཁྱུང་བཅས་འཁོར་ལོ། གཞན་ཡང་ལྡེབས་ཁ་དགུ། ཟེར་ཁ་བཅུ། ཁ་བསྒྱུར་ཉེར་གཅིག་གིས་མཚོན་ཤིན་ཏུ་རྒྱས་པར་མཛད་པའི་ཉེར་དགུ་ལ་གཏོར་རྒྱག་དང་། གནམ་གང་ལ་བརྒྱགས་རྔན་སོགས་ཕྱག་ལེན་ཤིན་ཏུ་དངོས་གཙང་བ་གནང་། ཟླ་བ་བཅུ་གཅིག་པར་རིན་སྤུངས་སུ་འཆར་ཅན་གྱི་སྐུ་རིམ་གཞན་ཡང་དམིགས་(༥༠ན)


GLG009_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་གྱི་རིགས་ཇི་སྙེད་དང་ལྷ་འདྲེ་སྟོང་གི་དྲ་བ། མ་མོ་གླིང་བཞིའི་མདོས་དེང་སང་རྙིང་མ་པ་ཕལ་ཆེར་ལ་གྲགས་ཆུང་བ་དག་ཆོས་རྗེ་སྨར་ངག་དབང་ཐུབ་བསྟན་པར་ཕྱག་འཁྲིད་མཛད་ནས་དབུས་གཙང་དུ་ལན་གྲངས་མང་དུ་སོང་བའང་ནད་རིམས་འཁྲུག་རྩོད་ཞི་བའི་གསོས་སྨན་དུ་གྱུར། སྣེའུ་སྡོང་རྩེར་བཀའ་ཆོས་འབུལ་བར་ཕེབས་སྐབས་ཞབས་དྲུང་དགའ་ལྡན་དང་ཕྱོགས་མཐུན་དུ་རྩེས་དང་བསམ་གཏན་གླིང་གི་གནས་མཇལ་གནང་། ཆོས་རྒྱལ་ཕོ་བྲང་ནས་བསྙེན་བཀུར་དགོས་ཆ་རྣམས་གྲ་བསྒྲིགས་གཡོ་རུ་ཁྲ་འབྲུག་གི་གཙུག་ལག་ཁང་དུ་བསྟན་པ་སྤྱི་རིམ་ལ་ཁྲོ་རོལ་སླང་དགུ་མ་རྒྱས་པར་མཛད། བཀྲ་ཤིས་རྩེ་ཆོས་སྡེར་གསེར་གདུང་དངུལ་གདུང་གིས་གཙོས་པའི་མཆོད་ཁང་མགོན་ཁང་རྣམས་ལ་མཆོད་འབུལ་དང་ཚོགས་སུ་མང་ཇ། དེ་མཚུངས་རི་བོ་ཆོས་གླིང་ཡང་ཞབས་ཀྱིས་བཅགས་ནས་མཆོད་མཇལ་མང་སྐོལ་མཛད། ཁྲ་ཚང་དུ་བཞུགས་ཐོག་གཟིམས་ཁང་གོང་འོག །སྤངས་ཆེ་བ། གེ་ར་བ་རྣམས་ཀྱི་མི་ངོ་ལ་ཚེ་དབང་། སྨན་ལུང་དུ་ཁྲིམ་དབང་། ཐང་པོ་ཆེའི་མཁན་པོ་ལ་འཁོར་བ་དོང་སྤྲུགས་དང་ཁྱམས་སྟོད་པར་ཚེ་དབང་སྩལ། འདི་སྐབས་འཇིག་རྟེན་རྨོངས་པ་རྣམས་དད་པ་སྐྱེད་པར་བྱེད་པའི་ཆིབས་ཁལ་གྲ་རིས་སོགས་སྔར་དང་མི་འདྲ་བའི་གྲ་འགྲིག་འབྱོར་པ་ཆེ་བ་ཡོད་ནའང་ཡར་ཀླུངས་ཕྱོགས་སུ་བླ་མ་མཁས་གྲུབ་གཉིས་འཛོམ་གྱི་རིས་ལ་ཕྱིས་སྐོར་འཇུག་སྒོ་ཆེ་བ་ཡོང་གི་མེད་འདུག་པས་འཕྲིན་ལས་ཀྱང་དེ་ཙམ་མོ། །ཕེབས་ལམ་གྱི་ཞོར་དུ་གོང་དཀར་རྡོ་རྗེ་གདན་གྱི་ཆོས་(༥༠བ)


GLG009_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

གྲ་ཆེན་པོ་མཆོད་ཁང་མགོན་ཁང་རྣམས་ཀྱི་མཇལ་ཁ་དང་ཚོགས་ཆེན་དུ་མང་ཇ་སྐོལ་བ་གནང་། ངེད་རང་ནས་སྨན་གྱི་མཐུན་རྐྱེན་དང་བཅས་གསོལ་བ་བཏབ་ཅིང་རྗེ་ཉིད་ནས་ཀྱང་སྒྲུབ་རྩོལ་གནང་སྟེ་རི་ལུང་སྦུག་ཏུ་ཐོད་སྐུ་རྒྱུ་སྐར་ཉེར་བརྒྱད་རྡུལ་ཚོན་རྣམས་ཀྱི་སྟ་གོན་དང་ས་ཆོག་གིས་བསླང་བ། བཟུང་བ། སྲུང་བ། ཡེ་ཤེས་དང་ལས་ཐིག་གདབ་པ་ནས་རྒྱལ་ཆེན་དམ་སྲི་སྒོ་བྱང་མ་ཏྲཾ་དཀྱིལ་འཁོར་བྲི་བ་སོགས་སྨན་ཁྲོལ་བུ་བཏགས་བཙགས་ཕྱེ་མ་གོང་བུ་རྣམས་ཁྲོལ་བུ་ལའང་དམ་པ་རིགས་བརྒྱས་སྦྱང་བ་དེ་ཉིད་རིགས་ལྔས་སྦྱང་བ་གསང་ཚན་རིགས་གཅིག་གིས་སྦྱང་བ་སྟེ་གོང་བུའི་སྒྲུབ་པ། དེ་ནས་ཤར་དུ་བརྡུང་བ། ལྷོར་ཚག །ནུབ་ཏུ་སྦོོལ། བྱང་དུ་ཡབ་ཡུམ་གཉིས་མེད་བདུད་རྩིར་འཕེལ་བར་བསམ་པ། སྨན་ཞལ་ཕྱེ་ནས་དབང་རྣམས་རིམ་བཞིན་བསྐུར་བས་མཚོན་ཞག་གཅོ་ལྔའི་བར་བསྒྲུབས་པའི་མྱོང་གྲོལ་བྱིན་རླབས་ཀྱི་གཟི་བྱིན་འོད་དུ་འབར་བ་ནས་གཤོས་ཕོར་ཆུང་ཚད་གང་བ་ཙམ་གྱི་དམ་རྫས་འཕྲལ་དུ་སྐྱེལ་མི་གནང་།གཞན་ཡང་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་དཀྱིལ་འཁོར་ལ་བརྟེན་ནས་སྐྱེས་བདུན་མྱོང་གྲོལ་གྱི་རིལ་སྒྲུབ་མཛད་དེ་མཚམས་མེད་ལྔར་སྤྱད་པའི་སྡིག་ཅན་རྣམས་ཀྱང་མཐོ་རིས་དང་ཐར་པའི་ལམ་དུ་དྲངས་པས་དཀར་ནག་འབྱེད་པའི་ཆོས་ཀྱི་རྒྱལ་པོའང་ལས་ཀྱི་མེ་ལོང་ཐོགས་པ་ངལ་བའི་ཁུར་དུ་སོང་། ལྷ་ས་འབྲང་རྒྱས་ཤག་ཏུ་ཁྲོ་རོལ། ཚག་གུར་དུ་འཆར་ཁའི་མདོས།འཆི་བླུ། གདོན་གྲོལ། ཚེ་དབང་བརྒྱ་རྩ། ཕྱག་རྡོར་འབྱུང་འདུལ། རྟ་མགྲིན་སྐྱེར་སྒང་(༥༡ན)


GLG009_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཀྱི་དབང་། ཁོ་རེ་སྦུག་ཏུ་ཁྲོམ་པ་ལྔ་བརྒྱ་ཙམ་ལ་ཚེ་དབང་། སྐྱིད་གཤོང་། བདེ་སྐྱིད་གླིང་། གྲགས་པ་བ། ཡུལ་རྣམས་སུ་སྦྱིན་བདག་སོ་སོའི་བློ་དང་མཐུན་པའི་དབང་བཀའ། འཆི་བླུ། གདོན་བྱད་འགྲོལ་བ། མདོས་ཟོར། སྲེག་མནན། སྐོང་བཤགས། ཚོགས་བརྒྱ་སོགས་སྐབས་སུ་གང་བབས་མཛད། འཕྲང་སྒོ་བདེ་སྐྱིད་དཔལ་འབྱོར་དུ་མཆོད་དཔོན་དབུ་མཛད་གཉིས་ཀྱི་རིམ་གྲོར་དགྲ་མནན། ཆུ་ཤུར་ཁྲི་སྨད་དུ་མགྲོན་གཉེར་བསོད་ནམས་དབང་རྒྱལ་གྱི་རྐྱེན་སེལ་གྱི་དབང་བཀའ་དང་རིམ་གྲོ་སོགས་སྐྱིད་ཤོད་ཡར་ཀླུངས་གཙང་རོང་ཕྱོགས་ཀྱི་མཆོག་དམན་བར་པའི་སྦྱིན་བདག་ཀུན་གྱི་འདི་ཕྱིའི་མགོན་སྐྱབས་གླིང་དང་དཔུང་གཉེན་དམ་པ་མཛད་པ་ཤིན་ཏུ་མང་ནའང་ཆེ་ལོང་ཙམ་ལས་མཐའ་དག་བརྗོད་པར་མ་ནུས། གོང་ར་ལོ་ཙཱ་བའི་སྐྱེ་བ་ཟུང་མཁར་སླེ་སྦུས་པའི་བུར་བྱུང་ངམ་ཞེས་པའི་སྒྲོ་བཏགས་ལ་བརྟེན་དྭགས་པོ་གསལ་བ་སྒང་པའི་བུ་ལོ་རང་གི་བ་དང་བླ་མ་གཉིས་ཀ་ཡིན་པའི་ཀརྨ་ཆོས་རྒྱལ་བ་ལ་དགྲར་ལྟ་བའི་སྨྱོན་པ་ཞིག་ཡོད་པ་དེས་ཕྱོགས་ཀུན་ཏུ་དྲིལ་བསྒྲགས། རྗེ་ཉིད་ལའང་གནས་ཚུལ་ཞུས་པར་བརྟེན་བདག་གོང་རའི་གདན་ས་བླ་མའི་སྐུ་སྐྱེ་མ་ཕེབས་བར་བྱེད་མཁན་ཡང་ཡིན་ཅིང་ད་ཆ་སླེ་སྦུས་པའི་དེར་གསལ་པོ་བྱུང་ཡོད་འདུག་པས་སྐུ་སྐྱེ་གདན་མ་དྲངས་ན་རང་གི་རྩ་བའི་བླ་མ་ཡིན་པས་དོན་ལ་མི་བཏུབ་པར་མ་ཟད་ད་ལྟ་རོང་ཕྱོགས་སུ་ངེད་རང་ལ་ལོག་ལྟ་བྱེད་མཁན་མང་བའི་ཁར་སྐུ་སྐྱེ་ལ་བདག་རྐྱེན་མ་སྤྲད་ཅེས་ངན་པའི་ཁྱུར་རྫོང་འདུག་པས་གདན་(༥༡བ)


GLG009_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་སྐུ་ཞབས་སུ་གཙུག་ཕུད་དང་བདག་གིས་དབང་ཆོས་རྣམས་ཕུལ་ཆོས་ལུགས་སྣང་སོག་ཕྱོགས་དང་མ་འདྲེས་པ་ཞིག་གང་ཡོང་གི་དོ་དམ་བྱེད་གསུངས་པའི་རྒྱུ་མཚན་མཆོད་དཔོན་པ་བརྒྱུད་ངེད་རང་དང་སྡེ་པ་འཕྲིན་ལས་རྒྱ་མཚོར་གསུངས་བྱུང་བ་སྐུ་སྐྱེར་བདག་རྐྱེན་སྤྲད་ཕྱིན་གོང་ར་བ་ལྐུགས་མའི་ཞབས་བྲོ་སྔར་ཤུལ་དུ་ལྷོགས་པ་ལས་འོས་མི་འདུག་པས་རྗེ་ཉིད་ལ་དགོན་མཆོད་གཞིས་གྲ་རིས་དབུས་ཆུ་ལྷོ་བྱང་གང་རིས་ནས་གོང་ར་ལས་མི་ཞན་པའི་སྦྱོར་འཇགས་གང་ལེགས་ཞུ། གོང་རའི་སྐོར་བཅས་རྣམས་རིན་སྤུངས་ནས་རྩིས་བླངས་པའི་རོང་དུ་གོང་ར་ཟེར་བ་ཞིག་དགོས་རྒྱུ་མིན་ངེས་ཡིན་ཚུལ་གསོལ་བས་ངེད་རང་དབུས་ཕྱོགས་སུ་སྡོད་པར་ཡང་སྤྲོ་ཞིང་བཀའ་བཞེས་དེ་བཞིན་བཀའ་དྲིན་ཆེ། རོང་གི་དགོན་གཞིས་རྣམས་རྩིས་འབུལ་བར་བདག་འགྲོ་དགོས་སམ་ཆོས་རྗེ་དྲུང་དགོན་པ་བ་བསྡད་ཡོད་པ་ཁོང་གིས་ཆོག་ཅེས་ཐུགས་ཐག་བཅད་པའི་ཕེབས་སྒོ་གནང་། ཞག་ཤས་ནས་སྐུ་ངོས་ཀྱིས་ངེད་ལ་ཁ་སང་མཆོད་དཔོན་བརྒྱུད་པའི་བསླབ་སྟོན་དེ་བཞིན་ཕེབས་པ་གོང་རའི་གྲ་རིས་མཐོང་སྣང་ཅན་དེ་ཚོ་དང་ལྷན་དུ་སྡོད་མ་དགོས་པ་སོ་སོད་ཅིང་དགེ་སྦྱོར་སྨར་བ་དབུས་ཕྱོགས་ཀྱི་དགོན་གྲ་རིས་རྣམས་རང་དབང་འདུ་ཞིང་ལེགས་པ་ཡོང་འདུག་པ་གོང་རར་བླ་མ་སུ་འདྲ་ཞིག་གནང་ཡང་མ་སྟོངས་ཙམ་བྱུང་ན་དེས་འཐུས་པ་འདུག་རུང་ས་རིས་གཞུང་བཞེས་གནང་བའི་དགོན་པ་ཁུངས་མེད་དུ་སོང་ན་སྨན་ལུང་པས་ཁོ་རང་དབུས་ཕྱོགས་སུ་གྲུ་བཞི་ལམ་ལམ་བྱས་ལོ་ཆེན་གྱི་ཤུལ་རྣམས་མིང་ཙམ་ཡང་མ་ལུས་པའི་རྗེས་ངན་འདི་(༥༢ན)


GLG009_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བཞག་ཅེས་དམ་ལོག་གི་གྲལ་ཆེན་པོར་གཏོང་ཐག་ཆོད་ཡིན་པས་སྐུ་སྐྱེ་གདན་དྲངས་མ་ཆོག་ནའང་སྐོར་ཅིག་ཡར་ལོག་ཆོག་པ་དང་འཚམ་བབས་ལ་འཁུར་བ་སྐམ་པོའི་ཟེམ་འཇོག་བྱས་རྗེས་དབུས་ཕྱོགས་ནས་དགོན་གཞིས་གནང་ན་ཐུགས་རྗེ་ཆེ་འདུག་མ་བྱུང་ཡང་ན་སོ་རྒན་པོ་ཡིན་པས་རི་ཁྲོད་དུ་བསྡད་ཆོག་ཚུལ་ཕེབས་སྒོ་ནན་ཆགས་པ་ལྟར་སྡེ་པ་ལའང་དེ་གའི་མོལ་མཆིད་བྱས། སྐུ་སྐྱེའི་སྐོར་གྱི་གླེང་བརྗོད་མ་བྱུང་ན་ཤམྦྷར་རང་སློག་ཡོང་གྲབས་ཡོད་པས་རྐྱེན་དེས་ཆོས་རྗེ་བྲག་ལ་བར་དཔལ་རྒྱ་མཐོངས་སུ་བབས་གཤིས་འདི་རེས་ནས་ཁལ་སུམ་བརྒྱའི་གཤོར་འདེབས་དང་རྗེས་སུ་ཤོལ་ར་བ་གནས་རྙིང་གི་ཁྲིར་བྱོན་པ་ནས་ཁོང་གིས་གསོལ་སྐལ་རྣམས་ཤམྦྷར་གྱིས་ཚབ་ཏུ་ཕུལ་གྲ་རྙིང་ཕལ་ཆེར་གྲུབ་མཐའི་དབང་གིས་ཕྱོགས་སུ་བྱེར་ནའང་གྲ་བཙུན་གསར་པའི་རིས་དང་དབུས་གཙང་གཉིས་ཀར་དགོན་མཆོད་གཞིས་ཡར་རྒྱས་སུ་སོང་བའི་ངེས་གསང་རྡོ་རྗེ་གླིང་པ་ཞེས་སྔ་འགྱུར་གྱི་བསྟན་པ་མཛེས་པའི་རྒྱན་དུ་མཛད། ས་སྤྲེལ་ནང་དུ་ལས་བྱང་ལེའུ་བརྒྱད་པའི་ཆོག་བསྒྲིགས་དང་འབྲེལ་བའི་ཚེས་བཅུའི་གར་འཆམ་རིན་པོ་ཆེ་ཀུན་བཟང་རྩེ་པའི་ཕྱག་ལེན་འཁྲུལ་པ་མེད་པ་འཛུགས་པ་གནང་བའི་ཞལ་འབག །སྐྲ་བརྙན། ཕོད་ཀ །གར་གོས། རུས་རྒྱན། པྲོག་ཞུ། ཌཱ་དྲིལ། བྷན་ཕུར། ཕྱག་མཚན་གྱི་རིམ་པས་མཚོན་དགོས་ཆ་ཆེ་ཕྲ་མཐའ་དག་དང་སློབ་དཔོན་ཆེན་པོ་ཆེ་མཆོག་གི་བྲིས་སྐུ་སྨན་ལུང་ཤཱཀ་འོད་ཀྱི་འབུར་སྐུ། གཞན་ཡང་རྟེན་མཆོད་ཀྱི་རིམ་པ་ཡོལ་པ། བླ་བྲེ། སྙན་དར། སྦུག་སིལ། རྔ། དུང་(༥༢བ)


GLG009_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན། ཐབ་གདན་སྤྱད་ཀྱིས་གཙོས་པའི་གྲ་ཚར་གྱི་སྤྱི་རྫས་ཐམས་ཅད་དེབ་ཐེར་དུ་བཀོད། སྔར་ལོ་ཆེན་གྱི་དུས་ཀྱི་སྤྱི་རྫས་རྣམས་སངྒྷ་གཅིག་པུས་བདག་གིར་བཟུང་ནས་རྗེས་སུ་འདི་བྱས་ཅི་ཡང་མ་བྱུང་བས་ད་སྒོས་བླ་གཉེར་གྲ་རིས་སུས་ཀྱང་སྒེར་བདག་ཏུ་མ་སོང་བར་གོང་ར་ངེས་གསང་གླིང་པར་འཇགས་དགོས་པའི་ཚོགས་གཏམ་ཆོས་སྲུང་ལ་གཉེར་གཏད། གྲ་ཚང་གི་བཅའ་ཡིག་རྩོམས་ཤིག་པར་བཀས་བསྐུལ་བ་ལྟར་ས་བོན་གྱི་དོན་བཞིན་བྲིས་པར་ཐམ་ཀས་གནོན་གསུང་བ་བཞིན་རྒྱས་བཏབ། བར་སྐབས་སུ་ཆོས་རྗེ་ཐུབ་བསྟན་པ་དང་འགྱངས་སུ་སོང་བ་འདྲ་ཞིག་སྣང་བ་ཁྲ་ཚང་པའི་ཞལ་ངོའི་རིས་ཁྲོལ་མི་འདུག་པས་ཁོང་པར་ཆོས་ཕྱོགས་ཀྱི་སྤྱན་འཁྲིད་སོགས་བདག་རྐྱེན་མཛད་པ་འགབ་ཚུལ་གསོལ་བ་བཞིན་གདན་སའི་ཐུགས་རྩེ་བསྟད་ཅིང་སྐུ་སྐྱེ་ངག་དབང་འཇམ་དབྱངས་ཀྱང་འོ་བརྒྱལ་སྐབས་དང་རྗེས་སུ་མཆོད་དཔོན་གྱི་ལས་འཛིན་དུ་འགྱུར་བའི་བདག་རྐྱེན་གང་འོས་གནང་རྩིས་ཀྱི་ཕྱག་བྲིས་ཡིག་ཐོག་ཏུ་འཁྱོན་པ་སོགས་དགོན་ཡས་མས་མཐའ་དག་ལེ་དབར་མི་འཆོར་བའི་གྲ་སྒྲིག་གི་བཀའ་ཁྱབ་ཆེར་མཛད་དོ། །གཞན་ཕན་འཕྲིན་ལས་སྦྲང་རྩི་དངར་པོའི་བཅུད། །མཁས་བཙུན་གྲུབ་པའི་སྙན་གྲགས་དྲི་བསུང་ངད་། །ལྷན་ཅིག་འཐུལ་བའི་འདབ་སྟོང་འཛུམ་པ་དེར། །བསྟན་འཛིན་ཨུཏྤལ་གཞན་གྱིས་འགྲན་ནུས་མིན། །སྣ་ཚོགས་ཁམས་ཀྱི་ཁྱད་པར་བརྒྱ་ཕྲག་ནད། །སེལ་བྱེད་སྙིང་པོའི་རོ་ནུས་བསྡེབས་པའི་སྨན། །འདི་ཕྱི་གཏན་དུ་ཉེར་སིམ་ཚོར་བ་ལ། །སྦྱོར་ཁྱོད་བཻ་ཌཱུར་སྣང་ཞིང་མགོན་པོའི་མཆེད། །ལོག་སྒྲུབ་ཚེར་དོང་མལ་ཡང་ཆུ་སྐྱེས་ཀྱི། །འདབ་ལྟར་བསྟེན་(༥༣ན)


GLG009_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བདག་གཞན་མཉམ་བརྗེས་ཀྱིས། །ངར་འཛིན་འགོང་པོ་རྩ་བ་གཅོད་པའི་མཚོན། །སྙིང་རྗེའི་མཁའ་ལ་གཟས་པར་ད་གདོད་འཁུམས། །དྲུག་པ་ལེགས་བཤད་ཀྱི་བསྟན་བཅོས་བརྩམས་པ་ནི། གསང་འདུས་ལས་གཞུང་བདེ་འཇུག་རབ་གསལ། ཐུགས་སྒྲུབ་གསང་བ་འདུས་པ། བླ་མའི་འཁྲིད་པདྨའི་ཞལ་ལུང་། གསང་འདུས་སློབ་མ་རྗེས་བཟུང་དབང་གི་སྒྲོམ། བླ་མའི་བསྙེན་ཡིག །གསང་འདུས་འཆམ་དབྱངས་ཀྱི་གསལ་བྱེད། རྫོང་ཆེན་ཚེ་སྒྲུབ་ལག་ལེན་ཉི་ཟླ་གསལ་བྱེད། གསང་འདུས་གཞུང་དང་ལྷན་ཐབས་ལེའུ་བརྒྱད་པའི་ངག་འདོན་དཀྱུས་གཅིག་ཏུ་བཀོད་པ། རྫོང་ཆེན་བླ་མའི་གསོལ་འདེབས། མཉམ་སྦྱོར་སྔོན་འགྲོའི་ངག་འདོན། རྒྱུན་གྱི་རྣལ་འབྱོར་བླ་མ་དང་ཞི་ཁྲོ་བཀའ་བརྒྱད་ཡོངས་རྫོགས་ཀྱི་ལས་བྱང་སྐོང་བཤགས་བསྙེན་སྒྲུབ་ཡན་ལག་བཞིའི་དོན་གསལ་བཀའ་གཏེར་ཟུང་འཇུག་རྣམ་རོལ། སྒྲུབ་ཁོག་ངག་འདོན་ཁོལ་དུ་ཕྱུང་བ་ཞི་ཁྲོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ལས་བྱང་ལྷན་ཐབས་བཀོལ་བྱང་ཕྱོགས་གཅིག་ཏུ་བསྒྲིགས་པ། ཡོངས་རྫོགས་རབ་གནས་བདེ་ལེགས་ཀུན་འབྱུང་། དེའི་ངག་འདོན་ཁོལ་དུ་ཕྱུང་བ། ཁྲོ་རོལ་ཆོག་བསྒྲིགས་ནག་པོ་འགྲོ་ཤེས་ཕྱག་བཞེས་གོ་དོན་གྱིས་གསལ་བར་བྱས་པ། རྡོ་རྗེ་གཏུམ་པོ་མེ་ལྕེ་འཕྲེང་བའི་དབང་ཆོག་དབང་བཤད་དང་བཅས་པ། རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་སྒོམ་བཟླས་རྒྱུན་འཁྱེར། བཀའ་བརྒྱད་ཡོངས་རྫོགས་རྣམ་བཤད་འཕྲིན་ལས་རབ་རྒྱས་གུ་རུའི་དགོངས་(༥༣བ)


GLG009_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན། དེའི་སྔོན་འགྲོའི་ལྷན་ཐབས་རྒྱུ་འབྲས་ཆོས་བཤད། ཡོངས་རྫོགས་མངོན་རྟོགས་བསྟོད་ཆེན་གོང་མའི་ཞལ་ལུང་། ཡོངས་རྫོགས་ལས་བཞིའི་སྦྱིན་སྲེག་མ་འདྲེས་ཡོངས་རྫོགས། གུར་མགོན་གྱི་རྗེས་གནང་། དཔལ་མགོན་མ་ནིང་གི་སྲོག་དབང་། ལྷ་མོ་རང་བྱུང་བའི་སྒྲུབ་སྐོར། བོད་ཡུལ་བསྟན་མའི་སྲོག་དབང་། སེང་ལྡེང་ནགས་སྒྲོལ་གྱི་སྒྲུབ་ཐབས་རྗེས་གནང་སྐལ་བཟང་དགའ་སྟོན། ལྷ་བསངས་བར་ཆད་ཀུན་སེལ། བསྔོ་བ་མདོར་བསྡུས། རྣམ་བཅུ་དབང་ལྡན་དང་མཆོད་རྟེན་གྱི་ཐིག་རྩ་ཉུང་ངུ་གསལ་བྱེད། སུམ་རྟགས་ཀྱི་འགྲེལ་བཤད་ཟུང་འཇུག་སྣང་བྱེད་ཡིད་ཀྱི་ཤིང་རྟ། གསུང་སྙན་རིན་པོ་ཆེའི་དྲི་ལན་ཀ་ཤི་ཀའི་ཆུན་པོ་སྣང་བའི་མཛོད་ཀུན་ཏུ་བཟང་པོའི་དགོངས་པའི་རྒྱན། ནང་སོ་འཇམ་དབྱངས་ལ་ལན་དུ་སྤྲིངས་པའི་གཏམ་བྱིས་པ་རྒན་པོའི་རླུང་སྨན། མཁན་རིན་པོ་ཆེ་ངག་དབང་ཆོས་གྲགས་ཀྱི་དྲི་ལན་ལས་བརྩམས་ཏེ་སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་བཞད་པའི་རོལ་མཚོ། གྲུབ་རིས་རླངས་ཀྱི་གདུང་རབས་རྟོགས་བརྗོད། ཛམ་ལ་དཀར་པོའི་རྗེས་གནང་། ཆོས་སྲུང་རྣམས་ཀྱི་མཆོད་བསྟོད་ཀྱི་རིམ་པ། གསང་སྔགས་ནང་གི་གཏོར་བསྔོ། ཚེ་དཔག་མེད་བདུད་རྩི་འཁྱིལ་བའི་གཏོར་འབུལ། བླ་མ་ཆོས་རྒྱལ་རྡོ་རྗེ། སྣེའུ་སྡོང་རྩེ་ཞབས་དྲུང་ཡབ་སྲས། གོང་ར་རྡོ་རྗེ་གླིང་གྲ་དམངས་ཀྱིས་ཞུས་པའི་རྗེ་ཉིད་དང་ཤྲཱི་ལོ་སྤང་པས་ཞུས་པའི་བརྟན་བཞུགས། གཞན་ཡང་ཁྲ་ཚང་ལ་བརྟན་བཞུགས་རྒྱལ་ཡུམ་ཕར་ཕྱིན་མ། ཆོས་དབྱིངས་ཟད་མེད་མ། རྒྱལ་བ་(༥༤ན)


GLG009_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་མ། བསྟན་པ་མཚུངས་མེད་མ། དོང་སྤྲུག་མཆོད་ཐེབས་གྲ་ཚང་ལ་འཇགས་དགོས་པའི་སྣེའུ་སྡོང་གོང་མ་ཆེན་པོར་ཕུལ་བའི་ཆབ་ཤོག་ནི། རིགས་མཆོག་རིན་ཆེན་དུ་མའི་ས་འཛིན་དབང་། །ལེགས་བྱས་འོད་བརྒྱའི་སྣང་བས་འཁྱུད་པ་དེ། །ཀུན་ཁྱབ་གླིང་བཞིའི་མུན་སེལ་བསྟན་འགྲོའི་དཔལ། །མི་དབང་ཞབས་པད་འགྱུར་མེད་དེར་ཕྱག་འཚལ། །སྒྱུ་ལུས་གོག་པོས་གཙང་རོང་དོག་ས་མྱུལ། །ཤི་གསོན་དཀོར་ཟས་མེ་མུར་འགམ་བཞིན་དུ། །སེམས་ཉིད་རྐང་དྲུག་ཁྱོད་ཞབས་པད་ཚལ་དེར། །འཕུར་ལྡིང་རྩེ་བའི་འབངས་དེས་འདི་སྐད་ཞུ། །བདེ་གཤེགས་ཕག་གྲུ་རང་གི་ཆོས་སྲིད་ཆེ། །འཛིན་ལ་སླར་བྱོན་ཙམ་ལ་ངོ་མཚར་ཅི། །དུག་སྒྲིབ་མ་སྦྱངས་གངས་ཅན་འགྲོ་བ་འདིས། ཁྱོད་མཚན་ཐོས་པའི་སྐལ་བཟང་འདི་ངོ་མཚར། །འོན་ཀྱང་མུན་པའི་བྱུག་པ་ལ་དགའ་བའི། །ཉེ་འཁོར་གྲོགས་ལ་ཅི་ཡང་སྣང་སྲིད་ཕྱིར། ཁྱོད་སྐུ་སྐལ་བཟང་ནམ་མཁའི་ནོར་བུ་དེ། །རྩོད་དུས་ཆུ་འཛིན་སྒྲིབ་བྱེད་རྒྱང་བསྲིངས་སམ། །བསྟན་འགྲོའི་དོན་དགོངས་ཐུགས་བསྐྱེད་འོད་བརྒྱའི་འཕྲེང་། །ཕྱོགས་བཅུར་བཀྱེ་ན་ནམ་མཁའ་རལ་གྱི་དོགས། ཁྱོད་ཐུགས་ཁོ་ནར་རྟག་ཏུ་ཞེན་པ་དེའི། །ཡིད་དམ་བརྟན་པོ་ད་དུང་མི་འདོར་རམ། །བགྲང་གཞིའི་བ་གམ་བརྩེགས་པའི་རི་མགུལ་དུ། །ཚེམས་འཕྲེང་གངས་རི་ཞུ་བའི་གཤེར་རྒྱུན་གྱིས། །དབུ་སྐྱེས་དུང་དང་ཀུནྡ་བཞིན་བྱས་ཀྱང་། །སྤྱན་འབྲས་ཨུཏྤ་ལ་དེར་མ་རེག་གམ། །སྐྱོབ་པའི་སྤྱན་སྔར་བསྙེན་པའི་གྲུབ་རྟགས་ཀྱིས། །རྡོ་རྗེས་ཕས་རྒོལ་རི་བོའི་(༥༤བ)


GLG009_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་པ་ཀུན། །བཅག་པ་སྒྲ་སྐད་ཡི་གེར་འཕོས་པ་ལས། །སྤྱན་སྔ་བཀའ་བརྒྱུད་གྲགས་སྙན་ཕྱོགས་བཅུར་གསལ། །དབྱངས་ཅན་མགྲིན་བརྒྱ་ཆགས་པའི་ལེགས་བཤད་གཏམ། །རི་བོའི་ངོས་ལ་མྱ་ངན་མེད་པ་བཞིན། །ཕྱོགས་ཀུན་བུ་མོའི་རྣ་བའི་རྒྱན་ཉིད་དུ། །སྦྱིན་མཛད་འཇམ་དབྱངས་ཚེས་ལྔ་རིན་པོ་ཆེ། །མཆེད་ཟླར་སྙན་གྲགས་ཐོས་པའི་ཀུན་དགའ་ལེགས། །ས་ཆེན་ཕྱག་གིས་འཁྱུད་པ་དེ་དག་ཀུན། །སྒྲ་སྙན་མངོན་བརྗོད་སྡེབ་སྦྱོར་ཚིག་འཕྲེང་དང་། །དོན་བརྒྱུད་བདེ་སྟོང་གར་དགུའི་ཐུགས་སྙམས་འབར། །དེ་ལྟའི་རྣམ་ཐར་ཤིང་རྟའི་སྲོལ་ཆེན་མ་ཉམས་པ། །རིན་ཆེན་རིན་ཐང་བྲལ་བའི་རྒྱན་ཕྲེང་མཆོག་དེ་ཉིད། ཁྱོད་སྐུའི་གདུང་འཛིན་སྲས་བཅས་རྒྱན་དུ་བཞེས་ཞབས་སེན། །འཇིག་རྟེན་གསུམ་གྱི་སྤྱི་བོར་འགོད་པར་ཆས་ལགས་སམ། །རིང་མོ་ཞིག་ནས་དཔོན་གཡོག་མཆོད་ཡོན་དུ། །འབྲེལ་པ་སྨན་ལུང་པར་གྲགས་རྡོ་རྗེ་འཛིན། །ཙན་དན་སྡོང་པོ་ལྟ་བུ་དེ་དག་ཀུན། །ལྷ་ལམ་གཤེགས་ཤུལ་སྐྱེས་པའི་གཞུག་གུ་ཏོག །ཡོལ་མོའི་ཕུང་པོ་ས་མཐར་འཁྱར་བ་བདག །གོང་མའི་བཀའ་དྲིན་གསོབ་དང་ཁྱོད་དགོངས་ཀྱང་། །འཁྲིད་ཕྱིར་ངན་སོང་དོང་སྤྲུག་སྒྲུབ་མཆོད་ཀྱི། །དམ་བཅའ་ཕུལ་བ་ཉམས་པར་གྱུར་པ་ཡི། །ནོངས་པ་ཆགས་དང་སླར་ཡང་གྲ་ཚང་འདིར། །ཡུན་དུ་འཇགས་པའི་བཀའ་ཤོག་འཚམས་སྤྲིན་མདངས། །འཛམ་གླིང་སྐྱེ་རྒུ་ཡོངས་ཀྱི་ཅོད་པན་དུ། །འཆིང་པར་འོས་པ་བརྩེ་བས་རྗེས་འཛིན་མཁྱེན། །དེ་སྐད་ཞུ་འཕྲིན་ན་ཆུང་མ། །དབྱངས་ཅན་རྒྱུད་མངས་སྒྱུར་མཁས་འདི། །བསོད་ནམས་ཁ་བཏགས་(༥༥ན)


GLG009_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གོས་གྱོན་ཏེ། །སོང་བ་སྤྱན་སྔར་སྨིན་གྱུར་ཅིག །ཅེས་པས་གཙོས་སྙན་ངག་གི་ལམ་ནས་དྲངས་པའི་རིགས་མང་བ་ཡོད་འདུག་པས་མཚོན་ལེགས་པར་བཤད་པའི་པུ་སྟ་ཀཿ ཕྱེད་གསུམ་ཙམ་རོང་པ་སྐུ་སྐྱེ་ངག་དབང་འཇམ་དབྱངས་ཀྱིས་བཀའ་བསྡུ་བྱས་པ་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་ཅིང་དེར་མ་འདུས་པའང་མང་རབ་ཡོད་ཚོད་དུ་སྣང་ངོ་། །ལོག་པར་རྟོག་པའི་འཁྲུལ་གཏམ་ས་འཛིན་རྐང་། །ཞིབ་མོར་དཔྱད་བའི་རྡོ་རྗེས་ཉེར་བཅག་ནས། །ལེགས་བཤད་རྒྱུད་མངས་འཁྲོལ་དང་ལྷན་ཅིག་གླུ། །སྐལ་ལྡན་ཉེ་དབང་ཚོགས་ཀྱི་རྣ་བའི་དཔྱིད། །རྩོད་སྔགས་གནམ་ལྕགས་འབེབས་ལ་ཆོས་ཀྱི་གྲགས། །ཉམས་འགྱུར་སྙན་ཚིག་སྨྲ་ལ་དབྱུག་པ་ཅན། །རྣམ་དག་བརྗོད་པ་ཙནྡྲ་གོ་མིའི་མཆེད། །ཡངས་པའི་བློ་གྲོས་དྲང་སྲོང་ཕུར་བུ་བཞིན། །ལུང་རྟོགས་ཡོན་ཏན་བླ་ནས་བླར་བརྩེགས་པའི། །ཕུང་པོར་སྤུངས་པ་སྣོད་ཀྱི་འཇིག་རྟེན་དུ། །མ་ཤོང་ནམ་མཁའི་ཕ་མཐའ་རལ་དོགས་ཏེ། །དགུ་ཚིགས་ཞགས་པས་འཆིང་བར་མེས་པོ་བྲེལ། །བདུན་པ་རྟག་འཛིན་ཅན་རྣམས་ཐར་པ་དོན་དུ་གཉེར་བར་བསྐུལ་ཕྱིར་ཆོས་དབྱིངས་འདུས་མ་བྱས་པའི་ཀློང་དུ་སྐུའི་བཀོད་པ་བསྡུས་པ་ནི། ས་ཕོ་ཁྱི་ལོ་གནམ་སའི་དབང་ཕྱུག་བསྟན་འཛིན་ད་ལའི་རྒྱལ་པོའི་ཁྲི་འདོན་ལ་དབུས་སུ་བྱོན་པའི་ཕེབས་ལམ་སྦྲུལ་གྱི་ས་བཅད་པ་སོགས་མི་ཤིས་པའི་རྟགས་མཚན་ཁ་ཡར་བྱུང་བ་དབུས་ནས་འཕྲལ་དུ་ཆིབས་ཁ་བསྐྱོད་དེ་རི་ལུང་སྦུག་ཏུ་ཞབས་ཟུང་གི་པདྨ་བཀོད་མ་ཐག་པ་ནས་སྐུ་མཚམས་བཅད་དེ་རྫོང་ཆེན་ཚེ་སྒྲུབ་ཀྱི་ལྗགས་བསྙེན་གནང་བས་མཚན་ལམ་དུ་མི་ཞིག་(༥༥བ)


GLG009_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ལྷུང་བཟེད་བཅུ་བཞི་ཕྱག་ཏུ་སྤྲད་ནས་ཚགས་ཀྱིས་ཟེར་བྱུང་བ་ཚེའི་ཚད་ཡིན་སྙམ་པ་ཡོད། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་རྡོར་བཟླས་མཛད་དེ་ལོ་འདི་ཙམ་གྱི་བར་སྐུ་ཚེའི་གེགས་ཞི་བའི་མཚན་མ་རྙེད་པས་ལོ་ཤས་འཆད་ཉན་རང་ལ་རྩོལ་འདོན་བྱས་ཆོག་པ་ཡོད་གསུངས། སྤྱན་སྔ་ཞྭ་དམར་བ་བཞི་པ་ཆོས་ཀྱི་གྲགས་པས་ཚེ་སྒྲུབ་མཛད་པ་ན་དགུང་ལོ་འདི་ཙམ་བཞུགས་ཀྱི་ལུང་བསྟན་བྱུང་འཕྲོས་འདུག །ཆོས་རྗེ་སོག་བཟློག་པའི་ཕུར་པའི་ཆོས་འབྱུང་དུ་ཁམས་པ་རྡོ་རྗེས་ཞ་ལུ་ལོ་ཆེན་གྱི་སྐུ་རིམ་ལ་ཕུར་པ་བསྒྲུབས་པས་ཤིང་ཏོག་མང་པོ་བྱུང་བ་བླ་མར་ཕུལ་བས་གང་བཞེས་ཀྱི་གྲངས་དང་མཉམ་པའི་སྐུ་ཚེ་བྱུང་བ་སོགས་ལོ་རྒྱུས་མང་པོ་ཡོང་མཆིས་པས་དེ་འདྲ་ཞིག་གནང་དགོས་ཞེས་ལྗགས་ལུང་གི་དུས་ངེད་ལ་བསླབ་སྟོན་གྱི་ཚུལ་དུ་ལན་ཅིག་གཉིས་གསུངས་བྱུང་བ་ལོ་གྲངས་ནི་དེ་ཁོ་ནའི་ཐོག་ཏུ་སོང་། ཆུ་བོ་རིར་སྐུ་ལྟེམ་པའི་དུས་ཨོ་རྒྱན་རིན་པོ་ཆེར་གསོལ་འདེབས་མཛད་པས་ནུབ་ཁ་ཡར་གྱི་འོད་གསལ་དུ་ལྷུང་བཟེད་རེ་ཙམ་འབུལ་མཁན་བྱུང་བ་བསྡོམས་ན་ལྔ་ཙམ་གྱི་ཚོད་ཡིན་ཚུལ་སྐུ་སྐྱར་ཕེབས་སྒོ་གནང་འདུག་ཅིང་ཆོས་རྗེ་ངག་དབང་ཐུབ་བསྟན་པར་ལོ་བཅུ་ཙམ་བཞུགས་པའི་མཚན་ལམ་ཞིག་བྱུང་གསུངས་པ་ཡར་ཀླུངས་སུ་རྟིང་མ་ཕེབས་སྐབས་དབང་བཀའ་གཉན་པའི་རིས་མངས་ཤིང་ལོག་ལྟ་ཉི་མའི་གྲིབ་སོ་དང་དད་ཅན་མཚོ་ལ་དར་དུར་གྱི་དཔེའི་དམ་སེལ་འདི་སྐུ་ཚེའི་སང་དུ་ཆེ་བས་ལོ་གྲངས་ཅུང་མ་ཐེངས་པའི་འཕྲོས་སྣང་། ལྕགས་ཕག་ཟླ་བ་ལྔ་པའི་ཚེས་བཅོ་ལྔ་ནས་གཞན་སྣང་དུ་བསྙུན་པའི་ཚུལ་བསྟན་(༥༦ན)


GLG009_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

པར་གནས་ཚུལ་གྱི་ཕྱག་ཐམ་ན་བཟའ་སྐོར་དང་ཆིབས་པས་གཙོས་པའི་རྟེན་གནང་འདུག་པར་བརྟན་བཞུགས་དང་བཅས་འཚོ་བྱེད་ངག་དབང་འཕྲིན་ལས་རྫོང་བདའ་ཞུས། ངེས་གསང་གླིང་དུ་བསྐང་གསོ་བརྒྱ་རྩ། འཆི་བླུ། གྲིབ་སེལ། འབུམ་ཚར་བཅུ། ཉི་ཁྲི་དང་ལུག་བཅུའི་སྲོག་བླུ། གཞན་ཡང་རོང་གཞུང་གི་དགོན་ཆེ་འབྲིང་ཆུང་གསུམ་ལ་སྤོང་དག་མང་སྐོལ་གྱིས་མཚོན་པའི་སྐུ་རིམ་དུ་མ་གནང་། སྐུ་མི་འཁྲུགས་པའི་ཆེད་དུ་གྲ་པ་རྣམས་ཟུར་དུ་ཚོགས་པ་འགབ་ཚུལ་ཞབས་འབྲིང་པ་འདྲས་ཞུས་པར་ཚོགས་པ་དང་མཉམ་དུ་བསྡད་པར་འཁྲུགས་རྒྱུ་ཅི་ཡོད། ངེད་ཀྱི་བླ་མ་མཁས་གྲུབ་ཀརྨ་དབང་འབྱོར་དེའང་ང་ཆོས་སྒྲ་དིར་རི་བའི་ངང་ལ་འཆི་རྒྱུ་ཡིན་གསུངས་ནས་ཨེ་རུ་བདུད་རྩི་སྨན་སྒྲུབ་ཀྱི་ཚོགས་དཀྱིལ་དུ་གཞན་དོན་ལ་དགོངས་པ་ཡིན། ང་རང་གིས་དམིགས་པ་བྱས་གྲ་དམངས་ཀྱིས་ཚིག་དལ་པོར་བཏོན་ན་ཟུང་འབྲེལ་ཡོང་བས་ཚོགས་གཞན་དུ་མི་བྱེད་ཅེས་ཞིང་བརྗེ་ཁ་ཕན་ཚོགས་དབུ་རང་དུ་བཞུགས། གསོལ་དང་འགགས་པ་ཙམ་མ་གཏོགས་སྙུན་ཟུག་ཧ་ཅང་གིས་མངོན་པ་མེད་པས་སྤྲོས་བཅས་སྤྲོས་མེད་ཀྱི་ཐུགས་དམ་གྱི་རིམ་པ་ཆགས་པ་མ་བྱུང་། ངེས་གསང་རྡོར་གླིང་སྤྱི་སོས་བརྟན་བཞུགས་འབུལ་བའི་ཚིགས་བཅད་ཞུས་པར། པད་འབྱུང་རྒྱལ་བ་རྒྱ་མཚོའི་བྱིན་རླབས་ལས། །བློ་གྲོས་མཆོག་གི་དགོངས་པ་མི་འགྱུར་ཞིང་། །གསོལ་འདེབས་སློབ་བུའི་སྒོ་གསུམ་བྱིན་གྱིས་རློབས། །དབྱེར་མེད་ཀ་དག་ཆེན་པོར་ཡོངས་གྲོལ་ཤོག །(༥༦བ)


GLG009_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་གནང་བར་བརྟན་བཞུགས་ཀྱི་ཚིག་གསལ་བར་མ་བྱུང་བས་དེ་མིན་པ་ཞིག་དགོས་ཚུལ་ཞུས་ལན་དུ་ཕུགས་ཀྱི་རྟེན་འབྲེལ་ཡོད་པས་འདི་ཁས་ཡོང་ཞེས་གསར་དུ་མ་མཛད། ཐོག་པོ་གདུང་བརྒྱུད་ཀྱིས་རྗེའི་སྐུ་དགྲ་བྱས་པའི་སྐྱོན་ཡིན་ནམ་ཁོ་པ་དང་ཐག་མི་གཅིག་པ་དེ་ལ་སྐྱོན་ཅན་ཡོད་མདོག་མ་ཁ་རུང་ཆས་འདྲེས་སྐྱོན་ལྟ་བུས་གང་ལྟར་ཐོག་པོ་བའི་བརྟན་བཞུགས་པ་ཧོར་ཟླ་དྲུག་པའི་ཚེས་བཅུ་བཞིའི་ཉིན་དྲུང་དུ་བཏང་བའི་དམ་སེལ་ལྟ་བུས་རྐྱེན་བྱས་སྐུ་ཁམས་ཐིབས་ཀྱིས་སོང་བ་ཚེས་བཅོ་ལྔའི་ཉིན་ཞབས་འབྲིང་པ་ཚོས་སངས་རྒྱས་ཀྱི་འཕེལ་གདུང་ཕུལ་བ་བཞེས་རྗེས། དེ་ཡང་ནམ་མཁའ་གསུམ་ཕྲུགས་ལྟ་གདེངས་ཆོས། །གསལ་བ་བསམ་བྲལ་སྙིང་པོའི་ཀློང་དུ་ཞོག །ཆོས་སྐུ་མངོན་གྱུར་ཡང་གྱི་ཟངས་ཐལ་འགྲོ། །ཞེས་པའི་དགོངས་པ་ལྟར་སྤྱན་གཡས་བཙུམ་གཡོན་ཡས་མས་གང་དུའང་མ་སྒྲིལ་བར་དཀྱིལ་རང་དུ་ཧྲིག་གེར་སྐུ་དྲོད་སངས་མ་ཡལ་བར་འཇོག་པ་གནང་། དེའི་ཚེ་ནམ་མཁའ་ཐམས་ཅད་འཇའ་འོད་རྨ་བྱའི་གདུགས་བཞིན་དུ་ཕུབ་པས་མཐོང་བའི་མི་རྣམས་སྔར་འདི་འདྲའི་འཇའ་སྤྲིན་མ་དྲན་ཞེས་ཡ་མཚན་དུ་བྱེད། བྱམས་ཆེན་ནས་གནས་མོ་བསོད་ནམས་བུ་ཁྲིད་ཟེར་བས་གོང་ར་རྙིང་པའི་གྲུབ་མཐའ་བཟུང་ཕྱག་དབང་ཞུ་བ་ལྟ་སྨོས་མིག་ཙམ་ཡང་མི་ལྟ་བ་ཞིག་ཡོད་པ་ཞོགས་པ་ཐོག་བསངས་གཏོང་དུས་རི་ལུང་སྦུག་འཇས་གཏུམས་པ་མཐོང་ནས་དེ་གའི་ཁྱིམ་མཚེས་རྣམས་ལ་འདི་འདྲའི་ངོ་མཚར་བ་མཐོང་བས་ཅི་ཡིན་ཞེས་སྨྲས་པར་རི་ལུང་སྦུག་དཔོན་སློབ་སྐུ་ལྟེམ་ཡོད་འདུག་(༥༧ན)


GLG009_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

པས་མེ་ཏོག་འཐོར་བ་ཨེ་ཡིན་བྱས་པར་སྐད་ཅིག་གིས་དད་པའི་སྤུ་ལོང་གཡོས་ཏེ་ཕྱག་བརྒྱ་སྟོང་དུ་བཙལ། རི་ལུང་སྦུག་ཏུའང་འདས་བཤགས་པའི་ཐབས་མང་པོ་བྱས། ཞག་བཞི་སོང་ཉིན་གནམ་ས་བར་གསུམ་མཐའ་དག་འཇའ་འོད་ཀྱིས་ཁོ་ར་ཁོར་ཡུག་ཏུ་དཀྲིས་ནམ་མཁའ་མཐིང་ཞུན་མའི་མདོག་རྡུལ་བྲལ་སྟོན་གནམ་ལྟར་འོད་དུ་འཚེར་ཞིང་ས་ལ་ཆེར་འབབ་རྒྱུ་མེད་པ་ལ་ཁ་བའི་གཟེགས་མ་འདྲ་བའི་སྐྱ་ཐུལ་ཐུལ་བྱེད་པ་ནི་ལྷ་རྣམས་ཀྱི་མནྡ་རའི་ཆར་གྱི་མཆོད་སྤྲིན་སྤེལ་བར་མངོན། ཉིན་ཞིག་ཚོགས་དབུས་སུ་འཇའ་མདའ་གང་ཙམ་པ་མདུང་ཚུགས་སུ་ཟུག་པ་ཀུན་གྱི་སྤྱོད་ཡུལ་དུ་གྱུར། དབྱར་གྱི་སྒང་ཡིན་ནའང་རུལ་སུམས་དང་འབུའི་གནོད་པ་ལྟ་ཞོག་སྔར་མ་མྱོང་བའི་དྲི་བཟང་པོས་ཁྱབ། སྐུ་གདུང་རིན་པོ་ཆེ་ཡིད་བཞིན་གྱི་ནོར་བུ་ཞི་ཁྲོ་རབ་འབྱམས་ཀུན་གྱི་བདག་ཉིད་ཆེན་པོ་དཀྱིལ་འཁོར་གྱི་གཙོ་བོར་གྱུར་པ་ལ་ཆོས་རྗེ་སྨར་ངག་དབང་ཐུབ་བསྟན་པས་ཐོག་དྲངས་གྲ་སློབ་རྣམས་ཀྱིས་ཕྱི་ནང་གསང་བའི་མཆོད་པ་གདུང་ཆོག་རྒྱས་པར་བཙུགས། འདི་ནས་གདུང་འབུལ་གསེར་སྲང་གང་། དངུལ་སྲང་བརྒྱ། གོས་ཡུག་བཅུ། ཇ་ཁོར་དྲུག་མ་དང་གྲུམ་ཟེ་བཅུ་རེ། ཏཱ་ཚང་ཀོ་དྲ་གསུམ། བུར་ལྟང་། འབྲས་ལྟང་། རྒུན་ལྟང་། དྲིལ་དམར་སྔོ་སེར་ལྗང་ལྭ་ཏ་ཀ་རས་རྣམས་བཅུ་རེ། གོས་ངུར་སྨྲིག་ཡུག་ལ་སྤྲུལ་སྐུ་མྱུར་འབྱོན་གྱི་ཚིགས་བཅད་བྲིས་པའི་སྙན་ཤལ། རིན་སྤུངས་ནས་མང་ཇ་སྙན་དར་མཆོད་པ་བཟབས་པ། བརྒྱད་ཚན། ཕོ་བྲང་ཆེན་པོ་སྣེའུ་(༥༧བ)


GLG009_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

སྡོང་རྩེ་ནས་ལྔ་ཚན། རྡོ་རྗེ་བྲག་ནས་བརྒྱད་ཚན་གསུམ་མང་ཇ་འགྱེད་བཅས། སྣ་དཀར་རྩེ་ཁྲི་དཔོན་པས་བརྒྱད་ཚན། ཞ་ལུ་མཁན་རིན་པོ་ཆེ། བྱམས་ཆེན་མཁན་པོ། གཏེར་སྟོན་རིན་པོ་ཆེ། བཀྲ་ཤིས་རྩེ་དབོན་རིན་པོ་ཆེ། བདེ་ཆེན་ཆོས་འཁོར་བ། བླ་མ་བྲེས་པ། ཁ་མོ་གདུང་བརྒྱུད། མངོན་དགའ་རབ་འབྱམས་པ། བོན་ལུང་པ། མངའ་བདག་པ། དཔོན་ཚང་དར་རྒྱས་པ། ངེས་གསང་རྡོར་གླིང་པ་སྤྱི་སོ། རྭའི་སྔགས་པ་ཆུ་དཔེ་སྡིངས་པ། ཐོག་པ་བ། དགེ་ལུང་པ། རི་ལུང་སྦུག །མུན་ཞོལ། སྐྱེད་ཚལ་སྤྱི་སོ། པདྨ་གླིང་པ། དཔལ་འབྱོར་དར་རྒྱས། དཀར་པོ་ལྕོག །བོན་པོ་བ། ཆོས་རྫོང་སྤྱི་སོ། སྐྱེར་སྤྱི། སྐྱེད་ཚལ་བདེ་རྒྱས་པ། ཟངས་ལ་མཁར། གྲགས་པ་བ། ཨོ་རྒྱན་གླིང་། ཐོག་པོ་བཙུན་མ། བྱམས་ཆེན་མགོན་ཁང་། རི་སྦུག་པ། རྫོང་སྟག་སྤྱི་སོ། དབང་རྒྱལ། ཚེ་རིང་ཐོན་པ། ཆོས་དྲུང་། སྐྱིད་གྲོང་སྡིངས་པ་བ། སྒོ་མོ་རབ་པ། མཚལ་མིག་པ། ལྷུན་གྲུབ་ཆོས་སྡིངས། བྱམས་ཆེན་རྩེ། སེ་ལུང་། གནས་ནང་པ། དཀར་ཆོས་མཐིལ་བླ་བྲང་། བླ་བྲང་འོག །གྱང་ཁ་བ། རྒྱལ་མཁར་གཉེར་པ། མུ་མང་པ། བདེ་སྐྱིད་གླིང་པ། འཚོ་བྱེད་རྒྱལ་མཆོག །སངས་མཐོ། རབ་བརྟན། གསོ་རིག །ལེགས་བཤད། དམ་ཆོས་རྒྱ་མཚོ། ངག་དབང་དོན་གྲུབ། འགྱུར་མེད། ངག་དབང་རྒྱ་མཚོ། བློ་གསལ། བདུད་འཇོམས། མཁྱེན་བརྩེ། དོན་གྲུབ་རྒྱ་མཚོ། ངག་དབང་(༥༨ན)


GLG009_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཆོས། གུ་ཎ། ཨུ་ད་ཡ། བསྟན་འཕེལ། གཉེར་པ། དཔལ་འབྱོར། རྡོ་རྗེ་རྣམ་རྒྱལ། ཀཱིརྟི། ངག་དབང་དཔལ་ལྡན། འཕྲིན་ལས། བློ་བཟང་རྒྱལ་མཚན། དཀོན་མཆོག་ལེགས་ལྡན། ཨོ་རྒྱན། ནམ་མཁའ། མི་བསྐྱོད། ངག་དབང་པདྨ། རྡོར་རྣམ་པ། ཚུལ་ཁྲིམས་པ། བསྟན་འཛིན། ངག་དབང་ཀུན་དགའ། རྡོ་རྗེ་རྒྱ་མཚོ། བྱམས་ཆེན་ཆོས་མཛད། རུ་པ་བསྟན་འཛིན། སྐྱིད་ཁང་དབང་མོ། རམ་པ་སྤྱི་སོ། ཕན་བདེ་ལེགས་བཤད་གླིང་སྤྱི་སོ། དབུ་མཛད་བློ་བཟང་ཡོན་ཏན། དྲུང་འཚོ་སུམ་དགའ། ལྷ་ས་གཞིས་ཀ་ཤར་པ། ལགས་ངག་དབང་འཕྲིན་ལས། ཀ་བརྒྱད་སྦུག་པ། ཡར་འབྲོག་དཔལ་དེ་བ། ཤར་ཟུར་ཁང་པ། པདྨ། ཆུ་ཤུར་མཁར་བཙུན། ཚེ་ཆུ་སྒྲུབ་སྡེ། དགེ་སློང་དོན་ལྡན། རབ་འབྱམས་པ་གྲགས་པ་དཔལ་ལྡན། ཆུ་བོ་རི་ནས་མངོན་དགའ་གཟིམས་ཁང་པ། བསམ་གཏན་གླིང་པ། ཁང་གསར་ཆོས་མཛད། སྒྲོན་སྡིངས་དཔོན་ཆེན། སྒྲོན་སེ་མི་སེར། རྒན་པོ། ཆོས་རབ་མཛེས། ལྷ་ཁང་པ། གནས་གསར་ནས། སྐྱིད་པ། གཟིམས་དཔོན། མཆོད་དཔོན། མགྲོན་གཉེར། གསོལ་དཔོན། དབུ་མཛད་སོགས་མདོར་ན་དབུས་གཙང་སྟོད་སྨད་ཀྱི་མཆོག་དམན་དུ་མས་ཚན་གྲངས་དང་མར་ཀྲོག་གིས་མཐའ་བརྟེན་པའི་ཟང་ཟིང་གི་མཆོད་སྤྲིན་སྤྲོས། འདི་གར་ཐུགས་དམ་གསལ་འདེབས་ཀྱི་རྟེན་དང་སྡེ་(༥༨བ)


GLG009_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

པར་འབུལ་ཚན། སྣེའུ་སྡོང་རྩེ་རླངས་སྟོན་ཡབ་སྲས། མཁན་ཆེན་ཞ་ལུ་པ་ཆེན་པོ། རྡོ་རྗེ་བྲག་སྤྲུལ་སྐུ། གཏེར་སྟོན་རིན་པོ་ཆེ། སྒྲོལ་མ་སྦུག་པ། བླ་མ་བྲེས་ནས། གནས་གསར་དབོན་རིན་པོ་ཆེ། ཆོས་རྗེ་བཀྲ་བཟང་པ། བླ་མ་ཆུ་མིག་པ། ལོ་སྤང་པ། མངོན་དགའ་རབ་འབྱམས་པ། བདེ་ཆེན་ཆོས་འཁོར་བ། སྣ་དཀར་རྩེ་ཞབས་དྲུང་། ལྕགས་ཟམ་པ། བོན་པོ་ལུང་པ། བླ་བྲང་འོག །བཤད་སྒྲུབ་གླིང་། བྲ་ཕུ་དགོན་པ་བ་རྣམས་ལ་ཐུགས་དམ་གསལ་འདེབས་ཀྱི་རྟེན་ཚན་གྲངས། རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པར་མང་ཇ་སྤྱི་འབུལ་རྒྱ་སིལ་ཤུགས་བཅས། ཡར་ཀླུངས་བཀྲ་ཤིས་རྩེ་ཆོས་སྡེ། གོང་དཀར་རྡོ་རྗེ་གདན། གོང་དཀར་དཀོན་གཉེར་གྲ་ཚང་ཆུ་ཤུར་དགའ་ལྡན་གསང་སྔགས་གླིང་། རོང་དགའ་ལྡན་བྱམས་པ་གླིང་། འབྲས་ཡུལ་སྐྱེད་ཚལ། རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་བ། འབྲོག་སྟག་ལུང་གསང་སྔགས་ཆོས་འཁོར་གླིང་། ཟངས་ལ་མཁར། བྲག་ལ་བ། ཨེ་དམར། ཐོག་པོ་བ། ཆོས་རྫོང་། ཡུལ་ལྷ་བྲག་དཀར། ལྷས་སྒང་། སྡེ་བོ་ཆེ། རྫིང་རྟག །རྒྱ་ཆད། དཀར་ཆོས་གྲགས། དཀར་ཆོས་གནམ་སྡིངས། ཀྱོག་པོ། ཆོས་ལུང་གཞིས་ཀ །བཟད་ལུང་། སྒར་དགའ་ལྡན་འབྲུག་རྒྱལ། ཁམས་ལུང་། བྲག་སྒོ་ཆོས་ལུང་། པདྨ་གླིང་པ། སྤང་ཆེན་ཉེར་སྐྱེར། ཁ་མོ་བ། རི་ལུང་སྦུག །ཆུ་བོ་རིའི་དགོན་ཁག་རྣམས་ལ་མང་ཇ་བསྔོ་རྟེན་ཐུགས་དམ་གསལ་འདེབས་ལ་རྡོ་རྗེ་བྲག་ནས་རིགས་འཛིན་སྤྲུལ་པའི་སྐུ་མཆོག་(༥༩ན)


GLG009_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

གདན་དྲངས་པར་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་དཀྱིལ་འཁོར་ལ་བརྟེན་ནས་གསལ་འདེབས་ངེས་གསང་རྡོར་གླིང་པའི་ཚོགས་དབུར་ཕེབས་ཏེ་བླ་མ་གསང་འདུས་ཀྱི་སྒྲུབ་མཆོད་དང་འབྲེལ་བར་གདུང་ཡིད་བཞིན་གྱི་ནོར་བུར་ཁྲུས་གསོལ་དང་དབང་འབུལ་བ་གནང་། སྟན་ཆགས་རིང་གྲ་ཚང་དང་ཆབས་ཅིག་པར་བླ་མ་གསང་འདུས་དོང་སྤྲུག་བཀའ་བརྒྱད་ཡོངས་རྫོགས་ཀྱི་གསུང་ཆོག་མཛད། ཞབས་ཏོག་འབུལ་བ་རྙེད་བཀུར་བཟབས་རྒྱས་ཀྱིས་མཚོན་ལྷ་མཆོད་མི་མཆོད་རྒྱས་པར་བསྟར་བར་མཆོད་བསྔོ་གསུངས། ཟླ་བ་བདུན་པའི་ཚེས་ལྔ་དྲུག་ནས་སྐུ་གདུང་རིན་པོ་ཆེ་རིལ་པོར་བཞུགས་པའི་དངུལ་གདུང་གསར་བཞེངས་བཞུགས་ཁང་ཨར་པོ་སྟ་གོན་ལ་གྲ་རིས་རྣམས་ཀྱི་རྡོ་གསོག་ཕག་འདེབས། འུ་ལག་གི་དང་བླངས་བདེ་སྐྱིད་གླིང་པ། ཡུལ་ལྷ་བ། སྐྱིན་མི་སྒབ་སྡེ་བ། ཆུ་ཚན་ལྷ་ཁང་པ། སྐྱིད་ཁང་པ་རྣམས་དང་ཆོས་རྗེ་ཐུབ་བསྟན་པས་མཁས་གྲུབ་རོང་པ་ཤེར་སེང་གི་ཐུགས་དམ་རྟེན་ཞལ་གཟིགས་དུས་ཀྱི་འཁོར་ལོའི་དཀྱིལ་ཐང་སྤྲིན་གསེབ་མ་བསྐུར་ནས་ཧུང་རྒྱ་དགོས་ཚུལ་བྱུང་བ་ལྟར་ཡི་གེ་བསྲིངས་པ་དང་། ལྷ་ཁང་ཀ་ཐོག་པ་རང་གིས་ཀྱང་དང་དོད་ངོས་ཤིང་རྣམས་དབུལ་བའི་འདྲེན་མཁན་རྨུ་བ་བརྒྱད་མཁར་བ། སྐྱེར་ཤིང་ཤག་པ། རིན་སྤུངས་ཞོལ་པ་སོགས་ཀྱིས་བྱས་པར་བརྟེན་གཙང་ཁང་ཀ་དྲུག་མ་ཉིས་ཐོག་གི་རྩིས་སྤེན་བད་བཅས་ཟླ་བ་དགུ་པའི་ནང་དུ་གྲུབ་བསྟུན་དངུལ་སྲང་སུམ་བརྒྱ། གསེར་ཞོ་བརྒྱ་དང་བཅོ་ལྔ། (༥༩བ)


GLG009_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཟངས་ཁལ་བརྒྱ། ཆུ་ཟངས་ལྔ། ཟངས་སྦུག་ཟངས་རྒྱན་གྱིས་གཙོས་པའི་ཟངས་ལྡང་ཚོད། དངུལ་ཆུ་དང་། འདི་ག་ནས་ཞལ་འདེབས་སུ་གཡུ་པད་གཅིག །ཕུད་གྱུ་གསུམ། བྱུ་རུའི་འཕྲེང་བ། མེ་ཤེལ་གསུམ་གཞན་ཡང་ཞལ་འདེབས་ཀྱི་རིས་འདྲ་དང་བཅས་མདོར་ན་ཤིང་སོལ་བ་སྤྱིན་གྱིས་མཐའ་བརྟེན་པའི་དགོས་ཆ་ལྷུན་གྱིས་གྲུབ་པར་བལ་པོ་དྲུག་དང་ཤིང་བཟོ་བ་གསུམ་གྱིས་སོར་མོའི་འཕྲུལ་ཆེན་པོས་བདེ་བར་གཤེགས་པའི་བྱང་ཆུབ་ཆེན་པོའི་མཆོད་རྟེན་ཟླ་བ་ལྔའི་ཁོངས་སུ་ལེགས་པར་བསྒྲུབས། ཡར་ཀླུངས་བཀྲ་ཤིས་རྩེ་ཆོས་སྡེའི་གཟུངས་པར་གཏོས་ཆེ་བ་བཏབ་འདུག་ཅིང་འདི་ག་ནས་རྒྱལ་རྩེའི་གཟུངས་པར་འགྲོ་དོན་མ་བཏབ་པ་མང་རབ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཤ་རཱི་རམ་གྱིས་གཙོས་གསང་སྔགས་རྙིང་མ་གཙོ་བོར་གྱུར་པའི་བླ་མ་རྣམས་ཀྱི་སྐུ་གདུང་སྐུ་བལ་གྱི་རིང་བསྲེལ་དང་བུམ་པའི་ནང་དུ་ཉང་སྟོན་སྨན་ལུང་པ་གོང་མ་རྣམས་ཀྱི་ཕྱག་རྒྱུན་ལྟར་སྐུ་གདུང་རིན་པོ་ཆེ་མ་ཉམས་པས་གཙོས་གཟུངས་འབུལ་འཁྲུལ་པ་མེད་པ་ཆུ་ཕོ་བྱི་བའི་ལོར་བསྐྲུན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་མཆོག་གི་དང་པོའི་སངས་རྒྱས་ཀྱིས་རྩ་རྒྱུད་གསུངས་པའི་ནག་པའི་ཟླ་བ། རྒྱལ་དབང་པདྨ་ཀ་རས་ཁ་བ་རི་པའི་འགྲོ་བ་རྣམས་ཀྱི་དོན་དུ་སྐུ་དངོས་ཀྱིས་འབྱོན་པར་ཞལ་གྱིས་འཆེས་པའི་ཡར་ངོའི་ཚེས་བཅུའི་ཉིན་ལེགས་པར་བསྒྲིགས། གདན་ས་པ་ཆོས་རྗེ་སྨར་ངག་དབང་ཐུབ་བསྟན་གྱིས་རྡོ་རྗེའི་སློབ་དཔོན་མཛད་ངེས་གསང་རྡོ་རྗེ་གླིང་གི་གྲ་པ་རྣམས་ཀྱིས་བཀའ་བརྒྱད་གསང་བ་ཡོངས་(༦༠ན)


GLG009_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས་དམ་ཚིག་པ་ལ་ཡེ་ཤེས་པ་དངོས་སུ་འཇུག་པའི་རབ་ཏུ་གནས་པ་བཀྲ་ཤིས་མེ་ཏོག་གི་ཆར་ཆེན་ཕབ། བལ་པོ་རྣམས་ལ་ཟླ་རེར་ཕོགས་ཁལ་གསུམ་རེ། རྒྱར་ལུག་ཁོག་ཕྱེད་གཉིས་རེ་ཇ་ཆང་སོ་སོར་དྲུག་རེ། ཟླ་རེའི་གླ་ལ་དངུལ་སྲང་ལྔ་རེ་ཡོད་རྩིས་ཀྱི་དཔུས་ཆ། ཤིང་བཟོ་བ་གསུམ་གྱིས་ཟླ་བ་ཕྱེད་གཉིས་སོང་བ་དབུ་མཛད་ལ་རྟས་གཙོས་པའི་དགུ་ཚན་དང་། གཞན་གཉིས་ལ་རིམ་གྱིས་ཆ་ཤས་པ་སོགས་དགོངས་པ་ཆོས་ཀྱི་དབྱིངས་སུ་རྫོགས་པའི་ཁུར་ལེན་གྱི་གཙོ་བོ་གདན་ས་པ་ཆོས་རྗེ་ངག་དབང་ཐུབ་བསྟན་སྤྱན་སྔ་བ་སྐུ་སྐྱེ་ངག་དབང་འཇམ་དབྱངས་གྲ་རིས་སྦྱིན་བདག་དང་བཅས་པའི་སྒོ་གསུམ་འབད་པ་ཆེན་པོས་ལེགས་པར་བསྒྲུབས་སོ། །ཆོས་ཉིད་ཟད་སར་འཁྱོལ་བའི་བི་མཱ་ལ། །འགྲོ་ངོར་ཉང་རིགས་ཚུལ་བཟུང་ཡེ་ཤེས་ལམ། །ཡར་གྱི་ཟངས་ཐལ་སྐས་ལ་འཛེགས་སླ་ཡང་། །སྔ་འགྱུར་བསྟན་པ་མུན་པས་བྱུགས་འདི་ཅི། །ཟླ་ཞག་མང་པོར་ཚེགས་ཀྱིས་རྩྭ་མཆོག་གྲོང་། །བགྲོད་པའི་ངས་ཡུས་འཚོང་བ་གཞན་འདྲིད་དེ། །གཡས་རུ་རི་ལུང་སྦུག་འདིར་གདུལ་བྱའི་ཡིད། །མྱ་ངན་ཁང་བུར་བརྒྱལ་ལ་མཆི་མ་བཀུ། །ནང་དུ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ། །གྲུབ་པའི་མཚན་མ་ཕྱི་རོལ་ནམ་མཁའ་ལ། །འགོག་མེད་འཆར་བ་དབང་པོའི་གཞུ་རིས་ཚོན། །ཚོགས་གཉིས་པིར་གྱིས་ཆེད་དུ་བྲིས་པ་བཞིན། །དེ་ཡང་འཇམ་དབྱངས་ས་སྐྱ་པཎྜི་ཏས། །བདག་པས་མཐོ་བའི་དམ་པ་ལ། །བརྟེན་ན་བདག་ལ་ཕན་པ་སྒྲུབ། །ལྷུན་པོའི་ངོས་ལ་ཉེ་བ་ཡི། །བྱ་རྣམས་གསེར་(༦༠བ)


GLG009_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྱུར་ལ་ལྟོས། །ཞེས་ལྷུན་པོའི་ངོས་ལ་ཉེ་བར་འཁོར་བའི་འདབ་ཆགས་ཀྱི་དཔེ་ལྟར་སྐྱེས་བུ་དམ་པ་བསྟེན་པ་དང་དེ་དག་གི་ཡོན་ཏན་ཡིད་ལ་བྱེད་ཅིང་ཡང་ནས་ཡང་དུ་གོམས་པར་བྱས་པ་ན་སྐྱེ་བོ་ཕལ་པ་རྣམས་ཀྱང་སྐྱོན་ཞར་གྱིས་འགྲིབ་ཅིང་ཡོན་ཏན་ངང་གིས་འཕེལ་བར་འགྱུར་པའི་དགོས་པ་ཁྱད་པར་ཅན་ཡོད་པས། ཡུལ་ཤི་བི་པར་སྐྱེས་པའི་རབས་ལས། དེ་ལྟར་བཅོམ་ལྡན་འདས་དེས་བདག་ཅག་གི་ཕྱིར་བྱ་དཀའ་བ་མང་པོས་དམ་པའི་ཆོས་འདི་བསྒྲུབས་པ་ཡིན་པས་རིམ་གྲོར་བསྐྱེད་དེ་ཆོས་ཉན་པར་བྱའོ། །དེ་བཞིན་གཤེགས་པའི་ཆེ་བ་ཉིད་དང་སྔ་མ་བཞིན་དུ་སྙིང་རྗེའི་ཡོན་ཏན་བསྔགས་པ་དང་ཚེ་འདི་ཉིད་ལ་བསོད་ནམས་ཀྱི་འབྲས་བུ་མཐོང་བ་ཡང་བརྗོད་པར་བྱའོ། །དེ་ལྟར་རིམ་གྲོར་བསྐྱེད་དེ་བསོད་ནམས་བསྩགས་པ་ན་བདག་གིས་མཐུ་ཆེན་པོ་ཐོབ་པར་འགྱུར་བའི་མེ་ཏོག་གྲགས་པ་རྒྱུན་ཆགས་པ་ཡིད་དུ་འོང་བ་ཚེ་འདི་ལ་བསྟན་པ་ཡིན་ནོ། །ཞེས་དམ་པའི་ཡོན་ཏན་བརྗོད་པ་ལ་འབད་ན་རང་གཞན་རྣམས་ཀྱི་དོན་རྒྱ་ཆེན་པོ་གྲུབ་པ་ཡིན་ནའང་། ལེགས་བཤད་རིན་པོ་ཆེའི་གཏེར་ལས། མཁས་པ་ཡོན་ཏན་མཛོད་འཛིན་པ། །དེ་དག་ལེགས་བཤད་རིན་ཆེན་སྡུད། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཡིན་ཕྱིར་ཆུ་བོ་ཐམས་ཅད་འབབ། །ཅེས་མཁས་གྲུབ་རྣམས་ནི་རང་དང་གཞན་གྱི་གྲུབ་པའི་མཐའ་ཀུན་རིས་སུ་མ་ཆད་པར་ཐོས་ཤིང་དེ་དག་གི་དོན་ལེགས་པར་བསམས་པའི་སྒོ་ནས་སྡེ་སྣོད་གསུམ་དང་རྒྱུད་སྡེའི་སྙིང་པོ་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པའི་ཐབས་ཀྱི་གཙོ་བོ་དང་ཡན་ལག་བསྲེགས་བཅད་བརྡར་པའི་གསེར་ལྟ་བུ་རྣམ་པར་དཔྱད་ཅིང་དཔྱད་དོན་ཉམས་སུ་ལེན་པའི་དགོས་པ་སྟེ་ལུང་རྟོགས་(༦༡ན)


GLG009_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡོན་ཏན་མ་ལུས་པས་ཐུགས་རྒྱུད་ཡོངས་སུ་གཏམས་པ་རྒྱ་མཚོ་ཆེན་པོ་ཆུ་བོའི་གཏེར་ཡིན་ལ་དེའི་གཏིང་མཐའ་འདི་ཙམ་ཞེས་ཚུར་མཐོང་གི་སྐྱེ་བོ་རྣམས་ཀྱིས་དཔོག་པར་ནུས་པ་མ་ཡིན་པས་དཔལ་ལྡན་བླ་མ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་འདི་ཉིད་ཀྱང་འཕགས་ཡུལ་པཎ་གྲུབ་ཀུན་གྱི་གཙུག་རྒྱན་པཎ་ཆེན་དྲི་མེད་བཤེས་གཉེན་དུ་གྱུར་པའི་ཚེ་ཕྱི་ནང་གི་ཐེག་པ་ཀུན་ལ་སྒྲོ་འདོགས་བཅད་པར་མ་ཟད་ཚེ་གཅིག་ལུས་གཅིག་གི་རྟེན་ལ་འཇའ་ལུས་འཕོ་བ་ཆེན་པོ་རྡོ་རྗེའི་སྐུ་མངོན་དུ་མཛད་ནས་སྤྲུལ་གཞི་ད་ལྟ་རི་བོ་རྩེ་ལྔར་དངོས་སུ་བཞུགས་ནའང་དེ་ལས་འགྲོ་བའི་དོན་དུ་སྤྲུལ་པ་སྣ་ཚོགས་སུ་བསྟན་པའི་ཡང་སྲིད་མང་པོར་མཁས་གྲུབ་ཀྱི་བག་ཆགས་བཞག་པ་སྐུ་ཚེ་འདིར་ཡང་སད་པའི་ལུང་རྟོགས་ཀྱི་ཡོན་ཏན་གདྒཱའི་ཀླུང་གི་རྡུལ་གྱི་གྲངས་ཀྱིས་ཀྱང་གཞལ་བར་མི་ནུས་རུང་དེང་སང་འཇིག་རྟེན་བླུན་པོ་རྣམས་ཀྱི་གྲགས་ཚོད་དུ་སྟོབས་འབྱོར་གོས་སྙན་གྲགས་སོགས་ཀྱིས་བླ་མ་བཟང་པོ་བཟང་པོ་ཞེས་བརྗོད་པའི་ཡུལ་དུ་མ་གྱུར་ཅིང་། སྔ་འགྱུར་གྱི་བསྟན་པ་སྤྱི་དང་བྱེ་བྲག་སངས་རྒྱས་ཉང་སྟོན་ཆེན་པོའི་རིང་ལུགས་ཀྱི་འཕྲིན་ལས་ཀྱང་འགོས་དང་དཔལ་འཛིན་སོགས་ཀྱི་འབྱམས་ཡིག་ལ་རི་བོང་ཅལ་སྒྲོག་དང་ལུག་ཆུ་འབབ་ཀྱིས་མཁས་རྨོངས་ཕལ་ཆེར་འཁྲུལ་པའི་ལམ་དུ་འཕྱན་པས་ཇི་སྐད་དུ། འཇིག་རྟེན་མི་ཤེས་རྨོངས་པ་ལ། །བརྟེན་ན་བློ་གྲོས་ལྡན་མི་འབྱུང་། །ཉི་མའི་འོད་ལ་ཉེ་བ་ཡིས། །ཟླ་བ་མར་ངོར་གྱུར་ལ་ལྟོས། །ཞེས་མར་ངོའི་ཟླ་བ་ལྟར་རིམ་གྱིས་འགྲིབ་པས་ཁྲ་ཚང་དང་སྨན་ལུང་ཞེས་སེར་སྲུང་པའི་སྔགས་པ་རང་རྐྱང་གཅིག་ཏུ་ཕྱོགས་དེའི་རྗེ་འབངས་རྣམས་ལ་སྣང་བས་ཐམས་ཅད་མཁྱེན་པ་བུ་སྟོན་ཞབས་ཀྱིས། བླུན་(༦༡བ)


GLG009_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བཀུར་ཞིང་མཁས་པ་རྩྭ་ལྟར་འདོར། །ཆོས་ལྡན་བརྙས་པ་གངས་རིའི་ཁྲོད་འདིར་སྐྱེས། །ཞེས་པའི་དོན་ཐོག་ཏུ་བབས་ཏེ་ཇི་སྐད་དུ། ལེགས་བཤད་མཁས་པའི་བློ་གྲོས་ཀྱིས། །གོ་ཡི་བླུན་པོས་དེ་ལྟ་མིན། །ཉི་མའི་འོད་ཟེར་ཤར་བ་ན། །འབྱུང་པོའི་བྱ་རྣམས་ལོང་བར་འགྱུར། །ཞེས་པའི་དོན་བཞིན་དམ་པ་ཉིད་ཀྱི་གསང་བ་གསུམ་གྱི་ཡོན་ཏན་རྡོ་རྗེ་འཆང་བཀའ་འགྱུར་བ་ཆེན་པོས་མཁྱེན་ནས་རིགས་ཀྱི་ཅོད་པན་དུ་བཞེས་པ་ཙམ་མ་གཏོགས་ཡར་ཀླུངས་ཤར་ནུབ་མཐིལ་གསུམ་གྱི་སྐྱེ་བོ་ཕལ་ཆེར་ལེགས་ཉེས་འབྱེད་པའི་བློ་མིག་ལྡོངས་པས་ས་འོག་གི་གསེར་སྦྲམ་ལྟར་ལུས་མོད་འོན་ཀྱང་། ས་སྐྱ་པཎྞི་ཏས། ཁོང་མཛངས་བསོད་ནམས་བསགས་པའི་མི། །གཅིག་པུ་ཡིན་ཀྱང་ཀུན་ལས་རྒྱལ། །རི་དྭགས་རྒྱལ་པོ་སེང་གེ་དང་། །འཁོར་ལོས་སྒྱུར་ལ་གྲོགས་མི་དགོས། །ཞེས་མགར་བ་སོགས་ཀྱིས་བྱས་པ་ལ་མ་བལྟོས་པའི་འཁོར་ལོ་རྩིབས་སྟོང་ཅན་བྱུང་བ་ཙམ་གྱིས་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བའི་དཔལ་ངང་གིས་ཐོབ་པ་དང་། སེང་གེ་དཀར་མོ་རྩལ་གསུམ་ཡོངས་སུ་རྫོགས་པས་གྲོགས་ལ་མ་བལྟོས་པར་འཇིགས་པ་མེད་པ་བཞིན་འཁོར་དང་ལོངས་སྤྱོད་ཀྱིས་སྐྱོ་མས་བཏེགས་པའི་མར་ཁུ་ལ་རེ་བ་འཆའ་མི་དགོས་པར། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། །བུང་བ་སྤྲིན་གྱི་ཚོགས་བཞིན་འདུ། །ཞེས་ལུང་དང་རྟོགས་པའི་ཡོན་ཏན་གྱི་རྣམ་པར་ཐར་པས་རི་ནས་བཀུག་སྟེ་སྐུ་ཚེའི་སྨད་ལ་འཕྲིན་ལས་ཀྱི་སྒོ་བརྒྱ་ཕྱོགས་བཅུར་བྱེ་བས་ཇི་སྐད་དུ། དམ་པ་དཔོན་དུ་བསྐོས་གྱུར་ན། །དོན་འགྲུབ་པ་དང་བདེ་སྐྱིད་འཐོབ། །ནོར་བུ་རྒྱལ་མཚན་རྩེར་མཆོད་ན། །ཡུལ་ཕྱོགས་དགེ་ཞེས་མཁས་རྣམས་སྒྲོག །ཅེས་(༦༢ན)


GLG009_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་ཀྱི་འཇུག་པའང་ཟང་ཟིང་གི་འདུ་འཁོད་ལྷུར་བླངས་པ་མ་ཡིན་པར་གསང་ཆེན་རྙིང་མ་བཀའ་གཏེར་གྱི་བཤད་སྒྲུབ་དང་གངས་ཅན་སྐྱེ་རྒུའི་ཕན་བདེ་རྒྱས་པའི་ཐབས་སུ་གྱུར་པ་ཤ་སྟག་ཡིན་པས་རྟོགས་བརྗོད་ཀྱི་རིམ་པ་ཤིན་ཏུ་རྒྱས་པ་ཞིག་དགོས་ཐང་ནའང་ཕལ་ཆེར་སྙོམས་ཆུང་པེཎྜ་པའི་བརྟུལ་ཞུགས་ལྷུར་མཛད་པའི་རྣམ་ཐར་ལ་ཕན་པའི་བསྙེལ་ཐོའི་ཟིན་བྲིས་འཕྲེང་གཅིག་ཙམ་ཡང་མ་གནང་བ་དང་གྲ་སློབ་རྣམས་ཀྱང་བླ་མ་བསྟེན་ནས་རང་གི་སྟོབས་འབྱོར་སྙན་གྲགས་རེ་བ་ལས་ཡོན་ཏན་མི་སེམས་ཤིང་ཆོས་བརྒྱ་སྟོང་ཐོས་ནའང་ངས་ཞུས་པ་ཡིན་ཞེས་ཚུར་ཡུས་འདྲེན་ཇ་ཕོར་གང་གིས་མཐོ་དམའ་ལ་ཐུགས་ལ་བཏགས་མ་བཏགས་ཀྱི་བཟླས་བརྗོད་ལྷུར་ལེན་པའི་སྐྱོན་གྱིས་ཡོན་ཏན་གྱི་འཕྲེང་བ་ཚིག་གི་སྲད་བུར་བརྒྱུ་བྱ་རྒྱུ་བྱེད་དང་བྲལ་བས་ས་བཅད་མ་སྟོངས་ཙམ་ཞིག་བརྗོད་ཟིན་ཏོ། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་མཛོད། །ལྷ་ལམ་དོག་པོར་བྱེད་ནུས་མགོན་ཁྱོད་ཀྱི། །མཛད་བཟང་རྡུལ་ཆར་བསྒྲུབ་བྲལ་སློབ་འཁོར་གྱི། །དད་པ་ནམ་མཁའི་བྱ་རྗེས་སྟོན་པའི་དཔེ། །མང་མང་གླེང་བར་འདོད་པའི་སེམས་ཀྱི་རྟ། །ཡང་ཡང་དྲི་ཡུལ་ཐད་ལ་བརྒྱུགས་པའི་འབྲས། །ཡོད་ཡོད་དབྱར་ཆུའི་དྲོད་ཙམ་ལ་རེ་འདིས། །གསལ་གསལ་སྐྱོན་མཚང་འཆར་བའི་མེ་ལོང་བཞིན། །ཟབ་ཟབ་རྟོགས་པར་དཀའ་བའི་ཡོན་ཏན་རྣམས། །དམན་དམན་འགྲོ་བློའི་ཡུལ་དུ་གྱུར་མིན་ཡང་། །རང་རང་དབང་པོར་འཚམ་པའི་སྤྱོད་ལམ་ཟླ། །ལོང་ལོང་ལོག་ལྟའི་རྙོག་མས་བསྒྲིབས་སམ་སྙམ། །གངས་ལྗོངས་ཡིད་ཅན་དུ་མའི་འདྲེན་བྱེད་ཀྱི། །འཛིན་མར་རྒྱུ་བའི་ཉམས་ཆུང་ས་ཀུ་རྩིར། །རྒྱ་བོད་རིགས་འཛིན་ཡོངས་ཀྱིས་མགྲིན་གཅིག་ཏུ། །(༦༢བ)


GLG009_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་ཚེ་སོམ་ཉིའི་དྲ་བར་ཀུན་རྟོག་ཆུད། །གཞན་སྣང་འཁྲུལ་པའི་དབང་དུ་བྱེད་ནུས་མདས། །སྐྱེ་ཕལ་སྙིང་བསྣུན་སྒྲོ་སྐུར་ཆོ་ངེའི་སྐད། །འབྱིན་མོད་བླང་དོར་དཀའ་ཐུབ་ཞིག་པའི་ལྷ། །ཟོག་རྫུན་དཀར་མོའི་མགུལ་པར་འཁྱུད་ལ་བྲལ། །འདམ་རྫབ་རྙོག་མས་གོས་པའི་ཡིད་བཞིན་ནོར། །རྣམ་དག་དཔྱད་གསུམ་ཀ་ཤི་ཀས་ཕྱིས་ནས། །ལུང་རྟོགས་རྒྱལ་མཚན་ཏོག་ཏུ་བཀོད་པའི་ཚེ། །སྲིད་ཞིའི་འདོད་དགུ་ཆར་འབེབས་དངོས་པོའི་གཤིས། །རིགས་ཀུན་ཁྱབ་བདག་ཆེ་མཆོག་ཧེ་རུ་ཀཿ མཚམས་སྤྲིན་གོས་ཀྱིས་ཀླུབས་པའི་རྡོ་རྗེ་སེམས། །དམ་པའི་རྣམ་ཐར་ཆ་ཙམ་ལེགས་བརྗོད་པའི། །བསོད་ནམས་ནམ་མཁའི་མཐས་ཀྱང་འཇལ་ནུས་མིན། །རབ་དཀར་ལྷག་བསམ་ཉ་ཕྱིས་ཡངས་པོའི་ཁོག །ངོ་མཚར་གཏམ་གྱི་མུ་ཏིག་ཕྱུར་བུ་རུ། །སྤུངས་པའི་ཕན་བདེའི་ཆར་པ་ཚེ་རབས་ཀུན། འཁྲི་ཤིང་ལུས་ཕྲའི་ངང་ཚུལ་ལྟར་འབབ་ཤོག །འཁྲུལ་སེམས་འདམ་དང་འགྲོགས་ཀྱང་དྲི་མ་ཡིས། །མ་གོས་རིག་པ་ཆུ་སྐྱེས་ཟེའུ་འབྲུའི་དབུས། །གནས་ལུགས་དོན་གྱི་པད་འབྱུང་སྣང་བ་བཞིའི། །ཡིད་འཛིན་ལྷ་མོར་རྩེད་འཇོས་རྟག་རོལ་ཤོག །མངའ་བདག་ཁྲི་སྲོང་ལྡེའུ་བཙན་སྤྲུལ་པའི་གར། །རིམ་བྱོན་གོང་འོག་གཏེར་སྒོ་ཕྱེ་བའི་ཆོས། །སྨིན་གྲོལ་རྒྱུད་བཤད་གདམས་པའི་ཆར་ཆེན་པོས། །སྔ་འགྱུར་རིང་ལུགས་སྙེ་མ་གཡུར་ཟ་ཤོག །ལྔ་ཕྲག་བཅུ་མཐའ་རྒྱང་རིང་ལུང་གི་བསྟན། །དང་པོར་དར་བ་ཤཱཀྱའི་འཕྲིན་ལས་ཉི། །སྐྱེ་རྒུའི་བསོད་ནམས་དགུང་ལ་ལེགས་ཤར་པའི། །སྣང་བའི་དགའ་སྟོན་ཕྱོགས་བཅུར་ཁྱབ་གྱུར་ཅིག །ཅེས་པཎ་ཆེན་དྲི་མེད་བཤེས་གཉེན་གྱི་རྣམ་སྤྲུལ་དུས་གསུམ་རྒྱལ་བའི་སྤྱི་གཟུགས་ཁྲ་ཚང་པ་ཆེན་པོ་བློ་གྲོས་མཆོག་གི་རྡོ་རྗེའི་རྟོགས་(༦༣ན)


GLG009_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྗོད་པ་ཉུང་ངུ་རྣམ་གསལ་འདི་ནི་འདྲི་འདུན་གྱི་རི་མོ་ཡིད་ཀྱི་རྡོ་བར་གསལ་བཞིན་པའི་སྟ་གོན་གྱི་དུས་སླར་རིགས་འཛིན་སྤྲུལ་པའི་སྐུ་མཆོག་བློ་བཟང་པདྨ་འཕྲིན་ལས་ཐེག་མཆོག་དབང་གི་རྒྱལ་པོ་ཡོངས་འདུའི་སྡེས་རང་ཉིད་ཀྱི་སྒྱུ་འཕྲུལ་ཁ་སྐོངས་སུ་མཛད་པའི་རྣམ་ཐར་ཉུང་ངུ་དད་པའི་འཇུག་ངོགས་ཀྱི་ས་བོན་དང་བཅས་གསུང་གིས་བསྐུལ་བ་དང་དུ་བླངས་ཏེ་ཟ་ཧོར་གྱི་རིགས་ལས་ལོ་རྒྱུས་སྨྲ་བའི་བཙུན་པ་འཇམ་དབྱངས་དགའ་བའི་བཤེས་གཉེན་ནམ་མིང་གཞན་ཆེ་མཆོག་འདུས་པ་རྩལ་དུ་འབོད་པས་དབུས་འགྱུར་འཆང་དུ་ཨ་ནཱ་ལ་ཞེས་ཕྱོགས་འདིར་མེར་གྲགས་ཤིང་མང་བཀུར་རྒྱལ་པོའི་ཁབ་ཏུ་བིན་ཤིན་ཞེས་པ་མེ་ཕོ་འབྲུག་གི་ལོ་ཁྲུམས་སྟོད་ཀྱིས་ཉ་པའི་ཤེས་རབ་ཕྱོགས་ཀྱི་བཟང་པོ་གཉིས་པའི་ཚེས་ལ་གཙུག་ལག་ལུགས་བརྒྱའི་མདུན་ས་ཕོ་བྲང་ཆེན་པོ་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་སྤུན་བདུན་པ་ལྷུན་གྲུབ་རྒྱ་མཚོས་བགྱིས་པ་སརྦ་ཀཱ་ལེ་ཥུ་ཛ་ཡནྟུ། །ཆོས་སྦྱིན་རྒྱ་ཆེར་སྤེལ་ཕྱིར་དགའ་ལྡན་ཕུན་ཚོགས་གླིང་དུ་པར་དུ་བསྒྲུབས། །མངྒལཾ།།


previousཉང་སྟོན་ཁྲ་ཚང་པ་བློ་གྲོས་མཆོག་གི་རྡོ་རྗེའི་རྟོགས་པ་བརྗོད་པ་ཉུང་ངུ་རྣམ་གསལ།next