Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་སློབ་བཤད་བསྟན་པའི་ཉི་འོད།
   
   


 
previousརིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་སློབ་བཤད་བསྟན་པའི་ཉི་འོད།next

རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་སློབ་བཤད་བསྟན་པའི་ཉི་འོད།


GLG009_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་སློབ་བཤད་བསྟན་པའི་ཉི་འོད་ཅེས་བྱ་བ་བཞུགས་སོ། །


GLG009_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཔྲ་བྷུ་བཛྲ་དྷ་རཱ་ཡ། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་ཆེན་པོ་སྙན་བརྒྱུད་རྒྱ་མཚོའི་བསྟན་པའི་སྲོག་གི་ཟུངས་སུ་བསླབ་གསུམ་ངུར་སྨྲིག་འཆང་བའི་ཟློས་གར་མཁན་ཚར་ཆེན་ཆོས་ཀྱི་རྒྱལ་པོ་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་སློབ་བཤད་བསྟན་པའི་ཉི་འོད་ཅེས་བྱ་བ་དཔལ་ལྡན་བླ་མ་དམ་པའི་ཞབས་རྡུལ་བུང་བ་སྙིང་པད་ཀེ་ས་རར་འགོད་ན་སྨིན་གྲོལ་ལམ་གྱི་འབྲས་མཆོག་མངོན་དུ་གྱུར་མིན་དེ་སྲིད་ཐུགས་རྗེའི་མཐུ་དཔུང་ལྷག་པར་བསྐྱེད་ནས་དངོས་གྲུབ་རྒྱ་མཚོའི་གྲུ་ཆར་སྩལ་དུ་གསོལ། །གཟོད་མ་ཉིད་ནས་ཡོངས་སུ་བརྙེས་པ་བླ་མེད་ཡེ་ཤེས་བདུད་རྩིའི་བཅུད། །སེམས་ཅན་ཀུན་གྱི་ཐར་པའི་སྲོག་སོང་གསང་གསུམ་རྒྱན་གྱི་འཁོར་ལོའི་མཛོད། །རྡོ་རྗེ་འཆང་དབང་མི་ཡི་གཟུགས་ཀྱིས་བློ་གསལ་སྐལ་བཟང་རྒྱ་མཚོའི་མགོན། །གྲགས་པའི་རྒྱལ་མཚན་སྲིད་རྩེར་བསྒྲེང་ཞབས་པད་(༢ན)


GLG009_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཆུན་པོ་ཐོད་དུ་འཆིང་། །མཐའ་ཀླས་མཁྱེན་པའི་ནམ་མཁར་ཐུགས་རྗེའི་ཉི། །འཆར་ནུབ་སྤངས་པའི་རྣམ་དཔྱོད་ཚ་ཟེར་གྱིས། །ཆོས་ཕུང་བྱེ་བའི་འདབ་སྟོང་ཡོངས་གྲོལ་བའི། །མཁས་གྲུབ་སྐྱེས་རབས་ཚངསཔའི་བློ་ལས་བརྒལ། ཁྱད་པར་རྒྱལ་ཀུན་མགྲིན་གཅིག་ལེགས་སོའི་ཚིག །བརྗོད་ཡུལ་འདྲེན་པ་བཞི་པའི་བསྟན་འདི་ལ། །མཐའ་ཀླས་བྱོན་པ་དམ་པའི་ཟློས་གར་གྱི། །གྲངས་ཚང་གཞལ་འདོད་བྱིས་པའི་སེམས་དེ་ངལ། །བྱེ་བྲག་གྲུབ་པའི་འཁོར་སྒྱུར་བི་རཱུ་པ། །ས་སྐྱའི་འཇམ་མགོན་རིམ་བྱོན་ཐུགས་ཀྱི་བཅུད། །སྙན་བརྒྱུད་བསྟན་པའི་ཤིང་རྟ་ཆེན་པོའི་སྲོལ། །ཕྱེ་བའི་རྟོགས་བརྗོད་ཆ་ཙམ་གླེང་བར་སྤྲོ། །ཆུ་འཛིན་སྟུག་པོའི་ཕང་ནས་དབྱར་གྱི་རྔ། །རབ་སྙན་གླུ་དབྱངས་སྒྲོག་ཚེ་མདོངས་མཐའ་ཅན། །དགའ་བའི་ཟློས་གར་བསྒྱུར་ན་ཤེས་ལྡན་རྣམས། །ངོ་མཚར་དད་པའི་སྤུ་ལོང་ཅིས་མི་གཡོ། །རླུང་གིས་སྦུར་མ་མཐོན་པོར་བཏེག་པ་ལྟར། །མེད་བཞིན་སྒྲོ་(༢བ)


GLG009_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་རྫུན་གྱི་རྣམ་པར་ཐར། །མཐོང་ན་དམ་པའི་སྤྱོད་ཚུལ་ལྷུག་པ་རུ། །སྨྲ་བ་སྔོན་བསགས་ལེགས་བྱས་བྱེ་བས་ཉོས། །ཀུ་ཤའི་རྩེ་མོས་འཐོར་ཏེ་རྒྱ་མཚོའི་མཐའ། །འཛད་བྱེད་དཀའ་ཐུབ་བསྟེན་པའི་རྗེས་འགྲོ་བ། །ཕྲ་མོའི་བློ་གྲོས་ཁབ་ཀྱི་མིག་བུ་རུ། ཁྱོད་ཡོན་ལྷུན་པོ་འཛུད་པའི་གོ་སྐབས་ཅི། །འོན་ཏེ་རིན་ཆེན་གླིང་ནས་ནོར་བུའི་ཚོགས། །དེད་དཔོན་གཅིག་གིས་འདྲེན་པར་མི་བཟོད་ཀྱང་། །རང་གིས་ཇི་ཙམ་འཁུར་ནུས་བདོག་པ་ཡིས། །དབུལ་བའི་གདུང་སེལ་འདོད་འཇོ་དངོས་པོའི་གཤིས། །འཁྱོག་ཚིག་ཆགས་པའི་གདོང་པ་རིག་བྱེད་སྒོར། །སྤྲུལ་པའི་ཟོལ་སྦྱོར་རྒན་པོ་མ་ཡིན་པའི། །མཁས་གྲུབ་ངང་ཚུལ་གསེར་སྒོང་ཡོངས་སྨིན་པ། །སྔོན་མེད་ཚངས་པར་ལྟ་བ་ལྷ་རྣམས་བྲེལ། ཕྱོགས་འཛིན་གདོན་གྱིས་ཕྲག་དོག་སྦྱིན་སྐྱེས་མགོར། །མཐུ་སྟོབས་རྡོ་རྗེ་རྩེ་བརྒྱ་རབ་བསྣུན་ཀྱང་། །རིས་མེད་འགྲོ་ལ་བརྩེ་བའི་སྤྱན་སྟོང་དཀྱུས། །རིང་པོར་སྐྱོང་བའི་བཤེས་གཉེན་འཆི་མེད་གཙོ། །རླབས་ཆེན་མཛད་པ་སོས་ཀྱི་དགའ་སྟོན་དུས། །འདྲེན་བྱེད་ཚིག་སྦྱོར་དཔྱིད་ཀྱི་ལང་ཚོ་མ། །སྤེལ་ལེགས་ཟློས་གར་འཕྲེང་མཛེས་གསོང་པོའི་གླུ། །གཟུར་གནས་གཞན་གསོས་མགྲིན་ནས་ལེན་འདི་ཉོན། །དེ་ཡང་སློབ་དཔོན་དཎྜིས། ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། །ངེས་པར་བསྟན་པའང་དེ་ཡི་སྒོ། །ཞེས་ཐོག་མར་ཤིས་བརྗོད། ཕྱག་བྱ། དངོས་པོ་ངེས་བསྟན་རྣམས་སུམ་ལྡན། གཉིས་ལྡན་སོགས་ཅི་རིགས་པ་བཤད་པའི་ད་ལམ་ཕྱི་མའི་སྒོ་ནས་ཚིགས་སུ་བཅད་པ་སྔོན་དུ་སོང་བས་སྐབས་སུ་གླེང་བར་བྱ་བ་ནི། ཇི་སྐད་དུ། མཆོག་གི་ཁྱད་པར་ཉིད་ལ་རེག་ན་དེ་ཡི་ཡོན་ཏན་ཆ་ཤས་ཀྱིས། །(༣ན)


GLG009_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དམན་པ་དག་ཀྱང་བསྔགས་འོས་ལ་འགོད་མཐུ་ཆེན་རྣམས་ཀྱི་བྱེད་པའི་ཕུལ། །མ་ལ་ཡར་ཉེ་ཕལ་གྱི་ཤིང་ཡང་རྐང་འཐུང་བཟང་པོའི་དྲི་བསུང་ངད། །འཆང་བར་བྱེད་པའི་ནུས་པ་རབ་མཐོ་ཙནྡན་དེ་དག་རྒྱལ་གྱུར་ཅིག །ཅེས་ལྷོ་ཕྱོགས་མ་ལ་ཡའི་ནགས་ཀླུང་དུ་སྐྱེས་པའི་ཤིང་ཕལ་པ་དག་ཀྱང་འཇམ་མགོན་ས་སྐྱ་པཎྜི་ཏས། མ་ལ་ཡ་ལས་འོངས་པ་ཡི། །སྡོང་དུམ་ཕལ་ལ་རིན་ཐང་བརྩི། །ཞེས་ཙནྡན་གྱི་དྲི་བསུང་ལན་ཅིག་མ་ཡིན་པར་སིམ་པའི་ནུས་པས་ལྗོན་པ་ཕལ་པ་ལའང་ཙནྡན་དང་ཕྱོགས་འདྲའི་དྲི་ནུས་འབྱུང་བ་ལྟར་མཁས་དང་གྲུབ་པའི་ཡོན་ཏན་ཡང་ནས་ཡང་དུ་བརྗོད་ཅིང་བསམས་ན་རང་ཅག་བློ་དང་སྤྱོད་ཚུལ་ཆེས་ཆེར་དམན་པ་རྣམས་ཀྱང་བྱ་བ་ངན་པ་ལས་ལྡོག་ཅིང་སྐྱེད་ཐོན་ནས་དམ་པའི་རྣམ་ཐར་ལ་རིམ་གྱིས་འཇུག་པ་སོགས་དགོས་པ་ལྷག་པར་ཆེ་ཞིང་རང་གི་ལེགས་བྱས་ཀྱི་ཕུང་པོ་བླ་ནས་བླར་འཕེལ་བའི་ཚོགས་རྒྱ་ཆེར་གསོག་པའི་ཕྱིར་དུས་གསུམ་གྱི་བདེ་བར་གཤེགས་པ་མ་ལུས་པའི་གསང་བ་རབ་འབྱམས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བང་མཛོད་གདན་གསུམ་ཚང་བའི་ཁྱབ་བདག་དགྱེས་མཛད་རྡོ་རྗེ་བཤེས་གཉེན་དམ་པའི་སྒྱུ་འཕྲུལ་དྲ་བའི་རོལ་པ་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པའི་རིམ་པ་ལ། མདོ་སྡེ་རྒྱན་ལས། སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ནས། །སྤྲོ་བའི་སེམས་དྲངས་དགའ་ཞིང་དེ་ལ་འཇུག །ཅེས་རྒྱལ་སྲས་འཕགས་པ་སེམས་ཅན་གྱི་དོན་དུ་བསམས་བཞིན་སྲིད་པར་སྐྱེ་བ་ལེན་པ་ངང་པ་པད་མཚོར་འཇུག་པ་ལྟར་སྤྲོ་ཞིང་སྤྲུལ་པ་བྱེ་བ་ཐེར་འབུམ་དུས་གཅིག་ཏུ་སྟོན་པས་འདི་ལྟ་བུའོ་ཞེས་ལྕེ་བརྒྱས་བསྐལ་བར་བརྗོད་ཀྱང་ཟད་པའི་མཐའ་ག་ལ་ཞིག །འོན་ཏེ་ཐུན་མོང་གི་གདུལ་བྱ་(༣བ)


GLG009_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་གྲགས་པའི་ཡང་སྲིད་དང་ཐུགས་རྒྱུད་གཅིག་པ་རགས་རིམ་བརྗོད་ན། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་བསྟོད་པ་བཀྲ་ཤིས་མཚན་བཟང་མར། མགོན་ཁྱོད་གདོད་མའི་དབྱིངས་སུ་སངས་རྒྱས་ཀྱང་། །གྲངས་མེད་གདུལ་བྱའི་ཁམས་དང་བསམ་པ་བཞིན། །ངོ་མཚར་སྐྱེ་བའི་ཟློས་གར་བཅུ་གསུམ་གྱིས། །ཕན་བདེའི་དགའ་སྟོན་སྤེལ་ལ་གསོལ་བ་འདེབས། །ཞེས་དང་། །འདར་པ་རིན་ཆེན་དཔལ་བཟང་གིས་མཛད་པའི་ཚིགས་བཅད་མར། །བདེ་ཆེན་འཁོར་ལོའི་མགོན་པོ་ཧེ་རུ་ཀ །བློ་འདས་འོད་གསལ་དགའ་མས་འཁྱུད་པའི་དཔལ། །དཀྱིལ་འཁོར་རྒྱ་མཚོའི་རིགས་བདག་རྡོ་རྗེ་འཛིན། ཁྱབ་བདག་བླ་མའི་ཞབས་ལ་གསོལ་བ་འདེབས། །མགོན་ཁྱོད་འོག་མིན་ཆེན་པོའི་ཞིང་ཁམས་སུ། །སྐུ་གསུམ་ཡན་ལག་བདུན་ལྡན་མངོན་གྱུར་ཀྱང་། །ཞིང་འདིར་སྐལ་བཟང་འགྲོ་རྣམས་བསྒྲལ་བའི་སླད། །བགྲང་ཡས་རྣམ་འཕྲུལ་བསྟན་ལ་གསོལ་བ་འདེབས། །འཕགས་ཡུལ་ཨཽཌྜི་ཡ་ནའི་ནོར་འཛིན་མར། །མཁའ་སྤྱོད་དབང་མོས་རྗེས་བཟུང་སྠ་ཝི་ར། །བརྟུལ་ཞུགས་སྤྱོད་པས་གདུག་ཅན་ཀུན་སྒྲོལ་བའི། །རྣལ་འབྱོར་དབང་པོར་བསྟན་ལ་གསོལ་བ་འདེབས། །གངས་ཅན་ལྗོངས་འདིར་སངས་རྒྱས་སྟོན་པ་དང་། །ཆོས་སྐུ་འོད་ཟེར་མཚུངས་མེད་བུ་སྟོན་རྗེ། །ཡར་ཀླུངས་པ་དང་དགེ་སློང་དབང་མོ་སོགས། །མཁས་གྲུབ་བརྒྱུད་མར་བལྟམས་ལ་གསོལ་བ་འདེབས། །ཞེས་པ་འདིའི་དངོས་བསྟན་ལ་བདུན་ལས་མ་བྱུང་ཡང་བཀྲ་ཤིས་མཚན་བཟང་མར་བཅུ་གསུམ་བྱུང་བ་སྨོས་ན་དཔལ་ལྡན་རྒྱུད་ཀྱི་ཡེ་ཤེས་ལེའུར། དབྱིབས་ཀྱི་རླུང་ནི་ཆེན་པོ་ཐམས་ཅད་དག་གིས་སངས་རྒྱས་ཞིང་རྣམས་མཐའ་དག་རྣམ་པར་འགོད་པར་བྱེད། །(༤ན)


GLG009_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཁམས་འདི་སོ་སོ་དག་ལ་སླར་ཡང་ཁོར་ཡུག་རི་བོ་ཆེན་པོ་དག་ནི་ཀུན་ནས་སོ། །དེ་ཡི་དབུས་སུ་ལས་ཀྱི་ས་ནི་ཆེན་པོ་དག་གི་རང་བཞིན་འཇིག་རྟེན་ཁམས་སུ་རབ་ཏུ་འགྱུར། །ལྷག་མ་ལོངས་སྤྱོད་རང་བཞིན་ཡུལ་གྱི་བདེ་བ་བྱེད་པ་རིན་ཆེན་ཀུན་གྱིས་རབ་ཏུ་གང་བ་རྣམས། །ཞེས་ཕྱི་ནང་སྦྱར་བའི་ཕྱི་རོལ་གྱི་འགྲོ་བའི་ལས་སྣང་གིས་རི་རབ་དབྱིབས་ཚུལ་མངོན་པ་དང་དུས་ཀྱི་འཁོར་ལོ་ཐ་དད་པའི་ལུགས་ཕྱི་མ་ལྟར་རྡོ་རྗེའི་རྭའི་འོག་ན་ཡོད་པའི་གླིང་དྲུག་ནི་ལོངས་སྤྱོད་ཀྱི་ས་དང་དེའི་ཕྱི་རོལ་གླིང་བཞི་གླིང་ཕྲན་བརྒྱད་ལ་བདུན་པ་ལས་ཀྱི་ས་ཞེས་བཤད་ཅིང་། ཛ་ན་སྐྱེ་བ་ལའོ་ཞེས་པའི་བྱིངས་བཞག །ནའི་ཨ་བརྗོད་དོན་ཡིན་པས་ཕྱིས། བུ་ཀ་རྐྱེན་དུ་བྱིན། ཀ་ལ་ཡ་ན་བཞིན་ཡང་སྟེ་ཡ་ལ་བརྗོད་པ་བོར་བའོ་ཞེས་ཀ་ཕྱིས། རྣམ་དབྱེ་དང་པོའི་གཅིག་ཚིག་སི་བྱིན། མི་ཟད་པ་ལ་སི་དབྱིའོ་ཞེས་སི་ཕྱིས། དེའི་སྡེ་པ་ལ་སྡེ་པའི་མཐའ་འོས། ན་མ་རུ་བསྒྱུར། གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ཡི་གེར་དྲང་ངོ་། །ཞེས་བསྒྲུབས་པས་ཛམྦུ་ནི་ལུས་ཅན་སྐྱེ་བའི་གནས་ཡིན་ལ། བྱེ་བྲག་འཛམ་གླིང་ཆུང་ངུ་ནི་བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་རྒྱུད་ཀྱི་ལེའུ་དང་པོ་ལས། འཛམ་བུ་གླིང་ནི་ཆེན་པོ་ཡི། །དུམ་བུ་བཅུ་གཉིས་ཀྱི་ནི་དབུས། །ཞེས་པའི་ལྷོ་ཕྱོགས་ཛམྦུ་ཏྲི་ཤས་མཚན་པའི་གླིང་འདི་ཉིད་ཀྱི་ལྟེ་བ་མ་དྷྱ་ག་ཏ་དྷར། ཙནྡྲ་པར་པྲྀ་ཥོ་དྷ་ར་ལ་སོགས་པ་རྣམས་སོས། བསྡུ་བ་བྱས་པས་མ་ག་དྷ་སྟེ་དབུས་འགྱུར་འཆང་ཞེས་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་མངོན་པར་རྫོགས་པར་འཚང་རྒྱ་བའི་རྟེན་ཡིན་པས་བསྐལ་མཐའི་དུས་ཀྱང་གཞོམ་གཞིག་མི་ནུས་པ་རྡོ་རྗེ་གདན་(༤བ)


GLG009_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བར་བྱས་པའི་ཕྱི་རོལ་ཏུ། ལུང་ལས། མཉན་ཡོད་གནས་བཅས་ཙམ་པ་ཀ །ཝ་ར་ཎཱ་སི་ཡངས་པ་ཅན། །རྒྱལ་པོའི་ཁབ་དང་དྲུག་པོ་ནི། །དེ་དག་གྲོང་ཁྱེར་ཆེན་པོར་གྲགས། །ཞེས་འཕགས་ཡུལ་ན་ཡོངས་སུ་གྲགས་པའི་གྲོང་ཁྱེར་ཆེན་པོ་དྲུག་དང་གཞན་ཡང་ཤར་ཕྱོགས་རྒྱ་ནག་པོའི་རྒྱལ་ཁམས་ན་འཕགས་པ་འཇམ་དཔལ་གྱིས་རྩིས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པའི་གནས་རི་བོ་རྩེ་ལྔ། ལྷོ་ཕྱོགས་སུ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ན་དུས་ཀྱི་འཁོར་ལོའི་ཡེ་ཤེས་སེམས་དཔའ་མ་བསྡུས་པར་དངོས་སུ་བཞུགས་པ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཡོངས་རྫོགས། དེའི་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ན་རི་བོ་པོ་ཏ་ལ་ཞེས་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་གནས། ནུབ་ཕྱོགས་ན་ཨོ་རྒྱན་མཁའ་འགྲོའི་གསང་མཛོད་ཧེ་རུ་ཀཿརང་བྱུང་གི་གཙུག་ལག་ཁང་། བྱང་ཕྱོགས་ན་ཆོས་རྒྱལ་རིགས་ལྡན་རིམ་པར་བྱོན་ནས་འགྲོ་བ་རྣམས་ཕྱི་ནང་གཞན་གསུམ་གྱི་སྒོ་ནས་བཀྲི་བར་མཛད་པའི་གནས་ཤམྦྷ་ལ། དེར་མ་ཟད་ཀྱེ་རྡོར་བདེ་མཆོག་སམྦུ་ཊི་མཁའ་འགྲོ་རྒྱ་མཚོ་སོགས་ལས་འཛམ་བུའི་གླིང་དབུས་མ་འདི་ཉིད་རང་ན་ཡུལ་ཉེར་བཞི་དང་དུར་ཁྲོད་བརྒྱད་སོགས་གནས་སུམ་ཅུ་རྩ་གཉིས་ཡོད་པར་བཤད་ཅིང་། རྨ་བྱ་ཆེན་པོ་ལས།ཡུལ་འཁོར་ལྔ་བརྒྱ། ལྗོངས་ཆེན་པོ་བཅུ་དྲུག །ཡུལ་ཕྲན་སྟོང་། གཞན་ཡང་མི་རིགས་མི་གཅིག་པ་སུམ་བརྒྱ་དང་དྲུག་ཅུ་སྐད་རིགས་བདུན་བརྒྱ་ཉི་ཤུ་སོགས་མཐའ་ཀླས་པའི་ནང་ཚན་རྒྱ་བོད་གཉིས་སུ་སྐུའི་སྤྲུལ་པ་རགས་པ་ཙམ་བཤད་པ་བཅུ་གསུམ་ལས། དང་པོ་རྣལ་འབྱོར་དབང་ཕྱུག་ནི། ཐམས་ཅད་མཁྱེན་པ་མཁྱེན་པའི་བརྩེའི་ཞབས་ཀྱི་གསང་བའི་རྣམ་ཐར་ལས། ནུབ་(༥ན)


GLG009_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་དཔལ་ཕུག་ཏུ་བཞུགས་ཁྲིའི་སྟེང་ན་བླ་མ་བཞུགས་གསུང་ངག་བསྐུར་ནས་གནང་རྒྱུ་ཡིན་ཟེར་ཞུ་མཁན་མང་པོ་ཚོགས་འདུག་པ་ལ་བསླབ་གསུམ་པ་གསལ་པོ་འདུག་གཞན་ངོ་ཤེས་པ་མི་འདུག །ཁོག་ཕུག་ཡིན་སྙམ་པའི་དཔེ་ཆ་ཞིག་གི་ལུང་མཛད་བྱུང་བ་ན། ཐོད་ཕུའི་བློ་གསལ་རྒྱ་མཚོ་དེ་བིཪྺ་པ་ལགས་སམ་ཟེར་བ་ཞིག་འདུག་པ་ལ་དོན་འདི་ག་ཡིན་ཏེ་ཚིག་འདི་ཅུང་ཟད་སྔ་བ་མ་ཤེས་འདུག་གསུང་། བདག་གིས་ཐོད་ཕུའི་རྣལ་འབྱོར་དབང་ཕྱུག་དེ། ད་ལྟའི་བློ་གསལ་རྒྱ་མཚོ་ཡིན་ཞེས་བྱས་ན་བདེ་བ་འདྲ་ཞུས་པས་དེ་ག་བྲིས་པས་ཡོང་གསུང་། དེ་ནས་གཞུང་བཤད་ཅིག་ཀྱང་འགོ་ཚུགས་སྣང་གསུམ་ཡང་ཚུགས་བྱུང་ནས་ན་ནིང་གི་ཟིན་བྲིས་ལ་ཞུས་དག་བྱེད་དགོས་སྙམ་པ་དང་གཉིད་སད། བསམས་པས་ཐོད་ཕུར་བྱོན་པའི་རྗེ་གྷ་ཡ་དྷ་ར་རྣལ་འབྱོར་དབང་ཕྱུག་གི་ཐུགས་ཀྱི་སྤྲུལ་པར་མནལ་ལམ་བཀའ་རྒྱ་མ་ལས་བཤད། དེ་དང་ཕ་བླ་མ་ཐུགས་རྒྱུད་གཅིག་པའི་བརྡ་རུ་འདུག་སྙམ་པ་བྱུང་གསུངས་པ་ཁུངས་ཤིན་ཏུ་ཆེ་བས་སློབ་དཔོན་འདི་རྡོ་རྗེ་གདན་གྱི་ཤར་ཕྱོགས་བི་ཥན་སྨན་གྱི་དབང་པོའི་གྲོང་ཁྱེར་ན་རྒྱལ་པོ་གསེར་གྱི་འཁོར་ལོའི་སྲས་སུ་སྐུ་བལྟམས་པར་མཚན་མཁན་གྱིས་མཐུ་སྟོབས་ཀྱི་སྒོ་ནས་བསྟན་པ་གསལ་བར་འགྱུར་ཞེས་ལུང་བསྟན་ནས་མཚན་དངུལ་གྱི་འཁོར་ལོར་གསོལ། སོ་མ་པཱུ་རིར་མཁན་པོ་དུལ་བའི་ལྷ་ལ་རབ་ཏུ་བྱུང་རིག་པའི་གནས་ལྔ་ལ་སྦྱངས། ནཱ་ལནྡར་མཁན་པོ་ཆོས་ཀྱི་བཤེས་གཉེན་ལ་བསྙེན་པར་རྫོགས་ཤིང་ཐེག་པ་ཆེ་ཆུང་གི་ཆོས་མཐའ་ཀླས་པ་དང་ཁྱད་པར་རྣལ་འབྱོར་གསང་མཐའ་འཁོར་ལོ་སྡོམ་པ་གསན། གནས་བརྟན་དཔལ་ལྡན་ཆོས་སྐྱོང་(༥བ)


GLG009_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གྲགས་ཏེ་ནཱ་ལནྡའི་མཁན་པོར་གྱུར། ཉིན་མོ་སྡེ་སྣོད་གསུམ་ལ་འཆད་རྩོད་རྩོམ་གསུམ་དང་མཚན་མོ་བདེ་མཆོག་གི་རྣལ་འབྱོར་ལྷུར་བླངས་ནས་དགུང་ལོ་བདུན་ཅུ་ཙམ་སླེབས་ཀྱང་རྟགས་བཟང་བ་མེད་པའི་ཁར་མི་སྡུག་པའི་མཚན་མ་མང་དུ་བྱུང་བ་སློབ་དཔོན་འདིས་སྦྱོར་ལམ་ཕལ་ཆེར་བགྲོད་ནས་ལྟེ་འོག་གི་ཀྵ་མ་ལ་སོགས་པར་རླུང་སེམས་འདུས་ཏེ་མཐོང་ལམ་ཐོབ་པར་ཉེ་བ་བླ་མའི་གདམས་པའི་ཕུ་ཐག་མ་ཆོད་པའི་སྐྱོན་ཡིན་པ་མ་མཁྱེན་པར་ཁོ་བོ་གསང་སྔགས་དང་ལས་འབྲེལ་མེད་པ་འདུག་དགོངས་འཕྲེང་བ་ཆབ་ཁང་དུ་བསྐྱུར་ཏེ་རྒྱུའི་ཐེག་པ་ལ་གཞོལ་བར་བརྩོན་པ་ན་ཐོ་རེངས་མནལ་ལམ་དུ་བདག་མེད་མ་བུད་མེད་ཐ་མལ་པའི་གཟུགས་ཀྱིས་ལུང་བསྟན་པ་ལྟར་མཛད་པས་ཉེར་གསུམ་གྱི་སྲོད་ལ་བདག་མེད་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དུ་དངོས་སུ་དབང་ཐོབ་སྟེ་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་འཁྲུངས། ཁམས་འདུས་པ་དང་པོ་གཏུམ་མོ་དྲོད་རྟགས་ཀྱི་ལམ་འཁྲིད་པའི་དུས་ཟུག་རྔུ་དང་གཅན་གཟན་གདུག་པ་ཅན་སོགས་ཤར། ཁམས་འདུས་པ་བར་མ་ཐིག་ལེ་བདེ་སྟོང་གི་ལམ་འཁྲིད་པའི་དུས་མེ་ཆུ་འཁྲུག་པ། ཁམས་འདུས་པ་ཐ་མ་སྐྱོན་མེད་གཉུག་མ་ཡེ་ཤེས་ཀྱི་ལམ་འཁྲིད་པའི་དུས་བླ་མ་ཡི་དམ་གྱི་ཞལ་རལ་བ་སོགས་སྐྱོན་དུ་བཟུང་བ་ཉེ་ལམ་རྡོ་རྗེ་བཙུན་མོའི་གདམས་པས་ཏིང་ངེ་འཛིན་དུ་ངོ་ཤེས་ནས་ཉམས་སུ་བཞེས་པས་ཞག་རེ་ལ་ས་རེ་ཐོབ་ནས་ཞག་དྲུག་སོང་བ་ནས་དྲུག་པ་མངོན་དུ་གྱུར། ལམ་གྱི་བོགས་འབྱིན་ཤ་ཆང་བསྟེན་པ་ལ་མ་དད་པ་བཟློག་པ་དང་བསྟན་པ་ལ་མི་གནོད་པའི་ཆེད་དུ་རབ་བྱུང་གི་རྟགས་བོར་ཏེ་ངན་པར་ཞལ་གྱིས་བཞེས་ནས་ཝ་ར་ཎཱ་སིར་བྱོན་པ་ཆུ་བོ་གངྒཱའི་འགྲམ་དུ་ང་(༦ན)


GLG009_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ངན་པ་ཡིན་པས་ལམ་ཐོང་གསུངས་པས་ཆུ་བོ་གྱེན་དུ་བཟློག །ཝ་ར་ཎཱ་སིར་དགེ་འདུན་རྣམས་ཀྱི་གྲུབ་ཐོབ་ཏུ་ཤེས་ཏེ་སྔར་རྔ་ཁ་གཉིས་པ་བརྡུངས་ནས་གནས་དབྱུང་གི་བྱ་བ་བྱས་པ་ལ་བཟོད་པར་གསོལ། ཝ་ར་ཎཱ་སིའི་ནགས་ཁྲོད་དུ་བཞུགས་པ་རྒྱལ་པོ་གྷོ་ནནྟ་ཙཀྲས་ཕོ་བྲང་དུ་གདན་དྲངས་པ་ནང་པའི་རྣལ་འབྱོར་པར་ཤེས་ནས་ཡན་ལག་རྣམས་ལྕགས་ཀྱིས་བཅིངས་ཏེ་ཆུར་བསྐྱུར་བ་ས་འོག་ཏུ་འཛུད་པ་སོགས་བྱས་ཀྱང་གནོད་པར་མ་ནུས་པས་རྒྱལ་པོ་སོགས་ཡུལ་འཁོར་བ་ཐམས་ཅད་རྡོ་རྗེ་ཐེག་པའི་བསྟན་པར་བཀོད། ལྷོ་ཕྱོགས་སུ་བྱོན་པའི་ལམ་དུ་གྲུ་གླ་ལ་བརྟེན་ནས་ཆུ་བོ་བཟློག་པ་དང་ཕྱིར་འབབ་པའི་རྫུ་འཕྲུལ་མཛད། མཉན་པའང་སློབ་དཔོན་གྱི་རྗེས་སུ་འབྲངས་པས་སྐལ་ལྡན་ཅིག་ཅར་བའི་ལམ་གྱིས་བཀྲི་བར་འོས་པའི་ཌོཾ་བྷི་ཧེ་རུ་ཀར་གྲགས། དེ་ནས་ཆང་འཚོང་མ་ཀཱ་མ་རུ་སིདྡྷི་ལ་ཆང་ཉོ་བའི་རིན་མེད་པར་བརྟེན་ཉི་མ་བཟུང་བ་ན་རྒྱལ་པོས་གསོལ་བ་བཏབ་པ་ལྟར་བཏང་བས་ཞག་གསུམ་གྱི་མཚན་ཕྱེད་ཙམ་སོང་བས་རྡོ་རྗེ་གདན་པའི་བསྟོད་པར། ཆུ་བོ་ཆེན་པོ་གྱེན་དུ་བཟློག །ཆང་ལ་ཉི་མ་གཏེ་མར་བཅུག །བིཪྺ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་བསྔགས། རིམ་བཞིན་ལྷོ་ཕྱོགས་བྷི་མི་ས་རའི་རྒྱལ་པོ་ནཱ་ཐ་པ་ཏས་རང་གི་མཆོད་གནས་རལ་པ་ཅན་ལྔ་བརྒྱའི་སློབ་དཔོན་དུ་བསྐོས། ར་དང་མ་ཧེ་ཁྲི་ཕྲག་བསད་པའི་ཁྲག་མཆོད་བྱེད་པའི་དབང་ཕྱུག་གི་རྟེན་ལ་སློབ་དཔོན་འདིས་ཕྱག་མཛད་པ་ན་དེ་ཕྱེད་ཙམ་གས་པས་རྒྱལ་པོ་འཁོར་བཅས་སྐྲག་པར་གྱུར། རལ་པ་ཅན་གཅིག་ལས་སད་ནས་རྗེས་སུ་འབྲངས་པ་སངས་རྒྱས་ཀྱི་བསྟན་པ་ལ་མ་ཞུགས་པ་འཇུག་འདོད་(༦བ)


GLG009_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི་མཚན་གཞི་ཤར་ཕྱོགས་ནག་པོ་པར་གྲགས། དེ་ནས་ཏཾ་བྲ་པྲ་ཏི་མའི་རྒྱལ་པོ་ཛིམ་གིམ་ཞེས་བྱ་བས་འཇོན་དམར་ལས་གྲུབ་པའི་དབང་ཕྱུག་གི་སྐུ་ཞལ་གསུམ་ཕྱག་དྲུག་པ་ཁྲུ་བརྒྱད་ཅུ་ཡོད་པ་ཞབས་རྡོས་བསྣུན་ཏེ་གནས་ཁང་ནས་བསྐྲད་པ་ཁ་བུབ་ཏུ་འགྱེལ་བར་མུ་སྟེགས་པ་རྣམས་ཀྱིས་གསོལ་བ་བཏབ་པས་འབྲས་ཆན་ཙམ་གྱིས་མཆོད་པའི་དམ་བཅའ་འཛིན་དུ་བཅུག་སྟེ་གྱེན་དུ་སླང་བ་སོགས་མུ་སྟེགས་གྲངས་མེད་བཏུལ། ལྷ་མོ་ཙཎྜི་ཀའི་རྡོ་སྐུ་རང་བྱོན་ཞིག་གནས་སར་མི་བྱུང་ཚད་རང་བྱུང་གི་ཏྲི་ཤུ་ལས་བསད་པའི་རོ་ལ་ཚོགས་འཁོར་བྱེད་པའི་རྣལ་འབྱོར་མ་རྣམས་ནང་པའི་བསྟན་པ་ལ་བཀོད། དེ་ཝཱི་ཀོ་ཊིའི་རི་སུལ་གྱི་ཐུགས་རྗེ་ཆེན་པོའི་རྡོ་སྐུའི་དྲུང་དུ་ཕེབས་པའི་ཚེ་ཐུགས་རྗེ་ཆེན་པོས་ཁྱོད་ཀྱི་ནུས་པས་རི་རབ་བརླག་པར་ནུས་ཀྱང་སེམས་ཅན་གྱི་ལས་ཟད་པ་མེད་པས་མུ་སྟེགས་རྣམས་ལ་གནོད་པ་མ་བྱེད་ཅེས་གསུངས་པ་སོ་བ་ནཱ་ཐ་བཏུལ་ནས་བཀའ་བཞིན་སྒྲུབ་པར་དམ་བཅས། སོ་བ་ནཱ་ཐའི་མུ་སྟེགས་པ་རྣམས་བཏུལ་ནས་ནང་པའི་སྡེ་བཙུགས། སློབ་དཔོན་ནག་པོ་པ་ཤར་ཕྱོགས་ཀྱི་ཕྱི་པའི་རྒྱལ་པོ་གདུག་པ་ཅན་འདུལ་བ། ཌཱ་མ་རུ་པ་རྗེས་སུ་འཛིན་པ། ཨོ་རྒྱན་ནས་རྡོ་རྗེའི་ཚིག་རྐང་གི་རྒྱབ་བརྟེན་དུ་གྱུར་པའི་ལུང་སྐོར་སྡེ་ལྔ་སྤྱན་འདྲེན་པའི་དོན་གསུམ་ལ་བརྫངས། སློབ་དཔོན་ཉིད་ཐུགས་རྗེ་ཆེན་པོའི་བཀའ་བཞིན་རེ་ཞིག་བརྟུལ་ཞུགས་ཀྱི་སྤྱོད་པའི་འཕྲོ་བཤོལ་ནས་རྡོ་སྐུར་ཐིམ་མམ་ཟེར། ལ་ལ་སྐུ་དངོས་རྡོའི་རྣམ་པར་སོང་བར་གླེངས། དེ་ཡང་འཇམ་དཔལ་རྩ་རྒྱུད་ལས། །ཡི་གེ་དྷ་ཞེས་སྡོམ་བརྩོན་ཉིད། །ལྷོ་ཡི་ཕྱོགས་སུ་རྣམ་པར་གྲགས། །ཕ་རོལ་རྒོལ་བ་བཟློག་ནས་ཀྱང་། །དེ་(༧ན)


GLG009_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་སྡོམ་བརྩོན་སྔགས་ཀྱང་འགྲུབ། །ཅེས་པ་ཆོས་འབྱུང་མང་པོར་སློབ་དཔོན་ཆོས་གྲགས་ལ་འཆད་པ་ཆོས་ཀྱི་སྐད་དོད་དྷརྨའི་ཟུར་ནི་གཉིས་ཀར་ཚང་བ་དང་བསྟན་པ་ལ་རབ་ཏུ་བྱུང་བའི་སྡོམ་བརྩོན་ཡིན་པར་མཚུངས་ནའང་ཆོས་གྲགས་ཀྱིས་ཚད་མ་རིགས་པས་རྒོལ་བ་ཚར་བཅད་པ་དེ་འདྲ་བའི་པཎྜི་ཏ་ནི་ཆེས་མང་ལ། བརྟུལ་ཞུགས་སྤྱོད་པའི་རྫུ་འཕྲུལ་གྱིས་ལོག་ལྟ་བཅོམས་པ་བསམ་གྱིས་མི་ཁྱབ་པའི་མཛད་པ་དང་སྐུ་ཚེ་དེ་ལ་མཆོག་གི་དངོས་གྲུབ་བརྙེས་པ་དཔལ་ལྡན་ཆོས་གྲགས་ལ་མ་བྱུང་བས་འཁྲུལ་པ་འོང་དོན་མེད་ཅིང་། གྲུབ་ཐོབ་ཐམས་ཅད་ཀྱི་འཁོར་ལོ་སྒྱུར་བ་ནི་སློབ་དཔོན་འདི་ཉིད་དོ། །གཉིས་པ་སྠ་བི་ར་ནི་ཤིང་སྦྲུལ་འདར་དུ་ཞལ་གྱི་གཏོར་ཆེན་སྐབས་ཚར་ཆེན་རང་གི་མནལ་ལམ་དུ་གསལ་བ་བཞིན་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ནས་ངེས་གསང་རྡོ་རྗེ་ཐེག་པའི་ཆོས་ཀྱི་འབྱུང་གནས་ཨཽཌྜི་ཡ་ན་ཞེས་ཡུལ་དེའི་སྐྱེ་བོ་རྣམས་འཕུར་ནས་འགྲོ་བའི་མ་དང་མཁའ་འགྲོ་འདུ་བའི་ཡུལ་ཁྱད་པར་ཅན་དེར་སྐུ་བལྟམས་པ་ན་ཚོད་གཞོན་ནུའི་དུས་རྗེ་བཙུན་རྡོ་རྗེ་བཙུན་མོ་མཁའ་ལ་སྤྱོད་པའི་དབང་མོས་རྗེས་སུ་བཟུང་སྟེ་ལུང་བསྟན་གཟེངས་བསྟོད། མདོ་རྒྱུད་ཀྱི་གཞུང་ལ་སྐྱེས་ཐོབ་ཀྱི་ཤེས་རབ་དང་སྦྱོར་བྱུང་གི་བརྩོན་འགྲུས་ཀྱིས་གནས་ལྔ་མཁྱེན་པའི་པཎྜི་ཏའི་རྩེར་སོན་བསྟན་པའི་རྩ་བ་སོ་སོ་ཐར་པའི་བསླབ་པ་ལ་གཙོ་བོར་མཛད་པས་མཚན་སྠ་ཝི་ར་སྟེ་གནས་བརྟན་དུ་གྲགས། རྒྱ་གར་རྡོ་རྗེ་གདན་གྱི་མཁན་པོར་གྱུར་ཏེ་རྒྱལ་བའི་བསྟན་པ་ཆོས་སྤྱོད་རྣམ་བཅུའི་སྒོ་ནས་ཉམས་པ་གསོ་བ་དང་སྔར་ཡོད་རྣམས་དར་རྒྱས་སུ་མཛད་པར་བརྟེན་པཎ་གྲུབ་ཀུན་གྱི་གཙུག་ཏོར་གྱི་རྩེ་མོར་འཛེགས་(༧བ)


GLG009_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་བརྟུལ་ཞུགས་ཀྱི་སྤྱོད་པ་མཐར་ཕྱིན་པའི་རྫུ་འཕྲུལ་གྱིས་ནག་ཕྱོགས་ལ་དགའ་བའི་འབྱུང་པོ་གདུག་པ་ཅན་གྱི་ནུས་སྟོབས་ཕྲལ་ནས་ཡང་དག་པའི་ལམ་ལ་བཀོད་པ་སོགས་མཛད་པ་མཐའ་ཡས། རྡོ་རིང་རིན་པོ་ཆེའི་སྐྱེ་བརྒྱུད་གྲུབ་ཆེན་ལྭ་བ་པ་དང་འདི་ཉིད་དུས་མཚུངས་པ་ཡིན་ནམ་སྙམ་མོ། །གསུམ་པ་པཎ་ཆེན་དྷརྨ་པཱ་ལ་ནི། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་གྱི་གསལ་སྣང་ལ་ཤར་བར་སོམ་ཉི་མི་མངའ་བས། རྒྱ་གར་ཤར་ཕྱོགས་སུ་སྐུ་འཁྲུངས་པའི་སློབ་དཔོན་དྷརྨ་པཱ་ལ་ཞེས་གནས་ལྔ་རིག་པ་མཐར་ཕྱིན་ཞིང་རླུང་སེམས་ལ་རང་དབང་དུ་གྱུར་པས་སྐུ་ཚེ་ལ་མངའ་བརྙེས་པ་ཞིག་བྱོན་པའི་ཚེ། རྡོ་རྗེ་གདན་གྱི་ཀ་བ་ནས་མགོན་པོའི་སྒྲུབ་སྐོར་སློབ་དཔོན་པདྨ་བཛྲ་གྱིས་སྤྱན་དྲངས་པ་རྒྱ་གར་དུ་བཀའ་གཏེར་གཉིས་སུ་གྲགས་པའི་གཏེར་མ་དེ་ཡིན་ཞིང་། མན་ངག་རྣམས་སློབ་དཔོན་ཀླུ་སྒྲུབ་ལ་གསན། བཀའ་མི་ནུབ་པར་བྱ་བའི་ཕྱིར་དུ་པཎ་གྲུབ་དྷརྨ་པཱ་ལ་ལ་གནང་འདི་ཉིད་ཀྱིས་བལ་པོའི་རྟེན་ཁྱད་པར་ཅན་རྣམས་མཇལ་བར་བྱོན་པའི་ཚེ་ཚད་པའི་རྙུན་གྱིས་ཟིན་པར་གངས་རི་མཐོང་སར་ཕེབས་ན་ཕན་ཟེར་བར་བརྟེན་ཧ་ནུ་མནྠས་འཕངས་པའི་ཁ་བའི་དུམ་བུ་ལ་གངས་ཅན་དུ་གྲགས་པའི་མངའ་རིས་སྨད་ཀྱི་གངས་རི་དང་། མཚོ་མ་ཕམ་པ་གཟིགས་སུ་བྱོན་པ་ན་ལྷ་བཙད་པོས་ཆོས་ལ་གུས་པའི་བཀུར་སྟི་ཆེར་མཛད། ཁྱད་པར་སྐད་གཉིས་སྨྲ་བ་རིན་ཅེན་བཟང་པོས་ཡོ་གའི་སྐོར་མང་དུ་གསན། མགོན་པོའི་སྒྲུབ་ཐབས་རྒྱ་གར་གྱི་གཏེར་མ་རྣམས་གསན་པས་ལོ་ཆེན་ནས་བརྒྱུད་པ་ལའང་བཀའ་གཏེར་ཟུང་དུ་འཇུག་ཅིང་། ལས་མགོན་གྱི་སྐོར་ལྷ་བཙུན་བྱང་ཆུབ་འོད་ཀྱི་གཏེར་མ་(༨ན)


GLG009_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

གསན་ཚེ་གཉིས་པོ་ཞུ་དག་ཕེར་བ་བྱུང་སྐད། ལོ་ཆེན་གྱིས་གསེར་སྙིམ་པས་བཅུས་ནས་ཕུལ་བ་མ་བཞེས་ནན་ཏར་གསོལ་བས་ཁྱེར་མི་དགའ་ན་ངས་འདི་ཁྱེད་གསུངས་ནས་རྡོག་པོ་གཅིག་བསྣམས། འཚོ་བས་ཕོངས་ན་ནོར་དགོས་ཀྱང་ངེད་དེ་འདྲའི་ཚན་མིན་གསུངས། ཕར་གཤེགས་དུས་དྷརྨ་པཱ་ལ་ཡིན་པར་ཤེས་པ་ཙམ་གྱིས་འདོ་ལེ་ལ་སྤྱན་དྲངས་རྙེད་བཀུར་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་རྒྱ་གར་དུ་འཕྲིན་ལས་ནམ་མཁའ་དང་མཉམ་སྐད། ལྷག་བསམ་རབ་དཀར་ལས་མེ་འབར་མ་ཡི་དཀར་ཆག་ཕལ་ཆེར་དུ། ཁ་ཆེ་དྷརྨ་པཱ་ལ་ཞེས་གསུངས་པ། །ཡོ་ག་སྟོད་ལུགས་བརྒྱུད་པའི་དེ་ཉིད་དང་། །གཅིག་གམ་གཅིག་ན་ཤར་ཕྱོགས་པར་བཤད་ཅིང་། །ཞེས་པའི་དགོངས་པ་གསལ་བྱེད་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་དྲི་ལན་དུ། མེ་འབར་མ་ཡི་དཀར་ཆག་ཕལ་ཆེར་དང་ཡང་དགོན་པའི་ཟིན་བྲིས་ལས། ཁ་ཆེ་དྷརྨ་པཱ་ལ་ཞེས་བཤད་པ་ནི་ཡི་གེ་པའི་སྐྱོན་ཅུང་ཟད་དམ་གསུང་བགྲོས་མ་ཟིན་པར་སྣང་སྟེ། བོད་དུ་བྱོན་ནས་ལོ་ཆེན་གྱི་བླ་མ་མཛད་པའི་དྷརྨ་པཱ་ལ་འདི་ཉིད་ནི། རྒྱ་གར་ཤར་ཕྱོགས་པ་ཡིན་པར་ཡོ་ག་དང་མགོན་པོའི་ལོ་རྒྱུས་ཡི་གེ་རྣམས་ལས་གསལ་བའི་ཕྱིར་རོ་ཞེས་གསུངས་པས་ཤེས་ནུས་སོ། །བཞི་པ་པཎ་གྲུབ་གྷ་ཡ་དྷ་ར་ནི། འཇམ་དབྱངས་མཁྱེན་བརྩེའི་གསང་བའི་རྟོགས་བརྗོད་ནས་གོང་དུ་དྲངས་པ་བཞིན་རྒྱ་གར་ཤར་ཕྱོགས་བྷངྒ་ལའི་རྒྱལ་པོ་ཙཎྜ་རུ་པ་ཨཀྵིའི་ཡིག་མཁན་གྱི་རིགས་ཡིན་པས་ཀ་པ་སྠ་ཞེས་གྲགས་ཤིང་། མཚན་དངོས་གྷ་ཡ་དྷ་ར་སྟེ་བོད་སྐད་དུ་སྤྲིན་འཛིན་ཟེར་རིག་པའི་གནས་ལྔ་ལ་ཤིན་ཏུ་མཁས་ཤིང་སློབ་དཔོན་གཉིས་སྤངས་ཞབས་ཀྱིས་རྗེས་སུ་བཟུང་ནས་གསུང་(༨བ)


GLG009_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གི་བཀའ་བབས། ཟབ་ཆོས་འདི་ཉིད་བོད་དུ་དར་བའི་རྟེན་འབྲེལ་འགྲིག་ཚུལ་ནི་འབྲོག་མིའི་མནལ་ལམ་བཀའ་རྒྱ་མར། ལྷོ་ནས་མི་ནག་པོ་རི་བོ་ཙམ་པ་འཕུར་བྱུང་བའི་ཁ་ནས་དུང་གི་སེང་གེ་སྐྱུགས། དེའི་ཁ་ནས་གསེར་གྱི་རྡོ་རྗེ་བྱུང་བའི་ལྟེ་བ་ནས་བུམ་པ་ཆུས་གང་བ་ཐུགས་ཀར་ཐིམ་པའི་མནལ་ལམ་བྱུང་བའི་སང་ཉིན་སྒོར་ཨཱ་ཙཪྻས་རྭ་དུང་བུས་བྱུང་བ་ན་ལྟར་བཏང་བས་ལ་བ་དམར་པོ་གྱོན་པ་ཞིག་གིས་ཁྱེད་ལ་བསྟད་ནས་འོངས་ཟེར་བ་ནང་དུ་བོས་ནས་གསུང་གླེང་མཛད་པར་རྒྱུད་སྡེ་རྒྱ་མཚོར་མཁས་ཤིང་ཁྱད་པར་རྣལ་འབྱོར་དབང་ཕྱུག་གི་གདམས་པ་ཡོད་པ་མཁྱེན་ནས་ཐོག་མར་ཚར་གསུམ་ཁུག་པའི་ཆོས་འབྲེལ་སོགས་གསན། ལོ་གསུམ་ནས་ཚུར་བོད་དུ་ཡོང་། དེ་དུས་ཆོས་ལོན་གསེར་སྲང་ལྔ་བརྒྱ་གྲབས་ཀྱིས་གསུང་བ་བཞིན་ཞལ་དན་མཛད། ལྷ་རྩེ་བྲག་ཏུ་བཞུགས་པའི་ཚེ་ཞལ་དན་བཞིན་པཎ་ཆེན་གྷ་ཡ་དྷ་ར་ཕེབས། པཎྜི་ཏའི་ཞལ་ནས་གསུང་ངག་འཛུགས་པ་ལ་གནས་ཁྱད་པར་ཅན་དགོས་གསུང་བ་ཆུ་ལ་མུ་གུ་ཞེས་པའི་སྒྲ་བྱུང་བ་གར་སོང་རྩད་བཅད་པ་མཐར་མུ་གུ་ལུང་དུ་ཐིམ་པས་རྣམ་པར་གྲོལ་བའི་སྒྲ་རྟེན་འབྲེལ་ལེགས་པར་དགོངས་ནས་དེར་གནས་མཛད། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་ལོ་གསུམ་ལ་རྫོགས་པར་གནང་། པཎྜི་ཏ་འབྱོན་པར་བརྩམས་པ་ལ་སྔར་ཞལ་དན་བཞིན་ལོ་ལྔ་བཞུགས་པར་གསོལ་ཁས་ཆོས་ཚར་ནས་བསྡད་པར་དགོས་པ་མེད་གསེར་ཕྲི་ནས་ཕུལ་ཆོག་གསུང་ཡང་རྟེན་འབྲེལ་མི་ལེགས་དགོངས་ཏེ་གསེར་སྲང་ལ་བཏེག་པ་ཅུང་ཟད་མ་ལོངས་པར་ལྷ་རྗེ་ཟུར་ཕུ་ཆེ་ལ་གདམས་པ་ཡོད་པས་གསེར་ཁུར་ཤོག་གསུངས་པ་བཞིན་ཕུལ། པཎྜི་ཏར་གསེར་(༩ན)


GLG009_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སྲང་ལྔ་བརྒྱ། གླ་རྩི་སྟོང་། རྔ་དཀར་ཉིས་བརྒྱ་དང་རྔ་ནག་སྟོང་། གོས་དར་སོགས་ཆོས་ཡོན་བསམ་གྱིས་མི་ཁྱབ་པ་ཕུལ་བས་པཎྜི་ཏའི་ཐུགས་ལ་གསེར་མང་དྲགས་པས་སྒྱུ་མ་ཡིན་ནམ་དགོངས་མང་མཁར་གྲིལ་ཆེན་གྱི་མི་མང་སར་ཅིར་འདུག་དྲིས་པས་གསེར་ཤིན་ཏུ་བཟང་ཟེར་བར་བརྟེན་མཉེས་ཏེ་ད་ཁྱོད་ལ་ཅི་དགོས་གསུངས་པར་ཆོས་འཕྲོ་འདྲ་ཡོད་ན་ཞུ་གསུངས་པས། སྐུ་རྒྱབ་ཏུ་མགོན་ཐང་བཞེས་འཕྲེང་བ་མགུལ་ལ་བཅུག་གཏོར་མ་དབུ་ཐོག་ཏུ་བསྣམས་ནས་ལྷག་མ་མེད་པའི་དབུ་སྙིང་མཛད། སླར་ཅི་དགོས་གསུང་བར་ཆོས་འདི་བདག་མིན་པ་བོད་དུ་གཞན་ལ་མི་གནང་བ་ཞུ་ཞུས་པས་པཎྜི་ཏ་མཉེས་ཀྱང་ཟེར། ལ་ལ་ཞུ་ལུགས་དེ་ཅུང་ཟད་མ་བྱུང་བས་གདུང་བརྒྱུད་ཀྱིས་མི་ཕན་པའི་རྟེན་འབྲེལ་ཕྱུགས་པར་གླེངས་སྐད། འོན་ཀྱང་མནལ་ལམ་གྱི་ལུང་བསྟན་བཞིན་ཆོས་བརྒྱུད་ཀྱི་བསྟན་པ་བོད་དང་བོད་ཆེན་པོའི་རྒྱལ་ཁམས་ཡོངས་སུ་ཁྱབ་པའི་འཕྲིན་ལས་ནམ་མཁའ་དང་མཉམ། འགོས་ལྷས་བཙས་བླ་ཆེན་ལ་ཆགས་སྡང་གི་རྣམ་པས་ཁྱད་དུ་ཐོན་པ་ཞིག་བཞེད་ནས་མཻ་ཏྲི་པ་གདན་འདྲེན་དུ་བྱོན་པ་ལམ་དུ་གྷ་ཡ་དྷ་ར་དང་མཇལ་བར་སུ་ཡིན་དྲིས་པས་མཻ་ཏྲི་པ་ཡིན་གསུངས་པར་བརྟེན་གསང་འདུས་སོགས་ཀྱི་ཆོས་ཞུ་བསྒྱུར་དུ་མ་མཛད། རྗེས་སུ་རྩད་ཆོད་ཀྱང་ཆོས་ཞུས་ཟིན་པ་དང་ཤིན་ཏུ་མཁས་པར་འདུག་པས་ཞབས་ཏོག་བསྟར། ཕེབས་རེས་འདི་ལ་སྤྲིན་གྱི་ཤུགས་ཅན་དུ་གྲགས་པས། གྲུབ་བརྒྱའི་བསྟོད་པར། རྒྱལ་རིགས་རིག་པའི་གནས་ལྔར་མཁས། །ནམ་མཁའི་ལྷ་ལ་ཐེ་ཚོམ་གཅད། །སྤྲིན་གྱི་ཤུགས་ཅན་ཞེས་པ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་འབྱུང་། (༩བ)


GLG009_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ཆེན་གཤེགས་ནས་གྱི་ཇོ་ལོ་ཙཱ་བས་གདན་དྲངས་ཁོང་ལ་གསུང་ངག་ཀྱང་གནང་། གཉོས་ཡོན་ཏན་གྲགས་ཀྱིས་གདན་དྲངས་དེར་པཎྜི་ཏ་ལ་འཆི་ལྟས་བྱུང་བས་མཁའ་རེག་ཐོད་ཕུར་འབྲོག་མིའི་སློབ་མ་སེ་རོག་གཉིས་ཡོད་སར་ཕེབས། གཤེགས་པའི་ཚེ་དབུ་གཙུག་ནས་འོད་དཀར་པོ་རྫ་མ་ཙམ་གྱི་ནང་ནས་རྣམ་ཤེས་ཀྱེ་རྡོར་ཞལ་བརྒྱད་པ་རྐང་གང་ཙམ་ཞིག་སྒྲ་འོད་མེ་ཏོག་གི་ཆར་དང་བཅས་ནུབ་ཕྱོགས་སུ་སོང་བའི་ངོ་མཚར་བ་དེ་འདྲ་བོད་དུ་སུ་ལའང་མ་བྱུང་ཞིང་། མཁས་གྲུབ་ཀྱི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་བོ། །ལྔ་པ་མཁས་གྲུབ་ཁྱུང་པོ་ནི། འགྲོ་མགོན་སངས་རྒྱས་སྟོན་པ་ཡིན་པར་ཚར་ཆེན་ཉིད་ཀྱིས་ཞལ་གྱིས་བཞེས་ཤིང་སངས་རྒྱས་སྟོན་པ་ནི་ཁྱུང་པོའི་སྐྱེ་བར་གྲགས་པས། རྗེ་བཙུན་བོད་མཁར་བ་ཆེན་པོའི་རྣམ་ཐར་དུ། སྔོན་གྱི་དུས་ན་མཁས་གྲུབ་ཁྱུང་པོ་དེ། །བདག་སོགས་དམུ་རྒོད་འགྲོ་ལ་བརྩེར་དགོངས་ནས། །དུས་འདིར་ཚར་ཆེན་རྡོ་རྗེ་འཆང་དུ་གྲགས། །བདག་སོགས་གདུལ་བྱའི་རེ་བ་སྐོང་དེར་འདུད། །ཅེས་པ་ཡིད་བརྟན་གྱི་གནས་ཁོ་ན་ངེས་པའི་ཕྱིར། ཁྱུང་པོ་ཉིད་ཀྱི་གསུང་ལས། བན་ཆུང་བདག་གི་སྐྱེས་ས་གངས་དཀར་མདའ། །སྙེ་མོ་ར་མང་རྗེ་རིགས་ཁྱུང་པོ་ཡིན། །ཕ་རུ་སྨོས་པ་ཁྱུང་རྒྱལ་སྟག་སྐྱེས་དང་། །མ་རུ་སྨོས་པ་མགོ་བཟའ་བཀྲ་ཤིས་སྐྱིད། །དེ་ཉིད་རུམ་དུ་བདག་ཉིད་ཞུགས་པའི་ཚེ། །ཕ་མ་ཡུལ་མི་བདེ་སྐྱིད་ལྡན་པར་གྱུར། །སྟག་གི་ལོ་ལ་མ་ཡི་རུམ་ནས་བཙས། །ཞེས་པ་ལྟར་ཡུལ་སྙེ་མོ་ར་མང་དུ་ཡབ་ཁྱུང་པོའི་རིགས་སྟག་སྐྱེས། བཀྲ་ཤིས་སྐྱིད་ཀྱི་སྲས་སུ་སྐུ་བལྟམས། ལོ་བཅུ་ལོན་ནས་ཡིག་རྩིས་མཁས་པར་ཤེས། བཅུ་གཉིས་ལོ་(༡༠ན)


GLG009_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕ་མེས་བག་ཆགས་ཀྱི། །སེམས་ཕྱོགས་བོན་བསླབས་རྫོགས་ཆེན་ཕྱག་ཆེན་བསླབས། །ཞེས་དགུང་ལོ་བཅུ་ནས་འབྲི་ཀློག་རྩིས་སོགས་ལ་མཁས་པར་སྦྱངས། བཅུ་གསུམ་ནས་བླ་མ་གཡུང་དྲུང་རྒྱལ་པོ་ལ་བོན་གྱི་སྐོར་གསན་མཁས་པར་གྱུར་ཏེ་ཀ་པ་ལི་འདྲེན་པ་བདུན་བརྒྱ་ཙམ་གྱི་ཚོགས་པ་བསྐྱངས་ནས་བོན་གྱི་འཆད་ཉན་དང་བསྟན་བཅོས་མང་དུ་མཛད་པས་དབུས་གཙང་ཀུན་ཏུ་དར་རྒྱས་སུ་གྱུར་ནའང་འདི་གཤའ་མ་རང་ཞིག་མིན་པ་འདྲ་སྙམ་རྒྱ་གར་དུ་འབྱོན་པར་བརྩམས་ཚེ་ཡབ་ཡུམ་གཉིས་ཀྱི་རིང་མི་འབྱོན་པར་གཤོལ་བཏབ་པ་ལ་བརྟེན། སྔགས་རྙིང་མ་བ་བླ་མ་འབྱུང་གནས་སེང་གེ་ལ་སེམས་ཀློང་མན་ངག་གི་སྡེ་རྣམས་གསན་ཞིང་སློབ་མ་སུམ་བརྒྱ་ཙམ་བསྐྱངས་ཀྱང་སྤྱོད་པ་ལ་མ་མགུ་བར་ལྷ་ས་བསྐོར་བ་དང་སྦྲགས་བླ་མ་ནི་རུ་བར་ཕྱག་ཆེན། མཚན་བརྗོད། དོ་ཧ། དགྲ་འཇིགས་ཀྱི་སྐོར་སོགས་གསན་ནའང་ཐུན་མོང་གི་དངོས་གྲུབ་ཙམ་ལ་མ་རངས་པས། དེ་ཚེ་རྒྱ་གར་གྲུབ་ཐོབ་ཨ་མོ་གྷས། །འདི་ནི་སྤྲུལ་པའི་སྐུ་སྟེ་རྒྱ་གར་འགྲོ། །པཎྜི་ཏ་དང་གྲུབ་ཐོབ་ཐམས་ཅད་ཀྱི། །ཐུགས་བཅུད་བསྡུས་ནས་འགྲོ་རྣམས་སྨིན་གྲོལ་མཛད། །སྣ་ཚོགས་སྤྲུལ་པས་གདུལ་བྱ་འདུལ་བར་འགྱུར། །ཐེག་ཆེན་སྙིང་པོ་མཐའ་བྲལ་ཆོས་སྒྲ་སྒྲོག །མཐར་ཐུག་གསང་སྔགས་བདེ་སྟོང་དབྱེར་མེད་ཀྱི། །སེང་གེའི་ང་རོ་ཕྱོགས་བཅུར་སྒྲོག་པར་འགྱུར། །ཞེས་ལུང་བསྟན་དང་མཐུན་པར་ཞིང་བཙོངས་པ་དང་། སྲུ་མོའི་གཡུ་སོགས་ལ་བརྟེན་པའི་གསེར་མང་པོ་བསྣམས་ནས་བྱོན་ཚུལ། དེ་ནས་རིན་ཆེན་གསེར་ཕྱེ་འཕངས་མེད་ཁྱེར། །གཅེས་པའི་སྲོག་ལ་མ་བལྟས་དཀའ་སྤྱད་ནས། རྒྱ་དང་བལ་པོའི་ཡུལ་དུ་ལན་(༡༠བ)


GLG009_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ཕྱིན། །རྒྱ་གར་མཁས་པ་བརྒྱ་དང་ལྔ་བཅུ་བསྟེན། ཁྱད་པར་མཁས་ཤིང་གྲུབ་ཐོབ་ལྔ་བཅུ་དང་། །རྩ་བའི་བླ་མ་ཁྱད་འཕགས་རྣམ་བཞི་བསྟེན། །ལོངས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་ལ། །དངོས་སུ་ཆོས་གསན་ཡེ་ཤེས་མཁའ་འགྲོ་གཉིས། །མཉེས་པར་བྱས་ནས་མཐར་ཐུག་གདམས་ངག་ཞུས། །ཞེས་བལ་པོར་པཎྜི་ཏ་བྷ་སུ་ན་མ་ཏི་ལ་བིཏྤཱ་ཏ་སྦྱངས་ཤིང་བྱ་རྒྱུད་ཀྱི་སྐོར་གསན་བླ་མ་རྡོ་རྗེ་གདན་པ་ལ་དགེ་ཚུལ་སྒྲུབ་པ་སོགས་བླ་མ་བརྒྱ་ལྔ་བཅུ་ལ་རྒྱུ་འབྲས་ཀྱི་ཐེག་པའི་ཆོས་མཐའ་ཀླས་པ་གསན། པཎ་གྲུབ་ཐམས་ཅད་ཞལ་མཐུན་པར་ནཱ་རོ་པའི་ལྕམ་ནེ་གུ་ཞེས་རྡོ་རྗེ་འཆང་ལ་ཆོས་དངོས་སུ་གསན་པ་ཞིག་དུར་ཁྲོད་སོ་ས་གླིང་ན་ཡོད་པ་ཐོས་པས་དེར་བྱོན་པ་ན་ཤིང་ཏཱ་ལ་བདུན་སྲིད་ཙམ་གྱི་མཁའ་ལ་བུད་མེད་སྨུག་ནག་རུས་རྒྱན་སྤྲད་པ་ཞིག་འདུག་པར་གསེར་ཕུལ་ཞིང་གསོལ་བ་བཏབ་པས་ཚེས་བཅོ་ལྔའི་སྲོད་ལ་སྒྱུ་ལུས་དབང་མོ་ཆེའི་དབང་གནང་བ་སོགས་ཆོས་དྲུག་གི་གདམས་པ་རྣམས་གསན། གཞན་ཡང་མཻ་ཏྲི་པ་དང་རཱ་ཧུ་ལ་སོགས་ལ་མྱུར་མཛད་མགོན་པོའི་ཆོས་སྐོར་ཞུས་ནས་བོད་དུ་བྱོན། ལྗོངས་འདིར་ཆག་ཆོས་རྡོ་རྗེའི་རྒྱས་བཏབ་ཀྱི་བརྒྱུད་པ་བདུན་ལྡན་སོགས་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པ་ཕྱོགས་ཀུན་ཏུ་ཁྱབ་པར་གྱུར། ཞིང་འདིར་མཛད་པ་རྫོགས་ནས།བླ་མ་ཡི་དམ་ལུང་བསྟན་པའི། །མཐར་ཐུག་གསུམ་གྱི་དུས་ལ་བབས། །ད་ནི་ཞིང་ཁམས་མཐར་ཐུག་པའི། །བདེ་བ་ཅན་གྱི་ཞིང་དུ་འགྲོ། །ཞེས་དུས་ལ་བབས་པས་འཕོ་བ་ཡེ་ཤེས་སྐར་ཁུང་མ་ལ་བརྟེན་ཏེ་དབུ་ཐོད་ལག་མཐིལ་ཙམ་ཞིག་མཁའ་ལ་འཕར་ནས་སྒྲ་འོད་དང་བཅས་ཏེ་གཤེགས། ཁམས་པའི་གྲྭ་(༡༡ན)


GLG009_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱི་དབང་དུ་སོང་ནས་པུར་སྦྱངས་པས། འདི་ཡི་ལུས་ནི་བདེ་མཆོག་འཁོར་ལོ་སྟེ། །གསུང་ནི་མཧཱ་མཱ་ཡའི་བདག་ཉིད་འགྱུར། །ཐུགས་ནི་དཔལ་ལྡན་དགྱེས་པ་རྡོ་རྗེ་སྟེ། །སྤྲུལ་པའི་གནས་མཆོག་གསང་བ་འདུས་པ་ལ། །གསང་གནས་བདེ་སྐྱོང་གཤིན་རྗེ་གཤེད་དུ་འགྱུར། །ཞེས་པ་དང་མཚུངས་པར། ལྷ་སྐུ་དང་རིང་བསྲེལ་གྱི་ཕུང་པོར་སོང་། དེང་སང་ཡང་ཤངས་ཆོས་ཁུངས་བཙུན་གྱི་རྒྱུན་མ་ཆད་པ་ཚར་ཆེན་གྱི་ཐུགས་རྗེ་ཁོ་ནར་མངོན་ནོ། །དྲུག་པ་པཎ་ཆེན་བསོད་སྙོམས་པ་ཆེན་པོ་ནི། ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱིས་པཎ་ཆེན་གྱི་སྔོན་གནས་དྲན་ཞིང་ཆོས་འོད་ཡིན་པ་རྗེ་མཁྱེན་བརྩེའི་མནལ་ལམ་གྱིས་ཤེས་ནུས་པས། རྒྱ་གར་ནུབ་ཕྱོགས་ཁ་ཆེ་ཁྲི་བརྟན་དུ་ཡབ་ཚོང་དཔོན་སྲིད་བརྟན་ཡུམ་དགེ་བ་མ་གཉིས་ཀྱི་སྲས་སུ་མེ་མོ་ལུག་གི་ལོ་ལ་སྐུ་བལྟམས། སྤྱིར་མ་བྱོན་སངས་རྒྱས་གསུམ་པ་རབ་གསལ་གྱི་རྣམ་པར་སྤྲུལ་པ་ཡིན་པས་འཕགས་པའི་གང་ཟག་གི་ཡོན་ཏན་དཔག་པར་དཀའ་ཞིང་ཐུན་མོང་བའི་སྣང་ངོར་ཡང་ཆུང་ངུའི་དུས་ནས་ཡིག་རྩིས་སྒྲ་སྙན། སྡེབ་སྦྱོར། མངོན་བརྗོད། ཟློས་གར་དང་གཞན་ཡང་རིག་པའི་གནས་བཅོ་བརྒྱད་ལ་མཁས་པའི་རྩེར་སོན། མཁན་པོ་ཆེན་པོ་ཨཱ་ཀཱ་ར་གུཔྟ་ལ་བསྙེན་པར་རྫོགས་ཏེ་ཚུལ་ཁྲིམས་རྣམ་པར་དག་པས་གནས་བརྟན་འདུལ་བ་འཛིན་པ་ཀུན་གྱི་གཙུག་གི་ནོར་བུར་གྱུར། ཐུན་མོང་བ་ནང་རིག་པ་སྡེ་སྣོད་གསུམ་དང་ཐུན་མོང་མིན་པ་གསང་ཆེན་རྡོ་རྗེ་ཐེག་པ་ལ་སྦྱངས་པས་མཁས་གྲུབ་ཀྱི་སྙན་པས་ས་སྟེང་ཁྱབ། ཁྲོ་ཕུ་བ་གནུབས་བྱམས་པའི་དཔལ་ལོ་ཙཱ་མཛད་བཞེད་ཀྱིས་མང་ཡུལ་སྐྱིད་གྲོང་དུ་བཞུགས་དུས་(༡༡བ)


GLG009_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཚའི་སློབ་མ་དོན་ཞགས་པར་བརྟག་པ་ཞུས་པར་འཕགས་པ་ཝ་ཏི་ལ་གསོལ་བ་ཐོབ་ཅེས་གསུངས་པ་ལྟར་བཏབ་པས་ལོ་ཙཱ་བའི་མནལ་ལམ་དུ་ཨཱཙཪྻ་དུང་སོ་ཡོད་པ་ཞིག་གིས་དུང་སེང་། བྱང་ཆུབ་ཤིང་གི་ལོ་མ་ལ་པཎྜི་ཏ་བྱའི་གདོང་པ་ཅན་དང་ཤེལ་གྱི་མེ་ལོང་ལ་པཎྜི་ཏ་ཤིན་ཏུ་མཛེས་པའི་གཟུགས། མི་གཟུགས་དཀར་པོ་རྣམས་གཏད་བྱུང་བ་སོ་སོའི་རྒྱབ་ཏུ་རྒྱ་ཡིག་ཡོད་པ་དེ་སྐབས་མ་མཁྱེན་ཀྱང་སེང་གེ་ལོ་ཙཱ་བ། མི་དཀར་མི་ཏྲ་ཛོ་ཀི །མེ་ལོང་བུདྡྷ་ཤྲཱི། ཤིང་ལོ་ཁ་ཆེ་པཎ་ཆེན་དུ་འདུག་པ་བཞིན་བལ་ཡུལ་དང་རྒྱ་གར་རྣམས་སུ་བྱོན་ནས་པཎ་གྲུབ་སྔོན་མ་གཉིས་སྤྱན་དྲངས་པའི་རྗེས་སུ། རྒྱ་རྩིས་པའི་ཤིང་ཕོ་བྱི་བ་མཆུ་ཟླ་བའི་ཚེས་བདུན་ལ་གདན་འདྲེན་པའི་ཆེད་ལམ་དུ་ཞུགས། རྒྱང་རོ་གོང་ཆུང་གི་དགེ་བཤེས་རྒྱ་བླ་མ་ན་རེ་པཎ་ཆེན་སྤྱན་འདྲེན་པ་ལ་ཅུམ་ཅུམ་དང་ཞུམ་ཞུམ་བྱས་པས་མི་ཡོང་འུད་ཐག་གིས་སོང་གསུང་བ་བཞིན་གྲོ་མོར་བྱོན་པཎ་ཆེན་ཕེབས་ལམ་ནོར་བའི་ཆོམ་རྐུན་དུག་སྦྲུལ་གཅན་གཟན་སོགས་ཀྱི་འཇིགས་པ་ཡོད་པའི་ལམ་དུ་བྱོན་ཀྱང་ཅི་ཡང་མ་ཉེས་པར་བཻ་ཌཱུཪྻའི་ཚོང་འདུས་སུ་བྱོན། ལོ་ཙཱ་བས་རྒྱ་ཡིག་བྲིས་པའི་ཞུ་ཡིག་གསེར་གྱི་ཤེར་སྙིང་དང་གསེར་སྲང་ལྔ་སོགས་ཀྱི་རྟེན་བཟང་པོ་དང་བཅས་པཎྜི་ཏ་ཛ་ཡ་ཤྲཱི་དང་ཝ་ར་ཎཱ་སི་གཉིས། ཇོ་སྲས་ཉི་མ་དང་ཁམས་པ་བྱང་གྲགས་གཉིས་ཕོ་ཉར་བཏང་། གདན་འདྲེན་པ་འོང་བར་མཁྱེན་ནས་ལ་འུར་བྱོན་ཀྱང་མ་བྱུང་བས་ཕྱིར་ལྡོག་པར་བརྩམས་པ་ན་བང་ཆེན་རྣམས་སླེབས། པཎ་ཆུང་རྣམས་ལ་ཇི་ལྟར་བྱེད་དྲི་བ་མཛད་པས་ངེད་ཀྱིས་མི་ཤེས་ཆོས་རྗེ་ཉིད་ཀྱིས་མཁྱེན་གསོལ་བ་ལ་བརྟེན་མཚམས་མཛད་ནས་སྒྲོལ་མ་ལ་གསོལ་བ་བཏབ། དེའི་དུས་རྒྱ་གར་ཤར་(༡༢ན)


GLG009_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་གནས་བརྟན་མང་པོས་སློབ་དཔོན་ཀླུ་སྒྲུབ་ཀྱིས་རབ་གནས་མཛད་པའི་སྒྲོལ་མ་ངོ་ཆེན་དུ་སྤྱན་དྲངས་ནས་གདན་འདྲེན་ལ་བྱུང་བར། བོད་ཀྱི་ཕོ་ཉ་བས་དཀོན་གཉེར་ཁ་ཆེ་བར་རྔན་པ་བྱིན་ཏེ་རྟེན་གཉིས་ཞལ་ཚུར་བསྒྱུར་ལོ་ཙཱ་བ་བྱོན་པ་ན་པཎ་ཆེན་གྱིས་གཞོན་ནུ་འདི་འདྲས་ལོ་ཙཱ་བ་ཨེ་ཡོང་མི་ཤེས་པས་སེམས་བསྐྱེད་དང་སྒྲུབ་ཐབས་འགའ་ཞིག་བྱིན་ནས་ཕྱིར་བཟློག་དགོངས་པ་ལ་ཛ་ཡ་ཤྲཱིས་བསླབས་ནས་ལོ་ཙཱ་བས་པཎ་ཆུང་དགུ་ལ་དྲི་བ་མི་འདྲ་བ་གཉིས་གཉིས་དྲིས་པས་ཕྱི་དྲོ་ནས་ནམ་ཕྱེད་ཀྱི་བར་དུ་སོང་། ཆོས་རྗེའི་ཐུགས་དམ་ནར་མ་མང་པོ་ཆག་ཀྱང་ཐུགས་དགྱེས་ཏེ་བོད་ན་འདི་འདྲ་བའི་ཆོས་སྨྲ་བ་འོང་བ་ངོ་མཚར་ཆེ་གསུངས། རིམ་གྱིས་ཕག་རིར་ཕེབས་ཕྱོགས་འདུས་ཀྱི་སྐྱ་སེར་གྲངས་མེད་པ་ལ་མན་ངག་ཁ་འཐོར་མང་དུ་གསུངས་ཚོང་འདུས་ནས་ཆུ་མིག་གི་བར་དུ་དགེ་འདུན་ཤིན་ཏུ་མང་པོས་བསྐོར་བས་ཁྱིམ་པ་རྣམས་ཀྱིས་ཞལ་ཡར་ལྟ་དཀའ་བར་གྱུར། ཁྲོ་ཕུར་དབྱར་གནས་མཛད་པའི་ཚུལ་ཤིང་ལེན་མི་བརྒྱད་བརྒྱ་ལྷག་ཙམ་བྱུང་། བརྒྱད་སྟོང་པ་དང་སོ་ཐར་གྱི་ལུང་མང་དུ་གསུངས། རྟག་ཏུ་ངུའི་ལེའུ་ལ་བབས་པའི་ཚེ་མཆོད་པའི་མཎྜལ་རི་མོ་ཅན་གྱི་སྟེང་དུ་པོ་ཏི་བཞུགས་པ་ལ་མཆོད་པ་མང་པོ་བྱེད་བཞིན་པར་ནུབ་ཕྱོགས་ལ་སོང་བས་རྒས་ཁར་ཁ་ཆེར་འགྲོ་བར་འདུག་གསུངས། སྣར་གྱི་གླས་མོ་ཆེར་བྱོན་ཉིས་འགྲོལ་དུ་གསུངས་པ་ལ་དེ་བཞིན་ཉིད་ཀྱི་ལེའུ་ལ་སླེབས་པའི་ཚེ་ཆོས་རྗེའི་ཕྱག་དཔེ་བརྒྱད་སྟོང་པའི་པོ་ཏི་སྒྲོལ་མའི་པང་དུ་བྱས་དེར་མཆོད་པ་མང་པོ་བྱས་ཤར་ཕྱོགས་སུ་སོང་བས་དབུས་སུ་འགྲོ་དགོས་པ་འདུག་གསུངས་ཤིང་(༡༢བ)


GLG009_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ཡང་དབྱར་གནས་མཛད། ལྷ་སར་ཤཱཀྱ་མུ་ནི་སོགས་རྟེན་རྣམས་མཇལ། སྲིན་པོ་རིར་དབྱར་གནས་མཛད། རྡོ་རྗེ་འཕྲེང་བའི་དབང་དང་བྱམས་ཆོས་སྡེ་ལྔ། དབུ་མ་རིགས་ཚོགས་དྲུག་སོགས་ཆོས་མང་དུ་གསུངས། བསམ་ཡས་སུ་ལྷ་བཙུན་ཞི་བ་འོད་ཕྱི་མས་གདན་དྲངས་མཆིམས་ཕུ་སོགས་གནས་རྣམས་གཟིགས། སྲིན་པོ་རིར་བཞུགས་ཐོག་རྒྱ་འབྲི་མཚུར་གསུམ་གྱི་གདན་འདྲེན་བྱུང་། བྱམས་པའི་ཆ་རྐྱེན་གྱི་ཆེད་དུ་གཉལ་ལོ་རོ་སོགས་ཡུལ་གྲུ་མང་པོར་ཕེབས། ཆུ་སྤྲེལ་ཁྲོ་ཕུའི་བྱམས་ཆེན་ལ་རབ་གནས་མཛད་པས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་། སྔོན་བླ་ཆེན་པོའི་སྡོམ་རྒྱུན་དང་སྟོད་འདུལ་བ་སོགས་བྱུང་ནའང་བསོད་སྙོམས་པ་ཆེན་པོ་འདི་ཉིད་ཀྱིས་མཁན་པོ་མཛད་ནས་བྱང་རྡོར་རྣམ་གཉིས་སོགས་བསྙེན་པར་རྫོགས་པའི་པཎ་ཆེན་བརྒྱུད་པ་ཞེས་འཕགས་ཡུལ་ལ་འགྲན་བཟོད་པའི་བསྟན་པ་རྨ་མེད་པའི་བཀའ་དྲིན་རྒྱ་ཆེར་མཛད་ཇོ་བོ་སྟན་གཅིག་པའི་སྡེ་བཙུགས། དཔལ་ལྡན་ས་སྐྱར་ཕེབས་དུས་རྗེ་བཙུན་ཆེན་པོས་རྡོར་དྲིལ་ནམ་མཁའ་ལ་འཇོག་པ། ཅང་ཏེའུ་སོགས་ཀྱི་སྒྲ་རང་སྒྲར་འཁྲོལ་བ། རྒྱ་ཁབ་ཕྱེ་ལྟར་གསོལ་ཏེ་ཕྱིར་འདོན་པ། དྷཱུ་ཏཱིའི་རྒྱུ་བ་བཀག་པས་གཟའ་འཛིན་མི་འབྱུང་བ་སོགས་ལ་རྒྱ་གར་ནའང་འདི་ལྟ་བུའི་གྲུབ་ཐོབ་དཀོན་ཞེས་འཁོར་ལོ་སྡོམ་པའི་དབང་གསན། ཉང་སྨད་རྒྱན་གོང་གི་གཙུག་ལག་ཁང་དུ་རྗེ་བཙུན་ས་པཎྜི་ཏ་བསྙེན་པར་རྫོགས། བོད་རྣམས་ཀྱིས་བཞུགས་པར་གསོལ་ཡང་མ་བཞེད་པར་འབུལ་བའི་དངོས་པོ་རྣམས་ཡུལ་སོ་སོའི་དགེ་འདུན་ལ་བཀྱེ། ལོ་ཙཱ་བས་གློ་བོའི་བར་གདན་འདྲེན་དུ་བྱོན་པར་ཕྱག་གིས་མ་ཐེག་(༡༣ན)


GLG009_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གསེར་གྱི་གནང་སྦྱིན་མཛད། ཁ་ཆེར་ལོ་བཅུ་གཉིས་བཞུགས་ནས་རྒྱལ་པོ་མུ་སྟེགས་པར་སོང་བ་ནང་པའི་བསྟན་པ་ལ་བཀོད་ཡུལ་དེར་རབ་བྱུང་གི་སྡེ་མང་དུ་བཙུགས། སྔར་བོད་དུ་སློབ་མ་རྣམས་ཀྱིས་དུས་མཆོད་འཛིན་པའི་དུས་མི་ཤེས་པ་འདུག་གསོལ་བས་ནམ་འདས་པའི་དུས་ན་རྫ་སྐུ་རྣམས་གས་འོང་གསུངས། ཤིང་མོ་བྱའི་ལོ་དགུང་ལོ་དགུ་བཅུ་རྩ་དགུར་ཕེབས་པ་ན་ངོ་མཚར་བའི་ལྟས་དང་བཅས་ཏེ་དགའ་ལྡན་དུ་གཤེགས་སོ། །བདུན་པ་ཆོས་རྗེ་སངས་རྒྱས་སྟོན་པ་ནི། རྣམ་ཐར་གསོལ་འདེབས་ཚིགས་བཅད་མར་གསལ་ཞིང་རྗེ་ཉིད་ཀྱིས་ཞལ་གྱིས་བཞེས་པ་བཞིན་ཡུལ་དབུས་ཀྱི་སའི་ཆ་ཁྱུང་བཙུན་རྡོ་རྗེ་དཔལ་ཡུམ་གྱི་ཕོ་བྲང་གངས་ཀྱི་རི་བོའི་འདབས་ཞོལ་རྩའི་བསིལ་མ་ཞེས་བྱ་བའི་གྲོང་ཁྱེར་དུ་ཡ་བས་དཀར་པོའི་རུས་ལས་ཆད་པའི་གཡུང་དྲུང་གི་སྟོན་པ་ས་ལ་དབང་བ་གསལ་བའི་ཁྲི་ཞེས་བྱ་བ་ནས་བརྒྱུད་པ་རིམ་པར་བོན་གྱི་རིང་ལུགས་ལ་བརྟེན་ནས་གྲུབ་པ་བརྙེས་པ་མང་དུ་བྱུང་བའི་མཐར་དམ་པ་འདི་ཉིད་འཁྲུངས་ལ། འོན་ཀྱང་བོན་ལ་མི་དགྱེས་པར་ཆོས་འབའ་ཞིག་དོན་དུ་གཉེར་བས་ཡབ་མེས་ཀྱི་སྒྲུབ་ཐབས་གསུམ་ཙམ་ལས་ཆེར་མ་གསན། དགུང་ལོ་བརྒྱད་དགུ་ལོན་པའི་དུས་འབྲི་ཀློག་སྦྱངས། དགུང་ལོ་བཅུའི་དུས་སུ་མ་གཅིག་སྤྲུལ་སྐུ་ལ་གཅོད་དབང་དང་ཞལ་གདམས་ཚིག་བརྒྱུད་ཞུས། བཅུ་གཅིག་དང་བཅུ་གཉིས་ཀྱི་དུས་སུ་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ཅན་དུ་དགོངས་པའི་ངེས་འབྱུང་གི་བསམ་པ་བརྟན་པོས་དགུང་ལོ་བཅུ་གསུམ་པར་བླ་མ་རྩོ་རི་རས་པར་རབ་ཏུ་བྱུང་མཚན་བརྩོན་འགྲུས་སེང་གེར་བཏགས། སློབ་(༡༣བ)


GLG009_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་སྲེགས་དུམ་པ་རས་པ། བཟང་ཡུལ་བ། ཁྲོ་ཕུ་བ། ས་སྐྱ་པ། སློབ་དཔོན་ཇོ་སྟན་མཁར་སྐྱ་བ་སོགས་ཡོངས་འཛིན་བཅུ་ལྷག་གི་ཞབས་པད་ཉེ་བར་བསྙེན་ཏེ་ཐེག་པ་ཆེ་ཆུང་གི་ཟབ་ཆོས་མང་དུ་གསན། བཅུ་དགུ་པར་མཁན་པོ་ཆོས་རྒྱལ་གྱི་དྲུང་དུ་བསྙེན་པར་རྫོགས། ཁྱད་པར་བླ་མ་རྔོག་སྟོན་ཞེས་ས་ལོ་དང་ཁྲོ་ལོ་ལ་དག་པ་མི་སྟེར་བ་སྐད་བྱེད་པ་དེ་ལ་ཀུན་ལས་བཏུས་པ་སོགས་ཞུས། ཁོང་མོས་པའི་བླ་མ་སངས་རྒྱས་གཉེན་སྟོན་གྱི་དྲུང་དུ་བྱོན་པའི་ཚེ་བླ་མའི་ཞལ་ནས་དེ་རིང་རབ་གྲོང་ནས་སྒོམ་ཆེན་པ་ཞིག་འོང་བར་གདའ་བས་ཨོ་རྒྱན་དང་ཛ་ལནྡྷ་ར་ཚུན་ཆོད་ནས་ཕྱིའི་རྒྱ་མཚོའི་མཐའ་ཚུན་འགེང་བའི་ཆོས་བདག་ཅིག་ཡིན་པས་ཕྱག་བདར་གྱིས་གསུངས། མཇལ་བའི་ཚེ་ཁྱོད་ངའི་རྩར་ལོ་གསུམ་གྱི་རིང་མ་ཐོན་པའི་གོང་ལ་ལུང་བསྟན་བྱེད་པའི་བླ་མ་རྔོག་སྟོན་གྲོང་ཨང་གསུངས་པས་མངོན་མཁྱེན་ཐོགས་མེད་དུ་དགོངས། ཁྱོད་འདིར་འོང་བའི་རྒྱུ་ཅི་ཡིན་གསུངས་པར་ཁྱེད་སྒྱུ་ལུས་རྨི་ལམ་འབྱོངས་ཤིང་འོད་གསལ་མངོན་དུ་གྱུར་པའི་ཡི་དམ་གྱི་ཞལ་གཟིགས་ཆོས་སྐྱོང་བྲན་དུ་འཁོལ་ཟེར་བས་འོངས་ལགས་པས་བླ་མ་ཤངས་པའི་གདམས་པ་རྣམས་གནང་འཚལ་ཞུས་པས་རྗེ་བཙུན་ནེ་གུ་མའི་ཐུགས་ཀྱི་ཉིང་ཁུ་ཆོས་དྲུག་གི་དབང་བྱིན་རླབས་མན་ངག་ལུང་རྒྱབ་རྟེན་མཐའ་དག་རྫོགས་པར་གནང་ནས་བརྒྱུད་པ་རིན་ཆེན་སྣ་བདུན་གྱི་ཐ་མ་ཡིན་ནོ་ཞེས་ངོས་འཛིན་མཛད། འགྲོ་དོན་འཕྲིན་ལས་ཀྱང་རྒྱ་ཆེར་བསྐྱངས་པས་ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པའི་སྒྲོན་མེའོ། །བརྒྱད་པ་ཀུན་མཁྱེན་ཆོས་འོད་ནི། བོ་དོང་དུ་ཚར་ཆེན་ཕེབས་རྒྱུའི་དོ་ནུབ་རྗེ་མཁྱེན་བརྩེའི་མནལ་ལམ་དུ་ཀུན་(༡༤ན)


GLG009_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་ཆོས་སྐུ་འོད་ཟེར་ཡིན་ཟེར་བའི་བླ་མ་བགྲེས་པོ་སྐུ་ཤ་འབྱོར་བའི་སྐུ་ཆས་ན་བཟའ་ཞབས་ཕྱགས་སོགས་སང་ཉིན་རྗེ་ཉིད་ལ་ཇི་ལྟ་བ་བཞིན་འདུག་གསུངས་པ་ཀུན་མཁྱེན་ཆོས་འོད་ཀྱི་སྐུའི་སྐྱེ་བར་ངེས་ཤེས་རྙེད་པས། ཡུལ་ཉང་སྟོད་གསེར་སྡིངས་སུ་གདུང་གསུམ་པ་ཡབ་ཀུན་མཁྱེན་གཞོན་ནུ་འོད། ཡུམ་མགར་བཙུན་མ་ཤེས་རབ་རྒྱལ་མཚན་གྱི་སྲས་སུ་གཡའ་མ་རིའི་གཙུག་ལག་ཁང་གི་འདབས་སུ་ཤིང་ཁྱི་སྟོན་འབྲིང་ཉི་མ་སྒྲ་གཅན་གྱིས་ཟིན་པའི་དུས་སྐུ་བལྟམས་མཚན་བདག་མེད་རྡོ་རྗེར་བཏགས། ཡུམ་གྱི་ལད་མོ་མཛད་པས་ཡི་གེའི་འབྲི་ཀློག་དང་ཁ་ཏོན་རྣམས་ཚེགས་ཆུང་ངུས་མཁྱེན། ཞང་པོ་དང་མཉམ་དུ་གསེར་སྡིངས་སུ་ཆོས་ཞུ་བ་ལ་བྱོན་པའི་ཚེ་རྩེད་མོར་གཡེངས་པས་ངའི་ཆོས་འགོ་དང་ཁྱོད་ཀྱི་རྩེད་འགོ་ཚུགས་པ་ཆོས་ལ་མི་གུས་སམ་ཞེས་བཀའ་བཀྱོན་པས་ཆོས་རྣ་བས་ཉན་པ་དང་ཡན་ལག་གིས་རྩེ་བ་མི་འགལ་ཞེས་ཆོས་རྣམས་ཤར་གྱིས་བསྐྱར་བས་ཀུན་ཡ་མཚན་ཞིང་སྔོན་གནས་གསུངས་པས་ཁ་ཆེ་པཎ་ཆེན་གྱི་སྤྲུལ་བར་གྲགས། བླ་མས་ཀྱང་ཡབ་ཏུ་ཞལ་གྱིས་བཞེས་ནས་དེ་ཕྱིན་ཆད་བསྟན་བཅོས་ཀྱི་མཛད་བྱང་ལ་རྣལ་འབྱོར་གྱི་དབང་ཕྱུག་ཅེས་གསུངས་སྐད། བཅུ་གསུམ་པ་ལ་གནས་རྙིང་དུ་མཁན་པོ་རིན་ཅེན་པ་ལ་རབ་ཏུ་བྱུང་བའི་མཚན་ཆོས་སྐུ་འོད་ཟེར་དུ་བཏགས་ཤིང་ཉེར་ལྔ་ལ་བསྙེན་པར་རྫོགས། དགུང་ལོ་ལྔ་ནས་བཅུའི་བར་ཡབ་ཀྱི་དྲུང་དུ་གསང་འདུས་དང་བདེ་མཆོག་སོགས་ཟབ་ཆོས་མཐའ་དག་བུམ་པ་གང་བྱོར་གསན། ཆོས་རྗེ་འཇམ་གསར་བ་ལ་གཤེད་དམར་དུས་འཁོར་ཕར་ཚད། འཇམ་རྒྱལ་ལ་སྨྱུང་གནས། བཟད་རིང་ལ་(༡༤བ)


GLG009_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པ། ས་ལོ་ལ་སྒྲ་ཚད་སྙན་ངག་སྡེབ་སྦྱོར་བདེ་དགྱེས། བི་བྷཱུ་ཏི་ལ་འཕྲེང་བསྐོར་གསུམ། སདྒྷ་ཤྲཱི་ལ་ཀ་ཙན། དཔྱལ་ཆོས་བཟང་ལ་དཔྱལ་ལུགས། ལྕེ་མདོ་སྡེ་སེང་གེ་ལ་ཡོ་ག །འཕགས་པ་རིན་པོ་ཆེ། མཆིམས་ཆེན་པོ། རྫ་ཆུང་མ་སོགས་མཁས་གྲུབ་མང་པོ་བསྟེན་ནས་མདོ་རྒྱུད་ཀྱི་ཆོས་ལ་མཁས་པར་གྱུར་པས་ཀུན་མཁྱེན་དུ་གྲགས། ལྷ་སར་ཇོ་ཤཱག་གི་དྲུང་དུ་བྱོན་ནས་བཤད་སྒོམ་གང་བྱས་ན་བཟང་ཞེས་གསོལ་བ་བཏབ་པས་སྟོན་པ་དངོས་སུ་གྱུར་ཏེ། ཁྱོད་ཀྱིས་དང་པོར་བརྩམས་པ་ནས་ཞེས་སོགས་ཀྱིས་དབུགས་དབྱུང་། ཧོར་དམག་གི་གནོད་པ་བྱུང་བའི་ཚེ་མང་པོའི་སྲོག་བསྐྱབས། འདོལ་ཆུང་ཆོས་འཁོར་གྱི་དུས་མཁས་པའི་སྙན་གྲགས་ཀྱིས་ཁྱབ། གསེར་སྡིངས་སུ་བཞུགས་ནས་དབང་ལུང་འཁྲིད་བྱིན་རླབས་རྒྱུད་བཤད་མན་ངག་མདོ་ཕྱོགས་ཀྱི་གཞུང་བཤད་སོགས་གདུལ་བྱའི་རེ་བ་ཡོངས་སུ་བཀང་། ས་སྐམ་པོ་ལས་ཆུ་འབྱིན་པ་དང་མངོན་པར་མཁྱེན་པ་ཐོགས་མེད་མངའ། འོད་གསལ་ཁོར་ཡུག་ཏུ་འབྱོངས་པ་སོགས་རྡོ་རྗེའི་རྣལ་འབྱོར་མཆོག་ལས་ནམ་ཡང་མི་གཡོ་བའི་ངང་ནས་གདན་ས་སློབ་དཔོན་འོད་ཟེར་མགོན་ལ་གཏད་དེ་དབེན་གནས་བྱ་བཏང་དུ་དོན་དགུ་པ་ཆུ་འབྲུག་ཧོར་ཟླ་གསུམ་པའི་ཉེར་དགུ་ལ་ནམ་མཁར་ཟླ་བ་ལྟ་བུ་ལ་ཚོམ་བུ་སོ་གཉིས་འོད་ལྔས་བསྐོར་བ་ཐལ་བྱུང་གྱེན་ལ་འགྲོ་བ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་དག་པའི་ཞིང་དུ་གཤེགས་སོ། །དགུ་པ་ཀུན་མཁྱེན་བུ་ནི། དཔེ་ཁང་ན་རྒྱ་དཔེ་འདི་འདྲ་ཡོད་ཅེས་དྲི་ཚད་མཛད་པ་རྣམས་ཕལ་ཆེར་འགྲིག་ཅིང་། ཞ་ལུའི་གདན་སར་ཕེབས་དུས་དབུ་ཞྭ་སེར་པོ་བཞེས་དགོས་ཞུས་པས་འདི་སྔར་ཁྲི་འདིའི་སྟེང་ནས་མང་པོ་ཞིག་གྱོན་ཡོད་(༡༥ན)


GLG009_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ད་རེས་ས་ཞུ་རང་བྱེད་གསུངས་ཀུན་མཁྱེན་བུའི་དུས་བཞེས་པ་ལ་དགོངས་ཤིང་ཕྱིས་ཀྱི་མཁན་པོ་ལ་དངོས་བརྒྱུད་གང་གི་སྒོ་ནས་བུའི་བསྟན་པ་ལ་འདི་ཉིད་ལས་ལྷག་པ་མ་བྱུང་བ་སོགས་ཀྱིས་ཤེས་ནུས་པས་ཡུལ་ཉང་རོ་སྣ་བཞི་ཞེས་པར་གདུང་རབས་བཅུ་བདུན་པར་སྔགས་རྙིང་མའི་གྲུབ་ཐོབ་རིམ་པར་བྱོན་པའི་བྲག་གི་གདུང་ལས་ཡབ་བླ་མ་བྲག་སྟོན་རྒྱལ་མཚན་དཔལ་བཟང་དང་ཡུམ་སློབ་དཔོན་བསོད་ནམས་འབུམ་གྱི་སྲས་སུ་ཤབ་སྨད་སྒོམ་གནས་དགོན་གསར་དུ་ལྕགས་སྟག་དཔྱིད་ཟླ་འབྲིང་པོ་ནག་པས་ཉ་བའི་ཉེར་བཞི་ལ་སྐུ་འཁྲུངས། ཆུང་ངུའི་དུས་ཡུམ་གྱིས་ཤེས་རབ་བསྐྱེད་པའི་ཐབས་མང་དུ་མཛད་ཅིང་འཇམ་དབྱངས་ཞལ་གཟིགས། ཐོག་མར་འདའ་ཀ་ཡེ་ཤེས་ལ་འབྱོར་ཀློག་མཛད་པ་སོགས་འབྲི་ཀློག་ལ་ཐོགས་པ་མི་མངའ། མེས་ཚུལ་ཁྲིམས་བཟང་པོའི་དྲུང་དུ་དགུང་ལོ་དྲུག་ཙམ་ནས་ཆོས་རྣམ་དག་ཡིན་མིན་གྱི་ཤན་འབྱེད་མཛད། བདུན་ལ་ཁྲོ་ཕུ་བ་ཆེན་པོར་སེམས་བསྐྱེད་ཞུས་པས་བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་འཁྲུངས། དགུང་ལོ་བརྒྱད་ནས་རིན་པོ་ཆེ་ཁྲོ་ཕུ་བར་བདེ་མཆོག །མེས་ཚུལ་ཁྲིམས་བཟང་པོ་ལ་རྙིང་མ་བཀའ་གཏེར། དགུང་ལོ་བཅོ་བརྒྱད་པར་མཁན་པོ་རིན་ཅེན་སེང་གེ་དཔལ་དང་སློབ་དཔོན་ཚད་མའི་སྐྱེས་བུ་ལ་རབ་ཏུ་བྱུང་། མཁན་སློབ་གཉིས་སོགས་མཁས་པ་དུ་མ་བསྟེན་ནས་ཕར་ཕྱིན་གཙོ་བོར་གྱུར་པའི་མདོ་ཕྱོགས་ཀྱི་གཞུང་འགྲེལ་མཐའ་དག་ལ་སྦྱངས་པས་མཁས་པའི་གྲགས་པ་ཐོབ། དགུང་ལོ་ཉེར་གསུམ་པ་ལ་གཙང་ཚོང་འདུས་མགུར་མོའི་བླ་བྲང་དུ་མཁན་ཆེན་གྲགས་པ་གཞོན་ནུ་དཔལ་བཟང་དང་སློབ་དཔོན་བསོད་ནམས་གྲགས་པའི་དྲུང་དུ་(༡༥བ)


GLG009_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པར་རྫོགས། མཁན་སློབ་གཉིས་ལ་འདུལ་བའི་ཆོས་དུ་མ་གསན། ཆོས་དབར་ལ་འཕྲེང་བྲག་ལུང་སོགས་སུ་ཕར་ཕྱིན་དང་མངོན་པ་ཀུན་ལས་བཏུས་སོགས་ཀྱི་བཤད་པ་དང་། བསྒྲུབ་བྱ་ཁྲི་ཕྲག་ཏུ་ལོངས་པའི་མཁན་སློབ་མཛད། ཐར་ལོ་ལ་སྒྲ་ཀ་ཙན། དུས་འཁོར། ཀྱེ་རྡོར། བདེ་མཆོག །གཤེད་སྐོར། ཐ་སྙད་རིག་པ་སོགས། བླ་མ་དཔལ་ལྡན་སེང་གེ་ལ་ས་ལུགས་ནས་བརྒྱུད་པའི་གསང་སྔགས་ཀྱི་ཆོས་སྐོར་ཤིན་ཏུ་རྒྱ་ཆེ་བ། ཕ་རྒོད་པ་ལ་གསང་འདུས། རོང་པ་རྡོ་རྗེ་རྒྱལ་མཚན་ལ་དུས་འཁོར་སློབ་དཔོན་འཕགས་པ་ལ་གསང་འདུས་རིམ་ལྔ་སོགས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལ་ཀྱེ་རྡོར་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་ཆོས་དུ་མ་གསན་ཞིང་འཆད་ཉན་མཛད་བཞིན་པའི་མུར་ལྕགས་ཕོ་སྤྲེའུའི་ལོ་དཔལ་ཞ་ལུ་གསེར་བཀང་དུ་ཕེབས་ནས་སྡེ་དགོན་མཐའ་དག་གི་གཙུག་གི་ནོར་བུར་བཀུར་ཞིང་མདོ་ཕྱོགས་ཀྱི་འཆད་ཉན་རྒྱ་ཆེ་བ་དང་སྔགས་ཆོས་ཀྱང་གསུངས་ཤིང་། གྲུབ་ཐོབ་ཟེ་དམར་བར་བདེ་མཆོག་དང་གཤེད་སྐོར་སོགས་གསན། ཇོ་བོ་རྗེའི་ཕྱག་ཚ་བཞུགས་པའི་སྤེལ་ཆུང་ཞིག་ཡོད་པ་ལ་གཞི་བྱས་རི་ཕུག་གི་གཙུག་ལག་ཁང་འདུས་སྡེ་དང་བཅས་པ་བཏབ། གསང་སྔགས་ཀྱི་དབང་ལུང་རྒྱུད་བཤད་གཙོ་བོར་གྱུར་པའི་འཆད་ཉན་དང་མདོ་སྔགས་ཀྱི་བསྟན་བཅོས་པོ་ཏི་སུམ་ཅུར་ཉེ་བའི་ཐུགས་རྩོམ་མཛད། ས་ག་ཟླ་བའི་དུས་ཆེན་ལ་རྒྱུད་སྡེ་བཞིའི་དཀྱིལ་འཁོར་ཞེ་ལྔ་ཙམ་ཞལ་འབྱེད་པ། ཁྱད་པར་རྣལ་འབྱོར་རྒྱུད་ལ་ཁྲོ་སྤྲོ་སྒོ་བཞིའི་གསོལ་འདེབས། ས་གར་མཆོད་གར་སོགས་ཤིན་ཏུ་ཞིབ་པས་རྡོ་རྗེ་ཐེག་པའི་བསྟན་པའི་སྲོག་འཐུད་པ་ལྟར་གྱུར། བླ་མ་ཆེན་པོ་(༡༦ན)


GLG009_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་བློ་གྲོས་དང་ཐུགས་སྲས་སེམས་དཔའ་ཆེན་པོ་སོགས་ཆེ་བཙུན་མཁས་གྲུབ་ཀྱི་སློབ་མ་ནམ་མཁའི་སྐར་ཚོགས་ལྟར་གྲངས་ཡས། སྒྲ་ཚད་པ་སོགས་ཞལ་སློབ་རྣམས་ལ་རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེན་པོས་རྒྱུད་སྡེ་བཞི་ཕལ་ཆེར་གསན་ནས་དར་བས་མཉམ་མེད་རི་བོ་དགའ་ལྡན་པ་ཞེས་ཤར་ཕྱོགས་རྒྱ་མཚོའི་མཐའི་བར་དུ་ཁྱབ་པའང་འཕྲིན་ལས་ཀྱི་ཆ་ཤས་སུ་སེམས། རྡོ་རྗེའི་རྣལ་འབྱོར་གྱི་ལམ་ལ་བརྟེན་ནས་སྤངས་རྟོགས་ཀྱི་ཡོན་ཏན་ནི་བསམ་པའི་རེ་བ་ལས་བརྒལ་ཞིང་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་བཞིན་པའི་ངང་ནས་ཤིང་འབྲུག་ཧོར་ཟླ་དྲུག་པའི་ཉེར་གཅིག་ལ་དགའ་ལྡན་གྱི་གནས་སུ་བྱམས་པའི་ཐུགས་ཀར་སྐུའི་བཀོད་པ་བསྡུས་སོ། །བཅུ་པ་རྣལ་འབྱོར་གྱི་དབང་ཕྱུག་ཡར་ཀླུངས་པ་ཆེན་པོ་ནི། འདར་དུ་ཞལ་གྱི་གཏོར་ཆེན་དུས་ཚར་ཆེན་གྱི་མནལ་ལམ་དུ་འཇམ་དབྱངས་སྒེག་པའི་ལོ་རྒྱུས་ཀྱིས་ངེས་པར་ནུས་པས་བོད་འདིར་མིའུ་གདུང་དྲུག་ཏུ་གྲགས་པའི་ནང་ཚན་ལྡོང་གི་རིགས་ལས་རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག་སོགས་དགེ་བའི་བཤེས་གཉེན་རིམ་པར་བྱོན་ནས་དཔལ་ལྡན་ས་སྐྱ་པའི་གདུང་བརྒྱུད་རྣམས་དང་བླ་རེས་སློབ་རེས་སུ་གྱུར་པའི་དབོན་བརྒྱུད་དུ་ཤིང་ཕོ་སྤྲེའུའི་ལོ་ལ་སྐུ་བལྟམས། ཆུང་ངུའི་དུས་ནས་སྔོན་གྱི་བག་ཆགས་བཟང་པོའི་མཐུ་བརྟས་པས་ཡི་གེ་འབྲི་ཀློག་སོགས་ཚེགས་མེད་པར་མཁྱེན། ཁུ་སྟོན་སེང་གེ་བཟང་པོའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་ནོས་མཚན་སེང་གེ་རྒྱལ་མཚན་དུ་གསོལ། ཀྱེ་རྡོར་གྱི་དཀྱིལ་འཁོར་དུ་སྨིན་པར་མཛད། སྐུ་ན་གཞོན་དུས་གཞུང་ལུགས་ལ་སྦྱངས་ཏེ་(༡༦བ)


GLG009_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དགུང་ལོ་བཅུའི་ཐོག་བསམ་ཡས་སུ་ཕར་ཕྱིན་གྱི་གྲ་སྐོར་མཛད། བཅོ་བརྒྱད་པ་ལ་དྭགས་པོའི་མཁར་ཀླུ་བཟང་དུ་དཔལ་ལྡན་བླ་མ་དམ་པ་དང་མཇལ་ནས་མི་ཕྱེད་པའི་དད་པ་ཐོབ། བཅུ་དགུ་པ་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། འདི་ནས་བཟུང་ཕལ་ཆེར་དྲུང་དུ་ཉེ་བར་བཅར་ནས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་གསེར་ཆོས་བཅུ་གསུམ་ཆོས་སྐྱོང་ཆེ་ཆུང་གི་སྐོར་སོགས་དཔལ་ལྡན་ས་སྐྱ་པའི་ཟབ་ཆོས་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན། གསུང་ངག་གི་དུས་ཉམས་སྐྱོན་མེད་འབའ་ཞིག་སྐྱེས་པས་བླ་མ་དང་ཆོས་ལ་ཐུགས་ངེས་གཏིང་ནས་འཁྲུངས་པས་སྙན་བརྒྱུད་བཞི་པ་མོས་གུས་གཞོན་ནུའི་བདེ་བ་ལྟ་བུ་དེར་སྣང་། བླ་མའི་ཕྱག་དཔེ་འབྲི་བ་སོགས་དང་ཆབས་ཅིག་པར་གསུང་རྒྱུན་ཟིན་བྲིས་སུ་མཛད་པའང་པོད་ལོངས་འགའ་ཞིག་མཆིས། མགོན་པོའི་ཐུན་མོང་མིན་པའི་བཀའ་བབས་གསུམ་ལ་གདུང་བརྒྱུད་རིམ་བྱོན། ཡར་ཀླུངས་པ། བར་སྡིངས་པ་གསུམ་དུ་མཛད་བའི་ཀླུ་ཁུ་དབོན་རྣམས་ས་ལོ་འཇམ་རྡོར་མན་ཆད་ཀྱི་གདུང་བརྒྱུད་ལས་ས་སྐྱ་པའི་དོན་གྱི་བསྟན་པ་འཛིན་པར་གཟུར་གནས་ཤིག་གིས་ལྟས་ན་འགངས་ངེས་པར་ཆེ། དེར་མ་ཟད་མདོ་རྒྱུད་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ལ་གསན་པ་མཛད། གཞན་ཡང་ཀུན་མཁྱེན་བུ། སེམས་དཔའ་ཆེན་པོ་ཐོགས་མེད་པ། ལོ་ཆེན་བྱང་ཆུབ་རྩེ་མོ། བླ་མ་ཆེན་པོ་བསོད་བློ་བ་སོགས་ཡོངས་འཛིན་བཅུ་ཕྲག་གསུམ་ཙམ་བསྟེན་ནས་ཐོས་བསམ་རྒྱ་ཆེར་མཛད། ནང་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ལ་བརྟན་པ་ཐོབ་པས་ཡི་དམ་གྱི་ལྷ་མང་པོའི་ཞལ་གཟིགས་ཤིང་བྱིན་བརླབས། དམ་ཅན་སྲུང་མ་རྣམས་(༡༧ན)


GLG009_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བྲན་དུ་འཁོལ་བས་མཐུ་སྟོབས་ནུས་པ་ཕུལ་དུ་ཕྱིན། སྐུའི་དོག་ཆ་སེལ་བ་ལ་མགོན་པོ་ཞལ་གྱི་རྗེས་གནང་ཞུས་ཤིག་པའི་བརྡར་ཆོས་སྐྱོང་ཨཱ་ཙཪྻ་ཐོད་འཕྲེང་བཟུང་བར་སྤྲུལ་ནས་ཁྱོད་མི་རུས་ཀྱི་འཕྲེང་བ་འདི་བཟུང་ན་ཁེ་ཆེ་སྟེ་མི་འཛིན་པ་འདུག་ཟེར། ཞམ་རིང་པར་གཏོགས་པ་ཞིག་གིས་ཀ་ཅ་མང་པོ་ཁྱེར་བ་ན་གཞན་ཞིག་ལ་མོན་བུ་པུ་ཏྲ་བབས་ཏེ་ང་མངའ་རིས་ན་ལ་རྩེ་ནས་འོངས་པའི་འབའ་ར་ཡིན། པུ་ར་ཡིན། རྐུན་མ་བསམ་ཡས་འཇའ་དཀར་ན་ཡོད་པ་ལ་ཁྱེད་ཚོ་མགོ་གཏུམས་ནས་སྡོད་དམ་ཟེར་བའི་ཁུངས་སྟོན་པ་སོགས་སྲུང་མ་རྣམས་ཀྱིས་འཕྲིན་ལས་མཐའ་དག་གཡེལ་མེད་དུ་བསྒྲུབ། ཐུགས་དམ་ཟབ་མོའི་ཁོར་ཡུག་ལ་བཞུགས་པའི་ཐུན་མཚམས་ཚོར་འཕགས་པ་རིན་པོ་ཆེའི་དབོན་བརྒྱུད་སློབ་དཔོན་བློ་གྲོས་རྒྱལ་མཚན། གསང་ཕུའི་གདན་ས་པ་རིན་ཅེན་རྣམ་རྒྱལ། ཁྱད་པར་ཡབ་འཇམ་དབྱངས་ཆེན་པོའི་རྩ་བའི་བླ་མ་དབོན་རྒྱལ་མཆོག་པ་སོགས་ལ་གསེར་ཆོས་སྙན་བརྒྱུད་ཀྱི་ཟབ་ཆོས་རྒྱ་ཆེར་བསྩལ་བས་དེང་སང་གི་བར་དུ་རྗེ་བཙུན་གོང་མའི་བསྟན་པའི་སྲོག་ཏུ་སོང་། གཞན་ཡང་གདུལ་བྱ་སོ་སོའི་བློ་དང་འཚམ་པའི་ཆོས་འཁོར་རྒྱ་ཆེར་བསྐོར། བརྟག་གཉིས་ཀྱི་ཊཱི་ཀ་དང་ཀུན་རིག་གི་དཀྱིལ་ཆོག་སོགས་ཐུགས་རྩོམ་མང་དུ་མཛད། སྐབས་ཤིག་མར་ངོའི་ཚེས་བཅུ་ལ་དྲུང་ཆོས་རྗེ་པའི་དུས་དྲན་གྱི་སྒྲུབ་མཆོད་མཛད་པའི་ཚེ་ཐོ་རེངས་བླ་མའི་རྣལ་འབྱོར་ཚར་གཉིས་བསྒོམས་ནས་ཅུང་ཟད་འོད་གསལ་དུ་སོང་པའི་ངང་དུ་སྲིད་གསུམ་འགྲན་ཟླ་བྲལ་བའི་ཆོས་རྗེ་དེ་ཉིད་བྱོན་ཏེ་འོ་འདི་ཡིན་ཏེ་ཞེས་པ་གསུང་བྱོན་པས་དངོས་སུ་མཇལ་བ་ལས་བརྒྱ་འགྱུར་གྱིས་ལྷག་པའི་(༡༧བ)


GLG009_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

དག་སྣང་དང་། ཉམས་སད་པ་ན་དད་གདུང་གི་ཡུས་ཀྱིས་བརྣངས་བྱིན་རླབས་ཀྱི་གཟི་བྱིན་འབར་བའི་རྐྱེན་གྱིས་སྔར་ལས་ལྷག་པའི་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་ཁྱད་པར་ཅན་ཐུགས་ལ་འཁྲུངས་ཤིང་རིམ་གྱིས་རྟོགས་པའི་ཡོན་ཏན་གོང་ནས་གོང་དུ་འཕེལ་བར་གྱུར། གསང་བའི་བདག་པོ་མིའི་གཟུགས་ཅན་གྲུབ་ཆེན་ལས་ཀྱི་རྡོ་རྗེས་སྐུ་ཚེ་འདིའི་རྗེས་མ་བདེ་བ་ཅན་གྱི་ཞིང་དུ་འཁྲུངས་པར་ལུང་བསྟན་པ་བཞིན་སྣང་བ་མཐའ་ཡས་ཀྱི་ཉལ་སྒོམ་དང་བདེ་བ་ཅན་གྱི་སྨོན་ལམ་གྱིས་མཚམས་སྦྱར་ནས་དགུང་ལོ་རེ་དགུ་པ་ལྕགས་ཕོ་འབྲུག་གི་ལོ་དབོ་ཟླ་བའི་གནམ་གང་ལ་འོད་དཔག་མེད་ཀྱི་ཐུགས་ཀར་གཤེགས་སོ། །བཅུ་གཅིག་པ་ཕ་རྒོད་བསོད་ནམས་བཟང་པོ་ནི། ཚར་ཆེན་ཤངས་ཟུར་ཁང་དུ་ཕེབས་དུས་བྲིས་ཐང་དང་གཟིམས་ཁང་སོགས་སྔོན་གནས་རྗེས་དྲན་གྱི་ངོས་འཛིན་མཛད་པར་སྣང་། བླ་མ་འདི་ཉིད་སྐུ་འཁྲུངས་ནས་ཆུང་ངུའི་དུས་ཐ་མལ་པའི་སྤྱོད་ཚུལ་ཡེ་མི་མཛད་པར་འབྲི་ཀློག་བསླབ་སྦྱངས་སོགས་ལ་བརྩོན་པར་མཛད། ཡོངས་འཛིན་མང་དུ་བསྟེན་ཏེ་བསྟན་པའི་སྒོར་འཇུག་པ་ནས་མདོ་རྒྱུད་ཀྱི་ཆོས་ཚུལ་དུ་མ་གསན། ཁྱད་པར་སྔོན་གྱི་བག་ཆགས་སད་པས་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པ་ལ་ཐུགས་མོས་པར་བྱུང་ནས་འཇག་ཆེན་ཀུན་དགའ་དཔལ་བཟང་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནེ་གུའི་ཐུགས་ཀྱི་ཉིང་ཁུ་ཆོས་དྲུག་གི་སྨིན་བྱེད་སྤྱི་བཀའ་ཟུར་བཀའ་བྱིན་རླབས། རྩ་བ་ཆོས་དྲུག །སྡོང་པོ་ཕྱག་ཆེན། ཡལ་ག་ལམ་འཁྱེར། མེ་ཏོག་མཁའ་སྤྱོད། འབྲས་བུ་འཆི་མེད་རང་གྲོལ་གྱི་འཁྲིད། རྒྱབ་རྟེན་གྱི་ལུང་སོགས་ཆོས་དྲུག་འཇག་ལུགས་ལ་ཐོས་བསམ་སྒོམ་གསུམ་(༡༨ན)


GLG009_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་པར་མཛད། སྒྱུ་ལུས་འབྱོངས་ཤིང་རྨི་ལམ་ལ་རང་དབང་ཐོབ་པས་དག་པའི་ཞིང་ཁམས་མང་པོར་བགྲོད་ཅིང་དེར་བཞུགས་པའི་འདྲེན་པ་རྣམས་ལ་ཆོས་ཞུ་བ་སོགས་ལམ་རྟགས་ངོ་མཚར་བ་མང་དུ་བྱུང་། ཤངས་ཟུར་ཁང་དུ་བཞུགས་པས་ཟུར་ཁང་པ་བསོད་ནམས་བཟང་པོར་གྲགས། མཆོག་སྲེད་རྣམ་སྤྲུལ་རྗེ་བཙུན་ཀུན་སྤངས་ཆེན་པོར་འཇག་ལུགས་ཤངས་ཆོས་སྩལ་བ་སོགས་མཁས་གྲུབ་ཀྱི་སློབ་མ་མང་དུ་བྱུང་ཞིང་ཐོས་བསམ་སྒོམ་གསུམ་གྱིས་ཉིན་མཚན་དུས་འདའ་བ་ཞིག་གོ ། བཅུ་གཉིས་པ་རྣལ་འབྱོར་དབང་མོ་ནི། སྟག་ཚང་ལོ་ཙཱ་བ་དང་དཔོན་སློབ་ཏུ་འབྲེལ་བའི་བག་ཆགས་ཀྱིས་ཚར་ཆེན་རིན་པོ་ཆེས་སྒྲ་པ་སྐུ་སྐྱེ་ལ་འཇམ་དཀར་ཞལ་གཟིགས་མའི་རྗེས་གནང་གསན་པ་གནང་ཞིང་། རྗེ་བཙུན་མ་འདི་ནི་གཡས་རུའི་སའི་ཆ་བཟའ་ཤིང་གི་ར་བ་སོགས་ཀྱིས་ཁོར་ཡུག་ཏུ་བསྐོར་བའི་ཡུལ་ལྗོངས་ཡིད་དུ་འོང་བའི་ཁང་པར་རྗེ་འདི་ཉིད་ཀྱི་སྐུ་ཞང་གི་རིགས་སུ་བལྟམས་ནས་ཆུང་ངུའི་དུས་གཙུག་ལག་གི་ཡོན་ཏན་འགའ་ལ་བསླབ་སྦྱངས་མཛད། སྲིད་པའི་བདེ་བ་མཐའ་དག་མེ་འབར་བའི་ཀློང་ལྟར་གཟིགས་པས་བཅོས་མ་མ་ཡིན་པའི་ངེས་འབྱུང་གི་བསམ་པས་ཁྱིམ་ཐབས་ཀྱི་བྱ་བ་དུག་ཅན་གྱི་ཟས་བཞིན་སྤངས་ཏེ་ཤེས་བྱ་ཐམས་ཅད་མཁྱེན་པ་འཇིག་རྟེན་གྱི་མིག་གཅིག་པུ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཅེན་རྒྱལ་མཚན་དཔལ་བཟང་པོའི་དྲུང་དུ་རབ་ཏུ་བྱུང་ནས་ཚུལ་ཁྲིམས་མིག་གི་འབྲས་བུ་ལྟར་བསྲུངས་པས་དགེ་སློང་དབང་མོ་ཞེས་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ། དམ་པ་དེ་ཉིད་གཙོ་བོར་གྱུར་པའི་མཁས་གྲུབ་དུ་མ་བསྟེན་ནས་དབང་འཁྲིད་མན་ངག་གྱི་ཟབ་ཆོས་རྒྱ་ཆེར་གསན། (༡༨བ)


GLG009_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ནང་རང་བྱུང་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དུ་རྩ་ཁམས་རླུང་གསུམ་ཐམས་ཅད་དག་པ་ཡེ་ཤེས་ཀྱི་ལྷ་བདེ་སྟོང་གི་རོལ་པར་འཆར་བ་སོགས་ཡོན་ཏན་ཕུན་སུམ་ཚོགས་པས་མ་དང་མཁའ་འགྲོའི་གཙོ་བོ་མཛད་པ་ཞིག་གོ །ཞི་བདེའི་པད་འདབ་འཇམ་མཉེན་མལ་སྟན་ལས། །སྲེད་བྲལ་སྣ་ཚོགས་འགྲོ་ཁམས་ཚེར་དོང་དུ། །ཉེར་འཇུག་སྙིང་རྗེའི་ཆ་གང་ཆུ་ཤེལ་དབང་། །ལྷག་བསམ་རླུང་གིས་གདུལ་བྱའི་མཁའ་ལ་དྲངས། །ཐུགས་བསྐྱེད་ནམ་ཡང་མི་ཡོལ་རླབས་འཕྲེང་གིས། །གཞན་ཕན་གྲུ་གཟིངས་དལ་མེད་རྟག་གཡེང་བར། །རང་བདེར་གཅིག་ཏུ་གཞོལ་བའི་ཆུ་ལྷ་མོ། ཁྲེལ་རྒོད་སོ་ཡི་ལྦུ་བ་འཁྲིགས་པ་བཞིན། །འདུས་གསུམ་བགྲོད་དཀའི་འཕྲེང་ལས་སྒྲོལ་བའི་ས། །དྲག་མནན་རིང་མིན་ཟུང་འཇུག་ཕྱག་རྒྱ་ཆེ། །བརྙེས་ཀྱང་ད་དུང་བསླབ་པའི་ཟོལ་སྦྱོར་གྱིས། །གཞན་འདྲིད་སྒྱུ་ཐབས་འདི་འདྲ་རིགས་སམ་ཅི། །སྣ་ཚོགས་སྤྲུལ་པའི་གསེར་ཞུན་ཉག་ཐག་ལ། །མཁས་བཙུན་བཟང་གྲུབ་རིན་ཆེན་བརྒྱུས་པའི་རྒྱན། །ལུང་རྟོགས་གོམ་སྟབས་ལྷོད་པོའི་ས་སྲུངས་ལུས། །མངོན་པར་སྤུད་ལས་གླང་པོ་ཕལ་གྱི་མིན། །ཀུན་དགའི་བདེ་བ་བསྐྱེད་ནུས་དྲི་ཞིམ་ངད། །བཞོན་པའི་བསེར་བུ་ལྷོ་ཕྱོགས་ནགས་ཀྱི་ཀླུང་། །ལན་བརྒྱར་མྱུལ་བའི་རེག་བྱས་བསྣུན་པའི་མོད། །གྱེན་དུ་ལྡང་བའི་བ་སྤུའི་རྩེ་མོ་རྩུབ། །བཅུ་གསུམ་པ་སྐུ་ཚེ་འདིའི་རྟོགས་པ་བརྗོད་པ་ལ་གང་དུ་བྱོན་པའི་ཡུལ་ནི། ཀྱེ་རྡོར་བཤད་རྒྱུད་རྀ་ཀི་ཨ་ར་ལིའི་རྒྱུད་ལས། རྡོ་རྗེ་འཛིན་པ་ཆེན་པོ་འགྲུབ་བྱེད་ས་བཅུ་གསུམ་པ་མངོན་དུ་བྱེད་པ་ལ་འཛམ་གླིང་ཆུང་ངུ་འདི་ས་བཅུ་གསུམ་པ་ཐོབ་བྱེད་ཀྱི་སྐབས་སུ་གསུངས་པས་གླིང་གཞན་ལས་ངོ་མཚར་(༡༩ན)


GLG009_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བར་བདག་མེད་བསྟོད་པར། སྦས་པའི་རྩ་ལྔ་བདུད་བྲལ་ཆ་དང་བཅས། །སྙིང་གི་དབུས་ཞུགས་གཙུག་ཏོར་མཆོག་ཏུ་ཐིམ། །འཕགས་པའི་ལམ་ལྔ་དྲུག་པ་ཆ་ཡི་དངོས། །རྡོ་རྗེ་འཛིན་པ་བཅུ་གསུམ་སར་ཕྱག་འཚལ། །ཞེས་བྱུང་ཞིང་མཚོ་མ་དྲོས་པའི་འགྲམ་དུ་ཤིང་ཛམྦུ་ཏྲི་ཤའི་འབྲས་བུ་རྫ་ཙམ་པ་ཆུར་ལྷུངས་པའི་སྒྲ་ལས་ཛཾ་ཞེས་བྱུང་བས་གླིང་དང་ཤིང་གཉིས་ཀ་ལ་མིང་དེར་ཆགས་པའི་གླིང་འདི་ལ་ཤར་དུ་རྒྱ་ནག་དང་ཁྲི་བརྟན། ལྷོར་རྒྱ་གར་དང་ཁ་ཆེ། ནུབ་ཏུ་སྟག་སྡེ་དང་གཟིག་ཡིན། བྱང་དུ་ཁྲོམ་དང་གེ་སར། དབུས་སུ་བོད་ཡུལ་གངས་ཀྱི་ར་བ་དང་དགུའོ། །ཞེས་པའི་བོད་ཁ་བ་ཅན་གྱི་ལྗོངས་འདི། བདེ་མཆོག་རྩ་རྒྱུད་ལས། བོད་ཀྱི་ཡུལ་དང་དེ་བཞིན་དུ། །མཱ་ལ་ཝ་དང་པཱུ་ལི་སོགས། །ཉི་ཤུ་རྩ་བཞིའི་ཡུལ་ཡིན་ནོ། །ཞེས་བདེ་མཆོག་ཏུ་བོད་འདི་སྲུང་འཁོར་གྱི་གནས་བརྒྱད་ཀྱི་ཟླ་ཚང་དང་། ཀྱེ་རྡོར་དུ་གནས་དང་ས་སྦྱོར་བའི་ས་བཅུ་གཉིས་པར་བཤད་ཅིང་། བལ་པོའི་རྒྱལ་པོ་དེ་ཝ་ལྷས་ཁྲི་བཙུན་ལ་གདམས་པར། ང་ཡི་སྙིང་དང་འདྲ་བའི་བུ་མོ་ཁྱོད། །བོད་ཅེས་བྱ་བ་ཁྱད་པར་འཕགས་པའི་ཡུལ། །རི་མཐོ་ས་གཙང་གངས་རི་གཉན་གྱི་མགུལ། །བསིལ་ལ་མཛེས་པ་ལྷ་གནས་གཞལ་ཡས་ཁང་། །ངོ་མཚར་རྨད་བྱུང་ཕན་བདེ་འབྱུང་བའི་གཞི། །ཆུ་བོ་བཞི་འབབ་རྩི་ཤིང་ནགས་ཀྱིས་མཛེས། །འབྲུ་སྣ་ལྔ་འཁྲུངས་རིན་ཆེན་སྣ་ཚོགས་འབྱུང་། །ཞེས་ཕུན་སུམ་ཚོགས་པའི་ཡོན་ཏན་ཁྱད་པར་འཕགས་པར་བསྟན་ཞིང་། ཞིང་ས་དང་ཁང་ས་གཉིས་ཏེ་སའི་དགེ །ཁང་རྡོ་དང་ཆུས་བསྐོར་གྱི་རྡོ་སྟེ་རྡོའི་དག། ཞིང་ཆུ་དང་འཐུང་ཆུ་སྟེ་ཆུའི་དགེ །ཁང་ཤིང་དང་འབུད་ཤིང་སྟེ་ཤིང་གི་དགེ། གམ་(༡༩བ)


GLG009_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

འབྲོག་དང་རྒྱང་འབྲོག་སྟེ་འབྲོག་གི་དགེ་ཞེས་དགེ་བཅུའི་ཡོན་ཏན་ཡོངས་སུ་ཚང་བའི་ཡུལ་ཆེན་པོ་འདི་ཉིད་ལ་བོད་སྐྱོང་བའི་རྒྱལ་པོ་མེས་དབོན་གྱི་དུས་དབུ་རུ་དང་གཡོ་རུ། གཡས་རུ་དང་རུ་ལག་ཅེས་རུ་བཞིར་བཤད་ཅིང་། ཚལ་པ་སི་ཏུའི་དེབ་དམར་དུ་ས་ཧོར་མཆོད་ཡོན་གྱི་དུས་གོང་མའི་ལུང་གིས་ཕྱེད་གསལ་ཆེན་མོ་བྱས་སྐབས་ཆུ་མིག་ཁྲི་སྐོར་གྱི་སའི་ཆར་གཏོགས་པས།གསོལ་འདེབས་ལས། དུས་འདིར་མཐོ་རིས་ཕུན་ཚོགས་རྒྱས་པའི་གོང་། །དཔལ་ལྡན་རྨུ་ཞེས་རབ་གྲགས་བསྟི་གནས་སུ། །རིགས་རུས་མངོན་མཐོའི་སྐལ་བཟང་ཡབ་ཡུམ་གྱི། །སྲས་སུ་དགེ་བར་འཁྲུངས་ལ་གསོལ་བ་འདེབས། །རྗེ་བཙུན་ཡུམ་གྱི་ཡེ་ཤེས་གསལ་སྣང་དུ། །དཔལ་གྱི་འདབ་རྒྱས་གཏོར་མའི་འཛུམ་དཀར་ལས། །ཨོ་རྒྱན་སྐུ་བརྙན་ཐུགས་ཀར་ཐིམ་པ་དང་། །རྒྱལ་བའི་མཆོད་རྟེན་གཟིགས་ལ་གསོལ་བ་འདེབས། །ཞེས་པའི་བྱེ་བྲག་ཡུལ་ནི་རྡོ་རྗེ་གདན་ནས་དཔག་ཚད་བརྒྱ་བགྲོད་པ་ན་གྲུམ་སྟོད་དཔལ་ལྡན་ས་སྐྱ། དེ་ལས་ཧ་ཅང་གིས་མི་རིང་བ་མུ་ཀུ་ཏ་ཞེས་བོད་སྐད་དུ་རྣམ་པར་གྲོལ་བ་སྟེ་ཚེ་གཅིག་ལ་གྲོལ་ལམ་རྙེད་པའི་གདམས་པ་གསུང་ངག་རིན་པོ་ཆེ་བོད་འདིར་ཐོག་མར་བྱུང་བའི་གནས་དང་འདབས་ཆགས་པ། འཕགས་པ་དོན་ཡོད་ཞགས་པའི་སྐུ་རང་བྱོན་བཞུགས་པའི་སའི་ཆ། བ་ད་རའི་གླིང་བགྲོད་ཀྱི་རྟོགས་པ་བརྗོད་པའི་ཡལ་འདབ་ཏུ། རྩེ་མོ་ཤིན་ཏུ་མཐོ་བ་ཡི། །ཤེལ་གྱི་ས་གཞི་མདུན་དུ་མཐོང་། །བྱ་རྣམས་ཀྱིས་ཀྱང་བགྲོད་དཀའ་བ། །འཇམ་པའི་བྲག་ནི་གཅིག་པུ་དེར། །ཞེས་ཤིན་ཏུ་མཐོ་བའི་བྲག་རི་དང་སྤང་ལྗོངས་གངས་ཀྱི་རྡུལ་མང་ཡོངས་སུ་བརྩེགས་པ་ལས་སྙན་པའི་སྒྲ་ལྷུང་ལྷུང་དུ་སྒྲོག་པའི་ཆུའི་ལྷ་མོ་དབུ་བའི་དོ་ཤལ་དཀར་པོ་རིང་དུ་འཕྱང་(༢༠ན)


GLG009_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱུན་མི་ཆད་པར་འབབ་པ། ནེའུ་གསིང་གི་ངོས་སུ་བྱ་སྣ་ཚོགས་སྐད་སྙན་སྒྲོག་ཅིང་རི་དྭགས་རྣམས་བག་ཕེབས་པར་རྒྱུ་བ། འཁྲུངས་རབས་སོ་བཞི་པ་ལས། དེ་ནས་ཨནྡ་རྙིལ་གྱི་འོད་ལྟར་སྔོ། །ཉི་མའི་འོད་ཀྱིས་གནམ་སྔོན་བཞུ་བ་བཞིན། ཁོ་ར་ཁོར་ཡུག་མཚོ་འགྲམ་ལྟར་མི་མངོན། །གཏིང་དཔག་དཀའ་བའི་མཚོ་འཇིང་ནང་དུ་ཞུགས། །ཞེས་གནམ་སྔོན་ཞུན་མ་ལྟ་བུའི་ལྕགས་ཀྱི་ཆུ་ཀླུང་ཆེན་པོ་འབབ་པའི་འགྲམ་དང་ཉེ་བ། རབ་གསལ་གྱི་རྟོགས་བརྗོད་ལས། གསེར་གྱི་བ་གམ་གཞལ་ཡས་ཁང་། ཁང་པས་བསྐོར་བའི་གྲོང་ཁྱེར་ནི། །འོད་ལྡན་ཞེས་བྱ་བསོད་ནམས་ནས། །འོད་ལྡན་མཐོ་རིས་ལྟ་བུ་ཡོད། །ཅེས་འཆི་མེད་ཀྱི་གནས་ས་ལ་འཕོས་པ་ལྟ་བུའི་གྲོང་ཁྱེར་གྱི་ཁོ་ར་ཁོར་ཡུག་ཡིད་དུ་འོང་བའི་མཐའ་སྐོར་ཀུན་ཏུ་སྤྲིན་བཞོན་གྱི་རྟོགས་བརྗོད་ལས། བུང་བའི་ན་ཆུང་རྣམ་སྤྲུལ་ལོངས་སྤྱོད་ལྡན། །སྦྲང་རྩིས་མྱོས་ཤིང་རྣམ་པར་འབྱམས་དུས་དེར། །མེ་ཏོག་རབ་རྒྱས་འཁྲི་ཤིང་ཚལ་གྱི་གཞིར། །རིགས་འཛིན་རྒྱལ་པོའི་སྲས་ནི་རྣམ་པར་རྒྱུ། །ཞེས་ཁ་དོག་སྣ་ཚོགས་མངོན་པར་བཀྲ་ཞིང་དྲི་ངད་བཟང་པོ་འཐུལ་བའི་ཟེའུ་འབྲུ་ལ་བུང་བ་རྣམས་ཆགས་པའི་གླུ་ལེན་ཅིང་འབྲས་བུ་ཅན་སོགས་ཡལ་ག་ལོ་མ་མེ་ཏོག་ཀུན་ནས་དུད་པའི་ལྗོན་ཤིང་གི་འཕྲེང་བ་ཚར་དུ་དངར་བ། སྤང་ལྗོངས་མར་གད་ཞུན་མ་བརྡལ་བ་ལྟ་བུ་དུད་འགྲོ་རྣམས་དལ་བུར་རྒྱུ་བས་འཚོ་ཞིང་། འབྲུ་སྣ་ཚོགས་ཡོངས་སུ་སྨིན་པའི་སྙེ་མའི་ཚོགས་མགོ་བོ་ཅུང་ཟད་དུད་པ། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དུ། ཧ་རི་ཙན་དན་གྱིས་བྱུགས་ལུས་ཅན་ལྷ་ཡི་མེ་ཏོག་འཕྲེང་བ་རབ་ཏུ་འཛིན། །ནོར་བུའི་རྒྱན་གྱི་འོད་དག་རིག་པས་དྭངས་ཤིང་བཀྲ་བར་བྱ་བའི་གོས་དང་ལྡན། །(༢༠བ)


GLG009_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་སྐྱེ་བོ་དག་དང་ལྷན་ཅིག་སྤེལ་བར་གྱུར་པའི་རིགས་འཛིན་འདི་དག་རྣམས། །ཙན་དན་གྲིབ་བསིལ་དག་ལ་དགའ་མའི་འཐུང་ལྷག་ཏུ་གྱུར་ཆང་དག་འཐུང་བར་བྱེད། །ཅེས་སྐྱེ་བོ་རྣམས་གོས་རྒྱན་བཟང་པོ་དང་ཆང་གིས་མྱོས་པས་གླུ་གར་རྩེད་འཇོ་ཇི་སྙེད་བྱེད་ལ། དེ་ཡང་མདོ་རྒྱ་ཆེར་རོལ་པ་ལས། དགེ་སློང་དེ་ལྟར་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་དམ་པ་ན་འདུག་པ་ནི་རྣམ་པར་ལྟ་བ་ཆེན་པོ་བཞི་ལ་རྣམ་པར་བལྟ་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ། དུས་ལ་རྣམ་པར་ལྟ་བ་དང་། གླིང་ལ་རྣམ་པར་ལྟ་བ་དང་། ཡུལ་ལ་རྣམ་པར་ལྟ་བ་དང་། རིགས་ལ་རྣམ་པར་ལྟ་བའོ་ཞེས་པའི་རིགས་ལ་ལྟ་ཚུལ། མཁའ་འགྲོ་རྒྱ་མཚོ་ལས། འཛམ་བུའི་གླིང་ནི་ཆུང་ངུ་འདིར། །བདག་ནི་ཤཱཀྱའི་རིགས་རྗེས་འགྲོ། །ཞེས་ཉི་མའི་གཉེན་གྱི་བརྒྱུད་རྒྱལ་པོ་ཟས་གཙང་མའི་རིགས་ཕུན་སུམ་ཚོགས་པ་ལ་གཟིགས་པ་ལྟར་དམ་པ་འདི་ཉིད་ཀྱི་རིགས་ནི་བོད་འདིར་རུས་ཆེན་བཞིར་གྱེས་པའི་ནང་ཚན་རྨུ་ལྡོང་སྟོང་མི་ཉག་སྟེ་བཞི་ལས་ལྡོང་གི་རིགས་སུ་གཏོགས་པ། དེ་ཡང་ཡིག་ཚང་མཁས་པ་དགའ་བྱེད་ལས། འགྲོ་བའི་གཙུག་རྒྱན་དཔལ་ལྡན་ས་སྐྱ་པས། །ཆོལ་ཁ་གསུམ་ལ་ཁ་ལོ་སྒྱུར་བའི་དུས། །དེ་ཡི་འཕྲིན་ལས་སྒྲུབ་པའི་དཔོན་ཆེན་དང་། །སློབ་དཔོན་དགེ་གཤེས་བློན་ཆེན་རིམ་པ་རྣམས། །མཁས་མཆོག་སྟོབས་ལྡན་གྲངས་ལས་འདས་མོད་ཀྱི། །ཐོག་མར་ཡུས་པོ་ཆེ་ཡི་མི་གསུམ་པོ། །གྲུམ་པ་ས་སྐྱའི་དཔོན་ཆེན་ཤཱཀ་བཟང་དང་། །ཤར་སྨད་ཙོང་ཁའི་དགེ་བཤེས་རིན་བརྩོན་དང་། །མདོ་སྟོད་གོན་གྱོའི་ཧོར་ཆེ་སྟོན་ཚུལ་ཡིན། །དེ་གསུམ་ནང་ནས་རིགས་མཐོ་བློ་གཙང་བ། །དགེ་བཤེས་ཆེན་པོ་ནས་བརྒྱུད་དེང་(༢༡ན)


GLG009_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

སང་བར། །བླ་མའི་ཞབས་ཏོག་དབུས་གཙང་བྱ་བ་དང་། །བཀུར་སྐྱོང་ཕྱོགས་ལ་བློ་གྲོས་སྤྱན་ལྡན་ཞིང་། །མི་མཐུན་དཔུང་འཇོམས་མ་སངས་བཀའ་བབས་ཞེས། །སྙན་པའི་གྲགས་པ་ཕྱོགས་སུ་ཀུན་ཁྱབ་པས། །བློན་ཆེན་འདི་པའི་བྱོན་ཚུལ་འདི་ལྟར་རོ། །དེའང་འདི་ལྟར་ཐོས་ཏེ། སྔོན་བོད་དུ་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་། དེའི་སྲས་བཞི་པ་ཁྲི་ལྡེ་སྲོང་བཙན་རྒྱལ་པོའི་སྐུ་རིང་ལ་མཐའ་དམག་འགོགས་པའི་བོད་ཡུལ་གྱི་ཕྱོགས་བཞིར་སྒོ་བསྲུང་མ་བསྐོས། ཁྱད་པར་བོད་དམག་ཁྲི་དམག་མང་པོ་ཁྱེར་ནས་བྷ་ཏ་ཧོར་གྱི་སྒོམ་གྲ་བཅོམ། གཡུལ་རྒྱལ་སྣང་སྤྱད་ནས་ཕྱིར་བྱོན་དུས་དེ་ཕྱོགས་ཀྱི་སྒོ་སྲུང་བ་ལ་བོད་དམག་སླེབས་ནས་རྐྱེན་བཏུས་པའི་དཔའ་བོ་མི་དགུ། དམག་བརྒྱ་ཕྲག་དགུ་དང་བཅས་པ་ཧོར་བོད་ཀྱི་སོ་མཚམས་སུ་བཞག །དེ་དུས་ཁོང་རྣམས་ཀྱིས་ངེད་རྣམས་ཇི་ཙམ་ལ་ལོག་ཡོང་རྒྱུ་ཡིན་ཟེར་བ་ཞུས་པས་རྒྱལ་པོའི་ལུང་གིས་ངེད་ཀྱི་བཀའ་མ་བྱུང་བར་ལྡོག་ཏུ་མེད་གསུངས་པས། དེ་ཕྱིན་ནས་དཔའ་བོ་མི་དགུ་པོའི་རུས་མིང་བཀའ་མ་ལོག་ཟེར་བར་ཆགས་ཏེ། དེར་ཡུན་རིངས་པས་བཀའ་མ་ལོག་གི་བོད་འབྲོག་སྡེ་ཚན་མང་པོ་ཡོད་དོ། །སེ་ཆེན་རྒྱལ་པོའི་བློན་ཆེན་སཾ་གྷ་ཆིང་སང་ཟེར་བ་དེ་ཡང་རུས་པ་བཀའ་མ་ལོག་ཚང་ཡིན་ཟེར་བར་འདུག །དེ་རྣམས་ཀྱི་ཆེ་བརྒྱུད་ལས་ཆད་པ་ཤར་ཙོང་ཁ་མཚོ་སྔོན་གྱི་མཐིལ་ན་སྐད་གསར་པ་བྱ་བ་དང་། ཇག་རོང་པས། ཀུ་ཀུ་མེད་བྱ་བ་ཡུལ་ཁམས་ཆེན་པོ་གསུམ་གྱི་བདག་པོ་ཡེ་བཟང་རིང་མོའི་སྲས་ཆེ་བ་སྐྱ་མིང་དབོན་པོ་རིན་ཆེན་རྒྱལ་མཚན་བྱ་བ་བློ་གསལ་ཞིང་སྐྱེ་མཆེད་དྭངས་པ་ཞིག་བྱུང་བ་དེ་ཉིད་གཞོན་(༢༡བ)


GLG009_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ནུ་ནས་དཀར་པོའི་ཆོས་ལ་མོས་པ་ཞིག་ཡོད་པས། ཡུལ་ཁམས་རྣམས་མཆེད་ཟླ་ཀུན་འཛིན་དུ་བཅུག་ནས། གཙང་ས་སྐྱ་བླ་མའི་སྙན་གྲགས་ཆོར། མོས་གུས་ཆུག་སྟེ་ཞབས་ལ་གཏུག་པར་འདོད་ནས་ཡར་བྱོན་པས་མདོ་སྟོད་ཀྱི་ཧོར་ཚེ་སྟོན་ཚུལ་ཡང་ཆོས་དོན་དུ་གཉེར་བ་ལ་དེར་མ་བརྟེན་ས་སྐྱར་ཆས་པ་དང་ཁོང་རྣམ་གཉིས་བྱ་བ་ལུང་པར་མཇལ། མདོ་སྟོད་སྨད་ཀྱི་ཕྱོགས་སྲེད་དང་སྐུ་ཚེ་སྔོན་མའི་འབྲེལ་ཤུགས་ཀྱིས་སྤུན་ཕུ་ནུ་ལྟར་ཐུགས་ཤིན་ཏུ་མཐུན་པར་བྱུང་ནས་དེའི་དབྱར་གྱ་མ་འབྲོང་ངུ་དགོན་པར་བསྡད། སྟོན་དེ་འགྲོ་མགོན་ཆོས་རྒྱལ་འཕགས་པ་གོང་ནས་ཡར་ཕེབས་དུས་འབྲོང་དུ་དགོན་པ་བས་གདན་དྲངས་བསྙེན་བཀུར་ཞུས། དེ་ཐོག་ཏུ་ཁོང་རྣམ་གཉིས་པས་ཀྱང་རབ་བྱུང་ཞུས་དབོན་པོའི་མཚན་རིན་ཅེན་བརྩོན་འགྲུས་བྱ་བར་བཏགས། བདག་བསླབ་གཉེར་མཐར་ཕྱིན་པ་ཞིག་བྱེད་འདོད་པས་རྗེས་སུ་བཟུང་དུ་གསོལ་ཞུས་པས། དེ་བཞིན་ལེགས། སློབ་དཔོན་ཤར་པ་ཡེ་ཤེས་ཀྱིས་བསླབ་གཉེར་གྱི་མགོན་གྱིས་ལ་དགེ་བཤེས་ཆེན་པོ་ཞིག་མགྱོགས་པར་ཡོང་བར་བྱེད་དོ་གསུངས་པས་དགེ་བཤེས་ལ་སྔ་བ་རིན་ཅེན་བརྩོན་འགྲུས་བྱ་བའང་དེ་དུས་ནས་བྱུང་བར་གདའོ། །དེར་གཉིས་ཀས་ཕྱག་ཕྱིར་བྱོན་ས་སྐྱར་ཕེབས་བསླབ་གཉེར་མཛད་པས་ཤེས་རབ་དང་ཐུགས་རུས་ཆེ་བའི་ཚད་ཐུབ་པར་བྱུང་། རིང་པོ་མ་ལོན་པར་ས་སྐྱའི་དགེ་བཤེས་རྣམས་ཀྱི་ནང་ནས་མཁས་གྲགས་ཐོན་པར་བྱུང་། བར་སྐབས་ནས་སྔ་མ་འཕགས་པའི་ཕྱགས་ཕྱི་ཞབས་ཏོག་མཐིལ་བཞུགས་ཡུན་རིང་མཛད་བྱ་བའི་ལྗིད་ཁུར་ཆེན་པོ་མང་དུ་བཀལ། དེ་མཚམས་ས་འབྲི་འཁྲུག་པའི་འགོ་ཚུགས་གོང་དུ་ཁྲིམས་ཀྱི་གཏུག་བཤེར་ལ་ཕྱོགས་ཕྱོགས་ནས་མི་དྲག་པ་འགྲོ་དགོས་པ་བྱུང་དུས་དཔོན་(༢༢ན)


GLG009_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཤཱཀྱ་བཟང་པོ་དང་། དགེ་བཤེས་རིན་ཅེན་བརྩོན་འགྲུས། རིན་པོ་ཆེ་སྟོན་ཚུལ་གསུམ་པོས་བླ་མ་དང་བསྟན་པ་གདན་ས་ཆེན་མོའི་ཕྱིས་ལ་བསམས་ཏེ་བློས་བླངས་ནས་བྱོན། ཁྲིམས་ལུགས་སུ་སོང་བས་ཚལ་གུང་ཐང་ནས་ཕོ་བྲང་ཤངས་མཐོའི་བར་ལ་ཨན་ཁུར་ནས་རྐང་ཐང་ལ་བྱོན། གོང་དུ་ཐུག་བཤེར་ལེགས། ས་སྐྱ་པའི་བྱ་བ་རྣམས་གང་འདོད་ལེགས་པར་གྲུབ་ནས་ཡར་འཁོར་བའི་དུས་ཁོང་རྣམས་ས་སྐྱ་བ་ལ་ཡུས་ཆེ་བའི་མི་གསུམ་དུ་གྲགས་པ་བྱུང་ཞིང་ཆེན་པོར་གྱུར། སྤྱི་སྒོས་སུ་བླ་མའི་གནང་སྦྱིན། བརྒྱ་སྟོང་སོ་སོས་བྱ་དགའ་ཆེན་པོ་བྱས། ཁྱད་པར་དགེ་བཤེས་ཆེན་པོ་ལ་ཇ་རིན་དུ་ས་སྐྱའི་དྲུག་ཕྱ་མའི་འདབ་སྒོ་དང་ཚོང་འདུས་ཁ་ཡེབ་ཀྱི་མགོ་བྱས་གྲང་ཁང་ག་ར། ཕུལ་གྱོག་གཞིས་ཀ་རྣམས་གཙང་མར་གནང་། སྐྱ་བཙུན་ཐམས་ཅད་ཀྱིས་བཀུར་སྟི་ཞབས་ཏོག་ཆེ་བར་བྱུང་། དེ་སྐབས་སུ་མཆེད་གྲོགས་སྟོན་ཚུལ་བའི་གྲོས་ལ་བསླབ་གཉེར་གྱིས་དཀའ་སྤྱད་བཤེས་གཉེན་གྱི་སྙན་གྲགས་ཐོབ། ས་སྐྱ་པ་གསང་སྔགས་ཟབ་མོའི་བདག་པོ་ཡིན་པས་ད་ཡང་གསང་སྔགས་དང་མཐུན་པར་མཛད་ན་སྐུ་ཁམས་ཀྱི་འཚོ་སྐྱོང་དུའང་འགྱུར། མ་འོངས་པའི་དུས་སུའང་བུ་སློབ་རྗེས་འཛིན་སོགས་ཁྱད་ཆེ་བར་ཡོང་ཟེར་བ་ལ་གསན་ནས། ཉང་སྟོད་བྱེ་མདའ་པའི་མ་གཅིག་མཁའ་འགྲོ་འབུམ་མངོན་ཆུང་ངུའི་གྱོག་གཞིས་ཀར་བཞག་ཕྱག་རྒྱར་བསྟེན་པ་ལ་སྲས་གསུམ་བྱུང་བའི་ཆེ་བ་བན་རྒན་བློ་གྲོས་རིན་ཅེན། བར་པ་དྷརྨ་དཀོན་ཅོག །ཆུང་བ་དབོན་ཀུན་དགའ་རྡོ་རྗེ་རྣམས་བྱུང་། བར་བ་འདི་འགྲོ་མགོན་ཕྱག་ནའི་སྲས་དྷརྨ་པཱ་ལ་རཀྵི་ཏ་དང་ལོ་ཟླ་ཞག་(༢༢བ)


GLG009_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

དུས་མཉམ་དུ་འཁྲུངས་པ་ནས་མཚན་འདི་ཆོས་རྒྱལ་འཕགས་པས་བཏགས་པར་ཡང་བྱེད་དོ། །དེའི་དུས་ན་ཧོར་རྒྱལ་བུ་ཆོས་དཔལ་བོད་ཆོས་ལ་བྱོན་པའི་བསུ་སྐྱེལ་ཞབས་ཏོག་ལ་དགེ་བཤེས་ཆེན་པོ་དེ་བས་འབད་རྩོལ་བསྐྱེད་པས་ཉི་མ་ནུབ་ཕྱོགས་ཀྱི་བྱ་བ་རྣམས་ལེགས་པར་གྲུབ་ནས་ཕྱིར་འབྱོན་དུས་སོག་པ་མདོ་བར་སྐྱེལ་ཐུང་ལ་བྱོན་པར་རྒྱལ་པོ་མཉེས་ནས་བྱང་རེ་ཐག་ཕྱིར་འཐེན་གང་འདུག །རིན་ཅེན་བརྩོན་འགྲུས་མི་བརྒྱུད་དང་བཅས་པ་ཤེས་སུ་ཆུག་ཅིང་། ཁྱོད་ཀྱིས་ཤེ་མོང་འདབས་པ་བཞིན་བུ་ཚ་བོ་རྣམས་ཀྱིས་ཀྱང་གོང་མ་ཡོན་མཆོད་ལ་ཤེ་མོང་འདབས་ཆུག་ཟེར་བའི་ལི་ཇི་བཟང་པོ་གནང་། དེ་ནས་དགེ་བཤེས་ཆེན་པོ་ས་སྐྱའི་ཚོང་འདུས་ཁང་ལེབ་ཏུ་བདེ་བར་གཤེགས་རྟིང་སྲས་ཆེ་བ་བན་རྒན་ལ་ཡབ་ཀྱི་རྗེས་སུ་ཞུགས་ནས་ཁྲིམས་གཉིས་ཀྱི་བྱ་བ་དང་ས་སྐྱའི་ཞབས་ཏོག །ནང་སོའི་མཐིལ་ལེན། དངོས་སུ་བླ་མ་བདག་ཉིད་ཆེན་པོའི་ཞབས་ལ་གཏུགས་ཤེ་མོང་འདབས་པར་ཏའི་ཏུའི་ཕོ་བྲང་དུ་བྱོན་ནས་བླ་མའི་སྐུ་དྲིན་ལ་ཨོལ་ཇོ་ཐུ་རྒྱལ་པོས་ལྷ་རྒོད་མདུང་རྩེ་ཡན་དང་ར་གཡུ་མཚོ་མན་འདི་བློ་གྲོས་རིན་ཆེན་མི་བརྒྱུད་དང་བཅས་པ་ཤེས་སུ་ཆུག་གསུང་བའི་འཇའ་ས་གཙང་མ་གནང་། གཅུང་གཉིས་པོ་ཉེ་རིང་མེད་པར་བསྐྱངས། གཅེན་ལ་བྱང་གི་ཁྲི་དཔོན་དང་གཅུང་ལ་དུ་དབྱེན་ཤའི་ལས་ཀ་ཞུས་ནས་བསྐོས། དྷརྨ་དཀོན་ཅོག་གི་གཞི་བ་ལ་མ་གཅིག་མཁའ་འགྲོ་འབུམ་གྱི་ཞལ་ཏ་མ་གཅིག་དང་། དཔོན་ཀུན་རྡོར་ལ་མ་གཅིག་འོད་འབུམ་གྱི་ཚ་མོ་ཞིག་བླངས་པ་གཉིས་ཀ་ལ་སྲས་མ་བྱུང་། བན་རྒན་པས་ཞལ་ཏ་མཛད་ཞལ་ཏ་བ་རེ་རེ་འོག་ཏུ་བཞག་པ་ལ་ཁྲི་དཔོན་དྷརྨ་དཀོན་ཅོག་ལ་སྲས་ཁྲི་དཔོན་ཆོས་རྒྱལ་(༢༣ན)


GLG009_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

དང་དཔོན་ཆེན་རྒྱལ་བ་བཟང་པོ་བྱུང་། དུ་དབེན་ཤ་ཀུན་དགའ་རྡོ་རྗེ་ལ་སྲས་ཁྲི་དཔོན་དཀོན་ཅོག་རྒྱལ་མཚན་བྱུང་། ཁྲི་དཔོན་རྒྱལ་གྱིས་ཡབ་ཀྱི་ཤུལ་དུ་བྱ་རུའི་ཁྲི་དཔོན་ཐོག་གཅིག་བྱས་སྐུ་གཤེགས། སྲས་མེད་པས་དཀོན་མཆོག་རྒྱལ་མཚན་ཁྲི་དཔོན་ལ་བསྐོས། བླ་ཆེན་ཀུན་བློའི་ཕྱགས་ཕྱིར་གོང་ལ་བྱོན་ཡར་ཕེབས་ཇོ་མོ་སྲེག་ཤིང་དབོན་མོ་བླངས་ནས་མཐོང་སྨོན་ས་ཆ། ལྷ་ཁང་། སྤང་གྲོང་གི་ཁ་འཛིན་བྱེད་དུས་སྲས་བཞི་བྱུང་བའི་ཆེ་བ་དབོན་པོ་དཀོན་ཅོག་འོད་ཟེར་དང་དཀོན་མཆོག་རིན་ཆེན། མཁན་པོ་བསོད་ནམས་བློ་གྲོས། ཆུང་བ་རྒོད་པོ་རིན་ཆེན་རྣམས་བྱུང་ངོ་། །གཅུང་པོ་འདི་མ་སངས་ཀྱི་སྤྲུལ་པ་ཡིན་པའི་རྒྱུ་མཚན་ནི། འདིའི་སྐབས་སུ་དཔོན་ཆེན་རྒྱལ་བ་བཟང་པོ་པ་དེ་ཉིད་འབྲོག་ཁྲི་སྐོར་གྱི་རུ་ཐོག་མཚོ་མོ་རུ་ཁྱུང་གིས་བསྐོར་བ་སྒར་ཆེན་བཞུགས་དུས་ཆིབས་གར་བ་སྟོན་ཆེན་བྱ་བ་ཞིག་བོར་ནས་ལྷ་འདྲེ་མི་གསུམ་ལ་བཅའ་ཧུ་བཀྲམ་རྩད་གཅོད་པ་ཕྱོགས་བཞིར་བཏང་བས། ཤར་ཕྱོགས་པའི་མི་གཉིས་ཀྱིས་ཁ་བ་སྐྱ་སིབ་བབས་པའི་སྟེང་ལ་རྟ་རྗེས་འདུག་པ་མཐར་དེད་པས་ཤར་སོག་ལ་སྐྱ་མོའི་ཞོལ་ན་སྒར་ཆེན་ཞིག་འདུག་པ་དེ་ཁྲོད་ན་ཆིབས་པ་ཡང་འདུག་ནས་མགྲོན་གཉེར་ལ་རྒྱུ་མཚན་བསྙད་སྒར་འདི་སུའི་ཡིན་དྲིས་པས་སྒར་འདི་མ་སངས་ཀྱི་སྒར་ཡིན། གེ་སར་དང་སྒུ་ལྡི་ལ་སོགས་ཡོད་ཟེར་གུར་ནང་དུ་ཁྲིད་སྒུ་ལྡི་ཡིན་ཟེར་བ་དེ་ན་རེ། ངེད་ཀྱིས་ཁ་སིང་ནས་བྱང་སྟོང་ལ་ཡོངས་དཔོན་ཆེན་པ་དང་མཇལ་རྩིས་ལ་མ་ཕྲད། ད་གཟོད་ཁྱེད་ཀྱི་དབོན་པོ་ཞིག་ཡོད་པ་དེ་དང་ཡང་ཡང་ཕྲད་ཟེར་བ་གྱིས་ལ། རྟ་དང་མདའ་རྒོད་སྒྲོ་མ་འདི་ཕུལ་ཟེར་ནས་ཁྱེར་ཡོངས། དཔོན་(༢༣བ)


GLG009_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པ་ལ་ཕུལ་དེ་རྟིང་དཔོན་པོ་རྒོད་པོ་རིན་ཅེན་པ་འཁྲུངས་སོ། །དཔོན་ཆེན་རྒྱལ་བ་བཟང་པོ་དེ་ཉིད་ཏི་ཤྲཱི་ཀུན་རྒྱལ་བའི་ཞབས་ལ་གཏུགས་གོང་ལ་ཕྱག་ཕྱིར་བྱོན། བླ་མའི་སྐུ་དྲིན་དང་ཁྲིམས་ཀྱི་བྱ་བ་ལ་མཁས་པས་སྔོན་མ་དཔོན་ཆེན་ཤྲཱི་མིང་དང་དེ་རྟིང་དབུས་གཙང་དཔོན་ཆེན་སྔོན་མ་ཐོག་མར་ཕེབས་དུས་བན་རྒན་པས་ཞལ་ཏ་མཛད། ཇོ་མོར་བླ་མ་མུས་ཆེན་པའི་དབོན་མོ་དང་། དབོན་མོ་ཇོ་མོ་རིམ་པར་བླངས་ནའང་སྲས་མ་བྱུང་བ་ཞལ་ཏ་མ་འབུམ་རྒྱན་བྱ་བ་ལ་སྲས་གྲགས་པ་རྒྱལ་མཚན་པ་བྱུང་ཞིང་། རྟིང་མ་ཟུར་སྲས་དཔོན་པོ་ཧོར་ཚ་བ་བྱ་བ་ཞིག་ཀྱང་བྱུང་། དཔོན་ཆེན་པས་དབོན་པོ་དཀོན་ཅོག་འོད་ཟེར་བྱང་ཁྲི་དཔོན་ལ་བསྐོས། སྲས་པོ་གྲགས་པ་རྒྱལ་མཚན་པ་ས་སྐྱ་ནང་སོར་བཞག །དབུས་གཙང་སྡེ་ལ་བཀོད་ནས་དབོན་པོ་དཀོན་ཅོག་རིན་ཅེན་ཕྱགས་ཕྱིར་ཁྲིད་ཡོངས་གོང་མ་མཆོད་ཡོན་གྱི་དྲུང་དུ་བྱོན་སྔ་རྟིང་དྲིལ་བས་ལོ་བཅོ་བརྒྱད་ཙམ་གོང་དུ་བཞུགས། སྭོན་ཇིང་དབེན་གྱི་རྩ་བའི་དཔོན་ཆེན་མི་ཤངས་ལེན་གསུམ་མཛད། ལུང་གུ་ཏ་ཧུའི་ཟོན་གནང་། ཡར་འབྱོན་ཁར་ངའི་སྦྲ་བེར་ཁྱུང་གསུམ་གྱི་ཚོང་པ་བོད་ལ་ལོ་རེ་བཞིན་ཡོང་བའི་འབབ་སའི་གནས་གཞི་ཞིག་བརྩིག་དགོས་ཞུས་པས་གང་འོས་ཚོལ་གསུངས་པར་ཤངས་ནང་གཡེ་དམར་སྒང་བརྒྱུད་ནས་ས་ཆེ་བར་འདུག་པས་འདི་དགོས་ཞུས་པས་བྱེ་རེ་བབ་ལྷ་གདོང་ཡན། ཐག་མངལ་གདོང་། དང་ར་ཤིང་གཅིག་མན་གྱི་ས་ཆ། རྒྱལ་བ་བཟང་པོའི་རྟ་སྒ་འབོག་ས་ལ་བྱིན་ཞིང་། དེ་ཁོངས་གང་འོས་སུ་གནས་གཞི་བརྩིག་ཏུ་ཆུག་གསུངས་པའི་ལུང་བཟང་པོ་གནང་བས་ཡར་ཕེབས་ནས་ཤངས་མཐོང་སྨོན་གྱི་ས་འདི་ན་ཆུ་(༢༤ན)


GLG009_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་རྫིང་ཞིག་འདུག་པས་མིང་དང་གང་ས་ནས་རྟེན་འབྲེལ་ལེགས་པས་འདི་ཁོངས་སུ་ཆུག་པ་གྱིས་གསུངས། ལྕགས་རི་སྤེལ་ལྕོག་རྣམས་དཀྱིལ་དུ་ཁང་ལེབ་ཆེན་མོ་དང་བཅས་པ་བཏབ། དེ་རྟིང་གོང་མ་ཡོན་མཆོད་ཀྱི་སྐུ་རིམ་སྨོན་ལམ་འདེབས་ཤིང་སྤོས་སྲེག་པའི་ལྷ་ཁང་ཞིག་བཞེངས་སུ་འཇུག་པ་དགོས་ཟེར་བའི་ཞུ་བ་གོང་དུ་བཏང་བས། དེ་བཞིན་ཡིན་ཆུག་གསུང་བའི་ལུང་ཕེབས་ནས་མྱུག་རྒྱལ་ཁང་རྒྱལ་པོའི་ཕོ་བྲང་ལ་དཔེ་བླངས་པ་བཞེངས། ཆོས་སྡེ་འདི་སྔོན་བོད་རྒྱལ་བློན་དུས་ཀྱི་ཀ་ཅ་རྙིང་པ་དང་། རི་རྟིང་མ་མའི་དགོན་ལག་རྙིང་པ་དར་ཆ་མེད་པ་ཞིག་འདུག་པའང་དཔོན་ཆེན་པས་རྒྱལ་ཁང་བཞེངས་པ་དང་མཉམ་དུ། སོ་པཎྜི་ཏ་འཇིགས་མེད་གྲགས་པ་ཆོས་དཔོན་ལ་གདན་དྲངས་སྒོས་ཀྱི་མངའ་ཞབས་ལ་བཙུན་ཁྲལ་ཐེངས་གཉིས་བརྒྱབ་ནས་བཤད་གྲ་བཙུགས་ཆོས་སྡེའི་ཤེ་མོང་བསྐྱེད། ཆོས་ཁྲིམས་དར་བར་མཛད། ཡབ་ཡུམ་གྱི་ཕྱི་རྟེན་ལ་གཡེ་དམར་སྒང་སྟོད་དུ་སྐུ་འབུམ་ཆེན་མོ་བཞེངས་ཞ་ལུ་བུ་སྟོན་རིན་པོ་ཆེ་གདན་དྲངས་ནས་རབ་གནས་དབུས་གཙང་དུ་རྒྱས་པའི་དཔེ་ཐུབ་པ་མཛད་དེ། ལུང་གིས་བསྐོས་པའི་དཔོན་ཆེན་གཉིས་བྱང་པའི་ཕྱག་ཚབ་གཅིག་དང་བཅས་པས་གོང་དང་དབུས་གཙང་དུ་དཔོན་ཆེན་ཐེངས་གསུམ་མཛད་པ་དེ་བར་ལ། གདན་ས་ཆེན་པོའི་ཞབས་ཏོག བླ་མ་ལ་བཀུར་སྟི། མངའ་ཞབས་ཀྱི་སྐྱོང་དར། ཕག་གྲུ་ཁྲི་དཔོན་དང་མཁས་པ་ལ་སོགས་ཁྲིམས་འགལ་མུ་མེད་བྱེད་མཁན་རྣམས་ལ་དྲག་ལས་ཀྱིས་འཇུན་འདུར། གཞན་ཡང་རྒྱལ་ཁྲིམས་ཆེན་པོའི་བྱ་བ་གང་ལའང་ཉེ་རིང་མེད་ཅིང་བླང་དོར་མ་འཛོལ་བར་(༢༤བ)


GLG009_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བས་ཀུན་གྱིས་བྱང་ཆུབ་སེམས་དཔའི་དཔོན་ཆེན་དུ་གྲགས་ཤིང་། གོང་ནས་རྟིང་ལ་ཕེབས་རྗེས་ལ་སྲས་བློ་གྲོས་རྒྱལ་མཚན་པ་བྱུང་བ། གཅེན་དཔོན་གྲགས་རྒྱལ་བ་དང་དགུང་ལོ་བཅུ་བདུན་བཅོ་བརྒྱད་ཀྱི་ཁྱད་ཡོད་པས་ན་གྲགས་རྒྱལ་བའི་སྲས་ཡིན་པར་བྱེད་པའང་ཡོད་ལ། ཁོང་རྣམ་གཉིས་ཀྱི་བར་དུ་དབོན་པོ་ཧོར་ཚས་དཔོན་ཐོག་ཏུ་ལོ་གཅིག་གཉིས་བཞུགས་ཟེར་བའང་གླེང་། དཔོན་ཆེན་རྒྱལ་བ་བཟང་པོ་བས་ཁྲིམས་ལས་ཀྱི་བྱ་བ་དཔོན་ཆེན་དབང་བརྩོན་ལ་འཕྲོད་པའི་སྐབས་སུ་ལྷ་རྩེའི་གཟིམས་ཁང་ལྷོ་མར་བདེ་བར་གཤེགས་སོ། །པུར་བཞུ་དུས་ཐུགས་ཐུགས་ཐག་དང་བཅས་ཏེ་བྱོན་པ་དེ་གཟིམས་ཁང་གུང་ལྡེབས་རིས་ལ་ཆོས་རྒྱལ་འཕགས་པའི་སྐུ་འདྲ་བཞུགས་པ་དེའི་ཐུགས་ཀར་ཐིམ་པ་ཀུན་གྱི་མཐུན་དུ་གྲུབ་པ། ཕྱི་སྐོར་གྱི་དཔོན་ཆེན་ལ་འདི་ཉིད་བླ་མ་ལ་གུས་ཤིང་ཁྲིམས་གཉིས་ཀྱི་བྱ་བ་མཁས་པར་བྱེད་དོ། །དཔོན་ཆེན་པའི་སྲས་པོ་གྲགས་པ་རྒྱལ་མཚན་པ་སྔ་སོར་ས་སྐྱ་ནང་ཆེན་བཟུང་རྟིང་ལ་དཔོན་ཆེན་གྱི་མིང་ཐོབ་ཤངས་མཐོང་སྨོན་བཟུང་བའི་སྐབས་དེར་སྐུ་གཤེགས་སོ། །གཅུང་པོ་དཔོན་པོ་ཧོར་ཚའི་སྲས་སྣ་དཀར་བ་དཔོན་ཀུན་དགའ་རྒྱལ་པོ་བརྒྱུད་ཆད། བློ་གྲོས་རྒྱལ་མཚན་པས་སི་ཏུའི་མིང་དང་ལས་ཀ་ཐོབ། དཔོན་ཆེན་པས་དབོན་པོ་འདི་དང་མཐོང་སྨོན་སྦྲགས་ནས་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ལ་སྤྲད། གཙང་ཕྱོགས་ཀྱི་སྡེ་པ་དར་ལྕོག་དཀར་པོ་འཛུགས་པའི་སྔོན་མ་བྱས་ཟེར་བའང་འདུག །འདིའི་རིང་ལ་མཐོང་སྨོན་སྤེལ་ཆེན་བཞེངས། སྒོ་སྤེ་ཟུར་ཅོག་རྣམས་ཀྱི་ཁ་སྒྲོན་འོབས་ལྕགས་ཆུང་བཟོས་སོ། །དེའི་སྲས་བཞིའི་ཆེ་བ་དུ་དབན་(༢༥ན)


GLG009_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་བྱང་ཆུབ་རྒྱལ་བ་དཔལ་བཟང་པོ་བ་ལྷོག་ཐུང་དུ་གྲགས་པ་ཐུགས་རྒོད་ཅིང་རྩོམ་རྐྱེན་པས་དེའི་རིང་ལ་རྫོང་ཤངས་དང་ཕྱི་ནང་གི་སྡེ་འཁྲུག་མང་། དེ་འོག་མཁན་པོ་ཀུན་དགའ་བློ་གྲོས་པས་མྱུག་ཆོས་སྡེའི་མཁན་པོ་མཛད། དེ་འོག་ཏུ་དབེན་ཤ་ཀུན་དགའ་རྒྱལ་མཚན་པས་རྒྱལ་མཐོང་བཟུང་ཀུན་དང་མཐུན་པའི་ལུགས་ཤེས་ཆེ་བར་བྱུང་། གཅུང་པོ་ཆུང་བ་དབོན་པོ་ཀུན་རྡོར་བའོ། །དུ་དབེན་ཤ་ཀུན་རྒྱལ་བས་གདུང་བརྒྱུད་ལྕམ་བླངས་པ་ལ་སྲས་གཅིག་བྱུང་བ་དུ་དབེན་ཤ་རིན་ཅེན་རྒྱལ་པོ་བ་སྐུ་བརྟན་པར་བཞུགས་པའོ། །ཁྲི་དཔོན་དཀོན་ཅོག་འོད་ཟེར་བས་བྱང་རུ་ཐོག་གི་ཁྲི་དཔོན་མཛད་ཅིང་། དབོན་པོ་དཀོན་ཅོག་རིན་ཅེན་དང་རྒོད་པོ་རིན་ཅེན་པས་མྱུག་རྒྱལ་ཁང་གི་འགོ་བྱས་དྲེ་སྒལ་སོགས་འཛིན། མཁན་པོ་བསོད་ནམས་བློ་གྲོས་པས་ཞང་པོའི་གདན་ས་སྲེག་ཤིང་མཁན་པོ་མཛད་པའི་སྐབས་སུ་མཐོང་སྨོན་ན་དཔོན་ཆེན་གྲགས་རྒྱལ་བ་ཡོད་པ། དཔོན་སྐྱ་གཡོག་རིས་ཀྱི་དབང་དུ་སོང་ནས་ཤངས་པ་ནང་མ་བདེ། དབོན་པོ་སྐུ་མཆེད་ཆེ་བ་གཉིས་སྐུ་གཤེགས་རྟིང་དབོན་པོ་རྒོད་པོ་རིན་ཅེན་པས་སྟག་ཚང་རྫོང་ཁར་བླ་ཆེན་བསོད་བློ་སྐུ་མཆེད་པའི་ཞབས་ལ་གཏུགས། རྒྱབ་བཅོལ་ནས་རྫོང་ཤངས་བདེ་གཟར་ཡུན་རིང་། དགུང་ལོ་བཅོ་བརྒྱད་པ་ལ་བླ་ཆེན་པའི་ཕྱག་ཕྱིར་ལས་ཆེན་གཡས་རུ་བྱང་ནས་གོང་ལ་བྱོན། བླ་མའི་སྐུ་དྲིན་ལ་ཐོ་གན་ཐེ་མུར་རྒྱལ་པོས་ཕིང་གཅིག་པའི་མི་དཔོན། ཧྭིང་སྭོན་ཇིང་དབེན་གྱི་ཧུ་ཤཱིའི་མཚན་དང་དམ་སྟག །བན་རྒན་བློ་གྲོས་རིན་ཅེན་པའི་དུས་ཇི་ལྟར་གནང་བ་བཞིན་གྱི་བོད་འབྲོག་དབང་(༢༥བ)


GLG009_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

རིས་རྣམས་རྒོད་པོ་རིན་ཅེན་ཧུ་ཤྲཱི་མི་བརྒྱུད་དང་བཅས་པ་ལ་འཇགས་སུ་ཆུག་གསུང་བའི་ལུང་བཟང་པོ་དང་བཅས་གནང་། ཡར་ཕེབས་བླ་མ་སྐུ་མཆེད་པའི་ཞབས་ཏོག་སྡེ་པ་སྟག་ཚང་རྫོང་པའི་ཕྱིའི་དགྲ་བཞི་ལ་དམག་དཔོན་གྱི་བྱ་བ་གང་ལའང་སྡེ་པའི་མཚན་ཇུས་གཙོ་བོར་བཏོན་ནས། དཔོན་ས་ནས་ཀྱང་ཐག་རྟ་ནག་གི་གཉེར་ཁ་གནང་། སྣ་དམར་རྫོང་བརྩིགས། ཤངས་པ་ནང་ལྟར་གྱི་བདེ་གཟར་འཕོ་འཕྱུགས་མང་ནའང་ཕྱི་ནང་སུས་ཀྱང་རྒོལ་བར་མ་ནུས་པས་རྒོད་པའི་སྙན་གྲགས་ཤིན་ཏུ་ཆེ་ཞིང་མེ་ཕོ་སྟག་ལོ་ལ་རྫོང་སྟག་སྣ་དོན་གྲུབ་རྩེ་བཟུང་སྟེ་དེའི་ཆར་གཏོགས་པའི་མངའ་ཞབས་བོད་འབྲོག་མང་དུ་ཆོད་ནས་ད་ལྟའི་བར་ལ་བརྟན་ཞིང་འཕེལ་བ་དང་བཅས་པ་ཡིན་ནོ། །དེ་ལ་ཡུམ་མི་གཅིག་པའི་སྲས་པོ་གསུམ་བྱུང་བའི་ཆེ་བ་རྟ་ནག་པ་དབོན་པོ་ཤཱཀྱ་རིན་ཅེན། བར་པ་བྱང་ངམ་རིང་པ་རྒྱལ་བ་རིན་ཅེན། ཆུང་བ་སྐྱོར་མོ་བ་སོག་པོ་རིན་ཅེན་རྣམས་ཏེ། ཤཱཀྱ་རིན་ཅེན་པས་ཡབ་ཀྱི་གཉེར་ལས་ཀྱི་རྗེས་རྟ་ནག་བཟུང་། དེ་ལ་སྲས་དུག་ཚེར་རིན་ཅེན་དང་། ནམ་མཁའ་རིན་ཅེན། དགེ་སྦྱོང་དཀར་པོར་གྲགས་པ་རྣམས་སོ། །རྒྱལ་བ་རིན་ཅེན་པ་ལ་སྲས་རྣམ་རྒྱལ་རིན་ཅེན་པ་དང་དཔལ་ལྡན་རིན་ཅེན་བྱུང་བ་གཉིས་ཀ་ཡབ་ཀྱི་སྔོན་ལ་འདས་སོ། །སོག་པོ་རིན་ཅེན་པས་ལྷ་བུ་ཁོང་ལམ་རྫོང་གསར་བརྩིགས། སྲས་རྒྱལ་པོ་རིན་ཅེན་པ་དང་དགེ་སྦྱོང་བསོད་ནམས་རིན་ཅེན་པ། གྲགས་པ་རིན་ཅེན་པ་རྣམས་བྱུང་ངོ་། །ཁྲི་དཔོན་དཀོན་ཅོག་འོད་ཟེར་བ་སྐུ་མཆེད་ཕྱོགས་གཅིག་པའི་དུས་ཀྱི་སྲས་པོ་གཅིག་བྱུང་བ་དྲུང་ཆེན་གླང་པོ་རིན་ཅེན་པ། དེ་ཉིན་ཡབ་(༢༦ན)


GLG009_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གྲོངས་པའི་རྗེས་ལ་སྟག་ཚང་རྫོང་ཁར་འཁྲུངས། དཔོན་ས་བླ་བྲང་དང་ཁུ་བོ་རྒོད་པོ་རིན་ཅེན་པ་འཚོ་སྐྱོང་མགོ་འདོན་ཡང་དག་མཛད། ཆེར་སྐྱེས་ནས་དབང་གྲགས་པ་རྒྱལ་མཚན་པའི་ཞལ་མཐོང་། དབང་རྣམ་སྲས་པའི་ཞབས་ལ་གཏུགས་གཟིམས་དཔོན་མཛད། ཁུ་དབོན་ཕྱོགས་གཅིག་ཏུ་དྲིལ་ནས་དགྲ་འདུལ་གཉེན་སྐྱོང་དབོན་སའི་ཞབས་ཏོག་བུར་རྟའི་གསོག་རུམ་སྐྱོང་དར་འཇིག་རྟེན་གྱི་བྱ་བ་གང་ལའང་ཤིན་ཏུ་མཁས་ཤིང་ཐུགས་རྩོལ་ཆེ་བས་གྲགས་པ་ཕྱོགས་ཀུན་ཁྱབ་བོ། །ཁྱད་པར་དབུས་པ་བདག་པོ་གྲགས་པ་རྒྱལ་མཚན་པས་ཕག་མོ་གྲུ་པ་སྲིད་ལ་གཏོགས་པའི་དབུས་གཙང་གི་དམག་དཔུང་སྟོབས་ཆེ་བ་བསྡུས་ནས་མེ་ཕོ་ཁྱི་ལོ་སྟོན་སྟག་སྣ་རྫོང་ལ་སྐོར་རྒྱག་ཡུན་རིང་བྱས། ནང་ཡན་འཚག་སྐྱེལ་བྲེད་སྡིགས་ཇི་སྙེད་ཅིག་བྱུང་ནས་ཡབ་སྲས་དཔོན་གཡོག་རྣམས་ཀྱིས་ལེགས་པར་སྲ་བཅས་ཕུར་བཙུགས་འཐབ་སྲོལ་སྤྲད་པས་དབུས་གཙང་དུ་མཁྲེགས་པའི་ཚད་ཐུབ་པ་བྱུང་རྟིང་སྟན་ཤར་གཙང་སྲིད་དུ་གྲགས་པའི་འགོ་དེ་ནས་བཙུགས་པས་ས་སྐྱ་པའི་བསྟན་ཇུས་ཡར་འཕེལ་དུ་བྱུང་བ་བློན་ཆེན་དེ་ཉིད་ཀྱི་ཐུགས་བཞེད་དང་འཕྲིན་ལས་ལ་བརྟེན་པའོ། །དེའི་སྲས་ལྔའི་ཆེ་བ་དྲུང་ཆེན་ནམ་མཁའ་རིན་ཅེན་པ་ནི་སྐུ་གཞོན་ནུ་ནས་ཀློག་ཡིག་སོགས་བསླབ་ཤེས་ཀྱི་ཡོན་ཏན་མཐའ་དག་མངོན་དུ་ཕྱོགས་ནས་མི་དབང་རྣམ་སྲས་རྒྱལ་མཚན་པ་དང་། མེས་པོ་ཧུ་ཤྲཱི་ཆེན་པོའི་ཞབས་ལ་གཏུགས་གསོལ་ཇ་བཟུང་། ཕོ་རྩལ་སྣ་དགུ་བཀུར་སྐྱོང་འགྲོགས་ལམ་སྡེ་སྲིད་འཛིན་པའི་བྱ་བ་ལ་ཡོན་ཏན་སྒོར་མོར་འཛོམ་པས་ཀུན་གྱིས་མ་སངས་སྤྲུལ་པར་འཛིན་ཅིང་(༢༦བ)


GLG009_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཁྱི་ལོ་དམག་ཆེན་གྱི་དུས་རྫོང་གི་རྩེ་ཞོལ་སྲུང་བ་གང་ཁག་པ་ཐམས་ཅད་དུ་ཕེབས་ནས་སྒྱོགས་མདའ་རྡོས་ནང་སྤྲད་པས་གཤིན་རྗེ་ངོ་དམར་དུ་གྲགས་ཤིང་ཕྱི་ནས་གདོང་ལེན་མི་སུ་ཡང་མེད་པ་བྱུང་ངོ་། །གཞན་ཡང་དམག་ཆེ་ཆུང་འཐབ་སྲོལ་སྔ་ཕྱི་མང་པོའི་འགོ་ལ་བྱོན་ནས་དུས་ནམ་ཡང་གདོང་འབུད་ངོ་ལང་ཁོ་ན་མཛད་ཅིང་ཕྱིས་སྐོར་བྱ་བ་གང་ལའང་གཏན་བརླིང་གཙོ་བོར་བཏོན་པས་ཕྱི་ནང་ཀུན་གྱིས་འདི་ནི་དཔའ་མཛངས་འཛོམ་པའི་སྐྱེས་བུ་ཆེན་པོ་ཡིན་ཞེས་གྲགས་སོ། །དེའི་གཅུང་པོ་རྒྱལ་བཟང་རིན་ཅེན། རྒྱ་མཚོ་རིན་ཅེན། ནོར་བུ་རིན་ཅེན། གྲུབ་པ་རིན་ཅེན་རྣམས་ཡིན་ལ། གཅུང་འདིས་རྫོང་རབ་འབྱོར་རྩེ་གཟུང་ཚར་ཤྭོན་བོད་འབྲོག་གསར་དུ་ཆོད། གཅེན་གྱི་ཁབ་ཏུ་གདུང་བརྒྱུད་ལམ་མོ་བྱང་སེམས་ནམ་མཁའ་རྒྱལ་མོ་བ་བྱོན་སྲས་ཆེ་བ་ཆོས་རྒྱལ་རིན་ཅེན་པ་མཆེད་གསུམ་སྟེ་སྐུ་མཆེད་ཁུ་དབོན་ཞལ་ངོ་ཡང་མང་ལ་རགས་པ་སྐུ་བརྟན་པར་བཞུགས་པར་ལགས་པ། བློན་ཆེན་ཆེ་བརྒྱུད་མ་སངས་སྤྲུལ་པའི་རིགས། ཁ་དྲག་མི་དཔུང་འཛོམ་པ་འཁོར་བཅས་འདི། །ཕས་རྒོལ་མི་མཐུན་ཕྱོགས་ལས་རྒྱལ་བ་དང་། །དཔལ་འབྱོར་ཡར་ངོའི་ཟླ་ལྟར་རྒྱས་གྱུར་ཅིག །ཅེས་བྱུང་བའི་མེས་དྲུང་ཆེན་ནམ་མཁའ་རིན་ཅེན་ཡན་ཆད་ཤངས་པ་ཡིན་ནའང་། དེ་ནས་ལ་སྟོད་དུ་གཞིས་བཟུང་བ་ཡིན་ཞིང་། དེ་ཡང་ཆོས་རྒྱལ་རིན་ཅེན་དཔལ་བཟང་ཞེས་ཡི་དམ་གྱི་ལྷས་རྗེས་སུ་བཟུང་ཞིང་དཔལ་མགོན་སྟག་ཞོན་བྲན་དུ་འཁོལ་བའི་མཐུ་སྟོབས་ཀྱི་དབང་ཕྱུག་དེའི་ཇོ་མོར་མཁའ་འགྲོའི་རིགས་ཅན། བོན་པོ་དབེན་རྩ་ཁ་པའི་སྲས་མོ་བཀྲ་ཤིས་ཨ་མཚོ་ཞེས་པ་སྔོན་གྱི་ལས་འཕྲོས་ཆོས་(༢༧ན)


GLG009_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མོས་པ་དཀོན་ཅོག་ལ་བླ་མར་འཛིན་ཅིང་དགེ་འདུན་ལ་རྙེད་བཀུར་དང་ངན་ལོང་ལ་སྦྱིན་གཏོང་བརྩོན་པ། བྱམས་པ་དང་སྙིང་རྗེས་རྒྱུད་དུལ་བ། ཁྱད་པར་སྟག་ཚང་ལོ་ཙཱ་བར་ཤིན་ཏུ་དད་ཅིང་། དེ་ནས་བརྒྱུད་པའི་ཆོས་ཉམས་སུ་ལེན་པར་གཞོལ་བ་དེ་གཉིས་དམ་པ་འདི་དང་ལྕམ་སྲིང་ལྔ་ཙམ་གྱི་ཡབ་ཡུམ་ཡིན་ཞིང་། ཚེས་བཅུའི་དུས་ཆེན་ཞིག་ལ་སངས་རྒྱས་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ་གྱི་འཕྲིན་ལས་གྱེར་བའི་ནུབ་ཡུམ་གྱིས་དཔལ་གཏོར་ཕྱོགས་ལ་དབུ་སྔས་བསྟད་དེ་གཟིམས་པ་ན་མནལ་ལམ་དུ་དཔལ་གཏོར་གྱི་པད་འདབ་གཅིག་ཆད་པའི་རྣམ་པས་སྒོ་དབྱེ་བ་ལྟ་བུ་བྱས། དེའི་ནང་ནས་གུ་རུ་རིན་པོ་ཆེའི་སྐུ་ཡིད་དུ་འོང་བ་འོད་ཟེར་དང་བཅས་པ་ཞིག་སེང་གེ་ལ་བཅིབས་ཏེ་ཐལ་མར་བྱུང་ནས་ཐུགས་ཀར་ཐིམ་པ་དང་། ཡང་ནུབ་ཅིག་སྟག་ཚང་ལོ་ཙཱ་བ་དཔོན་སློབ་ནས་ངེད་ཚོར་དོ་ནུབ་གནས་ཚང་དགོས་འདུག་པས་ནང་སོར་ཞུས་པའི་སྡོད་ཡུལ་གཡོར་གསུང་བ་ལྟར་སྟ་གོན་མཛད་པའི་ཚེ་བླ་མ་དེ་འཇམ་དབྱངས་དམར་སེར་གྱི་རྣམ་པར་གྱུར་པ་ཐུགས་ཀར་ཐིམ་པའི་སྣང་བ་བྱུང་། མནལ་སད་ཙ་ན་ལུས་ཤིན་སྦྱངས་ཀྱི་བདེ་བ་ལྟ་བུར་ཡུག་ཅིག་ལུས་པས་ཞལ་ཏ་མ་ཞིག་གིས་ད་བཞེངས། ལས་ཐེབས་འཆག་ཟེར་བས་ཉམས་དེ་སད་ཀྱང་དེ་ཉིན་གྱི་ཕྱག་ལས་མཐའ་དག་སྔར་དང་མི་འདྲ་བའི་བདེ་བ་དེ་ཀའི་ངང་དུ་འགྲོ་བ་ཞིག་བྱུང་། གནས་པ་དེ་ནམ་བྱུང་བའི་དུས་དངོས་སུ་མེ་ཏོག་གི་ཆར། འཇའ་དཀར་པོ། སྔར་ཚོར་མ་མྱོང་བའི་དྲི་བཟང་པོ་འཐུལ་བ་ཡོང་ཞིང་། ཡང་མནལ་ལམ་དུ་མི་ཞིག་གིས་གཡུ་སྟེར་བ། གསེར་གྱི་མཆོད་(༢༧བ)


GLG009_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འོད་ཟེར་འཕྲོ་བ་ཁྲུས་གསོལ་ཞིང་སྐོར་བ་མཛད་པ་སོགས་དམ་པ་འདི་ལྷུམས་སུ་འཇུག་པའི་ལྟས་ངོ་མཚར་བ་མང་དུ་བྱུང་། འཁྲུངས་ལོ་ནི་འོ་སྐོལ་གྱི་སྟོན་པ་དྲག་པོ་ཞེས་པ་ལྕགས་སྤྲེལ་ལ་སྐུ་བལྟམས་ནས་ལོ་ཉིས་སྟོང་ལྔ་བརྒྱ་བཅུ་བདུན་འདས་པ་འཕགས་པའི་ཡུལ་དུ་སྟོད་འགྲེལ་ལུགས་ཀྱི་རྗེས་སུ་འབྲངས་ཏེ་དུནྡུ་བྷི་ཞེས་པ་རྔ་ཆེན་དུ་གྲགས་ཤིང་ཤར་ཕྱོགས་རྒྱལ་པོའི་ཁབ་ཏུ་ཞིན་ཟུའི་ཞེས་ཆུ་ཕོ་ཁྱི་ལོར་འཇིག་རྟེན་ཡོངས་གྲགས་དང་བསྟུན་ན་འཐད་ཅིང་གཙུག་ལག་དང་བསྟུན་ན་ཁྲག་སྐྱུག་ཅེས་པ་ཆུ་མོ་ཕག་གི་ལོའི་དུས་ཀྱང་མཛོད་རང་འགྲེལ་དུ་། སངས་རྒྱས་པ་རྣམས་ཀྱི་དུས་ཀྱི་དང་པོ་ནི་དགུན་ནོ། །གཉིས་པ་ནི་དཔྱིད་དོ། །གསུམ་པ་ནི་དབྱར་རོ། །ཞེས་འདུལ་མངོན་པ་རྣམས་དུས་ཀྱི་ཐོག་མ་དགུན་དུ་མཛད། འགྲེལ་ཆེན་དྲི་མེད་འོད་ལས། ས་གའི་ཉ་ལ་སྐྱ་རེངས་ཤར་བའི་ཚེ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ནས་ཟླ་བ་བཅུ་གཉིས་པ་ནག་པའི་ཉ་ལ་ཤྲཱི་དྷ་ཎྱ་ཀ་ཊ་ཀ་ར། ཞེས་སྟོན་པ་ས་གའི་ཉ་ལ་སངས་རྒྱས་པ་ནས་བརྩིས་པའི་བཅུ་གཉིས་པ་ནག་པའི་ཟླ་བར་དཔལ་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་གསུངས་པ་དང་རིགས་ལྡན་གྲགས་པས། ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་རིགས་བཞི་རིགས་གཅིག་ཏུ་བྱས་ནས་དབང་བསྐུར་ཞིང་རྩ་རྒྱུད་ལས་བསྡུས་རྒྱུད་བསྡུས་པའི་ཟླ་བ་ཡིན་པར་བརྟེན་ལོ་འགོར་མཛད་ཅིང་། དྷཱུ་བ་ཀའི་འདས་ལོ་འཚོལ་བའི་ཚེའང་ནག་པ་ནས་ཐོག་མར་བྱེད་པའི་ལུགས་སྲོལ་དར་ནའང་བོད་འདིར་ཡོངས་གྲགས་ཀྱི་ཟླ་འགོ་ནི་རྒྱ་ནག་སྤོར་ཐང་ཆེན་མོའི་རྗེས་སུ་འབྲང་བས་དེ་ལའང་ལུགས་མི་འདྲ་བ་(༢༨ན)


GLG009_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བྱུང་བའི་འཁྲུལ་པ་མེད་པ་ནི། རྒྱུད་གབ་པ་གནད་གཟེར་ལས། དགུན་ཉི་ལྡོག་པའི་ཚེས་སྔ་མ། །ལོ་ནི་སྔ་མའི་མཇུག་ཡིན་ལ། །སྔ་ལོ་ཕྱི་ལོའི་འཕོ་མཚམས་ཀྱི། །ཕོ་བྲང་ལྷ་ཚོགས་ཐམས་ཅད་དང་། །ས་བདག་རྗེ་བློན་འཁོར་བཅས་རྣམས། །དགུན་ཉི་ལྡོག་ནས་བསྐྱ་བར་བྱེད། ཅེས་སྨལ་པོའི་ཟླ་བའམ་ཧོར་ཟླ་བཅུ་གཅིག་པ་དཔྱིད་ར་སྟག་ཏུ་ཕུག་པ་བ་སོགས་ཚད་ཐུབ་ཀྱི་མཁས་པ་མང་པོ་བཞེད་པ། འཕགས་སྐྱེས་པོའི་རྟོགས་པ་བརྗོད་པའི་ཡལ་འདབ་ཏུ། དེ་ནས་ཡིད་སྲུབས་ལོངས་སྤྱོད་གྲོགས། །སྦྲང་རྩི་འཐུང་བ་རྣམས་ཀྱི་གཉེན། །སྐལ་བཟང་འཁྲི་ཤིང་འཁྱུད་བྱེད་པ། །ལེགས་ལྡན་དཔྱིད་ནི་མཐོང་བར་གྱུར། །ཅེས་དཔྱིད་ཟླ་འབྲིང་པོ་ཉ་རོ་ཧཱི་ཏའི་ཁྱིམ་རྒྱལ་གྱི་ཟླ་བའི་དཔའ་བོ་མཁའ་འགྲོ་འདུ་བའི་ཚེས་བཅུའི་རེས་གཟའ་ཉི་མ། ཟླ་སྐར་སྨིན་དྲུག་གི་རེས་ལ་བབས་པའི་ཚེ་རྨུ་གཤོང་དགེ་བའི་ཚལ་ཞེས་སུམ་རྩེན་གྱི་གཞལ་ཡས་ཁང་ལ་ཅོ་འདྲི་བ་དེར། གཙུག་ན་ནོར་བུའི་རྟོགས་པ་བརྗོད་པའི་ཡལ་འདབ་ཏུ། དེ་ནས་དུས་ནི་ཡོངས་རྫོགས་ཏེ། །མཁའ་ལ་བདུད་རྩིའི་འོད་ཟེར་བཞིན། །འགྲོ་བའི་རབ་རིབ་ཀུན་འཇོམས་བུ། །ལྷ་མོ་ལ་ནི་བཙས་པར་གྱུར། །ཅེས་ཡུམ་ལ་སྙུན་སོགས་གང་ཡང་མི་མངའ་བར་སྟོན་གྱི་ནམ་མཁའ་གཡའ་དག་པ་ལ་རི་བོང་འཛིན་པའི་དཀྱིལ་འཁོར་ཉ་གང་བ་བཞིན་སྐུ་བལྟམས་པས་གསུང་མགུར་ལས། སེར་གཟུགས་བདག་གི་སྐྱེས་པའི་ཡུལ། །གངས་རིའི་ཁྲོད་ཀྱི་གཙང་སྟོད་ཆ། །ཆུ་བོ་པཀྵུའི་ལྷོ་ཡི་ངོས། །གྲུམ་སྟོད་ས་སྐྱའི་བྱ་འདབས་(༢༨བ)


GLG009_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ལྗོངས། །འབྲོག་མི་ལོ་ཙཱའི་གནས་ཀྱི་མདའ། །འཕྲང་གསུམ་ནང་ནས་སྲིན་འཕྲང་གདོང་། །རྨུ་རྗེ་བཙད་པོས་བཟུང་བའི་ས། །དེར་ནི་སྔོན་གྱི་ལས་དབང་གིས། །དལ་འབྱོར་རིན་ཅེན་རྙེད་པ་ཡིན། །ཞེས་གསུངས་སོ། །ཁ་བའི་རྡུལ་བརྩེགས་ཤེལ་དཀར་རྡོ་ལེབ་བཀྲམ། །མར་གད་གོས་ཀླུབས་འཛིན་མར་ལྗོན་པའི་ཚལ། །ཡིད་འོང་ཆུ་སྐྱེས་ལོ་ཏོག་བཀྲ་བའི་འགྲམ། །གནམ་སྔོན་ཞུན་མའི་ཉལ་འགྲོ་དལ་གྱིས་འབབ། །ཕུལ་བྱུང་ངོ་མཚར་བཀོད་པའི་ཁང་བཟང་གིས། །འཆི་མེད་བ་གམ་མཛེས་པ་ལ་འཁུ་བའི། ཁོ་ར་ཁོར་ཡུག་ཁྱབ་པ་གྲོང་ཁྱེར་གྱི། །གྲགས་པས་རྒྱུ་སྐར་ཚོགས་རྣམས་བལྟ་བ་བཞིན། །འཇམ་དཔལ་རྡོ་རྗེ་འཕགས་པའི་ཞབས་པད་རྡུལ། །དམར་འོད་གཙུག་ཏུ་ལྷུངས་པའི་ཡུས་པོ་ཆེ། །བསྟན་སྲིད་བླ་ནས་བླར་འདེགས་རི་མོའི་རྗེས། །མིག་གསུམ་འཕྲུལ་ཅན་དེས་ཀྱང་ག་ལ་ཁེབས། །ཀ་བ་མེད་པའི་གནམ་གྱི་སྒོ་མོ་ནས། །ཚངས་པ་མི་གཟུགས་ཧོར་གྱི་རྒྱལ་པོའི་ལུང་། །བཙན་པོས་སྤྱི་བོ་གྱེན་དུ་བསྟན་ནོ་ཅོག །ཀུན་གྱིས་བཏུད་བྱའི་དཔོན་ཆེན་ལས་ཀས་མཐོ། །གཙང་བྱེད་པདྨའི་སྦུབས་ནས་ཐོན་པའི་ཅོ། །འདྲི་བའི་རྫུན་མིན་བདེན་གཏམ་སྐྱ་རེངས་མས། །མངལ་སྐྱེས་ཉེར་དྲངས་ཚེ་དབང་རིགས་འཛིན་ནི། །ཤར་བའི་འོད་སྟོང་འབར་ལ་སུ་ཡིས་བསྙོན། །ཤེས་རབ་རལ་གྲི་སིནྡྷུ་ཝཱ་རའི་མདངས། །མ་རིག་དྲ་བ་འཇོམས་པ་རྣོན་པོའི་མཚོན། །ཆོས་ཕུང་རིན་ཅེན་འབྱུང་གནས་གཅིག་པུ་པ། །སྒྲུབ་པའི་དགེ་མཚན་མངོན་སུམ་ལྟ་བུར་གསལ། ཁུངས་བཙུན་རིགས་ཀྱི་ལང་ཚོ་དར་བའི་རྗེ། །བཞིན་མཛེས་དགའ་མར་འཁྱུད་པའི་(༢༩ན)


GLG009_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

རྩེད་འཇོ་ལས། །ངོ་མཚར་སྤྲུལ་པའི་ཁྱེའུ་ང་ལས་ནུ། །ཐུབ་བསྟན་མང་བཀུར་གཙུག་ཏོར་རྩེ་མོར་བཙས། །དེ་ཡང་བཙས་མ་ཐག་ནས་མཚན་བཟང་གིས་སྤྲས་པ་ལྟ་བུའི་མཐོང་ན་མི་མཐུན་པ་མེད་པའི་མཛེས་ཤིང་ཡིད་དུ་འོང་བ་ཐ་མལ་གྱི་བྱིས་པ་དང་མི་འདྲ་བར་ལྟ་བས་མི་བཟོད་པའི་ཟིལ་ཆེ་བ་ཞིག་བྱུང་ཞིང་བཙས་སྟོན་དང་མཚན་སྟོན་རྒྱ་ཆེར་མཛད། ཡབ་ཀྱིས་མགོན་པོ་སྟག་ཞོན་སོགས་ལ་གཏང་རག་ཕུལ་བའི་དུས་ནམ་མཁའ་ནས་རྔ་བོ་ཆེ་འདྲ་བའི་སྐད་ཆེན་པོ་དང་དེ་ནས་གཅིག་རྗེས་གཅིག་ནོན་ལྟ་བུའི་དུང་དཀར་དྲིལ་བུ་རྐང་གླིང་རྣམས་ཀྱི་སྒྲ་ཀུན་གྱིས་ཐོས། སང་ཉི་ཤར་ལ་ཡབ་ཀྱི་གུར་ཞལ་སྟག་ཞོན་སོགས་ཀྱི་མངའ་གསོལ་མཛད་པའི་བསངས་ཀྱི་དུད་སྤྲིན་གཟིམས་ཁང་གི་ཤར་དོན་ཡོད་ཞགས་པ་སོགས་རང་བྱུང་དུ་ཡོད་པའི་བྲག་རིའི་རྩེ་ནས་ནུབ་ཀྱི་བྲག་རིའི་རྩེ་མོ་གཡའ་དང་སྤང་གིས་མཚན་པའི་རྩེའི་བར་སྦྲུལ་འཁྱིལ་བ་འདྲ་བའི་འཇའ་ཚོན་སྣ་ལྔ་འཁྲིགས་ཤིང་མེ་ཏོག་གི་ཆར་འབབ་པ་སོགས་ཡ་མཚན་དུ་གྱུར། སྐུའི་སྐྱེད་ཀྱང་གཞན་ལས་ཆེ་ཞིང་དུལ་བ་ཡིད་གཞུང་བ་བློ་གྲོས་དང་ལྡན་པ་སོགས་གང་ཟག་ཁྱད་པར་བའི་བག་ཆགས་ཀྱི་མཐུ་བརྟས་པ་ཞིག་གོ །གསོལ་འདེབས་ལས། གཞོན་ནུ་ཉིད་ནས་ཉམས་ཀྱི་སྣང་བ་ལ། །ཕྱོགས་ཀུན་ངོ་མཚར་རྒྱལ་སྐུའི་སྣང་བརྙན་གྱིས། །ཕྱུར་བུར་གཏམས་ཤིང་ལས་ཀྱི་དྲི་མའི་ཆ། །དག་པའི་སྣང་བ་གཟིགས་ལ་གསོལ་བ་འདེབས། །འབྲི་ཀློག་ཚུལ་རྣམས་མ་བསླབས་ཐུགས་སུ་ཆུད། །སྲུང་མའི་རྣམ་སྤྲུལ་དཔའ་བོ་དམར་གསལ་དང་། །ཛོ་ཀིའི་ཚུལ་གཟིགས་(༢༩བ)


GLG009_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཁམས་དབང་པོ་ཡིས། །འཕྲིན་ལས་མ་ལུས་སྒྲུབ་ལ་གསོལ་བ་འདེབས། །རིན་ཅེན་སེང་གེའི་ཁྲི་ལ་འཁོར་བ་ཡི། །ཡོངས་འཛིན་སྐད་གཉིས་སྨྲ་བའི་དབང་པོ་དེའི། །ལྷག་པའི་ལྷ་ཡི་སྒྲུབ་ཐབས་ཞལ་ལུང་གིས། །ཤེས་རབ་སྣང་བ་རྒྱས་ལ་གསོལ་བ་འདེབས། །ཞེས་དགུང་ལོ་གསུམ་ཙམ་གྱི་དུས་ཕྱི་རོལ་ཏུ་ཕེབས་པ་ན་ས་གཞི་ཐམས་ཅད་བདག་ཅག་གི་སྟོན་པའི་སྐུ་གསེར་སྦྱངས་ཞུན་མ་ལ་ཉི་འོད་ཕོག་པ་ལྟ་བུས་གང་བ་གཟིགས་པས་ཞབས་གོམ་འདེགས་འཇོག་མི་ནུས་པའི་སྣང་བ་དང་། ཡང་སྐབས་ཤིག་མི་ལུས་དུད་འགྲོའི་མགོ་བརྙན་ཅན་འཇིགས་སུ་རུང་བ་མང་པོས་མི་གསོན་པོ་བཙོ་སྲེག་བྱེད་པ་གཟིགས་པའི་མོད་ལ་རང་ཉིད་ལ་འཕོས་བ་ལྟ་བུའི་སྡུག་བསྔལ་བྱུང་བ་ལས་སྒྲིབ་ཀྱི་ཆ་ཤས་ཅུང་ཟད་ཙམ་ལུས་པ་གནས་སྦྱོང་གི་ཉམས་ཀྱི་སྒོ་ནས་སྦྱངས་པའི་གསུང་རྒྱུན་སྣང་བ་ལམ་འབྲས་པའི་ལུགས་ལ་གནས་སྦྱོང་གི་ཉམས་འདི་འདྲ་ཤར་ན་ཕྱིན་ཆད་གནས་ངན་དེ་ལེན་མི་དགོས་པར་འཆད་པས་རྟགས་བཟང་པོ་ཡིན་མོད་འོན་ཏེ་རྣལ་འབྱོར་དབང་ཕྱུག་གི་སྤྲུལ་པ་ལ་དེ་འདྲར་བལྟོས་པ་མིན་ཡང་ཐུན་མོང་བའི་ངོར་དེ་བཞིན་གཤེགས་པའི་ཞབས་ལ་སེང་ལྡེང་གི་ཚལ་པ་སོར་བཅུ་དྲུག་པ་ཟུག་པ་སོགས་ལས་བཅུ་སྤྱད་པའི་སྐབས་དང་རྗེས་སུ་མཐུན་པར་མངོན། ཡབ་ཀྱི་ཕྱག་དཔེ་རྡོ་རྗེ་གཅོད་པ་དེ་གཟིགས་ན་སྔོན་ཆད་འབྲི་ཀློག་ཙམ་མཛད་མ་མྱོང་ཡང་འདི་འདྲ་ཞིག་ཟེར་རྒྱུ་ཡིན་པ་འདུག་དགོངས་ཏེ་ཐོགས་མེད་དུ་ཀློག་པ་དང་འབྲི་བའང་སློབ་དཔོན་བསྟེན་པའི་རྩོལ་བ་ལ་མ་བལྟོས་པར་ཤུགས་བྱུང་གིས་མཁྱེན་པས། བཀའ་ལས། ཀློག་མི་དྲན་གོང་ནས་(༣༠ན)


GLG009_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱིན་འདུག །ཡི་གེ་འདི་རྡོ་ལ་ཐོད་ལེ་ཀོར་གྱིས་བྲིས་ཤིང་། དེ་རྗེས་ཉི་མ་གཅིག་གཉིས་བྲིས་པས་ཤེས་བྱུང་གསུང་བ་ཀུན་མཁྱེན་བུ་སྟོན་ཞབས་ཀྱི་རྣམ་ཐར་དུ་གསལ་བའི་བག་ཆགས་ཀྱི་ཀློང་རྡོལ་བར་སེམས། དེའི་ཚེ་ཕྱི་རོལ་ཏུ་བྱིས་པ་འགའ་དང་ལྷན་ཅིག་ཏུ་བྱོན་པ་ན་འབྱུང་པོ་མ་རུངས་པས་བརླམས་པའི་ཁྱི་ཞིག་གིས་ཕྱག་ཤུབས་ལ་འཆངས་པས་གཞན་རྣམས་བྲོས་རྗེ་ཉིད་ཐུགས་ཚད་པའི་རྐྱེན་གྱིས་ཧེ་རུ་ཀཿཞལ་བརྒྱད་པའི་རྣམ་པར་རང་བྱུང་གིས་ཤར་ནས་སྡིགས་མཛུབ་མཛད་པས་ཕ་ཚད་དུ་བྲོས། དེར་རྗེས་བྱིས་པ་གཞན་རྣམས་ཀྱིས་རོལ་མོ་དཀྲོལ་ཚུལ་དང་རྗེ་ཉིད་ཀྱིས་འཇིམ་པ་ལ་བཟོས་པའི་གཏོར་མ་ཞིག་སྐུ་རྩེད་ཀྱི་ཚུལ་དུ་འཕངས་པས་ཁྱི་དེའི་ཁ་ནས་ཁྲག་སྐྱུགས་ནས་ཤི །དགུང་ལོ་ལྔ་དྲུག་ཙམ་གྱི་ཚེ་ནུབ་ཅིག་ཡབ་ཀྱི་སྟག་ཞོན་གྱི་ཐུན་གཏོར་བསྔོས་པ་སྐྱེལ་དུ་བྱོན་པ་ན་མི་ནག་པོ་འཇིགས་སུ་རུང་བས་གཏོར་མ་དེ་དངོས་སུ་བླངས་སོང་དེ་ལ་འཇིགས་ནས་ཅུང་ཟད་བྲོས་ཏེ་ཕྱི་ལོག་མཛད་གཟིགས་པས་དེའི་འཁྲིས་ནའང་འཇིགས་སུ་རུང་བ་ཞིག་འདུག་པ་ངེས་མཻ་ཏྲི་པས་ང་ཁྱོད་ལ་དངོས་སུ་གཏད་ཁྱོད་ཀྱིས་ཚུལ་བཞིན་བསྟེན་ངས་ཀྱང་མཆོག་ཐུན་གྱི་དངོས་གྲུབ་སྦྱིན་པ་ཡིན་པས་གཏོར་མ་རེ་མ་ཆག་པར་བསླང་ཟེར། མར་བྱོན་ནས་ཡབ་ལ་ཞུས་པས་ངེད་རང་གི་ཆོས་སྐྱོང་ཡིན་གསུང་ཡང་སྔོན་མ་དེ་སྟག་ཞོན་དང་ཕྱི་མ་དེ་ཡེ་ཤེས་མགོན་པོ་ཕྱག་དྲུག་པར་ངེས་ཤིང་དེས་རྐྱེན་བྱས་ནས་མཁས་གྲུབ་ཁྱུང་པོར་འཁྲུངས་པ་ཐུགས་དྲན་གསོས་སྣང་། སྐབས་འགར་མི་དམར་པོ་གཟི་བརྗིད་ཤིན་ཏུ་ཆེ་བ་དང་ཨཱ་ཙཪྻའི་རྣམ་པ་ཅན་གྱིས་དགའ་བའི་རྣམ་(༣༠བ)


GLG009_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་སྟོན་ཞིང་ཐུགས་འཁྲིད་པའི་ཚུལ་དང་གཏོར་བསྔོས་མཛད་པའི་གཏོར་མ་དངོས་སུ་ལེན་པ་བྱུང་བ་མི་དམར་པོ་དེ་གནོད་སྦྱིན་བེག་ཙེ་དང་། ཛོ་ཀི་གཉན་མགོན་ཞལ་བཞི་པ་ཡིན་ཚོད་དུ་སྣང་། འདོད་ཁམས་དབང་ཕྱུག་མས་རྟགས་མཚན་ཁྱད་པར་ཅན་བསྟན་པ་ས་ལུགས་ལ་ལྕམ་དྲལ་སྦྲགས་སྒྲུབ་ཀྱི་རྗེས་གནང་ཙམ་ལས་མེད་ནའང་རྗེ་ཉིད་ཀྱིས་གཞུང་དུ་གསན་ནས་བླ་མའི་སྐུ་དགྲ་བསྒྲལ་བ་སོགས་ཀྱི་ལོ་རྒྱུས་བཞིན་འདི་དུས་ནས་ཆོས་སྐྱོང་གི་ལས་འབྲེལ་གཞན་དང་མི་འདྲ་བ་ཞིག་ཡོད་པར་མཆིས་ཤིང་དེར་མ་ཟད་ཆོས་སྐྱོང་ཆེ་ཆུང་ཐམས་ཅད་ཀྱི་བཀའ་བབས་པས་རོལ་མོ་འུར་ཆེམ་ཙམ་ལ་སྲུང་མ་བྲན་འཁོལ་དུ་མི་རློམ་པར་སྙན་བརྒྱུད་བཞིའི་རྟེན་འབྲེལ་གྱིས་ཚར་ལུགས་ཞེས་གྲུབ་མཐའ་འབུར་དོད་འདི་ཉིད་འབྱུང་བའི་སྔོན་འགྲོར་གོར་མ་ཆག །ཆོས་འཁོར་སྒང་པ་ལོ་ཆེན་ཤེས་རབ་རིན་ཅེན་ཡིན་ཟེར་བའི་པཎྜི་ཏ་ཞྭ་མོ་པད་འདབ་ཅན་གསོལ་བ་ཞིག་རིན་པོ་ཆེའི་ཁྲི་སེང་གེ་གཉིས་བསྣོལ་བས་བཏེག་པའི་སྟེང་དུ་བཞུགས་ནས་གཞོན་ནུ་ཞེས་བོས་ཏེ་ཁྱོད་དང་སྔོན་ནས་ལས་འབྲེལ་ཡོད་པའི་ལྷ་མཉྫུ་ཤྲཱི་དཀར་པོ་འདི་ཡིན་པས། དེའི་སྒོས་རྒྱུད་དང་སྒྲུབ་ཐབས་ཡིན་ཟེར་བའི་ལུང་མཛད། མཚན་བརྗོད་བཀླགས་རྗེས་སྒོས་རྒྱུད་མིན་གསུང་བའི་མོད་ཐུགས་ལ་ཐིམ་པའི་སྣང་བ་ཤར། དེ་ནས་བཟུང་ཕྱག་དཔེ་འཛིན་བཤར་སོགས་གང་ལའང་ཐོགས་པ་མེད་པའི་ཐུགས་རབ་ཤིན་ཏུ་ཡངས་པར་གྱུར་པས་ཕྱིས་བཀའ་ལས། དེ་དུས་གནང་བའི་སྒྲུབ་ཐབས་དེ་མ་ཏིས་མཛད་པ་འདི་འདྲ་མོ་འདུག །རྒྱུད་དེ་མ་གོ་སྟེ་ལོ་ཙཱ་བ་དེ་ཉིད་ཀྱང་སྐྱེ་བ་སྔ་མའི་བླ་མ་ཞིག་ཡིན་པར་འདུག །(༣༡ན)


GLG009_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཆེན་ཁོ་རང་ཡིན་ཚོད་དུ་གདའ། ཞེས་གསུངས་པ་སྐུ་སྐྱེ་སྔོན་མ་དགེ་སློང་དབང་མོས་སྟག་ཚང་ལོ་ཆེན་གྱི་ཞབས་ལ་ཐུག་ཅིང་། ཀུན་སྤངས་ཆེན་པོའི་དངོས་ཀྱི་བཤེས་གཉེན་ཡིན་པས་སྔ་མའི་སྔ་མར་སོང་བ་དང་ལོ་ཆེན་ནས་བརྒྱུད་པའི་མ་ཏི་ལུགས་ཀྱི་འཇམ་དཀར་རྗེ་སྔ་མར་བཀའ་བབས་པ་འདི་གཞན་ལས་ཁྱད་ཞུགས་ཤིང་ཆོས་རྒྱུན་གཞན་མ་ཁ་ཤས་ཡོད་པར་མ་ཟད་ལེགས་བཤད་ཀྱི་བསྟན་བཅོས་མང་པོར་ཐུགས་གཙིགས་ཆེ་བ་དང་། སྟག་ཚང་པའི་བསྟན་སྲུང་སྤྱི་བཤགས་བསྐང་བའི་སྐབས་མཛད་པ་སོགས་སྒོ་དུ་མ་ནས་འཇིག་རྟེན་གྱི་མིག་གཅིག་པུ་དེའི་འཕྲིན་ལས་སྤེལ་བའི་སྔོན་འགྲོའི་སྒོར་སྣང་། དེ་དག་གི་དུས་དཔལ་རྟ་མགྲིན་ཞབས་བརྒྱད་པ་སོགས་ཡི་དམ་གྱི་ལྷ་དུ་མའི་རྣམ་པར་ཤར་ཞིང་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཟབ་མོ་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་མཚན་ཉིད་པ། སྡོམ་གསུམ་དུ། ངེད་ཀྱི་ཕྱག་རྒྱ་ཆེན་པོ་ནི། །དབང་ལས་བྱུང་བའི་ཡེ་ཤེས་དང་། །རིམ་པ་གཉིས་ཀྱི་ཁྱད་པར་ལས། །བྱུང་བའི་རང་བྱུང་ཡེ་ཤེས་ཡིན། །ཞེས་པ་ལ་དབང་འབྱོར་བས། ཀུན་མཁྱེན་མཁྱེན་བརྩེས། གཞོན་ནུ་ཉིད་ནས་རང་ལུས་ལྷ་སྐུར་གཟིགས། །དམ་ཅན་སྲུང་མས་དངོས་སུ་གཏོར་མ་བླངས། །ཀློག་དང་ཡི་གེ་མ་བསླབས་མཁས་པར་མཁྱེན། །བྱིས་པའི་སྤྱོད་ལས་འདས་ལ་གསོལ་བ་འདེབས། །ཞེས་སོ། །གསོལ་འདེབས་ལས། ཆོས་ལུང་འཛིམ་གྱི་གཙུག་ལག་ཁང་ཆེན་དུ། །ཡོངས་འཛིན་ཞབས་བསྟེན་དགེ་བསྙེན་བརྟུལ་ཞུགས་ནོས། །ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ལས། །དགེ་ཚུལ་སྡོམ་པ་བཞེས་ལ་གསོལ་བ་འདེབས། །ཞེས་འདུལ་(༣༡བ)


GLG009_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་བསྟོད་པ་ལས། རྒྱལ་བ་སྟོན་པ་དེ་ཡི་བསྟན་པ་དག །མདོ་དང་ཆོས་མངོན་ཡིན་གསུང་འདུལ་བ་ནི། །བསྟན་དང་སྟོན་པ་དངོས་ཡིན་དེ་ཡི་ཕྱིར། །ཉིས་འགྱུར་ཕྱག་བྱ་འདུལ་ལ་ཕྱག་བྱོས་ཤིག །ཅེས་མདོ་མངོན་གཉིས་ཀྱིས་བསྟན་པའི་གོ་ཆོད་ཀྱང་སྟོན་པའི་གོ་མི་ཆོད། འདུལ་བས་གཉིས་ཀའི་གོ་ཆོད་པ་དང་། ཐམས་ཅད་མཁྱེན་པ་ཡེ་བཟང་རྩེ་པས། དེ་ལྟར་བོད་ཡུལ་འདིར་འདུལ་བའི་བསྟན་པ་ལ་འཕེལ་འགྲིབ་ཆེར་བྱུང་མོད་ཀྱི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་བསྟན་པ་ནི་དེང་སང་གི་བར་དུ་ནུབ་མ་མྱོང་ཞེས་དར་མས་བསྟན་པ་བསྣུབས་པར་གྲགས་པའང་འདུལ་བ་ལ་དགོངས་ཤིང་། གང་དུ་ཆོ་ག་མ་ཉམས་པ་དང་དེ་ལ་བརྟེན་ནས་སྡོམ་པ་ལེན་པ། གཞི་གསུམ་གྱི་བྱ་བ་སོགས་ཡོད་པ་དེར་བསྟན་པ་ཡོད་པར་གསུངས་པས། རྗེ་འདི་ཉིད་ཐུབ་པའི་བསྟན་པ་རིན་པོ་ཆེའི་སྒོར་འཇུག་པར་བཞེད་དེ། ན་ཚོད་ལྡན་ཞེས་པ་ཤིང་མོ་ཕག་གི་ལོ་རྒྱལ་པོ་ལོ་གསར་པའི་དགུང་ལོ་བཅུ་བཞིར་ཕེབས་པའི་དུས་འཛིམ་ཆོས་ལུང་གི་གཙུག་ལག་ཁང་དུ་ཡོངས་འཛིན་དམ་པ་བློ་གྲོས་རྒྱལ་མཚན་པའི་དྲུང་དུ་ཚངས་པར་སྤྱོད་པ་དགེ་བསྙེན་གྱི་སྡོམ་པ་གསན། རྩ་བ་དང་ཡན་ལག་གི་བསླབ་བྱ་མཐའ་དག་ལེགས་པར་བསླབས་ཏེ་བག་ཡོད་པའི་གནས་ཁོ་ན་ལྷུར་བླངས། དེ་ནས་དབང་ཕྱུག་ཅེས་པ་མེ་མོ་གླང་གི་ལོར་བཀའ་གདམས་གླེགས་བམ་གྱི་མ་འོངས་ལུང་བསྟན་ལས། ཆོས་དགེ་བ་བཅུ་ཡིས་ཁྱད་འཕགས་པ། །གླིང་ཕུན་སུམ་ཚོགས་པ་འཛམ་བུའི་གླིང་། །སྒོས་ཉང་ཤབ་ས་ཡི་ལྟེ་བ་སྟེ། །ས་དེ་ཡི་ནང་ནས་ཁྱད་འཕགས་པ། །མཐོ་བཀྲ་ཤིས་(༣༢ན)


GLG009_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

གཏམས་པ་ལྷུན་པོའི་འདབས། །ནོར་པདྨ་རཱ་ག་ལྟ་བུར་འདུན། །ཞེས་དཔལ་སྣར་ཐང་ལས་ཆད་པའི་ཆོས་གྲ་ཆེན་པོ་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་པོར་ཕེབས་ཇོ་བོ་ཨ་ཏི་ཤའི་རྣམ་ཐར་དུ། མནལ་ལམ་ལ་བཅོམ་ལྡན་འདས་འཁོར་བཅས་གདུགས་ཚོད་གསོལ་བའི་གྲལ་གཤམ་ན་ཇོ་བོ་ཉིད་བཞུགས་པར་དེ་བཞིན་གཤེགས་པས་མི་མ་གི་ཅི་ལ་ཆགས་ནས་རབ་ཏུ་མི་འབྱུང་ཞེས་བསྐུལ་མ་མཛད་པ་ཇོ་བོ་ལྟ་བུ་རབ་ཏུ་བྱུང་མ་བྱུང་ལ་མ་བལྟོས་ཀྱང་ཕྱི་རབས་ཀྱི་གདུལ་བྱ་ལ་དགོངས་པ་བཞིན་རྗེ་འདི་ཉིད་ཀྱང་ཐུན་མོང་བའི་འགྲོ་བ་དང་མཐུན་འཇུག་པའི་ཕྱིར་དུ་རབ་ཏུ་འབྱུང་བར་བཞེད་ནས། འབྲོམ་སྟོན་ཆོས་ཀྱི་རྒྱལ་པོའི་རྣམ་པར་སྤྲུལ་པ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་དཔལ་གྱིས་མཁན་པོ། ཆོས་རྗེ་བློ་གྲོས་རྒྱ་མཚོས་ལས་སློབ་མཛད་དེ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་བརྗེ་བ་རྣམ་པ་གསུམ་གྱི་སྐབས་མཚན་བློ་གསལ་རྒྱ་མཚོར་གསོལ། དེའི་ཚེ་མེ་ཏོག་གི་ཆར་སོགས་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་། ལྟུང་སྨད་ཕྱེད་དང་བཅུ་བཞི་མ་གཏོགས་པ་དགེ་སློང་དང་ཆ་འདྲ་བའི་བསླབ་བྱའི་གནས་མཐའ་དག་ལ་ལེགས་པར་བསླབས་ཏེ་དཔལ་ལྡན་ཤཱཀྱའི་སྲས་པོ་ངུར་སྨྲིག་གི་རྒྱལ་མཚན་བསྒྲེང་བར་མཛད། ཆོས་རྗེ་བློ་གྲོས་པ་སློབ་དཔོན་དུ་བསྟེན་ནས་མདོ་ཕྱོགས་ལ་གསན་བསམ་གྱི་རིགས་འབྲིང་གི་སྐབས་འབད་རྩོལ་ཆེན་པོ་ལ་མ་བལྟོས་པར་མཁྱེན་པ་ན་གཞན་དག་གིས་ཆོས་རྗེ་ཚར་པ་བསླབ་གཉེར་མི་བྱེད་འདུག་ཅེས་གླེང་བསླང་བའི་ཚེ། དེ་དག་གི་ལོག་རྟོག་བསལ་སླད་དུ་དགེ་འདུན་གྱི་ཚོགས་ཆེན་པོའི་དབུས་རྒོལ་བ་རྣམས་(༣༢བ)


GLG009_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་དང་རིགས་པས་ཚར་གཅད། ཁོ་བོ་བློ་གསལ་རྒྱ་མཚོ་ཉལ་ནས་བསྡད་དེ་འདི་ཤེས་ད་ཤོག །ཅེས་བཀའ་སྩལ་པ་ན་གངས་རིའི་རྩེ་མོར་སེང་གེ་འཇིགས་པ་མེད་པའི་ང་རོའི་སྐད་བསངས་བསྒྲགས་ཚེ་གཅན་གཟན་དང་རི་དྭགས་རྣམས་ཀྱི་སྙིང་འགས་པ་ལྟར་རྟོག་གེ་པ་རྒན་པོ་མངོན་པའི་ང་རྒྱལ་ཅན་རྣམས་ཀྱི་ཧམ་ཐུལ་ཡུལ་བུད་ནས་གདོང་པ་སྨད་དེ་ཞུམ་པའི་གནས་ལ་བཀོད། དགུང་ལོ་བཅུ་བདུན་པའི་དུས་ཀྱི་སྐབས་ཤིག་ཐོན་གྱི་ལྷ་རི་ཕྱུག་སྒོམ་བྱ་བར་དཔལ་ལྡན་འབྲས་སྤུངས་ཀྱི་གདན་ས་བརྒྱད་པ་མཁས་བཙུན་གྲུབ་པའི་དབང་ཕྱུག་ཐོན་པ་ཡོན་ཏན་རྒྱ་མཚོའི་དྲུང་དུ་བྱོན་པ་ན་སྐུ་འབྲུམ་གྱིས་བསྙུང་བ་མ་དགོངས་པར་ཆུ་གྲང་མང་དུ་བཞེས་ཤིང་ཁྲུས་མཛད་ཞལ་ཟོན་ཡང་མ་མཛད་པས་ཇེ་ཐུར་གྱུར་པའི་ཚེ་གླང་ཕུ་བའི་ནང་སོ་སྨན་པས་འབྲུམ་པ་ཡིན་ཚུལ་ཞུས་པ་ཁོ་དང་རྒྱུན་གྱི་ཕྱག་གཡོག་པ་ཚོས་འབྲུམ་པ་མ་ཐར་བས་སྐུ་འཁྲིས་སུ་ཡོད་མ་བཅུག་པར་སྨན་པ་གཞན་ཞིག་དང་ཐོན་པས་བསྐོས་པའི་ཕྱགས་ཕྱི་བ་གཉིས་ཀྱིས་སྙུང་གཡོག་བྱས། གྲང་ཁང་ཞིག་ཏུ་བཞུགས་པའི་དུས་སྤྱན་འབྱེད་འཛུམ་མི་ཤེས་ཤིང་གསུང་ཡང་འབྱོན་མི་ཐུབ་པའི་ཤིན་ཏུ་དུབ་པ་ན་ཆུ་གྲང་མོ་གསོལ་བའི་སྣང་བ་རེ་བྱུང་དུས་དངོས་སུ་སྐྱེམས་པའི་གདུང་བ་ཐམས་ཅད་སངས་འགྲོ་བ་དང་། དགོངས་ཤིག་ལྷ་རྗེས་ཕྱག་རྩ་བལྟས་སྒོ་རྒྱབ་ཏུ་སོང་ནས་ཙོད་ཙོད་མང་པོ་བྱེད་ཀྱིན་འདུག་པས་ད་རང་དགའ་མོ་མི་ཡོང་བ་འདུག་འཕོ་བ་ཞིག་མཛད་དགོངས་སྐུ་ཆུང་ངུའི་དུས་ལྷ་ཁབ་གྲུབ་ཆེན་མ་བྱ་བ་ལ་ཞུས་པའི་མཁའ་སྤྱོད་ལྗང་གུའི་འཕོ་དམིགས་དེ་མཛད་པ་ན། ཐུགས་ཀར་ལག་པ་གྲང་མོ་ཞིག་བཀབ་ནས་ད་ལམ་(༣༣ན)


GLG009_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བ་བྱེད་མི་དགོས་ཟེར་བཤོལ་མཁན་བྱུང་བའི་ཐུགས་སྣང་ཤར། རེ་ཞིག་ན་འཚོ་བྱེད་ཀྱིས་རྩ་བལྟས་ཏེ་ད་སྐྱོན་མི་གདའ་ཟེར། རིམ་གྱིས་སྐུ་ཁམས་བདེ་ནས་སྤྱན་ཟུམ་པའང་བྱེ། ཕེབས་འགྲུལ་ཐུབ་ནས་དེར་མ་བཞུགས་པར་རི་སུལ་དབེན་པར་བྱོན་ཞིང་ཐུགས་དམ་མཛད་པས་མྱུར་དུ་དྭངས། རྗེ་མཁས་བཙུན་པའི་དྲུང་དུ་འཇིགས་བྱེད་བཅུ་གསུམ་མའི་དབང་དང་ཇོ་བོ་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་རྟ་མགྲིན་ལྕགས་རལ་ཅན་སོགས་ཆོས་སྐོར་མང་དུ་གསན། ཁྱད་པར་ལས་གཤིན་གྱི་རྗེས་གནང་གསན་དུས་དངོས་སུ་བྱ་རོག་ཅིག་སྐུ་གཞོགས་རང་དུ་བབས་པ་སོགས་ངོ་མཚར་བའི་ལྟས་དུ་མ་བྱུང་། ཆོས་གསན་ཐོ་ཕྱག་བྲིས་མ་ཞིག་འཇམ་དབྱངས་དགའ་བའི་བཤེས་གཉེན་གྱིས་གཟིགས་པར་མང་པོ་འདུག་གསུང་ངོ་། །ཀློག་ཡིག་འཆིང་རྒྱ་དམ་པོ་བརྒྱ་ཕྲག་མདུད། །རྣམ་དཔྱོད་སོར་རྩེར་ཞར་ལ་འགྲོལ་བའི་བློ། །མཐོ་རིས་བློ་ལྡན་ཕུར་བུའི་རིགས་ཀྱི་བརྒྱུད། །གཉིས་པ་ཁ་བའི་ལྗོངས་འདིར་བཟུང་ངམ་སྙམ། །ལྷ་མིན་གདོན་གྱིས་ཉེར་བཏབ་བརླང་སྤྱོད་ཁྱི། ཁྲག་འཐུང་རྣམ་པར་རོལ་པས་ཟིལ་མནན་ཚེ། །ཆ་ཕྲའི་ཟླ་བ་ཚེས་ཀྱང་སྨག་གི་རུམ། །སེལ་བའི་དངོས་པོའི་གཤིས་ལ་གང་གིས་བསྙོན། །དག་པའི་བཀོད་པ་རིན་ཅེན་རྩིག་ངོས་ལ། །བགྲང་ཡས་བདེ་གཤེགས་སྣང་བརྙན་ལངྒའི་གཟུགས། །མ་འདྲེས་སོ་སོར་འབྱེད་པ་དགའ་བྱེད་ལྷ། །བསྟན་སྲུང་སཱི་ཏར་འབྲལ་མེད་རྩེ་དགར་རོལ། །རིང་ནས་ལས་འཕྲོའི་འོ་མཚོ་འཁྱིལ་བའི་དབུས། །མ་སྨད་མཁྱེན་པའི་འདབ་སྟོང་བཞད་པའི་རྩེར། །(༣༣བ)


GLG009_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

རལ་པའི་ཟུར་ཕུད་དོར་བའི་འཇམ་དཀར་ལྷ། །སྔོན་མེད་མཚམས་སྤྲིན་གསར་པའི་ཕང་བར་འགྱིང་། །སྐྱོན་མང་ཁུང་བུར་ཐར་སྲོག་གཅོད་པའི་ལྕེ། །རྐྱོང་ལ་ཡིད་བྱུང་སྒོ་ངའི་སྦུབས་རྒྱ་ནས། །ཚངས་སྤྱོད་སྒྲོག་ཤོག་རྒྱས་པའི་ཁྱུང་ཆེན་བྱ། །གཏན་མདུན་མཁའ་ལ་འཕུར་བར་གཅིག་ཏུ་བྲེལ། །མར་གད་མཉེན་ལྕུགས་འཁྲི་ཤིང་མཛའ་ན་མོའི། །བདེ་སྐྱོང་འཁོར་ལོར་འཇུག་ལས་ཉེར་ལྡོག་པ། །གསང་ཆེན་བསྟན་སྲོག་གསོ་བའི་རྩི་སྨན་གྱི། །རིག་བྱེད་དྲན་པའི་ཚངས་པ་གསར་པ་བཞིན། །གསོལ་འདེབས་ལས། ཡང་ཡང་སྐྱེ་བར་རྗེས་སུ་བཟུང་བའི་རྗེ། ཁྱབ་བདག་འཁོར་ལོའི་མགོན་པོ་རྡོ་རིངས་པས། །ས་འཛིན་དབང་པོ་མཆོག་གི་ཕོ་བྲང་དུ། །བྱིན་རླབས་ལུང་བསྟན་མཛད་ལ་གསོལ་བ་འདེབས། །དེ་ནས་ཁའུ་ཁྲག་རྫོང་རྡོ་རྗེའི་སྤོར། །འདྲེན་པ་མཆོག་དེའི་ཞབས་རྡུལ་གུས་བསྟེན་ནས། །གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་གྲོལ་ལམ། །མཐའ་དག་གསན་པར་མཛད་ལ་གསོལ་བ་འདེབས། ཁྱད་པར་མཁས་གྲུབ་དབང་པོ་ས་སྐྱ་པའི། །གསུང་གི་གསང་བ་སློབ་བཤད་ཟབ་མོའི་བཅུད། །མ་ཚང་མེད་པ་ཆིག་བརྒྱུད་ཚུལ་དུ་གདམས། །གསང་ཆེན་བསྟན་པའི་བདག་པོར་གསོལ་བ་འདེབས། །ཞིང་སྐྱོང་དབང་པོའི་རྗེས་གནང་གནང་བའི་ཚེ། །མཁའ་དབྱིངས་དུང་ཆེན་གླིང་བུའི་སྒྲ་དབྱངས་དང་། །ལྷན་ཅིག་ཚིག་གི་རང་སྒྲས་ཤིས་པ་བརྗོད། །བསྙེན་སྒྲུབ་མཚན་མ་གཟིགས་ལ་གསོལ་བ་འདེབས། །ཞེས་འོག་གདོན་གྱི་རྣམ་པས་ཞབས་ལ་དྲེག་གི་སྙུན་བྱུང་བར་སེལ་ཐབས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོར་ཞུས་པ་ན་དེང་སང་ཆོས་རྗེ་ཀུན་སྤངས་པ་(༣༤ན)


GLG009_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་སྟོབས་ནུས་པའི་སྙན་གྲགས་ཆེ་བར་འདུག་པས་ཁྱེད་རང་དེར་བྱོན་ན་ཕན་ཐོགས་འོང་གསུངས་པ་སྐུ་ཚེ་སྔོན་མ་ནས་འབྲེལ་བ་ཆེ་བ་དང་སྙན་བརྒྱུད་ཀྱི་བསྟན་པ་ཉིན་མོ་བཞིན་གསལ་བར་འགྱུར་བ་མངོན་པར་མཁྱེན་པས་གཟིགས་ཏེ་ལུང་བསྟན་པར་གོར་མ་ཆག་པས། རིགས་ཀྱི་བདག་པོ་ཀུན་སྤངས་རྗེ་དང་ཐོག་མར་མཇལ་བའི་འཕྲལ་རྐྱེན་གྱི་མཚམས་སྦྱོར་ཞབས་བསྙུན་པས་བྱས་ཏེ། དེ་སྐབས་གཙང་སྟོད་སེང་གེ་རྩེར་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱི་སྤྲུལ་པའི་ཟློས་གར་མཐུ་སྟོབས་ཀྱི་དབང་ཕྱུག་རྗེ་བཙུན་ཀུན་སྤངས་ཆེན་པོ་ཀུན་བཟང་ཆོས་ཀྱི་ཉི་མ་བློ་ལྡན་ཤེས་རབ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཕེབས་པའི་དྲུང་དུ་ཡབ་དང་ལྷན་ཅིག་པར་བྱོན་ཏེ་ཞལ་མཇལ་བ་ཙམ་གྱིས་འཕྲོག་ཏུ་མེད་པའི་ཐུགས་དད་བླ་ན་མེད་པ་འཁྲུངས། ཞབས་བསྙུན་པའི་རྒྱུ་མཚན་ཞུས་པས་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཨུ་ཙཪྻའི་རྗེས་གནང་སྩལ། རྡོ་རྗེའི་ཆོས་སྐྱོང་རྣམས་ལ་བར་ཆད་སེལ་བའི་བཀའ་བསྒོ་འཕྲིན་བཅོལ་ལ་བརྟེན་ནུབ་ཅིག་མནལ་ལམ་དུ་སྐུ་སྨད་ལ་སྦྲ་ཚལ་གཡོགས་འདུག་པའི་ངང་ལ་གཡག་ཁྱུ་ཆེན་པོ་བྱུང་བར་ཡ་ང་བའི་སྣང་བ་ཤར་བའི་ཚེ་དེ་ཁྲོད་ནས་གཡག་ཆེན་པོ་ཞིག་གིས་ངེད་ཚོ་ཁྱེད་ལ་གནོད་པ་སྐྱེལ་དུ་འོངས་པ་མིན་ཟེར་ནས་རྭ་རྩེས་སྦྲ་ཚལ་བླངས་ནས་ཕྱིར་བསལ་སོང་བ་དང་། ཡང་སྐབས་ཤིག་བུད་མེད་ཅིག་གིས་ས་ལ་རི་མོ་འགའ་ཞིག་བྲིས་པའི་གྲངས་བརྩིས་ནས་ལོ་འདིའི་བར་ཞབས་ཀྱི་སྙུན་རོ་ཅུང་ཟད་ལངས་ཡོང་དེ་ནས་གཞི་མེད་དུ་འགྲོ་ཟེར་བ་ཁོ་ན་ལྟར་བྱུང་། གཡག་རྣམས་དྲེགས་པ་ཕོ་བརྒྱུད་དང་བུད་མེད་དེ་མོ་བརྒྱུད་ཀྱི་རྣམ་འཕྲུལ་ཏེ་བསྟན་(༣༤བ)


GLG009_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་རྣམས་ཀྱིས་འཕྲིན་ལས་བསྒྲུབ་པར་སྣང་། སླར་བཀྲ་ཤིས་ལྷུན་པོར་སྐོར་ཙམ་ཕེབས་ནས་མདོ་ཕྱོགས་ཀྱི་ཐུགས་གཉེར་འཕྲོ་འཐུད། ཚད་མའི་བཤད་པ་དང་ཞལ་བླངས་ཀྱི་སྐབས་རྗེ་བཙུན་ས་སྐྱ་པ་ཡབ་སྲས་འདི་ལྟར་བཞེད་ཅེས་གྲུབ་མཐའ་ཟུར་ཁྱད་ཡང་ཡང་གསུངས་པས་དེར་ཚོགས་རྣམས་ཀྱིས་ཆོས་རྗེ་ཚར་པ་འདི་རང་རེའི་ཆོས་གྲ་འགྲིམས་པ་ཙམ་མ་གཏོགས་དོན་ལ་ས་སྐྱ་པ་ཡིན་འདུག་ཅེས་མ་རངས་པ་བྱས་སྐད། སྔ་དྲོ་ཞིག་བཀྲ་ཤིས་ལྷུན་པོའི་ཁྲོན་པ་ཆེན་པོའི་ཐད་དེར་ཕེབས་པས་བུད་མེད་ལང་ཚོར་དར་ལ་བབས་པ་སྨ་ར་དང་སྨིན་མ་སེ་ཁྱུག་གེ་བ་བྱས་པས་ཁྱེད་ལ་རྗེ་རྡོ་རིང་པའི་གསུང་ལས་ཁའུར་མྱུར་དུ་བྱོན་གསུང་གི་གདའ། དེའི་ལག་རྟགས་འདི་ཡིན་ཞེས་གླེགས་བམ་ཆུང་ངུ་ཞིག་གཏད་ནས་གར་སོང་ཆ་མེད་དུ་ཡལ་སོང་བ་དཔེ་དེ་མཁའ་སྤྱོད་སྐོར་གསུམ་གྱི་བེའུ་བུམ་ཡིན་འདུག །མི་འགྱངས་པར་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་གདམས་པ་རྣམས་ཉན་པ་ལེགས་པས་འདིར་བྱོན་ཞེས་ཁའུ་སྐྱེས་ལྷས་ནས་རྗེ་བཙུན་རྡོ་རིང་པ་ཆེན་པོའི་ཕྱག་ཐམ་བྱུང་བ་ན་རྗེ་བཙུན་མི་ལ་རྗེ་མར་པའི་དྲུང་དུ་བྱོན་པ་ལྟ་བུའི་དགའ་སྤྲོ་བསམ་གྱིས་མི་ཁྱབ་པ་དང་བཅས་གྲུམ་སྟོད་ཁའུ་བྲག་རྫོང་དུ་སང་ཕེབས་རྒྱུའི་དོ་ནུབ་ནམ་ཕྱེད་ཙམ་ལ་མགོན་ཁང་གི་སྒོ་བརྡུངས་ནས་སང་ཆོས་སྐྱོང་སོགས་མན་ངག་རྣམས་ཀྱི་སྣོད་ཚར་པ་ཡོང་བ་ཡོད་ཟེར་བ་གསན་པས་སང་ནང་པར་རྡོ་རིང་རིན་པོ་ཆེས་མདང་འདི་བཞིན་བྱུང་བས་དེ་རིང་ཁོང་འབྱོར་བ་འདྲ་གསུངས། སྐུ་འཁོར་བ་ཞིག་གིས་བྱུང་ཚུལ་སྙན་དུ་གསོལ་བས་ཁོང་ཡུལ་གཉན་པས་སྟན་ལེགས་པ་ཞིག་ཐིང་གསུངས་འཕྲལ་དུ་(༣༥ན)


GLG009_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཞབས་སུ་བཏང་བའི་ཚེ་རས་ཡུག་དཀར་པོ་སྣེ་ཚང་བའི་མཇལ་དར་ཕུལ། ཆོས་རྗེའི་དྲུང་ཕེབས་ལམ་ལ་འོ་མི་བརྒྱལ་ཞིང་བདེ་བར་བྱོན་པ་བཀའ་དྲིན་ཆེ་གསུངས། སྔོན་ནས་ཞལ་མཇལ་ཞིང་ཐུགས་མོས་ཆེ་བའི་སྟེང་བཤེས་སྤྲིངས་ལས། རྡོ་ཐལ་གྱིས་བྱུགས་དགུང་ཟླའི་འོད་ཀྱིས་ནི། །ཆོས་དཀར་ཉིད་དུ་ཅི་སྟེ་མི་བགྱིད་ལགས། །ཞེས་སྔར་བས་ཀྱང་ཆེས་ཆེར་ལྷག་པའི་ཐུགས་མོས་འཁྲུངས་བཀྲ་ཤིས་ལྷུན་པོའི་ཁྲོན་པ་ཁའི་གནས་ཚུལ་ཞུས་ནས་དཔེ་དེ་གཟིགས་ཕུལ་བས་བཞད་མོ་མཛད་པ་དང་སྦྲགས་ངའི་མཁའ་སྤྱོད་མས་གདན་འདྲེན་ལ་ཕྱིན་གདའ་བ་གླེགས་བམ་འདིའང་དེའི་ཆོས་སྐོར་ཡིན། ད་རེ་ཞིག་དཔེ་ཁྲོད་དུ་སྐྱོལ་མཛོད་གསུངས་པ་བཞིན་ཕྱག་དཔེའི་ཁྲོད་དུ་སྐྱེལ་བར་ཕེབས་པས་དཔེ་རགས་བརྩིགས་པའི་གསེབ་ནས་དཔེ་དེ་བཏོན་ཤུལ་ཧར་རེ་འདུག་པ་དེར་བཅུག་པས་ཁྲིག་འགྲིག་སོང་བས་དད་པ་དང་ངོ་མཚར་དཔེ་གང་གིས་ཀྱང་མཚོན་དུ་མེད་པ་ཐོབ་བའི་གསུང་སྒྲོས་གནང་བ་ལམ་ཡིག་ཏུ་ལར་འདི་སྐོར་གྱི་གཏམ་མང་པོ་ཞིག་ཡོད་ཀྱང་གསུང་བའི་དོན་དུ་མངོན། ཕྱི་ལྟར་དུ་ཞིང་སྐྱོང་དབང་པོ་མངོན་སུམ་དུ་བཞུགས་པའི་དབེན་གནས་ཁའུ་བྲག་རྫོང་གི་རྣལ་འབྱོར་སྤྱོད་པའི་འདུས་སྡེ་རྣམས་མཛེས་པའི་རྒྱན། ནང་ལྟར་དུ་ལྷ་སྔགས་ཡེ་ཤེས་ཀྱི་ནུས་པས་རྡོ་རྗེའི་ཆོས་སྐྱོང་མཐའ་དག་བྲན་དུ་འཁོལ་བའི་མཐུ་སྟོབས་ཀྱི་གད་བརྒྱངས་སྲིད་རྩེའི་བར་དུ་སྒྲོག་པའི་དཔའ་བོ། གསང་བ་ལྟར་ན་བདེ་སྟོང་ཟུང་དུ་འཇུག་པའི་སྒྱུ་མའི་གར་གྱིས་དཀྱིལ་འཁོར་རྒྱ་མཚོ་སྤྲོ་བ་དང་བསྡུ་བའི་བྱེད་པོ་ཁྱབ་བདག་རྡོ་རྗེ་སེམས་དཔའ་དངོས་དཔལ་ལྡན་བླ་(༣༥བ)


GLG009_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

མ་དམ་པ་འདིའི་ཞབས་པད་ཡུན་དུ་བསྙེན་པའི་ཆེད་དུ་དོན་མེད་ཀྱི་གཡེང་བའི་འདུ་འཛི་ཐམས་ཅད་རྒྱང་དུ་བསྲིངས། བགྲང་བྱ་དུ་མར་བག་ཕབ་སྟེ་བཞུགས་ནས་དམ་པའི་ཆོས་ཀྱི་བཀའ་དྲིན་ནོད་པ་ནི། འཇིག་རྟེན་གྱི་མིག་གཅིག་པུ་འབྲོག་མིས་འཕགས་པའི་ཡུལ་དུ་པཎ་གྲུབ་ཤཱི་ལེནྡྲ་རུ་ཙིའམ་སློབ་དཔོན་མི་ཐུབ་ཟླ་བར་གྲགས་པ་ལ་རྩ་བ་མེད་པའི་ལམ་འབྲས་ཤིག་གསན་ཞིང་ཡོངས་སུ་གྲགས་པ་མུ་གུ་ལུང་དུ་པཎ་ཆེན་གྷ་ཡ་དྷ་ར་ལ་རྫོགས་པར་ཞུས་ཏེ་རིམ་གྱིས་འཕེལ་བར་བཀའ་སྲོལ་མི་འདྲ་བ་བཅོ་བརྒྱད་ཙམ་བྱུང་ཟེར་ཡང་། གཙོ་བོར་གྱུར་པ་རྗེ་བཙུན་ས་སྐྱ་པ་ཆེན་པོར་བཀའ་བབས་པ་ཡིན་ལ། དེ་ལའང་ཚོགས་བཤད་ངོར་རྫོང་གོང་དཀར་བ་གསུམ་ལ་དར་རྒྱས་ཆེ་ནའང་རྗེས་འབྲང་གི་མཁས་གྲུབ་ཕལ་ཆེར་གྱི་མིག་དང་རྣམ་པའི་སྤྱོད་ཡུལ་དུ་མ་གྱུར་པ་གསང་བ་ལས་ཀྱང་ཆེས་གསང་བ་བདག་ཆེན་རྡོ་རྗེ་འཆང་གིས་ཡབ་འཇམ་དབྱངས་ཆེན་པོ་དང་། རྡོ་རྗེ་འཆང་ཀུན་དགའ་བཟང་པོས་འཁོར་ལོ་སྡོམ་པ་དཀོན་ཅོག་རྒྱལ་མཚན་ཁོ་ནར་སྩལ་བ་ཆུ་བོ་གཉིས་འདྲེས་ཀྱི་ཚུལ་དུ་ཐུགས་ཀྱི་བུམ་པ་གཏམས་པ་ལས་ཉེ་བར་འོངས་པ་སྙན་བརྒྱུད་སློབ་བཤད་ཀྱི་ཉམས་འཁྲིད་ཟབ་མོ་ལན་གྲངས་གསུམ་གྱི་བར་དུ་སྨིན་རྒྱས་སུ་གསན་པའི་ཆ་ལག་དཔལ་ཀྱེ་རྡོ་རྗེའི་རྒྱུ་དུས་ཀྱི་དབང་། བདག་མེད་ལྷ་མོ་བཅོ་ལྔའི་དབང་། དེའི་སིནྡྷུ་རའི་བྱིན་རླབས་ལམ་དུས་ཀྱི་དབང་། ལམ་སྦས་བཤད་བྱིན་རླབས་འཁྲིད་དང་བཅས་པ། གསང་བའི་ལམ་ཟབ་འཁྲིད་དང་བཅས་པ། ནང་གི་ལམ་ཟབ་ལུས་དཀྱིལ་ལ་རྣལ་འབྱོར་དབང་ཕྱུག་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་(༣༦ན)


GLG009_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས། བླ་མ་རིན་འབྱུང་དང་ཚར་གསུམ་ཁུག་པའི་བྱིན་རླབས། བརྡ་ཚིག་བརྒྱུད། གསང་བཅུའི་རྒྱས་བཏབ། སྒྲུབ་པ་ལུང་སྦྱིན་སོགས་ལམ་འབྲས་ལ་བརྟེན་པའི་དབང་བྱིན་རླབས་ཉི་ཤུ། དེ་དག་གི་རྒྱབ་ཆོས་སུ་གསུང་ངག་བླ་མ་བརྒྱུད་པའི་རྣམ་ཐར། གསུང་ངག་གི་གླེགས་བམ་གཉིས། གཞན་ཡང་དབང་གི་ཆུ་བོ་ཆེན་པོ་སོགས་རྗེ་བཙུན་གོང་མའི་གསུང་མང་པོ་དང་རྗེ་རྡོ་རྗེ་འཆང་ཆེན་པོ་ཡབ་སྲས་གཉིས་དང་བདག་ཆེན་རྡོ་རྗེ་འཆང་ཆེན་པོས་མཛད་པའི་ཡེ་གེ་སོགས་རྗེ་ཉིད་ལ་གང་བཞུགས་པ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་པ་ཡང་། དེང་སང་ཁྱི་དང་གློ་བ་ལྟ་བུར་ཐུག་ཕྲད་བྱེད་པའི་ལུགས་དང་ཡེ་མི་འདྲ་བར་བླ་མ་ལ་ཡུན་རིང་པོ་ནས་གསོལ་བ་བཏབ། གསེར་གྱི་མཎྜལ་དང་མཁའ་འགྲོ་ལྔ་མཉེས་པར་བྱེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བ་སྙན་བརྒྱུད་དང་པོའི་རྟེན་འབྲེལ། སོ་སོའི་ཐད་དུ་ངེས་པར་དགོས་པའི་དབང་བྱིན་རླབས་ལུང་རྣམས་ཚང་བར་གནང་བ་སྙན་བརྒྱུད་གཉིས་པའི་རྟེན་འབྲེལ། སྣང་གསུམ་ནས་བཟུང་དབང་བཞི་པའི་བར་གྱི་འཁྲིད་རྣམས་བླ་མས་ཀྱང་དམར་འཁྲིད་དུ་བསྟན་སློབ་མས་ཀྱང་རྒྱུད་ལ་མྱོང་ཐོན་མ་བྱུང་གི་བར་བསྒོམས་པ་སྙན་བརྒྱུད་གསུམ་པའི་རྟེན་འབྲེལ། དེ་ལ་བརྟེན་ནས་སྙན་བརྒྱུད་བཞི་པའི་རྟེན་འབྲེལ་བླ་མ་ལ་རྡོ་རྗེ་འཆང་དངོས་ཀྱི་མོས་གུས་སྐྱེས་ཤིང་སྒྲོ་འདོགས་ཐམས་ཅད་ཅིག་ཅར་དུ་ཆོད། ཉམས་དང་རྟོགས་པའི་མཚོ་རྡོལ་རྟེན་འབྲེལ་ཐམས་ཅད་རང་འགྲིག་ཏུ་གྱུར་པས་མོས་གུས་གཞོན་ནུའི་བདེ་བ་ལྟ་བུས་ཐུགས་རྒྱུད་ཚིམ་པས་ཚད་མ་བཞི་དང་སྙན་བརྒྱུད་བཞིའི་བདག་(༣༦བ)


GLG009_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

པོར་གྱུར་ཏོ། །དེང་སང་ཚོགས་བཤད་པ་རྣམས་བར་དོ་སོགས་ཀྱི་འཁྲིད་གླེགས་བམ་དངོས་བསྟན་ལ་མེད་ཅེས་བློར་མི་ཤོང་ཡང་འཇམ་མགོན་ས་པཎ་གྱིས། འོན་ཀྱང་རྟེན་འབྲེལ་ཟབ་མོའི་གནད། །ད་དུང་ཀུན་གྱིས་རྟོགས་པར་དཀའ། །གླེགས་བམ་ཙམ་ལ་བརྟེན་པ་ཡི། །ལམ་འབྲས་པས་ཀྱང་འདི་མི་ཤེས། །ཞེས་གླེགས་བམ་ལ་མ་བརྟེན་པའི་སྙན་བརྒྱུད་ཡོད་པ་མ་གོ་བའི་སྐྱོན་ཡིན་ལ། གལ་ཏེ་ཚེ་འདིར་མ་གྲོལ་ཞིང་འདའ་ཁ་མ་ཡང་གནད་དུ་མ་སོང་བའི་རིགས་ལ་བར་དོར་འོ་བརྒྱལ་ངེས་པར་འབྱུང་བས། དབང་པོ་རབ་ལའང་བལྟོས་ས་བལྟོས་འཇོག་གི་རབ་འབྲིང་ཐ་གསུམ་འབྱུང་བས་རྩི་ལུགས་ཤེས་དགོས་ཤིང་འཁོར་འདས་དབྱེར་མེད་ལ་བཤད་ལུང་ཡམ་མེ་བ་ལས་མ་བྱུང་བས་ས་སྐྱ་པའི་དགེ་བཤེས་ཆེན་པོར་རློམ་ཏེ་སེམས་ངོ་སྤྲོད་པར་ཕྱག་ཆེན་ཡམ་ཞིག་ཞུ་ཟེར་ནས་རྟོགས་ལྡན་བླུན་པོ་སྐྱབས་འགྲོའི་གནད་ཙམ་ཡང་མི་ཤེས་པ་ཞིག་ལ་ཐལ་མོ་སྦྱར་ནས་བསྟེན་པས་ཞབས་ལ་ཐག་པ་འདོགས་པ་མང་ཞིང་། དབང་བཞིའི་དམིགས་རིམ་ཡང་འཁོར་འདས་དབྱེར་མེད་དང་གདན་གསུམ་ཚང་བའི་གནད་དོན་ངོ་མ་འཕྲོད་པས་ཆག་མེད་རྣམས་བཤར་སྦྱང་ཙམ་གྱི་ཁ་ཏོན་ལྕི་བ་དང་། བཤད་པ་རྒྱ་ཆེན་པོ་ལས་ཉམས་ལེན་གྱི་སྙིང་པོ་མེད་པར་གོ་ནས་ད་གཟོད་ཉམས་ལེན་བྱེད་རྒྱུ་གཞན་ནས་འཚོལ་བ་སྐད་བྱེད་པའི་རང་མཚང་མང་པོ་ཉི་མ་དང་སྦར་མོའི་དཔེ་བཞིན་ཀུན་གྱིས་མཐོང་བ་ལྟར་ཡིན་ལ། སློབ་བཤད་འདི་ཉིད་ཚུལ་ལྡན་ཞིག་ཐོབ་ན་དབང་པོ་འབྲིང་ཡན་ཆད་ལ་ཚེ་གཅིག་ལ་འཚང་རྒྱ་བར་ནུས་པའི་ཆོས་གསུངས་པ་དེ་འདི་ཡིན་པ་འདུག །(༣༧ན)


GLG009_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་དང་ཉམས་ལེན་གང་བྱེད་ཀྱང་འདི་ལས་ལྷག་པ་མེད་སྙམ་པ་ངེས་པར་སྐྱེ་ཞིང་རྣམ་དཔྱོད་དང་བསོད་ནམས་རབ་ཏུ་གྱུར་པ་རྣམས་ལ་གདམས་པ་ཐོས་ཙམ་ནས་བླ་མ་ལ་སངས་རྒྱས་དངོས་ཀྱི་མོས་གུས་སྐྱེ། རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་དུ་ཡེ་ཤེས་ཀྱི་གཟི་འོད་རབ་ཏུ་འབར་བའི་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པས་སློབ་མས་ཉམས་སུ་བླངས་ཙམ་ཉིད་ནས་མཚན་རྟོག་གི་དྲི་མ་བྲལ་བའི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མྱུར་དུ་འཆར་ལ། དམ་ཆོས་ཀུན་གདུལ་བྱའི་བློ་ཁྲིད་ལས། ཕྱོགས་འཛིན་གྱི་གྲུབ་མཐའ་སྐྱོང་མ་མྱོང་། །ཞེས་གདུལ་བྱ་མོས་པ་སྣ་ཚོགས་པ་རྗེས་སུ་འཛིན་པ་ལ་ཆོས་མང་དུ་ཉན་པ་ལས་རང་ཉིད་ཉམས་སུ་ལེན་རྒྱུ་འདི་རང་གིས་ཆོག་སྙམ་ཆོས་དང་བླ་མ་གཞན་ལ་འགྲམ་ཆུ་མི་ལྡང་བ་ཞིག་ཡོང་བས། ལམ་གླུར། རྡོ་རྗེ་རིང་པ་དང་མཇལ་ནས་བླ་མ་དང་ཆོས་གཞན་ལ་བརྟེན་ནས་སངས་རྒྱས་སྒྲུབ་བསམ་པ་མེད་གསུང་བའང་དོན་འདི་ལ་དགོངས་པར་སྣང་། ལམ་འབྲས་ཚོགས་བཤད་ཚར་གཉིས། ལམ་འབྲས་དང་འབྲལ་བའི་བྱིན་རླབས་མང་བ། གཞན་ཡང་ལམ་སྐོར་ཕྱི་མ་བརྒྱད། བསམ་མི་ཁྱབ་དང་མཆོད་རྟེན་དྲུང་ཐོབ་ཀྱི་བྱིན་རླབས། གསེར་ཆོས་བཅུ་གསུམ་གྱི་ནང་ནས་མཆོག་བསྒྲུབས་པས་ཐུན་མོང་ཞར་ལ་འབྱུང་བ། མཁའ་སྤྱོད་སྐོར་གསུམ་གྱི་བྱིན་རླབས། རྗེ་བཙུན་ཡབ་དང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཉམས་འཁྲིད་ཡར་ཀླུངས་པ་ནས་བརྒྱུད་པ། ཆོས་སྐོར་གྱི་ལུང་། ཐུན་མོང་བསྒྲུབས་པས་མཆོག་ཞར་ལ་འབྱུང་བ་རིགས་བྱེད་མ། བགེགས་ཀྱི་རྒྱལ་པོ། འདོད་(༣༧བ)


GLG009_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྟེ་དམར་ཆེན་སྐོར་གསུམ་གྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བྱིན་རླབས་རྗེས་གནང་ལུང་མན་ངག །སྙིང་གི་གསེར་ཐག །ཏི་ནུ། ནོར་རྒྱུན་མ་སྟེ་དམར་ཆུང་སྐོར་གསུམ། ཛམ་དམར་སྲོག་སྒྲུབ། འཇམ་ནག །སེང་གེ་སྒྲ། འཆི་མེད་རྡོ་རྗེའི་ལྷ་མོ། སེང་གདོང་མ། ཚེ་དཔག་མེད་དཀར་པོ་ཡུམ་བཅས་སོགས་གསེར་ཆོས་སྐོར། བསྟན་སྲུང་རྒྱ་མཚོའི་སྡེ་དཔོན་རྡོ་རྗེ་ནག་པོ་ཆེན་པོ་ལ་བཀའ་བབས་བཞིར་བཞུགས་པའི་སྐོར་ནས་གསང་འཁྲིད་དང་བྲན་བདུད་ཀྱི་རྗེས་གནང་ཐུན་མོང་མིན་པ་དཀྱིལ་འཁོར་གྱི་དབང་རྣམས་མ་གཏོགས་ལྷ་བརྒྱད་དང་བཅུ་གཉིས་མ་ཐུན་མོང་དང་ཐུན་མོང་མ་ཡིན་པས་ཐོག་དྲངས། ལྕམ་དྲལ་ལས་མཁན་ཕྱི་ནང་བྲན་བདུད་དང་བཅས་པའི་རྗེས་གནང་། ཕྱི་རྟེན་དང་མཆོད་གཏོར་ལ་བརྟེན་ནས་སྒྲུབ་པ། ནང་རྩ་གསུམ་འཁོར་ལོ་ལྔ་ལ་བརྟེན་ནས་སྒྲུབ་པ། གསང་བ་ཡང་གསང་སེམས་ཉིད་ལ་བརྟེན་ནས་སྒྲུབ་པའི་སྙིང་པོར་གྱུར་པ་ནང་འཁྲིད་ཡར་ཀླུངས་པ་དང་། གསང་འཁྲིད་གཉིས། རྡོ་རྗེ་བྲག་རྫོང་མ་ཕྱི་ནང་གསང་གསུམ་གྱི་འཁྲིད། རྒྱབ་རྟེན་གྱི་ཡི་གེ་མགོན་པོད་མེ་འབར་མ། དེར་མ་འདུས་པའི་རྒྭ་ཨརྙན་དམ་པ་ཡར་ཀླུངས་པ་བར་སྡིངས་པ་གསུམ་གྱི་ཡི་གེ་སོགས་ཤིན་ཏུ་ཟབ་པའི་ཡིག་སྣ་དང་། ཡི་གེར་མ་འཁོད་པ་ཞལ་ནས་ཞལ་སྙན་ནས་སྙན་དུ་བརྒྱུད་པའི་གདམས་པ་མཐའ་ཀླས་པ་དང་ཐུན་མོང་བ་ངོར་པའི་པོད་སེར་དང་བདག་ཆེན་ཀུན་དགའ་དབང་ཕྱུག་ནས་བརྒྱུད་པ་ཚང་བར་གསན་པས། དཀར་ཆག་གནད་སྒྲོན་ལས། དེས་ན་འཁོན་སྟོན་རྡོ་རྗེ་འཆང་། །གང་དེའི་ཐུགས་སྲས་ཀུན་སྤངས་རྗེ། ཁོ་བོས་གཙུག་གི་(༣༨ན)


GLG009_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་དུ་བསྟེན། །ཅི་གསུང་བཀའ་རྣམས་འབད་པས་བསྒྲུབས། །སྐྱབས་གཞན་སྤངས་ནས་གཅིག་ཏུ་དྲིལ། །དེ་ཡི་མཐུ་ལས་ཐུགས་རྗེའི་རྒྱུན། །བཀའ་དྲིན་བདུད་རྩིས་སྙིང་མྱོས་པའི། །ཚུལ་བཞིན་ཤེས་པ་ཁོ་བོར་གདའ། །ཞེས་གསུངས། གསང་འཁྲིད་ཀྱི་རྗེས་གནང་དང་གསང་འཁྲིད་དངོས་གཞི། ལས་བཞིའི་མགོན་པོའི་རྗེས་གནང་སོགས་ཁ་ཤས་མ་གཏོགས་དཔལ་མགོན་སྟོབས་འཕྲོག་དབང་པོ་གདོང་བཞི་པའི་རྗེས་གནང་སྤུ་གྲི་སོ་རྡེབ་དང་ཚེ་སྒྲུབ་སྲུང་འཁོར་གྱི་འཁྲིད་ལས་ཚོགས་ཡིག་ཆུང་ཤོག་དྲིལ། དེར་མ་འཁོད་པ་སྙན་ནས་སྙན་དུ་བརྒྱུད་པའི་གདམས་པ་སོགས་ཚང་བར་གསན། ཞལ་གྱི་རྗེས་གནང་སྐབས་རྗེ་ཉིད་ཀྱི་སྐུའི་མདངས་ན་བཟའི་ཁ་དོག་སོགས་མཐིང་ཁར་གཟིགས་ཤིང་ཁྱད་པར་ཡེ་ཤེས་དབབ་པའི་བར་ལ་བར་སྣང་ནས་མི་རྐང་གི་སྒྲ་ཤིན་ཏུ་གསལ་བ་དང་ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ་ཞེས་སོགས་བཀྲ་ཤིས་ཀྱི་ཚིགས་བཅད་དབྱངས་དང་བཅས་ནས་སྒྲོག་པ་གསལ་བར་གསན། ཁྱད་པར་མགོན་པོ་གདོང་བརྙན་ཅན་གྱི་རྗེས་གནང་གསན་པའི་ཚེ་ཕྱག་མཛད་པ་ནས་བཟུང་འཇིགས་པས་སྐུ་ལུས་ཀྱི་ཚོ་མི་ཐུབ་པ་ལྟ་བུ་དང་ཡེ་ཤེས་དབབ་དུས་མགོན་ཁང་རྡིབ་པ་འདྲ་བ་དང་ཁའུའི་རི་ཐམས་ཅད་ཉིལ་བ་བཞིན་གྱི་ཚག་སྒྲ་འུར་སྒྲས་ཁྱབ་པས་རེ་ཞིག་ཐུགས་དྲན་མེད་དུ་སོང་། ཐུགས་དྲན་རྙེད་ཚེ་གནས་ལུགས་དོན་གྱི་མགོན་པོ་རང་རྒྱུད་ལ་ཤར་བའི་བདེ་བ་ཆེན་པོ་བྱིན་རླབས་ཀྱི་ཆུ་བོ་མ་ནུབ་པ་ཡིན་གསུང་བྱུང་བ་ན་བླ་མའི་ཞལ་ལ་གཟིགས་པར་མི་བཟོད་པ་འཇིགས་སུ་རུང་བ་(༣༨བ)


GLG009_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཏུ་ཤར་ཞིང་སྙུན་རོ་སོགས་བགེགས་ཀྱི་རྣམ་པ་འདྲ་བའང་སངས། མན་ངག་གཡུལ་ལས་རྣམ་རྒྱལ་གྱི་ལས་སྦྱོར་མཛད་པས་ཞག་འགའ་ནས་བསྒྲལ་བྱ་དེ་བུ་ཏྲས་དངོས་སུ་ཁྲིད། ལས་འདི་བཞིན་བསྒྲུབས་ཡོད་པས་གཏང་རག་ཏུ་བསྐང་གསོ་ཞིག་འཕྲལ་རྩོམ་གྱི་བསྐུལ་མ་བྱུང་བ་ལྟར་བསྐང་གསོ་ཁྱད་ཅན་དེ་ཐུགས་རྩོམ་མཛད། གཞན་ཡང་དུར་ཁྲོད་བདག་པོ། དཀར་བདུད་སོགས་ས་སྐྱ་པའི་ཟབ་ཆོས་སུ་གྲགས་པའི་དབང་ལུང་དུ་མ། གཤེད་དམར་ལྷ་ལྔའི་དབང་བྱིན་རླབས་སྤྲོས་མེད་ཀྱི་འཁྲིད། འཇིགས་བྱེད་རྭ་ལུགས། ནག་པོ་མཚོ་སྐྱེས་ཌོམ་བྷི་སྟེ་ཀྱེ་རྡོར་ལུགས་གསུམ་སོགས་བླ་མེད་ཀྱི་དབང་མང་བ། གསར་ཆོས་རྣམ་པ་ལྔར་གྲགས་པ་རྩ་བ་ནེ་གུ་ཆོས་དྲུག །སྡོང་པོ་ཕྱག་རྒྱ་ཆེན་པོ། ཡལ་ག་ལམ་འཁྱེར་རྣམ་གསུམ། མེ་ཏོག་མཁའ་སྤྱོད་དཀར་དམར། འབྲས་བུ་འཆི་མེད་རང་གྲོལ་རྣམས་དང་། དེ་དག་དང་འབྲེལ་བར་ནེ་གུའི་དབང་བྱིན་རླབས་ཉེར་ལྔ་སོགས་དང་། རྒྱབ་ཆོས་སུ་ཡིག་སྐོར་གྱི་ལུང་ཚང་ལ་མ་ནོར་བར་གསན། སུ་ཁ་སིདྡྷིའི་དབང་དང་དེ་དག་དང་འབྲེལ་བའི་ཡིག་སྣ། སྒྲུབ་ཐབས་བརྒྱ་རྩ་རྒྱ་གཞུང་དང་བཅས་པ་སོགས་མདོར་ན་རྗེ་བཙུན་ཉིད་ལ་མངའ་བའི་ཟབ་ཆོས་རྣམས་ལྷག་མ་ལུས་པ་ལྟ་བུར་གསན་པ་མིང་ཙམ་དུ་མ་བཞག་པར་ཚིག་དོན་གྱི་ཆ་ལ་སྒྲོ་འདོགས་བཅད། ཐུགས་ཉམས་སུ་གང་བསྟར་བ་མཐའ་དག་ལ་ཉམས་རྟགས་དང་དངོས་གྲུབ་མ་ཐོབ་པ་མེད་ཅིང་གཙོ་བོར་བིཪྺ་པ་དང་ནཱ་རོ་ཏ་པའི་གསང་ཆེན་སློབ་བཤད་ལ་བརྟེན་ནས་མཆོག་གི་དངོས་གྲུབ། དམར་པོ་སྐོར་གསུམ་དང་མགོན་པོ་ཆེ་ཆུང་སོགས་ལ་བརྟེན་ནས་(༣༩ན)


GLG009_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཐུན་གྱི་དངོས་གྲུབ་སྣ་ཚོགས་པ་འབད་མེད་དུ་རྙེད་པའོ། །གསོལ་འདེབས་ལས། སླར་ཡང་གྲུམ་སྟོད་ཁའུའི་ལམ་བགྲོད་ཚེ། །བསྟན་སྲུང་རྣམ་གཉིས་ཛོ་ཀིའི་ཟོལ་གྱིས་འོངས། །ཕོ་ཉའི་ཚུལ་དུ་མཁའ་ལ་ཞབས་བསྐྱོད་དེ། །གེགས་མེད་འཕྲིན་ལས་བསྒྲུབ་ལ་གསོལ་བ་འདེབས། །ནམ་ཡང་འབྲལ་མེད་བལྟོས་པར་བཅས་པ་ཀུན། །རྗེ་བཙུན་བླ་མས་སྐྱོང་བར་ཞལ་བཞེས་ཤིང་། །ཆོས་ཀྱི་འཕྲིན་ལས་འཁོར་ལོ་སྒྱུར་བ་ཡི། །རྒྱལ་ཚབ་མཆོག་ཏུ་བསྔགས་ལ་གསོལ་ལ་འདེབས། །འཆི་མེད་བདུད་རྩི་བསྒྲུབ་པའི་བཀའ་གནང་ཞིང་། །དབང་བསྐུར་དམ་ཚིག་རྡོ་རྗེ་དྲིལ་བུ་གཏད། །གཞལ་མེད་སྐུ་གདུང་ཡིད་བཞིན་དབང་པོ་ལས། །བྱིན་རླབས་བདུད་རྩི་བཞེས་ལ་གསོལ་བ་འདེབས། །འོད་གསལ་དབྱིངས་ལ་བཞེངས་པའི་མཛེས་སྐུ་ཡི། །ངོ་མཚར་གསུང་གི་སྣང་བ་ལུང་བསྟན་ཅིང་། །སྔོན་ནས་འབྲེལ་བའི་མཁའ་སྤྱོད་དགའ་མ་དེས། །དགྱེས་པའི་འཛུམ་ཞལ་བསྟན་ལ་གསོལ་བ་འདེབས། །ཞེས་པ། དེ་ནས་རྨུ་གཤོང་དུ་ཡབ་ཡུམ་མཇལ་བ་སོགས་ལ་ཕེབས། རིང་པོར་མ་ལོན་པར་རྡོ་རྗེ་འཆང་ཀུན་སྤངས་ཆོས་རྗེའི་དྲུང་དུ་ཕེབས་རྩིས་ཀྱིས་གཞིས་ནས་ཆིབས་ཐོག་ཏུ་བྱོན་པ་ནས་བཟུང་ཁའུར་མ་བྱོན་བར་ཨཱ་ཙཪྻ་གཟི་བརྗིད་ཅན་གཉིས་ཀྱིས་གར་བསྒྱུར་ཞིང་སྐུའི་གཡས་གཡོན་སྐྱོར་བའི་ཚུལ་གསལ་བར་གཟིགས་པ་མགོན་པོ་ཆེ་ཆུང་གཉིས་སྐུ་ལུས་དང་གྲིབ་མ་བཞིན་འབྲལ་མེད་དུ་བསྲུང་སྐྱོབ་མཛད་ཅིང་འཕྲིན་ལས་སྒྲུབ་པའི་མཚན་མར་གསལ། དགུང་ལོ་བཅུ་བདུན་ནས་ཞབས་པད་བསྟེན་པའི་དབང་(༣༩བ)


GLG009_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱས་ན་ལོ་ངོ་བདུན་ཙམ་དང་བཅར་བཞུགས་ལོ་དྲུག་གི་རིང་མཛད་པར་ཀུན་སྤངས་ཆེན་པོའང་དེ་བར་ཟབ་ཆོས་རྣམས་འཕྲོད་པ་གནང་ནས་མཁའ་སྤྱོད་དུ་གཤེགས་པར་བཞེད་པའི་དགོངས་པས་ཆོས་རྣམས་རྟག་འགྲུས་སུ་མཛད་པ་དང་། རྗེ་བླ་མས་ཀྱང་ཉིན་མཚན་དལ་མེད་ལྟ་བུར་གསན་བསམ་ལ་བརྩོན་པའི་ཤུགས་ཀྱིས་བཞེད་པ་རྣམས་འགྲུབ་པར་བརྟེན་དགུང་ལོ་ཉེར་གསུམ་དུ་ཕེབས་པ་ཤིང་ཕོ་སྤྲེལ་ལོ་སྐྱེ་འཆི་ལ་རང་དབང་འདུས་པའི་དབང་གིས་རྗེ་བཙུན་རྡོ་རིང་པ་ཆེན་པོ་དེ་ཉིད་ཞིང་གཞན་དུ་གཤེགས་པའི་གསུང་འགའ་ཤས་ཕེབས་པའི་ཚེ། བཀའ་ལས་བདག་གིས་སྤྱིར་བསྟན་པ་དང་སེམས་ཅན་གྱི་དོན་དང་ལྷག་པར་བདག་ཅག་མགོན་སྐྱབས་གཞན་མེད་པའི་འགྲོ་བ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་དགོངས་ནས་ཞབས་པད་ཡུན་རིང་དུ་བརྟན་པའི་ཐུགས་འདུན་ཅིས་ཀྱང་གནང་དགོས་ཞུས་པས། ད་ལོ་མ་ཤི་ན་ལོ་བརྒྱ་ཙམ་མི་ཐུབ་པའི་ངེས་པ་མི་གདའ་སྟེ། ད་རང་དེ་ཙམ་ཡིན་པ་འདྲ་ཆོས་རྗེ་རྡོ་རྗེ་འཆང་ཆེན་པོ་ལྟ་བུ་མཁས་གྲུབ་བསྟན་པའི་རྩ་ལག་དེ་ལའང་དགུང་ལོ་བདུན་ཅུ་དོན་ལྔ་ཐུབ་པ་ལ་ཀུན་གྱིས་སྐུ་ཚེ་མཐར་ཕྱིན་ཟེར་གྱིན་འདུག །ད་ལོ་འདི་ཙམ་ལོན་བླ་མ་བདུན་ཅུ་རྩ་གཉིས་ཀྱི་ཐུགས་ཟིན། སྡོམ་པ་དང་དམ་ཚིག་ལ་གནོང་འགྱོད་ཡེ་མེད། ལམ་འབྲས་ཐོག་མར་ཐོབ་ནས་ད་བར་ལམ་དུས་ཐུན་བཞི་མ་འདི་ཆག་མ་མྱོང་། བསྟན་པ་དང་སེམས་ཅན་གྱི་དོན་ཡང་བྱེད་ཚད་བྱུང་། ད་ངའི་ཚབ་ཁྱེད་ཚོས་བྱེད་ལས་ཆེ། རྗེ་བཙུན་རིན་པོ་ཆེས་དགའ་སྟོན་ལ་གདམས་པར། བླ་མའི་རྣལ་འབྱོར་འབྲལ་མེད་དུ་བསྒོམས་ན་བླ་མ་འབྲལ་མེད་དུ་(༤༠ན)


GLG009_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཡོང་བ་ཡིན་གསུང་བ་དང་། ངེད་བཀའ་གདམས་པའི་ཇོ་བོ་རྗེའི་གསུང་ལས། སྦྲུལ་གྱི་པགས་པ་བརྗེས་ཀྱང་སྦྲུལ་མི་འཆི། ཁོ་བོ་འཆི་ཚུལ་བསྟན་ཀྱང་ཨ་ཏི་ཤ །གསུངས་པ་བདོག་པས་དེ་དང་འདྲ། ཁྱེད་དད་པ་ཡོད་པ་རྣམས་ལ་ནི་ང་དང་འདུ་འབྲལ་མེད་པ་ཡིན། ཁྱེད་ཚོ་རྐྱང་པར་མ་ཟད་ཁྱོད་ཚོ་ལ་བློ་བསྟད་པ་ཚོའང་ངས་སྐྱོང་བ་ཡིན། ཧ་ཅང་ཆོས་རྗེའི་དགོངས་པ་ལ་བླ་མའི་སྟོང་འུར་ལ་དགོངས་པ་ཡོང་སྟེ། འབྲོག་མི་ལོ་ཙཱ་བའི་གསུང་སྒྲོས་བྲིས་པ་ལས། བླ་མ་དེ་མནར་མེད་ན་བཞུགས་ཀྱང་རང་གིས་སངས་རྒྱས་སུ་མོས་ནས་གསོལ་བ་བཏབ་ན་རང་རྒྱུད་ལ་སངས་རྒྱས་ཀྱི་བྱིན་རླབས་འཇུག་སྟེ། དེ་གཉིས་ཀྱི་ཆོས་ཉིད་ལ་དབྱེ་བ་མེད་པའི་རྟེན་འབྲེལ་ཡིན་བྱ་བ་ཡོད། དེ་ཅིས་ཀྱང་ཡོང་བ་ཡིན་པ་གདའ་གསུངས། བདག་གི་གསུང་ཆོས་ཀྱི་འཕྲོ་འགའ་ཡོད་པའང་སྐལ་དམན་འགའ་ཞིག་ལ་འཛེམ་པའི་རྣམ་པས། རེས་འགའ་ཇ་ཁང་ཆུང་ངུ་ཡོད་པ་སོགས་སུ་ཤུབ་བུས་གནང་། རེས་ཕྱིའི་སྤང་ཁ་དང་མཆོད་རྟེན་ལ་ཞབས་སྐོར་མཛད་པའི་ཚུལ་གྱིས་ཕྱགས་ཕྱིར་འགྲོ་གསུངས་ནས་མི་གཞན་མེད་པ་ན་སྐུ་ཁྱེལ་ཙམ་མཛད་ནས་གསུང་ཆོས་གནང་། ཆོས་རྗེ་ལ་འདི་པ་སྔར་ནས་ཅིས་ཀྱང་གཤོད་བསམ་པ་ཡོད་དེ་བྲེལ་བ་དང་སྙོམ་ལས་ཀྱི་དབང་དུ་ལུས་པ་ཡིན། ད་དགའ་རབ་འདྲིལ་བས་བློ་བདེ་གསུངས། གཞན་ཡང་འདས་མ་འོང་གི་གནས་ཚུལ་ལུང་བསྟན་ངོ་མཚར་བ་ཇི་སྙེད་ཅིག་གསུང་གི་གདའ། ཞེས་གསུངས་པ་རྡོ་རིང་རིན་པོ་ཆེའི་རྣམ་ཐར་བཞིན་དབྲི་བསྣན་མེད་པར་བཀོད་པ་ཡིན། འདས་མ་འོངས་ཀྱི་གནས་ཚུལ་ནི་སེང་(༤༠བ)


GLG009_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

གེ་རྩེ་བའི་མངའ་ཐང་མྱུར་དུ་འཇིག་པ། རྗེ་ཉིད་ཀྱི་སྐུ་ཚེའི་ཚད། སྣོད་ལྡན་གྱི་སློབ་མ་རགས་རིམ་ཡོད་པ་དང་ཆོས་སྟོན་པའི་དུས་ཚོད། སྐུ་ཚེ་ཕྱི་མའི་སྐོར་སོགས་ཀྱི་ལུང་བསྟན་ཤིན་ཏུ་རྒྱས་པ་ཡོད་འདུག་ཀྱང་དེང་སང་ཟིན་བྲིས་སོགས་གསལ་བར་མི་སྣང་། རྡོ་རྗེ་དྲིལ་བུ་སྔར་ཐུགས་བེད་སྤྱད་པའི་ལེགས་པ་ཞིག་གནང་སྟེ་ཆོས་རྗེ་རང་འདི་དཀྲོལ་ནས་དབང་བསྐུར་གཞན་དོན་རྒྱ་ཆེན་པོ་མཛོད་ཅིག་གསུངས། གཞན་དངོས་པོའི་གནང་སྦྱིན་གྱི་རིགས་ཞུ་ཡི་མེད་འདུག་ཀྱང་ད་ལམ་སྐུ་ཁམས་ཧྲེབ་པས་རྟེནའབྲེལ་འཕྱུགས་དོགས་ཞུ་བ་མཛད། ཉིན་ཞིག་སྐུ་སྲུང་ཁྲོད་ནས་འཕགས་པ་དང་བདག་ཆེན་རིན་པོ་ཆེ་གཉིས་ཀྱི་བདུད་རྩི་རིལ་བུ་དང་སྒྲུབ་ཡིག་བདག་ཆེན་རྡོ་རྗེ་འཆང་གིས་མཛད་པ་གནང་། རྗེ་བཙུན་རིན་པོ་ཆེའི་བདུད་རྩིའི་ཕབས་རྒྱུན་དང་སྒྲུབ་སྣོད་རྣམས་བླ་བྲང་ཤར་པར་ཡོད་པས་སྐུ་ཉེ་ཡིན་གཤིས་གཡར་པོ་མཛད་ན་ཡོང་། བདག་ཆེན་རིན་པོ་ཆེའི་བདུད་རྩི་རིལ་བུ་འདི་ཁར་སོང་ན་སྐྱེ་བ་བཅུ་གཉིས་ཚུན་ལ་སངས་རྒྱས་ཐོབ་པའི་ལུང་བསྟན་ཐེངས་གསུམ་བྱུང་། བདག་ལ་སྒྲུབས་ཤིག་པར་བཀའ་སྩལ་ཀྱང་མ་གྲུབ་ཁྱེད་ཀྱིས་སྒྲུབས་ཤིག་ཅེས་སྐུ་དཔུང་སྟེང་དུ་ཕྱག་གིས་ཅབ་ཅབ་མཛད་བྱུང་བར། སྔར་སེམས་དཔའ་ཆེན་པོ་ལའང་ཐོག་མར་མཛད་དཀའ་བྱུང་བའི་འཕྲོས་འདུག་པས་བདག་གིས་མི་འོང་ངམ་ཞུ་བ་གནང་བར་ཡིག་ཆ་འདི་གསལ་པོ་ཡིན་པས་འདི་སྟེང་ནས་མཛད་ན་འགྲུབ་གསུངས། ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔ་ལ་ཀུན་སྤངས་ཆེན་པོ་དག་པའི་ཞིང་དུ་གཤེགས་པའི་ཚུལ་བསྟན་པའི་བཞུགས་གདན་གྱི་ཁར་བྱང་སེམས་དཀར་པོ་(༤༡ན)


GLG009_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

མཐེབ་ཀོར་གྱི་རྒྱ་ཙམ་ཞིག་བྱུང་བ་དེ་ཞལ་དུ་ལྷག་མ་མ་ལུས་པར་གསོལ་བས་བརྒྱུད་པ་ཟིན་པའི་རྟེན་འབྲེལ་འགྲིག །མཆོད་འབུལ་དང་དགོངས་རྫོགས་ཀྱི་རིམ་པ་རྒྱ་ཆེར་སྤེལ་བའི་ཁུར་བཞེས་མཛད། ཉིན་གཅིག་སྤྲིན་དཀར་གྱི་ཕུང་པོའི་གསེབ་ན་སེང་གེ་གཉིས་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་ན་རྡོ་རིང་རིན་པོ་ཆེ་སྐུའི་དབྱིབས་དང་ཆ་བྱད་ཇི་ལྟ་བ་བཞིན་གསལ་བར་གཟིགས་ཏེ་དབུགས་དབྱུང་གཟེངས་བསྟོད་བྱིན་རླབས་མཛད།ཚར་ཆེན་ཉིད་ཀྱིས་མཛད་པའི་གསོལ་འདེབས་ལས། སླར་ཡང་འོད་གསལ་ངང་ལས་སྐུ་བཞེངས་ཏེ། །སེང་གེའི་ཁྲི་ལ་ཞབས་སེན་པདྨ་བཀོད། །འཛུམ་ཞལ་བདུད་རྩིའི་རྒྱུན་གྱིས་སྐལ་ལྡན་གྱི། །སྙིང་གི་གདུང་བ་བསལ་ལ་གསོལ་བ་འདེབས། །ཞེས་སོ། །དེའི་ཚེ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་མངོན་སུམ་དུ་ཞལ་བསྟན་པའི་ངོ་མཚར་གྱི་སྣང་བ་ཅི་ཡང་ཤར་ཞིང་། རྡོ་རིང་རིན་པོ་ཆེར་བྱིན་རླབས་གསན་པའི་དུས་བར་སྣང་གི་སྤྲིན་གསེབ་ནས་རྗེ་བཙུན་མའི་སྐུ་གཟིགས་པར་བརྟེན་ཆོས་རྗེ་ལ་མཁའ་སྤྱོད་མའི་བྱིན་རླབས་བྱས་རེས་ཀྱིས་རྟགས་ཁྱད་པར་ཅན་རེ་ཡོང་གི་འདུག་གསུང་བའང་འདི་རིགས་ལ་དགོངས་སོ། །དབྱངས་ཅན་བཞད་པའི་སྒྲིབ་བྲལ་མཁྱེན་མཚོའི་ནང་། །མཆོག་སྲེད་སྤྲུལ་པའི་གར་དང་ལས་སྨོན་གྱིས། །འབྲེལ་བའི་གཟུགས་བརྙན་ཤར་ནས་ལུང་སྟོན་པ། །རྣམ་གསུམ་དམ་པའི་ཡོན་ཏན་དངོས་མ་བཞིན། །མི་བཟད་དུག་གི་རླངས་འཁྲིགས་ས་བདག་གདོན། །སྲོག་རྩ་དྲག་སྔགས་མ་ཀ་ཏས་བཅད་དང་། །ལྷན་ཅིག་ཆོས་སྲུང་རྭ་རྩེས་ཀླུ་གཉན་བྱད། །ཉེར་བཀྲོལ་(༤༡བ)


GLG009_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བགྲང་བྱའི་ལུང་བསྟན་རྣ་བར་སྙན། །ཚད་མ་བཞི་ལྡན་འཁོར་ལོས་ཐུབ་བསྟན་ལུས། །ཀུན་ཚང་གླིང་བཞིར་དབང་སྒྱུར་ཡབ་རྗེའི་ཁྲིར། །མངའ་གསོལ་ཅོད་པན་འཆིང་ལ་གདན་གསུམ་ལྷ། །མཁའ་ཁྱབ་མེ་ཏོག་གླུ་གར་རོལ་མོར་བྲེལ། །ཡི་དམ་ཆོས་སྲུང་དགྱེས་པའི་དཔྱིད་ཀྱི་མ། །འབོད་བྱེད་སོས་ཀྱིས་ཁུ་བྱུག་འདྲེན་པའི་གླུས། །མཆོག་ཐུན་དངོས་གྲུབ་འདབ་བརྒྱ་གྲོལ་བའི་སྦུབས། །ཕན་བདེའི་སྦྲང་རྩི་མངར་པོ་ཅི་ཡང་འཛག །སྙན་བརྒྱུད་ཆོས་ཀྱི་བརྡ་སྤྲོད་མ་ལུས་པ། །རང་རིགས་དབང་པོར་གཏད་པས་སརྦ་ཛྙཿ། །ཆོས་དབྱིངས་ཟག་བཅས་བདེ་བའི་མལ་ཉལ་ཀྱང་། །དག་སྐུའི་གདོང་བཞི་སྤྲུལ་དེ་སུ་ཡིས་འགོག །བྱུ་རུའི་འཁྲི་ཤིང་བཞིན་དུ་དམར་བའི་གཟུགས། །མཉེན་ལྕུགས་འཁྲིལ་ལྡེམ་རྩེ་འཇོའི་ཡིད་འོང་མ། །དར་བབས་ལང་ཚོའི་ཨུཏྤལ་དམར་པོའི་སྒྲོས། །འཛུམ་པའི་བདུད་རྩི་འདྲེན་བྱེད་གཟིགས་མོར་དངར། །གསོལ་འདེབས་ལས། དཔལ་ལྡན་ནཱ་ལནྡ་ཡི་ཆོས་གྲ་ཆེར། །བདག་ཆེན་རྗེ་ཡི་ཞབས་ཟུང་གུས་བསྟེན་ཅིང་། །རྡོ་རྗེ་འཆང་དབང་རྗེ་བཙུན་སྒོ་རུམ་པས། །ཟབ་ལམ་གདམས་པ་སྩལ་ལ་གསོལ་བ་འདེབས། །མཁས་དང་གྲུབ་པའི་ཡོངས་འཛིན་དབང་པོ་མཆོག །དྲུག་ཅུ་རྩ་གསུམ་གུས་པས་ཉེར་བསྟེན་ནས། །རྒྱ་ཆེན་གསར་རྙིང་རྒྱུད་སྡེ་རྒྱ་མཚོའི་ཚོགས། །མ་ལུས་ཐུགས་སུ་ཆུད་ལ་གསོལ་བ་འདེབས། །ཞེས་བར་ཚིག་གི་ཟིན་སོ་ཡོད་མེད་སྣ་ཚོགས་ཀྱང་། དེ་ནས་ཁའུ་སྐྱེས་ལྷས་ཀྱི་སུམ་ཅུ་རྩ་གསུམ་ཟེར་བའི་བྲང་ཁང་དུ་སྐུ་མཚམས་ཤིན་ཏུ་དམ་པར་བཅད་ནས་ལམ་དུས་ཐུན་བཞི་མ་དང་གཙོ་བོར་ལམ་ཟབ་ཀྱི་རྣལ་(༤༢ན)


GLG009_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ལྷུན་བླངས་པའི་ཚེ་དགྱེས་མཛད་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་དང་གསང་འཁྲིད་ཀྱི་ཉམས་ལེན་གནང་བའི་དུས་མགོན་པོ་ལྷ་བརྒྱད་འཁོར་དྲེགས་པ་བརྒྱད་དང་བཅས་པ་གསལ་བར་གཟིགས། ཡང་ནུབ་ཅིག་མནལ་ལམ་དུ་མ་ཇོའི་རྣམ་པ་ཅན་ཞིག་གིས་རི་སུལ་གྱི་རྣལ་འབྱོར་མ་མཇལ་ན་འདི་ན་ཡོད་ཅེས་ཟེར་བར་དགྱེས་བཞིན་དུ་བུད་མེད་དེས་ལམ་སྣ་བྱས་ཏེ་ཕེབས་པས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཡིན་རྒྱུ་བའི་ཤིང་ཐོ་རེ་ཡོད་པའི་དབུས་ན་རྡོ་ཕུང་ཞིག་གི་གསེབ་ཏུ་གནམ་སྒོ་འདུག་པ་ཕྱེ་སྟེ་འདི་ན་ཡོད་ཟེར་བ་གཟིགས་པས་ཞལ་བྲམ་གཟུགས་དཀར་པོ་རལ་པའི་ཐོར་ཚུགས་ཅན་རས་དཀར་པོ་གྱོན་པ་ཕྱེད་ཀྲུང་དུ་བཞུགས་པ་ཕྱག་གཡས་ན་ཐོད་ཁྲག་དང་གཡོན་མ་མི་རྐང་གི་གླིང་བུ་དང་ཤིང་གི་བུམ་པ་འཛིན་པ། འོད་ཟེར་དུ་མ་འཕྲོ་བ་ཞིག་གཟིགས། དེ་ནས་ཀྱང་འབྲལ་མེད་ལྟ་བུར་དངོས་སུ་ཡང་ཡང་འབྱོན་ཞིང་ལས་ཐམས་ཅད་བསྒྲུབས་པར་མཆིས། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཕེབས་ནས་རྟེན་བརྟེན་པ་ཐམས་ཅད་ཞིབ་མོར་མཇལ་བ་གནང་ཞིང་ཁྱད་པར་མགོན་པོ་དངོས་སུ་གཟིགས། །དགེ་འཕེལ་དུ་རྟེན་བཞེངས་ཀྱི་ཚེ་སྐུ་འབག་གི་ཞལ་རྡུལ་འཕྱི་བ་མཛད་པས་པུ་ཏྲས་དངོས་སུ་འོངས་ཏེ་འཕྱི་ལུགས་འདི་བཞིན་བྱེད་དགོས་ཞུས། དགུང་ལོ་ཉི་ཤུ་རྩ་བཞི་ཙམ་བབས་པའི་ཚེ་གདན་ས་འོག་ནས་བདག་ཆེན་རིན་པོ་ཆེ་ངག་གི་དབང་ཕྱུག་གི་ཞབས་ཕྱི་མཛད་ནས་དབུས་ཕྱོགས་སུ་ཕེབས། གསུང་ངག་ལམ་འབྲས། གཤེད་དམར་གྱི་དབང་བྱིན་རླབས་སྤྲོས་མེད་ཀྱི་འཁྲིད། རྡོ་རྗེ་འཕྲེང་བའི་དབང་སོགས་བཀའ་ཆོས་མང་དུ་གསན། གལ་(༤༢བ)


GLG009_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་དུས་མཆོད་དཔོན་དང་དབང་འཁྲིད་ཀྱི་སྐོར་ལ་ཐུགས་དོགས་སེལ་གྱི་རིགས་ནང་བཅར་དུ་འབུལ་བ་སོགས་བདག་ཆེན་རིན་པོ་ཆེའི་ཕྱག་གཡོག་ནང་སྐོར་གྱི་རྣམ་པའང་ཡུན་རིང་ཙམ་མཛད། བདག་ཆེན་རྗེས་ཆོས་ཀྱི་འཁོར་ལོ་སྐོར་ཞིག་པའི་གནང་བ་སྩལ་བ་ལ་བརྟེན་ནས་རོང་སྟོན་ཤེས་བྱ་ཀུན་རིག་གི་གདན་ས་ནཱ་ལེནྡྲའི་ཚོགས་ཆེན་ལ་གསུང་ངག་རིན་པོ་ཚོགས་བཤད་ཡོངས་རྫོགས་ཤིག་གནང་། ཐམས་ཅད་དད་པའི་ས་ལ་བཀོད་དེ་བདག་ཆེན་རིན་པོ་ཆེ་ལས་ཀྱང་འུར་བ་ཙམ་བྱུང་བར་དྲུང་འཁོར་ནས་ཕྲག་དོག་གི་རྣམ་པ་ཅི་རིགས་བྱུང་། ལྷུན་གྲུབ་སྡིངས་པས་སྦྱིན་བདག་བྱས་འཕན་ཡུལ་བྱ་བཟང་གི་ཆོས་ཁྲིའི་གདོང་གི་སྟོང་དེར་སྤྱིལ་བུ་ཞིག་ཡོད་པར་བཅད་རྒྱ་མཛད་དེ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་པ་ཟླ་བ་ལྔ་ཙམ་སོང་བའི་སྔ་དྲོ་ཉི་མ་རྩེ་ཤར་ལ་འོད་དམར་པོས་ལྷོའི་ཕྱོགས་རྣམས་གང་འདུག་པ་ཉི་ཟེར་ཡིན་ནམ་དགོངས། གཟིགས་པ་ན་མེ་དཔུང་ཆེན་པོ་འུར་སྒྲ་དང་བཅས་པ་བློས་མི་འཁྱུད་པའི་དབུས་ན་འཇིགས་བྱེད་ཡོངས་རྫོགས་འཁོར་བཅུ་གཅིག་ཞབས་གཡས་བརྒྱད་ཀྱི་ཐད་དུ་ལས་གཤིན་རྭ་རྩེ་ཤིན་ཏུ་རྣོ་བ་གཡས་གྲི་གུག་གཡོན་པས་མི་དར་མ་ཞིག་གི་སྐེ་ཞགས་པས་བཅིངས་པ་དེ་ལ་ཞལ་ནས་འཕྲོས་པའི་མེ་འཕོག་པ་ན་བུག་པ་དགུ་ནས་ཁྲག་འཛག་པ་ཞིག་གཟིགས། ཁ་སྐོང་གི་སྦྱིན་སྲེག་ཀྱང་མཛད། ལམ་ཡིག་ཏུ་རྗེ་ངག་དབང་གྲགས་པའི་ཞབས་ཕྱིར་ལོ་བརྒྱད་ཙམ་བསྡད་གསུང་བའང་འདིའི་སྐབས་སུ་ཡིན་པར་མཆིས། ཆུ་འབྲུག་ལོ་ཟླ་བ་དང་པོའི་ནང་དུ་གཙང་ལ་ཕེབས། འདི་རེས་བསྙེན་པར་རྫོགས་ཀྱང་གསོལ་འདེབས་ལ་རྩ་བ་བཅོལ་བས་འོག་(༤༣ན)


GLG009_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འབྱུང་། སྟོན་བོ་དོང་དུ་རྗེ་བཙུན་སྒོ་རུམ་པ་ཆེན་པོ་ལ་དཔལ་དུས་ཀྱི་འཁོར་ལོའི་བདག་པོ་ཆེན་པོའི་བར་གྱི་དབང་ཡོངས་སུ་རྫོགས་པ་དང་གུར་མགོན་གྱི་མན་ངག་སོགས་ཆོས་བཀའི་རིགས་རྒྱ་ཆེར་གསན། སྔོན་ཡར་ཀླུངས་པ་དང་འཇམ་དབྱངས་སྒེག་པ་དཔོན་སློབ་ཏུ་གྱུར་པའི་རྟེན་འབྲེལ་དུས་འདིར་འགྲིག་ཚུལ་ཀུན་མཁྱེན་མཁྱེན་བརྩེའི་རྣམ་ཐར་དུ། བདག་གིས་བླ་མ་དམ་པའི་དྲུང་ན་མཇལ་ཞིང་གསུང་ཆོས་འདྲའང་གསན་གྱི་འདུག་པ་མཐོང་བས་སྔར་ཡེ་མ་མཇལ་ནའང་འདྲིས་འདྲིས་འཐད་འཐད་འདྲ་མོ་ཞིག་གིས་སེམས་ལ་དགའ་ཚོར་དང་བླ་མའི་དགའ་བ་ལ་བསམ་པ་དུང་དུང་པ་བྱུང་། རྗེ་འདར་ཕྱོགས་ལ་ཕེབས་ཁར་བདག་ཡོད་སར་ཐོལ་གྱིས་བྱོན་བྱུང་ནས་གོས་ཆེན་ལྕགས་ནག་ཁ་དོ་པ་ཞིག་དང་སྟོང་སྐུད་དམར་པོ་མང་པོ་ཞིག་གནང་། འདི་ལ་ཕྱག་འཕྲེང་ཐག་པ་བཞིན་མཛོད་གོས་ཆེན་འདི་ལ་བྲིས་སྐུ་ལྟ་བུ་མཛད་དམ་གང་ནའང་མི་ལ་མ་གནང་བར་ཕྱག་ཚགས་མཛོད། རྟེན་འབྲེལ་ཞིག་ཡོད་དོ་གསུངས་ཤིང་ཞལ་འཛུམ་མང་པོ་མཛད་ཀྱིན་འདུག་པ་དེ་དུས་ནི་དགའ་བ་ལ་བསམ་པ་ལས་མ་བྱུང་། ད་བསམས་ན་མགོན་པོ་ཆེ་ཆུང་འདི་རྣམས་ཐོབ་པའི་རྟེན་འབྲེལ་སྒྲིག་པ་གནང་བར་འདུག་གོ །རྒྱལ་བའི་དགོངས་པ་ཟབ་གསལ་མཁའ་དབྱིངས་ལས། །ཚུར་མཐོང་བྱིས་པས་སྦར་ཆོད་ཅི་ཞིག་ཐིངས། །དུས་གསུམ་གསལ་བར་མཁྱེན་དེས་བདག་ལྟ་བུའང་། །སྙན་བརྒྱུད་གདམས་པའི་སྣོད་དུ་རུང་བར་དགོངས། །དམ་པའི་ཞལ་བཞེས་རྡོ་ཡི་རི་མོ་བཞིན། །འགྱུར་མེད་བདེན་པས་ཐུགས་ལ་བཏགས་ན་ཡང་། །(༤༣བ)


GLG009_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

རང་གིས་གསོལ་བ་བཏབ་པ་མི་དྲན་པ། །ཨ་ཧོ་ལས་ཉོན་དབང་གིས་སྐྱེས་པས་ལན། །ཞེས་སོ། །སླར་རང་གི་བསྟི་གནས་སུ་ཆོས་སྒོ་བ་འཁྲུལ་ཞིག་བྱམས་པ་ཤེས་རབ་བཟང་པོའི་དྲུང་དུ་དཔལ་རྣལ་འབྱོར་གསང་མཐའ་འཁོར་ལོ་སྡོམ་པའི་སྐོར་གྱི་བཀའ་བབས་ཏེ་ལམ་རྫོགས་པར་གསན། མཐུ་སྟོབས་ཀྱི་དབང་ཕྱུག་ཐམས་ཅད་མཁྱེན་པ་འཇིགས་མེད་དཔའ་བོའི་ལུགས་འཛིན་པ་འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས་ལ་རྗེ་བཙུན་གོང་མའི་ཡབ་མེས་འཁོན་རིགས་སྔགས་འཆང་རྣམས་ཀྱི་ཡི་དམ་གྱི་ལྷ་མཆོག་གི་དངོས་གྲུབ་འབད་མེད་དུ་སྩོལ་བ་དཔལ་ཆེན་པོ་ཁྲག་འཐུང་ཧེ་རུ་ཀ་ཡང་དག་ལྷ་ལྔ་བཅུ་རྩ་བརྒྱད་ཀྱི་དབང་དང་ཡིག་སྣ། བར་ཆད་བདུད་སྡེའི་གཡུལ་ལས་རྒྱལ་བ་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ལྷ་ཁྲ་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་བཞི་དང་སྨད་ལས་གདུག་པ་སྒྲོལ་བའི་རྗེས་གནང་། མན་ངག་ཡིག་སྐོར། ཆོས་སྐྱོང་དཀར་བདུད་ཀྱི་རྗེས་གནང་ལས་ཚོགས། རྣམ་འཇོམས་བིར་ལུགས་ལྷ་དོན་ལྔའི་དབང་ལུང་། གུར་གྱི་མགོན་པོ་གྲི་གུག་ལྷ་ལྔའི་རྒྱུད་ལུགས་ཀྱི་དབང་། སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་པའི་མན་ངག་ལུགས་ཀྱི་དབང་བཞི། ལྷ་བརྒྱད། ལྷ་བཅུ་གཉིས་མ། གྱི་ལྗང་ལུགས་ཀྱི་ལྷ་བཅུ་བདུན་མའི་དབང་། དེ་དང་འབྲེལ་བའི་སྒྲུབ་སྐོར་སོགས་མཁས་གྲུབ་ཀུན་དགའ་རྣམ་རྒྱལ་གྱི་ཐུགས་དམ་མགོན་པོད་ཡོངས་རྫོགས། ཀླུ་སྒྲུབ་ལུགས་ཀྱི་མགོན་པོ་གདོང་བརྙན་ཅན་ཕྱག་དྲུག་པ་དང་ལས་བཞིའི་མགོན་པོའི་རྗེས་གནང་། པར་བུའི་ཆོ་ག་སོགས་ལས་ཚོགས་ཁ་ཤས། སྨན་ཇ་སྤྲུལ་སྐུའི་རྗེས་(༤༤ན)


GLG009_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

གནང་། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སེར་ཆེན་རྟ་བདག་བརྒྱད་ཀྱིས་བསྐོར་བ། ལྗང་གུ་ཀླུ་བརྒྱད་ཀྱིས་བསྐོར་བ། མཐིང་ཁ་ལྷ་མོ་བརྒྱད་ཀྱིས་བསྐོར་བ། སློབ་དཔོན་པདྨ་སཾ་བྷ་ཝ་ལུགས་ཀྱི་སྤྲིན་གསེབ་མ་རྟ་བདག་བརྒྱད། ཡང་གསང་དྲག་པོ་མདུང་དམར་ཅན་རྟ་བདག་བརྒྱད་བཅས་པ་རྣམས་ཀྱི་རྗེས་གནང་དང་རྣམ་སྲས་སྐོར་གྱི་ཡིག་སྣ་ཁ་ཤས། དམར་པོ་སྐོར་གསུམ་གྱི་རྒྱུན་གང་ཡོད། དཔལ་ཚོགས་ཀྱི་བདག་པོ་ཇོ་བོ་རྗེའི་ག་ག་མ་དཀར་པོ་ཕྱག་བཞི་པ། ཆགས་པའི་རྡོ་རྗེ་སོགས་ཀྱི་རྗེས་གནང་དང་ཡིག་སྐོར་རྣམས་གསན། ཁ་སྐོང་དཀར་ཆག་ལས། འོན་ཀྱང་འཆམ་དང་འགྲོས་ཀྱི་སྤྲོས་པ་ནི། །འདོད་ན་རྡོ་རྗེ་གདན་པ་ལས་གཞན་པའི། །ཚད་ལྡན་མེད་ཕྱིར་དེ་ཡི་ལུགས་བཞིན་སྟོན། །ཅེས་པའི་དོན་ལྟར་མགོན་པོ་ཆེ་ཆུང་གཉིས་ཀྱི་འཆམ་དབྱངས་སོགས་ཀྱི་ཕྱག་ལེན་དཔྱིས་ཕྱིན་པར་སྦྱོང་བདར་མཛད། དཔོན་སློབ་གཉིས་ཆོས་སྐྱོང་སྐོར་ལ་གོ་བསྡུར་གནང་ནས་དེང་སང་བོད་ན་ས་སྐྱ་པའི་ཆོས་སྐྱོང་ལ་ངེད་རང་གཉིས་ལས་མཁས་པ་མེད་པ་འདྲ་ཞེས་ཀྱལ་ཀ་གསུངས་སྐད། ཞབས་ཆེར་བསྙུན་ཡང་གཙང་ཆུར་འཇུག་པ་སོགས་ལས་གཞན་མའི་འཕྲོད་བསྟེན་གྱི་སྤྲོས་པ་དོར་ཏེ་ཐོས་བསམ་ལྷུར་མཛད་པས་ཀུན་ཧ་ལས་ཏེ་ཆོས་སྡེའི་གྲ་རིགས་རྣམས་ཡོན་ཏན་གྱི་སྦྱོང་བདར་དྲན་བསྐུལ་ལ་དེ་ལས་ལྷག་པ་མ་བྱུང་ཟེར། རྫོང་ལུགས་ཀྱི་བསྟན་པའི་སྲོལ་འབྱེད་ཆེན་པོ་རྩང་བྱམས་པ་རྡོ་རྗེ་རྒྱལ་མཚན་གྱི་དངོས་སློབ་རྒྱུད་གསུམ་སྨྲ་བ་ཤེས་རབ་རིན་ཅེན་གྱི་དྲུང་དུ་གུར་གྱི་མགོན་པོ་ལྕམ་དྲལ་ལྷ་གསུམ། ལྷ་བརྒྱད་མཁའ་འགྲོ་སྦྲགས་སྒྲུབ་རྣམས་ཀྱི་(༤༤བ)


GLG009_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་གནང་། གཞན་ལས་ཆེས་ཟབ་པ་རྩ་བའི་མན་ངག་གཉིས། རྣམ་པར་དབྱེ་བ་བཅུ་གཉིས། ཡན་ལག་གི་མན་ངག་བཅུ་དྲུག །ཆོ་གའི་ལག་ལེན་ཉི་ཤུ། དེ་དག་གི་ཡིག་ཆའི་གཙོ་བོ་མང་པོའི་ལུང་སོགས་ས་སྐྱ་རྫོང་ཆུང་པར་གྲགས་པའི་མན་ངག་མཐའ་དག་གི་ཟབ་ཆོས་མང་པོ་གསན་ཅིང་། བླ་མ་འདི་དག་གིས་གཙོ་བྱས་གུར་གྱི་མགོན་པོའི་སྐོར་ཁོ་ན་ལ་བླ་མ་བཅུ་བསྟེན་ལུགས་སྲོལ་མ་འདྲེས་པ་ཡོངས་སུ་རྫོགས་པར་གསན་པ། ཇི་སྐད་དུ། ཁྱད་པར་ནག་པོ་ཆེན་པོའི་མན་ངག་ནི། །བརྒྱུད་ལྡན་བླ་མ་བཅུ་ཕྲག་གཅིག་ལ་ཞུས། །འགྲན་ཟླ་ཀུན་བྲལ་དྲིན་ཅན་རྡོ་རིང་པའི། །སྙན་བརྒྱུད་ཟབ་མོ་བུམ་པ་གང་བྱོར་ཐོབ། །ཅེས་དང་། ཨེ་ཝཾ་པ་ནི་བསྡུས་ལ་སྤྲོས་པ་ཆུང་། །མུས་སྲད་པ་ནི་དཀར་ཆག་ཁྲིགས་ཆགས་ཅན། །རྡོ་རྗེ་གདན་པ་འཆམ་དང་ནུས་པའི་བདག །ཁོ་བོས་ཐོབ་པའི་ཐུན་མོང་བརྒྱུད་པ་གསུམ། །ཞེས་བྱུང་ལ། གནོད་སྦྱིན་བེག་ཙེ་ལྕམ་དྲལ་གྱི་རྗེས་གནང་ལུང་མན་ངག་རྣམས་གསན། གཞན་ཡང་སྔ་ཕྱི་བསྡོམས་པར་བླ་མ་བསྟེན་པའི་སྐོར་ལ་ལོ་ཟླའི་དུས་ངེས་ཅན་མ་རྙེད་པས་ཕྱོགས་མཚུངས་སུ་བཀོད་པར། དྭགས་པོ་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་མ་རྗེ་བཙུན་འཕྲིན་ལས་ཞབས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་སོགས་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་ནས་བརྒྱུད་པའི་ཟབ་ཆོས་དུ་མ་དང་ཀར་ལུགས་སོགས་ཀྱི་ཆོས་བཀའ་ཁ་ཡར། གཞུང་དུ་རྔོག་སྟོན་ཆེན་པོ་བསོད་ནམས་བསྟན་འཛིན་ལ་རྔོག་ལུགས་ཀྱི་དཀྱིལ་འཁོར་བདུན་གྱི་དབང་དང་རྒྱུད་བཤད། ཆོས་སྐྱོང་དུད་སོལ་ལྷ་མོའི་སྐོར་རྣམས་དང་(༤༥ན)


GLG009_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཏྲ་བརྒྱ་རྩ་ནི་དབང་དང་རྗེས་གནང་གང་ཡིན་ལ་དཔྱད་གཞི་འདུག་ཀྱང་གསན། བླ་ཆེན་མདོ་ཁམས་པ་ཡོན་ཏན་རྒྱ་མཚོ་ལ་ས་དགེ་ཞལ་གསུམ་གྱི་འཇིགས་བྱེད་མཁན་པོར་གྲགས་པ་རྣམས་ཀྱི་རྣ་བའི་སྤྱོད་ཡུལ་དུ་མ་གྱུར་པའི་རྫོགས་རིམ་ཡེ་ཤེས་མཁའ་འགྲོའི་རྡོ་རྗེའི་ཚིག་རྐང་ལ་བརྟེན་པའི་རྭ་འཁྲིད་མཁའ་འགྲོ་སྙན་བརྒྱུད་སོགས་ཟབ་ཆོས་དུ་མ། འགོས་རྡོ་རྗེ་སེང་གེ་ལ་གཤིན་རྗེ་གཤེད་དམར་པོ་ལྷ་བཅུ་གསུམ་གྱི་རྣལ་འབྱོར་བཞིའི་འཁྲིད། རྣལ་འབྱོར་བཞི། བདུད་རྩིའི་ལྷ་མོ་ནོར་འཛིན་མ་དཀར་མོ། འཁྲུལ་འཁོར། ཕྱིའི་བྱད་རྫས། རྣམ་རྟོག་འོད་གསལ་འཕོ་བ་རྣམས་ཀྱི་བྱིན་རླབས། དེ་དག་གི་ཡིག་ཆ་མང་པོའི་ལུང་། སྒྲུབ་ཐབས་བརྒྱ་རྩ་དང་རྒྱ་མཚོའི་རྗེས་གནང་ལུང་། རྡོ་རྗེ་འཕྲེང་བ་སོགས་ཀྱི་དབང་ལུང་། ཆོས་རྗེ་ཉན་ཆེན་པར་ཀྱེ་རྡོར་བཀའ་བབས་བཞི། གསང་འདུས་ལུགས་གསུམ་སོགས། གྲུབ་མཆོག་སྦྱིན་པ་རྒྱ་མཚོ་ལ་སྐྱེས་ལྷས་པའི་ཟབ་ཆོས་སྔར་གསན་བལྡབས་པ་དང་ཕྲན་བུ་ལུས་པའི་རིགས་རྣམས་ཞུ་བ་མཛད་ཅིང་དག་པའི་སྣང་བར་ཡང་ཡང་མཇལ་བ་ཡོད་འདུག །མཐུ་སྟོབས་ཀྱི་དབང་ཕྱུག་དྲང་སྲོང་དཀའ་བཞི་པར་གཙོ་བོར་དཔལ་རྟ་མགྲིན་ཡང་གསང་ཁྲོས་པའི་དབང་ལུང་མན་ངག་ཐམས་ཅད་གསན་ཞིང་དབང་མཛད་པའི་སྐབས་ཁྲག་འཐུང་ལྷ་དགུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དངོས་སུ་བསྟན་གིང་ལྔ་གཟའ་གདོང་། གནོད་སྦྱིན་བེག་གདོང་ལྕམ་སྲིང་གི་ཆོས་སྐོར་རྣམས་ཀྱང་གསན། ཆོས་སྐྱོང་རྣམས་ཀྱི་ཕྱག་ནས་བཟུང་སྟེ་མི་ལ་མི་སྤྲོད་པའི་ཚུལ་དུ་བྲན་འབངས་སུ་དངོས་(༤༥བ)


GLG009_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཏད། བྱང་གཏེར་གྱིས་ཐོག་དྲངས་པའི་གསང་སྔགས་རྙིང་མའི་ཆོས་སྐོར་ཆེས་མང་བ་གསན། དཔོན་སློབ་གཉིས་ཅར་ཕན་ཚུན་ཐུགས་ནང་ཤིན་ཏུ་དག་ཅིང་འདར་ཕྱོགས་སུའང་སྤྱན་འདྲེན་ཆེད་བསྟད་གནང་ནས་ཞབས་ཏོག་ཆེན་པོ་མཛད་རྗེས་སུའང་ཤར་ཕྱོགས་ལ་ཕེབས་རེས་ཀྱིས་མཇལ་ཙམ་རེ་མཛད་ཅིང་བཀའ་ཆོས་གང་འོས་རེ་ཡང་ངེས་པར་གསན། ལྡོང་གི་སྔགས་འཆང་ཆེན་པོ་ཆོས་སྐྱོང་བསོད་ནམས་བཀྲ་ཤིས་པར་གཏེར་ཁ་མི་འདྲ་བ་ཉི་ཤུ་ཙམ་གྱི་དབང་ལུང་གསན་པར་ཕེབས་པའི་ཚེ་སྔགས་འཆང་རིན་པོ་ཆེས་ཁྱེད་དཔོན་སློབ་རྣམས་མ་བྱོན་པའི་ཞག་གསུམ་ཙམ་གྱི་ནུབ་སྔགས་གཞོན་དཀར་པོ་ཞིག་བྱུང་ནས་ཁྱོད་ལ་ངའི་ཆོས་སྐོར་རྣམས་ཞུ་བ་ལ་མི་ཞིག་འོང་བར་ཡོད་པས་དེ་ལ་རྫོགས་པར་གཤོད་དེ་ངས་བྱིན་གྱིས་བརླབས་པ་ཡིན་གསུང་བ་བྱུང་གསུངས། དྲིན་ཅན་སངས་རྒྱས་རྣམ་རྒྱལ་ལ་ཤངས་པ་བཀའ་བརྒྱུད་ཀྱི་ལམ་ཡོངས་རྫོགས་གསན་ཅིང་ཡབ་མེས་བརྒྱུད་པའི་བླ་བརྒྱུད་ཡིན་ཞེས་ཤིན་ཏུ་གུས་པར་མཛད། བྲག་དཀར་སེམས་དཔའ་ཆེན་པོ་བསོད་ནམས་རྒྱལ་མཚན་ལ་ཕྱག་རྡོར་འཁོར་ཆེན་ལམ་ཡོངས་རྫོགས་སོགས་ཆོས་མང་དུ་གསན། བཟད་གཡུ་གོང་པར་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ཟབ་ཆོས་གཞན་ནས་མ་རྙེད་པ་དུ་མ། བྱང་སྟག་ལུང་སྦས་དོན་པ་ལ་ཕག་གྲུ་ལུགས་ཀྱི་ཕྱག་བཞི་པའི་ལམ་ཡོངས་རྫོགས། བསམ་སྡིང་མཁན་ཆེན་སངས་རྒྱས་ཡེ་ཤེས་ལ་མགོན་པོ་ལྷ་ཆེན་དཔལ་འབར་གྱི་རྗེས་གནང་། རྭ་སྒྲེང་མཁན་པོ་དཔལ་འབྱོར་བསམ་གྲུབ་ལ་མིའུ་ཐུང་གསོད་བྱེད་ཀྱི་རྗེས་གནང་། ཇོ་སྟན་རོང་ཤཱཀ་པ་བཀྲ་ཤིས་རིན་ཅེན་ལ་ཨ་ཏི་ལམ་ཡོངས་རྫོགས་(༤༦ན)


GLG009_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདོད་རྒྱལ་ནོར་བུ་གསལ་འབར་གྱི་ལུང་གསན་དེ་སྐབས་རྫོགས་ཆེན་གྱི་རྟོགས་པ་ཕུལ་བས་ངེད་རང་ལ་ཉམས་མྱོང་དགའ་མོ་ཡོད་པའི་ལུགས་ཡིན་ཀྱང་འདི་འདྲ་སྐྱེ་མ་མྱོང་གསུངས་པས་ཚོགས་པ་རྣམས་དད་ནས་གསུང་ཆོས་མང་དུ་ཞུས། ཉ་མགོ་གྲུ་ཁར་མཉན་པ་དུས་ལ་མ་འབྱོར་བས་ང་ཆུ་ལ་འདིང་བ་བཏིང་ནས་འགྲོ་གསུངས་པས་མདུན་གྱི་ནམ་མཁར་དཔལ་ཕག་མོ་གྲུ་པ་བྱོན་ནས་སྙིགས་མའི་སེམས་ཅན་ཉོན་མོངས་ཅན་ལ་གསང་བའི་སྤྱོད་པ་མ་བྱེད་གསུང་བ་ཞིག་བྱུང་བས་གྲུ་ལ་ཕེབས། གདན་ས་ཐེལ་གྱི་གནས་རྣམས་ཞིབ་པར་མཇལ། འཇག་སྤྱིལ་སྐུ་འདྲ་རིན་པོ་ཆེ་ཕག་མོ་གྲུ་པ་དངོས་སུ་གཟིགས་སྤྱན་ནམ་མཁའི་མཐོངས་སུ་ཞལ་འཛུམ་དམངས་དང་བཅས་པས་ལྟ་སྟངས་སུ་བཞུགས་སོང་བ་བརྡ་སྟོན་ཁྱད་པར་ཅན་དུ་དགོངས། ཁམས་ལྕགས་མོ་བ་མཐུ་སྟོབས་ཀྱི་དབང་ཕྱུག་བཀྲ་ཤིས་སེང་གེ་ལ་གུར་མགོན་ཁྲོ་བཅུའི་རྗེས་གནང་། ཞལ་གྱི་གསང་འཁྲིད་རྗེས་གནང་དང་། རྩ་གསུམ་འཁོར་ལོ་བཞི་ལ་བརྟེན་པའི་འཁྲིད་ཟབ་མོ་ལོ་ཆེན་གཉན་གྱི་ཐུགས་བཅུད་ཆེས་དཀོན་པ་གསན། བླ་མ་འདིས་སྟན་ཐོག་གཅིག་ཏུ་ཞལ་གྱི་བསྙེན་པ་འབུམ་ཕྲག་དྲུག་ཅུ་ཙམ་སོང་བའི་ནུས་པ་བསམ་གྱིས་མི་ཁྱབ། གསང་འཁྲིད་བརྒྱུད་འདེབས་སུ། སྐྱེས་མཆོག་ཆོས་རྗེའི་སྲས་ཀྱི་ཐུ་བོ་པ། །ཞིང་སྐྱོང་བྲན་དུ་འཁོལ་བའི་རྡོ་རྗེ་འཛིན། །རྩ་བའི་བླ་མ་དྲིན་ཅན་མདོ་ཁམས་པ། །ཞེས་བྱུང་ལ། རྟག་བརྟན་སྤྲུལ་སྐུས་འཁྲིད་བརྫུས་མ་ཡིན་ཞེས་སྨྲ་བ་ནི་སྤྲང་པོས་ཐང་སྟོན་པར་འཕྱ་བའི་དཔེར་སྣང་། ཤམྦྷར་(༤༦བ)


GLG009_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྗེས་ཀུན་དགའ་སངས་རྒྱས་ལ་གནུབས་ལུགས་ཀྱི་སྟག་ཞོན་ལྷ་མང་གི་དབང་ལུང་ཡོངས་རྫོགས། འཇམ་དབྱངས་སངས་རྒྱས་རིན་ཅེན་པས་ཨེ་ཝཾ་ཆོས་ལྡན་གྱི་མཁན་པོ་ཀུན་སྤངས་པ་མཛད་ནས་ཐར་རྩེར་བཞུགས་དུས་རྡོ་རིང་རིན་པོ་ཆེས་ཁོང་སེམས་དཔའ་ཆེན་པོའི་དབོན་ཡིན་ཞིང་རང་རེའི་བརྒྱུད་པའང་ཆོས་རྗེ་རྡོ་རྗེ་འཆང་ཡབ་སྲས་གཉིས་ལ་ཐུག་གི་ཡོད་གཤིས་ད་ལམ་འདིར་བྲེལ་བ་ལངས་པའི་ཆོས་ཀྱི་གསེང་ཞིག་ཀྱང་འདུག་པས་ཁྱེད་རང་ངོར་དུ་ལམ་འབྲས་གསན་པར་བྱོན་ཞེས་ཕྱག་ཐམ་དང་བཅས་ཐར་རྩེར་ཕེབས་པར་ལམ་འབྲས་ཡོངས་སུ་རྫོགས་པ། མགོན་པོའི་ནང་འཁྲིད་ཀྱི་མན་ངག་ཆོས་རྗེ་དཔལ་ལྡན་རྒྱལ་པོ་ནས་བརྒྱུད་པ་སོགས་དང་གཞན་དབང་རྗེས་གནང་དུ་མ་གསན་ཅིང་གསུང་ངག་ལ་བོགས་འབྱིན་ལྟ་བུའི་ཐུགས་བསྐྱེད་ཀྱང་ཐོན་པས་ཐུགས་མོས་ཤིན་ཏུ་ཆེ་བ་བྱུང་། མནལ་ལམ་དུ་རྗེ་རྡོ་རྗེ་འཆང་ཡིན་ཟེར་བ་ཞིག་དང་མཇལ་བས་རྐྱེན་བྱས་ཐུགས་རྒྱུད་ལ་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། ཡབ་ཆོས་རྒྱལ་རིན་ཅེན་རྒྱལ་མཚན་ལ་ཡབ་ཆོས་དུ་མ་གསན་ཅིང་བླ་མ་འདི་ཉིད་ཀྱིས་མགོན་པོ་སྟག་ཞོན་དངོས་སུ་བྲན་གྱི་ཚུལ་དུ་གཏད་པས་ལས་སྒྲུབ་ཀྱིན་འདུག་པའི་རྒྱུ་མཚན་ལམ་ཡིག་ནའང་གསལ། འདི་ཡན་ལ་བཀའ་དྲིན་ཆེ་བའི་བླ་མ་ཉེར་བདུན་དུ་མཛད་ཅིང་གཞན་ཡང་བྱ་འགྱུར་བ་བསོད་ནམས་སེང་གེ་ལ་བྱ་རྒྱུད་སྒོ་དྲུག་སོགས། སྤྱན་སྔ་ཤཱཀྱ་རྒྱལ་མཚན་ལ་སྒྲ་སྙན། མངོན་བརྗོད་སྡེབ་སྦྱོར་སོགས། གྲུབ་ཆེན་རྡོ་རྗེ་རྒྱལ་པོར་ཁོང་རང་གིས་རྣལ་འབྱོར་མ་ལ་དངོས་སུ་གསན་པའི་འཕོ་བ་ཟབ་མོ། གོང་དཀར་ཚུལ་ཁྲིམས་པ་ལ་(༤༧ན)


GLG009_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཟངས་གྲི་ཅན་གྱི་རྗེས་གནང་དང་བྲན་བདུད་ཀྱི་རྗེས་གནང་ཐུན་མོང་མིན་པ། དེས་མཚོན་ཆོས་འབྲེལ་གསན་པ་འཇམ་དབྱངས་ས་སྐྱ་ལོ་ཙཱ་བ། གོང་དཀར་བ་རྒྱ་སྟོན་བྱང་ཆུབ་དབང་རྒྱལ། རྒྱལ་ཡུམ་ཚུལ་ཁྲིམས་བཟང་མོ། ལམ་ཡིག་ཏུ་ཀུ་སུ་ལུའི་བླ་མ་གསུང་བའི་ལྕགས་སྒོག་ལུང་པ་བཀྲ་ཤིས་དཔལ་འབྱོར། ངོར་ཆེན་ལྷ་མཆོག་སེང་གེ །སྒྲ་པ་སྐུ་སྐྱེ་ཤེས་རབ་རིན་ཅེན། སྔགས་འཆང་སངས་རྒྱས་འཕེལ། སྔགས་འཆང་སངས་རྒྱས་གྲགས་པ། སྔགས་འཆང་རྡོ་རྗེ་ལེགས་ལྡན། བླ་མ་སངས་རྒྱས་རྒྱ་མཚོ། སྟག་ལུང་རིན་ཅེན་རྣམ་རྒྱལ་གྲགས་པ། ལོ་པ་སྤྱན་སྔ་ངག་དབང་གྲགས་པ་རྒྱལ་མཚན། མུས་ཆེན་ནམ་མཁའ་དཔལ་བཟང་། བདག་ཆེན་ཨ་ཚེས་པ། རྣལ་འབྱོར་མ་དཀོན་མཆོག་ལྡན། ནུབ་ར་བ་བློ་བཟང་བརྟན་པ། བྱ་བཏང་ཀུན་དགའ་མཆོག་ལྡན། འཇམ་དབྱངས་ཤེས་རབ་རྒྱལ་མཚན། ཆོས་རྗེ་ཆོས་སྐྱོང་རྒྱལ་མཚན། ཆོས་རྗེ་བཀྲ་ཤིས་རྣམ་རྒྱལ། འབྲུག་པ་ངག་དབང་ཆོས་རྒྱལ། རྗེ་བཙུན་དམ་པ་ཀུན་དགའ་གྲོལ་མཆོག །ངོར་ཆེན་དཀོན་ཅོག་ལྷུན་གྲུབ། ཆོས་རྗེ་དབུས་སྨྱོན་པ། ཀྲེ་ཆེན་ནམ་མཁའ་འོད་ཟེར། སྙེ་ཐང་ལུང་ཟིན་པ། གྲུབ་ཆེན་ནམ་མཁའ་རྒྱལ་མཚན། བླ་མ་བློ་གྲོས་སེང་གེ །བདག་ཆེན་ཀུན་དགའ་དོན་གྲུབ་རྣམས་ཀྱི་སྟེང་དུ་ཚིགས་སྔ་ཕྱི་བར་གསུམ་གྱི་མཁན་སློབ་རྣམས་བསྣན་པས་ཡོངས་འཛིན་དྲུག་ཅུ་རྩ་གསུམ་ལེགས་པར་བསྟེན་ནས་ཐོས་བསམ་རྒྱ་ཆེར་མཛད་པས་ཀུན་མཁྱེན་མཁྱེན་བརྩེས། དྲུག་ཅུ་རྩ་གསུམ་དམ་པའི་ཡོངས་འཛིན་བསྟེན། །མདོ་སྔགས་གསར་(༤༧བ)


GLG009_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

རྙིང་དམ་ཆོས་མཐའ་དག་ལ། །ཐོས་བསམ་སྒོམ་པས་འཁྲུལ་མེད་ཐུགས་སུ་ཆུད། །རྩོད་དུས་ཀུན་མཁྱེན་གཉིས་པར་གསོལ་བ་འདེབས། །ཞེས་བྱུང་ལ། ཙ་རི་རྡོར་འཛིན་པ་ཆོས་ཀྱི་མགོན་པོའམ་མཐུ་མཁན་རྒྱ་བོར་གྲགས་པ་ལ་ཆོས་སྐྱོང་གི་སྐོར་གསན་པ་ཁོ་རང་གི་རྣམ་ཐར་དུ་འདུག་པ་དང་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོར་ཆོས་འབྲེལ་གསན་པ་གཉིས་གསོལ་འདེབས་སུ་འཚེམས་པ་ཞིག་ཡིན་པར་མངོན། བླ་མར་རློམ་པ་ལ་ལ་དག་ནི་རིགས་རུས་སྐྱེ་བརྒྱུད་སྟོབས་འགྱོར་གོ་ས་སོགས་ཀྱི་ཁེངས་པས་ཆོས་འཚོལ་བ་ལ་བག་ཚ་བའི་གནས་སུ་བྱེད་ཅིང་ཅུང་ཟད་དོན་དུ་གཉེར་བའང་། སྡོམ་གསུམ་ལས། རྟ་དང་ནོར་བུ་ལ་སོགས་པ། །ཅུང་ཟད་ཙམ་གྱི་ཉོ་ཚོང་ལ། །ཀུན་ལ་འདྲི་ཞིང་བརྟགས་ནས་སྤྱོད། །ཚེ་འདིའི་བྱ་བ་ཅུང་ཟད་ལའང་། །དེ་འདྲའི་འབད་པ་བྱེད་པ་མཐོང་། །སྐྱེ་བ་གཏན་གྱི་ལེགས་ཉེས་ནི། །དམ་པའི་ཆོས་ལ་རག་ལས་ཀྱང་། །ཆོས་འདི་ཁྱི་ཡི་ཟས་བཞིན་དུ། །བཟང་ངན་གང་དུའང་མི་དཔྱོད་པར། །གང་ཕྲད་དེ་ལ་གུས་པར་འཛིན། །ཉིན་གཅིག་གི་ནི་སྐྱེས་མའམ། །ཚེ་གཅིག་གི་ནི་གཉེན་འབྲེལ་ལའང་། །འབད་དེ་བརྟགས་ནས་ལེན་པ་མཐོང་། །དེང་ནས་བརྩམས་ཏེ་རྫོགས་པ་ཡི། །སངས་རྒྱས་མ་ཐོབ་བར་གྱི་དོན། །བླ་མ་མཆོག་ལ་རག་ལས་མོད། །འོན་ཀྱང་རྟོགས་དཔྱོད་མི་བྱེད་བར། །ཚོང་འདུས་ངན་པའི་ཟོང་བཞིན་དུ། །སུ་ཕྲད་རྣམས་ལས་ལེན་པ་མཐོང་། །ཀྱེ་མ་སྙིགས་མའི་དུས་འདི་མཚར། །ཞེས་ཆོས་ཁུངས་བཙུན་མི་བཙུན་སོགས་ལ་མི་བལྟ་བར་བླ་ཆེན་དུ་མིང་བཏགས་པ་ཞིག་འགངས་ཆེའོ་སྙམ་པའི་བླུན་དད་(༤༨ན)


GLG009_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཇུག་པ་ཚོ་དང་མི་འདྲ་བར་རྗེ་བཙུན་འདི་ཉིད་ཁུངས་དང་འབྲེལ་བའི་ཚིགས་བཅད་རེའི་ཆེད་དུའང་དཀའ་སྤྱད་རྟག་ཏུ་ངུ་ལྟར་མཛད་པས་གོང་དུ་མ་འདུས་པའི་རིགས་མེད་པའི་མཐའ་མ་བཀག་མོད། བཤེས་གཉེན་དེ་དག་ལ་ཐོས་པ་ཇི་ལྟར་མཛད་ན་ལུང་སྡེ་བཞི། མདོ་རྩ། སུམ་བརྒྱ་པ། མེ་ཏོག་འཕྲེང་རྒྱུད། ལས་རྣམ་འབྱེད་སོགས་འདུལ་མངོན་དང་འབྲེལ་བའི་རྒྱ་བོད་ཀྱི་གཞུང་། བརྒྱད་སྟོང་པ། ངོར་ལུགས་སུ་གྲགས་པའི་མདོ་ཆུང་བཅོ་བརྒྱད་མདོ་ཕྲན་གྱི་རིགས་སྣ་ཚོགས། བྱམས་ཆོས་སྡེ་ལྔ། རིགས་ཚོགས་དྲུག །བཀའ་གདམས་གཞུང་དྲུག །བློ་སྦྱོང་གི་འཁྲིད་སོགས་ཐེག་ཆེན་ཐུན་མོང་བ་དང་འབྲེལ་བའི་རྒྱ་བོད་ཀྱི་ཡིག་སྣ། གསར་མ་རྒྱུད་འབུམ། གདུགས་དཀར་ཞེ་གཉིས་མ་ཚེ་དཔག་མེད་ལྷ་དགུ། འཆི་མེད་རྔ་སྒྲ། དོན་ཡོད་ཞགས་པ། བཅུ་གཅིག་ཞལ། མི་འཁྲུགས་པ་ལྷ་དགུ། ཕྱག་རྡོར་འགྲོ་བཟང་། རྣམ་རྒྱལ་འཇོམས། རིགས་གསུམ་སྤྱི་སོགས་བྱ་རྒྱུད་ཀྱི་དབང་རྗེས་གནང་། རིག་གཏད། རྣམ་སྣང་མངོན་བྱང་། ཕྱག་རྡོར་འབྱུང་འདུས་སོགས་སྤྱོད་རྒྱུད་ཀྱི་སྐོར། རྡོར་དབྱིངས། དཔལ་མཆོག །རྡོར་སེམས། སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་སོགས་རྣལ་འབྱོར་རྒྱུད། གསང་འདུས་ལུགས་གསུམ། རིམ་ལྔ་དམར་འཁྲིད། སེམས་ཉིད་ངལ་གསོའི་འཁྲིད། དགྲ་གདོང་འཇིགས་གསུམ། དུས་འཁོར། ལོ་ནག་དྲིལ་གསུམ་གྱི་དབང་འཁྲིད། ཕག་མོའི་སྐོར། མཁའ་འགྲོ་རྒྱ་མཚོ། སྡོམ་འབྱུང་། བོང་ཞལ་ཅན་སམྦུ་ཊི། སངས་རྒྱས་མཉམ་སྦྱོར། མཁའ་འགྲོ་མ་རྡོ་རྗེ་གུར་སོགས་བླ་མེད་དང་འབྲེལ་(༤༨བ)


GLG009_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དབང་ལུང་འཁྲིད་མཐའ་ཡས་པ། རྗེ་བཙུན་གོང་མ་ལྔའི་བཀའ་འབུམ་སོགས་རྒྱ་བོད་ཀྱི་མཁས་གྲུབ་མང་པོའི་གསུང་གིས་མཚོན་གསན་པ་མཐའ་དག་བྲིར་མ་ལང་བས་གསན་ཡིག་སོགས་གཞན་དུ་ཤེས་པར་བྱའོ། །དེ་ལྟར་ཡོངས་འཛིན་མང་དུ་བསྟེན་ནས་གསན་པའི་ཆོས་རྣམས་ཀྱང་དག་དང་མ་དག་པའི་ཤན་ལེགས་པར་ཕྱེ་བས་ཚིག་གི་ཆ་ལ་ལུང་དང་རིགས་པས་སྒྲོ་འདོགས་རྣམ་པར་བཅད། དོན་གྱི་ཆ་ཐེག་དམན་བྱང་སེམས་གསང་སྔགས་སོགས་ཐེག་པ་སོ་སོའི་ཆེད་དུ་བྱ་བའི་གདུལ་བྱ་རྣམས་སོ་སོའི་ཁམས་དང་དབང་པོར་འཚམ་པའི་ནད་ཐོག་ཏུ་སྨན་བཞིན་གང་ལ་གང་འདུལ་གྱི་སྒོ་ནས་ཐར་པའི་ལམ་ལ་བཀྲི་བའི་གནད་འགག་མ་འདྲེས་པ་ཐུགས་སུ་ཆུད་པར་མཛད་པས། འཇམ་དབྱངས་ས་པཎ་གྱིས། བསྲེགས་བཅད་བརྡར་བའི་ཆོ་གས་གསེར་གྱི་ཁམས། །སྦྱོང་པའི་རིམ་བཞིན་དགག་གཞག་སྤང་གསུམ་གྱིས། །གཞུང་ལུགས་འབུམ་སྡེའི་ལྷད་ཀུན་འབྱིན་པ་ལ། །ཀུན་དགའི་རྒྱལ་མཚན་འཛིན་ཁྱོད་བསྐོས་པ་སྙམ། །ཞེས་པའི་དོན་དང་མཚུངས་ཤིང་། རྟོག་གེ་དང་ཐ་སྙད་སོགས་གཙུག་ལག་མང་པོར་མཁྱེན་པའི་སྤྱན་ཡངས་པས། མཁས་པའི་གསུང་ལས། སྙན་ངག་མངོན་བརྗོད་སྡེབ་སྦྱོར་ཟློས་གར་དང་། །རྩིས་བཟོ་གསོ་བ་སྒྲ་ཚད་ནང་དོན་རིག །སྐྱེ་བར་འགྲོགས་པས་དེ་དག་སྲེད་པ་བཞིན། །མཐོང་བའི་མོད་ལ་དེ་ཡི་བློ་དང་འཐམས། །ཞེས་པའི་དོན་ཐོག་ཏུ་བབས་པར་མ་ཟད་གཙོ་བོར་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་མན་ངག་གི་གནད་ལ་བྱང་ཆུབ་པས། ཐ་སྙད་བསླབ་པ་ཆུ་འདོད་སྨིག་རྒྱུའི་རྗེས། །སྙེག་ལྟར་མཐོང་(༤༩ན)


GLG009_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྙིང་པོའི་དོན་བཙལ་བས། །སྦས་དོན་རླུང་གི་ཟབ་གནད་འཚོལ་བ་ལ། །གནད་དུ་ཆེ་བས་རྩིས་ཚུལ་བཞིན་དུ་བསླབས། །གཅིག་ཤེས་ཀུན་ལ་མཁས་ན་རྟོག་གེ་པའི། །ཡུན་རིང་ངལ་བྱས་རྣམས་ཀྱི་ཁེངས་པ་བསྟུངས། །ཞེས་པ་ལྟར་ཡིན་ཞིང་། དེ་ཡང་སྡོམ་གསུམ་དུ། ལྷ་ཆེན་སྐད་ངན་ཤོར་བ་ལ། །སྡུག་བསྔལ་བདེན་པ་མཐོང་ཞེས་གྲགས། །ཞེས་པ་ལྟར། ལོག་པའི་བཤེས་ཀྱི་རྫུན་ཚིག་དང་ཆོས་མ་ཡིན་པ་སྨྲ་བ་ལྟ་བུའི་འཆད་ཉན་གྱི་གཟུགས་བརྙན་ཙམ་ལ་མཐའ་ཅི་བཀག །དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་ལུང་ནོད་པའམ་སྦྱིན་པ་དང་ལྡན་པའམ་ཚུལ་ཁྲིམས་དང་ལྡན་པའམ་བཟོད་པ་དང་ལྡན་པའམ་བརྩོན་འགྲུས་དང་ལྡན་པའམ་བསམ་གཏན་དང་ལྡན་པའམ་ཤེས་རབ་དང་ལྡན་པའམ་བྱང་ཆུབ་སེམས་དཔའི་ལམ་གྱི་ཚོགས་གསོག་པ་དང་ལྡན་པའི་ཚིག་བཞི་པའི་ཚིགས་སུ་བཅད་པ་སུ་ལས་ཉན་ཏམ་ལུང་ནོས་སམ་བླངས་པའི་སློབ་དཔོན་དེ་ལ་དེས་ཆོས་ཀྱི་གུས་པར་བྱའོ། །མིང་དང་ཚིག་དང་ཡི་གེ་ཇི་སྙེད་ཀྱིས་བསྐལ་པར་གལ་ཏེ་སློབ་དཔོན་དེ་ལ་གཡོ་མེད་པར་རྙེད་པ་དང་བཀུར་སྟིས་རིམ་གྲོ་བྱས་ཀྱང་ད་དུང་སློབ་དཔོན་དེ་ལ་གུས་པར་བྱ་བ་ཡོངས་སུ་རྫོགས་པར་བྱ་བ་མ་ཡིན་ན་ཆོས་མ་ཡིན་པས་གུས་པར་བྱས་པ་ལྟ་ཅི་སྨོས་ཞེས་གསུངས་པ་དང་མཐུན་པར་བཤེས་གཉེན་དེ་དག་རྣམས་ལ་མཉེས་པ་གསུམ་གྱི་སྒོ་ནས་གུས་པ་ལྷུར་མཛད་པའི་རྣམ་པར་ཐར་པ་ནི། འབྲོམ་སྟོན་ཆོས་ཀྱི་རྒྱལ་པོས་བླ་མ་སེ་བཙུན་དང་། སེ་སྟོན་ཀུན་རིག་གིས་རྗེ་བཙུན་འབྲོག་མིའི་ཞབས་བསྟེན་པའི་(༤༩བ)


GLG009_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ཚུལ་དང་མཚུངས་སོ། །བཅུ་ཕྲག་དྲུག་ལྷག་ཡོངས་འཛིན་ཆུ་གཏེར་ཀློང་། །མཁྱེན་དཔྱོད་བརྩོན་པའི་རི་བོ་བསྒྲིལ་བ་ལས། །ལེགས་བཤད་ཉིན་བྱེད་ཐོན་པའི་འོད་སྟོང་གིས། །གངས་ཅན་བསྟན་པའི་སྣང་བ་ཆེས་ཆེར་དཀར། །ཐུབ་གསུང་དགོངས་འགྲེལ་མེས་པོའི་རལ་ཀླུང་ལས། །ལྔ་རིག་ཤེས་བྱའི་ཡན་ལག་བརྒྱད་ལྡན་རྒྱུན། །བློ་གྲོས་ལྟོ་བར་འཛིན་པའི་དྲང་སྲོང་ཁྱོད། །སྔོན་མེད་ཛཧྣུ་ཡི་མཆེད་པོ་བཞིན། །བཤེས་གཉེན་བསྟེན་ལ་མི་ངལ་ཀུན་དགའ་བོ། །བགྲང་ཡས་བཀའ་རྣམས་སྡུད་པོར་འོད་སྲུངས་ཆེ། །རྣམ་པར་འབྱེད་པའི་ཤེས་རབ་ཤཱ་རིའི་བུའི། །ངང་ཚུལ་ཟླ་གཟུགས་གངས་ཅན་ཆུ་མཚོར་ཤར། །དྲང་ངེས་གནད་གསང་དབྱེ་བ་འོད་གཟིའི་མདངས། །མཁས་རློམས་ནཻ་རུ་ཀ་དཔལ་བཟོད་མིན་ཡང་། །མཐའ་ཀླས་ཆོས་ཀྱི་དཀྱིལ་འཁོར་བཅུ་གཉིས་ཆར། །བརྡར་ནུས་བི་ཤྭ་ཀརྨ་དེང་འདིར་འགྲུབ། །དེ་ཡང་སྔར་དབུས་ནས་བོ་དོང་དུ་ཕེབས་པའི་སྔོན་དུ་བསྙེན་རྫོགས་ལོ་རྩིས་ཀྱི་ཡོང་དགོས་རྒྱུར་འདུག་རུང་ཐོག་མ་ནས་ལོ་ཟླ་སོགས་དུས་ཚིགས་ངེས་སྦྱར་གྱི་ས་བོན་ཞིག་མེད་འདུག་གཤིས། མཛད་པ་འགངས་ཆེ་བ་རྣམས་ཕྱོགས་སུ་བསྡོམས་པའི་གསོལ་འདེབས་ཀྱི་གོ་རིམ་ལྟར་བྱས་པ་འགལ་མེད་དུ་རྟོགས་པས། གསོལ་འདེབས་ལས། གྲུབ་པའི་གནས་མཆོག་ཁའུ་བྲག་རྫོང་དང་། །མང་མཁར་ཆ་ལུང་རྡོ་རྗེའི་བྲག་རྫོང་སོགས། །དབེན་པའི་རི་ཁྲོད་རྣམས་སུ་ཟབ་མོའི་ལམ། །རྩེ་གཅིག་ཉམས་སུ་བཞེས་ལ་གསོལ་བ་འདེབས། །མཚུངས་བྲལ་བཤེས་གཉེན་སྡོམ་བརྩོན་དབང་པོ་མཆོག །ཡོངས་རྫོགས་མཁན་པོ་གྲགས་པ་རྒྱལ་མཚན་ཞབས། །(༥༠ན)


GLG009_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

གུས་བསྟེན་བསྙེན་པར་རྫོགས་པའི་སྡོམ་པ་བཞེས། །དགེ་སློང་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །ཞེས་གོང་དུ་སྨོས་པའི་གསན་བསམ་མཐར་ཕྱིན་པར་མཛད་དེ་དག་གོ་ཡུལ་ཙམ་དུ་མ་ལུས་པར་ཐུགས་ཉམས་སུ་བསྟར་བས། ཐམས་ཅད་མཁྱེན་པ་མཁྱེན་བརྩེས་གསོལ་འདེབས་ལས། བརྗོད་བྲལ་བདེ་ཆེན་གནས་ལུགས་མངོན་གྱུར་ཀྱང་། །རིམ་གཉིས་བཟླས་པར་བཅས་པའི་རྣལ་འབྱོར་ལ། །ནམ་ཡང་གཡེལ་མེད་སྒྲུབ་པ་ལྷུར་ལེན་པའི། །གྲུབ་པའི་གཙུག་རྒྱན་མཆོག་ལ་གསོལ་བ་འདེབས། །ཞེས་པའི་དོན་ལྟར་བསྙེན་སྒྲུབ་ཀྱི་རིམ་པ་མཛད་པ་ཨཥྚའི་བསྙེན་ཆེན་ནཱ་ལེནྡྲར་གསུང་ངག་གནང་བའི་སྔ་རོལ་ནས་སོང་ཟིན་པ་དང་སྔ་ཕྱིར་བདེ་མཆོག་ཡབ་བཀའ་ཡུམ་བཀའ། འཇིགས་བྱེད། གཤེད་དམར། ཕུར་པ། མགོན་པོ་ཆེ་ཆུང་སོགས་ཡི་དམ་ཆོས་སྐྱོང་མང་པོའི་ལྗགས་བསྙེན་དུས་རྟགས་གྲངས་ཚད་དུ་ཐོན་པར་མ་ཟད་རྒྱུན་དུའང་ཉིན་མཚན་ཁོར་ཡུག་ཏུ་ཐུགས་དམ་གྱི་རིམ་པ་གཉིས་ཀྱི་རྣལ་འབྱོར་ཟབ་མོས་དུས་འདའ་ཞིང་སྔགས་ཀྱི་བཟླས་པའང་ཉིན་ཞག་རེའི་ཁོངས་སུ་ཨཥྚ། ཨོཾ་གསུམ་མ། ཡ་མ་རཱ་ཛཱ། ཤཱ་ས་ན། ས་ཕུར་གྱི་སྙིང་པོ་རྣམས་སོ་སོར་སྟོང་ཕྲག་རེ་ཆག་མེད་དུ་མཛད་ཅིང་། བཀའ་ལས། ངས་གསང་སྔགས་གསར་རྙིང་གི་སྔགས་ཕལ་ཆེར་བསྙེན་ཚད་བཞིན་མ་བཟླས་པ་ཡེ་མེད། དེ་རྣམས་ཀྱི་ནང་ནས་མགོན་པོའི་སྔགས་ཤཱ་ས་ན་འདི་ནུས་པ་ཆེ་ཤོས་ལ་འདུག་སྟེ། འདི་བགྲངས་པས་འཕྲེང་བ་ལ་དངོས་སུ་མེ་འབར་བ་ཡོང་གིན་འདུག །ཅེས་གསུངས། སྐབས་ཤིག་ཞལ་གྱི་བསྙེན་པ་གནང་(༥༠བ)


GLG009_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚེ་ཐོག་མར་ཅུང་ཟད་འཚུབ་པའི་རྣམ་པ་དང་རྗེས་སུ་གཟིགས་སྣང་ལ་བར་སྣང་ནས་གོས་ཆེན་ལྕགས་ནག་གི་ཕོད་ཀ་ཆེན་པོ་གྱོན་པ་ཞིག་གིས་ཕུ་ཐུང་གི་སྦུབས་ནས་ལག་པ་ཆེན་པོ་ཡང་ཡང་སྟོན་པ་སོགས་བྱུང་བའང་ཆོས་སྐྱོང་གིས་དངོས་སུ་རྗེས་སུ་བཟུང་བའི་ཆོ་འཕྲུལ་དུ་སྣང་། གཞན་ཡང་གྲུམ་སྟོད་ཁའུར་བྲག་རྫོང་དུ་བཞུགས་པའི་དུས་ཐུགས་རྒྱུད་ལ་ཉམས་དང་རྟོགས་པ་ཏིང་ངེ་འཛིན་གྱི་འཆར་སྒོ་བསམ་གྱིས་མི་ཁྱབ་པ་འཁྲུངས་ཤིང་དབང་ལས་བྱུང་བའི་ཡེ་ཤེས་ཁྱད་པར་ཅན་ལམ་གྱི་དུས་སུ་གོང་ནས་གོང་དུ་འཕེལ་བ་དྲི་མ་དང་བྲལ་བ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལ་དབང་འབྱོར་བར་མཛད། འཕན་ཡུལ་བྱ་བཟང་དུ་བཞུགས་པའི་ཚེ། བཀའ་ལས། ཉི་མ་དགོང་ཕྱོགས་སྐྱོ་བསངས་བྱས་པའི་ཚེ་མདུན་གྱི་སྤང་གཤོང་ལ་གོང་མོ་མང་པོ་རྩེ་ཞིང་། རྒྱབ་ཀྱི་ཐང་ལ་ཕྱུགས་རྫི་གཞོན་ནུ་མང་པོ་ཤིང་འཐུ་ཞིང་རྩེད་མོ་བྱེད་པ་མཐོང་བས་འདི་དག་ཀྱང་བསམས་ན་དགེ་སྦྱོར་གྱི་བསྐུལ་མར་འདུག་སྙམ་ནས་རང་སེམས་ལ་གསལ་འདེབས་སུ་སྨྲས་གསུང་བའི་ཉམས་གླུ་གནང་བའི་སྐབས་ཡུན་རིང་དུ་བཞུགས་ཤིང་ཐུགས་དམ་གྱི་བོགས་ཤིན་ཏུ་ཆེ་བར་བྱུང་། ཆུ་བོ་རིར་ཕེབས་པའི་ཚེ་བྲག་ཕུག་ཏུ་སྒྲུབ་པ་མཛད་པས་དཔའ་བོ་དང་མཁའ་འགྲོ་མས་ཚོགས་ཀྱི་འཁོར་ལོས་མཆོད་ཅིང་ཐུགས་ཉམས་ཀྱི་ངང་ནས་རྡོ་རྗེའི་ལུས་ཀྱི་རྩ་འཁོར་གྱི་ལྷ་རྣམས་གསལ་བར་གཟིགས་པས། གསུང་མགུར་ལས། གནས་སྤྱི་བོ་བདེ་ཆེན་གྱི་རི་བོའི་སྤོར། །རྗེ་སྐུ་ཡི་རྡོ་རྗེ་ཡབ་ཡུམ་བཞུགས། །མ་མཁའ་འགྲོ་སོ་གཉིས་ཀྱི་འཁོར་གྱིས་བསྐོར། །སྐུ་ཟླ་ཤེལ་གསར་པའི་མདངས་འོད་ཅན། །ཕ་(༥༡ན)


GLG009_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས་སོ་རྡོ་རིང་པ། །བུ་མི་མངོན་དབྱིངས་ནས་ཐུགས་རྗེས་སྐྱོངས། །ཚོགས་མཆོད་པར་འབུལ་ལོ་དྲིན་ཅན་རྗེ། །ལུས་སྣང་སྟོང་སྤྲུལ་སྐུར་བྱིན་གྱིས་རློབས། །ཞེས་སོགས་ཚིགས་དོན་ངོ་མཚར་བ་ཡོད། ཆུ་བོ་རིའི་དུར་ཁྲོད་དུ་ཚོགས་འཁོར་མཛད་ནས་བཞུགས་པའི་མཐོ་ཕྱིར་ཤབ་ཤུབ་ཀྱི་སྒྲ་དང་བཅས་སྐོར་བ་བྱེད་པའི་སྐད་ཐམས་ཅད་ཀྱིས་ཐོས་པར་བྱུང་། དུར་ཁྲོད་དེའི་གོང་ཙམ་དུ་ཐུགས་དམ་ལ་ཅུང་ཟད་བཞུགས་པའི་གནས་དེར་ཞབས་འབྲིང་པ་རྣམས་ཀྱིས་མངོན་སུམ་དུ་རླུང་འཚུབ་ཆེན་པོའི་དཀྱིལ་ནས་ཐག་སྒྲ་ཆེན་པོ་ཡང་ཡང་བྱུང་སྐབས། དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་ཅན་སྐུ་སྟོད་ཇ་བསུས་པའི་རླངས་པ་ལྟ་བུ་སྔོ་སྐྱ་ནམ་མཁའ་ཁེངས་པ་གསལ་བར་གཟིགས་ཤིང་ཤོག་དྲིལ་ཞིག་ཕྱག་ཏུ་ཕུལ། དེ་ནས་བཟུང་དུས་རྒྱུན་དུ་བདེ་ཆེན་གྱི་ཉམས་བཟུང་དུ་མེད་པ་རྡོལ། དེ་ལ་བརྟེན་དུས་ལན་ཅིག་མ་ཡིན་པར་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཁོར་ཡུག་ཏུ་གཡོ་བ་མེད་པའི་རྒྱུ་མཚན། ཐུགས་དམ་གྱི་རིམ་པ་སྟོད་ཕྱོགས་སུ་འཕེལ་བར་དགོངས་ཏེ་རྨུ་བླ་བྲང་དུ་བཞུགས་པའི་སྐབས་ཤིག་ཞབས་ཅུང་ཟད་བསྙུན་པའི་ཚུལ་བསྟན་ཚེ་འཁྲུལ་ཞིག་དཀོན་ཅོག་བཟང་པོར་ཞུ་ཤོག་ཕུལ་བའི་ནང་དུ་བདག་ཀྱང་ལུས་བསམ་གཏན་གྱི་ཁང་བུའི་སྒོར་མི་ཐོན་ཀྱང་སེམས་ལ་བདེ་ཆེན་གྱི་ཡེ་ཤེས་མནན་པས་མི་ནོན་པ་ཁོར་ཡུག་ཏུ་ཡོད་ཅེས་པའང་བྱུང་། དེ་ཡང་རྗེ་བཙུན་ཆེན་པོས། ལྟ་བ་སྤྲོས་བྲལ་དུ་བློ་ཆམ་འགྲོ་ན་འདའ་ཁ་མ་མི་ཐེབས་པ་མི་སྲིད་ཚེ་འདི་དང་མཐོང་ལམ་གྱི་བར་ན་དར་ཙམ་ལས་མེད། ཅེས་པའི་ཚད་དེར་ཕེབས་ངེས་པས་དམ་པ་འདི་(༥༡བ)


GLG009_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བཟང་པོ་བཟང་པོ་ཞེས་པའི་མིང་ཙམ་གྱི་སྟོང་འུར་མཁན་རྣམས་དང་མིའདྲ་བར་སླུ་མེད་གཏན་གྱི་སྐྱབས་མཆོག་ཏུ་ལུང་དང་རིགས་པས་བསྒྲུབ་ནུས་པས་དྲན་པའི་མོད་ལ་སྲིད་ཞིའི་གདུང་བ་མཐའ་དག་སེལ་བར་སྣང་། བཅོམ་ལྡན་འདས་དགྱེས་མཛད་རྡོ་རྗེ་དང་མ་ཧེའི་ཞལ་ཅན་སོགས་ཡི་དམ་གྱི་ལྷ་མང་པོ་ནང་རང་བྱུང་ལུས་ཀྱི་ཕོ་བྲང་དུ་རླུང་སེམས་དག་པའི་གར་མཁན་མེ་ལོང་ལས་གཟུགས་བརྙན་ལྟར་ཕྱི་རོལ་ཏུ་ཤར་ཏེ་ཞལ་གཟིགས། གུར་ཞལ། བེག་ཙེ། སྟག་ཞོན་སོགས་དམ་ཅན་སྲུང་མ་རྣམས་རྒྱལ་གྱིས་འབངས་ལ་བསྒོ་བ་བཞིན་ཇི་ལྟར་བཞེད་པའི་འཕྲིན་ལས་བསྒྲུབ་པ་ལ་མི་གཡེལ་ལོ། །རིང་པོར་མ་ལོན་པར་མང་མཁར་དུ་བྱོན་ཏེ་ས་སྐྱའི་མི་འགྱུར་བའི་གཟེར་བཞི་ཞེས་པ་ཤར་དུ་བྱ་འགྱུར་རྡོ་རྗེའི་བྲག །ལྷོར་ཕུལ་བྱུང་བདུད་པོ་བྲག །ནུབ་ཏུ་ཆ་ལུང་རྡོ་རྗེ་བྲག །བྱང་དུ་གར་གཡའ་ཡི་བྲག་སྟེ་བཞིའི་ནང་ནས་ཆ་ལུང་རྡོ་རྗེ་བྲག་རྫོང་གི་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གཟིམས་སྤྱིལ་ཤིང་སྒོམ་མ་ཟེར་བའི་ཕུག་པར་སྒྲུབ་པ་མཛད་ཀྱིན་བཞུགས་པའི་རེ་ཞིག་ཉེ་བའི་སྲི་ཞུ་བ་དེས་སྔ་དྲོ་དྲུང་དུ་ཕྱིན་པས་གཟིམས་ཞྭ་སྦུབས་ཐིབས་སེ་བྱས་སྐུ་དངོས་ནི་མི་སྣང་། ཅི་ཡིན་སྒོ་བཅའ་སོགས་ནི་མདང་ནུབ་ཀྱི་དེ་ག་འདུག་སྐར་ཁུང་ནི་ཤིན་ཏུ་ཆུང་གང་ཡིན་སྙམ་ནས་སླར་ལོག་སྟེ་སྒོའི་ཕྱི་ནས་བལྟས་པས་ལྷོའི་མཆོད་རྟེན་གྱི་དྲུང་ན་ཆོས་གོས་རྣམ་གསུམ་དང་བཅས་སྐུ་ཟིལ་པ་ཕྲོམ་མེ་འོད་མེར་རེ་བཞུགས་འདུག་པ་ན་བདག་ཅག་གི་བླ་མ་དམ་པ་ནི་གང་ལའང་ཐོགས་པ་མེད་པར་འཕུར་ཏེ་བྱོན་ཏོ་སྙམ་དད་པ་ཟི་བུན་པའི་ངང་ནས་སྐུ་དྲུང་དུ་ཕྱིན་པ་ལྟ་སྟངས་ཀྱི་ངང་ན་ཧད་དེ་བཞུགས་(༥༢ན)


GLG009_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐོང་། སླར་གཟིམས་སྤྱིལ་དུ་ཕེབས། བྲག་གི་ཕུག་ནས་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ཞིག་བྱུང་བ་ཐུབ་བསྟན་དགེ་འཕེལ་གྱི་མགོན་པོའི་ཐུགས་ཀར་བཞུགས། བཀའ་ལས། འཕུར་བ་ཡིན་ཟེར་ཆེད་དུ་ཐེབ་ཐེབ་རང་དགོས་དོགས་མེད་སེམས་ཅེར་བལྟས་པས་གང་དགོས་ས་རུ་སླེབས་ཡོང་བ་ཡིན་གསུངས། དེ་དུས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར་པའི་ཉམས་འུར་ཆེན་པོས་འཁྲུལ་སྣང་ཨ་འཐས་རྫུན་ཕུགས་རྡིབ་པའི་ཀུན་ཏུ་བཟང་པོའི་སྤྱོད་པ་གྲུབ་པའི་ས་དང་ལམ་གྱི་རྟོགས་པ་མཐར་ཕྱིན་པ་མཛད་པ་ཡིན་ཏེ། ཡང་གསང་བརྒྱུད་འདེབས་ལས། མང་མཁར་ཆ་ལུང་རྡོ་རྗེའི་བྲག་རྫོང་དུ། །བློ་གསལ་བུང་བ་འདུ་བའི་པདྨོའི་ཚལ། །རྒྱུད་སྡེ་རྒྱ་མཚོའི་བཅུད་ཕྱུང་གདམས་པའི་གཏེར། །དྲིན་ཅན་ཚར་པ་སྨྱོན་པར་གསོལ་བ་འདེབས། །ཞེས་བྱུང་ལ། གནས་འདི་དང་ཐུབ་བསྟན་དགེ་འཕེལ་གཉིས་སུ་ཆོས་ཀྱི་སྐྱེ་བ་མེད་པའི་དོན་མངོན་དུ་མཛད་པའི་ཚུལ་བསྟན་པ་ཡིན་ཏེ། ཇི་སྐད་དུ། གཞི་འཁྲུལ་སྣང་གི་རང་ཞལ་བལྟས་ཙ་ན། །བརྗོད་མེད་ཀྱི་དབྱིངས་སུ་རྗེན་ནེ་བ། །གསེར་གླིང་དུ་བོལ་དུམ་ངས་མ་རྙེད། །མ་སེམས་ཅན་ཚོ་མགོ་བོ་གང་ནས་འཁོར། །ཞེས་དང་། ལམ་བསྐྱེད་རྫོགས་གནད་དུ་བསྣུན་ཙ་ན། །སྤྱིར་སྣང་འདི་ཉམས་ཀྱི་བན་མ་བུན། །སྣང་གྲག་རིགས་གསུམ་འདི་རྒྱལ་བའི་ངང་། ཁོང་རྣལ་འབྱོར་ཚོ་བླང་དོར་ག་ལ་བྱེད། །ལམ་སྒོམ་པའི་འབྲས་བུ་སྒྲ་བོ་ཆེ། །གཞི་མངོན་དུ་གྱུར་པའི་སྐད་དུ་གདའ། །འདི་རང་བཅས་སུ་ཡོད་པ་རང་ངོ་ཤེས། །ད་འབྲས་བུ་བྱ་བ་གཞན་མ་མཆིས། །ཞེས་གསུངས། (༥༢བ)


GLG009_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཆོ་འཕྲུལ་ཆེན་པོའི་ཚེས་བཅོ་ལྔ་ནས་ཟླ་གཅིག་ཙམ་གྱི་བར་སྐུ་མཚམས་བཅད་དེ་དབང་དྲག་པདྨ་ཉེ་བར་བསྙེན་པའི་ཚེ་རྒྱལ་བ་ཀུན་འདུས་པདྨ་ཐོད་འཕྲེང་རྩལ་གྱིས་ཞལ་བསྟན་ཞིང་གསུང་གྱི་གནང་བ་དང་བཅས་དབུགས་དབྱུང་། འཕགས་ཡུལ་གྱི་སློབ་དཔོན་པདྨཱ་ཀ་ར་དང་བོད་ཀྱི་ལོ་ཆེན་བཻ་རོའི་ཐུགས་ཀྱི་ཉིང་ཁུ་ཡང་གསང་ཁྲོས་པ་ལྷ་དགུའི་གསུང་བསྙེན་དང་དེའི་ཡིག་ཆ་ལ་བརྟེན་ནས་མྱོང་གྲོལ་བདུད་རྩིའི་རིལ་བུའི་སྒྲུབ་པ་གནང་བའི་ཚེ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་གནོད་སྦྱིན་ལྕམ་དྲལ་རྒྱུད་ནས་བཤད་པའི་སྲུང་མ་རྣམས་ཀྱིས་རང་རང་གི་སྐུ་དངོས་སུ་བསྟན་པའི་ཚེ་གིང་ལྔའི་རྟ་རྨིག་ཀྱང་ནམ་མཁར་མི་ཤོང་བ་ལྟ་བུ་གཟིགས། རྨུར་སྐོར་ཙམ་ཕེབས་པའི་ཚེ་ཡང་གཟིགས་སྣང་དེ་འདྲ་བ་བྱུང་བའི་རྐྱེན་གྱིས་ཆིབས་དྲག་ཏུ་བསྐུལ་ནས་ཕེབས་པས་བུ་རི་འཕྲང་གི་མས་སྣར་ཆིབས་པའི་རྨིག་རྗེས་ཤིན་ཏུ་གསལ་བ་ད་ལྟའང་ཀུན་གྱི་སྤྱོད་ཡུལ་དུ་མཆིས། དེ་ཡང་ཆོ་འཕྲུལ་བསྟན་པའི་མདོ་ལས། རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་སྤངས་ནས། །དབེན་པར་དོང་སྟེ་དགོན་པར་གནས་བྱེད་པ། །ཉོན་མོངས་སྤངས་ནས་བདུད་ནི་བཅོམས་ནས་སུ། །བྱང་ཆུབ་རྡུལ་མེད་འདུས་མ་བྱས་འཚང་རྒྱ། །ཞེས་སྲིད་པ་འཁོར་བ་ལ་ཡིད་འབྱུང་བའི་རང་བྱུང་གི་བསླབ་པ་ལ་བརྟེན་ནས་མྱུར་དུ་བྱང་ཆུབ་བརྙེད་པར་འགྱུར་བའི་གཙོ་བོ་ནི། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། དགེ་སློང་ཞེས་བྱ་སྡུག་བསྔལ་སྤོང་བ་ཡིན། །དགེ་སློང་ཞེས་བྱ་རྒྱལ་བའི་སྲས་པོའོ། །ཞེས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སྲས་སྟོང་ཡོད་ཀྱང་ཐུ་བོ་ལ་རྒྱལ་སྲིད་འབྱུང་བ་བཞིན་འཁོར་རྣམ་པ་བཞིའི་ནང་ནས་མཆོག་ཏུ་གྱུར་པ་(༥༣ན)


GLG009_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་ཕའི་སྡོམ་པ་ཡིན་ལ། དེ་ཡང་བོད་འདིར་སྡོམ་རྒྱུན་འགའ་ཞིག་ཡོད་པའི་ནང་ནས་ཁ་ཆེའི་པཎ་ཆེན་བསོད་སྙོམས་པ་ཆེན་པོའི་སྡོམ་རྒྱུན་ཤིན་ཏུ་གཙང་བ་ཆོས་ལུང་ཚོགས་སུ་བཞུགས་པར་བརྟེན། གསུང་ལས། བདག་གིས་ཚེ་འདིའི་ངོ་སྲུང་རྒྱབ་ཏུ་བོར། །ཕྱི་མའི་དོན་ཆེན་འབའ་ཞིག་སྙིང་ནས་བསམས། །ཡོངས་རྫོགས་ཁ་ཆེའི་པཎ་ཆེན་བསོད་སྙོམས་པ། །ཤཱཀྱ་ཤྲཱིའི་གྲྭར་ནི་འབད་པས་བཞུགས། །ཞེས་པ་ལྟར་དགུང་ལོ་སོ་གཅིག་པ་དགའ་བ་ཞེས་པ་ཆུ་ཕོ་འབྲུག་གི་ལོ་ས་ག་ཟླ་བའི་ཚེས་བཅོ་ལྔ་ཐུབ་པའི་དབང་པོས་བདུད་བཏུལ་བྱང་ཆུབ་བརྙེས་ཤིང་མྱ་ངན་ལས་འདས་པའི་དུས་ཆེན་གསུམ་འཛོམ་གྱི་ཚེ་ཉེས་ལྟུང་གི་ཆ་ཕྲ་མོའི་འདམ་གྱིས་མ་གོས་ཤིང་། ཚུལ་ཁྲིམས་ཀྱི་འདབ་བརྒྱ་ཡོངས་སུ་བཞད་པ་ལས་མྱ་ངན་ལས་འདས་པའི་ཟེའུ་འབྲུའི་བཅུད་ཀྱིས་སྐལ་བཟང་ར་ཡིག་གཉིས་པའི་དགའ་སྟོན་ཆེས་ཆེར་སྤེལ་བ་སའི་སྟེང་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཡོངས་རྫོགས་བསྟན་པའི་མངའ་བདག་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་མཁན་པོ། ཆོས་ཀྱི་བཀྲ་ཤིས་རྣམ་རྒྱལ་གྱིས་ལས་སློབ། རྗེ་ངག་དབང་བསྟན་པའི་རྒྱལ་མཚན་གྱིས་གསང་སྟོན། གཡག་སྡེ་ལྕང་ར་བ་བློ་གྲོས་ཕུན་ཚོགས་ཀྱིས་དུས་བསྒོ་བ། སྤོས་ཁང་པ་འཇམ་དབྱངས་རྒྱལ་མཚན་སོགས་ཉི་ཤུས་ལས་ཀྱི་ཁ་བསྐང་སྟེ་ཇོ་བོ་སྟན་གཅིག་པའི་བསྟི་གནས་ཉང་སྟོད་སྤོས་ཁང་གི་ཀུན་དགའ་ར་བར་བསྙེན་པར་རྫོགས་པའི་ཚེ་སྔར་དགེ་ཚུལ་གནང་བའི་མཚན་གྱི་སྟེང་དུ་མཁན་པོའི་མཚན་སྒྲ་གྲགས་པ་རྒྱལ་(༥༣བ)


GLG009_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དཔལ་བཟང་པོ་ཞེས་བསྣན་ཞིང་བག་ཡོད་པ་ཁོ་ན་མཛད་དེ་ཚུལ་ཁྲིམས་རྣམ་པར་དག་པ་ནི། ཇི་སྐད་དུ། ཁ་ན་མ་ཐོ་ཕྲ་རབ་ལའང་། །ཐུགས་ནི་ཤིན་ཏུ་འཇིགས་པར་མཛད། །དྲན་དང་ཤེས་བཞིན་ལྡན་པ་ཡིས། །ཚུལ་ཁྲིམས་མ་ཡིན་ཡིད་མི་མཛད། །བག་ཡོད་དྲན་དང་གཡོ་སྒྱུ་མེད། །ལྟུང་བའི་ཉེས་པས་ཁྱོད་མ་གོས། །ཞེས་མཉམ་མེད་ཇོ་བོ་ཆེན་པོའི་རྣམ་པར་ཐར་པ་དང་མཚུངས་སོ། །བཟླས་བརྗོད་ནུས་པའི་གློག་ཞགས་ཐོད་འཕྲེང་ལ། །འཁྱུག་ཚེ་བདུད་སྙིང་སྔགས་སྨྱོན་ཐོག་གཟེར་གྱིས། །འབིགས་ཀྱང་ལྷ་རྒྱུད་བསྐུལ་བའི་དབྱར་གྱི་རྔ། །ཐོས་པས་དངོས་གྲུབ་རྨ་བྱའི་མངལ་ཁུར་འཛིན། །བདེ་སྟོང་ཡེ་ཤེས་མེ་ལྕེས་གཉིས་འཛིན་ཅིང་། །བསྲེག་པའི་ཆོ་འཕྲུལ་ལ་མཚར་བྱིས་པའི་བློ། །སྐྱོན་མེད་གཉུག་མའི་ལམ་གྱིས་འདུས་མཐའི་འཕྲང་། །བརྒལ་ཏེ་བཅུ་གསུམ་ས་ལ་སྙེག་འདི་ཅི། །མཐའ་ཀླས་ཆོས་ཀྱི་རང་མཚང་རྗེན་པ་རུ། །ཤར་ཚེ་ཀུན་རྫོབ་འཁྲུལ་པ་དབྱིག་པོ་ཆེས། །མེད་ཀྱང་མངོན་སུམ་སྣང་བའི་སྤྲུལ་བསྒྱུར་གྱིས། །སྒྱུ་མའི་གླང་སེང་འཇིགས་ཚུལ་བག་ལ་ཞ། །བདག་འདྲའི་འགྲོ་སྙིང་ལྕགས་ཁམས་འཁོར་བ་ལ། །ངེས་པར་མི་འབྱུང་ཚེ་འདིའི་གྲབས་གཤོམ་ན། །མཐོན་པོའི་ས་ལ་གཤེགས་ཀྱང་ཚངས་སྤྱོད་གྲུས། །སྲིད་མཚོར་སྒྲོལ་བརྫུའི་རྫུན་གྱིས་འདྲིད་འདི་ཅི། །འོན་ཏེ་ཆགས་བྲལ་ཚུལ་ཁྲིམས་ངད་འཐུལ་ཡང་། །དགའ་བཞི་འགྲོས་ཀྱི་བདེ་སྟོང་སྨིན་ལེགས་མར། །མཉམ་སྦྱོར་རྩེ་དགའ་རྒོད་པའི་ཐེག་གསུམ་དོན། །འགལ་མེད་མདུད་པའི་གནད་དེ་ལྷོད་པོར་གྲོལ། །གསོལ་འདེབས་ལས། གྲུབ་དབང་(༥༤ན)


GLG009_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་འཁོར་ལོ་སྡོམ་པར་གཟིགས། །དགེ་འཕེལ་ཆོས་ཀྱི་ཁྲི་ལ་སྤྱན་འདྲེན་པའི། །གཞི་བདག་གུས་པའི་རྣམ་འཕྲུལ་ཕོ་ཉའི་ཚུལ། །ཞབས་ཀྱི་པདྨར་སོན་ལ་གསོལ་བ་འདེབས། །ངག་དབང་དབྱངས་ཅན་ལྷ་མོའི་བཟླས་བརྗོད་ཚེ། །མཁའ་ལ་མེ་ཏོག་དཀར་པོའི་ཆར་བབས་ཤིང་། །རྒྱུད་མངས་སྒྲ་སྙན་རྣ་བའི་བདུད་རྩི་མཆོག །འོད་གསལ་ངང་དུ་གསན་ལ་གསོལ་བ་འདེབས། །མནལ་ལམ་ངང་དུ་དཔའ་བོ་མཁའ་འགྲོའི་ཚོགས། །སྒྲོན་མེ་བཏེག་ནས་རྗེ་བཙུན་རྡོ་རིང་པའི། །འཁོར་སློབ་འཚོལ་བའི་ཟོལ་གྱི་རྣམ་ཐར་མཆོག །རྩོམ་པར་བསྐུལ་བ་གཟིགས་ལ་གསོལ་བ་འདེབས། །གྲངས་མེད་མཁའ་འགྲོ་འདུ་བའི་ཚོགས་དབུས་ཀྱི། །གཙོ་མོ་པདྨའི་དྲ་བ་ཅན་ཞེས་པས། །གླེགས་བམ་བསྟན་ཅིང་ཆོ་འཕྲུལ་སྣ་ཚོགས་བཅས། །འདྲི་བའི་ཡོ་བྱད་གཏད་ལ་གསོལ་བ་འདེབས། །ཆོས་ཀྱི་ཁྲི་ལ་འཁོད་པའི་རབ་བྱུང་གིས། །རྒྱལ་བའི་རྟོགས་བརྗོད་ཀློག་པའི་ཚུལ་ཅན་ལ། །མཁའ་འགྲོའི་ཚོགས་རྣམས་དགའ་བས་ཉན་པ་སོགས། །དགེ་མཚན་དུ་མ་གཟིགས་ལ་གསོལ་བ་འདེབས། །རྗེ་བཙུན་བླ་མས་ཞལ་བཟང་ཡང་ཡང་བསྟན། །རྣམ་ཐར་རྩོམ་པའི་བྱ་བ་མཐར་ཕྱིན་ཚེ། །དཔལ་ལྡན་འདོད་ཁམས་དབང་མོས་དགྱེས་པ་ཡི། །སྲུང་མར་ཞལ་གྱིས་བཞེས་ལ་གསོལ་བ་འདེབས། །ཞེས་དངོས་ཤུགས་སྣ་ཚོགས་པ། དེ་ལྟར་མཁས་བཙུན་བཟང་པོའི་བདག་ཉིད་ཅན་རྣམས་ནི་འཁོར་བའི་མཐའ་མ་རྫོགས་པ་དེ་སྲིད་དུ་རྣམ་པར་དཀར་བའི་འཕྲིན་ལས་ཀྱི་རྒྱུན་ཆད་པ་མེད་པར་འཇུག་པ་ཆོས་ཉིད་(༥༤བ)


GLG009_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་མདོ་སྔགས་ཀྱི་གྲ་དང་སྡེ། ས་སྐྱོང་བའི་ཆེ་དགུ། རིགས་རུས་ཀྱིས་མཐོ་བའི་ཡ་རབས། རྣམ་དཔྱོད་དང་ལྡན་པའི་མཁས་པ། ཉམས་རྟོགས་དང་ལྡན་པའི་སྒོམ་ཆེན། དཔའ་མཛངས་ལོངས་སྤྱོད་དང་ལྡན་པའི་དཔོན་སྐྱ་སོགས་སྐྱེ་བོ་ཐམས་ཅད་ཀྱི་བསམ་བློའི་ཡུལ་དུ་དམ་པ་འདི་ཉིད་བདག་ཅག་གི་སྐྱབས་གནས་སུ་ཐོབ་ན་ཅི་མ་རུང་སྙམ་པའི་འདུན་པ་རྩེ་གཅིག་ཏུ་གྱུར་པས། རྗེ་ཉིད་ཀྱིས་ཆོས་སྐྱོང་རྣམས་ལ་བཀའ་བསྒོ་བའི་ཚིགས་བཅད་ལས། འདི་ན་སྐྱེ་རྒུའི་ཕན་བདེ་མ་ལུས་པ། །རྒྱལ་བའི་བསྟན་པ་མཆོག་ལ་རག་ལས་ཤིང་། །བྱང་ཕྱོགས་འདི་ན་བསྟན་པའི་སྙིང་པོ་མཆོག །ས་སྐྱའི་རྗེ་བཙུན་ཞབས་ལས་བརྒྱུད་འདི་ཡིན། །དེ་ཡི་ཡང་སྙིང་གསང་ཆེན་ཟབ་མོའི་བཅུད། །ཞལ་དང་སྙན་དུ་བརྒྱུད་པའི་མཛོད་འཛིན་པ། ཁོ་བོའི་འདྲེན་མཆོག་རྗེ་བཙུན་རྡོ་རིང་ཞབས། །བཀའ་དྲིན་མཉམ་མེད་དམ་པའི་སྲོལ་འདིར་བས། །དེ་ཉིད་མཆོད་ཅིང་བཀུར་བའི་སྦྱིན་པའི་བདག །སྟོད་ལུང་ས་ཡི་ཐིག་ལེའི་སྟོབས་ལྡན་ནི། །སྤ་ར་བ་ཞེས་གྲགས་པའི་བ་དན་ཅན། །ཞེས་པ་ལྟར་སྟོད་ལུང་ནས་སྡེ་པ་སྤ་ར་བ་རྗེ་བཙུན་ས་སྐྱ་པའི་བསྟན་པ་ལ་མི་ཕྱེད་པའི་དད་པ་དང་ལྡན་པས་གསུང་ངག་རིན་པོ་ཆེའི་བླ་མ་བརྒྱུད་པའི་གསེར་སྐུ་གྲ་ཚར་བཞེངས་པའི་རབ་གནས་ལ་གདན་དྲངས་ཏེ་སྟོད་ནས་ཆིབས་ཁ་བསྐྱོད། དམ་ཚིག་པ་ལ་ཡེ་ཤེས་སེམས་དཔའ་དངོས་སུ་འཇུག་པས་མཚོན་འདོད་ཆོས་རྐྱེན་སེལ་གྱི་རིམ་གྲོ་སོགས་རེ་བ་ཡོངས་སུ་སྐོང་བར་མཛད་ཅིང་། རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱི་རྟག་གཏོར་འཛུགས་པ་སོགས་མགོན་ཁང་བཞེང་བ་གནང་ཚེ། ན་མོ་གུ་རུ་དེ་ཝ་(༥༥ན)


GLG009_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་དྷརྨ་པཱ་ལ་ས་པ་རི་ཝཱ་རེ་བྷྱཿ ཀུན་ཁྱབ་ཀུན་གྱི་བྱེད་པོ་གཅིག་ཉིད་སྲིད་ཞིའི་གཟུགས་ཀྱིས་ཀུན་ལ་འཁྱུད། །རྒྱལ་དང་རྒྱལ་སྲས་སློབ་མར་བཅས་པའི་ཚོགས་ཀྱི་གཙོ་བོ་རྒྱལ་བ་རྗེ། །མཐའ་ཡས་མཐའ་མེད་འགྲོ་བའི་སྐྱབས་མཆོག་རྗེ་བཙུན་བླ་མ་སྲིད་མཐའ་བར། །གཙུག་རྒྱན་གཙུག་གི་ནོར་བུར་གུས་མཆོད་འབྲལ་བ་མེད་པར་གཙུག་ཏུ་བཞུགས། །ཞེས་སོགས་མཁའ་འགྲོ་ལྔ་བསྟོད་བསྐུལ་དང་། དམ་ཅན་སྲུང་མ་དགྱེས་པའི་རྣལ་འབྱོར་པ། །རྡོ་རྗེ་འཛིན་པ་སྤྱི་དང་བྱེ་བྲག་ཏུ། །དཔལ་ལྡན་ས་སྐྱ་པ་ཞེས་གྲགས་པ་ཡི། །བསྟན་པའི་ཉིང་ཁུ་རྗེ་བཙུན་རྡོ་རིང་པའི། །བསྟན་པ་ས་ཡི་ཕྱོགས་འདིར་དར་རྒྱས་མཛོད། །དེ་ཉིད་འཛིན་དང་མཆོད་པའི་སྦྱིན་པའི་བདག །མི་ནོར་འཁོར་བཅས་བསྲུང་དང་སྤ་བ་དང་། །འདུ་འབྲལ་མེད་པར་རྟག་ཏུ་སྐྱོང་བར་མཛོད། །ཅེས་དང་། ད་ལྟའི་གནོད་བྱེད་མི་དང་མི་མ་ཡིན། །སྐད་ཅིག་ཉིད་ལ་མངོན་སུམ་འདིར་ཁུག་ལ། །རབ་རྣོན་མཚོན་ཆས་མགོ་ལུས་དུམ་བུར་གཏུབས། ཁྲག་ཞག་དོན་སྙིང་དམར་པོ་ཧབ་ཀྱིས་ཐོབ། །ཅེས་འཕྲིན་ལས་རྒྱས་པར་མཛད། རིང་ཞིག་ན་འགྲོ་བའི་ལས་སྨིན་བདོ་བ་རྒྱལ་པོ་གཟུགས་ཅན་སྙིང་པོ་ལྟར་ཚད་བཟུང་དཀའ་མོད། ཧོར་བྱ་རིག་སོགས་རྗེས་མ་རྣམས་ལའང་སྲུང་མའི་ཟ་ཁ་ཟུག་སྟེ་མིང་གི་ལྷག་མར་གྱུར། (༥༥བ)


GLG009_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་ཟླ་བ་དྲུག་ཙམ་གྱི་རིང་བསྟན་འགྲོའི་ལེགས་ཚོགས་སྤེལ་ནས་གཙང་དུ་བྱོན། ཆོས་སྒོ་བ་བྱམས་པ་ཤེས་རབ་བཟང་པོ་ལ་སྔར་སྨོས་པའི་ཆོས་གསན་རྒྱུའི་སྔོན་དུ་རྨུ་གཤོང་ན་བཞུགས་པའི་མནལ་ལམ་དུ་མི་སྔོན་པོ་ཞིག་ན་རེ་ཕུ་ན་འཁོར་ལོ་བདེ་མཆོག་བྱོན་ཡོད་པས་ཆོས་ཞུས་ཟེར་བྱུང་བའང་རྩད་གཅོད་མི་གནང་བ་དགེ་འཕེལ་མཁན་ཆེན་བྱམས་པ་ཤེས་བཟང་བདེ་མཆོག་ལ་མཁས་ཟེར་བ་ལས་གཞན་ཁུངས་མ་ཆོད་ཟེར་བས་དེ་གར་ཐུགས་ངེས་པ་རྙེད་དེ་དགེ་འཕེལ་དུ་ཕེབས་བདེ་མཆོག་ལོ་ནག་དྲིལ་གསུམ་གྱི་དབང་འཁྲིད་ཞལ་གདམས་རྫོགས་པར་གསན་ཚེ་བླ་མ་འཁོར་ལོ་སྡོམ་པ་དངོས་སུ་གཟིགས་པ་དཔོན་སློབ་གཉིས་ཀའི་ཆེ་བར་མངོན། རང་གི་བསྟི་གནས་སུ་བཞུགས་པའི་དུས་ཐུབ་བསྟན་དགེ་འཕེལ་གྱི་ཞལ་བདག་མཛད་དགོས་པར་གསོལ་བ་འདེབས་མཁན་སང་ཉིན་ཡོང་བའི་དོ་ནུབ་འོད་གསལ་གྱི་ངང་དུ་བཞུགས་གནས་ཀྱི་སེང་གཡབས་ནས་མི་དམར་རྟ་དམར་ཅན་ཞིག་བབས་བྱུང་བ་ནས་གུས་པ་ཆེན་པོས་ཕྱག་བཙལ་ཏེ་ཐུབ་བསྟན་དགེ་འཕེལ་གྱི་གདན་ས་ལ་སྤྱན་འདྲེན་པར་ཡོངས་པ་ཡིན་ཟེར་བ་ལ་ཁྱེད་སུ་ཡིན་གསུངས་པས། བདག་ཤོ་དམར་གྱི་བྲག་བཙན་ལགས། མཁས་གྲུབ་དམ་པ་ཁྱེད་ཕུ་དགོན་པའི་གདན་ས་ལ་ཅིས་ཀྱང་འབྱོན་དགོས་བདག་གིས་ཀྱང་འཕྲིན་ལས་སྒྲུབ་པའི་གྲོགས་བྱེད། ཁྱེད་ཀྱི་དགོན་པ་འདི་ཞལ་བདག་མཛད་ན་འདི་ཕྱོགས་ཀྱི་སེམས་ཅན་ཐམས་ཅད་འཕྲལ་དང་ཡུན་གྱི་ཕན་བདེ་ལ་འགོད་ནུས་ཤིང་དམ་པ་ཁྱེད་ཀྱི་ཆོས་རྒྱུན་ཡང་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་ཕྱོགས་འདིར་གོང་ནས་གོང་དུ་འཕེལ་བར་འགྱུར་རོ། །ཞེས་ཞུས་འདུག་ཅིང་། (༥༦ན)


GLG009_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་མ་འདི་ནི། བར་ཆད་ལམ་སེལ་མ་ལས། བྲག་ནག་ཧ་བོའི་མགོན་ཁང་དུཿ ཤོ་བཙན་དམར་པོ་དམ་ལ་བཏགས༔ ཞེས་པ་དེ་ཡིན་ཞིང་རྗེ་འདི་ཉིད་ཀྱི་བཀའ་ལས་ཅུང་ཟད་ཙམ་ཡང་མི་འདའ་ལ། གཞན་དུ་དྲག་ཤུལ་དང་གདུག་རྩུབ་ཆེ་བས་ཐུབ་བསྟན་དགེ་འཕེལ་གྱི་འོག་ཙམ་བྱང་རིའི་ལྡེབས་ལ་རྟེན་མཁར་ཡོད་པའི་མདུན་དེར་བླ་ཆེན་སྡེ་དཔོན་སྔགས་པ་རྟོགས་ལྡན་སོགས་ལུགས་གཉིས་གང་རུང་གིས་མངོན་པར་མཐོ་རློམ་རྣམས་ཀྱིས་རྟ་མ་བབས་ན་ཉིན་ཞག་གི་ཁོངས་སུ་རྟ་འཆི་བ་ཡོང་བའི་གྲགས་པས། ས་སྐྱ་ནས་བདག་ཆེན་རིན་པོ་ཆེ་ཕེབས་སྐབས་ཀྱང་དེ་གར་གཏོར་བསྔོ་མཛད་རྗེས་ཆིབས་ཡབ་གཡས་འབུང་། ཞབས་འབྲིང་བ་རྣམས་རྐང་འགྲོས་བྱེད། ཕྱག་རྫོགས་ཀྱི་རྟོགས་པ་ཀློང་དུ་རྡོལ་བའི་སྒམ་སྨྱོན་སྤྲུལ་སྐུ་དང་། སྟོབས་འབྱོར་གྱི་དྲེགས་ལྡན་སྡེ་པ་ནོར་བུ་སོགས་ཀྱི་རྟ་ན་ཤི་མང་དུ་བྱུང་བར་རྣམ་རྟོག་ལངས་གསོལ་མཆོད་ཕུལ་བས་མཚོན་ཆེས་མང་ལ། ཚར་ལུགས་ལ་དེ་རིང་ཞུགས་པའི་གསར་བུ་བ་ཞིག་ཀྱང་རྟ་འབབ་མི་དགོས་པ་སོགས་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པས་སོ། །འོད་གསལ་གྱི་ལྟས་ལྟར་སང་ཉིན་ཐུབ་བསྟན་དགེ་འཕེལ་གྱི་ཆོས་གྲ་ཆེན་པོ་ནས། གདན་ས་མཛད་དགོས་པའི་སྙན་ཞུས་འབུལ་མཁན་བྱུང་བས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེར་པོར་འགྱུར་བར་དགོངས་ཏེ་ཐུགས་དགྱེས་པ་ཆེན་པོས། བཀའ་ལས། དེ་ལྟར་ཁོ་བོ་ལ་རྩེ་གཅིག་ཏུ་གསོལ་བ་འདེབས་པ་ཡིན་ན་ཅིས་ཀྱང་དེ་བཞིན་དུ་བྱའོ་ཞེས་ཞལ་གྱིས་འཆེས་པས་གསོལ་འདེབས་པ་རྣམས་ཡིད་བདེ་(༥༦བ)


GLG009_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དཔལ་ལ་བཀོད། དེ་ནས་མི་རིང་བར་ཁ་ཆེ་འདུས་བཟང་མཁས་མཆོག་དབྱིག་གཉེན་གྱི་ཕྱོགས་སུ་བྱོན་པ་བཞིན་ངུར་སྨྲིག་གོས་ཀྱི་ནམ་མཁའི་ཁ་དོག་འགྱུར་བ་ལྟ་བུའི་འདུས་ཚོགས་ཀྱི་སེར་སྦྲེང་འཕན་གདུགས་རྒྱལ་མཚན་རོལ་ཆ་སོགས་མཆོད་ཚོགས་བསམ་གྱིས་མི་ཁྱབ་པ་ཐོགས་པས་མདུན་བདར་ཆིབས་བསུའི་བཀོད་པ་སྔོན་དུ་འགྲོ་བས་རྒྱལ་བ་ཞེས་པ་ཤིང་ཕོ་རྟའི་ལོ་ཐུབ་བསྟན་དགེ་འཕེལ་གྱི་གདན་སེང་གེའི་ཁྲི་ལ་ཞབས་ཀྱི་ཆུ་སྐྱེས་རྣམ་པར་བཀོད། དེ་ནས་ཁམས་པ་སངས་རྒྱས་རྡོ་རྗེ། མི་ཉག་མགོན་པོ་འོད་ཟེར། ཆོས་རྗེ་བྲག་ཆོས་པ། ཕུ་པ་དབུ་མཛད་ཚུལ་ཁྲིམས་སོགས་རིན་པོ་ཆེ་ལྟ་བུའི་གདུལ་བྱ་དབང་པོ་ཡང་རབ་ཀྱི་སྐལ་ལྡན་རྣམས་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་སློབ་མ་མཆོག་ལ་བཤད་བྱའི་དབང་བྱིན་རླབས་འཁྲིད་ལུང་ཤིན་ཏུ་སྨིན་པ་ལོ་འཁོར་གྱི་བར་དུ་འཛུགས་པ་ལམ་སྐོར་ཕྱི་མ་བརྒྱད་དང་། རྩ་རྒྱུད་བརྟག་པ་གཉིས་པར་ཀུན་ཏུ་དགོས་པའི་གཞུང་བདུན་གྱིས་ཉེ་བར་སྤྲས་པའི་གསུང་བཤད། གཞན་ཡང་དབང་རྗེས་གནང་སོགས་སོ་སོའི་བློ་དང་འཚམ་པའི་ཆོས་ཀྱི་སྒོ་འཕར་ཕྱེ་ནས་རེ་བ་དོན་ལྡན་གྱི་ས་ལ་བཀོད། དེའི་ཚེ་འོད་གསལ་ལ་བདག་ཆེན་བློ་གྲོས་རྒྱལ་མཚན་པ་ཡིན་ཟེར་བའི་དགེ་བའི་བཤེས་གཉེན་ཁྱད་དུ་འཕགས་པ་ཞིག་དང་རིན་པོ་ཆེ་རྡོ་རིང་པ་དངོས་སུ་བྱོན་ནས་དགྱེས་པའི་འཛུམ་ཞལ་བསྟན་པ་ནི་རིན་ཅེན་སྒང་པ་སྒོས་ཀྱི་ཟབ་ཆོས་རྣམས་ཆེས་ཆེར་སྤེལ་བ་ལ་ལེགས་སོ་མཛད་པར་འདུག །མགོན་ཁང་དུ་རྫས་འཁོར་ལོ་གཟུངས་སྔགས་སོགས་ཆོས་སྐྱོང་གི་རྟེན་བཞེང་བའི་མན་ངག་ལྟར་ལེགས་པར་བསྐྲུན་(༥༧ན)


GLG009_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་སྨན་འདམ་ལས་གྲུབ་པའི་གུར་མགོན་མི་ཚད་ཙམ། ལྷ་མོ། ལས་མགོན་ཡབ་ཡུམ། པུ་ཏྲ་མིང་སྲིང་། ཞལ་བྲམ་གཟུགས། བེག་ཙེ་ལྕམ་དྲལ་རྣམས་ཁྲུ་ཕྱེད་དོ་ཙམ། རྟག་གཏོར་འཛིན་གཏོར་སྤྱན་གཟིགས་སོགས་རྒྱས་ཤིང་ངོ་མཚར་བ་དང་། དེའི་བཟོ་ཕུད་དུ་ལམ་འབྲས་དང་ལམ་ཟབ་བརྒྱུད་པ་རྐང་གང་ཙམ་ཁྱད་པར་རྗེ་ཉིད་ཀྱི་སྐུ་འདྲ་མི་ཚད་ཆུང་ཕྱོགས་ཙམ་བྱོན་གཙང་ཞིང་རབ་གནས་ཀྱི་སྐབས་ཤངས་གཡོན་གྱི་སྦུབ་ཏུ་རིང་བསྲེལ་ཡུངས་འབྲུ་ཙམ་གཉིས་བྱུང་བ། ཕྱིས་མཁན་ཆེན་རྒྱལ་རྩེ་བ་བྱམས་པ་ངག་དབང་བསོད་ནམས་རྒྱལ་མཚན་གྱི་ཁྲུས་གསོལ་དང་མཆོད་པ་རྒྱས་པར་མཛད་སྐབས་སྙན་གཡོན་གྱི་ལྟར་ཏུ་རིང་བསྲེལ་ཆེ་ཙམ་གཉིས་གསར་དུ་འཁྲུངས་ཤིང་ད་ལྟའི་བར་དུ་སྐུ་གྲིབ་ཀྱི་རྣམ་པ་བྱུང་ཚེ་སྤྱན་གཡས་གཡོན་གྱི་འགུག་ནས་ཁྲག་མདའ་འདྲ་བའི་དམར་པོ་ཞིག་སྤྱན་འབྲས་ཀྱི་དཀྱིལ་ཙམ་སླེབ་པ་རྒྱུགས་ཡོང་ཞིང་དེ་ལ་ཁྲུས་གསོལ་བྱས་ན་སངས་འགྲོ་བའི་ངོ་མཚར་ཅན་ཡེ་ཤེས་སེམས་དཔའ་དངོས་སུ་བཞུགས་པའི་བྱིན་རླབས་ཆེ་ངེས། ཕྱིའི་ཆོས་ཁྲི། ལྷ་གཡབས། དེ་ནང་དུ་བཞུགས་རྒྱུར་མང་མཁར་ཆུ་ཚན་གྱི་ཕུའི་དོལ་མཐའི་གཞི་བདག་ལ་རྡོ་ལྷ་བཞེང་བའི་རྡོ་ཐོང་ཞེས་བཀའ་ཤོག་མཛད་པ་བསྒྲགས་པས་རྡོ་གང་འདོད་ལྡང་ཚོད་ཙམ་རྙེད་པའི་ངོ་མཚར་ཅན་ལ་ལམ་འབྲས་དང་ལམ་ཟབ་བརྒྱུད་པ་བརྐོས་པ་རྣམས་ལ། དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དང་འབྲེལ་བའི་རབ་གནས་སོགས་བསྟན་འགྲོའི་དོན་རྒྱ་ཆེར་མཛད། གང་གི་སྐུ་རྒྱུ་རིན་ཅེན་རྡོ། །སྦྱིན་པོ་དོལ་མཐའི་གཞི་བདག་ཀྱང་། །(༥༧བ)


GLG009_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཉོན་སྒྲིབ་པ་ཀུན་བྱང་ནས། །རྡོ་རྗེ་འཆང་དབང་མྱུར་འགྲུབ་ཤོག །ཅེས་སྨོན་ལམ་འདེབས་པ་གནང་ཞིང་ས་ཕྱོགས་གང་དུ་ཕེབས་པའམ་བཞུགས་ཀྱང་རུང་འབྱུང་པོ་མི་མ་ཡིན་མཐུ་བོ་ཆེ་མཐའ་དག་སྲོག་སྙིང་མདོང་གསོལ་དུ་ཕུལ་ནས་བཀའ་བཞིན་བསྒྲུབ། དགོན་པ་ཤར་སྦུག་ཏུ་ངག་དབང་ལྷ་མོ་དབྱངས་ཅན་མའི་ལྗགས་བསྙེན་མཛད་པའི་ཚེ་མེ་ཏོག་དཀར་པོའི་ཆར་འབབ་དང་ཉེ་སྐོར་དུ་བརྡུང་མཁན་མེད་ཀྱང་པི་ཝང་གི་སྒྲ་སྙན་པོ་གསན་ཞིང་མཐར་ཞལ་མངོན་སུམ་དུ་བསྟན་ནས་ལུང་བསྟན་ཀྱང་ཐོབ། སྤྱིར་རིག་པའི་གནས་ལྔ་དང་བྱེ་བྲག་སྙན་ངག་ལ་ཐོགས་པ་མེད་པའི་རྣམ་དཔྱོད་ནི་སློབ་དཔོན་བསྟེན་ནས་ཡུན་དུ་སྦྱངས་ཀྱང་སྐམ་སྐམ་ཁྲིག་ཆགས་ཤིག་ལས་ཡོད་དཀའ་བར་ཐུགས་རྩོམ་གང་མཛད་སྙན་ངག་ཏུ་འགྲོ་བའི་བློ་གྲོས་ཀྱི་སྤོབས་པ་ནང་ནས་རྡོལ་བར་མངོན། ཐུབ་བསྟན་དགེ་འཕེལ་དུ་བཞུགས་པའི་དུས་རྡོ་རྗེ་འཆང་ཀུན་སྤངས་ཆོས་རྗེའི་རྣམ་ཐར་ཐུགས་རྩོམ་གནང་བའི་སྦྱར་བྱང་དུ་སྤྱིར་དམ་པ་འདིའི་རྣམ་ཐར་མཐའ་དག་ནི་སོ་སོ་སྐྱེ་བོའི་སྤྱོད་ཡུལ་མ་ཡིན་པར་གོང་དུ་བརྗོད་པ་དག་གིས་འགྲུབ་པ་དང་ཁྱད་པར་རྗེ་ཉིད་ཞལ་བཞུགས་དུས་གསོལ་བ་བཏབ་པའི་གསུང་ལས་ཀྱང་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དང་ངེད་དཔོན་སློབ་ཀྱི་རྣམ་ཐར་སུ་བྱུང་གི་བློ་ཡུལ་དུ་ཤོང་བ་མེད་གསུང་བས་བདག་ལྟ་བུ་བློ་གྲོས་ཆུང་ཞིང་སྦྱངས་པ་ཞན་ལ་བརྗེད་ངས་པས་ཇི་ལྟ་བ་བཞིན་བརྗོད་ནུས་པའི་སྤོབས་པ་མ་མཆིས་ཤིང་། ཞལ་སློབ་མཁས་པ་དང་གྲུབ་པའི་དབང་ཕྱུག་དུ་མ་བཞུགས་པ་རྣམས་ཀྱིས་མཛད་པ་འོས་སུ་འདུག་པས་མཛད་གྲུབ་པ་ཞིག་(༥༨ན)


GLG009_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

འོང་ངམ་སྙམ་སྒུག་སྡོད་ཡུན་རིང་པོའི་ངང་དུ་གནས་ཀྱང་གྲུབ་པར་མ་ཐོས་པའི་མཚམས་སུ་ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་ཀྱིས་ཅུང་ཟད་བསྐུལ་བའི་མཚན་ལྟས་ཀྱང་འདུག་ཅིང་གསུང་ངག་རིན་པོ་ཆེའི་བླ་མ་བརྒྱུད་པའི་རྣམ་ཐར་གྱི་ཁ་སྐོང་དང་། སྐལ་བ་དང་ལྡན་པའི་གང་ཟག་དག་གི་རྒྱུད་ལ་ཡེ་ཤེས་ཀྱི་བྱིན་རླབས་འཇུག་པའི་མཚམས་སྦྱོར་དུ་ཞེས་བྱུང་བའི་ངོ་མཚར་བའི་ལྟས་ནི་གསུང་རྩོམ་ཕྱག་བྲིས་མ་ལས། ཟླ་བ་དང་པོ་ལ་སྐྱེས་ཕོ་མོ་མང་པོ་ཚོགས་ཏེ་སྒྲོན་མེ་ཁུར་ནས་རྡོ་རིང་ཀུན་སྤངས་པའི་གྲ་པ་རྣམས་གར་སོང་འཚོལ་བ་ཡིན་ཟེར་ནས་ཁོ་བོའི་མདུན་ཕྱོགས་སུ་ཡད་ཡུད་མང་པོ་བྱེད་པ་ལ། ལན་དུ་རྗེའི་གྲ་པ་འདི་དང་འདི་ཞེས་བྱ་བ་མང་པོ་ཡོད་ང་ཡང་ཡིན་བྱས་པས་འོ་ན་རྣམ་ཐར་བཤད་རྒྱུ་ཡོད་དམ་ཟེར་བ་ལ་མེད་པ་སྙམ་བྱེད་ཅིང་ཤིན་ཏུ་ངོ་གནོང་བ་ཞིག་ལ་གཉིད་སད་བྱུང་ནས་སེམས་མི་བདེ་བ་སྙམ་བྱེད་པ་འགའ་བྱུང་། དེ་རྗེས་ཀྱི་ཟླ་བ་ཕྱི་མའི་ནང་དུ་ནུབ་ཅིག་རྨི་ལམ་དུ་བུད་མེད་སྣུམ་བག་ཅན་མང་པོ་བྲག་སྟེང་ཞིག་ན་ཚོགས་ཁུ་དིར་དིར་འདུག་པ་ལ་ལྟར་ཕྱིན་པས་དེ་རྣམས་ཐམས་ཅད་ཡི་གེ་འབའ་ཞིག་འབྲི་ཞིང་ཁ་མི་འཆམ་པའི་ཟི་རེ་བ་བྱེད་པ་ལ་དོན་གང་ཡིན་ལབས་པས། བུད་མེད་རྒན་མོ་བྱད་དམར་ཆམ་མེ་བ་སོ་འཛར་བ་ཞིག་ན་རེ། ངེད་རྣམས་ཁྱེད་ཀྱི་བླ་མའི་རྣམ་ཐར་རྩོམ་པ་ཡིན་ཟེར། ཁྱེད་རྣམས་ལ་རྒྱུས་ཡོད་དམ་བྱས་པས་པོ་ཏི་ཆེན་པོ་ཞིག་འདུག་པ་ལ་མཛུབ་མོ་བཙུགས་ནས་འདི་ཕག་མོ་གྲུ་པའི་རྣམ་ཐར་པོ་ཏི་ཡིན་འདིའི་ནང་ནས་འབྲི་བ་ཡིན་ཟེར། ཁྱེད་རྣམས་ག་ནས་ཡིན་བྱས་པས་ང་ནི་སློབ་(༥༨བ)


GLG009_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ལ་བ་པའི་དུས་ཀྱི་ལ་བའི་དུམ་བུ་ཟ་མཁན་གྱི་མཁའ་འགྲོའི་གཙོ་མོ་པདྨའི་དྲ་བ་ཅན་ཡིན། གཞན་གཞོན་ནུ་ཞིག་ལ་མཛུབ་མོ་བསྟད་ནས་འདི་སེང་གེའི་དྲ་བ་ཅན་ཡིན། གཞན་འདི་རྣམས་ཕྱོགས་བཅུ་ནས་འདུས་པར་འདུག་ཟེར་དེ་རྗེས་གཉིད་སད་བསམས་པར་རྗེ་བླ་མ་ཕག་མོ་གྲུ་པའི་རྣམ་སྤྲུལ་ཡིན་པ་ནི་ངེས་པ་ཅན་དུ་འདུག་སྙམ་པ་བྱུང་། དེ་ནས་ཞག་འགའ་སོང་བ་ན་ནུབ་གསུམ་བསྟུད་ནས་རྨི་ལམ་དུ་འདྲེ་མནན་གྱི་རྣམ་པ་ཡང་ཡང་དུ་འོང་བ་ཞིག་བྱུང་བས་འདི་འདྲའི་རིགས་ནེ་གུ་བ་རྣམས་རླུང་དབུ་མར་འཇུག་ཁ་མའི་འོད་གསལ་གྱི་རྟགས་སུ་བྱེད། མགོན་པོའི་རྒྱུད་དུར་ཁྲོད་ནག་པོ་ནས་གྲིབ་གནོན་ལྟ་བུར་འོང་བ་དང་ཞེས་ཆོས་སྐྱོང་གི་རྟགས་སུའང་བཤད། གང་ལྟར་དགེ་སྦྱོར་དུ་བསྲངས་པ་དྲག་སྙམ་པ་བྱས་པས་ནུབ་བཞི་པའི་རྨི་ལམ་དུ་སྔར་གྱི་བུད་མེད་དེ་བྱུང་ནས་ལག་ཏུ་སྣག་ཚ་ཐོད་པ་གང་དང་ལྕགས་སྨྱུག་ཅིག་གཏད་བྱུང་ནས་ངེད་རྣམས་ཀྱིས་གང་ལབས་ཀྱང་མི་གོ་བར་འདུག །མི་གཞན་གྱི་བླ་མའི་གྲ་པས་བླ་མའི་རྣམ་ཐར་འཆོས་ཀྱི་འདུག་ཟེར་བའི་འཕྲོ་ལ་གཉིད་སད་བྱུང་བས་ཁ་སང་ནས་ཀྱི་ལྟས་ཐམས་ཅད་འདིར་འདུག་པས་ད་སང་རང་ནས། རྗེའི་རྣམ་ཐར་རྩོམ་དགོས་སྙམ་པ་བྱས་ནམ་ལངས་དགེ་སྦྱོར་གྲུབ་ནས་གཉིད་ཟིར་ཙམ་བྱུང་བའི་རྨི་ལམ་དུ་ཆོས་ཁྲི་ཞིག་གི་སྟེང་ནས་བནྡེ་གཞོན་ནུ་ཞིག་གིས་སྐྱེས་རབས་དཔག་བསམ་འཁྲི་ཤིང་སྒྲོག་གིན་འདུག་པ་ཉན་མཁན་ཡིན་ཟེར་བུད་མེད་གཞོན་ནུ་མཆོར་མོ་མང་པོ་གླུ་ལེན་རྐང་བྲོ་བྱེད་ཀྱིན་འདུག་པ་རྨིས། སང་དེ་ནས་འགོ་བཙུགས་ནས་བརྩམས་པས་མ་གྲུབ་བར་ལ་རྗེ་བླ་མ་ལན་གསུམ་རྨིས་(༥༩ན)


GLG009_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་དགེ་བའི་ལྟས་མང་པོ་བྱུང་། ཚར་ཁར་འདོད་ཁམས་ལྷ་མོ་ཡིན་ཟེར་བའི་བུད་མེད་བོང་བུའི་རྣ་བ་ཡོད་པ་ཞིག་གིས་གཙོ་བྱས་མང་པོ་བྱུང་ནས་འདི་ལ་བཀའ་རྒྱ་ཞིག་ཀྱང་གྱིས་བསྟན་པ་ངེད་རང་གིས་བསྲུང་ཟེར་བ་བྱུང་ངོ་། །ཞེས་དེ་ལྟར་འདོད་ཁམས་དབང་མོས་རྣམ་ཐར་གྱི་མཇུག་ཏུ་བཀའ་རྒྱས་ཐོབ་ཅེས་གསོལ་བ་ལ་བརྟེན་ནས། དེ་ཀའི་མཇུག་ཏུ། ཉི་གཞོན་འོད་ཀྱིས་པད་ཚལ་འབྱེད། །ཀུ་མུད་མེ་ཏོག་ཟུམ་པར་བྱེད། །འོ་མ་སྐྱེས་བུའི་འཚོ་བ་དེ། །བྲང་འགྲོའི་སྲོག་འཕྲོག་ཧ་ལའི་བཅུད། །དེ་བཞིན་དམ་པའི་ངོ་མཚར་གཏམ། །སྐལ་བཟང་རྣ་བའི་ཨུཏྤལ་རྒྱན། །སྐལ་དམན་ལོག་རྟོག་ཅན་དག་གི །སྙིང་ལ་ཟུག་རྔུའི་བཅུད་ལེན་འགྱུར། །དེ་བས་གསང་ཆེན་གཏམ་འདི་ཡང་། །དད་དང་དམ་ཚིག་ལྡན་པ་དང་། །སྤྱོད་ལྡན་སྐལ་ལྡན་ཟུར་གནས་ལ། །སྟོན་གྱིས་སྐལ་དམན་དག་ལ་མིན། །ཞེས་བཀའ་རྒྱ་མཛད་ཅིང་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་ཅན་འདི་ནི་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་ཡབ་སྲས་རྣམས་ལ་དངོས་སུ་ཞལ་བསྟན་ཅིང་གསུང་གི་གནང་བ་སྩོལ་བའི་སྲུང་མའི་དབང་མོ་ཁྱད་པར་ཅན་དུ་སྣང་།རྟོགས་བརྗོད་འདི་ཉིད་གྲུབ་ནས་རྗེ་བཙུན་ཨ་ཝ་དྷཱུ་ཏཱི་པ་ཆེན་པོའི་སློབ་མའི་གཙོ་བོ་སྤྱོད་པའི་རྡོ་རྗེའི་རྣམ་འཕྲུལ་རྗེ་བཙུན་གྲོལ་མཆོག་ལ་གཟིགས་འབུལ་གནང་བའི་ལན་དུ། བློ་གསལ་མཁས་པའི་རྣམ་དཔྱོད་གསར་པའི་མདངས། །མཁྱེན་ཡངས་རྒྱ་མཚོའི་ལྕིབས་ཀྱི་དྲུང་ཕྱུང་སྟེ། །ངོ་མཚར་དད་པའི་སྤུ་ལོང་ཆེར་གཡོས་པས། །དམ་ཚིག་རྡོ་རྗེའི་མཆེད་པོ་གང་གི་(༥༩བ)


GLG009_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་། །ཀུན་ཏུ་དང་བའི་རྩེ་དགའི་ཡིད་གཅུགས་ཀྱིས། །རྣམ་གྲོལ་མཆོག་གི་གོ་འཕང་མ་ཐོབ་བར། །གང་ལ་གུས་པའི་ཏིང་འཛིན་ཡར་ངོའི་དཔལ། །སྙིང་ལ་རི་མོར་བྲིས་ཏེ་འདི་སྐད་ཞུ། །དཔལ་ལྡན་བླ་མ་ཨ་ཝ་དྷཱུ་ཏཱི་པའི། །རྣམ་ཐར་ལེགས་བཤད་བྱེ་བའི་རང་བཞིན་ཅན། །མཐོང་ཚེ་མགོན་པོ་ཉིད་དང་སྲས་ཐུ་བོ། །གཉིས་མིན་ཡིད་ལ་བསམ་པའི་ལྷག་བསམ་རྙེད། །སངས་རྒྱས་ངོ་བོར་གཟིགས་པའི་བདེན་པའི་བཀའ། །ཐོག་མཐའ་བར་དུ་སྙན་ཚིག་སྤེལ་ལེགས་ཀྱིས། །སྨྲ་མཁས་འཇམ་མགོན་དཔའ་བོའི་སྒྲ་དབྱངས་ལ། །ཚིམ་པར་མི་འགྱུར་འདི་ན་བློ་ལྡན་སུ། །ཞེས་ཚིགས་སུ་བཅད་པའི་འཕྲེང་བར་ཕུལ་ནས་སླར་ཡང་ཕུལ་བའི་སྙིང་པོ་བསྡུ་བ་རྗེ་བཙུན་ཨ་ཝ་དྷཱུ་ཏཱི་པ་ཆེན་པོ་འདི་ཉིད་ལ་ཞལ་སློབ་གཙོ་བོར་དཔལ་ས་སྐྱ་པ་ངག་གི་དབང་པོ་སོགས་ཆེ་དགུ་ཇི་སྙེད་ཅིག་མཆིས་ཀྱང་དབྱིངས་ལ་ཡེ་ཤེས་ཀྱི་རྒྱས་ཐེབས་པ་ནི་རྡོ་རྗེའི་མཆེད་པོ་གོང་མ་ཁྱེད་ཉིད་ལས་གཞན་དུ་མི་སེམས་པའི་དད་གུས་སྙིང་ལ་བཅགས་པའི་ཆ་རྒྱ་ཆེར་འཕེལ་བའི་སྐབས་ཉིད་དུ་གྱུར་ལགས་ཞེས་བསྟོད་སྔགས་བཀུར་གསུམ་གྱི་ཞུ་ལན་འཕྲོད་པའི་ལན་དུ། ལེགས་བཤད་ཀུན་དགའི་དཔལ་སྟེར་མཁས་པའི་རྗེ། །རྣམ་གྲོལ་བདུད་རྩིས་མྱོས་པ་གྲུབ་པའི་དབང་། །རྗེ་བཙུན་བླ་མའི་ཐུགས་སྲས་ཀུན་གྱི་མཆོག། གང་དེའི་ཞབས་སེན་པདྨོ་བཞད་པའི་དྲུང་། །དམ་པའི་ངོ་མཚར་མ་ལ་ཡ་རླུང་གིས། །སྙིང་དབུས་བདུད་རྩིའི་རླབས་འཕྲེང་སྟོང་གཡོ་བའི། །བློ་གསལ་ཡིད་བཞིན་རྒྱ་མཚོའི་འཇིང་དབུས་ནས། །ཞུ་མཆིད་སྤྲིན་དཀར་དགའ་མ་འདི་སྤྲོས་སོ། །ཀྭ་ཡེ་ལྷག་བསམ་(༦༠ན)


GLG009_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་ཤེལ་བཞུ་བའི་འོད། །སྙན་ཚིག་བདུད་རྩིས་ཁེངས་པའི་ཟིལ་དངར་ཅན། །དཀར་གསལ་ཆུ་འཛིན་བུ་མོ་བཞད་ལྡན་མ། །ཞུ་འཕྲིན་དབྱར་སྐྱེས་རྫ་རྔ་འདི་སྐད་ཞུ། །ཨ་ཧོ་དྲིན་ཅན་བླ་མའི་ཐུགས་ཀྱི་སྲས། །བྱང་ཕྱོགས་འདི་ན་ནག་པོ་སྤྱོད་པ་ཞེས། །སྙན་པའི་གྲགས་དཀར་གཡོ་བའི་མཁས་གྲུབ་དབང་། །དམ་ཚིག་རྡོ་རྗེའི་མཆེད་དེའི་བཀའ་ཡིག་གི །མཚམས་སྤྲིནབློ་མཚོར་ཤར་བས་སྙིང་མྱོས་ཀྱང་། །ཟླ་ཞལ་མཇལ་བའི་དགའ་སྟོན་མ་ཐོབ་པས། །སྙིང་ལ་ཁྱོད་སྐུའི་སྣང་བརྙན་འབྲི་བྱེད་ཅིང་། །བསམ་གཏན་ཟོལ་གྱི་བདག་པོར་ངལ་གསོ་བགྱི། །ནམ་ཞིག་མཁས་པའི་ཟླ་རིས་གཞོན་ནུ་དེ། །འདྲེན་བྱེད་རི་བོའི་སྤོ་ལ་ཤར་བའི་ཚེ། །སྙིང་གི་ཀུ་མུད་འཛུམ་དཀར་བཞད་བྱེད་ཅིང་། །ཟབ་དབྱངས་བདུད་རྩིའི་རྒྱུན་གྱིས་སིམ་པར་སྨོན། །སྐབས་ཀྱི་ཞུ་མཆིད་སྙིང་པོར་གསོལ་ན་གེ་རེ་ལྷ་ཁང་དུ་གནས་དུས། སྟོད་ལུང་ནས་བཀའི་གླེགས་བུ་སྐྱེས་བཅས་རྗེ་བླ་མའི་རྣམ་ཐར་རྣམས་ཕྱག་རྒྱས་མཚན་པ་ཕེབས་པས་དངོས་སུ་མཇལ་བ་ལྟ་བུའི་སྤྲོ་དགའི་བདུད་རྩི་གསར་པས་ཡིད་ཀྱི་ཆུ་གཏེར་ཅི་ཡང་གང་བར་གྱུར་ལགས། ཕེབས་དོན་གྱི་ཆ་ལ་བསམས་དུས་རྗེ་བཙུན་བླ་མ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ལ་ཞལ་སློབ་སྔར་དག་པའི་ཞིང་དུ་གཤེགས་པ་འཇམ་དབྱངས་ངག་གི་དབང་ཕྱུག་རྗེ་བཙུན་ཀུན་དགའ་ལེགས་པའི་ཞབས་ལ་སོགས་པ་རྒྱལ་བའི་རྣམ་པར་འཕྲུལ་པས་འགྲོ་བའི་དོན་མཛད་པ་ཁོ་ན་ཡིན་སྙམ་པ་ཡོད་ཅིང་། ད་ལྟའང་དམ་པ་ཉིད་ལྟ་བུ་མཁས་པ་དང་གྲུབ་པའི་བདག་ཉིད་ཇི་སྙེད་ཅིག་བཞུགས་བཞིན་དུ་བདག་ལྟ་བུ་རྣམ་ཐར་རྩོམ་པ་སོགས་(༦༠བ)


GLG009_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྲོས་པ་བྱེད་ན་རང་གཞི་མེད་ཀྱི་རློམས་པར་འདུག་ལགས་ནའང་། བཀའ་དྲིན་བདག་རང་ལ་ཆེ་བ་ཞིག་ལགས་ཏེ། བདག་བླུན་པོ་ལུག་བོང་ལྟ་བུ་འདི་དུས་ད་ལྟ་དམ་པའི་ཆོས་བྱེད་འདོད་དང་ཉམས་སུ་ལེན་ཚུལ་ཆ་ཙམ་ཤེས་པ། ལྟར་སྣང་མི་ཁྱུར་ཆུད་ཙམ་འདི་རྗེའི་བཀའ་དྲིན་ཁོ་ན་མ་གཏོགས་མེད་པས་བཀའ་དྲིན་དྲན་པས་བྱུང་རྒྱལ་དུ་བརྩམས་པ་ལགས་ནའང་ལེགས་འདུག་གསུང་བའི་མདོང་གསོལ་ཕེབས་པས་དམ་པ་ཉིད་ལྟ་བུས་གཡོ་སྒྱུ་དང་གཅམ་བུའི་ཟོལ་ཟོག་གསུང་བ་མི་སྲིད་པས། ཅུང་ཟད་མགྲིན་པའི་གཟེངས་བཏེག་ནས་རང་གིས་རང་ལ་ཐེ་ཚོམ་དུ་གྱུར་ལགས། སླད་ཀྱི་ཞུ་བ་སྐྱེ་རྒུ་རྣམས་ཀྱི་ཕན་བདེ་མཐའ་དག་རྒྱལ་བའི་བསྟན་པ་ཁོ་ན་ལ་རག་ལས་ལ་དེ་ཉིད་འཛིན་པ་ལ་དེང་སང་གངས་ཅན་གྱི་ལྗོངས་འདི་ན་མཁས་ཤིང་དངོས་གྲུབ་ཀྱིས་ཀྱང་བརྒྱན་པ་འཕྲིན་ལས་ཀྱི་ཐ་གྲུ་ཡངས་པ་སོགས་དགེ་མཚན་དུ་མས་མངོན་པར་མཐོ་བ་དམ་པ་ཁྱེད་ལྟ་བུ་མཆིས་པས་སྐུའི་འཚོ་བ་ཡུན་རིང་དུ་བརྟན་པའི་ཐབས་རྣམས་ལ་ཆེད་དུ་ནན་ཏན་དང་རིས་མེད་པའི་འགྲོ་བ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་དུ་གསོལ། བདག་ཀྱང་སྐབས་སྦྱར་ཞལ་གྱི་དཀྱིལ་འཁོར་ལྟ་ཞིང་གསུང་གི་འབེལ་བའི་གཏམ་གྱི་བདུད་རྩི་མྱང་བར་སྙིང་ནས་སྨོན་ལམ་ཞུ་ཞིང་། དེ་བར་དུ་དབེན་པའི་རི་སུལ་བསྟེན་ཚུལ་སོགས་ཀྱི་སྙིང་གཏམ་སྙན་ངག་གི་ལམ་ནས་དྲངས་པ་སྣང་བར་ཤར་ནའང་དགེ་སྦྱོར་གྱི་བོགས་འདོན་དུ་ཆེ་བ་ཞིག་འོང་སྙམ་པའི་དད་པ་དང་དག་སྣང་གཞན་དང་མི་འདྲ་བ་ཞིག་ཡོད་པའི་བཀའ་དྲིན་ཞུ་ཞུ། ཞེས་(༦༡ན)


GLG009_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཆབ་ཤོག་ཏུ་བྱུང་བའི་བརྗོད་དོན་གྱིས་རྟོགས་པར་ནུས། དེ་ཡང་དུས་སྔ་ཕྱི་གསོལ་འདེབས་སུ་ཕྱོགས་བསྡེབས་ལས་རྣམ་ཐར་འདི་རྗེ་སྒོ་རུམ་པ་དག་ཞིང་དུ་གཤེགས་རྗེས་མཛད་པར་དངོས་སུ་བསྟན་པས་གཞན་ལའང་མཚོན་ནོ། །དགུང་ལོ་སོ་བརྒྱད་ཀྱི་བར་དུ་ཕལ་ཆེར་ཐུབ་བསྟན་དགེ་འཕེལ་དུ་སྟན་ཆགས་ཤིང་སྟོད་ཕྱོགས་ཀྱི་སའི་ཆ་ངེས་མེད་དུ་ཞབས་ཀྱིས་བཅགས་སྐྱ་སེར་འགྲོ་བ་མཐའ་ཀླས་པའི་རེ་འདོད་སྐོང་བཞིན་པ་ནས་ཕལ་ཆེར་ལྷ་སྔགས་ཡེ་ཤེས་ཀྱི་ཐུགས་དམ་ཟབ་མོའི་ངང་ནས། དབང་འཁྲིད་ལུང་མན་ངག་གིས་སྐལ་ལྡན་གྱི་སློབ་མ་རྗེས་སུ་འཛིན་པ་དང་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ་སོགས་བསྟན་བཅོས་མཛད་པས་མཚོན་འཁོར་ལོ་གསུམ་གྱི་བསྟན་པ་སྤྱི་དང་བྱེ་བྲག་ཁའུ་པའི་རིང་ལུགས་ཕྱོགས་བརྒྱར་འཕེལ་བར་མཛད། མང་མཁར་མུ་གུ་ལུང་དུ་སྐད་གཉིས་སྨྲ་བ་ལོ་ཆེན་འབྲོག་མིའི་སྐུ་འདྲ་རིན་པོ་ཆེ་མཇལ་བར་ཕེབས་པའི་དུས་སྐུའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་འཕྲོས་ཏེ་ཐུགས་ཀར་ཐིམ་པས་ཟག་མེད་ཀྱི་བདེ་བ་ཆེན་པོ་ལ་ཡུན་རིང་ཞིག་གི་བར་ཆམ་གྱིས་གནས་པར་གྱུར་ཏོ། །རིས་མེད་ཡིད་འགུགས་ཐུགས་རྗེ་མིག་གི་དཀྱུས། །རིང་ཡང་མྱོས་ལྡན་གཞོན་ནུའི་སེན་རྗེས་ཤུལ། །ལྷག་བསམ་ནུ་མར་འདུད་པའི་ཟླ་བཞིན་མར། །མངོན་འདོད་རྩེ་དགའ་གཏོང་མིན་དངོས་པོའི་གཤིས། །སློབ་བཤད་བདུད་རྩིར་སྤྱོད་འཁུའི་ལྷ་མིན་མགྲིན། །ལུང་རིགས་ཚངས་པའི་འཁོར་ལོས་རབ་ཕུག་ཀྱང་། །ཐར་སྲོག་མི་ཆད་ཆ་མཐུན་ཟིལ་མངར་ཁོང་། །སོང་འབྲས་ཨ་ཧོ་རྫོགས་མྱང་སྐལ་བཟང་དཔྱིད། །(༦༡བ)


GLG009_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གསུམ་མེ་ཡིས་ལོག་འདྲེན་འདོད་ལྷའི་ལུས། །རབ་བསྲེག་ལེགས་ལྡན་མགྲིན་སྔོན་རལ་པའི་རྩེར། །དབང་ཆུའི་བརྒྱུད་པ་ཆད་མེད་ཚེས་ཞག་ཏུ། །འཆར་བའི་ཟླ་ཟེར་ཕན་བདེའི་ཀུནྡ་བཞད། །ལུང་རྟོགས་རིན་ཅེན་མི་འཛད་འབྱུང་བའི་གཏེར། །ཟབ་རྒྱ་གཉིས་སྤངས་ཞབས་ཀྱི་རྣམ་པར་ཐར། །རྩོམ་པར་ལྷ་དང་མཁའ་འགྲོས་བརྡ་ཐབས་ཀྱིས། །བསྐུལ་བའི་སྒྱུ་འཕྲུལ་ངོ་མཚར་རྨད་པོ་ཆེ། །རྗེས་འབྲངས་ཉི་ཟླའི་འོད་སྣང་སྒྲ་སྐད་ཀྱིས། །མ་ཕྱེས་རྟོགས་བརྗོད་བ་ཀུ་ལ་ཡི་ཁ། །དད་བརྩོན་མཁྱེན་རབ་མཛེས་མའི་འགྲམ་ཆང་གིས། །ཕྱེ་ཚེ་ལེགས་བཤད་ཟེའུ་འབྲུ་གཡུར་དུ་ཟ། །སྤྱོད་པའི་རྡོ་རྗེ་གཟུགས་གཞན་ཡོངས་བསྒྱུར་དང་། །རྣལ་འབྱོར་དབང་ཕྱུག་བླ་གོས་མནབས་པ་གཉིས། །ཕན་ཚུན་དག་པ་འབྱམས་ཀླས་སྣང་བ་ཡིས། །ཐ་མལ་འཛིན་པའི་ཀུན་རྟོག་མིང་དུ་ཟད། །གསོལ་འདེབས་ལས། ཤར་ཕྱོགས་ནོར་འཛིན་ལམ་ལ་ཞབས་བཀོད་ཚེ། །རྣམ་དཀར་ཐོག་མའི་རྟེན་འབྲེལ་མཐའ་དག་འགྲིག །གྲུབ་པའི་གནས་མཆོག་སག་ཐང་ཇོ་ནང་སོགས། །རིམ་པར་ཞབས་ཀྱིས་བཅགས་ལ་གསོལ་བ་འདེབས། །ཞེས་སྒྱུར་བྱེད་ཅེས་པ་ས་མོ་ཕག་གི་ལོ་དགུང་ལོ་སོ་བརྒྱད་ཀྱི་དུས་ཡུལ་དབུས་སྨན་ལྗོངས་དགའ་བའི་ཚལ་གྱི་གཞི་ཆེན་པོར་ཞབས་ཟུང་འཁོར་ལོས་མཚན་པའི་རེ་ཁཱ་བཀོད་ནས་ལོ་གཉིས་ཙམ་གྱི་བར་དུ་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པའི་སྐོར་གྱི་མང་མཁར་ནས་ཆིབས་ཁ་བསྐྱོད་དེ་འབྲས་ཡུལ་སྐྱེད་མོས་ཚལ་དུ་ཕེབས་པའི་བར་རང་གི་རྟོགས་བརྗོད་ལམ་གླུ་དཔྱིད་ཀྱི་རྒྱལ་མོའི་དགའ་སྟོན་ཞེས་ཚིག་དོན་ཕུན་སུམ་ཚོགས་ཤིང་བྱིན་(༦༢ན)


GLG009_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཀྱི་གཟི་བྱིན་འོད་དུ་འབར་བའི་ཚིག་སྦྱོར་མ་ཉམས་པ་ལ་བར་སྐབས་སུ་གསོལ་འདེབས་དང་སྟོང་ཐུན་དགོས་ངེས་འདྲ་སྦྱར་བ་ནི་འདི་ལྟ་སྟེ། ན་མཿསརྦ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱཿ ཕྱི་ལྟར་ན་ཕྱོགས་མེད་ཀྱི་བནྡེ། ནང་ལྟར་ན་གསང་ཆེན་གྱི་སྔགས་འཆང་། གསང་བ་ལྟར་ན་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་རྡོ་རིང་ཀུན་སྤངས་པ་ཞེས་ཡོངས་སུ་གྲགས་པ་དེའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང་། ཆོས་དབྱིངས་བདེ་བ་ཆེན་པོའི་ངང་དུ་རོ་གཅིག་ཀྱང་། ཆོས་ཅན་གདངས་འགགས་མེད་ཀྱི་རོལ་རྩེད་ཐ་དད་དུ་ཤར་བ། རྗེ་དེ་ཉིད་ཀྱི་ཞབས་ཀྱི་པདྨ་གཙུག་གིས་བསྟེན་ཅིང་། བཀའ་དྲིན་ཆེན་པོས་འཚོ་བའི་འཕྲིན་ལས་ཀྱི་འཁོར་ལོས་སྒྱུར་བའི་བཀའ་འབངས་རིག་སྔགས་འཆང་བའི་བནྡེ་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། ད་ལྟ་མིང་ཡོངས་སུ་གྲགས་པ་ཚར་པ་ཆོས་རྗེ། དོན་ལ་ཅི་མེད་ཀྱི་བྷུ་སུ་ཀུ། ཡུལ་ཕྱོགས་མེད་དུ་རྒྱུ་བའི་སྤྲང་པོ་ཡན་པ་བློ་བདེ་ཞེས་བྱ་བ་དེས། ཡུལ་འདར་སྟོད་མང་མཁར་གྱི་ཕོ་བྲང་དུ་སྐྱེ་བ་མེད་པ་ལ་སྐྱེ་བའི་ཆོ་འཕྲུལ་བསྟན། གྲུམ་སྟོད་ཁའུའི་བྲག་ལ་སྒོམ་རྒྱུ་རྡུལ་ཙམ་མེད་པ་ལ་སྒོམ་པའི་རོ་མྱངས། རྒྱལ་ཁམས་ཕྱོགས་མེད་ཀྱི་བཞི་མདོར་རང་དོན་གྱི་དགོས་པ་ཅི་ཡང་མེད་བཞིན་དུ་ཉིན་མཚན་ཡང་ཡུད་དུ་འགྲོ་བའི་དགོས་དོན་མང་པོ་སྤྱོད་ཅིང་གནས་པ་ལས། བྱེ་བྲག་ཏུ་རང་ལོ་སུམ་ཅུ་སོ་བརྒྱད་ཡན་ལ་ཡུལ་དབུས་ཀྱི་སྨན་ལྗོངས་སུ་ལན་གསུམ་ཕྱིན་པའི་དང་པོ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་པར་སྤྲུལ་པ་རྗེ་ངག་དབང་གྲགས་པའི་ཞབས་ཕྱིར་འབྲངས་ཏེ་ཕྱིན་ནས་ལོ་བརྒྱད་ཙམ་བསྡད། བར་པ་ལ་ས་སྐྱ་པའི་བསྟན་པའི་(༦༢བ)


GLG009_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་བདག་སྤ་ར་བས་གསུང་ངག་བླ་མ་བརྒྱུད་པའི་གསེར་སྐུ་བཞེངས་པའི་རབ་གནས་ལ་ཕྱིན་ནས་ཟླ་བ་དྲུག་ཙམ་བསྡད་དེ་མགྱོགས་བསྐོར་བྱས། དེ་དག་གི་ལོ་རྒྱུས་རྣམས་བཤད་ན། དགའ་བ་ལ་བསམས་ན་ནམ་ལངས་པ་འདྲ་བ། སྐྱོ་བ་ལ་བསམས་ན་ས་རུབ་པ་འདྲ་བ། བཏང་སྙོམས་པ་བྱང་ཐང་སྐྱ་མོ་ལ་གར་བྱེད་པ་འདྲ་བ་ཇི་སྙེད་ཅིག་ཡོད་པ་ལབས་ཀྱང་སྤྲང་པོའི་གླུ་ལ་ཉན་མཁན་མེད་པས་དགོས་པ་ཆུང་བས་རྒྱབ་ཏུ་སྐྱུར་ལ་ཞོག །ལན་གསུམ་པ་རང་ལོ་སོ་བརྒྱད་པའི་དུས་སུ་ཕྱིན་ནས་ལོ་གཉིས་ཙམ་བསྡད་དུས་ཀྱི་འཕྲོས་གཏམ། ཡས་ཕྱིན་གྱི་ལམ་དུ་ཇི་ལྟར་བྱུང་བའི་ཚུལ་གྱི་རྟོགས་བརྗོད་ལམ་གླུ་དཔྱིད་ཀྱི་རྒྱལ་མོའི་དགའ་སྟོན། ཀུ་མུ་ད་གསར་པ་ཁ་བྱེ་བ་འདྲ་བ་འདི་ཉིད་སྨྲས་པ་ལ་ཆེད་དུ་དགོས་པ་ཆེན་པོ་མི་འདུག་སྟེ། གསང་དགོས་པའི་མཚང་ཡང་མེད་པས། སྣང་བ་གདོང་འདེད་གཞིར་བཞག་ལ། ད་ལམ་ལབ་པ་ངོས་འདི་སྣང་བ་ལ་ཤར་བྱུང་བས་གསན་པ་ཞུ་ཞིག །དེ་ཡང་། དེ་གོང་ཕྱིན་དུས་གྲ་རིགས་སྦྱིན་བདག་སོ་སོར་ཡོང་བའི་ཁས་ལེན་ཀྱང་བྱས་ཡོད་པ་དང་། རྗེས་སུ་རིམ་པར་ནན་ཏན་གྱི་འབོད་མི་འཕྲལ་དུ་བྱུང་བ་དང་། འདུལ་བར་འོས་པའི་སྣོད་ལྡན་གྱི་གདུལ་བྱ་འགའ་ཞིག་ཀྱང་འདུལ་བའི་དུས་ལ་བབ་འདུག་ཅིང་། རང་ཉིད་ཀྱང་ཡུལ་ཕྱོགས་མེད་ཀྱི་བདུད་རྩི་བསྟེན་ན་ནང་དུ་སེམས་ཉིད་ལ་འགྱུར་བ་ཆེན་པོ་ཞིག་འོང་ཤས་ཆེ་བས། དེ་སྔ་ཕྱིན་པའི་དུས། སྦྱིན་བདག་གིས་རྟ་དྲེལ་གྱིས་བསྐྱེལ་བསུ་བྱས་བའི་ཚེ། རྟ་རྫི་དྲེལ་རྫི་མིང་ངན་བསམ་པ་ཆུང་ཞིང་ལྟོགས་འདོད་ཆེ་བ་རྣམས་ཀྱི་ངོ་མི་ཟིན་བཞིན་དུ་འཛིན་དགོས་པ་དེ་སུན་ལ་སྐབས་སུ་མི་བབ་པ་ཞིག་འོང་གིན་འདུག་པ་དང་(༦༣ན)


GLG009_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ལམ་བར་རྣམས་སུ་ཡང་སྔར་ཆོས་འབྲེལ་ཡོད་པ་དང་། ད་ཆོས་ཞུ་འདོད་ཀྱི་བླ་མ་མཇལ་བ། གནས་བཟང་པོ་དང་རྟེན་ཁྱད་པར་ཅན་མཇལ་བ་སོགས་དགོས་དོན་ཐམས་ཅད་བློས་བཏང་ནས། བདེ་གཟར་ཆེན་པོ་འཁྲུག་ཁ་མའི་གསེར་ཡིག་པ་བཞིན་དུ་ནམ་ལངས་ས་རུབ་དྲེལ་ཁལ་གྱི་རྗེས་ལ་ལམ་གཞུང་བསྲངས་ནས་ཐལ་མར་རྒྱུག་དགོས་པ་དེ་ཡེ་ཡིད་ལ་མི་འབབ་པ་ཞིག་བྱུང་བས། བྱ་བྲལ་འགྲོས་ཀྱི་འགྲོ་བར་བརྩམས་ཏེ་ཕག་གི་ལོ་ཧོར་ཟླ་ལྔ་པའི་དུས། ས་གཞི་རྣམས་མརྒད་གསར་པས་བྱུགས་པ་ལྟར་རྩྭ་སྔོན་གྱིས་སྔོ་འཇམ་དུ་གྱུར་ཅིང་། ཨིནྡྲ་ནཱི་ལའི་རྒྱ་མཚོ་གློ་བུར་དུ་རྡོལ་བ་ལྟར་ཆུ་བོ་དང་ཆུ་ཕྲན་མཐའ་དག་རབ་ཏུ་རྒྱས་ཤིང་རླབས་འཕྲེང་གིས་མཛེས་པའི་ལྦུ་བའི་འཛུམ་དཀར་ཕྱོགས་བརྒྱར་རྒོད་པ། སྐྱེ་བོ་རྣམས་དཔྱིད་ཀྱི་དུས་སྟོན་བཟང་པོ་ལ་བབས་པས་དགའ་ཞིང་ཆགས་པའི་རྣམ་འགྱུར་ཤས་ཆེར་སྟོན་པའི་རི་ཀླུངས་ཀུན་ཁྱབ་པར་གླུ་དབྱངས་དང་རྒོད་སྒྲ་འབྲེལ་མར་རྒྱུ་བའི་ཚེ། གདན་འདྲེན་གྱི་ཕོ་ཉ་དང་བཅས་པའི་ངེད་དཔོན་སློབ་ལྔ་ཕག་གསུམ་ཙམ་ཡོད་པ་ཐམས་ཅད་ཧ་ཅང་རྒན་པ་དང་གཞོན་པ་མ་ཡིན་པར་ལང་ཚོ་དར་ལ་བབ་པ། དགེ་སྦྱོང་ལ་འོས་པའི་ཆ་ལུགས་ངུར་སྨྲིག་གི་རྒྱལ་མཚན་ཞེ་གཅིག་པ། ཆེད་དུ་སྤོང་བ་ལྷུར་ལེན་པའི་མཚོན་བྱེད་རས་དཀར་གྱི་ལྕོག་པུ་གངས་རིའི་དུམ་བུ་ཚལ་དུ་ཆད་པ་འདྲ་བ་རེ་དང་། རྦ་དབྱུག་དཀར་པོ་དུང་གི་ཚུགས་ཤིང་ལྟ་བུ་རེ། བསམ་གཏན་གྱི་འབོལ་ཆུང་ཁ་གང་མ་གྲ་ཟུར་མ་ཉམས་པ་རེ། གྲ་ཆུང་དང་གྲ་ཕད་ཟུར་གསུམ་པདྨ་རཱ་ག་དང་པདྨའི་རྩ་བ་ཐོགས་སུ་བཏགས་པ་ལྟ་བུ་རེ། སྐལ་(༦༣བ)


GLG009_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་རྗེས་སུ་འཛིན་པའི་སླད་དུ་སྙན་བརྒྱུད་ཟབ་མོའི་བེ་བུམ་པོ་ཏི་རེ་དང་བཅས་པ་ཁུར། ཁོ་བོ་ཅག་རྐང་འགྲོས་ཀྱིས་བུལ་བས། རྟ་སྔོན་པོ་བརྟན་བརླིང་འཛོམ་པ་སྒ་སྲབ་ལ་སོགས་པ་དཀྱུས་ཐུབ་པ་ཞིག་ལ་ཞོན། ཐུབ་པས་དབྱར་གྱི་རས་ཆེན་གནང་བ་དང་མཐུན་པའི་ཆར་སྐྱོབ་ཀྱི་རས་ནམ་ཐང་ཡུག་པོ་ཆེ་མུ་མེན་གྱི་མཐའ་འཇག་བཏང་བ་ལྟ་བུ་ཞིག་གྱོན། མང་མཁར་ཐུབ་བསྟན་དགེ་འཕེལ་གྱི་དགོན་པ་ནས་ཆས་ཏེ། རང་གི་བསྟི་གནས་སུ་ཅུང་ཟད་ངལ་གསོས། འདར་སྟོད་རྣམ་རྒྱལ་སྟག་རྩེའི་ཕོ་བྲང་གི་འདུན་སར་མཆོད་རྟེན་གྱི་རབ་གནས་དང་དགའ་སྟོན་བསྒྲུབས་ཏེ་རིམ་པར་ཆས་པ་ནི་འདི་ལྟར་རོ། །ཡིད་འོང་མཚོ་ཆེན་ངོགས་སུ་ཆས་པ་ཡི། །དཔལ་ལྡན་ངང་པའི་རྒྱལ་པོ་འདབ་བཟང་དབང་། །ངུར་པ་བྱེ་བས་བསྐོར་བའི་མཛེས་སྡུག་ནི། །མཁའ་ལ་ལི་ཁྲིའི་རྡུལ་དམར་འཁྲིགས་པ་ལྟར། །དེ་བཞིན་བསྟན་དང་འགྲོ་བའི་དོན་ཆེན་ལ། །རིངས་པར་ཆས་པའི་རྣལ་འབྱོར་ཀུ་སཱ་ལི། །ངུར་སྨྲིག་འཛིན་པའི་སློབ་འཁོར་དང་བཅས་པ། །ཡུལ་དབུས་འཛིན་མའི་སྨན་ལྗོངས་ཡངས་པར་ཆས། །གང་དེ་མཐོང་བའི་སྐལ་བཟང་གཞོན་ནུ་རྣམས། །བདེ་སྐྱིད་ཕྱི་མ་བདེ་བའི་རྣམ་ཐར་ཅན། །འདི་འདྲའི་རྗེས་སུ་ང་ཡང་ཁྲིད་ན་སྙམ། །ཡིད་ཀྱིས་རེ་སྨོན་ཅི་ཡང་འདེབས་པར་བྱེད། །དེའི་ནུབ་ཧ་ཅང་མི་རིང་བའི་གྲོང་ཁྱེར་དོན་གྲུབ་གླིང་ཞེས་བྱ་བར་སྐྱེད་ཚལ་ལྗོན་ཤིང་གི་དོ་ར་འཁྲིགས་པ་ཞིག་འདུག་པ་དེར་ལྕོག་གྲ་རྣམས་སྤྲིན་དཀར་གྱི་འཕྲེང་བ་ཚར་དུ་དངར་བ་ལྟར་བརྒྱབ། ཆོས་སྤྱོད་ཀྱི་རིམ་པ་འབྲུག་གི་སྒྲ་ལྟར་དུ་ལྡིར། རྒྱ་ཇ་བཟང་པོ་ངར་ངད་འཛོམ་པའི་(༦༤ན)


GLG009_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བཏུང་བ་དབྱར་གྱི་ཆུ་མཚོ་ལྟར་ཆལ་ཆིལ་དུ་ལོངས་སྤྱོད་ཅིང་གནས་པའི་ཚེ། དེའི་དགོན་པར་ཆོས་རྗེའི་དྲུང་གིས་ངེད་དཔོན་སློབ་འགའ་གདན་དྲངས་གཞིས་ལེན་ཤངས་ལེན་བཟབས་མ་མཛད། ནང་སོ་དང་སྔར་འདྲིས་ཀྱི་གྲ་པ་རྣམས་ཀྱིས་ཀྱང་ཇ་འདྲེན་སོགས་ལེགས་ཚོགས་ཀྱི་རྟེན་འབྲེལ་ཐོག་མར་འགྲིག་པ་བྱུང་། དེ་སྔ་ཡན་ཆར་དཀོན་ཙམ་ཡོད་པ་ལ། དེ་རྗེས་ངེད་དཔོན་སློབ་རྣམས་སོ་སོར་དགོངས་ཐུན་གྱི་རིམ་གཉིས་ཀྱི་རྣལ་འབྱོར་ལ་འཇུག་པར་རྩོམ་པ་ན། ཕྱོགས་ཐ་གྲུ་ནས་ཆར་སྤྲིན་དལ་བུ་གཏིབས། འབྲུག་སྒྲ་ཟབ་མོའི་སྒྲ་དབྱངས་དང་བཅས་པའི་ཆར་གྱི་རྒྱུན་ཆེན་པོ་བབས་པས། འབྲུ་བཅུད་རྣམས་རབ་ཏུ་སོས་ཤིང་སྐྱེ་བོ་རྣམས་ཡིད་དགའ་བདེས་འཚོ་བར་གྱུར་ཏོ། །བྷུ་སུ་ཀུ་རེ་ལམ་དུ་ཆས་པའི་ཚེ། །དེ་ཡི་གཙུག་རྒྱན་རྗེ་བཙུན་ཁའུ་པའི། །ཐུགས་རྗེའི་དགེ་མཚན་འོད་ཟེར་སྟོང་འཕྲོས་པས། །རྒྱ་མཚོའི་ཀླུ་རྣམས་དགའ་བའི་ཟློས་གར་ལས། །ཕྱོགས་ཀུན་ཆར་སྤྲིན་གསར་པས་ཆེད་དུ་གཏིབས། །སྤྲིན་རུམ་ནང་ནས་འབྲུག་སྒྲ་དལ་གྱིས་རྒོད། །གློག་འཕྲེང་གཞོན་ནུའི་གོ་སྐབས་དབྱེ་བ་ཡི། །ཡིད་བཞིན་སྤོས་ཆུའི་ཆར་ཆེན་དེང་འདིར་བབས། །ལོ་ཏོག་རྩི་ཤིང་ཉི་གཞོན་གྱིས་ཕྱེ་བའི། །པདྨོ་ཇི་བཞིན་ཕྱོགས་བཅུར་འཛུམ་དཀར་གཡོ། །མི་རྣམས་སྦྲང་རྩིས་མྱོས་པའི་བུང་བ་བཞིན། །རབ་ཏུ་དགའ་བའི་དར་དིར་གླུ་དབྱངས་ལེན། །ཞེས་བཀའ་སྩལ་པས་ཆར་རྒྱུན་གྱིས་འཛིན་མ་རྣམས་བརླན་ཏེ་མྱུ་གུའི་འཚོ་བ་སྐྱེད་བསྲིང་བའི་སྔོན་འགྲོའི་རྟེན་འབྲེལ་འགྲིག་པའང་སྤྱིར་དམ་པ་འདི་གང་དུ་བྱོན་པའི་སར་ཡུལ་ཁམས་བདེ་ཞིང་བཀྲ་ཤིས་པར་འབྱུང་བ་ཆོས་ཉིད་ཡིན་(༦༤བ)


GLG009_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཁྱད་པར་རྗེ་བཙུན་ས་སྐྱ་པའི་གསེར་ཆོས་རིག་བྱེད་མའི་ཆོས་སྐོར་ན་ཆར་དབབ་པའི་མན་ངག་ཆེས་ཟབ་པ་དངོས་སུ་ཕྱག་ལེན་མ་མཛད་ནའང་། རྗེ་བཙུན་བཅོམ་ལྡན་འདས་མས་རྗེས་སུ་བཟུང་བའི་བྱིན་རླབས་ཀྱི་མཐུ་དང་ངེས་པའི་དོན་དུ་རླུང་སེམས་ལ་དབང་འབྱོར་བའི་གྲུབ་པའི་དབང་ཕྱུག་ཆེན་པོ་རྣམས་ཕྱི་ནང་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པས། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །ཞེས་པ་ལྟར་ནང་གི་ཏིང་ངེ་འཛིན་གྱིས་ཕྱི་རོལ་གྱི་ཆོས་རྣམས་བསྒྱུར་དུ་བཏུབ་པའི་གནད་གསང་ཆེན་པོར་མངོན། ལམ་ཡིག་ལས། སང་ཉིན་སྔ་བར་ཆས་ནས་ལྕགས་ལ་ཞེས་བྱའི་ལ་བརྒལ་ནས་རིམ་པར་བརྒྱུད། ལྕགས་ཐང་གི་མདའ་ཕྱུག་པོ་ཤར་པ་ཟེར་བའི་ཁྱིམ་བདག་དད་པ་ཅན་ཞིག་གི་ལྕང་ར་ཀླུ་སྡིངས་ཞིག་འདུག་པར་བསྡད། དེར་ཟླ་བ་ཡར་ངོའི་ཚེས་བཅོ་ལྔ་རྗེ་བླ་མའི་ཚེས་མཆོད་གྱི་སྐབས་སུ་བབ་བྱུང་བས། སྔ་མ་མཆོད་ཆོག་རྒྱས་པར་བྱས་སྦྱིན་བདག་དེས་ཀྱང་བསྙེན་བཀུར་འབུལ་བ་སོགས་ཡང་དག་བྱུང་། སང་ཚ་བའི་སྟེང་དུ་བླ་མ་ཞང་དགོན་པ་བའི་སྒྲུབ་གནས། རྗེ་བཙུན་ས་སྐྱ་པ་ཆེན་པོའི་གསུང་ངག་རིན་པོ་ཆེ་གསན་པའི་ཡུལ་སག་ཐང་དིང་ཞེས་བྱ་བར་སླེབས། དེའི་གཙུག་ལག་ཁང་མཆོད་རྟེན་ཆོས་ཁྲི་དང་བཅས་པ་མཇལ། ཕྱག་མཆོད་སྨོན་ལམ་གསོལ་གདབ་བྱས་ཏེ། དཔལ་ཇོ་མོ་ནང་གི་རི་ཁྲོད་ཆེན་པོར་སླེབས། དེའི་ནུབ་སྐུ་འབུམ་ཐང་དུ་ལྕོག་གྲ་བྱས་བསྡད་པས། དེར་གནས་མཇལ་ལ་འོངས་པའི་ཕྱོགས་ཀྱི་སྐྱ་སེར་ཕོ་མོ་མང་པོ་འདུག་པ་རྣམས་ཀྱིས། ངེད་དཔོན་སློབ་ལ་ལྟད་མོ་དག་སྣང་སྐོར་བ་ཆོས་འབྲེལ་ཞུ་བ་སོགས་མང་པོ་བྱུང་། སང་སྔ་དྲོ་སྐུ་འབུམ་མཐོང་གྲོལ་ཆེན་མོ། སྦྱོར་དྲུག་བརྒྱུད་པའི་ལྷ་ཁང་(༦༥ན)


GLG009_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མཇལ། རི་ཁྲོད་ལ་རྒྱང་བལྟས་བྱས་པས་བློ་འགྲོ་ཞིང་ཡིད་འཕྲོག་པ། སྔོན་གྱི་དམ་པ་རྣམས་ཀྱིས་འདི་ལྟ་བུའི་གནས་སུ་སྒྲུབ་གྲྭའི་རྒྱུན་བཙུགས། སྐྱེ་བོ་མང་པོ་ཐར་པའི་ལམ་ལ་འགོད་པར་མཛད་པ་ཆེས་ཆེར་ངོ་མཚར་ཞིང་རྨད་དུ་བྱུང་བའི་རྣམ་ཐར་དུ་འདུག །ཁོ་བོ་ཅག་ཀྱང་འདི་ལྟ་བུའི་དབེན་གནས་ཞིག་ཏུ་བྱང་ཆུབ་སྒྲུབ་པ་ཞིག་ནམ་འོང་སྙམ་པ་སྙིང་གི་དཀྱིལ་དུ་ལྷང་ལྷང་བའི་དག་སྣང་བྱུང་ངོ་། །ཨེ་མ་ནགས་རྒྱལ་སྨན་བཙུན་དབང་མོའི་རི། །རི་ངོས་ཚང་ཚིང་འཁྲིགས་པའི་ནགས་ཀྱི་ཁྲོད། །ཁྲོད་ཡང་རྡོ་བའི་སྤྱིལ་ཆུང་སྐྱིད་པའི་ནང་། །ནང་དེར་བྱང་ཆུབ་སྒྲུབ་པའི་སྐལ་བཟང་ཚོ། །མཐོང་བའི་མོད་ལ་ཡིད་ནི་ཟ་ཟིར་གྱུར། །བདག་ཀྱང་ནམ་ཞིག་འདི་འདྲའི་སྐལ་བཟང་ཞིག །ཅིས་ཀྱང་སྒྲུབ་སྙམ་སྙིང་གི་གསེབ་དབྲག་ཏུ། །འགྱུར་མེད་དམ་བཅའི་ཕུར་པ་བརྟན་པོར་ཐེབས། །དེ་ནས་མངའ་སྐོར་བྱས་ཞེས་བྱུང་། །གསོལ་འདེབས་ལས། གནོད་སྦྱིན་དབང་པོའི་གནས་སུ་མཆོད་གཏོར་ཕུལ། །ཇ་ལུང་རི་བོར་འཁྲུལ་ཞིག་བླ་མ་མཇལ། །མཁས་གྲུབ་དབང་པོ་ཀུན་དགའ་ལེགས་པ་ལ། །ཟབ་མོའི་དབང་མཆོག་གསན་ལ་གསོལ་བ་འདེབས། །ཞེས་པའི་དོན་ལམ་ཡིག་ལས། བྲག་རམ་ཆོས་སྡེའི་མགོན་ཁང་མཇལ། གནོད་སྦྱིན་ཆེན་པོ་ལ་སྙན་དར་གསོལ་མཆོད་འཕྲིན་བཅོལ་དང་བཅས་པ་རྒྱས་པར་བྱས། བྲག་རམ་སློབ་དཔོན་པས་གདན་དྲངས། ཇ་འདྲེན་རས་དཀར་གྱི་ཕྱག་རྟེན་དང་བཅས་པ་ཕུལ། གནོད་སྦྱིན་གྱི་ཆོས་སྐོར་ཞུ་བའི་སྙན་གསན་ཕབ། རྗེས་སུ་དེ་ལྟར་བྱེད་པ་ཁས་བླངས། དེ་དང་ཁད་ཉེ་བའི་ཆུ་མོ་ལུང་གི་དགོན་པ་ན་གྲུབ་པ་མཆོག་གི་དབང་(༦༥བ)


GLG009_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འཁྲུལ་ཞིག་རཏྣ་བྷ་དྲ་བཞུགས་པའི་དྲུང་དུ་མཇལ། དེ་ནུབ་ཚོགས་ཀྱི་འཁོར་ལོ་དང་བཅས་པའི་སྒོ་ནས་བཅོམ་ལྡན་འདས་པདྨ་དབང་ཆེན་ཡང་གསང་ཁྲོས་པ་ཁྲག་འཐུང་ལྷ་དགུའི་དབང་། དེའི་ཚེ་དབང་། བཀའ་སྡོད་གིང་ལྔ་གཟའ་གདོང་གི་སྲོག་དབང་བཀའ་གཏད་དང་བཅས་པ་ཞུས། སང་འགྲོ་ཁར་ངེད་དཔོན་སློབ་ཐམས་ཅད་ཀྱིས་ལྷན་ཅིག་ཏུ་སློབ་དཔོན་ཆེན་པོ་ལ་པདྨ་འབྱུང་གནས་ཀྱི་སྒོ་ནས་བླ་མའི་རྣལ་འབྱོར་ཞུས། དེའི་ཚེ་རྗེ་བླ་མ་འཁྲུལ་ཞིག་གི་སྤྱོད་པས་ཧཱུྃ་རིང་ཧཱུྃ་ཐུང་གི་གདངས་དབྱངས་གར་སྟབས་ངེད་ཀྱི་གྲ་པ་རྣམས་ལ་བཀའ་བཀྱོན་དང་ཐུགས་འདོགས་སྤེལ་བའི་ཧུར་སྤྱོད་མང་པོ་མཛད་ཀྱི་འདུག་པས་ཁོང་ཚོ་ཐམས་ཅད་དད་པ་སྐྱེས། འཇིག་རྟེན་ཆོས་བརྒྱད་མེད་པའི་བླ་མ་ཟེར་ན་འདི་འདྲ་ཞིག་འོང་བ་ཡིན་ཟེར་ཞིང་གདའ། ཇ་ལུང་རི་བོའི་སྤོ་ལ་འཁྲུལ་ཞིག་རྗེ། །ཀུན་བཟང་དགོངས་པའི་བཅུད་ཀྱིས་མྱོས་པ་དེས། །གར་དགུའི་རོལ་རྩེད་ཧཱུྃ་སྒྲ་སྒྲོག་པའི་ཚེ། །སྐལ་ལྡན་སྙིང་ལ་འདོད་འཇོའི་བཀའ་དྲིན་སྦྱིན། །ཞེས་གྲུབ་པའི་དབང་ཕྱུག་འདར་ཕྱ་རུ་བ་རིན་ཅེན་བཟང་པོས་བྱིན་གྱིས་བརླབས་པའི་མགོན་ཁང་བྲག་རམ་དུ་གནོད་སྦྱིན་ཆེན་པོས་ཞལ་དངོས་སུ་བསྟན་པར་བཀའ་བསྒོ་དམ་བཞག་མཛད་པའི་ཚན་དུ་འདུག །དམ་པ་འདི་ཉིད་ཀྱི་ཡོངས་འཛིན་རྣམས་ཀྱི་ནང་ནས་དྲང་སྲོང་བཀའ་བཞི་པ་འཁྲུལ་ཞིག་དཀོན་ཅོག་བཟང་པོ་འདི་ཉིད་བཀའ་དྲིན་ཆེ་བའི་ཇ་མ་གཅིག་ཏུ་མཛད་ཅིང་། ཡང་གསང་ཁྲོས་པའི་རྣལ་འབྱོར་མཐར་ཕྱིན་པས་གནོད་སྦྱིན་བེག་ཙེ་དང་གིང་ལྔ་གཟའ་གདོང་བྲན་དུ་འཁོལ། རིགས་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་ཕྲུ་ཅན་གྱི་ཟབ་གཏེར་ལྷུན་གྲུབ་དགོངས་པ་ཟངས་ཐལ་ལ་བརྟེན་ནས་(༦༦ན)


GLG009_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་བུམ་སྐུར་རང་རིག་གདོད་མའི་ཀུན་བཟང་མངོན་སུམ་དུ་རང་ངོ་འཕྲོད་པས་ཕྱི་རོལ་ཀུན་རྫོབ་ཀྱི་རྫུན་ཕུགས་རྡིབ་ནས་གང་ཤར་ཐམས་ཅད་ལོངས་སྐུའི་ཞིང་དུ་འབྱམས་ཀླས་པས་རྗེ་འདི་ཉིད་ཀྱི་ཉམས་རྟོགས་མེ་ལོང་ལ་གཟུགས་བརྙན་བཞིན་བླ་ནས་བླར་འཕེལ་བར་སྣང་། ལམ་ཡིག་ལས། དེ་ནས་བོ་དོང་ཕུན་ཚོགས་རབ་བརྟན་གྱི་ཕོ་བྲང་ན། རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཁས་དང་གྲུབ་པའི་དབང་པོ་ཀུན་དགའི་མཚན་ཅན་བཞུགས་པའི་ཞབས་དྲུང་དུ་མཇལ། ངོས་ཀྱི་དཔལ་ཀྱེ་རྡོ་རྗེའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་ཞུས། ངེད་དཔོན་སློབ་ཐམས་ཅད་ཐུན་མོང་དུ་གསེར་གཡབས་ཟེར་བའི་འཁྱམས་གྲ་ཞིག་འདུག་པ་དེར་ཕེབས། གདན་ཁྲི་ཤིན་ཏུ་མཐོ་བ་ལ་བཞུགས་ནས་སྐུའི་གཟི་བརྗིད་ཉི་ཟླ་ཟིལ་གྱིས་གནོན་ནུས་པ་ཙམ། གསུང་གི་གདངས་འབྲུག་ལྟར་ལྡིར་བཞིན་པས་རོལ་མོ་བཟང་པོ་འཁྲོལ་བ་དང་བཅས་ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བཀའ་དྲིན་བསྐྱངས། ཁོ་བོ་རང་གིས་སྔར་ཕུལ་བའི་དབང་དྲིལ་ཤིང་ཁུལ་མས་གཙོ་བྱས་ཟང་ཟིང་གི་གནང་སྦྱིན་བཟང་པོའང་གནང་། ངེད་རང་ནི་རྗེ་བཙུན་རྡོ་རིང་པ་ཆེན་པོ་ཆོས་དབྱིངས་སུ་གཤེགས་རྗེས་རྗེ་འདི་ཉིད་བླ་མའི་གཙོ་བོ་ཡིན་ཞིང་། རྡོ་རྗེ་འཆང་དངོས་ཀྱི་འདུ་ཤེས་ཡོད་པས་དད་པ་དང་སྤྲོ་བ་ཅིག་ཅར་བྱུང་། གྲ་པ་རྣམས་ནི་ཧ་ཅང་མཇལ་དཀའ་ཞིང་གཟི་བརྗིད་ཆེ་བ་ཙམ་འདུག །ངེད་རང་གྲ་པ་རྣམས་ཀྱི་བླ་མ་ཆོས་རྗེ་དཀའ་བཞི་བ་དེ་འདྲ་བ་ཞིག་ཡོང་བ་ཡིན་ཟེར་བ་ལ། ངེད་ཀྱིས་དེ་འདྲ་མ་ཟེར་རྗེ་འདི་པ་དིང་སང་གཟུར་གནས་ཀྱིས་བལྟས་ན་ས་སྐྱ་པའི་སྔགས་འཆང་ཀུན་གྱི་གཙོ་བོ། (༦༦བ)


GLG009_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ངེད་རང་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་བརྒྱུད་འཛིན་རྣམས་ཀྱི་གཙུག་གི་ནོར་བུ། ཁྱད་པར་ངེད་རང་གི་བླ་མའི་གཙོ་བོ་རྡོ་རྗེ་འཆང་དངོས་དང་ཞལ་མི་གཉིས་པ་ཞིག་ཡིན་ཐག་ཆོད་པས། སོ་སོར་སྙིང་ནས་གསོལ་བ་ཐོབ། བྱིན་རླབས་ཁྱད་པར་ཅན་འཇུག་ངེས་པའི་ཁག་ཁུར་བ་ཡིན། འཕྲལ་ཆེ་ཁྱད་ཆེ་བ་ཙམ་རྗེ་ལ་ཆོས་བརྒྱད་ཀྱི་རྟོག་པ་ཅི་མངའ། སྦྱིན་བདག་སྟོབས་ལྡན་གྱི་ཞབས་ཏོག་ལ་དམིགས་པ་ཡིན་མོད་བྱས། དེ་མཐུན་གནས་གསར་ནས་ནང་སོ་ཞལ་ངོ་རྣམས་ཀྱིས་ཀྱང་བསྙེན་བཀུར་ཤངས་ལེན་ཡང་དག་མཛད་དོ། །རྣམ་རྒྱལ་རབ་བརྟན་རྒྱལ་པོའི་ཕོ་བྲང་ན། །ཆོས་ཀྱི་རྒྱལ་པོ་རྗེ་བཙུན་ཀུན་དགའི་མཚན། །འཇིགས་མེད་སེང་གེའི་ཁྲི་ལ་འགྱིང་བཞིན་དུ། ངེས་དོན་ཟབ་མོའི་ངང་ནས་མ་གཡོས་པའི། །ཞལ་བཟང་སྟོན་གྱི་ཟླ་ཤེལ་ལྟ་བུ་མཐོང་། །ཞབས་ཀྱི་པདྨ་གཙུག་གི་རྒྱན་དུ་བླངས། །གསང་ཆེན་བདུད་རྩིས་སྙིང་ལ་བདེ་བ་ཐོབ། །ཀྭ་ཡེ་གྲོགས་དག་ཆུ་གཏེར་ཁ་དོག་ལ། མ་འཇིགས་དད་པའི་གཟིངས་སུ་ཞུགས་ཤིག་དང་། །བཤེས་གཉེན་དམ་པའི་དེད་དཔོན་བཀའ་དྲིན་གྱིས། །དངོས་གྲུབ་ནོར་བུ་ཐོབ་པར་ཐེ་ཚོམ་མེད། །ས་སྟེང་འདི་ན་རྗེ་བཙུན་ས་སྐྱ་པའི། །བསྟན་འཛིན་ཡོངས་ཀྱི་རལ་བའི་ཟུར་ཕུད་ལ། །མཁས་དང་གྲུབ་པའི་ཞབས་སེན་ངལ་གསོ་བའི། ཁོ་བོའི་གཙུག་རྒྱན་སྔགས་འཆང་འདི་འདྲ་དཀོན། ཞེས་པ་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་ཞལ་སློབ་ཀྱི་ཁྲོད་ཀྱི་རྡོ་རྗེ་འཆང་ཀུན་སྤངས་ཆེན་པོའི་འོག་ནས་མཁས་གྲུབ་ཀྱི་དབང་པོ་རྗེ་བཙུན་སྒོ་རུམ་པ་ཆེན་པོ་འདི་ཉིད་འགྲན་ཟླ་དང་བྲལ་བ་ཡིན་ཞིང་། རྗེ་འདི་ཉིད་ཀྱིས་ཀྱང་ཐུགས་ཡིད་གཅིག་འདྲེས་ཀྱི་རྩ་བའི་(༦༧ན)


GLG009_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་གཅིག་ཏུ་མཛད། འདིའི་སྐབས་ལྷ་རིགས་འ་ཞའི་ས་སྐྱོང་བར་བྱང་གཙང་གི་ཕུགས་སུ་བདག་པོ་སྔགས་འཆང་པའི་མི་སྲུན་སྒྱུ་འཕྲུལ་གྱི་འཁོར་ལོ་མ་འཁོར་བའི་མངའ་ཐང་སྒང་ལ་རྒྱབ་པ་ནས་རྗེ་སྒོ་རུམ་པར་ཞབས་ཏོག་ཤིན་ཏུ་ཆེ་བའི་གཟི་བརྗིད་ཀྱི་ཉི་འོད་བློ་ཆུང་མེ་ཁྱེར་རྣམས་ཀྱིས་མ་བཟོད་པའི་རིགས་སུ་སྣང་། ལམ་ཡིག་ལས། དེ་ནས་རྫི་ལུང་དུ་ཞག་གཅིག་བསྡད། སང་ཉིན་དགེ་སྡིངས་ན་དཔལ་ས་སྐྱའི་ཆོས་ཀྱིས་མངོན་པར་མཐོ་བའི་ཁྲི་ལ་བཞུགས་པ། བདག་ཆེན་རིན་པོ་ཆེ་ཁྲི་ཐོག་པའི་དྲུང་བཞུགས་པ་དང་མཇལ། དེ་སྔ་ནས་དཔོན་སློབ་འདྲིས་པ་ལྟ་བུའི་ནང་གཙང་ཞིང་ཐུགས་འགོལ་བས་བཀའ་ལུང་བག་ཕེབས་པར་གནང་། ངེད་རྣམས་ལ་བདག་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་མཛད་པའི་བླ་མ་མཆོད་ཆོག་རྒྱས་བསྡུས་ཀྱི་ལུང་། དེ་དང་རྗེས་སུ་འབྲེལ་བའི་བླ་མའི་རྣལ་འབྱོར་འདོད་ཞུས་ལྟར་བཀའ་དྲིན་བསྐྱངས། སྐུ་ན་ཕྲ་མོ་དེ་ལྟ་བུ་ལ་འདི་འདྲའི་ལུགས་ཀྱི་གནང་སྐྱོང་དང་ངོ་མཚར་བ་འོང་བ་ངེས་པར་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཡིན་པ་ལ་ཐེ་ཚོམ་མི་ཟ་བ་འདུག་སྙམ་པའི་དད་མོས་དང་། ས་སྐྱ་པའི་རྨོངས་ཞེན་གྱིས་བློ་བདེ་བ་ཚད་མེད་པ་བྱུང་། བྱིན་རླབས་ཀྱི་རྟེན་གནང་སྦྱིན་སོགས་ཡང་དག་ཐུགས་རྗེས་བཟུང་ཞེས་བྱུང་། གསོལ་འདེབས་ལས། ཁྲོ་ཕུ་དགའ་ལྡན་བྱམས་པའི་བསྟི་གནས་སུ། །རྡོ་རྗེ་བཙུན་མོའི་སྤྲུལ་པས་ལུང་བསྟན་ཞིང་། །ཌཱ་ཀིའི་སྐུ་ལ་ཤེལ་དཀར་མྱུ་གུ་ལྟར། །གསལ་བའི་འོད་སྣང་གཟིགས་ལ་གསོལ་བ་འདེབས། །ཞེས་པ་ལྟར་ལམ་ཡིག་ལས། དེའི་ནུབ་ཁྲོ་ཕུར་ཕྱིན་འདུ་ཁང་ཆེན་པོ་ཞིག་འདུག་པ་དེར་སྡོད་ས་བྱས། ངེད་(༦༧བ)


GLG009_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

རང་གཅིག་པུར་ཞལ་རས་ལྷ་ཁང་གི་ཕྱི་སྐོར་བྱེད་ཅིང་ཡོད་ཙ་ན། སྐོར་ལམ་དེ་ན་བུད་མེད་གཞོན་ནུ་ནད་པ་ཡིན་ཟེར་བ་ཞིག་ཁྱེལ་བྱས་ནས་འདུག །སྐོར་བ་འགའ་སོང་ཙ་ན་དེ་ལ་མཆེ་བ་ཇེ་རིང་ཡོང་གི་འདུག །མིག་འཁྲུལ་བའམ། ཀྲུང་ཀྲུམ་ལྟ་བུ་ལ་བཅོས་ནས་འཇིགས་པ་སྟོན་པ་ཡིན་ནམ་སྙམ་པའི་ཚེ། མཐར་ཁ་ཐམས་ཅད་མཆེ་བ་སྐྱ་ཟང་ངེ་བ་མཐོ་རེ་ལྷག་པ་ཙམ་གྱིས་ཁེངས་པ། དཔྲལ་བའི་དཀྱིལ་ན་ཁྲག་གི་མིག་སྨན་ཚེ་ལུང་ཐང་གི་རྡོག་པོ་འདྲ་བ་ཞིག་བྱས་ཧར་ཏེ་ལངས་བྱུང་བས། འདི་སྲིན་མོའམ་འབལ་མོ་ལྟ་བུ་ཞིག་ཡིན་པ་འདུག་སྙམ་ཡི་དམ་གྱི་ང་རྒྱལ་དང་བཅས་པས་ལག་ཏུ་འཕྲེང་བ་ཁུར་ནས་དེད་པས་སྐོར་ལམ་ལ་བྲོས་སོང་། རྗེས་ལ་བཅུག་ཕྱིན་པས་ལྷོ་ཕྱོགས་ཀྱི་ཁྱིམ་ཚང་གི་ནང་ཞིག་ཏུ་བྲོས་ནས་སྒོ་དེ་ནང་ནས་བཅད་སོང་། དེ་འཕྲལ་འོག་ཏུ་ལོག་གམ་སྙམ་པ་ལ། སེམས་ཐེང་ངེ་བ་འདྲ་བ་ཞིག་བྱུང་ནས་སྐོར་བ་གསུམ་ཙམ་བྱས་པས། ཁང་པ་དེའི་སྟེང་ནས་བུད་མེད་དེའི་མགོ་འདྲ་བ་ཞིག་སྐྲ་ཟིང་ངེ་བ་མཐོང་ཙམ་བྱས། སྐད་གདངས་ངར་ཆེ་བའི་གདངས་མ་དབྱངས་ལ། དད་མོས་ཀྱི་སྣང་བ་མི་འདུག་ཀྱང་། །ཚེ་སྔོན་གྱི་ལས་འབྲེལ་གཅོད་ཐབས་མེད། ཁྲག་འཛག་སྲིན་པོའི་རི་ལ་ཕྲད། །འཕན་དཀར་གྱི་ལྗོངས་སུ་རྗེས་སུ་འཛིན། །འཇིགས་སྣང་ལོག་ལྟ་མ་བྱེད་ཨང་། །བདེ་ཆེན་ལོངས་སྤྱོད་རྣལ་འབྱོར་པ། །ཟེར་བ་ཞིག་ལབས་བྱུང་བའི་མོད་ལ་སྔར་གྱི་འཇིགས་སྣང་དེ་ཞིག་པ་འདྲ་བའི་རིག་པ་ཧད་དེ་ཆེད་དེ་བ། ལུས་ལྗིད་མེད་པ་འདྲ་བའི་ཟ་ཟི་བན་བུན། རྡོག་པ་གར་རྒྱབ་མི་ཤེས་པ། སྣང་བ་འདི་གསལ་ལ་བསྟད་སོ་མེད་པ་སྐད་བཏོན་ལ་(༦༨ན)


GLG009_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུག་གམ་སྙམ་པ་ཞིག་བྱུང་བས་འདི་བར་ཆད་དམ་དངོས་གྲུབ་གང་ཡིན་མི་ཤེས་པ་འདུག །ད་རེས་ནས་བརྡ་ཞིག་སྟོན་པ་མ་བྱུང་། །ད་མངོན་དུ་མ་གྱུར་པ་ལ་གསང་དགོས་སྙམ་ཟླའོ་རྣམས་ལ་བགྲོས་ཡེ་མ་བཏང་། དེའི་ནུབ་འོག་གི་འདུ་ཁང་ནང་གི་ལྕོག་བུར་བསྡད་པའི་ཚེ། གཏོར་བསྔོ་སོགས་སྤྲོས་བཅས་ཀྱི་དགེ་སྦྱོར་རྣམས་ཀྱང་དེ་གའི་ངང་དུ་འགྲོ་བ་ཞིག་བྱུང་། ཅི་ཡིན་ནམ་ཆ་མེད་ཡ་མཚན་ནི་ཆེ་སྙམ་དགེ་སྦྱོར་གྱི་ངང་དུ་སྲལ། དེར་བྱམས་ཆེན། སྐུ་འབུམ་ཆེན་མོ། རྣམ་སྲས་རང་བྱོན་སོགས་མཇལ། ཕྱག་མཆོད་སྨོན་ལམ་ཡིད་ཆེས་པ་བཏབ། སང་ཚ་ཐོན་ལ་དགེ་སྡིངས་ནས་བདག་ཆེན་རིན་པོ་ཆེའི་ཕྱག་ཕྱི་དྲུང་འཁོར་གཞོན་པ་ཁ་ཅིག་ཀྱང་གནས་མཇལ་ལ་བྱུང་། ངེད་ཚོས་ཇ་བཟང་པོ་བསྐོལ་ནས་དྲངས། དག་སྣང་བྱས་ཐམས་ཅད་བསྡོངས་ནས་ཞལ་རས་ལྷ་ཁང་མཇལ། དེ་ན་ཕག་མོ་ཞལ་གཉིས་མའི་སྐུ་ལི་མ་ཞིག་འདུག་པ་དེའི་ཕག་ཞལ་དང་ཐོག་གི་བར་ལ་ཤེལ་གྱི་འཁར་བ་བཙུགས་པ་ལྟ་བུ་ཞིག་འདུག་པས། འདི་གང་ཡིན་བྱས་ལག་པ་རེག་པས་འོད་མ་གཏོགས་རེག་རྒྱུ་མི་འདུག །དཀོན་གཉེར་དེ་ན་རེ། དེ་ཕག་ཞལ་ཡིན་པ་གདའ་ཟེར། དེ་ཁོང་རྣམས་ཀྱི་མ་མཐོང་བ་འདུག་པས་ཁ་རོག་བསྡད། སྐུ་དེ་ལ་མགོ་གཏུག་ཏེ་དབང་བཞི་བླངས་སྨོན་ལམ་བཏབ་བོ། །ལར་རྗེ་བཙུན་མཁའ་སྤྱོད་དབང་མོ་འདི་ངེད་རང་ལ་ཐོག་མ་ནས་དགྱེས་པ་ཞིག་ཡིན་འདུག་པས། རྗེ་བཙུན་རྡོ་རིང་པ་ཆེན་པོའི་གསུང་ནས་ཀྱང་། ཆོས་རྗེ་ལ་མཁའ་སྤྱོད་མའི་བྱིན་རླབས་བྱས་རེས་ཀྱི་ངེད་ལ་ལྟས་ཁྱད་པར་ཅན་རེ་ཡོང་གི་འདུག །འབད་རྩོལ་མཛད་ན་འདིས་མཁའ་སྤྱོད་ལ་འཁྲིད་(༦༨བ)


GLG009_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཉེན་གདའོ་གསུང་བ་ཡོད་ཅིང་། འདི་སྐོར་གྱི་གཏམ་མང་པོ་ཞིག་ཡོད་དེ། སྣོད་མི་འདུག་པས་ནམ་མཁའི་དབྱིངས་སུ་ཕཊ། སྤྲང་རྒྱལ་ཁམས་ཕྱོགས་མེད་རྒྱུ་བའི་ཚེ། །ཡུལ་ཡ་མཚན་གྱི་ལྟད་མོ་འདི་ལྟར་མཐོང་། །ཤབ་དགེ་སྡིངས་རྡོ་རྗེའི་ཕོ་བྲང་ན། །རྗེ་ས་སྐྱ་ལོ་ཙཱའི་སྐུ་ཡི་དབོན། །ཐུགས་གཅིག་ཏུ་འདྲེས་པ་སྲས་ཀྱི་མཆོག །ཁོང་འཇམ་དབྱངས་གཞོན་ནུ་དངོས་དང་མཇལ། །གསུང་བག་ཕེབས་ཀྱི་བདུད་རྩི་སྙིང་ལ་སིམ། །ཆོས་ཟབ་ལམ་གྱི་རྣལ་འབྱོར་བཀའ་དྲིན་ཞུས། ཁོང་སྐྱོན་བྲལ་གྱི་མཛད་འཕྲིན་མཐོང་བའི་ཚེ། །ངེད་ས་སྐྱ་པའི་མདུན་མ་གྲུབ་འདུག་སྙམ། །སེམས་དགའ་སྤྲོ་དང་དད་པས་མཆི་མ་འཁྲུག །ཞབས་སྤྱི་གཙུག་ཏུ་བླངས་ནས་སྨོན་ལམ་བཏབ། །དེར་ཤབ་སྟོད་ཀྱི་ཆུ་ཀླུང་བརྒལ་ནས་ཕྱིན། །ཡུལ་ཡ་མཚན་ཅན་ཁྲོ་ཕུའི་གཙུག་ལག་སླེབས། །ལྷ་བྱམས་མགོན་གྱི་སྐུ་བརྙན་ཞལ་བཟང་མཐོང་། །རྟེན་ཁྱད་པར་ཅན་ཀུན་ལ་བྱིན་རླབས་ཞུས། །མ་མི་མིན་མཁའ་འགྲོས་འཇིགས་གཟུགས་བསྟན། །ང་ཁྲོ་རྒྱལ་གྱི་ང་རྒྱལ་དབྱིངས་ནས་རྒྱས། །མཚོན་འཕྲེང་ལྕག་གི་འདེད་དྲག་བཏང་བའི་ཚེ། ཁོང་ལུང་བསྟན་གྱི་སྒྲ་དབྱངས་སྒྲོག་པ་སྐད། ཁྱོད་ཡེ་ཤེས་ཀྱི་ཌཱ་ཀིའི་ལུང་བསྟན་དང་། །མོ་ཤ་ཟན་གྱི་མཁའ་འགྲོའི་རྒྱང་འབོད་གཉིས། །ང་རྣལ་འབྱོར་གྱི་སེམས་ལ་བདེ་སྡུག་མེད། །གང་ཡིན་ཀྱང་རང་ངོ་དབྱིངས་སུ་སྙམ། །ཨ་ལ་ལ་རྒྱལ་ཁམས་བསྐོར་བའི་ཚེ། །སྔོན་མེད་ཀྱི་ལྟད་མོ་ཨ་རེ་འཇིགས། །སེམས་ཉིད་ཀྱི་རང་གདངས་ཡིན་པར་གོ །དྲིན་ཅན་གྱི་བླ་མ་དེ་སྐུ་དྲིན་ཆེ། །དཔལ་མཁའ་སྤྱོད་ཀྱི་དགའ་མ་ཡིད་འོང་མ། །དུས་རིང་ནས་བསྐྱངས་པའི་མ་མ་དེས། །ད་རིགས་འཛིན་གྱི་གྲུབ་པ་སྟེར་བའི་(༦༩ན)


GLG009_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བརྡ། །ཡོངས་ངོ་མཚར་གྱི་ཟློས་གར་ཅི་ཡང་རྩེ། །ཞེས་འབྱུང་བ་ཁྱབ་བདག་བླ་མ་འདི་ཉིད་འདས་མ་འོངས་པའི་གནས་ལུགས་མཐའ་དག་གསལ་བར་གཟིགས་པའི་མངོན་མཁྱེན་ཐག་ཐོགས་མི་མངའ་ནའང་ཀུན་ཏུ་རྒྱུས་འཕགས་པ་མཽངྒལ་གྱི་བུ་བཅོམས་པའི་ལོ་རྒྱུས་ལྟར་ཆོས་གོས་འོག་གི་དུག་མདར་མ་དགོངས་པའི་བསྔགས་བརྗོད་ཆེ་ནའང་རྒྱུ་མཚན་འོག་ཏུ་རིམ་གྱིས་གསལ། ཁྲོ་ཕུར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ངོ་མཚར་ཆོ་འཕྲུལ་གྱི་བཀོད་པ་དང་ཕག་ཞལ་གྱི་སྟེང་ནས་འཇའ་ཏལ་ལེ་ཟུག་པ་སླར་ཐུགས་ཀར་ཐིམ་པས་ཞག་མང་པོར་ཟག་མེད་ཀྱི་བདེ་ཆེན་ཁོ་ནར་འབྱམས་པ་སོགས་དྲང་སྲོང་སྲིན་པོ་རི་དང་འཕན་དཀར་གྱི་ལྗོངས་སུ་རྗེས་སུ་འཛིན། ཞེས་པའི་དོན་ལྟར་རྗེས་སོར་འཕན་ཡུལ་དུ་ཕེབས་པའི་ལམ་ཞིག་ཏུ་ནམ་མཁའ་ནས་མེ་དཔུང་འུར་སྒྲ་དང་བཅས་བྱུང་བ་ཅི་ཡིན་སྙམ་གཟིགས་པས་ཆིབས་སྒའི་སྔ་རུའི་སྟེང་བབ་མ་ཐག་རྣལ་འབྱོར་མར་གྱུར་ནས་སྐུ་ལ་འཁྲིལ་བས་ཞག་བདུན་གྱི་བར་ཟག་མེད་ཀྱི་བདེ་ཆེན་ཁོ་ནའི་ངང་དུ་སོང་བ་སོགས་རྗེས་སུ་འཛིན་པའི་ལུང་བསྟན་དུ་ངེས། ལམ་ཡིག་ལས། དེ་ནས་གནས་ཀྱི་མདའ་ན་དམ་པ་དམར་པོའི་རུས་ཡིན་ཟེར་བ་ཞིག་གི་ལག་ན་གདུང་རུས་ལས་གྲུབ་པའི་སྤྱན་རས་གཟིགས་ཀྱི་སྐུ་དང་སྲས་ཀྱི་ཐུགས་རང་བྱོན་ཡིན་ཟེར་བ་སོགས་འདུག་པ་མཇལ། དེའི་ནུབ་གངས་ཅན་ཆོས་འཕེལ་གྱི་དགོན་པའི་འཁྲིས། ལྷ་མོ་དམག་ཟོར་མའི་བླ་མཚོ་ཡིན་ཟེར་བ། མཐའ་ལྗོན་པའི་ཚལ་གྱིས་བསྐོར་བའི་དབུས་ན་ནེའུ་གསིང་གི་དཀྱིལ་ན་མཚོ་ཆུང་ཁོར་པ་ཞིག་འདུག་པའི་ཁ་སྟོད་སྐྱིད་སྐྱིད་འདྲ་བ་ཞིག་འདུག་པ་དེར་ལྕོག་གྲ་བྱས་བསྡད། ཇ་བཟང་སྐོལ་ཞིང་ཆོས་(༦༩བ)


GLG009_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་བྱས་པས་གྲ་པ་རྣམས་བྱོན་བྱུང་ནས། །འདི་པ་ཆ་ལུགས་སོགས་རྟོགས་ལྡན་དུ་མི་འདུག །གྲ་མཐུན་ལ་སྐྱིད་མདོག་རྣམ་པ་སྒོ་ཡངས་པ་ཞིག་འདུག་པས། སྡེ་པ་ཟིལ་གནོན་པ་ལྟ་བུ་ཞིག་བརྫུས་པ་ཡིན་ནམ་ཟེར། གཅིག་ན་རེ་ང་དང་ཞལ་འདྲིས་ཡོད། སྡེ་པ་ཟིལ་གནོན་པ་ཡིན་ཐག་ཆོད་འདུག་ཟེར་བས། ཕལ་ཆེར་དེ་ལ་ཡིད་ཆེས་སོང་། སུ་ཡིན་ཟེར་བ་ལ། ང་ཅི་མེད་ཀྱི་སྤྲང་པོ་ཡན་པ་བློ་བདེ་བྱ་བ་ཡིན་ནོ་ཨང་བྱས་པས། ཁྱེད་རང་སུ་ཡིན་ཀྱང་ཉམས་དགའ་ལ་སྣང་བ་བདེ་བ་ཞིག་འདུག་ཟེར་རོ། །ཐག་ཁྲ་སྦྲུལ་དུ་འཁྲུལ་བའི་སྣང་ངོ་ན། །འཇིག་སྐྲག་འབྲོས་ལ་ཐུག་པ་དོན་བྱེད་ནུས། །ཡིད་ཆེས་མོས་གུས་ལྡན་པའི་གང་ཟག་ལ། ཁྱི་སོ་རིང་བསྲེལ་ཕུང་སོར་སོང་ངོ་སྐད། །མིང་ཙམ་བརྡ་ཙམ་བཏགས་པ་ཁོ་ན་ལའང་། །རང་རང་ངོ་བོས་གྲུབ་པ་རྡུལ་ཙམ་མེད། །ཅི་མེད་ཅིར་ཡང་འཆར་བའི་ངོ་མཚར་ཅན། །རྟེན་འབྲེལ་ཟབ་མོའི་རང་མཚང་དེ་རུ་རིག སྐྱེ་བོས་བཞི་མདོར་སྨྲ་བའི་ཁུངས་མེད་གཏམ། །གང་ཟེར་བདེན་པར་འཛིན་པའི་བློ་ཆུང་ཚོས། །གཞི་མེད་རི་བོང་ཅལ་གྱི་སྒྲ་དབྱངས་ཀྱིས། །རང་གཞན་མང་པོའི་རང་མཚང་སྟོན་ཉེན་གདའ། །ཞེས་བྱུང་། གསོལ་འདེབས་ལས། ཆུ་མིག་ནང་གི་རྟེན་མཆོག་མཐའ་དག་མཇལ། །ཟབ་ལམ་རྡོ་རྗེའི་ཕོ་བྲང་ཨེ་ཝཾ་དུ། །སྐལ་བཟང་རང་རང་བློ་དང་འཚམ་པ་ཡི། །ཆོས་ཀྱི་དགའ་སྟོན་སྤེལ་ལ་གསོལ་བ་འདེབས། །ཞ་ལུ་གསེར་བཀང་ཆོས་གྲ་ཆེན་པོ་རུ། །བསྟན་སྲུང་ལྷ་མོའི་རྣམ་སྤྲུལ་བུད་མེད་གཟིགས། །མཚན་ཉིད་ཀུན་ལྡན་ཡོངས་འཛིན་ཀུ་སཱ་ལིས། །དབང་དང་རྗེས་གནང་སྩལ་ལ་གསོལ་བ་འདེབས། །ཞེས་(༧༠ན)


GLG009_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལམ་ཡིག་ལས། སྟག་ལ་སྐྱ་མོ་དུང་གི་སྒོ་བརྒལ་ཏེ། རྗེ་བཙུན་ས་སྐྱ་པའི་གདུང་བརྒྱུད་རིམ་པས་བྱིན་གྱིས་བརླབས་པའི་གནས་གཙང་ཆུ་མིག་རིང་མོར་སླེབས། དེ་ནུབ་གནས་འབྲེལ་བྱས། སྔོན་ཟངས་དཀར་ལོ་ཙཱ་བས་བཞེངས་པའི་གཙུག་ལག་ཁང་། གཉན་སྒྲོལ། འཕགས་པ་རིན་པོ་ཆེའི་སྐུ་འདྲ་སོགས་བཞུགས་པའི་ལྷ་ཁང་། བདག་ཆེན་རིན་པོ་ཆེ་གྲགས་བློ་བས་བཞེངས་པའི་མགོན་ཁང་སོགས་མཇལ། གསོལ་གདབ་སྨོན་ལམ་ཡིད་ཆེས་པར་བྱས། དེ་དག་ལ་ངོ་མཚར་ཞིང་བྱིན་རླབས་ཀྱི་ཟིལ་གཞན་དང་མི་འདྲ་བ་ཞིག་འདུག་པས་དད་མོས་ཚད་མེད་པ་སྐྱེས། དིང་སང་ཞབས་ཏོག་བདག་རྐྱེན་ཆེར་མེད་པའི་གོགས་ཉམས་ཆེན་པོ་འདུག་པ་ལ་སེམས་ཀྱིས་མི་བཟོད་པའི་སྐྱོ་སྣང་ཡང་ཡོད་པ་ཞིག་བྱུང་། སང་ཉིན་ཉི་མ་ཕྱེད་ཡོལ་ཙམ་ན་ངོར་ཨེ་ཝཾ་ཆོས་ལྡན་དུ་སླེབས། མཛོ་མོ་ར་བ་ཡོད་པའི་སྤང་སྟེང་དེར་ལྕོག་སྒར་བྱས་བསྡད། ལམ་ཟབ་ལྷ་ཁང་དུ་བླ་མའི་རྣལ་འབྱོར་རྒྱས་པ་ཞིག་བླངས། སྤྱི་སྒོས་ཀྱི་བསྟན་པ་རྒྱས་པའི་སྨོན་ལམ་བཏབ། གཞན་ཡང་ལམ་འབྲས་ལྷ་ཁང་གིས་གཙོ་བྱས་པའི་རྟེན་གསུམ་རྣམས་ཀྱང་མཇལ། དབོན་པོ་རིན་ཅེན་སེང་གེ་བས་གཞིས་ལེན་སྐབས་བབ་བྱས། ཁྲོམ་ཐོག་དབོན་པོ་སོགས་འདོད་ཆོས་དགོས་ཟེར་བ་མང་དག་བྱུང་བས། ཐོག་ཅིག་ལ་གུར་མགོན་གྱི་རྗེས་གནང་བྱས། འཕྲལ་མཁོའི་ཇ་གོས་དར་སོགས་འབུལ་བའང་འགའ་བྱུང་། དེ་ནས་ཞ་ལུ་ལ་ཆས་ཏེ་ཕྱིན་པའི་ལམ་བར་ནས་ལྕགས་སྟོད་མཐོང་བྱུང་བས། ངེད་ཚོ་ས་སྐྱ་པའི་ཡུས་པོ་ཆེའི་མི་གསུམ་གྱི་ནང་ནས། ཤར་སྨད་ཙོང་ཁའི་(༧༠བ)


GLG009_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བཤེས་རིན་ཅེན་བརྩོན་འགྲུས་ཀྱི་བརྒྱུད་པ། དཔོན་ཆེན་དབེན་ཤྲཱི་རྒྱལ་བ་བཟང་པོ་དང་། ཧུ་ཤྲཱི་རྒོད་པོ་རིན་ཅེན་སོགས་རིམ་པར་བརྒྱུད་པའི་ཕ་ཚན་ཤིན་ཏུ་ཉེ་བ་ཞིག་ཡིན་པས། ཁོང་ཚོ་དར་རྒུད་དང་བདེ་དོག་གང་འདྲ་ཞིག་ཡོད་དམ་སྙམ་དགོས་མེད་འཇིག་རྟེན་གྱི་རྨོངས་ཞེན་ཞིག་སྐྱེས། ཞུ་རག་གི་བསམ་པ་མེད་ཀྱང་བྱ་བྲལ་གྱི་གནས་སྐབས་སེམས་ལ་གང་ཤར་ལག་ཏུ་བླངས་ཆོག་སྙམ་པས་དེར་ཕྱིན། ཁོང་ཚོའི་གཞིས་ཀའི་སྟོད་དེར་ལྕོག་གྲ་བྱས། ངས་ལྕོག་བུར་བསྡད། ཁོང་གྲ་པ་རྣམས་ཉམས་དགའ་དང་སྦྲགས་པས་བསྔོ་བ་སྨོན་ལམ་རྒྱབ་པས་མང་ཇ་ཉུང་ཇ་གདན་གནོན་དང་བཅས་པ་བསྐྱལ་སོང་། སུ་ཡིན་ཟེར་བ་ལ་ངེད་རྣམས་ལ་སྟོད་མཐོན་པོ་ནས་ཡིན་ཟེར་བ་བྱས་ནའང་། རྗེས་སུ་ངོར་པའི་གྲ་པ་འགའ་སོགས་རིམ་པར་བརྒྱུད་ནས་ཆ་ཙམ་ངོ་ཤེས་འདུག་པས། དཔོན་འོག་མ་འདྲ་བའི་མི་གཞོན་ཞིག་ངའི་རྩར་བྱུང་། འདི་འདྲ་ཡིན་པ་འདྲ་ཟེར་བའི་རྩད་གཅོད་ཞིབ་པོ་བྱེད་ཀྱིན་འདུག་པས་ཅི་ནས་ངེད་བྱ་བྲལ་དུ་སོང་བས་སྐྱུག་བྲོ་བྱས་དོགས་སྦམ་མེ་བསྡད་པ་ཡིན། ངོ་བོ་དེ་ལྟར་ཡིན་པས་མཇལ་ཕྲད་ཙམ་མཛད་འདོད་ཡོད་ན་དེ་ག་བགྱིས་པས་ཆོག་བྱས་པས་ཁོ་ལོག་སོང་། རེ་ཞིག་ནས་སླེབས་ནས། དེང་སང་སྐུ་མཚམ་མེ་བ་ཞིག་ཡོད་པས་མཇལ་མ་བདེ་བྱུང་། སང་ཉིན་ཅིས་ཀྱང་བཞུགས་པ་གནང་དགོས་ཟེར་བ་ལ། མཇལ་བཞེད་མེད་པ་ཐུགས་དང་བསྟུན་པས་ཆོག་པ་འདུག །ངེད་ཚོ་རྒྱལ་ཁམས་ལ་རིང་པོ་ཡོད་སྡོད་པའི་ལོང་མེད་བྱས། དོན་ལ་རང་གི་རིགས་རུས་དང་ཕ་ཚན་སོགས་གང་ཡིན་གྱི་བླང་དོར་མེད་པའམ། ཡང་ན་མི་སྔུན་དུ་ངོ་འདེགས་མི་ཐུབ་པ་ཞིག་(༧༡ན)


GLG009_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་ཡིན་ཡོང་། ང་ལ་ཤཱཀྱ་ཐུབ་པའི་བཀའ་དྲིན་གྱིས་ཕྱོགས་གང་ལ་ཕྱིན་ཀྱང་བསྙེན་བཀུར་བྱེད་མཁན་ནི་ཐོགས་མེད་འོང་གི་འདུག །འདི་སྐོར་གྱི་ཞེན་ཐག་དེ་ཆོད་པས་བློ་བདེ། ལར་བཙུན་པ་གཉེན་སྲེད་ཆེས་པ་ལ་དེ་འདྲ་མང་པོ་འབྱོན། ཁྱོད་སྙིང་ཚིམ་ཚིམ་སྙམ་པ་བྱས། ནམ་ཟི་ལ་ལངས་ཕྱིན། ངེད་ཚོའི་རྗེས་ལ་ཆས་ཀ་ཕྲན་བུ་དང་བཅས་ལམ་སྣ་བ་ཡིན་ཟེར་བ་ཞིག་བཏང་བྱུང་། མི་དགོས་ལོག་རྒྱུག་བྱས་ཀྱང་མི་ཉན་པར་ཞ་ལུ་བར་ཕྱིན། དེ་ནུབ་རྒྱན་གོང་གི་གཙུག་ལག་ཁང་གི་མགོན་ཁང་མཇལ་བས་དེར་གཏོར་མའི་འཁྲིས་སུ་བུད་མེད་གོས་དཀར་ཁྲ་གྱོན་པ་ཞིག་བྱུང་བ་དེ་མཐར་ཕྱི་ནང་གང་དུ་སོང་ཆ་མེད་པ་ལ་ཡལ་བ་ལྟ་བུ་ཞིག་བྱུང་། ཞ་ལུ་གནས་ཀྱི་གསེར་བཀང་གི་ཐུགས་རྗེ་ཆེན་པོས་གཙོ་བྱས་སྟེང་ཤོད་ཀྱི་ལྷ་ཁང་མགོན་ཁང་རྣམས་ཞིབ་པར་མཇལ། གཞལ་ཡས་ཁང་གི་མདོ་དེར་དྲུང་ཆེན་བྱ་བ་ཡིན་ཟེར་བའི་གྱོད་རྒན་བཀའ་བརྒྱུད་པ་ལ་རྒྱབ་རྟེན་བཅོལ་བ། དོམ་ར་དང་སླེལ་བེམ་གྱི་སྒྲིབ་ཤིང་གྱོན་པ་ཞིག་དང་། དྲུང་རྒྱལ་བ་ཟེར་བའི་བན་གཞོན་མིག་ལྟག་པ་ན་ཡོད་པ་འདྲ་བ་ཞིག་འདུག་པས། ཁོང་ཚོས་ཇ་འདྲེན་གཞིས་ལེན་བྱས། ཁོང་རང་ཚོ་དང་བློ་བསྟུན་པའི་ཆ་ལེ་ཆོ་ལེ་མང་པོ་ལབས་བཏང་བས་ཤིན་ཏུ་དགའ་སོང་། དེ་ན་ཇེ་ལས་པ་བྱ་བ་འགྲུལ་པ་ཐམས་ཅད་ལ་ཟ་འདོད་བྱེད་པ་ཞིག་འདུག་པས། སློང་མོ་དགོས་ཟེར་བྱུང་བས། ངེད་རང་རྣམས་སྤྲང་པོ་ནི་མཉམ་པོར་འདུག །ཁྱེད་ཚོ་ཞ་ལུ་བ་ཡིན་སྙམ་པ་ཡོད་ནའང་། ངེད་ཚོ་འདར་པ་ཡིན་སྤྲད་ཆོག་བྱས་པས་ཐམས་ཅད་བཞད་གད་ཐེག་གེ་བྱུང་ནས་ཟ་འདོད་ཆེར་མ་བྱས། དེ་ནུབ་རི་ཕུག་ཏུ་ཕྱིན། བུ་སྟོན་ཐམས་ཅད་(༧༡བ)


GLG009_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པའི་ཆོས་ཁྲིའི་མདུན་དེར་ལྕོག་གྲ་བྱས་བསྡད། ནཱ་ལནྡའི་བཅོ་བརྒྱད་པའི་འཚོ་བྱེད་ཅིག་ཡོད་པ་དེས་གཞིས་ལེན་བསྙེན་བཀུར་ཟུར་ཆས་སོགས་ཞབས་ཏོག་ཡང་དག་བྱས། སང་དེ་རི་ཕུག་བླ་བྲང་ན་བཞུགས་པའི་བུ་སྟོན་རིན་པོ་ཆེའི་སྐུ་འདྲ་ཕྱག་ནས་མས་གཙོ་བྱས་པའི་རྟེན་གསུམ་ཤར་ཆེན་གྱི་རྟེན་སོགས་ཞིབ་པར་མཇལ། མཁྱེན་རབ་རིན་པོ་ཆེའི་ཞལ་སློབ་བགྲེས་པོ་ཞིག་འདུག་པ་ལ་ཕྱག་རྡོར་འགྲོ་བཟང་གི་དབང་། རྣམ་སྲས་ཞི་དྲག་གི་རྗེས་གནང་། རྡོ་རྗེ་རབ་བརྟན་མའི་བཀའ་གཏད་ཡིག་ལུང་དང་བཅས་པ་ཞུས། དེ་ནུབ་རྫིང་ཕུར་བྲག་སྒོ་བ་ཟེར་བའི་ཁམས་པ་ཕྱུག་པོ་ཞིག་གིས་གདན་དྲངས་དེར་ཕྱིན། ཚེ་དབང་། རྟ་མགྲིན་གྱི་རྗེས་གནང་སོགས་བྱས། ཇ་བཟང་པོ་ཞིག་ཕུལ་བྱུང་བས་ལམ་ཇ་ལ་ཤིན་ཏུ་མཁོ་བ་བྱུང་། ཞེན་མེད་ཀྱི་ཉེ་དུའི་སྒོ་བསྙེགས་པས། །དགོས་མེད་ཀྱི་ལམ་སྟབས་དེ་རུ་བཅག །དོན་མེད་ཀྱི་ལུང་སྦུག་བསྐོར་བའི་འབྲས། །འབྲེལ་མེད་ཀྱི་ས་མཚམས་དེ་རུ་བྲིས། །སྤྱིར་སེམས་ཅན་ཀུན་དྲིན་ཅན་ཕ་མར་འདུག །སྒོས་སུ་བྱམས་གཉེན་ལ་གང་སྐྱིད་ཡུལ། །ང་བྱ་བྲལ་གྱི་མདུན་མ་ཡང་རྩེར་ཡོད། ཁྱེད་ཕ་ཚན་སྐུ་ཁམས་ཅི་བདེར་བཞུགས། །དཔལ་ཞ་ལུ་གསེར་བཀང་གི་དགོན་པ་ན། །བན་སྨྱོན་ཀུན་གྲི་རིངས་ལ་ཤལ་འཛུགས་བྱེད། །མི་བསད་ལ་ཡ་འུད་མི་གདའ་བས། །སྤྲང་པོ་ངས་རི་ཕུག་དགོན་པར་བྲོས། །སྔར་འདྲིས་ཀྱི་སློབ་མས་ཞབས་ཏོག་བཟང་། །ཀུ་སུ་ལུའི་བླ་མ་ལམ་དུ་མཇལ། །གང་ཞུས་ཀྱི་ཆོས་འབྲེལ་ལྷུག་པར་གནང་། ཁོང་བཀའ་དྲིན་མི་ཆུང་ཆེ་བར་འཁུམས། །ལར་ད་ལྟ་གངས་རིའི་ལྗོངས་འདི་ན། །དགོན་སྤྱི་ཆོས་ཀྱི་རང་ཚུགས་(༧༢ན)


GLG009_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་ལ། ཁོང་འགྲན་ཟླ་བྲལ་བའི་ཞ་ལུ་པ། །བོད་ཆོས་སྡེ་ཚོའི་སྲོག་ཤིང་དམ་པ་ལགས། །ཞེས་གསུང་བ་བསྟན་པ་ཕྱི་དར་གྱི་ལོ་ཙཱ་བ་བརྒྱ་ཕྲག་ཏུ་ལོངས་པ་བྱུང་ནའང་རྒྱ་མཚོ་མཐའི་སྐད་ཤེས་པ་ཁོ་བོ་ལས་མ་བྱུང་ཞེས་བསྙེམས་པའི་ཚུལ་འཛིན་པ་འཇིག་རྟེན་གྱི་མིག་གཅིག་པུ་གཉན་ལོ་ཙཱ་བ་དར་མ་གྲགས་ཀྱི་རྒྱ་གར་ནས་གདན་དྲངས་པའི་རྗེ་བཙུན་སྒྲོལ་མ་འགངས་ཅན་དེ་མཇལ་བ་གནང་བའི་མནལ་ལམ་དུ་བུད་མེད་གཞོན་ནུ་གོས་སྔོན་པོ་གྱོན་པ་ཞིག་བྱུང་ནས་འདི་གཉན་ལོ་སྦྲུལ་གྱི་འཇིགས་པ་ལས་བསྐྱབས་པའི་པཎྜི་ཏ་སངས་རྒྱས་གསང་བའི་ཐུགས་དམ་གྱི་ལྷ་དེ་ཡིན་ཟེར་བ་སད་ཚེ་རྗེ་བཙུན་མ་སྒྲོལ་མ་དངོས་སུ་མོས་པའི་ཐུགས་དད་འཁྲུངས། རྟིང་རེས་སྣར་ཐང་བྱང་ཆེན་དུ་ཕེབས་སྐབས་དཀོན་གཉེར་གྱིས་མགོན་པོ་ཞལ་ཤིང་གི་མཆོད་རྟེན་འདི་ལ་གནས་པ་ཡིན་ཟེར་དེ་ནུབ་དེར་གཟིམས་པས་ཨཱ་ཙཪྻ་ཞིག་བྱུང་ནས་མེ་འབར་གྱི་གཙུག་ལག་ཁང་བཞིའི་ངོས་འཛིན་དང་བཅས་པ་སྨྲ་ཞིང་ཁྱེད་རང་གི་གནས་ཁྱེད་རང་གིས་ངོ་ལོས་ཤེས་ཟེར་དགའ་བའི་རྣམ་འགྱུར་སྣ་ཚོགས་སྟོན་པ་བྱུང་བ་ཞལ་གྱི་རྣམ་འཕྲུལ་ཡིན་གསུང་། ལྕགས་སྟོད་ཀྱི་ལོ་རྒྱུས་ནི་ལྟ་བ་འཁོར་འདས་དབྱེར་མེད་དུ་གཟིགས་པའི་རྣལ་འབྱོར་པ་བཟང་ངན་གཉིས་འཛིན་གྱི་མཐའ་ལས་འདས་པ་གཉེན་སྲིད་ཅི་ལ་མངའ་ནའང་། རང་ཅག་སྙིགས་མར་སྤྱོད་པའི་དགེ་སྤྱོད་སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ནས་བཤད་པའི་ཐ་མའི་རིགས་རྣམས་ལ་བག་ཡོད་བྱེད་དགོས་ཞེས་གདམས་པར་སྣང་། ལྕགས་སྒོག་ལུང་པ་བཀྲ་ཤིས་དཔལ་འབྱོར་དེ་སྐབས་གྲགས་ཆུང་ཡང་ཀུ་སུ་ལུའི་མཁས་གྲུབ་ཆེན་པོར་དགོངས་ཏེ་ཆོས་འབྲེལ་གསན་ཅིང་(༧༢བ)


GLG009_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་གོང་དུ་ལྷ་མོས་རྣམ་འགྱུར་ཟུར་ཙམ་བྱུང་བ་སོགས་ནི་དུས་ཕྱིས་ཆོས་རྗེ་ཐམས་ཅད་མཁྱེན་པའི་ཁྲིར་ཕེབས་ནས་བསྟན་པ་ཉིན་མོ་ལྟར་གསལ་བའི་རྟེན་འབྲེལ་དུ་མངོན། གསོལ་འདེབས་ལས། གུས་ལྡན་སྦྱིན་པའི་བདག་པོའི་བར་ཆད་བསལ། །ཉེ་བར་མཁོ་བའི་རྙེད་དང་བཀུར་སྟི་བསྒྲུབས། །ཐར་དགོན་སྨན་ལུང་གནས་ཀྱི་ལྷ་ཁང་མཇལ། །རིགས་བརྒྱུད་སྲུང་མ་མཆོད་ལ་གསོལ་བ་འདེབས། །ཞེས་པ་ལམ་ཡིག་ལས། ཁོང་བྲག་སྒོ་བ་བྱ་བའི་ཕྱུག་པོ་དེ། །མིག་རྒྱ་ཁབ་ལས་ཕྲ་བ་ཞིག་ཡིན་ཟེར་ནའང་། །ང་བྱ་བྲལ་ལ་ལམ་ཇ་བཟང་པོ་ཕུལ། །དུས་གཞན་གྱི་ཇ་སིགས་གཅིག་ལས་དགའ། ཁོས་ཁེངས་དྲེགས་ཀྱི་བརྙས་པ་ཡིན་ལས་ཆེ། །ཡུལ་རྒྱན་གོང་གི་ལྷ་མོ་དེ་གནོད་ཀྱི་འདུག །ངས་གཏོར་མ་དང་བཀའ་བསྒོ་དྲག་པོ་བྱས། །དེ་རེ་ཞིག་ལོག་ནས་བདེ་བར་བྱུང་། །དེ་ནས་ཐར་པ་དགོན་པར་སླེབས། དེ་ནུབ་བསྡད་ནས་དེའི་སྟེང་ཤོད་ཀྱི་ལྷ་ཁང་མགོན་ཁང་རྣམས་ཞིབ་པར་མཇལ། སང་ཚ་ཐོག་ཏུ་སྨན་ལུང་དུ་ཕྱིན། བླ་བྲང་པ་དེ་པ་དང་ཉེ་ཚན་རྙིང་པ་ཞིག་ཏུ་འགྲོ་བས་ངོ་ཤེས་བྱས། གཞིས་ལེན་ཡང་དག་བྱུང་། ནཱ་རོའི་རྒྱན་དྲུག་ཁ་ཆེ་པཎ་ཆེན་གྱི་སྐུ་ཆོས་སོགས་ཀྱི་བྱིན་རླབས་ཞུས། གཙང་ཁང་གི་རྟེན་གསུམ། སྨྲྀ་ཏིའི་གདུང་འབུམ་སོགས་མཇལ། སྟག་ཞོན་མགོན་ཁང་དུ་གཏོར་གསོས་སྙན་དར་འཕྲིན་བཅོལ་ཡིད་ཆེས་པར་བྱས། དེ་ནས་པ་རྣམ་གཞུང་ལ་ཕྱིན། གྲོང་སྟོད་དུ་ཞག་སྡོད་བྱས། སང་ཉིན་སྔ་བར་ཕྱིན་ལྷུན་གྲུབ་རྩེར་སླེབས། ངས་གནས་ཚང་ཞིག་ཏུ་བསྡད། ཟླའོ་རྣམས་གཟིམས་ཁང་སོགས་ཀྱི་ལྟད་མོ་དང་། ཞར་ལ་བསོད་སྙོམས་ཀྱང་བྱེད། སྡེ་(༧༣ན)


GLG009_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཆོས་ལ་དཀར་པོ་ཞིག་ཡོད་པ་འདུག་ཟེར་ནས་སོང་། ཁོང་རྣམས་ཀྱིས་ཉི་ཕྱེད་བར་བསྒུགས་པས་ལན་ཙམ་ཡང་མ་ཁུགས། ངེད་རང་རྣམས་ཀྱི་ཚ་ཐེབས་ཀྱང་ཆག་པ་ཞིག་བྱུང་ནས་ལོག་བྱུང་། ལར་གནངས་ཆུང་ལ་བློ་རིག་རྒོད་པའི་སྡེ་དཔོན་དཔོན་སྐྱའི་རིགས་འདི། ལུག་ཐུག་གི་སྒྲོ་བས་ཝ་མོའི་ཉིན་ཐེབས་གཅོག་པ་མ་གཏོགས་དགོས་པ་མི་འདུག་པས་དེ་འདྲའི་རིགས་ལ་བྱ་བྲལ་རྣམས་ལམ་གཞུང་སྲོང་བ་རང་གནད་དུ་གདའ། དེ་ནས་བསམ་སྡིངས་དགོན་པར་སླེབས་ནས་དེ་ནུབ་གནས་འབྲེལ་བྱས་བསྡད། སང་ཉིན་དེའི་ནེ་གུ་བརྒྱུད་པའི་ཕོ་ཁྲོམ་མགོན་ཁང་། ཡང་དགོན་གྱི་ལྷ་ཁང་མགོན་ཁང་སོགས་མཇལ། ཆོས་རྗེའི་དྲུང་དུ་ངེད་དཔོན་སློབ་རྣམས་ཀྱིས་བླ་མའི་རྣལ་འབྱོར་གྱི་ཆོས་འབྲེལ་ཞུས། སྒེར་གྱི་མགོན་དཀར་གྱི་རྗེས་གནང་ཞུས་པས་མ་གནང་བར། རྩིས་ཀྱི་མགོན་པོ་ལྷ་ཆེན་དཔལ་འབར་གྱི་རྗེས་གནང་བཀའ་དྲིན་བསྐྱངས། དེ་ནས་རྩིས་གནས་གསར་གྱི་ལྷ་ཁང་མགོན་ཁང་རྣམས་མཇལ། སྡེ་པ་བསོད་ནམས་རབ་བརྟན་པས་གཞིས་ལེན་ཤངས་ལེན་སོགས་ཡང་དག་མཛད། དེར་འདོལ་ཆུང་ན་ཚ་མོ་ཞིག་ཡོད་པ་དེས་འབོད་དུ་རྟ་པ་གཉིས་རྐང་ཚུགས་བཏང་བྱུང་ནས་ཅིས་ཀྱང་ཡོང་དགོས་པའི་ནན་ཏན་བྱེད་ཀྱི་འདུག་པས་ཁོང་བྱིངས་པོ་དེར་བཞག །ངེད་དཔོན་སློབ་འགས་སྐོར་ཙམ་ཕྱིན་པས་གནས་ཚུལ་ངེས་པར་བྱུང་བ་ལགས་སོ། །ཐར་དགོན་སྨན་ལུང་འཕྲུལ་གྱི་ལྷ་ཁང་མཇལ། །ཕ་མེས་བརྒྱུད་པས་བསྟེན་པའི་མགོན་གཉན་དེ། །སྙན་དར་བ་ལིང་རྒྱ་མཚོས་མཆོད་བྱས་ཏེ། །བསྟན་པ་བསྲུང་བའི་འཕྲིན་ལས་བཀའ་བསྒོ་བྱས། །(༧༣བ)


GLG009_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་པ་རྣམ་རྫོང་གི་གཞུང་དུ་ཕྱིན། །འཁོར་རྣམས་གཏོར་ཚོགས་མེད་པའི་རྔ་གཤང་གི །སྒྲ་དབྱངས་སྙེག་པའི་བྱ་རོག་བཞིན་དུ་འགྱོད། ཁོ་བོ་ཕོ་ཚོད་ཆེ་བའི་ཁྲོམ་ཐོག་ཆོད། །ཕྱིན་ཆད་ཕྱོགས་འདིར་འོངས་པའི་རྣལ་འབྱོར་རྣམས། །འདི་འདྲའི་རིགས་ལ་རིམ་པ་ལྟར་འཛེམ་མཛོད། །ཟེར་བའི་རྒྱང་གླུ་ལེན་ཞིང་བསམ་སྡིངས་ཀྱི། །རི་ལ་འཛེགས་པས་ལུགས་གཉིས་འདོད་པ་ཚིམ། །ཡང་སྨྲས་པ། ཉང་སྟོད་ཀྱི་ཨ་མོ་འདོལ་ཆུང་ན། །ཚ་མོ་ཞིག་ཡོད་པས་ནན་གྱིས་བོས། །རྔན་ཆེན་དང་གཞིས་ལེན་བསྲེས་སེ་བ། ཁྲམ་དུས་ཀྱི་ཁ་རྒྱན་བཅས་པ་བྱུང་། །གཏེར་སྦྱིན་འདྲ་ཡོད་སྙམ་ཡོད་ཚོད་གདའ། །ང་རྒྱལ་ཁམས་ཀྱི་ལོངས་སྤྱོད་ཆར་ལྟར་བབས། །ཆོས་ལྡན་གྱི་འགྲོ་ས་ཚགས་ལས་མང་། །དཔོན་ངན་གྱི་ཁྲལ་འབབ་ཡོད་དོན་མེད། །ཚོམ་པོ་ལ་སྣུམ་བསྐུས་མ་རེ་མཛོད། །ཅེས་གསུངས། གསོལ་འདེབས་ལས། བསམ་སྡིངས་གྲུབ་པའི་གནས་སོགས་རིམ་བརྒྱུད་དེ། །ཡུལ་ལྗོངས་རྣམས་སུ་དད་ལྡན་བཀུར་སྟིས་མཆོད། །ཤམྦྷར་གནས་སུ་འདྲེན་མཆོག་བླ་མ་ལ། །བསྟན་སྲུང་རྗེས་གནང་གསན་ལ་གསོལ་བ་འདེབས། །དུས་དེར་ཡེ་ཤེས་ཆེན་པོའི་གཟིགས་སྣང་དུ། །ཞུན་ཆེན་དུད་སྤྲིན་མེ་རླུང་འཚུབ་པའི་དབུས། །འཇིགས་རུང་སྟག་སྨྱོན་ཞོན་པའི་མོན་པ་ཆེ། འཁོར་བཅས་གསལ་བར་ཤར་ལ་གསོལ་བ་འདེབས། །ཞེས་ལམ་ཡིིག་ལས། དེ་ནས་བོད་ཀྱི་ལྷ་བཙན་པོའི་གདུང་བརྒྱུད་དྲི་མ་མེད་པ་སྐྱ་བོ་བྱང་ཆུབ་སེམས་དཔའི་མཛད་པ་ལྷུར་ལེན་པ། འབྲོང་རྩེ་ནས་ཁྲི་ནམ་མཁའ་བསོད་ནམས་ཀྱི་དྲུང་བཞུགས་པའི་གཞིས་ཀ་རྣམ་སྲས་མཐོང་སྨོན་དང་ཁད་ཉེ་བ་ཞིག་(༧༤ན)


GLG009_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སླེབས། སུ་ཡིན་རྩད་གཅོད་མི་གནང་བྱུང་བས། དཔལ་ལྡན་ས་སྐྱ་སྐོར་ནས་ཡིན་ཟེར་བའི་བརྫུས་སེ་བ་ཞུས་ཀྱང་དགོངས་ནས་ཅིས་ཀྱང་ཤོགས་གསུངས་ནས་ཕྱིན། ཞབས་ཏོག་གཞིས་ལེན་ཡང་དག་ཐུགས་དཀར་བས་ཀུན་ནས་བསླངས་པ་མཛད། སྡེ་པའི་དྲུང་དུ་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་དབང་བཞི་ཡོངས་སུ་རྫོགས་པ། བཀའ་སྡོད་རྣམས་ཀྱི་སྲོག་དབང་སོགས་ཕུལ། གཞན་ཡང་འདོད་ཆོས་ཀྱི་ཐུགས་བཞེད་མང་པོ་འདུག་པ་ཡར་ལམ་འབུལ་བའི་ཁས་ལེན་ཞུས་ནས་རྒྱལ་མཁར་རྩེར་ཕྱིན་རྫོང་རྒྱབ་ཏུ་ལྕོག་གྲ་བྱས་བསྡད་པས། གནས་ཆེན་པས་ཅིས་ཀྱང་ཡོང་དགོས་གསུངས། དཔལ་འཁོར་བདེ་ཆེན་གྱི་ཤག་ཏུ་བོས་གཞིས་ལེན་མཛད། ནང་སོས་སྣེ་སྦྱོར་མཛད་ནས་ཆོས་སྡེའི་ལྷ་ཁང་སྟེང་ཤོད། མཆོད་རྟེན་ཆེན་པོ། རྒྱལ་རྩེའི་ལི་མ་ལྷ་ཁང་། གཟིམས་ཆུང་སྟེང་ཤོད་འགའི་རྟེན་རྣམས་ཞིབ་པར་མཇལ། རྒྱལ་རྩེ་ནས་སྡེ་པ་ཆེན་མོ་དེ་ཉིན་རེ་བཞིན་ཆོས་སྡེ་ལ་ཞབས་སྐོར་ལ་སྒྲིགས་བཅུག་ཕེབས་པ་མཐོང་བས། དེང་སང་གི་ཨ་པོ་ཧོར་འདྲའི་དོན་སྤྱི་ཡོད་པ་ཞིག་མི་འདུག་ནའང་། ཆོས་རྒྱལ་གྱི་མཛད་སྤྱོད་སྐྱོ་སུན་མེད་པར་བསྒྲིགས་སུ་བཅུག་པ་འདི་ཙམ་རང་ཐོག་ཏུ་བབས་ནའང་ནུས་པ་དཀའ་བས་ངེས་པར་ཆོས་རྒྱལ་དུ་འདུག་སྙམ་པའི་དག་སྣང་ཆེན་པོ་བྱུང་། དེ་རྗེས་འབྲུག་པ་ངག་དབང་ཆོས་རྒྱལ་དང་དེ་གོང་ནས་གསུང་ཆོས་ཀྱི་འབྲེལ་པ་ཡོད་པས་མཇལ་བ་དང་ར་ལུང་བསྐོར་བ་སྦྲགས་མཁའ་རོ་ནས་ཡར་འབྲོག་གི་ནང་ལ་ཞུགས། དོ་རི་སོགས་གནས་མཇལ་རིམ་པར་བྱེད་འདོད་ཡོད་ནའང་གྲ་པ་རྣམས་ཀྱང་མགྱོགས་སྐོར་ལ་དགའ་བ་ཙམ་འདུག་ཅིང་། (༧༤བ)


GLG009_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ངེད་རང་གི་རྐང་ཚབ་ཀྱི་རྟ་དེ་ཡང་བབས་ཀྱི་རྣམ་པ་ཡོད་པ་ཞིག་བྱུང་བ་སོགས་ཕྱོགས་དུ་མ་ནས་མདོར་བསྟན་པས་འཕྲེད་ལ་བཅད་དེ་རོང་ཆུང་ལ་འགྲོ་བའི་གྲོས་ཐག་བཅད་དོ། །བོད་རྒྱལ་པོ་གཞོན་ནུས་གཙུག་གིས་མཆོད། །ཤར་རྒྱལ་པོའི་མཛད་པས་ཡིད་རབ་གྲོགས། །རྟ་མདོ་ཕྱུག་གི་བང་འགྲོས་དེ་རུ་ཟད། ཁོང་གྲ་པ་ཀུན་ཟ་ཐག་ཉེ་ལ་དགའ། །དཔལ་ར་ལུང་གི་རི་ཁྲོད་ལྟ་བ་དང་། །ཕ་ངག་དབང་ཆོས་རྒྱལ་མཇལ་སྙམ་ཚེ། །ལུས་འཁོས་མེད་ཀྱི་རྐང་པས་རང་མཚང་བསྟན། །ང་ལུགས་གཉིས་ཀྱི་བླང་དོར་མི་ཞན་ཡང་། །ལུས་རྐང་པའི་འཁྲུལ་འཁོར་འདོར་ལེན་བྲལ། ཁོང་དུད་འགྲོ་ལ་འགྲོ་འདུག་གི་སྐྱབས་གནས་འཆོལ། །ང་མི་ཕྱེད་དུ་འདུག་སྙམ་སྙིང་ཁོང་གྲང་། །ང་ཡང་ཅིག་བསམས་པ་འདི་ལྟར་ཤར། །གནས་ལུགས་ལ་ལྟ་བའི་མིག་ཡོད་ན། །ཆུ་བུར་གྱི་ཁྲ་ཧྲིག་མེད་ཀྱང་ཆོག །ཅི་བསམས་ཀུན་འགྲུབ་པའི་བློ་ཡོད་ན། །ཤ་རུས་ཀྱི་རྐང་པ་མེད་ཀྱང་ཆོག །སེམས་ཉིད་ཀྱི་ཡང་དགོན་མཐོང་ཙ་ན། །ར་ལུང་གི་རི་ལྟས་དེ་གར་གདའ། །དད་མོས་ཀྱི་རང་ཞལ་མཇལ་ཙ་ན། །མཚན་ལྡན་གྱི་བླ་མ་དེ་གར་གདའ། །གང་བྱུང་གི་ཆོག་ན་ཅི་བྱས་བདེ། །བྱ་བཏང་གི་བློ་སྣ་གང་ཤར་ཡིན། །འགྱུར་མེད་ཀྱི་བདེན་གྲུབ་མེད་པས་འཚེངས། །རོང་ཆུང་ལ་སྤྲང་པོའི་ལམ་སྣ་ཟུག །དཔལ་འཁོར་བདེ་ཆེན་དུ་བསྡད་པའི་དགོངས་དེ། ངེད་ནི་གནས་ཆེན་པའི་མཁར་ལས་བྱེད་སྒང་གི་ནང་འུ་ལག་པ་དང་ཐུག་ཚོམ་གྱི་ཁེངས་པ་དེར་ནན་མེད་བྱས་སྒོར་བས་ཞེ་སུན་ལ་ཚིག་པ་ཟ། ཟླའོ་རྣམས་ནི་དེའི་ནུབ་ཆར་ལྷགས་འདྲེས་པ་ཞིག་གིས་ལྕོག་བུ་རྣམས་བསྒྱེལ། འདམ་བག་གི་དཀྱིལ་དུ་ཉལ་དགོས་(༧༥ན)


GLG009_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་འདུག །ངེད་རྣམས་ཆོས་སྡེའི་སྒོར་འཛོམ་ཙ་ན་ཐམས་ཅད་ཕར་ཡུས་ཚུར་ཡུས་སུ་འདུག་པས། ངས་ཁས་མ་བླངས་པར་སྔོན་ལ་ཐལ་ལེ་ཕྱིན། ཉང་སྟོད་གུ་ལའི་ཕུ་དེ་ན་ཕོ་རོག་མདོ་སྡེ་མགོན་པོ་བྱ་བའི་གྲུབ་ཐོབ་ཅིག་གི་སྐུ་འདྲ་སྙན་གྲགས་ཅན། མགོན་ཁང་དང་བཅས་པ་འདུག་པ་མཇལ། དེ་ནུབ་དཔོན་སློབ་ཐམས་ཅད་རྣམ་སྲས་མཐོང་སྨོན་དུ་འཛོམ། སང་མཁར་ཁའི་མདུན་མན་ལུང་དགོན་པའི་འཁྲིས་ལ་བྱས། ཐུ་རུ་སྟག་ཚལ་ཟེར་བའི་ལུང་ནང་དུ་ཞག་གཅིག་བསྡད། སང་དེ་སྔ་བར་ལ་ཤིན་ཏུ་ཆེ་བ་ཞིག་བརྒལ་ཕྱིན་པས། རོང་ཤམ་བྷར་གྱི་དགོན་པར་ཚ་བ་ཕྱི་བ་ལ་སླེབས། ཤམ་བྷར་ཆོས་རྗེའི་དྲུང་དུ་མཇལ། མགོན་པོ་སྟག་ཞོན་འཁོར་བཅས་ཀྱི་དབང་རྗེས་གནང་། རོང་པའི་སྟག་ཞོན་གྱི་ཕུར་དབང་དུ་གྲགས་པའི་རྟེན་མཇལ་བཀའ་བསྒོ་དང་བཅས་པ་ཞུས། ཆོས་སྐྱོང་དེའི་ཆོས་སྐོར་ཚད་མ་དང་། ཞལ་བཞི་པའི་ལས་མཁན་པུ་ཏྲ་ནག་པོ་རྣམས་ཞུ་བའི་རྗེས་སུ་སླེབས་པའི་རྒྱུ་མཚན་ཕུལ། ཞལ་བཞེས་ཀྱང་ཕེབས་སོ། །ལྷ་སྙན་ཤམ་བྷར་མགུལ་གྱི་དགོན་པར་སླེབས། །འཁྲུལ་ཞིག་བླ་མའི་ཞལ་བཟང་མངོན་དུ་བྱས། །ཕ་མེས་བརྒྱུད་ཀྱི་སྲུང་མ་ནག་པོ་དེའི། །སྐུ་བརྙན་མཐོང་ཞིང་དབང་དང་རྗེས་གནང་ཐོབ། །དེ་ནུབ་གནས་དེར་ཉལ་བའི་འཆར་སྒོ་ལ། །གཉིད་འཆག་ཐོག་འཚེག་བ་སྤུ་ཟིང་ངེ་བ། །མངོན་སུམ་རྨི་ལམ་གང་ཡང་མ་ཡིན་པའི། །འོག་འགྱུའི་ཚུལ་གྱི་ཟ་ཟིའི་འཆར་ཚུལ་ནི། །གསུར་དུད་མེ་དམར་འཚུབ་མའི་ལུང་སྟོང་ན། །སྟག་ཆེན་སྨྱོན་པ་ཞོན་པའི་མོན་ནག་ཅིག །བསྟན་དགྲ་དམ་ཉམས་འཚོལ་ཟེར་རྒྱུག་ཅིང་འབྲལ། །(༧༥བ)


GLG009_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསུམ་ཁུ་སྒྲས་འགེངས་ཤིང་ཡོད་དོ་སྙམ། །རེས་འགའ་ལིང་པ་ཁྱི་ཁྲིད་མང་པོ་ཡིས། །རི་དྭགས་འདེད་ཅིང་བཤའ་བའི་དམར་མྱོག་དང་། །གཞན་ཡང་སྟག་གཟིག་དོམ་དྲེད་བྱ་འུག་སོགས། །རྒྱུག་འབྲལ་འཕུར་ལྡིང་བན་བུན་ཟ་ཟི་ཡིས། །ནམ་ལངས་བར་དུ་ཐུབ་པའི་འཁྲུལ་སྣང་བྱུང་། །དེ་དག་ལེགས་པར་བསམས་ཚེ་ཕ་རྒོད་རྗེའི། །བསྟན་སྲུང་མཆོག་འདི་མངོན་སུམ་ཞལ་གཟིགས་ནས། །སྒོས་དགྲ་ཁ་ཁྱེར་ཁུར་ནས་ཟ་བ་སོགས། །འཇིགས་སུ་རུང་བའི་ལས་རྗེས་མངོན་དུ་བསྟན། །དེ་ཡི་རིགས་འཛིན་རྣལ་འབྱོར་བདག་ཡིན་པས། །ད་དུང་འདི་ཡིས་དམ་ཉམས་མང་པོ་ལ། །དག་པོའི་ལས་སྦྱོར་འགྲུབ་པའི་ལྟས་སུ་གོ །དེ་ནས་ཤ་རའི་གྲུ་ལྕགས་ཐོན་པས། དེའི་གྲུ་ཤན་གྱི་རྟ་མགོའི་ངོས་ལ་རིན་སྤུངས་ནས་སྡེ་པའི་བཀའ་ཤོག་ལྕགས་ལེབ་ལ་གཟོང་རིས་བྲིས་པ་གསེར་ཆུས་བྱུགས་པ་ལ། གྲུ་ལྕགས་འདི་དགེ་རྒྱུན་ལ་བཙུགས་པ་དང་། མཉན་པ་ལ་གཞིས་ཟུར་ན་བྱིན་ཡོད་པས། ཟ་འདོད་ཀྱི་གཙེར་བ་བྱུང་ན་ངོ་བསྲུངས་མེད་པའི་ཞུ་བས་སླེབས་པ་གྱིས། ཕྱིས་འདོམས་པའི་ཁྲིམས་ལུགས་བྱེད་ཟེར་བ་གཟེར་གྱིས་བསྡམས་ནས་བརྒྱབ་འདུག་ཅིང་། མཉན་པ་དེ་རྣམས་ཀྱང་སྔ་གོང་དང་མི་འདྲ་བའི་ངོ་གནོང་བ་བྱས། ལྟོགས་འདོད་ཅུང་ཟད་བྱེད་འདོད་པའང་གནང་སྦྱིན་ཞུ་བ་ཡིན་ཟེར་བ་ལས་མི་འདུག་པས། གཞིས་ཀ་རིན་སྤུངས་པ་ཁྲིམས་དམ་ཟེར་བའི་སྙན་གྲགས་བདེན་པར་འདུག །རྒྱལ་པོ་ཁྲིམས་ལུགས་ཡོད་པའི་ས་ཕྱོགས་འདི་འདྲ་བ་ཞིག་ཡོང་བ་ཡིན། སྙོམས་ཆུང་ལམ་བདེ་བ། རྫས་ལྡན་བློ་བདེ་བ་སོགས་བསོད་ནམས་དཔག་མེད་འོང་བ་འདུག །ངོ་མཚར་སྙམ་པས་སྡེ་པ་(༧༦ན)


GLG009_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་དག་སྣང་ཅི་ཡང་སྐྱེས། ཞེས་འབྱུང་བས་བསམ་སྡིངས་ནས་རིམ་གྱིས་འཆི་མེད་ཀྱི་གྲོང་ཁྱེར་ལ་ཅོ་འདྲི་བ་ཉང་སྟོད་ཀྱི་ཡུལ་གྲུ་རྣམས་ཞབས་ཀྱིས་བཅགས་ནས་ཤམྦྷར་དུ་ཡབ་མེས་ཀྱིས་ཆོས་སྐྱོང་དཔལ་མགོན་སྟག་ཞོན་ནག་པོའི་ཆོས་སྐོར་རྣམས་གསན་པས་བསྟན་དགྲ་ཚར་གཅོད་པའི་ལྟས་མངོན་སུམ་དུ་བསྟན་ཅིང་། རྗེ་འདི་ཉིད་ལ་བརྒྱ་ཞང་ཕྲོམ། དྲང་ང་ཀུན་གྲགས། ཆོས་དབང་། ཨོ་རྒྱན་གླིང་པ་སོགས་ཀྱི་གཏེར་ནས་བྱོན་པ་དང་། ཇོ་བོ་ཆེན་པོ། དཔྱལ་པ་སོགས་ལས་འོངས་པའི་སྟག་ཞོན་མཐའ་དག་གི་བཀའ་བབས་པའི་བེའུ་བུམ་ཡང་དབང་ལུང་མན་ངག་ཐམས་ཅད་ཁུངས་བཙུན་བརྒྱུད་པ་ལས་ཉེ་བར་འོངས་ཏེ་ཡིད་བརྟན་དུ་གྱུར་པ་མ་གཏོགས་ཁུངས་མེད་དང་ལུང་མེད་ཀྱི་དཔེ་ཧྲུལ་སྡུད་པའི་ཟོག་སྤྱོད་མཁན་པོ་རྣམས་དང་འདྲ་བ་ནི་མ་ཡིན་ནོ། །གསོལ་འདེབས་ལས། སྐྱེད་ཚལ་དགོན་པར་ཆོས་ཀྱི་སྦྱིན་པ་མཛད། །སྨྱུག་རིའི་ཡང་རྩེར་རྗེ་བཙུན་འཕྲིན་ལས་པས། །འཛུམ་ཞལ་བསྟན་ཞིང་དགྱེས་པས་བྱིན་གྱིས་བརླབས། །གསུང་གིས་རྗེས་སུ་བསྔགས་ལ་གསོལ་བ་འདེབས། །ཞེས་པ་ལམ་ཡིག་ལས། དེ་ནུབ་འབྲས་ཡུལ་སྐྱེད་ཚལ་དུ་སླེབས། གྲ་པ་རྣམས་ཤོལ་རག་ཆེན་པོ་དེར་ལྕོག་གྲ་བྱས། སྒེར་གྱིས་མཁྱེན་རབ་ཆོས་རྗེའི་དབོན། ངེད་ཁའུ་བྲག་རྫོང་པའི་གྲ་རིགས་ཀུན་གྱི་གཙུག་རྒྱན་རྗེ་བྲག་དཀར་རབ་འབྱམས་པ་བཞུགས་པའི་གཟིགས་སྤྱིལ་དུ་ཕྱིན་ནས་མཇལ། དད་པ་དང་དག་སྣང་བསམ་གྱིས་མི་ཁྱབ་པས་ཞལ་འཕྲོས་འབེལ་གཏམ་འར་མ་འུར་མ་བྱས་སྐྱེད་ཚལ་བའི་གྲ་པ་སྔགས་ཆོས་ཀྱི་འདོད་ཞེན་ཆེ་བ་མང་དག་ལའང་རྗེས་གནང་རིག་(༧༦བ)


GLG009_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་ལུང་སོགས་མང་པོ་བྱས། དེའི་ཚེ་ཀརྨ་པ་མི་བསྐྱོད་རྡོ་རྗེ་གཞུ་ལུང་པར་ཕེབས། སྡེ་པ་རིན་སྤུངས་པས་གདན་འདྲེན་ཞུ་རྩིས་དང་། མངའ་ཞབས་ཀྱི་སྐྱ་སེར་ཐམས་ཅད་ལ་ཞབས་ཏོག་དང་བསུ་བ་སོགས་ཀྱི་ཁྲལ་རྒྱབ། ཐམས་ཅད་དགའ་བ་དང་སྐྱོ་བ་སྤེལ་མའི་འུར་དིང་བ་འདུག །འབྲས་ཡུལ་བ་དཔོན་སློབ་ཀྱང་དེ་གའི་གྲབས་ཡུལ་ཁུར་ཆེ་བ་སྤྲོ་སེག་གེ་བ་ཡོད་འདུག་པས། ངེད་ཀྱི་བསམ་པ་ལ་འབྲས་ཡུལ་བའི་ཚན་འདི་དཔོན་སློབ་སྦྱིན་བདག་ལ་བསྟེན་པའི་ཁྲལ་འབབ་ཙམ་ནི་མི་བྱེད་ཁ་མེད་དུ་འདུག །དེ་ཙམ་གྱི་དང་དོད་རང་བྱེད་པའི་འབྲེལ་མེད་དམ་སྙམ་པ་ཤར། ངོ་ཤེས་ཕྲད་པ་རྣམས་ཁྱེད་ཀརྨ་པ་མཇལ་ལས་ཆེ་ཟེར། འཕྲལ་དེ་ཙམ་བྱེད་ཟེར་བ་ཙམ་བྱས། དོན་ལ་ཀརྨ་པ་རང་སྐྱེས་བུ་དམ་པ་ཡིན་ཉེན་ཡོད་མོད། ངེད་རང་གི་ཐོས་ཚོད་ལ་དཔགས་པའི་ལྷན་སྐྱེས་ཀྱི་ཤར་ཚོད་ཀརྨ་པའི་རྩ་བ་རང་དྭགས་པོ་རིན་པོ་ཆེའི་སློབ་མའི་གཙོ་བོ་ཁམས་པ་མི་གསུམ་དུ་གྲགས་པའི་ནང་ཚན། དུས་གསུམ་མཁྱེན་པ་ཁམས་པ་དབུ་སེ་ཟེར་བ་དེ་ཡིན་པས། ཁོང་རྣམས་ལ་བབས་ཐོབ་བྱེད་ན། རྒྱ་གར་གྱི་ནཱ་རོ་མཻ་ཏྲི་སོགས་ཀྱི་གདམས་པ་བོད་ཡུལ་གྱི་མར་པ་མི་ལ་སོགས་ནས་བརྒྱུད་པའི་སྒྲུབ་བརྒྱུད་བཀའ་བབས་ཆུ་བོའི་གཞུང་ལྟ་བུ་ཞིག་ཡོད་པས། དེ་གཙོ་བོར་སྐྱོང་དགོས་རྒྱུ་ཡིན་པ་ལ། དགོས་པའི་མཆོད་རྟེན་ནག་པོར་བཞག་མི་དགོས་བྲག་ལ་དབུ་དཀར་གསོལ་བའི་དཔེའི་རྣམ་པས་ས་སྐྱ་པ་དང་། དགའ་ལྡན་པ་སོགས་གང་བྱེད་ལ་མི་བསྡོ་བཞིན་དུ་འགྲན་པའི་རྣམ་པས་མཚན་ཉིད་དང་། སྒྲ་སྙན་ངག །རྒྱུད་འཆད་ཉན་འདི་ནས་འཆད་རང་ཆེར་མེད་པའི་རྣམ་གྲངས་(༧༧ན)


GLG009_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

མང་ལ་དངོས་མ་གཙང་བ་མྱོག་པ་ཞིག་དང་། འཇིག་རྟེན་གྱི་དཔོན་ཆེན་དང་། དཔོན་ཆུང་དང་། ཡང་ཆུང་སོགས་ཆོས་བརྒྱད་གང་འཕེལ་གྱི་བྱ་བ་ལྷུར་ལེན་པ་འདྲ་བ། ཁོང་རང་གི་བརྒྱུད་པའི་བླ་མ་དང་དེ་དག་གི་གསུང་རབ་རྣམས་ལ་ཆས་ཆོས་རས་སུ་བོར་རེ་བ། དིང་སང་ཀརྨ་པ་རང་གི་བཤད་སྒྲུབ་ཀྱི་བསྟན་འཛིན་ཅུང་དྲག་པ་རྣམས་ལའང་སྨོད་ཅིང་། དེ་དག་གི་གྲ་རིགས་དྲག་པ་ཚུན་ཆད་ཁོང་རང་གི་ཕྱག་ཕྱིར་གང་ཁུགས་བྱེད་པ་སོགས་འདུག་ཟེར་བས། སྙིང་ནས་དད་པ་ལྡང་བ་ནི་མ་སྐྱེས་བྱུང་། དེ་ཕྱིར་ངེད་རང་ས་སྐྱ་པའི་བཟའ་རྐང་མ་གཏོགས། ཀརྨ་པའི་ཁྲལ་འབབ་ཀྱི་ཁུར་ནི་ཅི་ཡང་མེད། དིང་སང་གི་མི་ཕལ་ཆེར་གྱི་བྱེད་པ་ལྟར། སྡེ་དཔོན་དཔོན་སྐྱ་ཞིག་གི་བླ་མ་བཅོལ་འདུག་ན་ཅིས་ཀྱང་ཆོས་ཞུ་སྙམ་པ་དང་། མཐའ་མི་མང་གིས་སྐོར་འདུག་ན་སངས་རྒྱས་ཡིན་སྙམ་རྒྱུག་པའི་བླུན་པོ་ངེད་རང་མིན། རང་གི་དགོན་ཆུང་ལ་མང་ཇ་འགྱེད་བཅས་ཡོད་དམ་སྙམ་པ་དང་། གཞན་དགོན་ཆུང་ངམ་གྲ་རིགས་རེ་རེ་ཙམ་འབྱོར་རེ་བའི་ཆེད་དུ་ཆོས་འབྲེལ་ཞུ་བའི་ལྟོགས་ལ་མེ་འབར་གྱི་བླ་མ་སློབ་དཔོན་ནི་མིན། ལེགས་ལེགས་ཀྱི་ཁྲལ་འཇལ་ནི་བྱེད་དོན་མི་འདུག །ལར་རྗེ་བཙུན་རྡོ་རིང་པ་ཆེན་པོ་དང་མཇལ་ནས་གསུང་ངག་རིན་པོ་ཆེ་འདི་ཐོབ་མན་ཆད། གཞན་བླ་མ་དང་གདམས་ངག་གང་ལའང་བྱང་ཆུབ་སྒྲུབ་པའི་ཆེད་དུ་མི་སྨོན་ཞིང་། འགྲམ་ཆུ་མི་ལྡང་བའི་ངེས་ཤེས་གཏིང་ཚུགས་ཤིག་ཡོད་པས་ལམ་གཞུང་བསྲངས་ཕྱིན། འོན་ཀྱང་རྗེ་ཐམས་ཅད་མཁྱེན་པ་ཀརྨ་འཕྲིན་ལས་པའི་ཞབས་འབྲིང་དུ་ཀརྨ་པའི་ཟབ་ཆོས་མང་པོ་ཐོབ་པས། ཀརྨ་པ་སྔོན་མ་རྣམས་ཀྱི་སྐུ་སྐྱེ་ཡིན་(༧༧བ)


GLG009_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་ཆོད་ན་མི་བཏུབ་སྙམ། མ་དད་མ་གུས་པ་ཡེ་མ་བྱུང་བ་བྱས། དེ་ཡང་སྤྱི་ཐེག་ཆེན་གྱི་གང་ཟག་གིས་སེམས་ཅན་ཐམས་ཅད་དྲིན་ཅན་གྱི་ཕ་མར་ཤེས་ནས་དག་སྣང་སྦྱོང་བ་དང་། བྱེ་བྲག་ཏུ་གསང་སྔགས་བླ་མེད་ཀྱི་སྒོར་ཞུགས་པ་རྣམས་ཀྱི་ཅིར་སྣང་ཐམས་ཅད་ལྷ་དང་ཡེ་ཤེས་ཀྱི་རྣམ་རོལ་ཏུ་ཤེས་པར་བྱས་ནས་དེ་དག་ལ་དད་པ་དག་སྣང་ཚད་དུ་བསྐྱལ་ནས་སོ་སོའི་རང་ཞལ་རྗེན་པར་མཐོང་བའི་མོད་ལ་ལྷུག་པར་སྐྱོང་བ་འདི་གནད་དུ་ཡོད་པས་དེ་གའི་ངང་དུ་མཉམ་པར་བཞག་པ་ལགས་སོ། །རྗེ་ཡོངས་གྲགས་ཀྱི་སངས་རྒྱས་ཀརྨ་པ། །བོད་སྐྱེ་བོ་ཀུན་འདུད་པའི་གནས་གཅིག་པུ། ཁྱེད་བསླུ་མེད་ཀྱི་སྐྱེས་བུ་ལོས་ཀྱང་ཡིན། ཁོང་དད་ཅན་ཀུན་འཁོར་བའི་མཚོ་ལས་སྒྲོལ། །སེམས་ལོག་རྟོག་གི་སྤྲིན་གྱིས་མ་བསྒྲིབས་ཀྱང་། ཁྱེད་མཛད་སྤྱོད་ཀྱི་རྣམ་ཐར་འོད་དཀར་གྱིས། །ང་སྙིང་དབུས་ཀྱི་པདྨ་བཞད་མ་ནུས། །དུས་ད་རེས་རྒྱ་ལམ་སྲོང་བ་ཞུ། ཁོང་ཕལ་ཆེར་གྱིས་མཇལ་བ་སྟོང་འུར་ཡིན། ཁོང་ལ་ལ་དག་མཇལ་བ་དེ་ཆེ་འདོད་ཡིན། ཁོང་འགའ་ཞིག་མཇལ་བ་ལྟོགས་འདོད་ཡིན། ཁོང་དེ་འདྲ་ཚོ་སྙིང་ནས་དད་པ་མིན། །ང་སྐད་སྟོང་ལ་རྒྱུག་པའི་ཁྱི་རྒན་མིན། །ང་ལྟོ་ཕྱིར་དུ་རྒྱུག་པའི་སྤྲང་རྒན་མིན། །ང་ཟོལ་ཟོག་གིས་འཁོར་བའི་བླུན་རྒན་མིན། །ང་དགོན་ཆུང་གིས་ཕོངས་པའི་བླ་རྒན་མིན། །གནས་དཔལ་ལྡན་ས་སྐྱའི་དབེན་གནས་མཆོག །དཔལ་ཁའུའི་བྲག་གི་ཕོ་བྲང་ན། །རྗེ་རྣལ་འབྱོར་དབང་ཕྱུག་རྡོ་རིང་པའི། །ཐུགས་གཅིག་ཏུ་འདྲེས་པའི་གཅེས་ཕྲུག་ཡིན། །མ་བདག་མེད་མཁའ་འགྲོའི་ཐུགས་ཀྱི་བཅུད། །རྗེ་རྣལ་འབྱོར་དབང་ཕྱུག་ཞལ་གྱི་རྒྱུན། །(༧༨ན)


GLG009_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ས་སྐྱའི་བླ་ཆེན་གདམས་པ་དེས། །རྒྱུད་ཡོངས་སུ་ཚིམ་པས་གཞན་མི་སྨོན། །དུས་ད་ལྟའི་ས་བརྫུས་ཀྱི་བནྡེ་ཚོ། །ཆོས་འདི་འདྲའི་སྐལ་བཟང་མ་ཐོས་པས། །སེམས་ཆོས་བརྒྱད་ལྟོགས་འདོད་ཀྱི་རྒྱུག་འབྲལ་གྱིས། །ཡུལ་གར་འགྲོ་དང་འདིར་འགྲོ་མེད་སྙིང་རེ་རྗེ། །རྗེ་དྲིན་ཅན་གྱི་བླ་མ་རྡོ་རིང་པ། ཁྱེད་བསམས་བཞིན་དུ་བཀའ་དྲིན་འཁོར་ཐབས་མེད། །སྤྲང་རང་མགོ་ཐོན་པ་བླ་མའི་དྲིན། །དེ་དྲན་པའི་མོད་ལ་མཆི་མ་བཀུ། །ང་ཕྱོགས་མེད་ཀྱི་དད་པ་མཁའ་ལྟར་ཡངས། །སྒོས་ཀརྨ་པ་ལ་སྙིང་ནས་དད། ཁྱེད་ཆོས་བརྒྱད་ལྟོགས་འདོད་དོན་གཉེར་ཚོའི། །གནས་ཚུལ་ནས་སྨྲས་པ་བཟོད་པར་གསོལ། །ཞེས་པ་སྡེ་སྲིད་རིན་སྤུངས་པ་དང་མཆོད་ཡོན་གྱི་དབང་གིས་སྐྱེད་ཚལ་བ་རྣམས་མི་ཆོས་ཀྱི་མཐུན་འཇུག་འོས་འཚམས་ལས་དང་དོད་ལུགས་གང་ས་ནས་དགོས་དོན་མེད་པའི་ཕེར་རྒྱ་ལ་ཐུགས་ཁྲེལ་བ་མེད་པར་སྣང་། རྗེ་འདི་ཉིད་དཔོན་སློབ་ལྔ་ཙམ་དབུ་ཞྭ་དམར་པོ་དང་ཉིད་ཀྱིས་སྐུ་གཟན་སེར་པོ་བཞེས་ཏེ་སྐྱེད་ཚལ་སེང་གཡབས་ནས་གཟིགས་རྟོག་མཛད་པ་རྗེ་བཙུན་བོད་མཁར་བ་དགུང་ལོ་ཉི་ཤུ་རྩ་ལྔ་ཙམ་འགྲོ་བ་ཚོགས་སུ་བཞུགས་པ་དེས་གཟིགས་མ་ཐག་ཐུགས་དད་ཤིན་ཏུ་ཆེ་བར་འཁྲུངས་ཏེ་དེ་ཉིན་བྲང་ཁང་དུ་གདན་དྲངས་རྙེད་བཀུར་ཆེར་བསྟབ། ཆོས་འབྲེལ་གྱི་ཐོག་མར་ཞལ་གདོང་བརྙན་ཅན་གྱི་རྗེས་གནང་གསན་ཞལ་སློབ་ཀྱི་ཁྲོད་ནས་མངོན་སྤྱོད་ཀྱི་ལས་སྦྱོར་ཡོངས་སུ་རྫོགས་པ་ལ་བརྟེན་ཏེ་ཁྲ་མ་ནས་རྩ་བརླག་ཏུ་བཏང་བ་སོགས་དྲག་ལས་ལ་བཀའ་བབས་ཤིན་ཏུ་ཆེ་བ་ཡོང་བའི་(༧༨བ)


GLG009_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་འགྲིག་གམ་སྙམ། རྗེ་མི་བསྐྱོད་རྡོ་རྗེས་རེས་གསང་སྔགས་རྙིང་མ་ཆོས་ལོག་དང་སྐབས་འགར་གཏེར་ཁ་འོག་མའི་ཚེས་བཅུ་འཛུགས་པ། འབྲི་གུང་ཟུར་པ་རིན་པོ་ཆེ་དང་མཇལ་དུས་བསྙེན་ཕུར་སོགས་སྔགས་ཆས་རྣམས་དབུ་ཐོག་ཏུ་བཞག་ནས་ང་ཡང་འདི་འདྲ་བ་ཞིག་འདོད་ཅེས་གུས་པར་མཛད། སྣེའུ་སྡོང་གོང་མ་ཆེན་པོར་ཕུལ་བའི་ཆབ་ཤོག་ཏུ། དེང་སང་དབུ་རུ་བྱང་ཕྱོགས་བརྒྱུད་འདི་ན། །གཏེར་སྣོན་ལྕང་ལོ་ཅན་ཞེས་བདུད་སྤྲུལ་དེ། །ཞེས་དང་། བླ་མ་གཏེར་གྲོ་བར་ཟློ་བ་ཞེས་ཐུགས་རྣལ་དུ་མི་གནས་པའི་གསུང་རིགས་དང་མཛད་པ་སྣ་ཚོགས་ལ་དང་བ་མི་སྐྱེ་བ་ནི་ཐུགས་བདེན་པར་ཟད། སྒར་ཆེན་འཛམ་གླིང་རྒྱན་ཟེར་བའི་སྟོང་འུར་ལ་སྐུའི་བ་སྤུའི་ཆ་ཤས་ཙམ་ཡང་མི་ལྡང་བ་རྗེ་བཙུན་ཁའུ་པའི་སྤྱན་སྔར་ཕེབས་པ་ནས་བཟུང་བླ་མ་དང་ཆོས་གཞན་ལ་བརྟེན་ནས་བྱང་ཆུབ་མི་སྒྲུབ་པའི་དབང་རྣོན་ཆོས་རྗེས་འབྲང་བའི་ཐུགས་མོས་ལ་ལྷག་པར་ངེས་རྙེད་ཀྱིས་ལག་པད་སྙིང་གར་ཟུམ་མོ། །རིམ་གྱིས་ལྷ་མཐོང་བའི་རྫོང་ལྷུན་གྲུབ་རབ་བརྟན་དུ་ཕེབས། ཞལ་ངོ་རྣམས་ལ་ཚེ་རྟ་སྦྲགས་མའི་དབང་སོགས་བཀའ་དྲིན་དུ་སྩལ། སྨྱུག་ལ་རྫོང་དུ་རྗེ་ཀརྨ་འཕྲིན་ལས་ཕྱོགས་ལས་རྣམ་རྒྱལ་དུ་གྲགས་པ་མཇལ་དུ་ཕེབས། དེར་བདུད་མགོན་ཞིང་སྐྱོང་སེང་གདོང་ཅན་དང་དམ་ཅན་མགར་ནག་སོགས་ཀྱི་ཆོས་བཀའ་ཅི་རིགས་གསན། སྤྱིར་རིས་མེད་པའི་བསྟན་རྒྱུན་ལ་དགོངས་པའི་འཆད་ཉན་དང་ཁྱད་པར་རྗེ་འཕྲིན་ལས་པ་ཉིད་ཀུན་མཁྱེན་བཀྲས་རྣམ་པའི་དབོན་པོར་སོང་བའི་ཐུགས་ཞེན་གྱིས་ནཱ་ལེནྡྲར་ཕན་ཐོགས་མཛད་དགོས་པའི་བསླབ་བྱ། གོང་དཀར་ཆོས་སྡེར་ཕེབས་རྩིས་ཀྱིས་རྒྱུ་མཚན་(༧༩ན)


GLG009_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་ཐུགས་ཤིན་ཏུ་མཉེས་པའི་སྒོ་ནས་ཕྱག་ཐུགས་ཀར་ཐལ་མོ་སྦྱར་ཏེ་རྗེས་སུ་ཡི་རང་དང་བསྔགས་པ་རྒྱ་ཆེན་པོ་མཛད། བླ་མ་དམ་པ་འདི་ཉིད་ཀྱང་ཐུགས་དད་ཤུགས་དྲག་པོའི་རྐྱེན་གྱིས་སྤྱན་ཆབ་འཁྲུག་པ་སོགས་ཕན་ཚུན་འབྲལ་མི་ཕོད་པ་ལྟ་བུའི་ཐུགས་ཡིད་གཅིག་འདྲེས་སུ་གྱུར། དེ་ནས་མི་འགྱངས་པར་དཔལ་འདམ་བུ་བྱིན་གྱི་ཆོས་གྲ་དང་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་སྤྲུལ་ཐུ་བཙུན་ཀུན་དགའ་རྣམ་རྒྱལ་གྱི་གདན་ས་གོང་དཀར་རྡོ་རྗེ་གདན་དུ་ཕེབས་ཏེ། སྨིན་གྲོལ་ལུང་མན་ངག་སོགས་ཟབ་རྒྱས་ཆོས་ཀྱི་སྒོ་འཕར་ཕྱེ་ནས་གདུལ་བྱ་རྣམས་བཟང་པོའི་སྐལ་བ་ཅན་དུ་བཀྲི་བར་མཛད།ཐུབ་བསྟན་དགེ་ཚོགས་འཕེལ་ནས་ཐོས་བསམ་འབྲས། །ཡུལ་ལྗོངས་སྐྱེད་ཚལ་བར་གྱི་ཟློས་གར་གཏམ། །བཅད་ལྷུག་སྤེལ་ལེགས་ཉམས་འགྱུར་དབྱངས་ཅན་མ། །མགྲིན་པར་བྱོན་ནས་གསུངས་ཀྱང་དེ་ལས་ཅི། །ས་སྐྱའི་རིང་ལུགས་མཐོར་བརྩེགས་ཁ་བའི་རིར། །ཀར་མཚན་ན་བུན་འཁྲིགས་པའི་བཤེས་གཉེན་དང་། །ཐུགས་ཡིད་འདྲེས་པའི་མཛའ་བཅིངས་ཞགས་པ་དང་། །འབྲོམ་སྟོན་ནག་ཚོའི་རྣམ་ཐར་གཉིས་པ་བཞིན། །འཕགས་བོད་གཞུང་བརྒྱ་སྨྲ་བའི་ཆོས་གྲགས་དང་། །ངེས་གསང་ཐེག་པ་མཆོག་གི་སྡེ་ཆེན་པོར། །སྐལ་བཟང་སྐྱེ་རྒུའི་བུང་བ་ཚིམ་བྱེད་པའི། །བཤེས་གཉེན་པད་དཀར་འདབ་སྟོང་དེང་འདིར་འཛུམ། །གསོལ་འདེབས་ལས། བདེ་བ་མཆོག་གི་ཕོ་བྲང་སྲིན་པོ་རིར། །སླར་ཡང་རྡོ་རྗེ་བཙུན་མོའི་རྣམ་སྤྲུལ་གཟིགས། །མཁའ་སྤྱོད་དགའ་མའི་མཛེས་སྐུ་སྙན་གྲགས་ཅན། །རྩོལ་མེད་ཐུགས་རྗེས་མཇལ་ལ་གསོལ་བ་འདེབས། །ཆུ་(༧༩བ)


GLG009_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དཀར་པོའི་གུར་ཁང་ལ་གནས་པའི། །འཆི་མེད་གཞོན་ནུའི་དྲིས་ལན་དབྱངས་ཀྱི་སྐད། །རབ་དཀར་ལྷ་ཡི་བདུད་རྩི་གསར་པའི་རྒྱུན། །ལྗགས་ཀྱི་པདྨར་སིམ་ལ་གསོལ་བ་འདེབས། །གྲུབ་མཆོག་དབང་པོ་བསོད་ནམས་བསྟན་འཛིན་གྱིས། །དུད་སོལ་ལྷ་མོ་བཀའ་ཡི་བྲན་དུ་གཏད། །དཔལ་ལྡན་བླ་མའི་སྐུ་དགྲ་དངོས་སུ་བསྒྲལ། །མངོན་སྤྱོད་འཕྲིན་ལས་སྒྲུབ་ལ་གསོལ་བ་འདེབས། །ཞེས་རྗེ་བཙུན་མཐུ་སྟོབས་ཀྱི་དབང་ཕྱུག་གཉིས་སྤངས་ཞབས་སོགས་དམ་པ་བཅུ་ཕྲག་ཙམ་བསྟེན་ནས་མེ་འབར་ལས་ཐོག་དྲངས་མགོན་པོ་ལྕམ་དྲལ་གྱི་ཆོས་སྐོར་རྣམས་གསན་པའི་དུས། བྱེ་བྲག་འདོད་ཁམས་མའི་སྐོར་ལ་ཚོགས་བདག་ལྟར་སྒྲུབ་པ། བཀའ་སྡོད་ལྟར་སྒྲུབ་པ། ཕྱི་པ་ལྟར་སྒྲུབ་པ། ནང་པ་ལྟར་སྒྲུབ་པ་རྫོགས་པར་གསན་ཀྱང་ས་ལུགས་ལ་རྗེས་གནང་ཟུར་བཀའ་དང་དམ་པའི་ཡི་གེར་ཡུམ་འཁོར་དང་བཅས་པ་སྒྲུབ་པ་ལ་ངོས་འཛིན་གསལ་བ་སོགས་ནས་དེ་དག་ལ་ཞིབ་མོར་སྤྱོད་བཞེད་པས་བོད་དུ་གྲགས་པའི་ལྷ་མོའི་རིགས་ཀྱི་ཆོས་སྐོར་ཕལ་ཆེར་གསན་ཅིང་ཞིབ་མོར་མཛད་པ་ན། དམག་ཟོར་མ་དང་ལྕགས་ཕུར་མ་སོགས་ཁོལ་མོའི་རིགས་དང་། རྗེ་མོའི་རིགས་དུད་སོལ་མ་འདི་ལའང་སྒྲུབ་ལུགས་མི་འདྲ་བ་མང་བའི་ས་རྔོག་གི་སྒྲུབ་ཡིག་མི་འདྲ་བ་ལས་དོན་གཅིག་པ་དང་། རྔོག་ལུགས་ལ་རྗེས་གནང་སྒྲུབ་སྐོར་ཤིན་ཏུ་རྒྱས་པ་སོགས་གདམས་པ་ཟབ་གནད་ཆེ་བར་དགོངས་ཏེ་རྩད་གཅོད་གནང་ཡང་ས་སྐྱ་པ་དང་དྭགས་བརྒྱུད་པའི་ཕྱོགས་སུ་རྗེས་གནང་གཞན་མའི་རྒྱས་བཀབ་འདྲ་དང་མན་ངག་ཀྱང་ཚང་བར་མ་བྱུང་བར་ཐུགས་ཀ་མ་ཁེངས་ཏེ། ཐུགས་འདུན་དུར་རེ་བ་ཡོད་པ་(༨༠ན)


GLG009_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རེས་གོང་དཀར་ནས་གཞུ་རྔོག་ཚང་འོག་མ་ཐར་པ་གླིང་དུ་ཕེབས་པར་གནས་དེ་གར་ཕྱི་སྒྲུབ་ཀྱི་རྗེས་གནང་དང་སྒྲུབ་སྐོར་ཡོངས་སུ་རྫོགས་པ་གནང་བའི་རྗེས་གནང་གི་དུས་ལྟས་ཁྱད་པར་ཅན་ཞིག་ཀྱང་གཟིགས་པས་བླ་མ་དང་ལྷ་ལ་མི་ལྡོག་པའི་ཐུགས་དད་ཆེན་པོ་འཁྲུངས། ཕྱོགས་དེར་བླ་མའི་སྐུ་དགྲ་གདུག་པ་ཅན་ཞིག་འདུག་པར་འདི་ལྟ་བུའི་ཆོས་སྐྱོང་ཡོད་བཞིན་དུ་བསྟན་དགྲ་ཡལ་བར་འདོར་མི་རུང་ཚུལ་ཞུ་བ་མཛད་པའི་ལན་དུ། ཁོང་ཚོའང་ལྷ་འདི་མཆོད་པ་དང་མགོན་ཁང་གི་སྐུ་རྒྱབ་བསྟན་པ་སོགས་ཀྱིས་ཡིན་ནམ་སྔར་ཕན་རྟགས་མཚན་གང་ཡང་མ་བྱུང་། ལན་ཆགས་འདེད་པ་ལྟ་བུར་མཆིས་པས་ད་དུང་ཅི་འདྲ་ཡོད་ཞེས་ཐུགས་ཆད་ངེ་བ་མཛད་པར། དེས་ན་ཁོ་བོ་ལ་ཆོས་ཀྱི་བཀའ་དྲིན་སྩལ་བའི་ཡོན་དུ་དམ་ཉམས་འདི་སྒྲོལ་བ་ལགས་ཞེས་གསོལ་བར་ཤིན་ཏུ་དགྱེས་པའི་ལེགས་སོ་གནང་བ་ན། ཁྱབ་བདག་བླ་མ་འདི་ཉིད་ཀྱིས་ལྷ་མོའི་ལྗགས་བསྙེན་འབུམ་ལྔ་བཅུ་ཙམ་སྔར་གནང་ཟིན་པའི་མགོན་པོའི་ཡུམ་འདོད་ཁམས་མ་དང་དུད་སོལ་མ་གཉིས་ཐུགས་རྒྱུད་གཅིག་པར་བཞེད་གཤིས་ལྷ་ཉེ་བར་ཟུར་དུ་བསྙེན་པ་གནང་མ་དགོས་པ་ནས། གནས་དེ་གའི་མགོན་ཁང་རྔོག་སྟོན་གོང་མས་བཞེངས་པའི་སྐུ་བྱིན་ཅན་གཟི་བྱིན་བསྐྱེད་པ་དང་དགྲ་བོ་ཞལ་དུ་འདེབས་པའི་བཅས་ལེགས་པར་བསྒྲིགས་ནས་བསྟན་སྲུང་གི་ཞལ་དུ་དམར་སྟོབ་མཛད་ཚུལ། དུད་སོལ་མའི་ཆོས་སྐོར་གྱི་དཀར་ཆག་ལས། ས་རྔོག་བླ་མ་བརྒྱུད་པའི་མཚན་ནས་བརྗོད་དེ་བཀའ་སྒོ་དྲག་པོ་ལན་གསུམ་བྱས་པས་རང་ཉིད་ཀྱང་སྐྱི་བུན་པ་དང་ལྷ་མོའི་སྐུ་འདྲ་དེའང་ཞལ་ཁྲོ་ཞིང་ཞལ་རས་ནག་དམ་བྱས་(༨༠བ)


GLG009_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བ་ཞིག་བྱུང་གསུངས། དེ་ནས་དྲང་སྲོང་སྲིན་པོ་རིར་ཕེབས་པ་གོང་གི་དཀར་ཆག་འཕྲོས་ལས། དེ་ནུབ་ནས་ལྷ་མོ་འདི་ལ་གཏོར་མ་ཟུར་པ་རེ་བཅོས་ཆེད་དུ་འཕྲིན་ལས་དྲག་ཏུ་བཅོལ་བས་ཞག་བདུན་སོང་བའི་ནུབ་དྲང་སྲོང་སྲིན་པོ་རིར་གནས་ཚང་ཞིག་གི་ཁང་སྟེང་དུ་ལྕོག་བུ་ཕུབ་ནས་བསྡད། སྲོད་དུས་གཏོར་བསྔོས་ཀྱི་མཐར་མཆོད་གཡོག་གིས་ཁང་པའི་བད་སྟེང་དུ་ཐུན་གཏོར་ཕུལ་བའི་གཏོར་མའི་གསེབ་ནས་མེ་སྟག་མཐེབ་རྡོག་ཙམ་ཞིག་ཆད་སོང་བ་ཁོ་བོ་རང་གིས་མཐོང་། དེ་ཇེ་ཆེར་སོང་ནས་རྫ་མ་ཙམ་དང་མཐར་ཁང་པ་ཙམ་དུ་སོང་བ་མཆོད་གཡོག་གིས་མཐོང་བ་ལ་གཞུང་གི་ཐང་དུ་བབས་སོང་ཟེར། དེ་ནས་རིང་པོར་མ་ལོན་པར་མི་ཚང་དེ་པ་ལ་ཤི་ཆད་ཐོན་བུད་སོགས་མི་འདོད་པ་དུ་མ་བྱུང་ནས་རྗེས་སྟོངས་པ་ཞིག་བྱུང་། བརྒྱུད་པ་འདི་ལས་འོངས་པའི་ལྷ་མོ་འདི་ལ་དྲག་ཤུལ་ནུས་མཐུ་འདི་ལྟ་བུ་ཡོད་པས་རྗེས་འབྲང་རྣམས་ཡིད་ཆེས་པར་གྱིས་ལ་ནན་ཏན་དུ་སྒྲུབ་པར་གྱིས་ཤིག །ཅེས་བཀའ་སྩལ་པ་ལྟར་རྟགས་མཚན་མངོན་དུ་གྱུར། དེ་གར་བཞུགས་མུར་སྔར་བྱུང་བའི། ཁྲག་འཛག་སྲིན་པོའི་རི་ལ་ཕྲད། །ཅེས་པའི་ལུང་བསྟན་ཐོག་ཏུ་བབས་ཏེ་ཁྲོ་ཕུར་མཇལ་བའི་བུད་མེད་འཇིགས་སུ་རུང་བ་དེ་ཇི་ལྟ་བ་ཞིག་ཞལ་གཟིགས། དེ་ནས་སྔར་གྱི་ལུང་བསྟན་ཐུགས་ངོ་འཕྲོད་དེ་མོས་གུས་ཆེན་པོས་རྩེ་གཅིག་ཏུ་གསོལ་བ་བཏབ་པས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་གྱུར་ཏེ་དངོས་སུ་ཞལ་བསྟན། གསུང་གི་གནང་བ་སྩལ་བ་སོགས་རྗེ་བཙུན་རྡོ་རྗེ་བཙུན་མོས་མངོན་སུམ་དུ་རྗེས་སུ་བཟུང་། རིམ་གྱིས་སྟོད་ལུང་བརྒྱུད་ར་ཚག་ཏུ་རྗེ་བཙུན་ནཱ་རོ་ཏ་པའི་ཐུགས་དམ་རྟེན་མཐོང་བས་དོན་ལྡན་མཇལ་ཚེ་གཟིགས་སྣང་ཁྱད་པར་ཅན་བྱུང་བར་(༨༡ན)


GLG009_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

གོར་མ་ཆག་ཅིང་དེ་ནས་འཕན་ཡུལ་བྱ་བཟང་གི་རི་ཁྲོད་དུ་ཕེབས། ཐུགས་དམ་ཟབ་མོའི་ཏིང་ངེ་འཛིན་ཁོར་ཡུག་ཏུ་གནང་བའི་སྐབས་ཤིག་ནམ་མཁའ་བཻ་ཌཱུཪྻ་མཐིང་གའི་མདོག་ལྟར་དྭངས་པའི་དབུས་ནས་སྤྲིན་དཀར་ལང་ལོང་དུ་འཁྲིགས་པའི་ཁྲོད་ནས་ལྷའི་བུ་མཛེས་ཤིང་ཡིད་དུ་འོང་བ་གཉིས་བྱུང་ནས་དྲི་བ་དང་། དེ་ལ་ལན་མཛད་པའི་སྐོར་གསུང་མགུར་ལས་བྱུང་བ་འདི་ལྟ་སྟེ། ཨེ་མ་ཧོ། ཁ་བས་བསྐོར་བའི་སྨན་ལྗོངས་ཀྱི། །ཡུལ་དབུས་ས་ཡི་ཐིག་ལེའི་ངོས། །དབེན་པའི་རི་སུལ་ཡང་སྟེང་ན། །བླ་མ་སྒོམ་པའི་ཀུ་སུ་ལུ། ཁྱོད་ཀྱི་ཐོག་མའི་སྐྱེ་ཡུལ་གང་། །དམ་པའི་ཡོངས་འཛིན་སུ་ཡིས་བཟུང་། །ད་ལྟ་ཉམས་ལེན་གདམས་ངག་གང་། །ཕྱི་མའི་བསྟད་སོ་ཇི་ལྟར་ཡོད། །ཅེས་གླེང་བ་ལ་ཁོ་བོའི་སེམས་ལ་འདི་ལྟ་བུའི་ངོ་མཚར་བ་བར་ཆད་དམ་དངོས་གྲུབ་གང་ཡིན་ཀྱང་རུང་ལན་དྲང་པོར་བཏབ་སྙམ་ནས་འདི་ལྟར་སྨྲས་སོ། །སྟོན་དུས་བདུད་རྩིའི་འབྱུང་གནས་ལྟར། །དཀར་ཞིང་ཡིད་འཕྲོག་ཆུ་འཛིན་གསེབ། །གནས་པའི་འཆི་མེད་གཞོན་ནུ་གཉིས། །རྣ་བའི་བདུད་རྩི་སྒྲ་དབྱངས་སྙན། །ཤཱཀྱའི་བསྟན་ལ་རབ་བྱུང་ཞིང་། །དམ་པའི་དེད་དཔོན་གྱིས་བཟུང་ཡང་། །སྙོམ་ལས་དབང་གིས་བཅིངས་པ་ཡི། །སེར་གཟུགས་བདག་གི་སྐྱེས་པའི་ཡུལ། །གངས་རིའི་ཁྲོད་ཀྱི་གཙང་སྟོད་ཆ། །ཆུ་བོ་པཀྵུའི་ལྷོ་ཡི་ངོས། །གྲུམ་སྟོད་ས་སྐྱའི་བྱ་འདབས་ལྗོངས། །འབྲོག་མི་ལོ་ཙཱའི་གནས་ཀྱི་མདའ། །འཕྲང་གསུམ་ནང་ནས་སྲིན་འཕྲང་གདོང་། །རྨུ་རྗེ་བཙད་པོས་བཟུང་བའི་ས། །དེར་ནི་སྔོན་གྱི་ལས་དབང་གིས། །དལ་འབྱོར་རིན་ཅེན་རྙེད་(༨༡བ)


GLG009_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། །ཐུབ་བསྟན་རིན་ཅེན་སྒོར་ཞུགས་ནས། །དམ་ཆོས་བདུད་རྩི་ནོས་པ་ཡི། །སྤྱིར་ནི་ཡོངས་འཛིན་བཅུ་ཕྲག་བཞི། །ཟུང་གཉིས་དག་གིས་ལྷག་པར་བཞུགས། ཁྱད་པར་ཚེ་རབས་དཔག་མེད་ནས། །རྗེས་སུ་བཟུང་བའི་འདྲེན་པ་མཆོག །ཚེ་འདིར་རང་སེམས་ལྷན་སྐྱེས་འདི། །སྐྱེ་མེད་ཆོས་སྐུར་ངོ་སྤྲོད་ཅིང་། །ཟབ་མོ་དབང་བཞིའི་ཆུ་བོའི་རྒྱུན། །བུམ་པ་གང་བྱོར་གནང་བ་ཡི། །བཀའ་དྲིན་མཉམ་མེད་རྡོ་རིང་པ། །འགྲན་ཟླ་ཀུན་དང་བྲལ་བ་ཡིན། །ཉམས་ལེན་གདམས་པའི་གཙོ་བོ་ནི། །རྒྱལ་ཡུམ་བདག་མེད་མཁའ་འགྲོ་ལ། །པཎ་གྲུབ་དབང་པོ་བི་རཱུ་པས། །ནོས་པ་ནས་བཟུང་ད་ལྟའི་བར། །རྩ་བའི་བླ་མ་ཡན་ཆོད་དུ། །དབང་བཞིའི་ཆུ་བོ་མ་ནུབ་པའི། །བླ་མའི་གསུང་ངག་བདུད་རྩིའི་རྒྱུན། །ཚད་མ་བཞི་ལྡན་དབང་བཞིའི་ལམ། །རྡོ་རྗེ་ཐེག་པའི་སྙིང་པོ་ཡིན། །ཡང་སྙིང་ཟབ་མོ་བླ་མའི་ལམ། །རང་སེམས་བླ་མ་ཕྱག་རྒྱ་ཆེ། །ཡེངས་པ་མེད་པར་སྒོམ་པ་ཡིན། །ཕྱི་མའི་གང་འགྲོ་ད་ལྟ་མེད། །སྒྱུ་མའི་སྐྱེས་ཆེན་འདེགས་པའི་ཚེ། ཁོ་བོའི་བླ་མ་སླུ་མེད་དེ། །མདུན་གྱི་ནམ་མཁར་འབྱོན་སྙམ་ཡོད། །བདེ་ཆེན་ཐུགས་ཀྱི་དཀྱིལ་འཁོར་དང་། །རང་སེམས་སྟོང་པ་སྤྲོས་བྲལ་གཉིས། །དབྱེར་མེད་བསྲེས་ནས་ལྷུག་པར་འཇོག །གང་ལྟར་སོང་ཡང་འགྱོད་པ་མེད། །ཅེས་གསུངས་པའི་ལྷའི་བུ་གཉིས་ཀྱང་རྗེ་བཙུན་རྡོ་རིང་པ་ཆེན་པོའི་རྣམ་སྤྲུལ་དུ་ངེས། ཡང་སྐབས་ཤིག་ཏུ་ལྷའི་བུ་གཟུགས་དང་ལང་ཚོ་ཁ་དོག་ཕུན་སུམ་ཚོགས་པ་ཞིག་གིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་ཕྱག་ཏུ་ཕུལ་བ་ལྗགས་ཐོག་ཏུ་གསོལ་བས་རོ་བརྒྱ་ཕྲག་བྲོ་བ་བྱུང་ཞིང་། ཀླུའི་རྒྱལ་པོས་ཡིད་བཞིན་གྱི་ནོར་བུ་ཕུལ་བའི་(༨༢ན)


GLG009_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་ཟུར་ཙམ་ལས་ཞིབ་པ་ཡིག་རྒྱུན་དང་གསུང་བགྲོས་ཚོར་མི་གསལ། ཟླ་བ་བརྒྱད་དགུ་ཙམ་ནས་སླར་ཡང་རྔོག་ཐར་པ་གླིང་དུ་ཕེབས་སྐུ་དགྲ་དེ་ལའང་རྟགས་མཚན་ཡོང་བའི་འགོ་ཚུགས་པ་སོགས་ནས་རྔོག་སྟོན་ཆེན་པོ་ཐུགས་ལྷག་པར་དགྱེས་ནས་རྔོག་དཀྱིལ་བདུན་ལ་སོགས་པའི་རྔོག་ལུགས་ཀྱི་ཆོས་སྐོར་རྣམས་གནང་བའི་རྗེས་སུ། བརྒྱུད་པ་འདི་པ་རང་གི་སྲོལ་ལ་ལྷ་མོ་གསང་སྒྲུབ་རྗེས་གནང་འདི་རྔོག་པའི་བསྟན་པ་ཟིན་ངེས་ཤིག་ལ་བྱེད་པའི་ལུགས་ཡིན་གསུངས་ནས་གསང་སྒྲུབ་ཀྱི་རྗེས་གནང་ཆོ་ག་ཤིན་ཏུ་རྒྱས་པའི་སྒོ་ནས་བཀའ་དྲིན་ཆེན་པོས་གནང་། དེ་དུས་ཀྱང་ལྷ་མོ་དངོས་སུ་གཏད་པ་ཙམ་གྱི་ངེས་ཤེས་དང་ཡིད་ཆེས་པ་བྱུང་། གོང་གི་མངོན་སྤྱོད་ཀྱི་ལྟས་བྱུང་བའི་རྗེས་ནུབ་མང་པོའི་བར་དུ་སྡིག་པ་དག་པའི་རྨིས་ལྟས་ཆེས་ཆེ་བ་ཇི་སྙེད་ཅིག་བྱུང་བས་ལམ་ཐམས་ཅད་ཀྱི་ནང་ནས་ལམ་ཟབ་མོ་བླ་མའི་རྣལ་འབྱོར་འདི་ག་ཟབ་པ་ལ་ངེས་ཤེས་ཁྱད་པར་མེ་འབར་བ་ལ་ཤིང་བསྣན་པ་ལྟ་བུར་གྱུར་ཏོ། །ཞེས་གསུངས་པ་སྤང་རྟོགས་མཐོན་པོར་སླེབས་པའི་རིགས་ཚོར་བླ་མར་སྲི་ཞུ་དང་བྱིན་རླབས་འཇུག་པ་གཉིས་ཀ་ཤུགས་ཀྱིས་འབྱུང་ནའང་ཕྱི་རབས་ཀྱི་རྗེས་འཇུག་རྣམས་ལ་རྡོ་རྗེ་སློབ་དཔོན་གྱི་ཞབས་ཏོག་ལ་འབད་ན་ཕན་ཡོན་ཆེན་པོ་འབྱུང་བ་རྟོགས་པའི་ཆེད་དུ་དགོངས་ཏེ་གསུངས་པར་སྣང་ངོ་། །སྔ་ཕྱི་མང་པོར་བླ་མ་ཡི་དམ་ཆོས་སྲུང་གི་ཞལ་གཟིགས་པས་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་ཞབས་ཀྱིས། ཨོ་རྒྱན་པདྨ་དུས་དགྲ་མ་ཧེའི་ཞལ། །རྡོ་རྗེ་བཙུན་མོ་ཡང་གསང་ཁྲོས་པ་སོགས། །ལྷ་མཆོག་དུ་མ་དངོས་སུ་ཞལ་གཟིགས་ནས། །ལུང་བསྟན་གནང་བ་ཐོབ་ལ་གསོལ་བ་འདེབས། །ཞེས་(༨༢བ)


GLG009_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །གང་ཐུགས་དག་པའི་བཙུན་མོ་ལྟེ་འོག་ནང་། །ཨ་ཤད་གཏུམ་མོ་ཡོངས་འབར་ཕྱི་རོལ་ཏུ། །ཆུ་དང་རླབས་བཞིན་སོ་སོར་གཟིགས་པའི་ཚེ། །ཉེར་ཞིའི་ཡུལ་ནས་འཚོལ་རྣམས་སྨིག་རྒྱུར་སྙེག །ཁྱབ་བདག་བླ་མའི་རྣམ་འཕྲུལ་ལེགས་བྲིས་བུ། །ཡིད་འཕྲོག་རི་བོང་འཛིན་ལྟར་དཀར་བ་གཉིས། །ཆུ་འཁུར་དབུས་ན་ཉེར་གླེང་བྱང་ཆེན་བར། །ཐང་ལྷོད་མེད་པའི་ཐུགས་རྗེའི་བརྡ་ཐབས་ཙམ། །དྭགས་བརྒྱུད་མེ་ལྷའི་མངལ་དུ་མ་བཟོད་པ། །མར་ལོའི་ཐུགས་བཅུད་ལྷ་ཆེན་དྭངས་མའི་ཁམས། རྔོག་སྟོན་གངྒཱ་ལས་སྐྱུགས་མགོན་ཁྱོད་ཀྱི། །བློ་གྲོས་སྨིན་ཚལ་སྐྱེད་བསྲིངས་གདོང་དྲུག་ལྷ། །འདོད་ཁམས་དབང་མོ་བྲན་བཀོལ་མཐུ་སྟོབས་མདས། །ལོག་འདྲེན་སྙིང་ག་ཕུག་པའི་ཁྲག་དྲོན་སྐོམ། །མ་རྒྱུད་དྲེགས་ཚོགས་ཀྱིས་བཏུངས་རྐན་སྒྲ་ཡིས། །གནམ་ལྕགས་འབར་བའི་ཐོག་ཀྱང་མིང་དུ་ཟད། །གསོལ་འདེབས་ལས། དྲི་མེད་མཁའ་དབྱིངས་འཇའ་གུར་བཞད་པའི་དབུས། །ཨོ་རྒྱན་མཁན་པོས་མཛེས་སྐུ་གསལ་བར་བསྟན། །འཁྲུལ་ཞིག་བླ་མའི་དབུ་གཙུག་མཁའ་ངོས་སུ། །དཔའ་བོ་རྟ་མགྲིན་གཟིགས་ལ་གསོལ་བ་འདེབས། །འདར་སྟོད་དགོན་པ་ཆོས་འཁོར་ཡང་རྩེ་ཡི། ཁྲི་ལ་ཞབས་བཀོད་སློབ་བཤད་བསྟན་པ་སྤེལ། །རྣམ་པར་རྒྱལ་བའི་ཡང་རྩེར་ཆོས་སྐྱོང་སྐུ། །བཞེངས་ཤིང་དགེ་ལེགས་མཛད་ལ་གསོལ་བ་འདེབས། །ཞེས་དབུས་ཕྱོགས་སུ་ལོ་གཉིས་ལ་ཉེ་བར་བཞུགས་ནས་ལྕགས་བྱིའི་མཇུག་གཙང་ལ་ཆིབས་ཁ་བསྒྱུར། སྟག་གྲུ་ཁའི་ཁད་ཉེར་ཕེབས་པ་ན་ནམ་མཁའ་ལ་སྤྱན་ཧུར་གྱིས་གཟིགས་ནས་ཆིབས་སྣ་འཁྲིད་མཁན་ལ་ཁྱོད་ཀྱིས་ཅི་མཐོང་གསུངས་པར་བལྟས་ཙ་ན་(༨༣ན)


GLG009_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

འཇའ་ཚོན་བུན་བུན་འདུག་པ་མཐོང་ནས་འདི་ལྟར་འདུག་ཞུས་པས་ཅང་མི་གསུང་ནའང་རྗེས་སུ་ཐུགས་ནང་གཙང་བ་འདྲར་དེ་དུས་འཇའི་ཁྲོད་ན་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་བཞུགས་འདུག་པ་གཟིགས་ཞེས་བཀའ་སྩལ། ཕེབས་ལམ་ཚོར་འཕྲིན་ལས་རྒྱ་ཆེར་སྐྱོང་མུ་ནས་ལྕགས་མོ་གླང་གི་ལོར་བོ་དོང་ཕུན་ཚོགས་རབ་བརྟན་དུ་རྗེ་བཙུན་རྡོ་རྗེ་འཛིན་པ་མཁན་ཆེན་སྒོ་རུམ་པ་མཇལ་བར་ཕེབས་སྐབས་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་རྗེ་འདི་ལ་ཆོས་གསན་བཞེད་ཀྱིས་ཞལ་ངོ་རྣམས་དང་བཀའ་བགྲོས་མཛད་པར། ཐུགས་དང་བསྟུན་ཆོག་པ་ཐུགས་རྩེ་མཐུན་པའི་ཁྲོལ་ཆ་མཛད་ཅིང་། འོན་ཀྱང་ངེད་རང་ཚོའི་བྱེད་སྲོལ་བཞིན་བརྟག་པ་ཞུས་གསུང་བ་ལྟར་ཁྱབ་བདག་སྒོ་རུམ་པ་ཆེན་པོར་ཞུས་པ་ཤིན་ཏུ་བཟང་བ་བབས། ཐམས་ཅད་མཁྱེན་པས་ནན་ཞུས་མཛད་པར་བླ་མའི་སློབ་མར་མིན་གསུངས་ནས་ཞལ་གྱིས་མ་བཞེས་པའི་ཚེ། རྗེ་བཙུན་སྒོ་རུམ་པས་བླ་མའི་སློབ་མ་སློབ་མར་མིན་ཟེར་བ་བདོག་སྟེ་བླ་མ་མཉེས་བྱེད་གང་ཡིན་བྱའང་མི་གདའ་ལགས་སམ། ཅིས་ཀྱང་གནང་མཛོད་ཅེས་ནན་ཆགས་གསུང་བར་གནས་གསར་བ་མི་མིན་ཟེར་བ་བདེན་པར་འདུག །བླ་མ་ལ་ཐེལ་འབེབས་སོགས་སྔར་མེད་ཀྱི་སྲོལ་བཙུགས་གསུང་སྐུ་རྩེད་དང་བཅས་ཞལ་གྱིས་བཞེས། ཐོག་མར་སྒྲོལ་དཀར་གྱི་ཚེ་འཁྲིད་ཟླ་བའི་ཆུ་རྒྱུན། འོད་ཟེར་དྲུག་སྦྲགས་ཀྱི་རྗེས་གནང་། ཆག་ལུགས་ཚེ་དཔག་མེད་དཀར་པོ། དབྱངས་ཅན་མ་དཀར་མོ་སྟེ་དཀར་ལྷ་གསུམ་གྱིས་སྒོ་ཕྱེ་ནས་ཞག་དྲུག་གི་རིང་ལ་བྱིན་རླབས་རྗེས་གནང་ཉེར་དྲུག་ལུང་དུ་མ་དང་བཅས་པ་སྩལ། གསུང་གླེང་ཞིག་གི་འཕྲོས་ལ་(༨༣བ)


GLG009_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ངེད་ལ་ཆོས་ཉན་པར་བརྟག་པ་བྱས་པ་ཨེ་ཡིན་གསུང་བ་ངེད་རང་ཡབ་སྲས་མིན་པ་གཞན་ལ་རྒྱུས་ནི་མེད་དགོངས་པའི་ཐུགས་འཇིགས་ཞུམ་པའི་ངང་ནས་དེ་འདྲའི་སྲོལ་ཡོད་པས་བྱས་ལགས་ཞུས་པར། ལེགས་པོ་ཨ་བྱུང་གནང་བར་ཤིན་ཏུ་བཟང་གསོལ་བ་ལ་བཞད་ཅིང་ངེད་ཀྱི་རྨི་ལམ་དུ་ཕ་རྒན་ཡིན་རྒྱུ་བ་ཞིག་གིས་གནས་གསར་བ་བརྟག་པ་འདི་བཞིན་གྲབས་འདུག་པ་ཇི་ལྟར་བྱེད་འདྲི་བར། བསྟན་པ་ལ་ཕན་ན་ཆུག་པ་དང་མི་ཕན་ན་མི་ཆུག་པ་མཛོད་ཞུས་པས་ཆུག་འདུག་པ་བསྟན་པར་ཕན་པ་ཡིན་ནམ་གསུང་བ་ན། ཐུགས་དགྱེས་པ་དང་འཇིགས་པ་ཅིག་ཅར་དུ་བྱུང་། བཀའ་ལས། རྡོ་རྗེ་འཆང་སྒོ་རུམ་པར་བཞུགས་པ་རྣམས་ཞབས་དྲུང་དུ་གང་ཐོབ་དང་དེ་ཕྱིན་གྱི་ས་སྟོང་ངས་འགེང་གསུང་ཆོས་གྲོལ་གདོང་དཔལ་མགོན་དཀར་པོ་ཚེ་འཕེལ་གྱི་རྗེས་གནང་ཐུན་མོང་མ་ཡིན་པ་གནང་། བླ་ལུང་དུ་འཁྲུལ་ཞིག་དཀའ་བཞི་པ་ཆེན་པོ་མཇལ་བར་དཔོན་སློབ་ཉུང་བསྡུས་ཀྱིས་ཕེབས། དམངས་མ་ཐུགས་འགྲོས་ཆུང་ཁྱད་ནས་བལ་མདར་གཏོང་བ་གནང་། ཟླ་བོ་རྣམས་དོ་ནུབ་ཇོ་ནང་དུ་སླེབས་པ་ཡོང་བ་ཡོད་པས་བདག་ཐོགས་གཞི་མེད་པར་ཐོན་པ་དགོས་སྙན་དུ་གསོལ་བར་དགའ་བཞི་ནས་ཀྱིས་མངོན་པར་མཁྱེན་པས་ཁོང་རྣམས་བལ་མདའ་རང་དུ་སྡོད་པ་འདུག་དོ་ནུབ་འདིར་ཅིས་ཀྱང་བཞུགས་དགོས་གནང་བ་བཞིན་བཀའ་དང་བསྟུན་ཏེ་པདྨ་ཡང་གསང་གི་དབང་གསན་པའི་ཚེ་འཁྲུལ་ཞིག་ཆེན་པོའི་དབུའི་ཐད་དུ་དཔལ་རྟ་མགྲིན་བཞུགས་པ་དངོས་སུ་གཟིགས་ཕན་ཚུན་ཐུགས་ནང་དག་པས་བདེ་ཆེན་གྱི་ཡེ་ཤེས་ཆེན་པོའི་ངང་དུ་གསུང་སྒྲོས་དང་ཉམས་བསྡུར་སོགས་(༨༤ན)


GLG009_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་འཕེལ་བར་མཛད། དཔོན་སློབ་གཉིས་ཀ་ཕྱིར་མཇལ་འཛོམ་བྱུང་རེས་ཀྱི་དགའ་བཞི་བས། དེ་རིང་ཚར་པ་ཆོས་རྗེ་ཁོང་འབྱོན་གྱི་ཡོད་པ་འདུག་དཔལ་མགོན་ཞལ་སྔོན་མགྱོགས་སུ་བྱུང་ཚུལ་དང་། རེས་ཆོས་རྗེ་ཚར་པ་ལ་བྱ་བ་ཁག་ཅན་ཞིག་མོད་པར་མཆིས་དཔལ་མགོན་ཞལ་བྲེལ་གྱིན་འདུག་གསུང་བ་ནི་མགོན་པོ་འདི་ཉིད་དཔལ་འཁོར་ལོ་སྡོམ་པ་དྲག་པོའི་སྐུར་བསྟན་པ་ཡིན་པས་དེ་འདྲའི་རིགས་གཟིགས་པ་ཐག་ཤིན་ཏུ་རིང་བས་དཔོན་སློབ་གཉིས་ཀའི་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་རོ། །སང་ཉིན་ཇོ་ནང་དུ་ཕེབས་ལམ་དངོས་གཞི་དང་མི་གཅིག་པའི་བྲག་སྐྲས་ཟེར་བ་རྟ་བོང་བགྲོད་མི་ཐུབ་པའི་གཟར་པོ་དེར་དྲེའུ་ལ་ཆིབས་ཏེ་བྱོན། སྔ་འགྲོས་སོགས་མེད་ནའང་རྗེ་བཙུན་གྲོལ་མཆོག་གི་ཐུགས་མཁྱེན་གྱིས་བཅད་དེ། དེ་རིང་མགྲོན་ཆེན་ཞིག་འོང་བར་འདུག་པས་བུ་རམ་སྒོར་བ་སོགས་གཞིས་ལེན་དང་སེར་སྦྲེང་གི་སྟ་གོན་གྱིས་གསུང་བ་ལྟར་བྲག་སྐྲས་ལ་རྐང་ཐང་མ་གཏོགས་མི་ཐར་གཤིས་གཞུང་ལམ་ཕྱོགས་སུ་སེར་སྦྲེང་བསྒྲིགས་པ་ན། བྲག་ལམ་ལ་དཔོན་སློབ་འགའ་ཞིག་ཕེབས་པ་མཐོང་སྟེ་དེ་ཕྱོགས་སུ་མགྱོགས་པར་ཕྱིན། སྐྱ་སེར་མཐའ་དག་སྔར་བཞོན་པ་དང་བཅས་ཐར་བའི་དཔེ་མེད་པ་ལ་ད་ལམ་ཆོས་རྗེ་ཚར་པས་རྫུ་འཕྲུལ་བསྟན་པ་ཡིན་ཞེས་ངོ་མཚར་གྱི་གནས་སུ་གྱུར། ཕེབས་པའི་བགྲོས་མེད་པར་བསུ་བའི་བཀོད་པ་ལ་དཔོན་སློབ་རྣམས་ཐུགས་རངས་པ་དང་ཆེས་པ་ཕན་ཚུན་འགྲན་པ་བཞིན་སོང་། འཇམ་དབྱངས་ཀུན་དགའ་གྲོལ་མཆོག་གི་ཕེབས་བསུར་བྱོན་དཔོན་སློབ་གཉིས་ཀས་མཉམ་ཕྱག་མཇལ་དར་རྩེ་སྤྲོད་(༨༤བ)


GLG009_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

གཟིམས་ཆུང་དུ་བཞུགས་ཁྲི་མཉམ་པ་གནང་ཆོས་ཀྱི་འབེལ་གཏམ་སོགས་ཁམས་པ་གསར་རྙིང་གི་དཔེ་བཞིན་གསུང་གླེང་ཞིབ་པར་མཛད། ཇོ་ནང་ཆོས་གྲྭའི་དབུས་སུ་བལ་པོ་ཤིང་ཀུན་གྱི་མཆོད་རྟེན་ལ་འདྲ་དཔེ་བླངས་པ་བཞེངས་སྐབས་དང་འགྲིག །རྗེ་འདི་ཉིད་ཀྱི་ཕྱག་རྡོར་གྱི་ལི་སྐུ་ཁྱིད་གང་བ་ཞིག་ཡོད་པ་དེ་འབུལ་བ་མཛད་པ་རྗེ་བཙུན་དམ་པ་ཤིན་ཏུ་མཉེས་ནས་རྟེན་འབྲེལ་འགྲིག་ཅེས་གཟུངས་བཞུགས་ལ་འབུལ་བར་མཛད། དཔོན་སློབ་གཉིས་ཀ་རྡོ་རིང་རིན་པོ་ཆེའི་ཞལ་སློབ་རྡོ་རྗེའི་མཆོད་པ་བླ་ན་མེད་པའི་དད་དུང་ཕུན་སུམ་ཚོགས་པར་དེ་ཕྱོགས་ཀྱི་སྐྱེ་རྒུ་རྣམས་མགྲིན་པ་གཅིག་ཏུ་གླེང་། རིམ་གྱིས་རྨུ་གཤོང་དང་ཐུབ་བསྟན་དགེ་འཕེལ་སོགས་སུ་ཞབས་ཟུང་བཀོད་དེ་འཆད་ཉན་སྒོམ་སྒྲུབ་ཀྱིས་མཚོན་པའི་རྣམ་དཀར་གྱི་འཕྲིན་ལས་དབྱར་མཚོ་ལྟར་འཕེལ་བཞིན་པའི་མུར། སེ་སྟོན་ཆེན་པོ་མཐུ་ཆེན་ཉི་མ་བཟང་པོ་དང་མཁས་གྲུབ་ཆེན་པོ་རིན་ཅེན་རྒྱལ་མཚན་སོགས་སྔགས་རྙིང་མའི་རིག་པ་འཛིན་པ་མང་དུ་བྱོན་པ་དང་གདུང་གཅིག་པ་སེ་དཀར་རིགས་ཀྱི་ཐིག་ལེ་ས་སྐྱོང་བ་འདར་པ་དང་། གྲངས་ཆེན་འདུས་ཚོགས་རྣམས་མགྲིན་གཅིག་དབྱངས་གཅིག་པའི་སྒོ་ནས་གསོལ་བ་བཏབ་པ་བཞིན་མཛེས་བྱེད་ཅེས་པ་ཆུ་མོ་ཡོས་ཀྱི་ལོ་འགོར་དགེ་འདུན་རྣམས་ཀྱིས་ཆོས་གོས་ཟླུམ་པོར་བགོ་ཞིང་མཆོད་རྫས་སྣ་ཚོགས་ཐོགས་པའི་སེར་སྦྲེང་། སྡེ་པ་དཔོན་གཡོག་གིས་རིན་ཅེན་རྒྱན་ཆའི་སྐྱ་ཧྲགས་དང་བཅས་པས་མདུན་བསུས་ཏེ་འདར་སྟོད་ཆོས་འཁོར་ཡང་རྩེའི་སེང་གེའི་ཁྲི་ཆེན་པོར་ཞབས་ཟུང་འཁོར་ལོའི་རི་མོ་རྣམ་པར་བཀོད། ཕྱོགས་དེའི་སྐྱ་སེར་ཆེ་དགུ་མཐའ་དག་(༨༥ན)


GLG009_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

གིས་གཏོང་བའི་སྙིམ་པ་རིང་པོར་བརྐྱང་སྟེ་ཟང་ཟིང་གི་བདོག་པའི་མཆོད་སྤྲིན་རྒྱ་ཆེར་སྤྲོས། ཕྱོགས་འདུས་གཉུག་མར་གནས་པའི་དོན་གཉེར་ཅན་རྣམས་ལ་ཕ་རྒྱུད་འདུས་པ་དང་མ་རྒྱུད་འཁོར་ལ་སྡོམ་པས་ཐོག་དྲངས་རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་བྱིན་རླབས་རྗེས་གནང་རིག་གཏད་འཁྲིད་ལུང་མན་ངག་མང་དུ་གསུངས། ཁྱད་པར་གཉིས་སུ་མེད་པ་དཔལ་ཀྱེ་རྡོ་རྗེའི་མན་ངག་ལུགས་དང་འབྲེལ་བའི་ལམ་འབྲས་སློབ་བཤད་ཀྱི་དབང་འཁྲིད་ཀྱི་བྱིན་རླབས་ལུང་སོགས་འཇིགས་པ་མེད་པ་སེང་གེའི་རྒྱུད་ཀྱི་ང་རོའི་སྒྲ་དབྱངས་ཕྱོགས་བརྒྱར་བསྒྲགས་པས། མུས་པ་དཀོན་གྲགས་པ་སོགས་ཕྱོགས་ལྷུང་སྨྱོ་ཆུས་ཟིན་པའི་གླང་པོ་རྣམས་ཀྱི་དྲེགས་པའི་མགོ་བོ་བཀས་པར་གྱུར། འཇམ་དཔལ་དབྱངས་མཁྱེན་བརྩེའི་དབང་ཕྱུག་བསྙེན་རྫོགས་གནང་བའི་སྒོ་དོད་པའི་ཚེ་རྗེ་བཙུན་སྒོ་རུམ་པ་ཆེན་པོས་ལས་སློབ་ཆོས་རྗེ་ཚར་པ་འགབ་གསུང་བ་བཞིན་བོ་དོང་དུ་ལྷ་རིགས་འ་ཞྭ་རྒྱལ་པོས་གདན་དྲངས་པ་བཞིན་ཕེབས། འདུལ་བའི་གཞུང་ནས་ཇི་ལྟར་བཤད་པ་བཞིན་གྱི་ལས་སློབ་ཀྱི་བྱ་བ་གསོལ་བ་དང་བཞིའི་ལས་ཀྱི་བསྒྲུབ་བྱ་ལ་བསྙེན་རྫོགས་ཀྱི་སྡོམ་པ་བྱིན་པས་ཐམས་ཅད་མཁྱེན་པ་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོར་མངའ་གསོལ། ཀུན་མཁྱེན་མཁྱེན་བརྩེའི་ཞབས་ཀྱིས་ཐོག་དྲངས་པའི་སྣོད་ལྡན་འགའ་ཞིག་ལ་རྡོ་རྗེ་ནག་པོ་ཆེན་པོ་གུར་མགོན་གྱི་དཀྱིལ་འཁོར་ལྔའི་དབང་རྡུལ་ཚོན་ལ་བརྟེན་པ། ཕྱི་འཁྲིད་རྡོ་རྗེ་བྲག་རྫོང་དུ་གྲགས་པ་ལ་ནང་གསེས་ཀྱིས་ཕྱི་ནང་གསང་གསུམ་ཡོད་པའི་ཉམས་འཁྲིད་ཟབ་མོ་སྨིན་རྒྱས་སུ་སྩལ། རྗེ་མཁྱེན་བརྩེའི་ཐུགས་རབ་(༨༥བ)


GLG009_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐུགས་འདུན་ལ་མཉེས་པའི་གསུང་འཕྲོས་ཀྱང་གནང་། རྡོ་རྗེ་འཆང་སྒོ་རུམ་ཆོས་རྗེའི་དྲུང་དུ་དབང་ལུང་མན་ངག་དུ་མ་གསན་ཏེ་གཞུང་སྐོར་མཛད་ནས་འཁྲུལ་ཞིག་དཀའ་བཞི་པ་ཆེན་པོ་མཇལ་བར་ཕེབས་པ་ན་འཁྲུལ་ཞིག་ཆེན་པོའི་གསུང་ལས་རྗེ་རིན་པོ་ཆེས་བོ་དོང་དུ་མགོན་པོའི་ཟབ་ཆོས་ཤིག་མི་མང་རབ་ཅིག་ལ་བཤད་ཡོད་པ་འདྲ་པུ་ཏྲ་འདི་ཅུང་ཟད་མི་དགྱེས་པའི་རྟགས་ཙམ་བྱེད་ཀྱི་འདུག་པས་འཚུབ་ཀྱི་རྣམ་པ་ཅུང་ཟད་བྱུང་དོགས་འདུག་གསུངས། དེ་ནས་ལམ་བར་དུ་ཆིབས་གཡངས་ལ་འདྲེད་པས་རྗེ་ཉིད་ཁ་འགྲམ་དུ་བཞུགས་ཆིབས་གྲོག་པོའི་ནང་དུ་ལྷུངས་ཀྱང་སྐྱོན་མེད་པར་རྡོ་ལ་རྨིག་རྗེས་བཞག་པ་སོགས་ངོ་མཚར་རྨད་དུ་བྱུང་བའི་རྫུ་འཕྲུལ་བསྟན། རྨུ་གཤོང་དུ་བསྐང་བཤགས་ཚོགས་མཆོད་རྒྱ་ཆེར་མཛད་པས་དམ་ཅན་དགྱེས་པའི་འཛུམ་ཞལ་ལྷུག་པར་བསྟན། དཔལ་ལྡན་གྲང་མོ་ཆེར་རེ་ཞིག་གི་བར་སྟན་ཆགས་ནས་ཆོས་ཀྱི་འཁོར་ལོ་ཇི་སྙེད་ཅིག་བསྐོར། ཤིང་ཕོ་འབྲུག་ལོ་རྗེ་བཙུན་སྒོ་རུམ་པ་ཆེན་པོ་དཔའ་བོའི་ཚོགས་དཔོན་དུ་མཁའ་ལ་སྤྱོད་པའི་གནས་སུ་གཤེགས་པ་གསན་པས་རིངས་སྟབས་སུ་ཕབས། དཔལ་ལྡན་བླ་མ་དམ་པའི་གདུང་ཡིད་བཞིན་གྱི་ནོར་བུ་ཧེ་རུ་ཀཿཞལ་བརྒྱད་པའི་ངོ་བོར་གྱུར་པ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་རྒྱ་ཆེར་མཛད་ཅིང་རྗེས་སོར་མེ་མཆོད་ཀྱི་ཕྱག་ཕྱི་ཡང་མཛད་པར་སྣང་། འཇམ་དབྱངས་མཁྱེན་བརྩེའི་ཞབས་ལ་ད་ང་ཡང་ཅི་འདྲ་བྱེད་མི་ཤེས་གསེར་ཆོས་དམར་པོ་སྐོར་གསུམ་དང་མགོན་པོ་ཆེ་ཆུང་སོགས་ཡོངས་རྫོགས་ཐོབ་པ་དང་ཚུལ་ལྡན་ཤེས་པ་ཡེ་མི་བདོག་པས་མ་འགྱངས་པར་གསན་པ་འགབ་ཅེས་བསླབ་བྱ་མཛད་པར་བརྟེན་རྗེ་སྒོ་རུམ་(༨༦ན)


GLG009_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཤེགས་པའི་ཐུགས་ངལ་ཀྱང་སངས་པ་ལྟ་བུའི་ངལ་གསོས། ཞབས་དྲུང་རིགས་འཛིན་ཆེན་པོ་དང་རྗེ་མཁྱེན་བརྩེ་ལྷན་དུ་དཀར་བདུད་ལྕམ་དྲལ་གྱི་རྗེས་གནང་སྩལ་ནས་གྲང་མོ་ཆེར་ཕེབས་ཏེ་སྐོར་ཅིག་བཞུགས་ནས་རྨུ་གཤོང་དུ་སྟན་ཆགས་པའི་དུས་སྔར་སྐྱེད་ཚལ་དུ་ཆོས་འབྲེལ་གསན་པ་དང་། ཕྲ་མ་ནས་ཀྱིས་རིན་སྤུངས་སུ་སྙན་ཕྲ་ཕུལ་བའི་རྐྱེན་གྱིས་བོད་མཁར་ནས་ཚང་མིང་གི་ལྷག་མར་གྱུར་པའི་རྐྱེན་ངན་གྲོགས་ཤར་ལྟ་བུས་བསྐུལ་ཏེ་རྗེ་བཙུན་བོད་མཁར་བ་མཻ་ཏྲི་བྱམས་པ་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོས་ཞབས་པད་བསྙེན་པར་ཕེབས། ཟང་ཟིང་གི་དངོས་པོ་ཡོད་དགུ་ལྟ་བུ་འཁོར་གསུམ་ཡོངས་དག་གི་འབུལ་བ་རྒྱ་ཆེར་མཛད། ཞལ་གྱི་བདུད་རྩི་རྫོགས་པར་མྱངས་རྗེས་བསྟན་པ་སྤེལ་བ་དང་སྒོམ་སྒྲུབ་རྩེ་གཅིག་ཏུ་མཛད་དགོངས་པས་སྐུ་ལ་བཅར་ནས་བཞུགས། མ་ཆེན་རྡོར་བཀྲས་པ་ཕྱོགས་འབྱོན་དང་ཐུག་པའི་རེ་ཞིག་གཉེར་གྱིས་གསུང་བ་བཞིན་མཛད་པའི་ཚེ་དེ་སྔ་གོང་ནས་གསོལ་ཇ་ཅུང་ཟད་དཀོན་པ་ཡོད་པར་མི་ཉག་དབོན་པོ་མགོན་པོ་འོད་ཟེར་གྱིས་གསོལ་ཇ་ཕོན་ཤིན་ཏུ་ཆེ་བའི་འབུལ་སྐྱེལ་སླེབས་པས་རྗེ་དྲུང་གི་གཉེར་ཁ་འཕྲོད་ཅེས་ཐུགས་དགྱེས། རིན་པོ་ཆེ་བོད་མཁར་བ་གཙོ་བོར་གྱུར་པའི་དོན་གཉེར་ཅན་འགའ་ལ་གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱི་སྣང་གསུམ་ནས་བཟུང་དབང་བཞི་པའི་བར་གྱི་ཉམས་འཁྲིད་ཟླ་བརྒྱད་ལྷག་ཙམ་སྨིན་རྒྱས་དེའི་ཆ་ལག་ཏུ་དགོས་པའི་དབང་བྱིན་རླབས་ལུང་མན་ངག །དཔལ་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ཀྱི་དབང་བཞི་མཁའ་འགྲོ་སྙན་བརྒྱུད། རྣལ་འབྱོར་བཞི། རྣམ་པར་འབྱེད་པ། རྭ་རྩེ་སེམས་འཛིན། མཚན་མ་གྱེན་བསྒྲང་། (༨༦བ)


GLG009_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མོ་རྒྱུ་བ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས་དབང་བཞིའི་ལམ་རྫོགས་པའི་འཁྲིད། རྭ་པོད། དཔལ་འཛིན་པོད་ཆུང་རྣམས་ཀྱི་ལུང་ཕྱག་འཁྲིད། ཤིན་ཏུ་ཟབ་པ་གཤེད་དམར་བིར་ལུགས་ཀྱི་དབང་བཞི། བྱིན་རླབས་གསུམ། སྤྲོས་མེད་ཀྱི་འཁྲིད་ཡིག་སྣ། རྟ་མགྲིན་ཡང་གསང་ཁྲོས་པའི་དབང་བཞི་དང་ཚེ་དབང་། རྟ་པོད། དུས་ཀྱི་འཁོར་ལོའི་བདག་པོ་ཆེན་པོའི་བར་གྱི་དབང་། རྒྱུད་འགྲེལ། ཤིན་ཏུ་ཟབ་པ་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་དང་ཉམས་འཁྲིད་ཆོས་སྐོར། ཨིནྡྲ་མཁའ་སྤྱོད། མཻ་ཏྲི་མཁའ་སྤྱོད། གཞན་མ་ཕག་དཀར་ཤེས་རབ་གསལ་བྱེད། དཔྱལ་པའི་བདེན་གཉིས་མ། དབུ་བཅད་མ། ཞལ་གཉིས་མ་རྣམས་ཀྱི་སྐོར། སེང་གེ་སྒྲ། འཇམ་དཀར། སེང་གདོང་མ་སོགས་རྗེས་གནང་གི་རིགས་མང་བ། བསྟན་སྲུང་གི་གཙོ་བོ་གུར་གྱི་མགོན་པོ་གཙོ་རྐྱང་། སྦྲགས་སྒྲུབ་ལྷ་བརྒྱད། བཅུ་གཉིས་མ། ཕྱི་ནང་གསང་བ་རུ་མཚོན་གྱི་ལས་མཁན་དང་བཅས་པའི་རྗེས་གནང་། དཀྱིལ་འཁོར་ལ་བརྟེན་པའི་དབང་ལྔ། རྩ་གསུམ་འཁོར་ལོ་ལྔ་ལྡན་དང་བྲག་རྫོང་མ་གཉིས་ཀྱི་ཉམས་འཁྲིད། མེ་འབར་ཁ་སྐོང་། གྱི་ལྗང་། དུད་སོལ། སྙན་བརྒྱུད་རྣམས་ཀྱི་གླེགས་བམ། དོར་རྫོང་གོང་དཀར་གསུམ་ནས་བརྒྱུད་པའི་བེའུ་བུམ། སྦས་པའི་མགོན་པོའམ་གཉན་མགོན་ཞལ་བཞི་པའི་བཀའ་མི་འདྲ་བ་བཅུ་བཞི། ཚེ་སྒྲུབ་སྲུང་འཁོར་དང་གསང་བའི་འཁྲིད་མན་ངག་ཡོངས་སུ་རྫོགས་པ། གནོད་སྦྱིན་བེག་ཙེ། དུར་ཁྲོད་བདག་པོ། དཔལ་ལྡན་དམག་ཟོར་མ།རྡོ་རྗེ་རབ་བརྟན་མ་རྣམས་ཀྱི་སྐོར།ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་རྗེས་གནང་དང་འཁྲིད། གསེར་ཆོས་དམར་ཆེན་(༨༧ན)


GLG009_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་གསུམ་གྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང་། གཉན་ལོའི་དམར་ཆུང་སྐོར་གསུམ། གསེར་ཆོས་དང་གྲ་པ་མངོན་ཤེས་གཉིས་ཀྱི་ཛམ་དམར། ཀུན་རིག་གི་དབང་། ཕྱག་རྫོར་ཨུ་ཙ་ཡ། རྣམ་རྒྱལ་འཇོམས། སྨེ་བརྩེགས་དུད་ཁ་སོགས་ཀྱི་རྗེས་གནང་། སྙིང་པོ་དོན་གསུམ་དང་ཚེམ་བུ་ལུགས་ཀྱི་དམར་འཁྲིད། རྣམ་སྲས་བཀའ་མི་འདྲ་བ་བཅོ་ལྔའི་རྗེས་གནང་། བེའུ་བུམ་ཡོངས་རྫོགས། འབའ་ར་བ་ནས་བརྒྱུད་པའི་ཚེ་འཁྲིད་ཀྱིས་མཚོན་ཟབ་ཆོས་ཤིན་ཏུ་མང་བ་གནང་ཞིང་འདིར་བསྡོམས་པ་རྣམས་ཀྱང་རྗེ་བོད་མཁར་བའི་རྣམ་ཐར་སྤྱན་སྔ་རིན་པོ་ཆེས་མཛད་པ་ནས་བཏུས་པ་ཡིན་ལ། ལོ་མང་སྦྲེལ་ནས་དཔོན་སློབ་ཆབས་ཅིག་པར་བཞུགས་པ་ལ་བརྟེན་རིམ་གྱིས་སྩལ་བའི་དུས་ལ་སྔ་ཕྱི་ཁྱད་ཆེ་བ་འགའ་ཡོད་པར་སྣང་། ཁྱད་པར་ཆོས་སྐྱོང་ཆེ་ཆུང་གི་སྐོར་རྣམས་བླ་མ་དང་སློབ་མ་གཉིས་ཀར་གཉན་ཆ་ཆེ་བས་དུས་གཅིག་ཏུ་རྫོགས་པར་མི་མཛད་པས་ཀྱང་ཤེས་ནུས། རྡོ་རིང་རིན་པོ་ཆེས་ཚར་པ་ཆེན་པོར་ཁྱེད་ལ་བསྟན་པ་དང་སེམས་ཅན་ལ་ཕན་པའི་སློབ་མ་མཆོག་ཏུ་གྱུར་པ་གསུམ་ཡོད་པས་དེ་གསུམ་པོ་ལ་རིང་བསྲེལ་འདི་འདྲ་རེ་རེ་བྱིན་གསུངས་པའི་ཡ་གྱལ་གཅིག་རིན་པོ་ཆེ་བོད་མཁར་བར་གནང་སྟེ་ཞལ་སློབ་ཀྱི་གཙོ་བོར་ངོས་འཛིན་མཛད་པ་དང་མཐུན་པར་ཕྱིས་སུ་ལོ་དགོན་པ་སོགས་ཀྱི་ཞལ་འཛིན་མཛད། སྤྱན་སྔ་རིན་པོ་ཆེ་མི་ཕམ་ཆོས་ཀྱི་རྒྱ་མཚོ། ཆོས་རྗེ་བསྟན་པ་རྒྱ་མཚོ་སོགས་ལ་སྙན་བརྒྱུད་ཀྱི་གདམས་པ་རྫོགས་པར་སྩལ། སྤྱན་སྔ་རིན་པོ་ཆེ། མཁན་ཆེན་ཐར་པ་རྒྱལ་མཚན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ལོ་པ་སྤྱན་སྔ་(༨༧བ)


GLG009_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགའ་དོན་གྲུབ། རབ་འབྱམས་ཆོས་རྗེ་ཆོས་སྐུ་རྡོ་རྗེ་སོགས་གསུང་ལས་སྐྱེས་པའི་དམ་པ་དུ་མས་ཁའུ་པའི་རིང་ལུགས་རྒྱ་ཆེར་སྤེལ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོར་གསེར་ཆོས་བཅུ་གསུམ་དང་མགོན་པོ་ཆེ་ཆུང་གི་ཆོས་སྐོར་རྣམས་འབུལ་བ་གནང་། ཆོས་འཁོར་རྒྱལ་ལྷུན་གྲུབ་དགའ་བའི་ཚལ་གྱི་བསིལ་བ་ཚལ་དུ་མགོན་པོ་ཆེ་ཆུང་གི་སྐུ་དང་། ཆོས་འབྱུང་ཤོད་དུ་གནོད་སྦྱིན་བེག་ཙེ་རྣམས་བཞེང་བའི་ཞལ་བཀོད་སྙན་བརྒྱུད་དང་འབྲེལ་བའི་གཟུངས་བཞུགས་རབ་གནས་སོགས་གནང་། མངའ་རིས་དྲུང་པ་རིན་པོ་ཆེ་ལྷའི་བཙུན་པ་བསོད་ནམས་དཔལ་བཟང་། དགའ་ལྡན་ཤར་ཆེན་ནམ་མཁའ་རྒྱལ་མཚན། སྒྲོམ་མདའ་མཁན་ཆེན་སོགས་མཉམ་མེད་རི་བོ་དགའ་ལྡན་པའི་བསྟན་འཛིན་མང་པོར་ཆོས་ཀྱི་བཀའ་དྲིན་སྩལ། ས་སྐྱོང་དགའ་ལྡན་པ་ཨ་ཁུ་བཀྲ་ཤིས་ཞེས་ངག་གི་དབང་ཕྱུག་དབྱངས་ཅན་བསྙེམས་པའི་སྡེར་གྲགས་པ་ཁུ་དབོན་གྱི་བླ་མཆོད་དུ་གྱུར་པས་མཚོན་དབུ་རུ་སྟོད་ཀྱི་རྒྱལ་ཁམས་སུ་ཁའུ་བྲག་རྫོང་པའི་བསྟན་པའི་སྒྲོན་མེ་ཆེས་ཆེར་སྦར། ལྷ་ས་བྲག་སྒོར་སྟར་སྡོང་ཆོས་མཛད་ཀྱི་བདག་པོ་ཀུན་རིན་པའི་སྐུ་ལ་གྲི་ལྟག་ཕུལ་བ་སོགས་འོ་བརྒྱལ་བྱུང་བར་བརྟེན་འཕན་ཡུལ་མཁར་རྩེར་བདག་ཆེན་མཇལ་བར་ཕེབས་དུས། རྣམ་ཐར་ལས་སྤྱིར་སངས་རྒྱས་ཀྱི་བསྟན་པ་འདི་མར་འགྲིབ་ལ་སོང་བ་དང་ཁྱད་པར་དུ་ས་སྐྱ་པའི་བསྟན་པ་འདི་ད་ལྟ་གང་ནའང་དར་རྒྱས་ཆེ་རྒྱུ་རང་མི་འདུག་རུང་ཆོས་རྗེའི་དྲུང་གིས་དབུས་ཕྱོགས་འདིར་བསྟན་པ་ལ་ཕན་ཞིང་ས་སྐྱ་པའི་རྐང་ཟིན་པ་ཞིག་བྱུང་འདུག །ངེད་ཚོ་ས་སྐྱ་པའི་ཞལ་ངོ་ཆིབས་རགས་བསྒྲིགས་ནས་ཡོང་དུས་ལྷ་(༨༨ན)


GLG009_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ས་བྲག་སྒོའི་ཐད་དུ་སྟར་སྡོང་དབོན་པོ་དང་ཕྲད་ཚེ་རྦུད་ཤར་རེ་འགྲོ་ཡང་རྗེའི་དྲུང་ལས་དགའ་ལྡན་ཐམས་ཅད་མཐུན་གྲུབ་པ་འདུག་གསུངས་པས་མཚོན་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་འོག་ནས་རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་ཞལ་སློབ་ཀྱི་དང་མར་མངོན།འཇམ་དབྱངས་མཁྱེན་བརྩེའི་ཞབས་ཀྱིས་བཀའ་ཆོས་གནང་དགོས་ཚུལ་གྱི་ཞུ་ཡིག་ཕུལ་བར། ས་དབུས་གཙང་ཁམས་གསུམ་གྱི་སྨན་ལྗོངས་ན། ཞེས་སོགས་ཀྱི་ལན་དང་བཅས་ཞལ་གྱིས་འཆེས་པ་བཞིན་ཟླ་བ་བཅུ་གཉིས་པའི་ཚེས་བཞི་ལ་བླ་མ་དམ་པ་རྡོ་རྗེ་འཆང་བོ་དོང་དུ་ཕེབས། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་དཔོན་སློབ་ཉུང་བསྡུས་ལ་ཟབ་ཆོས་ཇི་ལྟར་སྩལ་ན། ཁྱབ་བདག་གུར་གྱི་མགོན་པོའི་ཆོས་སྐོར་ནི། །འཕགས་པའི་ཡུལ་དུ་པཎ་གྲུབ་རྣམས་ཀྱིས་ཕྱེ། །རྒྱུད་རྒྱལ་མ་དྲོས་ཆུ་གཏེར་ལས་བྱུང་བའི། །བཀའ་བབས་རྣམ་བཞིའི་གདམས་པའི་ཆུ་རྒྱུན་ནི། །ལོ་ཙཱ་རྣམ་བཞིའི་གསུང་གི་འབབ་སྟེགས་ལས། །ལེགས་འོངས་ས་སྐྱའི་བླ་ཆེན་ཐུགས་མཚོར་འཁྱིལ། །གང་དེའི་གསུང་གི་བདུད་རྩིའི་གཟེགས་མ་ནི། །ཕྱོགས་བརྒྱར་འཕྲོས་པས་ཁ་བའི་སྨན་ལྗོངས་འདིར། །ཟབ་དོན་ལྦུ་འཕྲེང་བྱེ་བས་ཕྱུག་པ་ཡི། །རྗེས་འབྲངས་ཆུ་ཀླུང་རྣམ་བཞི་རིང་དུ་འབབ། །ཅེས་པ་ལྟར་བཀའ་བབས་བཞི་ལྡན་དུ་བཞུགས་པའི་རྡོ་རྗེ་ནག་པོ་ཆེན་པོ་གཙོ་རྐྱང་། ལྷ་བཅུ་གསུམ་མ། ལྷ་བརྒྱད། ལྷ་བཅུ་གཉིས་མ། ལས་མཁན་རྣམས་ཀྱི་རྗེས་གནང་། དཀྱིལ་འཁོར་དང་འབྲེལ་བའི་དབང་། བྲག་རྫོང་དང་གསང་འཁྲིད་དང་ཐུན་མོང་མིན་པའི་ཉམས་འཁྲིད། མེ་(༨༨བ)


GLG009_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

འབར་ཁ་སྐོང་དང་བཅས་པ། སྙན་བརྒྱུད། གྱི་ལྗང་། དུད་སོལ། ངོར་པའི་པོད་སེར། རྫོང་ལུགས་དཀར་ཆག་མ། རྡོ་རྗེ་གདན་པའི་ཐུགས་དམ་མགོན་པོད་རྣམས་ཀྱི་ལུང་། གསང་བ་ཡིད་བཞིན་ནོར་བུའི་ཡི་གེ་དང་ཞལ་ཤེས་ལ་བརྟེན་ནས་ཕྱག་ལེན་དམར་འཁྲིད། རྡོ་རྗེ་འཆང་ཚར་པ་རྗེའི་གསུང་ལས། དེ་ལྟར་རྒྱལ་བའི་དྲི་མེད་རྒྱུད་སྡེ་ལས། །གསུངས་པའི་བསྟན་སྲུང་ཀུན་གྱི་མཆོག་གྱུར་པ། །དྲག་ཤུལ་མཐུ་ལྡན་སྟོབས་འཕྲོག་ནག་པོ་ཞེས། །རྒྱ་བོད་མཁས་གྲུབ་ཀུན་ལ་རླུང་ལྟར་གྲགས། །ཞེས་པ་ལྟར། ལོ་ཆེན་གཉན་གྱི་ཆོས་སྐྱོང་བརྒྱ་རྩའི་ནང་ནས་གཙོ་བོ་མཆོག་ཏུ་གྱུར་པ་གཉན་མགོན་ཞལ་བཞི་པའི་བཀའ་མི་འདྲ་བའི་རྗེས་གནང་བཅུ་བཞི། ཚེ་སྒྲུབ་སྲུང་འཁོར་དང་སྤུ་གྲིའི་སོ་སྡེབ། རྩ་གསུམ་འཁོར་ལོ་བཞིའི་ཉམས་འཁྲིད། ཕྱི་བྲམ་ཟེ་ནང་ཞིང་སྐྱོང་གསང་བ་སྟོབས་འཕྲོག་ནག་པོ་ལྟར་སྒྲུབ་པའི་ལས་ཚོགས་མན་ངག་ཕྱག་ལེན་དམར་འཁྲིད་དང་བཅས་པ་ལེགས་པར་གསན་པ་འདིར་ཕྱོགས་མཚུངས་སུ་བསྡུས་པ་མ་གཏོགས་ཆོས་སྐྱོང་བཀའ་གཉན་པས་དུས་སྔ་ཕྱི་འགའ་ཞིག་ཏུ་རིམ་གྱིས་གནང་བར་མངོན་ཞིང་། རྗེ་མཁྱེན་བརྩེ་ཐུགས་སྲས་ཀྱི་གཙོ་བོར་བཟུང་སྟེ་ཟབ་ཆོས་ཀུན་བུམ་པ་གང་བྱོར་གནང་བས།གསུང་ལས། བདག་ཆེན་ཆོས་རྗེའི་སྐུ་ཡི་དབོན་སྐྱེས་ཤིང་། །གྲུབ་མཆོག་རྡོ་རིང་ཆོས་རྗེའི་བསྟན་ལ་དད། །སྒོ་རུམ་ཆོས་རྗེའི་ཐུགས་ཀྱི་སྲས་སུ་གྱུར། །ཤེས་རབ་སྙིང་རྗེ་རྣམ་དཔྱོད་ཕུན་ཚོགས་ཤིང་། །དད་དང་སྒྲུབ་པས་བླ་མ་མཉེས་པ་སྟེ། །རྒྱུ་དྲུག་འཛོམ་པས་ཟབ་མོའི་གདམས་པ་རྙེད། །གྲོགས་དག་འདི་འདྲའི་སྐལ་བཟང་(༨༩ན)


GLG009_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་བོ་ཙམ། །ཞེས་པའི་དོན་ཐོག་ཏུ་བབས་ཤིང་རིན་ཅེན་གསེར་གྱི་མཎྜལ་སོགས་རིན་པོ་ཆེའི་རིགས་དང་ཇ་གོས་དར་གོ་ཁྲབ་ཀྱིས་གཙོས་པའི་བདོག་པ་གྱ་ནོམ་པ། མཁའ་འགྲོ་ལྔ་མཉེས་པར་བྱེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོས་སྙན་བརྒྱུད་དང་པོའི་རྟེན་འབྲེལ་ཀུན་ནས་སྒྲིག་པར་མཛད་པ་སོགས་ཀྱང་། བསམ་འཕེལ་ནོར་འཕྲེང་ལས། ཕྱི་ནང་གསང་བའི་མན་ངག་ཞུ་བའི་ཚེ། །ཚོགས་དང་གཏོར་མས་མཁའ་འགྲོ་མཉེས་པར་བྱས། །རིན་ཅེན་གསེར་གྱི་མཎྜལ་ལན་གསུམ་ཕུལ། །གསང་ཆེན་གྲུབ་མཐའ་འཛིན་པའི་དམ་བཅའ་བྱས། །ཞེས་པས་མཚོན་ནུས། དཀར་ཆག་དབང་སྡུད་པདྨ་རཱ་གའི་ཟ་མ་ཏོག་ལས། བསྟན་པའི་བདག་པོ་ས་སྐྱ་པའི་གསང་ལས་ཡང་གསང་གསེར་གྱི་ཆོས། །དམར་པོ་སྐོར་གསུམ་ཞེས་གྲགས་པ། །ཞེས་རྗེ་བཙུན་ས་སྐྱ་པར་གདམས་པ་རྒྱ་མཚོ་ལྟ་བུར་བཞུགས་པའི་ནང་ནས་ཐུན་མོང་བསྒྲུབས་པས་མཆོག་ཞར་ལ་འབྱུང་བ་དམར་པོ་སྐོར་གསུམ་ཡང་། ཇི་སྐད་དུ། ཁོ་བོས་དམ་པའི་ཞབས་པད་རིང་དུ་བསྟེན། །སྙན་བརྒྱུད་བདུད་རྩིའི་ཞལ་འོད་སྙིང་ལ་ཤར། །འཁྲུལ་མེད་གདམས་པའི་གནང་ལ་ངེས་པ་ཐོབ། །གྲོགས་དག་འདི་འདྲའི་སྐལ་བཟང་ཁོ་བོ་ཙམ། །ཞེས་རྡོ་རྗེ་འཆང་འདི་ཉིད་ལ་མངའ་བའི་རྗེ་བཙུན་རིག་བྱེད་མ། ཚོགས་བདག་བགེགས་ཀྱི་རྒྱལ་པོ། ཁྲོ་བོ་འདོད་པའི་རྒྱལ་པོ་གསུམ་གྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང་ལུང་མན་ངག་ཕྱག་ལེན། ཞར་བྱུང་དམར་ཆུང་སྐོར་གསུམ་དང་བཅས་པ་གནང་། (༨༩བ)


GLG009_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཉིན་རེ་ཆོས་ཐུན་གཉིས་དང་འཆམས་དབྱངས་ཀྱི་ཕྱག་ལེན་རྣམས་ཀྱང་དཔྱིས་ཕྱིན་པར་ཐུགས་ལ་བཏགས་པར་སློབ་མ་སྣོད་ཀྱི་སྐྱོན་དང་ཅུང་ཟད་ཙམ་ཡང་མི་ལྡན་པས་མཁྱེན་བརྩེའི་ཞབས་ཀྱི་རྣམ་ཐར་ལས། མཚན་ཕྱེད་ཙམ་དབྱངས་བསླབས། དེ་ནས་དགོངས་ཐུན་ཡོད་ཙམ་དང་གཏོར་བསྔོ་སོགས་བྱས། དེ་ནས་མར་མེའི་འོད་ལ་མགོན་པོའི་ཕྱག་དཔེ་ཁག་ཆེ་བ་སོགས་ཡི་གེར་བྲིས་པས་ཟླ་བ་གཅིག་ལ་ཤོག་བུ་བཅུ་གྲས་སུམ་བརྒྱ་ཙམ་ཚར་བྱུང་ཞིང་། ངེད་ཀྱི་མགོན་པོའི་དཔེ་དྲག་ཤོས་རྣམས་ལ་སྐྱེར་ཐིག་གར་པོ་བྱས་པ་ཁོ་ན་ཡོད་པའི་རྒྱུ་མཚན་དེ་ཡིན། ཞེས་བྱུང་བ་མངའ་རིས་པཎ་ཆེན་རིན་པོ་ཆེས་པོ་ཏི་དྲུག་ཅུ་ཙམ་ཕྱག་བྲིས་གནང་ཟེར་བ་དང་དབྱིབས་འདྲ་བའི་རྫུ་འཕྲུལ་གྱི་བཀོད་པ་ལས་ཐ་མལ་པའི་ངང་ཚུལ་དུ་མི་སེམས་ཤིང་། ཆོས་བདག་པོར་གནང་བའི་ཉམས་ཀྱིས་དཔོན་སློབ་གཉིས་ཀ་ལ་ངོ་མཚར་བའི་གཟིགས་སྣང་བསམ་གྱིས་མི་ཁྱབ་པ་བྱུང་། ཞལ་ངོ་རིམ་པར་དགེ་བའི་བཤེས་གཉེན་ཟླ་མེད་པ་བྱོན་པར་མ་ཟད་ཞལ་སློབ་མཁན་ཆེན་བསླབ་གསུམ་པ་དང་སྔགས་འཆང་བསོད་ནམས་ཆོས་འཕེལ་གཉིས་སྙན་བརྒྱུད་མི་ཉམས་པའི་སྲོག་ཤིང་དུ་སོང་ཞིང་། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་གསུང་ལས་སྐྱེས་པ། བདག་ཆེན་རིན་པོ་ཆེ་ངག་དབང་ཀུན་དགའ་བསོད་ནམས། མཁན་ཆེན་ངག་དབང་ཆོས་གྲགས། འཇམ་དབྱངས་དགའ་བའི་བཤེས་གཉེན། སྤྱན་སྔ་ཀུན་དགའ་དོན་གྲུབ། རྗེ་བཀའ་འགྱུར་བ། མཁན་ཆེན་ཞ་ལུ་པ། གླང་བུ་ཆོས་རྗེ། རྒྱལ་རྩེ་བདག་པོ་བྱམས་པ་ངག་དབང་བསོད་ནམས་རྒྱལ་མཚན། བྱ་གཤོང་མཁན་ཆེན་མང་ཐོས་གྲགས་པ་རྣམ་རྒྱལ། ཡངས་ཅན་མཁན་(༩༠ན)


GLG009_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བྱམས་པ་བསོད་ནམས་མཐའ་ཡས། རྗེ་བཙུན་བཀའ་འགྱུར་བས་ཟུར་ཐམས་ཅད་མཁྱེན་པར་སྩལ་བས་མཚོན་ཏེ་ཞལ་སློབ་དེ་དག་ལས་ཀྱང་ཡང་སློབ་ཉིད་སློབ་སོགས་སྲིད་མཐའི་བར་དུ་འཕེལ་ནས་རང་བསྟན་ཁའུ་པའི་རིང་ལུགས་འཛིན་པར་ཟླ་མེད་པའོ། །དེ་ནས་བྱ་རྒོད་གཤོང་གི་རྟེན་མཇལ་ལ་ཕེབས་དེ་ནུབ་རྒྱལ་བློན་ལྷ་ཁང་དུ་བཞུགས་པའི་སྲོད་ཀྱི་དུས་རྟ་རྒྱུགས་པའི་རྨིག་པའི་ཁྲབ་སྒྲ་ཆེན་པོ་དང་བཅས་འོད་དམར་པོ་ཆོས་གསལ་བ་ཞིག་དམར་འུར་འུར་བྱུང་བའི་ཁྲོད་ན་རྟ་དམར་རྒྱན་ཁྲབ་ཁྲག་མང་པོ་བཏགས་པར་མི་དམར་ཞིག་གིས་ཞོན་ནས་སྐོར་ཕྱོགས་ལ་ཡུད་ཀྱིས་སོང་ཞེས་པ་ཙམ་ལས་གསལ་བར་མི་འདུག་ཀྱང་། ཆོས་རྒྱལ་གྱི་དུས་བྱང་གི་སོ་ཁ་བསྲུང་བར་ལྷ་སྲས་མུ་རུབ་བཙན་པོ་དང་ཞང་བློན་ལྷ་བཟང་ཀླུ་དཔལ་གཉིས་ཀྱིས་གཙོས་པའི་གཡུལ་བཤམས་དུས་ཨོ་རྒྱན་ཆེན་པོས་རྣམ་སྲས་བཀུག་ནས་བསྟིམ་པའི་འཕྱར་དར་དང་ཕྱག་མཚན་བཞི་པའི་ཆོས་སྐོར་རྣམས་བྱ་རྒོད་གཤོང་དུ་གཏེར་དུ་སྦས་པ་གཉལ་པ་ཉི་མ་ཤེས་རབ་ཀྱིས་སྤྱན་དྲངས་པས་གནས་འདིར་རྒྱལ་པོ་ཆེན་པོ་དངོས་སུ་བཞུགས་གཤིས་མདུང་དམར་ཅན་ཕྱག་མཚན་བཞི་པའི་ཞལ་མངོན་སུམ་དུ་གཟིགས་པར་སྣང་། སང་ཐོ་རེངས་ཐེགས་རྩིས་ཀྱིས་སྒོ་དྲུང་ན་ཁལ་འགེལ་བའི་བར་ལ་རྡོ་ཀྱོང་དེ་ལ་ཁྱེལ་མཛད་བཞུགས་པས་མདང་གི་རྟའི་རྨིག་སྒྲ་དེ་བྱུང་ཞིང་འོད་དམར་པོ་ཆེས་གསལ་བས་སའི་རྩི་སྦུར་ཡན་ཉིན་མོ་ལྟར་གསལ་བ་དྲུང་ན་འཁོད་པ་ཐམས་ཅད་ཀྱིས་མཐོང་བ་བྱུང་། དེ་ནས་རྨུག་གཤོང་དུ་ཕེབས་ཡོལ་ནས་ཤངས་ཆོས་རྡོ་རྗེའི་རྒྱས་བཏབ་ཀྱི་བརྒྱུད་པ་དྲུག་(༩༠བ)


GLG009_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉན་སྟོན་སྦས་པའི་རྣལ་འབྱོར་གྱི་རྣམ་སྤྲུལ་མཁན་རིན་པོ་ཆེ་གཞོན་ནུ་བློ་གྲོས་ཆེད་བསྟད་ཀྱིས་ཕེབས། བླ་མ་འདི་ཉིད་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོར་དགོངས་ཏེ་གསུང་ངག་རིན་པོ་ཆེ་མཁའ་སྤྱོད་སྐོར་གསུམ། དམར་པོ་སྐོར་གསུམ་སོགས་གསེར་ཆོས་མགོན་པོ་ཆེ་ཆུང་། གནོད་སྦྱིན་བེག་ཙེ་སོགས་ཀྱི་དབང་རྗེས་གནང་འཁྲིད་ལུང་མན་ངག་རྣམས་འདི་ནས་བཟུང་སྔ་ཕྱིར་མཇལ་བ་ཚོར་རིམ་གྱིས་སྩལ་ཞིང་གཞན་ཡང་བསྟན་པ་སྤྱི་སྒོས་ཀྱི་གསུང་ཆོས་ཇི་སྙེད་ཅིག་གནང་། མཁན་ཆེན་ཉིད་ཀྱི་གསུང་ལས་ཀྱང་ངེད་རང་འགྲོ་དོན་ཁྱོངས་ཆུང་བས་འཆད་འཆད་ཉུང་གསུང་བ་ལྟར་ཆོས་བཀའ་དོག་པ་ཙམ་ཡོད་ཚོད་དུ་འདུག་ཅིང་། དབོན་ཡོལ་པ་བླ་ཆེན་དུ་གྲགས་པས་རགས་རིམ་གསན་ཚོད་དུ་འདུག་རུང་ཁོང་པ་རྗེས་སོར་རྟག་བརྟན་སྤྲུལ་སྐུར་ཧ་ཅང་མོས་དྲགས་པའི་སྐྱོན་གྱིས་རང་བསྟན་ཟིན་པའི་རྗེས་ཆེ་བ་མ་བྱུང་ཞིང་། ཞལ་སློབ་འདི་ཐོན་གྱི་གྲགས་མི་ཆེའང་དབུས་གཡོ་རུའི་ཕྱོགས་སུ་བཀྲ་ཤིས་ཆོས་ཀྱི་སྡེ་གསར་དུ་བསྐྲུན་པས་བསྟན་པའི་མེ་བཙའ་ལྟ་བུར་སོང་། བདག་ཆེན་རིན་པོ་ཆེ་འཇམ་དབྱངས་བསོད་ནམས་དབང་པོ་ཐུགས་བློ་གཟུ་བོར་གནས་པས་ཡར་ཀླུངས་བཀྲ་ཤིས་རྩེར་ཕེབས་ནས་བྲག་རྫོང་མའི་འཁྲིད་ཀྱིས་གཙོས་སྙན་བརྒྱུད་ཀྱི་ཆོས་སྐོར་མང་དུ་གསན། གསང་འཁྲིད་སྐོར་རེ་ཞིག་ཕུལ་བ་མི་འགབ་འདྲ་དགོངས་ཏེ་མ་གསན་གསུངས་པ་མཁན་རིན་པོ་ཆེའི་གསན་ཡིག་མགོ་བཙེམས་མ་བྱ་རོག་གིས་ཁྱེར་ཏེ་བདག་ཆེན་རིན་པོ་ཆེའི་སྐུ་པང་དུ་བསྐྱུར་བས་ཆོས་སྐྱོང་གིས་གདམས་པ་རྣམས་གཏོད་ཅིག་ཅེས་སྐབས་དབྱེ་བ་ལྟ་བུས་དཔོན་སློབ་གཉིས་ཀའི་ཆེ་བར་སོང་ཞིང་། ཐུགས་ཡིད་(༩༡ན)


GLG009_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་ཏེ་ཚང་བར་ཕུལ་བས་མི་ཐོག་གཉིས་ཙམ་གྱི་རིང་བཞི་ཐོག་བླ་བྲང་ཕ་ནོར་དང་བྲལ་བའི་ཁང་སྟོང་འདྲ་བ་སླར་རང་ནོར་གཏོང་ལེན་ལྟ་བུའི་དབུ་ཚུགས་ཤིང་། རིམ་གྱིས་སྔགས་འཆང་སོགས་སེམས་དཔའ་ཆེན་པོ་ངག་དབང་ཀུན་དགའ་བསོད་ནམས་ཡབ་སྲས་ནས་གོང་མའི་རིང་ལུགས་ཀྱི་ཉི་མ་ཕྱོགས་བརྒྱར་འཆར་བའི་རྟེན་འབྲེལ་གྱི་སྒོ་ཡང་བརྒྱུད་པ་འདི་ནས་ཕྱེ་བས་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོའི་བསྟན་འཛིན་གྱི་གཙོ་བོ་ཞིག་ཏུ་མངོན། འདར་པ་ཆོས་རྗེ་ཆོས་དབང་རིན་ཅེན་དཔལ་གྱི་རྒྱ་མཚོ་རྗེ་བཙུན་ཀུན་སྤངས་ཆེན་པོས་མགོན་པོ་ཕུར་ཞབས་མ་གནང་བའི་ཆོས་གླིང་དྲུང་པ་སོགས་གཞི་བྱེས་ཀྱི་འདུས་པ་དུ་མ་དང་། བསྟན་པའི་སྦྱིན་བདག་སྡེ་པ་འདར་པ་རིན་ཅེན་དཔལ་བཟང་སོགས་ཞལ་ངོ་རྣམས་དང་། མདོར་ན་སྐྱ་སེར་མཆོག་དམན་མང་པོར་སོ་སོའི་བློ་དང་འཚམ་པའི་དབང་འཁྲིད་ལུང་མན་ངག་སོགས་སྦྱིན་པ་རྣམ་པ་བཞིའི་སྒོ་ནས་འདོད་པའི་རེ་བ་བསྐང་། ཤིང་སྦྲུལ་ལོ་བོ་དོང་དུ་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་རྡོ་རྗེ་བྲག་རྫོང་མའི་ལྗགས་བསྙེན་གྱི་སྐུ་མཚམས་ཤིན་ཏུ་དམ་པར་བར་དུ་གཅོད་པའི་མཚན་ཆེན་པོ་ཞིག་འཇུག་ཉེ་བ་ཐུགས་ཀྱིས་མཁྱེན་ནས་གདན་འདྲེན་ཞུས་པ་ལ་མ་བལྟོས་པར་ཕེབས། རྗེ་མཁྱེན་བརྩེའི་གཟིགས་སྣང་ལ་རྗེ་བླ་མ་སྐུ་མདོག་བྱུ་རུ་ལྟར་དམར་ཞིང་ཞལ་རྒྱན་སོགས་ཡེ་མེད་པ་ཞིག་འདུག་པར་སྔར་ཕན་ནི་ཞལ་རྒྱན་གཤོར་བ་གནང་གིན་མེད་ད་ལམ་ཅི་ཡིན་ནམ་དགོངས་ཤིང་། མཇལ་མ་ཐག་ཐུགས་ལ་དགའ་སྤྲོ་དང་མོས་གུས་ཆེན་པོ་འཁྲུངས། བགེགས་ཀྱི་རྣམ་པ་བྱུང་བ་ལའང་དོགས་གཅོད་ཞུ་མ་དགོས་པར་ལྷུག་པར་གསུངས་ཤིང་(༩༡བ)


GLG009_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་འཕྲུལ་སྣ་ཚོགས་བསྟན་པའི་སྒོ་ནས་ཡིད་སྲུབས་ཀྱི་གཡུལ་ལས་རྒྱལ་བར་མཛད་པས་དེ་ནུབ་ནས་བཟུང་ཐུགས་བདེ་ཉམས་ཤིན་ཏུ་ཆེ་བར་གྱུར། ཟླ་བ་བཅུ་གཅིག་པའི་ནང་དུ་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་འདར་དུ་ཕེབས་ཞག་ཉེར་དྲུག་བཞུགས་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའི་ལུགས་ཀྱི་དཔལ་མགོན་སྟོབས་འཕྲོག་དབང་པོའི་གཏོར་མ། དྲག་པོའི་འཆམས་དབྱངས་ཕྱག་ལེན་ཐམས་ཅད་མཁས་པར་སྦྱོང་བདར་མཛད། ཞར་བྱུང་དུ་གུར་མགོན་གྱི་མན་ངག་མང་པོ་ཆིག་བརྒྱུད་དང་དུད་སོལ་མའི་སྐོར་དུ་མ་གནང་། ཚར་ཆེན་ཆོས་ཀྱི་རྒྱལ་པོས་རྡོ་རྗེ་སློབ་དཔོན་དང་མཁྱེན་བརྩེའི་ཞབས་ཀྱིས་ལས་ཀྱི་རྡོ་རྗེ་མཛད་ནས་དཔོན་སློབ་རྣམས་ཀྱིས་ཉེར་དགུ་ལ་གཏོར་ཆེན་གནང་བས་བསྟན་ལ་ལོག་པར་འཁུ་བའི་གཟུགས་ཅན་གཟུགས་མེད་ཀྱི་དཔུང་ཚོགས་མཐའ་དག་ཐལ་བའི་རྡུལ་ཕྲན་བཞིན་དུ་སོང་། དེ་ནུབ་མནལ་ལམ་དུ་རྗེ་བླ་མ་རྩེ་གདོང་ཡིན་སྙམ་པའི་ལུང་པ་ཞིག་ན་ཡར་ཕེབས་པའི་མཐར་ཁང་པ་ཞིག་འདུག་པ་དེར་བྱོན་པའི་ནང་དུ་ཤིང་ཁྲིས་བཏེག་པའི་འབོལ་གདན་ནར་མོར་བཏིང་བའི་གཡས་སུ་ཁྱབ་བདག་ཀུན་སྤངས་ཆེན་པོ་དང་། གཡོན་དུ་ཀུན་མཁྱེན་རྡོ་རྗེ་གདན་པ་གཉིས་བཞུགས་འདུག་པར་དཔོན་སློབ་གཉིས་ལ་ཕྱག་འབུལ་དང་བྱིན་རླབས་ཞུ་བ་མཛད་ཆེ། ཐུ་ཆེན་འཇིགས་མེད་དཔའ་བོས་ཕྱག་ལེན་སོགས་བཀུར་གཟོས་མཛད་བྱུང་བར་ཀུན་སྤངས་རིན་པོ་ཆེས་ཀྱང་འདི་འདྲ་ཞིག་མཛད་ཐད་དམ་དགོངས་པ་ཤར་བར་རྡོ་རིང་རིན་པོ་ཆེས་ཁ་ས་ང་ཚོ་ཆོས་རྗེས་གར་བྱོན་གསུང་བར་བདག་གིས་ཇོ་ནང་པའི་གྲ་པ་འཇམ་དབྱངས་སྒེག་པ་ཟེར་བ་གཟུགས་ཆུང་ངེ་བ་ཇོ་ཞྭ་གྱོན་པ་དེ་ལ་ཆོས་(༩༢ན)


GLG009_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་ཀྱིན་བསྡད་ཞུས་པར་རྡོ་རྗེ་གདན་པས་ཁྱེད་རྫུན་མ་ཟེར། འཇམ་སྒེག་དང་གནས་གསར་རྗེ་དྲུང་མི་གཅིག་གསུང་བ་ན་ཀུན་སྤངས་རྗེས་སྔོན་དང་ད་ལྟའི་ཁྱད་པར་ཙམ་ལས་གཉིས་ཀའི་གསུང་ལ་འགལ་བ་མེད། ཁོང་ཡར་ཀླུངས་པར་གྱུར་སྐབས་འཇམ་སྒེག་དང་དེང་སང་གནས་གསར་ཆོས་རྗེ་ཡིན་པས་རྒྱུད་ཅིག །དེར་མ་ཟད་ཆོས་རྗེས་བསྙེལ་ཡོད་པ་འདྲ། ཁྱེད་ཨོ་རྒྱན་གྱི་ཡུལ་དུ་སྠ་བི་རར་འཁྲུངས་ནས་རྡོ་རྗེ་རྣལ་འབྱོར་མར་དབང་ཞུ་དུས་རྣལ་འབྱོར་པ་སྦྲུལ་གྱི་ག་ཤ་ཅན་དེ་ང་ཡིན། དེ་དུས་སྠ་བི་ར་པས་གདུག་པ་མང་པོ་བསྒྲལ་གསུང་བ་སོགས་བླ་མ་རྣམ་གཉིས་དྲི་བ་དྲི་ལན་གྱི་ཚུལ་མཛད་པས་འོད་གསལ་དེས་ཁྱོངས་ཤིང་མནལ་སད་པ་ན་ཐུགས་རྒྱུད་ལ་བདེ་ཆེན་གྱི་ཡེ་ཤེས་ཁྱད་པར་ཅན་དང་། སྐུ་ཚེ་སྔོན་མའི་གནས་ཚུལ་ལ་ཐུགས་ངེས་འདྲོངས་པས་ངེད་རང་དཔོན་སློབ་རྣམས་ཀྱིས་ཞལ་གྱི་གཏོར་ཆེན་བྱས་པར་ཀུན་སྤངས་རྗེ་དང་རྡོ་རྗེ་གདན་པ་གཉིས་དགྱེས་ཡོད་པ་འདྲ། མདང་རྨི་ལམ་འདི་འདྲ་བྱུང་ཞེས་རྗེ་མཁྱེན་བརྩེ་ལ་གསུངས་པར་ཐུགས་ལ་དགྱེས་ཚོར་དང་སྤྱན་ཆབ་འཁྲུག་པ་སོགས་བྱུང་བས། ཀུན་མཁྱེན་མཁྱེན་བརྩེའི་རྣམ་ཐར་དུ། མནལ་ལམ་མིང་དུ་བཏགས་པའི་འོད་གསལ་དང་། །རྒྱལ་བ་རྡོ་རྗེ་འཆང་གཉིས་མངོན་སུམ་གཟིགས། །ལྐོག་གྱུར་སྔོན་གྱི་གནས་འགའ་ལུང་བཞིན་ཐོབ། །ངོ་མཚར་འདི་དང་འདི་འདྲ་གསུང་བ་ཐོས། །ཨ་ཧོ་སྲིད་པར་འཁྱམས་པས་ཆེས་དུབ་པ། །བདག་ལ་ཉིད་ཀྱིས་རིང་མོ་ཞིག་ནས་བསྐྱངས། །མངོན་གྱི་ཞལ་བཞེས་སླུ་མེད་བདེན་པའི་མཐུས། །འདིར་ཡང་སློབ་བཤད་སྙན་བརྒྱུད་ལྷུག་པར་སྩལ། །ད་དུང་ཁྱེད་དང་མཚུངས་(༩༢བ)


GLG009_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བར་མ་གྱུར་པ། །དེ་སྲིད་མགོན་སྐྱབས་དཔུང་གཉེན་གཞན་མེད་པས། །ཡིད་ཆེས་དད་དང་གུས་པས་གསོལ་བ་འདེབས། །སླུ་མེད་ཐུགས་རྗེས་སྔར་བཞིན་གཟུང་དུ་གསོལ། །ཞེས་བྱུང་ཞིང་། རྗེ་མཁྱེན་བརྩེ་དཔོན་སློབ་ཕྱིར་ཕེབས་གདོང་བླ་མ་དམ་པས་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ཀྱི་གཏེར་མའི་ཕུར་པ། རྗེ་ཉིད་དབང་བུམ་ཡུན་རིང་གནང་བའི་ཕྱག་དྲིལ་ཤིང་འཁུལ་མ་ཤུབས་བཅས། སེང་ལྡེང་གི་ཁ་ཊྭཱཾ་ག །བདེ་མཆོག་རྩ་རྒྱུད་ཀྱི་ཊཱིཀྐ་མུ་ཏིག་འཕྲེང་བ། འཕགས་པ་རིན་པོ་ཆེའི་ཐུགས་དམ་གུར་མགོན་ཧོར་སྐུ་ཞིག་སོགས་གནང་སྦྱིན་ཕུན་སུམ་ཚོགས་པ་སྩལ། ཡང་ཁམས་པ་ཨ་ཀྲོ་ཟེར་བས་ཁའུར་རྡོ་རིང་རིན་པོ་ཆེ་ལ་མགོན་པོ་ཞལ་གྱི་ཆོས་སྐོར་དགོས་ཚུལ་ཞུས་ཚེ་རྗེ་འདི་ལ་སྤྱན་ཅེར་གཟིགས་ནས་ཅིས་ཀྱང་བྱེད་གསུངས་ཞལ་གྱིས་བཞེས་ཀྱང་གནང་མ་ཐུབ་པ་ཕྱིས་རྗེ་བླ་མས་གནང་དགོས་བྱུང་བ་ལུང་བསྟན་དུ་འདུག །མི་རིང་བའི་སྐབས་ཤིག་རྗེ་བླ་མ་འདི་ཉིད་བོ་དོང་དུ་སྤྱན་འདྲེན་མ་ཞུས་པར་ཕེབས་ནས་གཞན་དོན་གཅོད་ཀྱི་རིགས་མེད་ཁྱེད་ལ་ཆོས་ཤིག་གཤོད་དུ་ཡོངས་པ་ཡིན་ཕེབས་པ་གང་ཡིན་དྲི་བ་ཞུས་པར་འཇིགས་བྱེད་ཡིན་ཚུལ་བྱུང་བ་བཞིན་འོ་ཡུག་སྡིང་མར་སྤྱན་དྲངས། དཔལ་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ལྷ་བཅུ་གསུམ་མའི་དབང་བཞི་རྭ་པོད་སོགས་ཡིག་སྣའི་ལུང་དང་མན་ངག །ཤིན་ཏུ་ཟབ་པ་རྭ་འཁྲིད་མཁའ་འགྲོ་སྙན་བརྒྱུད་ཀྱི་ཉམས་འཁྲིད་གནང་བས་རྡོ་རྗེ་ཐེག་པའི་ལམ་གྱི་གནད་གསང་ཐམས་ཅད་ཐུགས་ཀྱི་ཀློང་དུ་གྱུར་པས་བཀའ་དྲིན་དྲན་ཏེ་མཁྱེན་བརྩེའི་ཞབས་ཀྱིས། དྲན་པས་གདུང་སེལ་ཁྱབ་བདག་མ་ཧེའི་ཞལ། །ངུར་སྨྲིག་ཟོལ་གྱིས་རོལ་པའི་ཕ་རྒོད་དེས། །འཁྲུལ་མེད་གནད་ཀྱི་ལམ་བཟང་(༩༣ན)


GLG009_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བསྟན་ཚེ། །མཐའ་ཡས་ཆོས་ཀྱི་རང་ཞལ་རྗེན་པར་མཐོང་། །གཞན་ཡང་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་དབང་དང་རྟ་པོད་ཀྱི་ལུང་རྫོགས་པར་གནང་། རིམ་གྱིས་ཤངས་མདའི་རྡོ་རྗེ་སྒྲུབ་ཕུག་ཏུ་གནས་འབྲེལ་ཞག་གསུམ་མཛད་པའི་ནུབ་ཅིག་གཟུགས་མེད་པའི་སྐད་ཅིག་ལ་ཟབ་བུར་སོང་ཨོ་རྒྱན་རིན་པོ་ཆེ་བཞུགས་ཡོད་ཟེར་བ་ཞིག་བྱུང་བས་རྐྱེན་བྱས། རྗེ་བླ་མ་ཟབ་བུ་ཕྱོགས་ལ་ཕེབས་པའི་མེ་ཚོར་དུ་ཞག་གཉིས་བཞུགས་པའི་ནུབ་ཁྱེའུ་གཞོན་ནུ་སྔགས་ཆས་ཅན་ཞིག་གིས་སྔར་གསན་པ་དང་མ་གསན་པའི་ཆོས་ཀྱི་རྣམ་གྲངས་སོ་སོར་དབྱེ་ཞིང་། མ་ཐོབ་པ་རྣམས་བྲག་ཕུག་འདིའི་ལྟག་ན་ཡོད་གསུང་དེ་ཨོ་རྒྱན་རིན་པོ་ཆེའི་སྤྲུལ་པར་སྣང་། རིམ་གྱིས་ཟབ་བུའི་གཟིམས་ཕུག་གི་སྐུ་བརྙན་བདེ་གཤེགས་འདུས་པའི་དྲུང་དུ་གཅིག་པུར་ཐུགས་དམ་མཛད་པའི་ཚེ་དཀོན་གཉེར་གྱི་བསམ་པར་བླ་མ་འདི་ཚོས་གཏེར་འདོན་ཟེར་ནས་གཟུངས་བཞུགས་མི་བླུག་པའི་ངེས་པ་མེད་སྙམ་སྒོ་དྲུང་ནས་རྫི་གསང་བལྟས་པས་སྐད་གདངས་ཡིད་དུ་འོང་བ་ཤིན་ཏུ་སྙན་པ་ཞིག་གིས་ཐོག་མར་གསུང་འཕྲོས་དང་དེའི་རྗེས་སུ་ཆོས་ལྷང་ལྷང་གསུང་བ་ཐོས་པས་མི་འགའ་རེ་ཡོད་དམ་སྙམ་ཐལ་གྱིས་ཡོངས་པ་ན་གཅིག་པུར་བཞུགས་འདུག་པས་དད་པ་ལྷག་པར་སྐྱེས་ཤིང་དེ་དུས་ཨོ་རྒྱན་ཆེན་པོ་དངོས་སུ་ཞལ་གཟིགས་ནས་ཟབ་ཆོས་མང་པོ་གསུངས་པར་གདའ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་སོགས་ལ་དྲག་པོ་རྩལ་གྱི་བྱིན་རླབས་ཐུགས་དབང་དང་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་སོགས་སྩལ། མཁྱེན་བརྩེའི་ཞབས་ཀྱིས་དྲུང་ཡིག་མཛད་ནས་བདེ་ཆེན་དག་(༩༣བ)


GLG009_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་མར་གྲགས་པའི་ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་ཚིག་དོན་ཕུན་སུམ་ཚོགས་པ་དེ་ཡང་མཛད། མྱུག་རྒྱལ་ཁང་དུ་ཞག་ལྔ་ཙམ་བཞུགས་ནས་འདར་དུ་ཕེབས། རྣམ་རྒྱལ་ཆོས་རྫོང་དུ་མགོན་ཁང་གསར་དུ་མཛད་ནས་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་སྐུ་བྱིས་པ་ལོ་བཅུ་དྲུག་འགྲོ་བའི་ཚད། ཡུམ་ཆེན། ལ་མོ། ཞལ་བྲམ་གཟུགས་གསུམ་ཁྲུ་ཕྱེད་དོ། རྟག་གཏོར་མགོན་པོ་ཆེ་ཆུང་ལས་མཁན་བཅས་མཚན་ཉིད་དང་ལྡན་པའི་འཛིན་གཏོར་སྤྱན་གཟིགས། ཐོག་ཏུ་མན་ངག་ལས་བྱུང་བའི་རུ་མཚོན་བཙུགས། སྐུ་བརྙན་རྣམས་དམ་པའི་ཤོག་དྲིལ་ཞལ་ཤེས་མས་བརྒྱན་པའི་རབ་གནས་ཞག་བདུན་མས་འོག་མིན་གྱི་གནས་ནས་མགོན་པོ་དངོས་སུ་བྱོན་པའི་གཟི་བྱིན་གྱི་འཕྲིན་ལས་རྣམ་བཞི་ཐོགས་པ་མེད་པར་སྒྲུབ་པའི་སྐུ་རྣམས་དུས་ཕྱིས་སྡེ་སྲིད་གཙང་པས་རྫོང་བཤིག་ནས་གཞིས་ཀར་སྤོས། དེ་ནས་ཀྱང་འཕོས་ཏེ་དེང་སང་ས་སྐྱའི་ཁྱད་འཕགས་མགོན་ཁང་དུ་བཞུགས་པར་སྣང་།རྔ་ཡབ་གླིང་གི་མགོན་སོགས་འདྲེན་པ་དང་། །ཡི་དམ་སྲུང་མའི་ཟློས་གར་གང་ཐུགས་ཤེལ། །དག་པའི་ཚོན་རིས་དབང་གཞུ་ལྟར་བཀྲ་བ། །བུར་ཤིང་དངར་བའི་རོ་བཞིན་དབྱེ་ནུས་མིན། །སྐྱེ་མང་རྗེས་བཟུང་ཐུགས་སྲས་གནས་གསར་བར། །གཉིས་སྤངས་བླ་མའི་གདམས་པ་ཡོངས་གཏོད་པའི། །རྟེན་འབྲེལ་ཞིང་སྐྱོང་དབང་པོས་ཏེ་སེ་ནས། །དམར་ཟླུམ་སྤྱན་གྱིས་གཟིགས་ཏེ་ཉེ་བར་བསྒྲིགས། །གཡང་སར་འཇིགས་བྲལ་བརྟུལ་ཞུགས་གཤོག་རླབས་ཀྱིས། །བརྒྱ་ཕྲག་ཆོ་འཕྲུལ་བསྟན་ཚེ་གོས་སེར་མིག །མཁའ་ལྡིང་ཞོན་པའི་ཁེངས་པ་ཡོངས་བོར་ནས། །རུས་སྦལ་གཟུགས་ཀྱིས་ས་ཆེན་(༩༤ན)


GLG009_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

འདེགས་པར་བརྫུ། །རབ་དཀར་ཆོས་འཁོར་གངས་རིའི་ཡང་རྩེ་ནས། །ཚད་མ་བཞི་ལྡན་འཇིགས་མེད་སེང་གེའི་གླུས། །ཤེས་རློམ་རི་དྭགས་སྤྱོད་མེད་ཐུན་མོང་གི །གདམས་པའི་རྩྭ་ཆུར་མགོ་བོ་བསྟད་དེ་ཉོལ། །འཁོར་ལོས་སྒྱུར་བའི་རིགས་བརྒྱུད་ལྷ་ཡི་སྲས། །སྟོང་ཕྲག་བྱུང་ལ་མང་པོར་འཛིན་བློ་ཆུངས། །མཁས་དང་གྲུབ་པའི་སློབ་བུ་གསེར་རིའི་སྦུབས། །ཤར་བའི་གྲངས་མེད་ཟླ་བ་འདི་ལ་ལྟོས། །ལེགས་ལྡན་དཔའ་བོ་ལྷ་མིན་དཔུང་ཚོགས་ལས། རྣམ་པར་རྒྱལ་བའི་གད་བརྒྱངས་སྒྲོག་པའི་གནས། །ཧ་ཧར་བཞད་པའི་དུར་ཁྲོད་རྒྱུ་བའི་སྟག །མཆེ་བའི་རྩེ་མོར་དགྲ་བོའི་དོན་སྙིང་འཁྲིག །གསོལ་འདེབས་ལས། བསྟན་སྲུང་མཆོག་རྣམས་ལས་ལ་བསྐུལ་བའི་ཚེ། །རུ་མཚོན་རྩེ་ལ་གྲི་གུག་འབར་བ་གཟིགས། །བཀའ་ཡི་སྤྲིངས་ཡིག་བི་ཧཱར་གཙུག་གིས་མཆོད། །དམ་ཅན་བྲན་དུ་འཁོལ་ལ་གསོལ་བ་འདེབས། །མུ་སྟེགས་འདུལ་བར་རྗེ་བཙུན་བཀས་བསྐུལ་ཞིང་། །རྣལ་འབྱོར་དབང་མོས་སྤྱན་འདྲེན་ཚུལ་བསྟན་ཀྱང་། །བསྟན་ལ་རྗེས་དགོངས་སྐུ་ཚེའི་འདུ་བྱེད་མཆོག །སླར་ཡང་བྱིན་གྱིས་བརླབས་ལ་གསོལ་བ་འདེབས། །དད་ལྡན་བཀའ་འབངས་མཆོག་གི་སྐྱེ་བ་གང་། །ལྕང་ལོ་ཅན་ནས་ཡོངས་པའི་གནོད་སྦྱིན་གྱིས། །དྲི་མེད་ནོར་བུའི་འོད་ཟེར་འཕྲེང་མཛེས་པ། །དྲིན་བསབ་མཆོད་པ་ཕུལ་ལ་གསོལ་བ་འདེབས། །ཞེས་པར་ཚིག་གིས་ཟིན་མི་ཟིན་སྣ་ཚོགས་པའི་ལོ་འདི་ནང་དུ་དབྱངས་ཅན་ལྷ་མོས་རྗེས་སུ་བཟུང་བའི་རྗེ་ཀླུ་སྒྲུབ་རྒྱ་མཚོ་ཞེས་ཤེས་བྱ་ཐམས་ཅད་ལ་མཁྱེན་པའི་སྤྱན་ཡངས་པ་དེ་ཉིད་ཞབས་ཀྱི་པདྨ་ལ་གཙུག་གི་ནོར་བུས་རེག་པར་བྱོན་ཏེ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་(༩༤བ)


GLG009_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བའི་ཟེར་གྱིས་རྣམ་པར་ཕྱེ་སྟེ་མི་འཕྲོགས་པའི་དད་པ་མཆོག་གི་ཀུནྡ་ཡོངས་སུ་བཞད་པ་ལ་བརྟེན་ལྕགས་མོ་ཕག་གི་ལོ་དཔྱིད་ཀྱི་དཔལ་མོའི་དགའ་སྟོན་དར་བའི་ཚེ་གསང་ཆེན་སློབ་བཤད་ཀྱི་སྔགས་གྲ་འདར་སྟོད་ཆོས་འཁོར་ཡང་རྩེར་མཁན་རིན་པོ་ཆེ་འཇམ་པའི་དབྱངས་བློ་གྲོས་རྣམ་རྒྱལ། ཐུགས་ཀྱི་སྲས་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་ཀླུ་སྒྲུབ་རྒྱ་མཚོ། རྗེ་རབ་བརྟན་པ་སོགས་སྐལ་ལྡན་གྱི་གདུལ་བྱ་ཁ་ཤས་ལ་ཚེ་གཅིག་ལ་འདུས་པ་རྣམ་གསུམ་གྱི་འཕྲང་བརྒལ་ཏེ་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཆེན་པོར་བགྲོད་པའི་ངེས་ལམ་ཟབ་མོ་སྙན་བརྒྱུད་ཚད་མ་བཞི་དང་འབྲེལ་བའི་གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱི་དབང་བྱིན་རླབས་འཁྲིད་ལུང་མན་ངག་མཐའ་དག་རྫོགས་པར་གནང་། གསུང་རྒྱུན་ཉམས་པ་མེད་པའི་ལམ་འབྲས་ཀྱི་འཁྲིད་ཡིག་ཆེན་མོའང་ཟིན་བྲིས་མཛད་ནས་སྤྱན་ལམ་དུ་ཕབ་པས་ངའི་གསུང་ངག་སློབ་བཤད་ཀྱི་བཀའ་ཁྱེད་ལ་བབས་སློབ་མའི་ཚིལ་བུ་ལྟ་བུ་ཡིན་ཞེས་དགྱེས་རྩེར་སོན། ཞལ་སློབ་ཀྱི་ནང་ནས་ཀུན་མཁྱེན་མཁྱེན་བརྩེ་གོང་དུ་ཕུད་པའི་རྗེ་བཙུན་བོད་མཁར་པ། མཁན་ཆེན་གཞོན་ནུ་བློ་གྲོས། རྗེ་འདི་གསུམ་འགྲན་གྱི་ཟླ་མེད་དུ་མངོན་ཞིང་། ཁྱད་པར་ཀུན་མཁྱེན་ཀླུ་སྒྲུབ་པའི་གསུང་ལས་སྐྱེས་པའི་བཤེས་གཉེན་པཎ་ཆེན་ངག་དབང་ཆོས་གྲགས། འཇམ་དབྱངས་དགའ་བའི་བཤེས་གཉེན་སོགས་མཁས་གྲུབ་མང་དུ་བྱོན་ཞིང་། མཁན་ངག་དབང་ཆོས་གྲགས་ནས་རྩེ་གདོང་ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། ས་སྐྱ་ཁྲི་རིན་པོ་ཆེ། རྒྱལ་རྩེ་བདག་པོ་བྱམས་པ་ངག་དབང་བསོད་ནམས་རྒྱལ་མཚན་ཁུ་དབོན། བྱ་གཤོང་མཁན་ཆེན་མང་ཐོས་གྲགས་(༩༥ན)


GLG009_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམ་རྒྱལ། ཡངས་ཅན་མཁན་པོ་བྱམས་པ་བསོད་ནམས་མཐའ་ཡས། གཟིམས་ཤག་ཆོས་རྗེ་ངག་དབང་རྣམ་རྒྱལ་སོགས་མཐའ་ཀླས་པ་བྱོན་ཏེ་རུ་ལག་སྟོད་ཀྱི་འཛིན་མར་ཁའུ་བྲག་རྫོང་པའི་རིང་ལུགས་གདུགས་དཀར་པོ་གཅིག་གིས་མངོན་པར་ཁྱབ་པའི་འཕྲིན་ལས་ཀྱི་འཇུག་པ་མཆོག་ཏུ་ཡངས། རྗེ་འདི་ཉིད་ཀྱི་བསླབ་སྟོན་ལྟར་ཀླུ་སྒྲུབ་རྗེས་གཞི་བསྙེན་མཛད་པར་གེགས་ཀྱི་རྣམ་པ་ཅུང་ཟད་བྱུང་བའི་ཚེ་ཞུ་ཡིག་ཕུལ་བའི་ལན་འདི་ལྟ་སྟེ།ཨོཾ་སྭསྟི། དཔལ་བརྒྱུད་པ་ཀུན་འདུས་རིགས་བརྒྱའི་མགོན། །ཕ་དངོས་གྲུབ་འབྱུང་གནས་ཡིད་བཞིན་ནོར། །རྗེ་དྲན་པས་གདུང་སེལ་རྡོ་རིང་པ། །བུ་སྣོད་ལྡན་གྱི་རྒྱུད་ལ་བྱིན་གྱིས་རློབས། ཁྱེད་དལ་འབྱོར་རྟེན་མཆོག་ལེགས་པར་ཐོབ། །ཕྱི་ཐོས་བསམ་གྱི་སྒྲོ་འདོགས་རྒྱ་ཆེར་བཅད། །ཡོངས་ལས་འཕྲོ་དང་བརྩོན་འགྲུས་གཉིས་སུ་འཛོམ། །ལམ་རྡོ་རྗེ་ཐེག་པའི་ཡང་བཅུད་ཐོབ། །དུས་དེང་སང་བསམ་གཏན་གྱི་ཁང་བུ་ན། །ལུས་ཟབ་གསལ་ལྷ་རུ་ལམ་མེ་བསྒོམ། །ངག་རྡོ་རྗེའི་སྔགས་སུ་དིར་རི་སྒྲོག །སེམས་བདེ་ཆེན་གྱི་ངང་དུ་ཆམ་མེ་བ། །ཆོས་འདི་འདྲའི་ཉམས་ལེན་ཤེས་ཙ་ན། །རྟེན་དལ་འབྱོར་ལ་སྙིང་པོ་ལོངས་པ་ཡིན། །མ་འགྲོ་བའི་དྲིན་ལན་ལོན་པ་ཡིན། །བུ་མཁས་པའི་ཐུགས་ལ་དེ་ལྟར་ཞོག །སེམས་དགའ་བ་སྤྲོ་བ་རྒྱ་ཆེར་སྐྱེད། །ཡང་དར་ཅིག་ཐུགས་ལ་འདི་ལྟར་ཞོག །རྗེ་བླ་མ་སྤྱི་གཙུག་ན་འདུ་འབྲལ་མེད། །ཆོས་ཅི་གནང་རང་སེམས་དག་པའི་འཁྲུལ། །དེ་རིམ་གཉིས་ལམ་དུ་འཁྱེར་ཚུལ་ཤེས། །ད་གང་ལྟར་བྱས་ཀྱང་བདེ་བ་ཡིན། །ཞེས་ཚིགས་སུ་བཅད་པས་མདོར་བསྡུས་ཏེ་གདམས་ནས་(༩༥བ)


GLG009_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ཀྱི་རྣམ་པས་ཁམས་འདུས་པ་སྒྱིད་ལུག་པ་ཏིང་ངེ་འཛིན་མི་གསལ་བ་སྙམ་བྱེད་པ་སོགས་སྐབས་འགར་འབྱུང་བ་ནི་རྡོ་རྗེ་ཐེག་པའི་ལམ་གྱི་བོགས་ཡིན་པས་ལྟ་བ་གསལ་སྟོང་ཟུང་འཇུག་ལས་མ་གཡོས་པར་གནང་བ་ཞུ། ཞེས་པ་གནང་བ་ལ་བརྟེན་ནས་བགེགས་ཀྱི་འཆིང་བ་མཐའ་དག་ནམ་མཁའ་ལ་སྦྲུལ་མདུད་བཞིན་གྲོལ། མཁས་གྲུབ་ཆེན་པོ་འདི་ཉིད་ལ་མཁའ་སྤྱོད་སྐོར་གསུམ། དམར་ཆེན་སྐོར་གསུམ་སོགས་ཀླུ་པའི་གསེར་ཆོས་བཅུ་བཞི། རྡོ་རྗེ་ནག་པོ་གུར་གྱི་མགོན་པོ། དཔལ་མགོན་སྟོབས་འཕྲོག་དབང་པོ་སོགས་ཀྱི་ཆོས་སྐོར་ཐུན་མོང་དང་ཐུན་མོང་མ་ཡིན་པ། གཤེད་དམར་སྤྲོས་མེད། བཀའ་གདམས་སོགས་བསྟན་པ་སྤྱི་བྱེ་བྲག་གི་ཟབ་རྒྱས་ཆོས་ཀྱི་བདུད་རྩིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གང་བར་མཛད་དོ། །ལན་ཅིག་ཤར་ཕྱོགས་སུ་དགག་དགོས་ཆེ་བ་ཞིག་ལ་ཕེབས་པའི་སྟ་གོན་གྱི་ཚེ་གྲང་མོ་ཆེའི་མགོན་ཁང་གི་རུ་མཚོན་རྣམས་ལ་བཀའ་བསྒོ་འཕྲིན་བཅོལ་མཛད་པའི་དུས་གཟིགས་སྣང་ལ་དེའི་ཐད་ཀྱི་ནམ་མཁར་རྡོ་རྗེ་སྲིན་པོ་སྐུ་ཤིན་ཏུ་ཆེ་བ་ཞིག་གིས་ཕྱག་གཡས་ཀྱིས་གྲི་གུག་སྒོ་ཚད་ཙམ་འཆར་སྟབས་སུ་བཟུང་བར་མེ་ལྕེ་ཚ་ཞིང་རྩུབ་པའི་ཚ་ཚ་ཕྱོགས་བཅུར་འཕྲོ་བ་གསལ་བར་གཟིགས་ཤིང་། དེར་མ་ཟད་གཉན་མགོན་ཆེན་པོ་དང་ཕོ་ཉ་ལས་མཁན་རྣམས་ཀྱིས་ལོག་པར་འཁུ་བའི་དཔུང་ཚོགས་རྣམས་ཕྱེ་མ་ལེབ་དང་མེ་ལྕེའི་ཚུལ་བཞིན་རྡུལ་དུ་བརླག་པའི་གཟིགས་སྣང་ཅི་ཡང་བྱུང་བར་མངོན། གཙུག་ལག་ཁང་བསྲུང་བའི་རྒྱལ་པོ་ལི་བྱིན་ཧ་ར་སོགས་སྣང་སྲིད་ཀྱི་དྲེགས་པ་ཅན་མང་པོར་བཀའ་རྟགས་ཀྱི་སྤྲིངས་ཡིག་སྩལ་བ་དག་ཀྱང་གཙུག་ཏོར་གྱི་རྩེ་མོར་འགོད་ཅིང་དམ་ལས་མི་འདའ་བས་(༩༦ན)


GLG009_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་ཚུལ་བཞིན་དུ་སྒྲུབ་པ་མང་ལ། དེ་བས་ཆེས་ལྷག་པ་རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱང་བྲན་དུ་འཁོལ་ཏེ་ཇི་ལྟར་བསྒོ་བ་ལྷུར་ལེན་པས། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་ཞབས་ཀྱིས་མཛད་པའི་བསྟོད་པར། གུར་གྱི་མགོན་པོ་དཔའ་བོ་བྲམ་ཟེའི་གཟུགས། །འཆི་བདག་དབང་ཕྱུག་གིང་ལྔ་གཟའ་གདོང་སོགས། །དམ་ཅན་རྒྱ་མཚོ་མངོན་སུམ་བྲན་དུ་འཁོལ། །མཐུ་སྟོབས་ནུས་པའི་གཏེར་ལ་གསོལ་བ་འདེབས། །ཞེས་བྱུང་བས་ཀྱང་ཤེས་ནུས། དེ་ཡང་ཀུན་སྤངས་རིན་པོ་ཆེས་ཁྱེད་ལ་མཁའ་སྤྱོད་མའི་བྱིན་རླབས་བྱས་རེས་ཀྱིས་ལྟས་ཡ་མཚན་པ་རེ་ཡོང་གིན་འདུག་པས་མཁའ་སྤྱོད་དུ་མྱུར་བར་འཁྲིད་ཉེན་ཡོད་ཚུལ་ཚེ་སྒྲུབ་ལ་ནན་ཏན་སྐྱེད་མཛོད་སྐུ་ཚེ་རིང་པ་བྱུང་ན་བསྟན་པ་དང་སེམས་ཅན་ལ་ཕན་ཞིང་མཐུ་སྟོབས་ཆེན་པོ་ཡོང་བའི་ལུང་བསྟན་ལྟར་སྔ་གོང་ཞིག་གཟིགས་སྣང་ལ་སྐས་རིང་པོ་བཙུགས་པ་ལ་བུད་མེད་མདའ་དར་ཁྱེར་བ་གསུམ་བབས་བྱུང་ནས་ཁྱེད་གདན་འདྲེན་ལ་ཡོངས་ཟེར་བར་ད་ལྟ་ང་ལ་ཕ་མའང་ཡོད་པས་མི་འགྲོ་གསུངས་པར་བུད་མེད་དེ་རྣམས་ལོག་སོང་། གྲང་མོ་ཆེར་བཞུགས་སྐབས་ཤིག་འོད་གསལ་གྱི་ངང་དུ་རྗེ་བཙུན་རྡོ་རིང་པ་ཆེན་པོ་བྱོན་ཏེ་ད་ལྟ་རྒྱ་གར་ལྷོ་ཕྱོགས་ན་མུ་སྟེགས་ཀྱི་རྒྱལ་པོ་སྟོབས་ཆེ་བ་ཞིག་ཡོད་པས་དེ་འདུལ་དུ་ཁྱེད་འགྲོ་དགོས་པ་འདུག་གསུངས་པར་བརྟེན་ཞག་འགའི་བར་བླ་མ་ལ་གསོལ་བ་འདེབས་པ་མཛད་པ་ན་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་སྐུ་དྲུང་དུ་བཞུགས་པའི་ནུབ་ཅིག་དག་སྣང་དུ་ནམ་མཁའ་ནས་མཐོངས་ཁུང་ལྟ་བུ་སྐྱ་ཤར་རེ་བ་ནས་རུས་པའི་སྐས་བཙུགས་པར་བུ་མོ་དམར་མོ་ལོ་བརྒྱད་ཙམ་ལོན་པར་རུས་རྒྱན་ཆབ་བེ་བ་བཏགས་པ་ཞིག་རྒྱབ་འབབ་(༩༦བ)


GLG009_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བྱུང་ནས་རྗེ་བཙུན་རྡོ་རིང་པ་ཆེན་པོས་ཁྱོད་འབོད་དུ་བཏང་བ་ཡིན་འགྲོའམ་མི་འགྲོ་ཟེར་བ་ལ་ཐུགས་མི་སྤྲོ་བའི་རྣམ་པས་ལམ་འབྲས་བཤད་འཕྲོ་ཡང་ཡོད་གསུངས་པས་སྐས་དེ་ལ་རྒྱབ་འཛེགས་ཀྱིས་ལོག་སོང་རྗེས་སྐས་བསྡུས་ཤིང་མཐོངས་ཁུང་མི་སྣང་བ་བྱུང་ན་ཡང་ལྟས་དེ་དག་དང་རྡོ་རྗེ་བཙུན་མོས་མཁའ་སྤྱོད་དུ་གཤེགས་པར་བསྐུལ་བས་ཞིང་ཁམས་འཕོའམ་དགོངས་པའི་ཐུགས་སོམ་ཉིར་གྱུར་པའི་ཚེ། རེ་ཞིག་ལོན་པ་ན་ཀུན་སྤངས་རིན་པོ་ཆེ་འོད་གསལ་གྱི་ངང་དུ་ཕེབས་ནས་མུ་སྟེགས་པའི་རྒྱལ་པོ་རྒན་པ་དེ་ཤི་བས་གཞོན་པ་དང་ཁྱེད་ལས་འབྲེལ་མི་འདུག་ད་ལམ་གཞན་ཞིག་བཏང་ཡོང་སྐོར་ཞིག་འབྱོན་མི་དགོས་འདུག་གསུངས་པར་སྣང་ཞིང་། སྐལ་ལྡན་གྱི་སློབ་མ་མང་པོས་ཡུན་རིང་པོར་བཞུགས་པའི་རྟེན་འབྲེལ་གྱི་སྒོ་སྒྲིག་པའི་གསོལ་བཏབ་དང་། རྗེ་བཙུན་ཨ་བ་དྷཱུ་ཏཱི་པའི་བསླབ་བྱའི་གསུང་རྣམས་ཐུགས་ཀྱིས་དྲན་ཏེ་ཁ་བ་རི་པ་རྣམས་ཀྱི་བསྟན་འགྲོའི་ཆེད་དུ་སྐུ་ཚེ་བྱིན་གྱིས་བརླབས་པ་ནི། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལས། དེ་བཞིན་གཤེགས་པའི་སྐུ་ནི་རྡོ་རྗེའི་སྐུ་ཡིན་ཏེ། དེང་ཕྱིན་ཆད་ཁྱོད་ཀྱིས་དོན་འདི་རྩེ་གཅིག་པའི་སེམས་ཀྱིས་ཡིད་ལ་བྱ་ཡིས། ཟག་བཅས་ཀྱི་སྐུར་ནི་མི་བསམ་མོ། །ཞེས་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་པ་ཐམས་ཅད་ཀྱི་ངང་ཚུལ་ཡིན་ཞིང་གདུལ་བྱ་སོ་སོའི་ལས་སྣང་གི་དབང་གིས་མཐོང་ཚུལ་སྣ་ཚོགས་འབྱུང་བ་ནི། མྱང་འདས་རྒྱ་གར་འགྱུར་ལས། རེས་འགའ་ནི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་གྲོངས་སོ་སྙམ་དུ་ཡང་དག་པར་ཤེས་མོད་ཀྱི། དེ་བཞིན་གཤེགས་པ་ནི་དུས་ཐམས་ཅད་དུ་རྟག་པ་དང་བརྟན་པ་དང་ཐེར་ཟུག་པ་ཡིན་ཏེ། ཞེས་འབྱུང་བ་ལྟར་རོ། །(༩༧ན)


GLG009_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་བདག་པོས་རྗེས་སུ་བཟུང་བའི་འ་ཞ་ནམ་མཁའི་མཚན་ཅན་སྦྱིན་བདག་གི་གཙོ་བོ་ཐུགས་དད་ཤིན་ཏུ་ཆེ་བའི་ཁར་གཤེགས་པར་སྔོན་དུ་ཕྱོགས་ཚེ་སྐྱབས་འཇུག་གི་གསོལ་འདེབས་ནན་ཏན་དུ་མཛད་པས་ཐུགས་རྗེའི་རྒྱུད་བསྐུལ་བའི་མཐུས་མཚན་བཅས་མཚན་མེད་ཀྱི་སྐྱབས་འཇུག་ཆེད་དུ་བསྟད་པ་རྒྱུན་མར་གནང་ཞིང་། རྗེ་བཙུན་རྡོ་རིང་པོ་ཆེན་པོས་རྗེ་ཉིད་ལ་བལྟོས་པ་ཐམས་ཅད་རྗེས་སུ་འཛིན་པའི་ཞལ་བཞེས་ཡོད་པ་བཞིན་ཐུགས་ཡུས་པའི་རྣམ་པས་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ན། ཐུགས་དམ་འོད་གསལ་ཞིག་ལ་རྗེ་བཙུན་གཉིས་སྤངས་ཞབས་བྱོན་ནས་གནས་གསར་བའི་སྡེ་པ་ཁོང་བདག་ཆེན་རྡོ་རྗེ་འཆང་ཡབ་སྲས་ཀྱི་བསྟན་པ་སྟོབས་ཀྱིས་འཛིན་པའི་སྦྱིན་བདག་ཁྱད་པར་ཅན་ཡིན་གཤིས་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ཀྱང་ལུས་དང་གྲིབ་མ་བཞིན་འགྲོགས་ནས་གྲོགས་བྱེད་ཀྱིན་འདུག །འོན་ཀྱང་སྔོན་གྱི་ལས་ཤུགས་ཤིག་གིས་རྒྱ་ནག་གི་མཐའ་འཁོབ་ཏུ་རུ་དྲ་མོ་ཞིག་གི་མངལ་དུ་ཟླ་བ་བདུན་ཙམ་གནས་རྗེས་མ་དེ་ཆོས་སྐྱོང་རྣམས་ཀྱིས་བསྒྲལ་ནས་ཕྱག་ན་རྡོ་རྗེའི་དྲུང་དུ་སྐྱེ་བ་བླངས་ཏེ་དོན་འགྲུབ་པར་མཆིས་མོད། ཁྱེད་ཀྱིས་འབད་རྩོལ་མཛད་ན་ཡུན་ཐུང་ངུ་ཞིག་གིས་ཆོག་པ་འདྲ་གང་ལྟར་དོ་ནུབ་མཇལ་བར་འོང་གསུངས་པ་བཞིན་ཆེད་དུ་ཐུགས་འདུན་བསྟང་པས་ཚེས་བཅོ་ལྔའི་ནུབ་ཨཱ་ཙཪྻ་འདྲས་བརྟེན་ནས་སྡེ་པ་སྔོན་དུས་ཀྱི་སྲིད་པའི་ཆ་བྱད་བཞིན་བྱུང་སྟེ། ཁོ་བོ་ཚེ་འཕོས་རུང་བླ་མ་རྣམས་ཀྱི་ཐུགས་རྗེ་དང་གྲོགས་ཨཱ་ཙཪྻ་འདི་རྣམས་ཀྱིས་བྱས་པས་རྒྱལ་ཁ་བྱུང་། ད་ལྟ་ལྷའི་སྒོམ་བཟླས་དང་གཏོར་བསྔོས་ཀྱང་མ་ཆག་ཕྱག་རྡོར་གྱི་གསལ་འདེབས་ཤིག་དགོས་ཞུ་བ་ལྟར་ཕྱག་འཁྲིད་མཛད། (༩༧བ)


GLG009_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞག་གསུམ་གྱི་རིང་གསང་བདག་གི་དཀྱིལ་འཁོར་དུ་བཅུག་སྟེ་མཚན་བྱང་ལ་དབང་བསྐུར་ལམ་སྟོན་མཛད་པས་ཞག་འགའ་ཞིག་སོང་བ་ན་འབྲུག་གི་སྒྲ་སྙན་པོ་བྱུང་བའི་རྐྱེན་གྱིས་གཟིགས་པའི་ཚེ་ནོར་བུ་མིག་གསུམ་པ་འོད་ཟེར་འཕྲོ་བས་གཟིམས་ཆུང་གི་ནང་གང་བ་བྱུང་བས་སྡེ་པ་དེ་གནོད་སྦྱིན་བདེ་ལྡན་འོད་ཟེར་ཞེས་འབྲུག་གི་བཞོན་པ་ཅན་གྱི་རྣམ་པར་ལྕང་ལོ་ཅན་དུ་སྐྱེས་ཏེ། དཔལ་གསང་བའི་བདག་པོས་རྗེས་སུ་བཟུང་བས་རྗེ་འདི་ཉིད་ལ་དྲིན་ལན་བསབ་པའི་ཆེད་དུ་ནོར་བུ་ཕུལ་བར་སྣང་། སྡེ་པ་གཤེགས་རྗེས་རྗེ་བླ་མ་བོ་དོང་ནས་མྱུག་ཏུ་ཕེབས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གཙོ་བོར་གྱུར་པའི་ཞལ་ངོ་རྣམས་དང་དོན་གཉེར་ཅན་ཉི་ཤུ་སྐོར་ལ་ནཱ་རོ་ཏ་པའི་སློབ་བཤད་ཀྱི་བྱིན་རླབས། རྩ་དབུ་མའི་ཉམས་འཁྲིད་ཟབ་མོ་དང་ཆོས་སྐོར་རྣམས་སྩལ། སེམས་ཉིད་གསལ་སྟོང་གསང་བའི་རྗེ་བཙུན་མ་གཅེར་མཐོང་དུ་ངོ་སྤྲད་པར་བརྟེན། མཁྱེན་བརྩེའི་གསུང་ལས། ཨ་ཧོ་རྒྱལ་ཡུམ་དབང་མོས་མངོན་སུམ་དུ། །དུ་མའི་སྐྱེ་བར་རྗེས་བཟུང་བླ་མ་མཆོག །མཆོག་འདིས་ཟབ་མོའི་ཉེ་ལམ་འདི་བསྟན་ཚེ། །ཚེ་འདིར་མཁའ་སྤྱོད་སྒྲུབ་ལ་ཐེ་ཚོམ་བྲལ། །ཞེས་གསུངས། རིམ་གྱིས་ཤངས་སྲེག་ཤིང་རིན་ཅེན་སྒང་གི་དགོན་པར་སྡེ་པ་གནས་གསར་བས་སྤྱན་དྲངས་པ་བཞིན་ཕེབས། དཔལ་ལྡན་ཆོས་སྐྱོང་གི་ཐུགས་བཅུད་འཇམ་དཔལ་དམར་པོའི་དབང་བྱིན་རླབས། ཟབ་ལམ་སྤྲོས་པ་མེད་པའི་ཉམས་འཁྲིད་ཟབ་མོ་ཤིན་ཏུ་སྨིན་པར་གནང་བས་མཁྱེན་བརྩེའི་གསུང་ལས། དཔེ་ནག་བལྟས་བའི་བཤད་ཡམས་ཙམ་མ་ཡིན་པར་ཐུགས་ཉམས་སུ་ཇི་ལྟར་མྱོང་བ་བཞིན་བསྟན་པས་སེམས་ཀྱི་སྒྲོ་འདོགས་ཐམས་ཅད་དེར་ཆོད། (༩༨ན)


GLG009_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

སླར་གྲུབ་ཐོབ་ཏུ་བཏགས་པའི་བླུན་པོ་འགའ་རེའི་རྐང་པ་ལ་གཏུག་དགོས་བསམས་པའི་བློ་རྩ་བ་ནས་བུད་ལམ་དང་ལམ་མིན་པའི་ཤན་ཆོད་པ་ཞིག་བྱུང་སྟེ། འཇམ་དཔལ་ཁྲོས་པ་དུས་དགྲའི་དབང་པོ་དེས། །འཇམ་པའི་དབྱངས་ཀྱིས་ཐུགས་བསྟན་འདི་བསྟེན་ཚེ། །འཇམ་དབྱངས་བཞད་པའི་དོན་དུ་ཁོ་བོས་རྟོགས། །འཇམ་དབྱངས་དངོས་སུ་བྱོན་ཀྱང་ཞུ་རྒྱུ་མེད། །ཅེས་གསུངས། རིམ་བཞིན་བསྟན་པའི་སྦྱིན་བདག་ཆེན་པོའི་ཐུགས་ངོ་དང་བསྟུན་འོ་ཡུག་སྡིངས་མར་ཕེབས་ཐུགས་སྲས་མཁྱེན་བརྩེའི་དབང་ཕྱུག་ལ་རྗེ་བཙུན་ཡབ་དང་ཐུན་མོང་བའི་རྩ་དབུ་མའི་འཁྲིད་སོགས་སྩལ། དེ་ནས་རྗེ་བླ་མས་ཀུན་མཁྱེན་མཁྱེན་བརྩེ་ལ་ད་ལོ་ཞ་ལུར་གནས་སྐོར་དང་སྦྲགས་ནས་བྱོན་བུ་ལུགས་ཀྱི་དབང་རྣམས་ཐོབ་ན་མ་ཐོབ་ན་མཛོད། ཆོས་ལུང་དུ་བཞུགས་མཁན་ཁྲི་ཁང་རྗེ་བཙུན་མ་རང་ཁུངས་དག་པས་དེར་ཞུ་བ་དང་རྣམ་སྲས་ཀྱི་དབྱངས་རོལ་འདྲ་ཡང་རྩད་གཅོད་དགོས་པའི་བསླབ་སྟོན་གནང་བ་ནི་ཡབ་སྲས་གཉིས་ཀ་ཞ་ལུའི་མཁན་ཐོག་ཏུ་ཕེབས་པའི་མངོན་མཁྱེན་དུ་མཆིས། རྗེ་འདི་ཉིད་དབུས་ནས་མགྱོགས་འཁོར་ཞིག་མཛད་ནས་ཁྲི་ཁང་དུ་ཕེབས་དུས་རྗེ་མཁྱེན་བརྩེའི་དབང་ཕྱུག་ལ་བདེ་མཆོག་ནག་པོ་པའི་དབང་དང་ཞལ་བཞི་པའི་གསང་འཁྲིད་གནང་། རྗེའི་དྲུང་ནས་ཀྱང་གསེར་དངུལ་སོགས་འབུལ་བ་སྟོབས་ཆེ་བ་བསྟར་རོ། །མང་ཐོས་ནོར་བུའི་གདེངས་ཅན་ཀླུ་ཡི་དབང་། །རིག་པ་སྲིད་སྒྲུབ་མདའ་བཞིན་རབ་དྲང་བས། །རྒྱ་ཆེན་གཞུང་བརྒྱ་སྨྲ་ལ་མཚོ་བྱུང་མ། །སྙིང་ཞུགས་མཁས་དེས་ཁྱོད་ཞབས་གཙུག་ཏུ་བསྟེན། །སློབ་བཤད་ཁྱབ་འཇུག་རྐང་ཏོག་སྣོད་ལྡན་གྱི། རྒྱལ་མཚན་(༩༨བ)


GLG009_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

རྩེར་བཀོད་དགའ་སྟོན་ལ་རོལ་ཀྱང་། །ཐུན་མོང་རྗེས་འབངས་ལྷ་མིན་དོགས་བྲལ་བ། །སྐལ་ལྡན་ཤིང་རྟ་གཉིས་པ་ས་འདིར་སྣང་། ཁྲག་འཐུང་གར་ལ་བཞེངས་པའི་ཞབས་སེན་རྡུལ། །མ་མགོན་མཁའ་འགྲོའི་ཐོར་ཚུགས་རྩེར་འཛེགས་ནས། །བཀའ་རྟགས་རི་མོ་སྡེ་བརྒྱད་གཙུག་འཆར་བ། །རྒྱལ་ཕྲན་འཁོར་སྒྱུར་ལུང་གི་རྗེས་འགྲོ་བཞིན། །འཆི་མེད་ཚེ་བྱིན་བརླབས་པ་གཞོམ་བྲལ་སྐུས། །གསང་བདག་རིག་པ་འཛིན་པ་ནམ་མཁའི་མཚན། །མཁའ་ལ་མཁའ་ཡི་སྦྱོར་བ་ཇི་བཞིན་དུ། །ལག་ན་རྡོ་རྗེའི་འཁོར་ལོར་སྨིན་ཅིང་གྲོལ། །གསོལ་འདེབས་ལས། འདྲེན་པ་མཆོག་གིས་སྔོན་ནས་ལུང་བསྟན་ཅིང་། །ཆོས་སྐྱོང་ལྷ་མོས་གུས་པས་སྤྱན་དྲངས་ཏེ། །དཔལ་ལྡན་ཞ་ལུའི་ཆོས་ཀྱི་གདན་ཁྲི་ལ། །ཞབས་པད་མཛེས་པར་བཀོད་ལ་གསོལ་བ་འདེབས། །དཔལ་ཕུག་རྣམ་པར་གྲོལ་བའི་ཕོ་བྲང་དུ། །སློབ་བཤད་ཟབ་མོའི་ཆོས་ཀྱི་འཁོར་ལོ་བསྐོར། །མཁས་གྲུབ་སློབ་མས་ས་གསུམ་ཀུན་ཁྱབ་སྟེ། །བསྟན་པ་ཉིན་མོར་མཛད་ལ་གསོལ་བ་འདེབས། །ཞེས་སྔར་མཁྱེན་རབ་རིན་པོ་ཆེས་རྗེ་བཙུན་རྡོ་རིང་པ་ཆེན་པོར་ཞ་ལུའི་གདན་ས་མཛད་པ་འཆར་ཤས་ཁ་བས་ངེད་ཀྱི་ཚ་བོ་འདི་ལའང་མགོ་འདོན་ལེགས་པོ་མཛོད་གསུང་བར་བདག་དེ་འདྲ་མི་བྱེད་ཞུས་པས་ཁྱེད་མི་མཛད་ན་ཉིད་ཀྱི་གྲ་པ་ཞིག་ལ་ངེས་པར་འོང་གསུངས་པར་བརྟེན། རྡོ་རིང་རིན་པོ་ཆེས་སྔར་གྱི་ལོ་རྒྱུས་དང་བཅས་བྲག་དཀར་སེམས་དཔའ་ཆེན་པོར་ཁྱེད་མཁན་པོ་མཛད་དགོས་པ་ཡོང་ཤས་ཆེ་གསུངས་པའི་ལན་དུ་བདག་གིས་ཡོང་ཡང་མི་ཡོང་བྱེད་ཀྱང་མི་བྱེད་ཞུས་པས་དེས་ན་ཆོས་རྗེ་ཚར་པས་མཛད་འགྲོ་ཉེན་ཆེ་གསུངས་པ་དང་། (༩༩ན)


GLG009_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མཚུངས་རྗེ་ཉིད་ཀྱིས་རྒྱལ་ཡུམ་ཚུལ་ཁྲིམས་བཟང་མོ་མཇལ་བར་ཕེབས་དུས་ཁྱེད་ལ་འདི་མཁོ་བའི་དུས་ཤིག་འོང་ཅིས་ཀྱང་གསན་མཛོད་ཅེས་ལྷ་མོ་རྡོ་རྗེ་རབ་བརྟན་མའི་རྗེས་གནང་ལུང་རྣམས་རྫོགས་པར་སྩལ་བའི་བླ་མ་གཉིས་ཀྱི་ལུང་བསྟན་དུས་བབས་དང་། བུ་སྟོན་རིན་པོ་ཆེ་སླར་ཡང་རང་བསྟན་ལ་བསམས་བཞིན་སྐྱེ་བ་བཞེས་པའི་སྨོན་ལམ་གྱི་མཐུ་བརྟས་ཏེ་ཞ་ལུའི་ཆེན་སློབ་ཐམས་ཅད་མགྲིན་གཅིག་དབྱངས་གཅིག་པའི་ཚུལ་གྱིས་མཁན་པོའི་གསོལ་འདེབས་ལ་ཡོང་བའི་སྔོན་དུ་ནུབ་ཅིག་མནལ་དུ་སོང་ཚུལ་བསྟན་པའི་སྲོད་འཁོར་ལ་བུད་མེད་སྨུག་ནག་འཇིགས་སུ་རུང་བ་མཆེ་བ་གཙིགས་ཤིང་རལ་པ་དམར་སེར་རྟིང་པར་སླེབས་པ་ཞིག་བྱུང་ནས་ཁྱེད་ཀྱིས་ཞ་ལུའི་གདན་ས་མཛད་དགོས་ཟེར་བ་ཞིག་བྱུང་བ་དཔལ་ལྡན་མའི་ཆོ་འཕྲུལ་དུ་འདུག་ཅེས་ཞབས་འབྲིང་བ་འདྲ་ལ་གསུངས། ཐོ་རེངས་ཐོག་ཁ་ནས་རྗེ་ཉིད་ཀྱིས་ཞལ་ཤར་དུ་གཟིགས་ཏེ་དུང་དཀར་པོ་ཞིག་བུས་པ་སྐད་ཤིན་ཏུ་ཆེ་བ་བྱུང་། སང་ཉིན་ཕྱག་ཕྱི་རྣམས་ལ་དེ་རིང་སུ་བྱུང་ཡང་གཏམ་ཁ་མ་ལེན་སོ་མ་སོང་བ་ལས་མེད་ཕེབས་པར་ཅུང་ཟད་སོང་བ་ན་ཁང་རྙིང་སློབ་དཔོན་རྣམ་སྲས། རིན་སྤུངས་བྱམས་པ་བ་སོགས་ཞ་ལུའི་མཁན་པོར་ཕེབས་དགོས་པའི་སྙན་གསན་འབུལ་མི་རྣམས་སླེབས། རྒྱུ་མཚན་གསོལ་བར་ཞལ་གྱིས་མ་བཞེས་པའི་དེ་ནུབ་མནལ་ལམ་དུ་ཀུན་སྤངས་རྗེ་བཞུགས་གདན་དམའ་བ་ལ་ན་བཟའ་ཧྲུལ་ཞིང་ཞལ་མདངས་ངན་པ་ཞིག་བྱས་བཞུགས་ནས་ཁྱེད་ལ་ཞ་ལུའི་གདན་སའི་སྙན་གསན་བྱུང་ངམ་གསུང་བར་བྱུང་ཡང་ཁས་མ་བླངས་གསོལ་བར་སྐྱག་རེ་ལ་ཨ་ངས་ན་ནིང་ནས་ཁྱེད་ལ་བྱས་པ་མིན་པ་ཨེ་ཡིན་གསུང་བ་(༩༩བ)


GLG009_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་བསྟན་དུ་དགོངས་ནས་མཁན་པོའི་ཞལ་བཞེས་མཛད་པའི་མཚན་ལམ་དུ། རྡོ་རིང་རིན་པོ་ཆེ་སྐུ་མདངས་དང་ན་བཟའ་ལེགས་ཤིང་ཤིན་ཏུ་དགྱེས་པའི་སྟོན་པ་ཞིག་བྱུང་། དེ་ནས་སྲིན་པོ་ཞེས་པ་ཤིང་ཡོས་སོས་ཀྱི་དགའ་སྟོན་ལ་བབས་པ་འཕྲོད་སྦྱོར་དགེ་བའི་དུས་སྐྱ་རགས་ཀྱིས་ཆིབས་བསུ་དང་འདུས་ཚོགས་རྣམས་ཀྱིས་འཕན་གདུགས་རོལ་མོ་སོགས་མཆོད་པའི་ཡོ་བྱད་ཐོགས་པའི་སེར་སྦྲེང་། མཆོད་གར་གྱིས་སྣ་དྲངས་པས་མདུན་བསུས་དཔལ་ཞ་ལུ་གསེར་བཀང་གི་ཆོས་གྲ་ཆེན་པོ་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་བུ་སྟོན་རིན་པོ་ཆེའི་སེང་གེའི་ཁྲིར་ཕེབས། དེའི་ཚེ་ནམ་མཁའ་གཡའ་དག་པ་ལ་མེ་ཏོག་གི་ཆར་འདབ་མ་ལྔ་པས་མཚོན་ལྷ་རྣམས་ཀྱིས་མཆོད་པའི་ཆེད་དུ་ཕབ་ཅིང་། གན་སྤོས་ཀྱི་དྲི་འདྲ་རུང་བ་ལ་ཞིབ་ཏུ་བརྟགས་ན་སྔར་ཚོར་མ་མྱོང་བའི་དྲི་བསུང་གིས་ཁྱབ་པ་སོགས་ངོ་མཚར་བའི་ལྟས་ཕུན་སུམ་ཚོགས་པ་བྱུང་། སྔོན་མཐུ་ཆེན་གངས་པ་ཤཱཀ་འབུམ་གྱི་སློབ་མ་སྔགས་རྙིང་མ་བཀའ་གཏེར་ཐམས་ཅད་ལ་མཁས་ཤིང་གྲུབ་པ་བརྙེས་པའི་གཡུང་སྟོན་རྡོ་རྗེ་དཔལ་ཞེས་གོས་དཀར་ལྕང་ལོའི་འཕྲེང་བ་འཛིན་པའི་སྔགས་འཆང་ཆེན་པོ་དེས་ཕུང་པོ་རི་བོ་ཆེ་ནས་གཏུམ་མོ་དུབ་ཧྲུལ་མའམ། གསར་མ་བ་རྣམས་ཙ་མུཎྚིར་འབོད་པའི་ཞལ་བརྙན་མ་ཧེའི་གདོང་ཅན་ཞིག་གཏེར་ནས་བཞེས་པ་དང་ཆ་འདྲ་བའི་ཡབ་ཀྱི་ཞལ་འབག་ཅིག་ཀྱང་བཟློས་པའི་རྭ་ནང་དུ་ཐམས་ཅད་མཁྱེན་པ་བུ་སྟོན་ཆོས་རྗེས་གསོལ་ཟན་གྱི་ལྷག་ལ་གཤིན་རྗེ་ཕོ་བརྒྱད་མོ་བརྒྱད་ཀྱི་གཟུགས་བརྙན་ཕྱག་བཟོ་མཛད་པ་བཅུག་པས་བྱིན་རླབས་ཤིན་ཏུ་ཆེ་བར་བྱུང་བ། ཡོས་ལོ་ཟླ་བ་བཅུ་གཉིས་པའི་དམར་ཆ་ལ་བསྟན་འགྲོའི་ཕན་བདེ་སྤེལ་བ་དང་(༡༠༠ན)


GLG009_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་སྦྱོར་ངན་པ་འཆང་བའི་གཟུགས་ཅན་གཟུགས་མེད་རྣམས་ཚར་གཅོད་པའི་ཆེད་དུ་མ་ཧེ་མཆོད་པའི་སྲོལ་བཙུགས། ཐོག་མར་དམ་བཞག་གནང་མཁན་ཆོས་རྗེ་ཐམས་ཅད་མཁྱེན་པ། ཞལ་བརྙན་བཞེས་པ་པོ་སྔགས་འཆང་གཡུང་གིས་མཛད་དེ་འཕྲིན་ལས་རྣམ་བཞི་ཐོགས་མེད་དུ་སྒྲུབ་པའི་དབུ་བཙུགས། དེ་ནས་མཁན་ཐོགས་མང་པོའི་བར་ལོ་སྐོར་རེར་འཆམ་པའི་སྲོལ་རྒྱུན་ཉམས་མེད་དུ་བྱུང་ནའང་བར་སྐབས་སུ་འཚུབ་ཀྱི་རྣམ་པས་ཤངས་མཚལ་ཤོར་བ་ཕྱག་ཞབས་རེངས་པ་རེ་གཉིས་བྱུང་བར་བརྟེན་ལ་ལས་དམོད་ནས་འཐོར་བ་ཙམ་ལས་བཀའ་བསྒོ་མ་མཛད་པས་ནུབ་པར་ཉེ་བའི་ལོ་སྐོར་གཅིག་གཉིས་མ་ཧེ་འཆམ་གྲའང་ཆག་པས་འཆམ་དགོས་པའི་ལྟས་སྣ་ཚོགས་བྱུང་བ་ནས་སྤྱིར་རྗེ་འདི་ཉིད་མཁས་གྲུབ་ཀྱི་སྙན་པ་ཆེ་བར་མ་ཟད་བྱེ་བྲག་མཐུ་སྟོབས་ཀྱི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་པའི་མཐུན་སྣང་གྲུབ་གཤིས་དེ་དུས་བུ་ལུགས་ཀྱི་ཆོས་རྒྱུན་སྒྲུབ་མཆོད་སོགས་བསྟན་པ་ཉམས་ཆེ་བ་གསོ་བ་དང་ལྷག་པར་མ་ཧེའི་བཀའ་བསྒོ་མཛད་དུ་རེ་བའི་སྔར་གྱི་རྒྱུན་རྣམས་དང་བཅས་བསྟན་པ་སྤྱི་བྱེ་བྲག་གི་འཕེལ་རྒྱས་དང་སྐྱེ་རྒུའི་བདེ་ཐབས་ལ་དགོངས་ཏེ། ཆོས་རྗེ་ཐམས་ཅད་མཁྱེན་པའི་གསང་བའི་ཆོས་སྐྱོང་ལས་ཀྱི་གཤིན་རྗེ་ལ་བཀའ་བསྒོ་བ་གནང་དགོས་ཞེས་ཞུས་པ་བཞིན་ཞལ་གྱིས་འཆེས། དབུས་གཙང་གི་སྡེ་བརྒྱད་གནས་ས་གཉན་པོ་མཐའ་དག་ཏུ་དུས་ཚེས་འདི་ལ་ཤོག་ཅིག་པའི་བརྡ་འགྲེམས་སུ་རླུང་སེམས་ལ་ནང་བྱན་ཆུད་པའི་རྟོགས་ལྡན་སྐད་གཏོང་རྫོང་བདའ་མཛད། དམ་པ་འདི་ཉིད་ལས་ཤུགས་དབང་ཐང་རིམ་གྲོ་སོགས་ལ་རེ་བ་དང་། འཕྲལ་དུ་ཟླ་སྦྲེལ་གྱི་བསྙེན་པ་ཙམ་(༡༠༠བ)


GLG009_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཕན་དུ་རེ་བའི་རིགས་མ་ཡིན་པར་དུས་དགྲའི་དབང་པོ་མ་ཧེའི་ཞལ་ཅན་གྱི་བསྐྱེད་རིམ་ལ་བརྟན་པ་ཐོབ། རྫོགས་རིམ་ཀློང་དུ་གྱུར། བསྙེན་སྒྲུབ་ཕ་མཐར་སོན་པས་འཇིགས་པ་དང་བྲལ་ནའང་གསང་སྔགས་ཕྱག་ལེན་གྱི་ཆེ་བ་མི་ནུབ་པའི་སླད་དུ་བདུན་གཉིས་ཀྱི་བར་ལྗགས་བསྙེན་ཁ་གསོ་མཛད་པའི་ཚེ་འོད་གསལ་དུ་འཆི་བདག་ཡབ་ཡུམ་ལ་གཤིན་རྗེ་ཕོ་བརྒྱད་མོ་བརྒྱད། ལྷ་སྲིན་དྲེགས་པའི་ཚོགས་ཀྱིས་བསྐོར་ནས་ཞ་ལུའི་རྡོ་གཅལ་དུ་སྟང་སྟབས་བྱེད་པ་ཤར། སྤྱི་སྒོས་སོ་སོ་ནས་གྲ་སྒྲིག་དགོས་པའི་རིགས་སྔར་སྲོལ་འཕྱུགས་མེད་ཡོང་བའི་ཞལ་ཏ་གནང་། དུས་དེར་སྤོ་ཡིག་གནང་བ་འདི་ལྟ་སྟེ། ཤྲཱི་མངྒུ་རུ་བཛྲ་བྷཻ་ར་ཝཱ་ཡ་ན་མཿ རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ཉིད་ནས་བཟུང་བུ་སྟོན་ཐམས་ཅད་མཁྱེན་པ་ཡབ་སྲས་ཀྱིས་གཙོ་མཛད་བདག་གི་བླ་མ་རྗེ་བཙུན་གཉིས་སྤངས་ཞབས་ཀྱི་བར་དུ་བྱོན་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ། ཁྲོ་བོའི་དབང་པོ་དཔལ་གཤིན་རྗེའི་གཤེད་ཀྱི་ལུང་། དཔལ་ཞ་ལུ་གསེར་བཀང་གི་གདན་ས་བཅུ་གསུམ་པ་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་དཔལ་དུས་དགྲ་ནག་པོ་མ་ཧེའི་ཞལ་གྱི་བརྟུལ་ཞུགས་གྲུབ་པའི་ཡི་གེ །སྲིད་པ་གསུམ་ན་གནས་ཤིང་རྒྱུ་བའི་འབྱུང་པོ་མི་མ་ཡིན་པ་རྣམས་ལ་ཟློ་བ། ཟླ་བ་འདིའི་ཉེར་གསུམ་གྱི་ཉིན་ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་འཇིགས་རུང་གཤིན་རྗེའི་གྲོང་ཁྱེར་ཆེན་པོ་ནས་དཔལ་གཤིན་རྗེའི་གཤེད་ཀྱི་བཀའ་སྡོད་ཆེན་པོ་འཆི་བདག་ལས་ཀྱི་གཤིན་རྗེ་ཡབ་ཡུམ་དང་འཁོར་ལས་ཀྱི་མ་གཤིན་ཕོ་མོ་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་བཅས་པ་སྤྱན་དྲངས། མཆོད་པ་དང་གཏོར་(༡༠༡ན)


GLG009_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་བསྟོད་པས་མཉེས་པར་བྱས། དམར་ཆེན་གྱི་ཨརྒྷཾ་དང་རྡོ་རྗེ་བདུད་རྩིའི་མནའ་ཆུ་བླུད། དམ་ཚིག་རྡོ་རྗེ་འབར་བས་དམ་ལ་བཞག་ཅིང་བཀའ་བསྒོས་ཏེ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། སྐྱེ་རྒུ་སེམས་ཅན་ཡོངས་ཀྱི་བདེ་སྐྱིད་འཕེལ་བར་བྱ་བའི་ཆེད་དང་ཁྱད་པར་ཆོས་གྲ་ཆེན་པོ་འདི་ཉིད་ཀྱིས་གཙོ་བྱས་དགེ་འདུན་གྱི་སྡེ་དང་རྣལ་འབྱོར་འཁོར་བཅས་བདེ་ཞིང་དམ་པའི་ཆོས་སྤྱོད་པའི་འཕྲིན་ལས་འཆོལ་བ་དང་། དེ་དག་ལ་གནོད་ཅིང་བར་དུ་གཅོད་པའི་མི་དང་མི་མ་ཡིན་པ་རྣམས་སྲུང་མ་དམ་ཚིག་ཅན་རྣམས་ཀྱིས་རང་རང་གི་ཁས་བླངས་དང་དམ་ཚིག་རྗེས་སུ་དྲན་པས་མཆོད་གཏོར་གྱིས་ཚིམ་པར་གྱིས་ལ་མཐུ་དང་ནུས་པ་སྟོབས་དང་རྫུ་འཕྲུལ་གང་ཡོད་ཀྱིས་བཅོལ་བའི་འཕྲིན་ལས་སྒྲུབས། འདིར་འདུས་ཤིང་ཚོགས་པའི་མི་རྣམས་ཀྱང་བསམ་སྦྱོར་དགེ་ཞིང་ཞི་བའི་སྒོ་ནས་ངོ་མཚར་གྱི་ལྟད་མོས་ཡིད་ཚིམ་པ་དང་མ་རུངས་པའི་ལས་བྱས་ན་འདི་ལྟ་བུའི་འཕྲིན་ལས་ཀྱི་སྒོ་ནས་ཚར་བཅད་འོང་སྙམ་པའི་སྐྲག་ཤེས་པར་གྱིས། གལ་སྲིད་ཁ་དྲག་ཤེད་ཁྱེར་མི་ཤ་ཁ་མཆུ་གསར་རྙིང་འབྲེལ་བུ་ལོན། གཏེས་གཏིང་འཛིན། སྤྱོད་ངན་གཤིས་ངན་གྱི་སྒོ་ནས་རྒྱ་འདྲེ་འཐབ་རྩོད། གཟིངས་རྐྱེན་བྱས་པ་བྱུང་ན་ཆོས་སྡེ་ཆེན་པོའི་སྤྱི་ས་ནས་ལུགས་གཉིས་དང་མཐུན་པའི་ཚར་གཅོད་ཕྱིས་ལམ་ཁེགས་པ་གཏོར་བ་དང་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ་རབ་ཏུ་ཁྲོས་པས་བཀའ་བསྒོས་ཏེ་གཏེས་པོ་སུ་ཡིན་པ་དེ་འཆི་བདག་གཤིན་རྗེ་ནག་པོའི་ཟས་སྐལ་དུ་སྟེར་བས་ངེས་པ་གྱིས། སོ་སོ་ཐ་དད་ནས་དྲན་འཛིན་དང་བག་ཡོད་ལ་གནས་པ་དགེ་(༡༠༡བ)


GLG009_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཞི་བ་གལ་ཆེ། མེ་ཕོ་འབྲུག་ལོ་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་ལ་དཔལ་ཞ་ལུ་གསེར་བཀང་གི་བླ་བྲང་ཆོས་དབྱིངས་བདེ་བ་ཆེན་པོའི་ཕོ་བྲང་ནས་བྲིས། ཞེས་ཟླ་བ་བཅུ་གཉིས་པའི་ཉེར་གསུམ་གྱི་ཉིན་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་བཞུགས་ཁྲིའི་སྟེང་དུ་ཕེབས་པའི་མཐའ་སྐོར་གྱི་ཁྱོན་ཀུན་སྐྱ་སེར་གྱི་ཁྲོམ་ཁྲི་ཕྲག་ཏུ་བརྒལ་བས་བསྐོར། ཞ་ལུ་ཆོས་སྡེ་པ་རྣམས་ཀྱིས་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་དབྱུ་གུ་དྲུག་ཅུ་རྩ་བཞིའི་ཆོ་ག །ལས་ཀྱི་གཤིན་རྗེར་མཆོད་བཤགས་བསྐང་མདོས་རྒྱས་པར་བསྟར། ལྷོ་ཕྱོགས་ན་ས་འོག་རིམ་པ་བདུན་གྱི་རྣམ་པའི་ཁང་པ་ནས་འཆི་བདག་ལས་ཀྱི་གཤིན་རྗེ་ཡབ་ཡུམ་ལ་འཁོར་ལྷ་སྲིན་སྡེ་བརྒྱད་ཀྱི་འབག་ཆས་གོས་ཀྱི་ཁ་དོག་རྣམ་པ་སྣ་ཚོགས་པ་འགྲོས་ཀྱི་རྐང་གྲངས་ཀྱི་ངེས་བཟུང་མེད་པའི་ཡིད་ལ་གང་ཤར་གྱི་འཆམས་སྟབས་དང་། ངག་ནས་ཀི་སྒྲ་བསོ་སྒྲ་སོགས་སྒྲ་སྣ་ཚོགས་སྒྲོག་པས་ཕལ་ཆེར་རྣམ་རྟོག་དང་ཡ་ང་བའི་གནས་སུ་འགོད་པའི་གཙོ་འཁོར་དེ་རྣམས་སྦུག་སིལ་རྔ་དུང་ཆེན་གྱིས་གཙོས་པའི་རོལ་མོ་གནམ་ས་འགས་པ་ལྟ་བུས་ཡར་སྤྱན་དྲངས་ཏེ་ཁྱམས་རར་འཁོར་ལུགས་སྔར་སྲོལ་ཇི་ལྟ་བ་ལ། རྗེ་བླ་མའི་དྲུང་དུ་ཁད་ཉེར་སླེབས་པའི་ཚེ་ཤེས་པ་རང་བཞིན་དུ་གནས་པའི་མིས་འབག་ཕོད་གྱོན་པར་ཁུ་འཁྲིས་ཡོང་དོན་མི་འདུག་རུང་ཞལ་བརྙན་གྱི་ཡེ་ཤེས་པའི་ནུས་པ་འཇུག་གི་ཡོད་པ་ཞིག་ཡིན་ནམ་རྗེའི་དྲུང་དུ་འགྲོ་བ་ལ་འཇིགས་པ་ལྟ་བུའི་འགྲོ་མ་ནུས་པར་ཚོ་འཐེན་བྱས་པའི་ངང་ནས་རིམ་གྱིས་འོངས་ཏེ་མགོ་བོས་བཏུད་པ་ན། འཇམ་དཔལ་དྲག་པོར་ཁྲོས་པའི་ང་རྒྱལ་དཔའ་གདེངས་ནང་དུ་ཤར་བའི་ཕྱི་རོལ་ཏུ་སྐུ་མདངས་དམར་སྨུག་ཏུ་འགྱུར། གདུང་ཤུགས་དྲག་(༡༠༢ན)


GLG009_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

པོས་རྩ་བརྒྱུད་བླ་མའི་མཚན་ནས་བརྗོད་པ་སོགས་བཀའ་བསྒོ་བའི་ཚིག་རྣམས་ཁྲོམ་པ་ཀུན་གྱི་རྣ་བའི་ཡུལ་དུ་ཐོས་པ་དང་ཆབས་ཅིག་པར་གཙུག་ཏུ་རྡོ་རྗེ་དང་ལྕེ་ཐོག་ཏུ་བདུད་རྩི་བཞག་ནས་བསྟན་འགྲོའི་ཕན་བདེ་སྤེལ་ཞིང་། གཟུགས་ཅན་དགྲ་དང་གཟུགས་མེད་ཀྱི་བགེགས་དཔུང་ཐམས་ཅད་ཚར་གཅོད་པ་སོགས་འཕྲིན་ལས་རྣམ་བཞི་སྒྲུབ་པའི་དམ་བསྒྲག་མཛད་པའི་ཚེ་ཡེ་ཤེས་ཀྱི་ཁྲོ་བོའི་གཟི་བྱིན་དང་སྡེ་བརྒྱད་ཀྱི་འཚུབ་ལྷོངས་ཀྱིས་དེར་འཁོད་ཐམས་ཅད་འཇིགས་ཤིང་སྐྱི་གཡའ་བར་གྱུར། བཀའ་བསྒོ་གྲུབ་མཚམས་ནང་དུ་འཁོད་པའི་དད་ལྡན་རྣམས་ནི་གངས་རི་ལ་ཟླ་བ་ཤར་བས་དཀར་བ་བཞིན་སྔར་བས་ཀྱང་གུས་པ་ཆེས་ཆེར་འཕེལ། ཀུན་མཁྱེན་བུ་སྟོན་ཞབས་དང་རྗེ་བཙུན་ཁའུ་པའི་རིང་ལུགས་ལ་སྙིང་ནས་སྨོད་ཅིང་འཚེ་བ་དག་འཆི་བདག་གཤིན་རྗེའི་དམར་ཟས་སུ་བསྟབ་སོང་སྙམ་པའི་ཡིད་ཁོང་དུ་ཆུད། བཟང་ངན་དང་བྲལ་བའི་བཏང་སྙོམས་ཅན་རྣམས་དང་ཚོད་བགམ་པར་བྱེད་པ་རྣམས་ནི་ཚར་པ་ཆོས་རྗེ་ཁོང་ལས་ཤུགས་ཀྱི་དབང་ཐང་དང་རྫས་བསོད་ཅན་མིན་འདུག་ཀྱང་ཡི་དམ་གྱི་ལྷའི་གནང་བ་ཐོབ་ཅིང་སྔགས་སྨྱོན་བགྲངས་པའི་ནུས་ཅན་ཞིག་གོ་ཞེས་ཅ་ཅོའི་སྒྲ་དིར་དིར་དུ་གླེངས། ལས་ཀྱི་གཤིན་རྗེའི་གཏོར་མ་བསྟན་དགྲ་གང་ཡོད་ཀྱི་ཕྱོགས་སུ་འཕངས་ཤིང་སྡེ་བརྒྱད་རྣམས་ཀྱང་དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་ཚོགས་ཀྱི་འཁོར་ལོས་ཚིམ་ནས་བཀའ་བཞིན་སྒྲུབ་པའི་ཡི་དམ་བརྟན་པོས་སོ་སོའི་གནས་སུ་དེངས་དངོས་གཞི་ཁྲོམ་མི་འཇམ་པ་སོགས་མ་བྱུང་ནའང་ཞག་ཁོངས་དེར་ཞ་ལུ་བར་ཤིན་ཏུ་གནག་པའི་བསྟན་དགྲ་ཞིག་ཁྲག་སྐྱུགས་པའི་(༡༠༢བ)


GLG009_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་གྱིས་དུས་ཀྱི་ཕོ་ཉའི་དབང་དུ་སོང་། རྣམ་སྲས་མཆོད་པ་སོགས་རྒྱས་པར་མཛད། མེ་འབྲུག་ལོ་ནག་པ་ཟླ་བར་ཀུན་མཁྱེན་མཁྱེན་བརྩེའི་ཞབས། ཁྱབ་བདག་བོད་མཁར་བ་ཆེན་པོ། མཁྱེན་རབ་ཆོས་རྗེའི་དབོན་པོ་སོགས་གྲ་པ་ཉིས་བརྒྱ་ལྷག་པ་ལ་འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དབང་ཆ་དགུ་ཙམ་དང་། སྤྲོས་མེད་ཀྱི་འཁྲིད་སོགས་སོ་སོའི་བློ་དང་འཚམ་པའི་དབང་རྗེས་གནང་ལུང་མན་ངག་རྒྱ་ཆེར་སྩལ། སྒྲུབ་མཆོད་ཆེན་མོའི་ཚོགས་དབུར་ཕེབས་པའི་གུང་གསེང་ཞིག་ལ་ཆོས་རྗེ་ཐམས་ཅད་མཁྱེན་པའི་སྐུ་འདྲའི་དྲུང་དུ་གཅིག་པུར་བཞུགས་ཏེ་གདུང་ཤུགས་དྲག་པོའི་གསོལ་འདེབས་མཛད་པས་སྐུ་དེ་གཟི་མདངས་ཇེ་ཆེར་རྒྱས་ཤིང་སྐུའི་ཆ་ཤས་ཐམས་ཅད་ལས་འོད་ཟེར་སྣ་ལྔ་འཕྲོས་ནས་བར་སྣང་ཁྱབ་པ་དང་སླར་ཚུར་འདུས་ལ་ལ་རྗེ་ཉིད་ཀྱི་སྐུ་ལ་ཐིམ། ལ་ལ་སྐུ་འདྲ་རང་ལ་ཐིམ་པའི་ཐུགས་ཉམས་ཤར། མི་རིང་བར་སྤྲུལ་སྐུ་བདེ་བསམ་པས་གཟིགས་སྣང་ཇི་ལྟར་བྱུང་བའི་སྐུ་ཞིག་ཀྱང་ཐུགས་དམ་རྟེན་ལ་བཞེང་དུ་བཅུག །རི་མཐིལ་གྱི་སྒྲིགས་ཀུན་སྤྱོད་སྒྲུབ་མཆོད་ཆེ་ཆུང་སོགས་ཆོས་རྗེ་ཐམས་ཅད་མཁྱེན་པའི་དུས་ཀྱི་སྲོལ་རྒྱུན་ཉམས་པ་རྣམས་གསོས་ཏེ་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད། རེ་ཞིག་སྟོད་ཕྱོགས་སུ་ཕེབས་གྲང་མོ་ཆེ་དང་རྨུ་གཤོང་དུ་རྒྱང་ཙམ་སྟན་ཆགས་ནས་ཞ་ལུར་ཕེབས་སྐབས་ཤིག་ལྷ་མོ་རྡོ་རྗེ་རབ་བརྟན་མའི་གཏོར་མ་ཞལ་བསྒྱུར་བ་སོགས་དཔལ་ལྡན་མ་འདིས་འཕྲིན་ལས་ཐམས་ཅད་སྒྲུབ་པའི་དགྱེས་མཚན་གསལ་བར་བསྟན། མེ་སྦྲུལ་ཟླ་བ་དང་པོའི་ནང་དུ་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་ཞབས་ཀྱིས་གཙོས་ཕྱོགས་འདུས་ཀྱི་སློབ་མ་མང་དུ་བྱོན། རི་ཕུག་ཆོས་ཀྱི་ཕོ་(༡༠༣ན)


GLG009_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

བྲང་ཆེན་པོར་གསུང་ངག་རིན་པོ་ཆེ་སློབ་བཤད་ཡོངས་རྫོགས་གནང་བར་ཀུན་མཁྱེན་མཁྱེན་བརྩེས་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བ་གསང་ཆེན་བསྟན་པ་རྒྱས་བྱེད་ཅེས་བྱ་བ་བུམ་དབང་གི་རྨི་ལམ་ཡན་ཆད་ཀྱི་ཟིན་བྲིས་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཞིག་མཛད། ཟླ་བ་བཞི་པ་ནས་དོན་གཉེར་ཅན་དུ་མ་ལ་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་རིམ་ལྔའི་འཁྲིད་སོགས་བུ་ལུགས་ཀྱི་འཁྲིད་ཆེན་བཞི་དང་འཁྲིད་ཆུང་བཞི་རྣམས་ཀྱི་ཉམས་འཁྲིད་རིམ་བཞིན་ཆོས་ཐུན་གསུམ་དུ་བཅད་དེ་སོ་སོའི་རྒྱབ་རྟེན་གྱི་ལུང་བཅས་སྨིན་རྒྱས་དང་། གཞན་ཡང་མདོ་སྔགས་ཀྱི་ཟབ་ཆོས་ཇི་སྙེད་ཅིག་སྩལ། དེ་ཡང་རིམ་ལྔ་གནང་གདོང་དབང་མ་ཐོབ་པ་ཁ་ཡར་བྱུང་བར་སྨིན་བྱེད་མེད་ཁ་མེད་ནས་རྗེ་བླ་མ་བཀའ་ཆོས་གཞན་གནང་བའི་ཐུགས་བྲེལ་གྱིས་གཡེངས་ནས་གནང་ལོང་མ་བྱུང་བར་ཀུན་མཁྱེན་མཁྱེན་བརྩེ་ལ་ཁྱེད་ཀྱིས་གཞན་མའི་རྒྱས་བཀབ་སོགས་འདྲེས་བསླད་མེད་པའི་བུ་སྟོན་ཐམས་ཅད་མཁྱེན་པའི་ཡིག་ཆ་སོར་བཞག་གི་དབང་ཞིག་བསྐུར་མཛོད་བཀའ་ཕེབས་པ་བཞིན་ཐུན་མཚམས་ཀྱི་དགོང་མོ་བཞི་ཙམ་ཞིག་མར་མེ་ལ་གཟིགས་འཇུག་མཛད་དེ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་ཆ་གཉིས་གསུང་བཞིན་བསྒྲུབས། ཞ་ལུ་པའི་ཕ་ཆོས་བདེ་ཆེན་རལ་གཅིག་གི་སྨིན་གྲོལ་གཉིས་བར་ཞིག་ནས་ཡ་བྲལ་ཏེ་རྗེ་བླ་མས་གྲོལ་བྱེད་མ་གཏོགས་སྨིན་བྱེད་མ་གསན་པ་མཁྱེན་བརྩེའི་ཞབས་ཀྱིས་མཆོག་སྤྲུལ་ལེགས་ལྡན་རྡོ་རྗེར་གསན་ཞིང་། འདི་གཉན་ཆ་ཆེ་གྲགས་ཀྱིས་མང་པོར་སྤེལ་བ་མཛད་རུང་འདི་དུས་རྗེ་ཉིད་ཀྱིས་ད་ལམ་ངས་བཀའ་རྒྱ་བཀྲོལ་བ་ཡིན་པས་འཚུབ་མི་ཡོང་བསྟན་རྒྱུན་ལ་(༡༠༣བ)


GLG009_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་ནས་ཅིས་ཀྱང་མཛོད་ཅེས་གསུང་བ་ལྟར་དབང་ཆ་གསུམ་ལ་བདེ་ཆེན་རལ་གཅིག་ལྷ་ཉེར་ལྔའི་དབང་བཞི། གཞན་དོན་ནུས་པ་ཁ་ཤས་ལ་བྱིན་རླབས་གཉིས་དང་བདག་པོ་ཆེན་པོའི་དབང་ཡང་གནང་བར་བརྟེན་ཆོས་འདི་སྣུམ་ཟད་ཀྱི་མར་མེ་ལྟ་བུའི་སྲོག་མཐུད་པའང་ཚར་ཆེན་བླ་མ་ཉིད་ཀྱིས་བཀའ་དྲིན་ཁོ་ནར་སེམས་ཤིང་། རྗེས་སུ་གལ་ཆུང་ཆོས་ལ་བྱས་པའི་རྒྱུན་ནུབ་པར་ཉེ་ནའང་མཁྱེན་བརྩེའི་ཞབས་ཀྱིས་གསན་སྐབས་རིགས་འཛིན་ཆེན་པོའི་མཆོད་དཔོན་བླ་མ་ཨོ་རྒྱན་རྒྱལ་པོ་ཡོད་འདུག་པ་ནས་དབང་ལུང་གཉིས་ཀ་གོང་དཀར་ཕྱོགས་སུ་མེ་སྟག་ཙམ་ཞིག་བྱུང་མོད། ལ་ལར་སྤང་གི་ཤ་མོ་རྡོལ་བ་ལྟ་བུ་ནི་གང་ཡིན་མ་ཤེས། རྗེ་བླ་མས་ཡོས་ལོ་ནས་བཟུང་ལོ་གསུམ་གྱི་བར་གདན་ས་མཛད་ནས་ཀུན་སྤངས་ཀྱི་དགོངས་པ་བསྟོད་པའང་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་སྐུ་ན་བགྲེས་སོང་བའི་སྐབས་ཞ་ལུའི་གདན་ས་མི་མཛད་གསུང་བའི་བཀའ་ཕེབས་པས་ཞ་ལུ་བ་རྣམས་ཀྱིས་ནན་ཆེར་ཞུས་པའི་ཚེ་འོ་ན་ལོ་དྲུག་ཙམ་བྱ་ཡི་ཞེས་ཞལ་གྱིས་བཞེས་ནས་གསུམ་སོང་མཚམས་སུ་འཇོག་པ་གནང་བའི་ཚེ་ཞལ་བཞེས་ཀྱི་ལོ་མ་ཐེངས་ཚུལ་ཞུས་པའི་ལན་དུ་སླར་ལོ་གསུམ་བྱེད་གནང་བ་སྐུ་ཚེ་རྟིང་མ་ཞིག་ལ་དགོངས་པའི་ཞལ་བཞེས་གྲུབ་པ་དང་། སྔར་མཁན་ཆེན་ཐམས་ཅད་མཁྱེན་པའི་བཀའ་ལས། གནས་གསར་ཆོས་རྗེ་ཉིད་བུ་ལུགས་ཀྱི་ཆོས་སྐོར་གསན་པ་དང་ཆོ་ག་ཕྱག་ལེན་གདངས་དབྱངས་ཚུན་ལ་བསླབ་སྦྱང་ཞིབ་མོ་དགོས་པའི་རྒྱུ་མཚན་ཕེབས་པའང་མཁན་ཐོག་ཏུ་འབྱོན་དགོས་པར་དགོངས་པའི་ཡེ་ཤེས་ཀྱི་གཟིགས་པ་གསལ་འགྲིབ་མེད་པའི་ཐོག་ཏུ་བབས་པས་ཞ་ལུའི་ཆེན་སློབ་སོགས་ཟ་རིགས་སྦྱིན་བདག་ཀུན་མཁན་ཆེན་(༡༠༤ན)


GLG009_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པས་ཟུར་བཞུགས་གནང་ཕྱིན་ཆོས་རྗེ་གནས་གསར་བ་ལས་འོས་པ་གཞན་མེད་དོ་ཞེས་མགྲིན་གཅིག་དབྱངས་གཅིག་ཏུ་གླེངས་ཏེ། སྡེ་སྲིད་རིན་ཅེན་སྤུངས་པ་ལ་སྙན་འབུལ་འཕུལ་བ་ལའང་ཤིན་ཏུ་ལེགས་པའི་དགོངས་བསྟད་བཟང་པོའི་བདེ་ཁྲོལ་དང་། གཙོ་བོར་རྗེ་ཉིད་ཀྱི་ཐུགས་རྗེའི་གཟིགས་པ་ལྷོད་པ་མེད་པ་སོགས་རྒྱུ་རྐྱེན་རྣམས་འཛོམ་པར་བརྟེན་ཞ་ལུ་སྤྱི་སོས་མཁན་པོའི་སྙན་གསན་ཕུལ་བར། རྗེ་བླ་མའི་དགོངས་བསྟད་དང་བཅས་བཟློག་མ་བདེ་བར་ལོ་གཅིག་གི་ཞལ་ལེན་གནང་བ་ན་རྗེ་ཉིད་ཀྱིས་ངས་ལོ་གསུམ་ཁྱེད་ཀྱིས་ལོ་གཅིག་མཛད་ན་སྡེ་དགོན་ཚོས་ཕྱག་རྟེན་ཡང་མི་འབྱོར་བས་གསུམ་ངེས་པར་མཛོད། དེ་ནས་མཛད་བདེའི་བབས་ལ་གཟིགས་ཆོག །དགོན་སྦག་སྦུག་གཞན་གྱི་བླ་མའི་དོད་མིན་ཆོས་འཇིག་རྟེན་ག་ནས་ཀྱང་རྣམ་གཞག་རྒྱ་ཆེན་པོའི་སློབ་ཐེབས་ཡོད་ཚུལ་ཕེབས་པ་ལྟར་ཆུ་སྟོད་ཟླ་བའི་ཚེས་གཅིག་རྒྱལ་ཕུར་གྱི་འགྲུབ་སྦྱོར་དུས་མ་ཕམ་མགོན་པོ་རིན་ཅེན་གྲུབ་ཀྱི་གདན་སར་བསྐོ་བ་གནང་བར། སྡེ་སྲིད་རིན་སྤུངས་པའི་བསྐོ་འཇའ་ཁྲི་སྟོན་ཞ་ལུའི་ཆེན་སློབ་དགེ་འདུན་ཡོན་བདག་གཞན་ཡང་ཕྱོགས་ཀྱི་སྡེ་ཕྲན་གྱིས་མཚོན་པའི་བདོག་པ་རྒྱ་ཆེན་པོ་སྤེལ། ཁྱད་པར་མཁན་ཆེན་ཐམས་ཅད་མཁྱེན་པས་བེར་ཟླམ་དབུ་ཞྭ་སོགས་ཀྱི་གནང་སྦྱིན། དཔོན་སློབ་ཚང་མར་འཕྲལ་ཡུན་དུ་དགེ་བའི་བསླབ་བྱ། བཀྲ་ཤིས་མེ་ཏོག་གི་ཆར་ཆེན་པོ་ཕབ། ཆོས་རྗེ་གདན་ས་པས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆ་གཉིས་དང་སྦྱོར་དྲུག་གི་འཁྲིད་ཅིག་མཛད། ཡབ་སྲས་ལྷན་རྒྱས་སྡེ་པ་གནས་གསར་བས་མྱུག་ཏུ་བྲོ་གཞས་རྩེད་སྣ་བསུ་བ་སེར་སྦྲེང་གི་བཀོད་(༡༠༤བ)


GLG009_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བཅས་གདན་དྲངས་རྙེད་བཀུར་གྱ་ནོམ་པ་བསྟབས། དཔལ་ཕུག་རྣམ་པར་གྲོལ་བའི་རི་ཁྲོད་དུ་ཟླ་བ་བདུན་ཙམ་གྱི་རིང་རྗེ་འདི་ཉིད་ཀྱིས་ཀུན་མཁྱེན་མཁྱེན་བརྩེའི་ཞབས། མཁན་ཆེན་བསླབ་གསུམ་རྒྱལ་མཚན། སྔགས་འཆང་བསོད་ནམས་ཆོས་འཕེལ་སོགས་དཔོན་སློབ་བཅོ་བརྒྱད་ཙམ་ལ་གསུང་ངག་སློབ་བཤད་ཤིན་ཏུ་སྨིན་པ་གནང་། སྔར་མཁྱེན་བརྩེའི་མནལ་ལྟས་ལ་དཔལ་ཕུག་ཏུ་ཕ་བླ་མས་གསུང་ངག་བསྐྱར་ནས་གནང་རྒྱུའི་སྐོར་ཡང་འདིའི་ལུང་བསྟན་དུ་མཆིས། ལམ་འབྲས་ཀྱི་མཇུག་ཏུ་དམར་པོ་སྐོར་གསུམ་མགོན་པོ་ཆེ་ཆུང་སོགས་ཀྱི་རྗེས་གནང་ལུང་འཁྲིད་ཡང་བསྐྱར་དང་ཤངས་པ་དུ་གུ་བའི་གསེར་ཆོས་ཀྱི་ཕྱེད་ཙམ་གནང་། ཆོས་རྣམས་གེགས་མེད་དུ་གྲུབ་པའི་གཏང་རག་ཡང་སྟེང་དུ་མཛད་པའི་ཚེ་མདུན་གྱི་ནམ་མཁར་སྤྲིན་དུམ་ཆད་ཅིག་གི་སྟེང་ན་མགོན་པོ་ཐོག་ཚད་ཙམ་གྱི་ཞལ་ནས་ཧ་ཧ་དང་ཧཱུྃ་ཧཱུྃ་གི་སྒྲ་ལ་ཆོས་འདིའི་བདག་པོ་སྔར་ཡང་ང་རང་གིས་བྱས་པས་ད་དུང་ཡང་ང་རང་གིས་བྱེད་ཟེར་བ་གསལ་བར་གསན། རྗེ་ཉིད་ཟབ་བུར་ཕེབས་པའི་ལམ་ཞོར་དུ་རྗེ་མཁྱེན་བརྩེས་འོ་ཡུག་ཏུ་གདན་དྲངས་ནས་སྲི་ཞུ་རྒྱ་ཆེར་མཛད། མྱུག་ཏུ་ཤངས་ཆོས་ཀྱི་འཕྲོ་དང་སྒྲུབ་ཐབས་རྒྱ་མཚོ་རྒྱལ་ཁང་དུ་སྒྲོལ་དཀར་གྱི་ཚེ་འཁྲིད་སོགས་ཐུགས་སྲས་མཁྱེན་བརྩེའི་བཞེད་པ་བཀང་ནས་སྟོད་དུ་ཕེབས། ས་རྟའི་དབྱར་ཡབ་ཚན་འཕན་ཡུལ་ཨོ་རྒྱན་གཞིས་ཀ་བས་གདན་དྲངས་ཏེ་ཕེབས། ལམ་ཞོར་ངུར་སྨྲིག་གི་གཙུག་ལག་ཁང་དུ་རྗེ་བཙུན་སྒྲོལ་མ་མཇལ་བ་གནང་སྟེ་དེར་བཞུགས་སྐབས་དག་སྣང་ལ་བུད་མེད་མང་པོ་རྟེན་མཇལ་གྱིན་འདུག་པའི་ཁྲོད་ན་མིག་གསུམ་ཡོད་པའི་བུད་མེད་ཅིག་གཟིགས་གསུང་བ་(༡༠༥ན)


GLG009_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

རྫུ་བག་ཙམ་ལས་འཕགས་མས་དངོས་སུ་བྱིན་གྱིས་བརླབས་པར་གདོན་མི་ཟ། རིམ་གྱིས་ཕེབས་པའི་བཞུགས་མཚེར་རྒྱལ་ས་ཤིན་ཏུ་ཆེ་བ་ཞིག་ཏུ་གནས་མལ་མཛད་པའི་ནམ་ཕྱེད་ཙམ་ལ་འབྱུང་པོ་དེས་གླགས་ལྟ་བར་རྩོམ་པ་ན་གཏུམ་དྲག་འབར་བའི་ཏིང་ངེ་འཛིན་གྱི་མེས་མཐའི་རྒྱ་མཚོའི་ཕ་རོལ་དུ་བསྐྲད་པ་ན་ཕྱིས་མི་ཚད་དེ་ལ་འགོང་པོའི་འཚེ་བ་ཡེ་མ་བྱུང་བར་གདའ། འཕན་ཡུལ་ཨོ་རྒྱན་གཞིས་ཀར་བཞུགས་སྐབས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ཧོར་བར་ཏ་ཀརྨ་དཔལ་གྱིས་རོང་པོ་འདམ་དུ་གདན་འདྲེན་ཞུས་པའི་ཕེབས་ལམ་དུ་སྡེ་པ་ཨོ་རྒྱན་གཞིས་ཀ་བས་གདན་དྲངས་པ་དང་འགྲིག་རྗེ་ཉིད་ཀྱིས་ངེད་ཐམས་ཅད་མཁྱེན་པ་དགེ་འདུ་རྒྱ་མཚོའི་ཞལ་སློབ་ཡིན་པས་རྟེན་འབྲེལ་ལེགས་གསུངས་ནས་ཐམས་ཅད་མཁྱེན་པ་ལ་བླ་མའི་རྣལ་འབྱོར་གྱི་ཆོས་འབྲེལ་གསན། ཐམས་ཅད་མཁྱེན་པས་གུར་མགོན་གྱི་རྗེས་གནང་ཞུ་བ་མཛད་པས་ཁའུ་བྲག་རྫོང་པའི་ཟབ་ཆོས་ཐུགས་ཉམས་སུ་བསྟར་བའི་རྟེན་འབྲེལ་གྱི་སྒོ་ཐོག་མར་འགྲིག །སླར་རིན་པོ་ཆེ་བོད་མཁར་ནས་ལ་གསུང་ངག་ཙམ་མ་གཏོགས་སྙན་བརྒྱུད་ཕལ་ཆེར་གསན་ཅིང་ནཱ་རོ་མཁའ་སྤྱོད་དང་རིག་བྱེད་མ་མགོན་པོ་ཆེ་ཆུང་སོགས་ལ་ཉམས་བཞེས་ཤིན་ཏུ་སྨིན་པར་གནང་། ནཱ་ལེནྡྲའི་ཁམས་པ་བླ་མ་སྡོར་དཀར་བ་སོགས་དོན་གཉེར་ཅན་ཉི་ཤུ་སྐོར་ལ་བདེ་མཆོག་ལོ་ནག་དྲིལ་གསུམ་གྱི་དབང་། དཔྱིད་ཐིག་ནག་པོ་རིམ་བཞི། རིམ་ལྔ་རྣམས་ཀྱི་ཉམས་འཁྲིད། རྩ་རྒྱུད་ཀྱི་བཤད་པ། ནེ་གུ་ཆོས་དྲུག་གི་དབང་འཁྲིད་བྱིན་རླབས་ལུང་སོགས་ཟབ་ཆོས་མང་དུ་གསུངས། ཕྱོགས་དེར་འགྲོ་དོན་འཕྲིན་ལས་ཀྱི་འུར་ཆེར་ལངས་པའི་ངང་ནས་གཙང་དུ་ཕེབས་པའི་ལམ་གཡུང་མདའ་མཁར་གྱི་(༡༠༥བ)


GLG009_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

གཡབས་སྟེང་དུ་བཞུགས། མཆོད་དཔོན་གྱིས་ཐུགས་དམ་གཏོར་མ་བཤམས་ཕྱག་དྲིལ་སོགས་ཕུལ་ཡང་སྤྱན་མཁའ་རེག་ཤར་གྱི་རི་རྩེ་ལ་ཟིམ་མེ་བཞུགས་པ་ལས་གཏོར་བསྔོས་མི་གནང་འདུག་པ་སྐབས་མཚམས་ཤིག་ནས་ཞབས་བསྐུལ་ཞུས་པར་བསྡུས་པ་ཞིག་མཛད། གསོལ་བ་ཞུས་པས་ཀྱང་ཅུང་ཟད་ཙམ་ལས་མི་བཞེས་པར་སྔར་ལྟར་བཞུགས། དེ་བར་ཕྱག་གཡོག་བྱིངས་ཁལ་བཀལ་ནས་སྔོན་ལ་སོང་གསོལ་དཔོན་བློ་གསལ་ཅན་ལ་ད་དུང་ཇ་སྐོལ་གསུང་གསོལ་ཇ་སྦྱོར་གཉིས་ཙམ་གྱི་བར་བཞུགས་ནས་ཕེབས། དེའི་ཚེ་ཇོ་མོ་མཁའ་རེག་གི་གངས་རིའི་རྩེར་སྤྲིན་དཀར་པོ་ཆེན་པོ་ཞིག་ལྷོ་ཕྱོགས་སུ་སྐྱེས་བྱུང་བའི་སྟེང་ནས་ཨོ་རྒྱན་རིན་པོ་ཆེ་སྐུ་མི་ཚད་ལས་ཅུང་ཆེ་བ་ཟ་ཧོར་གྱི་སྐུ་ཆས་སྤྲད་པ་ན་བཟའི་གོང་ལེན་ལ་སྟག་ལྤགས་གསར་པའི་མུ་འགྲིལ་ཡོད་པ། ཕྱག་གཡས་ན་གསེར་གྱི་རྡོ་རྗེ་དང་གཡོན་ན་ཀ་པཱ་ལ་བདུད་རྩིས་གང་བ་བསྣམས་པ་ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ་གསལ་བར་གཟིགས་ནས་རིམ་བཞིན་བསྟི་གནས་སུ་ཕེབས་སོ། །གཉིས་སྤངས་བླ་མའི་ལུང་བཞིན་བུ་སྟོན་རྗེའི། །སེང་ཁྲིར་ཕེབས་ལ་འདོད་ཁམས་དབང་མོ་ཡིས། །ཉེར་བསྐུལ་སྲིད་མཐར་བསྟན་པ་འཕེལ་བའི་སྒྲ། །རབ་དཀར་བཀྲ་ཤིས་གཡས་འཁྱིལ་དུང་ལས་སྒྲོག །འཇིག་རྟེན་གསུམ་དབང་ལྷ་ཆེན་ཉི་མའི་བུས། །རྡོ་རྗེའི་རྭ་རྩེ་སྤུ་གྲི་ལྟར་རྣོ་བ། ཁྱོད་དྲུང་པད་འདབ་རྗེས་འགྲོའི་འཇམ་མཉེན་གྱི། །རེག་བྱར་ལྟ་ལ་མཁའ་ངོས་རྒྱུ་སྐར་འཁྲིགས། །མཁན་གཟུགས་ལྷ་གྲལ་སྒྲིག་པའི་ལས་དབང་བཅུད། །མྱངས་པས་སྲོག་ལྡན་སྦྱིན་སྐྱེས་མཆེད་མིན་པ། །ལྷ་སྔགས་ཡེ་ཤེས་གསེར་སྒོང་མངལ་འཛིན་པའི། །མེས་པོ་བློ་གསལ་རྒྱ་མཚོ་ཡབ་སྲས་ཙམ། །(༡༠༦ན)


GLG009_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བུ་སྟོན་བཞེད་སྲོལ་པདྨའི་སྐུད་པ་ལ། །རྡོ་རྗེའི་ཁམས་སུ་རློབས་ཞེས་གནས་གསར་བ། །གདུང་འཚོབ་དམ་པར་གསོལ་ཚེ་ཕྱོགས་བཅུའི་རྒྱལ། །སྲས་བཅས་ཡོངས་ཀྱིས་བསྔགས་པའི་མེ་ཏོག་གཏོར། ཁ་བཤད་ཆུ་བོར་སྙན་བརྒྱུད་གསེར་ལྡན་མ། །བྱིང་ལས་གྱེན་འདེགས་བསྟན་འཛིན་མིག་སྔོན་ཅན། །ཐོས་བསམ་སྒོམ་པའི་རུས་སྦལ་འཕྲུལ་གྱི་སྟོབས། །ཚངས་པའི་བློ་གྲོས་དེས་ཀྱང་གཞལ་ནུས་མིན། །རིས་མེད་འགྲོ་བའི་བསོད་ནམས་རླབས་པོ་ཆེས། །ཞིང་གྱུར་རྒྱ་མཚོའི་གོས་ཅན་འཕྲིན་ལས་ཀྱི། །དབང་ཕྱུག་དམ་པའི་གནག་སྣུམ་རལ་པའི་རྩེར། །ཞབས་སེན་ཟླ་བ་ཚེས་ཏེ་གཅིག་ཏུ་དཀར། །གསོལ་འདེབས་ལས། ཁྱབ་བདག་བླ་མའི་ཐུགས་རྗེས་བསྐུལ་བ་བཞིན། །རང་གི་བསྟི་གནས་དམ་པར་ཞབས་བཀོད་དེ། །སྐལ་བཟང་སྦྱིན་པའི་བདག་པོ་འཁོར་བཅས་རྣམས། །འབྲལ་མེད་ཐུགས་རྗེས་བསྐྱངས་ལ་གསོལ་བ་འདེབས། །ཞེས་པས་ཟིན་སོ་ཡོད་མེད་སྣ་ཚོགས་ལས་ས་ལུག་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་གདན་འདྲེན་གནང་སྐབས་མྱུག་ཏུ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་སྐུ་འཁྲུངས་པའི་བྱིན་རླབས་ལ་སྤྱན་དྲངས་པ་བཞིན་ཕེབས་ནས་འཇིགས་བྱེད་རྭ་ལུགས་ཀྱི་དཀྱིལ་འཁོར་དུ་སྨིན་པར་མཛད་པ་སོགས་རྗེས་སུ་བཟུང་ཞིང་དགུང་ལོ་ལྔ་ཙམ་གྱི་དུས་དམར་པོ་སྐོར་གསུམ་ཆོས་སྐྱོང་ཆེ་ཆུང་ཚེ་དཔག་མེད་སོགས་ཀྱི་བྱིན་རླབས་རྗེས་གནང་གི་རིགས་ཀྱང་མང་དུ་སྩལ། སྔགས་འཆང་བསོད་ནམས་ཆོས་འཕེལ་གྱི་རྣམ་ཐར་ལས། བདག་གི་སྤྱིལ་བུ་ན་དེ་སྔ་གོང་ཆོས་རྗེ་རབ་བརྟན་པའི་བཞུགས་ཡུལ་ཡིན་པས་ཁོང་གནས་རྙིང་རྒྱལ་པོ་དེ་ལ་གསོལ་མཆོད་གནང་གིན་ཡོད་འདུག་པས་དེའི་ནང་ན་(༡༠༦བ)


GLG009_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་དེ་འཁོར་རེ་འགྲོ་བ་ཞིག་གཟིགས་པ་དང་། ལྷག་པར་བདག་ཐུགས་རྗེའི་གཟིགས་པ་མི་ལྷོད་པར་གནང་གིན་ཡོད་གདའ་བས་ཟླ་བ་དེ་གའི་ནང་དུ་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་བཀའ་དྲིན་མཚུངས་མེད་ཚར་པ་རྗེས་མྱུག་ནས་ཕྱག་དམ་བདུད་རྩིའི་རིལ་བུའི་ཐུམས་གསོལ་རས་དང་བཅས་ཕེབས་བྱུང་བའི་ནང་ན་ཁྱོད་ཀྱི་སྒྲུབ་ཁང་དེར་གནས་རྙིང་རྒྱལ་པོ་འདི་འཕྲལ་འཕྲལ་འགྲོ་བ་ཞིག་འདུག་པས་བར་ཆད་དམ་འཚུབ་ཀྱི་རྣམ་པ་བཞིན་མི་ཡོང་འདུག་གམ། ངས་ཀྱང་དམིགས་པ་སོགས་གང་ཡོད་བྱེད་ཀྱིན་ཡོད་ལར་རྡོ་རིང་རིན་པོ་ཆེར་རང་རེའི་བརྒྱུད་འཛིན་ཀུན་ལ་གནོད་པ་མི་བྱེད་པའི་སྲོག་སྙིང་ཕུལ་ནས་དམ་བཅས་འོ་སྐོལ་རྣམས་ལ་འདི་གཅིག་པུའི་བཀའ་དྲིན་ཡང་བསམ་པའི་རེ་བ་ལས་འདས། གང་ལྟར་དེ་ལ་དམིགས་པའི་གཏོར་མ་འདྲ་དང་དགེ་སྦྱོར་འབུངས་སྐྱིད་དེ་བྱེད་པ་དང་ལྷག་པར་ལམ་ཟབ་མོ་ཉིད་ལ་ནན་ཏན་གྱིས་རྟག་ཏུ་གསོལ་བ་ཐོབ། གེགས་སེལ་བོགས་འདོན་གྱི་སྐྱེལ་སོ་འདི་གཅིག་པ་ཡིན་ནོ་གསུང་བ་ཞིག་ཕེབས་བྱུང་ཞེས་བསླབ་སྟོན་རྒྱས་པར་སྩལ། ཞ་ལུའི་གདན་ས་ཀུན་སྤངས་མཛད་པ་ནས་བཟུང་རྒྱལ་ཁམས་ཕྱོགས་མེད་ཀྱི་གདུལ་བྱའི་རེ་བ་སྐོང་བ་ཙམ་མ་གཏོགས་འཇིག་རྟེན་ཟ་ཟིའི་མཐུན་འཇུག་ལ་ཐུགས་སུན་པའི་ཚུལ་གྱིས་སྤོང་བ་བསམ་གཏན་ལ་གཞོལ་བའི་རྣམ་པས་རྨུ་གཤོང་དུ་ལོ་གསུམ་ཕྱོགས་གསུམ་མཛད་པའི་སྐབས་འཇམ་དབྱངས་མཁྱེན་བརྩེའི་རྣམ་ཐར་དུ་ལྕགས་སྤྲེལ་ཟླ་བ་བརྒྱད་པའི་ཚེས་གཅིག་ནས་གཞི་བསྙེན་གྱི་སྔོན་འགྲོ་བླ་མའི་རྣལ་འབྱོར་ཚུགས་པའི་ཚེས་བཞིའི་ནུབ་རྨི་ལམ་དུ་རྗེ་བཙུན་རྡོ་རྗེ་འཆང་ཕ་ཚར་པ་རྗེ་དང་མཇལ་རྟ་མགྲིན་ཡང་གསང་གི་དབང་རྫོགས་པར་གནང་། དཀྱིལ་འཁོར་གཏོར་མ་ཚིག་སོགས་ཀྱང་ཤིན་ཏུ་(༡༠༧ན)


GLG009_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་དང་། ཕྱག་ལེན་ལ་དོགས་གཅོད་འདྲ་ཞུ་རྒྱུ་ཡོད་པའང་ཞུས་ཤིང་ལན་གནང་བ་ཞིག་བྱུང་། ཡང་ནུབ་ཅིག་ལ་བླ་མ་བཞུགས་ཁྲི་ཐོག་རྩེར་སྙོགས་པ་ཞིག་གི་སྟེང་ན་བེར་ཐུལ་ནེ་ཙེ་ཁ་གསར་པ་ཞིག་བཞེས་ནས་བཞུགས་པའི་སྐུ་ཞབས་གཡོན་ན་བདག་འདུག་པ་ལ་ཨ་སྐྱབས་ཀྱིས་གསོལ་ཇ་ཞུས་རྗེས་གསོལ་ཁ་ཞུ་ཡི་འདུག་པས་ངའི་དེ་ཁོང་ལ་དྲོངས་གསུངས་གསོལ་ཁ་དེ་བདག་ལ་དྲངས་པ་ཞིག་རྨིས། ཡང་ནུབ་ཅིག་དབུ་རྩེ་འོག་འདྲ་བ་ཞིག་ན་ཁྲི་སྔར་གྱི་དེ་ལས་མཐོ་བ་འདྲ་བ་ཞིག་ལ་བཞུགས་ཚེ་འཁྲིད་ཀྱི་ཚར་ཆོས་དེ་གསུང་རྒྱུ་ཡིན་སྙམ་པ་བྱས་བདག་སྐུ་མདུན་ན་འདུག་པ་ལ་གསུང་ཆོས་ཧ་ཅང་གསལ་བ་ནི་མ་བྱུང་རླུང་བུམ་ཅན་གཟུང་སྤྱན་ལྟ་སྟངས་མཛད་ཧར་རེ་བཞུགས་པ་གསལ་པོ་ཞིག་རྨིས། ཡང་ནུབ་ཅིག་བོ་དོང་རྫོང་གི་བདེ་བ་ཅན། ཡིན་སྙམ་པ་ཞིག་ན་བཞུགས་གདན་མཐོན་པོ་ཞིག་ལ་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་བཞུགས་དེའི་སྐུ་གཞོགས་གཡོན་བདག །བདག་གི་གཡོན་ན་རྗེ་བཙུན་དབོན་བཞུགས་པ་རྗེ་རིན་པོ་ཆེས་གཞིས་ལེན་མཛད་རྒྱུ་བའི་སྟོན་གཤོམ་བཟང་པོ་བྱས་པ་ཞིག་རྨིས་ཞེས་བྱུང་།ཞ་ལུར་བཞུགས་སྐབས་འོད་གསལ་དུ་རྗེ་བཙུན་རྡོ་རིང་པ་ཆེན་པོ་ན་བཟའ་སོགས་ཤིན་ཏུ་ལེགས་པའི་ངོས་མ་ཆེན་རྡོ་རྗེ་བཀྲ་ཤིས་ཕྱགས་ཕྱིར་ཁྲིད་པའི་འདར་གྱི་ཕྱོགས་སུ་ཐལ་ལེར་ཕེབས་པ་ཞིག་བྱུང་བ་ཕུགས་དེ་ཕྱོགས་སུ་སྡོད་དགོས་པ་ཡོངས་འདུག་ཅེས་རྗེ་ཉིད་ཀྱི་གསུང་འཕྲོས་ལས་བྱུང་བ་བཞིན་བསྟན་པའི་སྦྱིན་བདག་ཆེན་པོ་འདར་པས་འདི་ཕྱི་བར་གསུམ་གྱི་སྐྱབས་གཅིག་མགོན་གཅིག་ཞུས་པར་བརྟེན་ཕལ་ཆེར་གྲང་མོ་ཆེ་ཕྱོགས་སུ་སྟན་ཆགས། སྡེ་པའི་སྐུ་རིམ་ལ་འཇིགས་བྱེད་དྲུག་(༡༠༧བ)


GLG009_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཅུ་པ་གནང་སྐབས་ལིངྒ་སྐད་ངན་ཙེར་རེ་རེ་བཏོན་པ་ཐོ་ཕྱི་ན་ཡོད་པ་ཀུན་གྱིས་ཚོར། དེ་བཞིན་གཤེགས་པས་ལུས་ལས་ཆད་པའི་སྒྲ་གཅན་ཟིན་དང་དགྲ་ལྟར་ལྟ་བའི་ལྷས་བྱིན་ལ་ཉེ་རིང་མེད་པའི་བདེན་ཚིག་བཀའ་སྩལ་མཐུས་ལྷས་སྦྱིན་མ་འཇུ་བའི་ནད་ལས་གྲོལ་བའི་ལོ་རྒྱུས་བཞིན་དམ་པ་འདི་ཉིད་ཀྱང་རིས་མེད་ཀྱི་འགྲོ་བ་ལ་མ་འདྲིས་པའི་མཛའ་བཤེས་ལྟ་བུར་མཛད་པ་ལས་འཛིན་རྟོག་གི་ཕྱོགས་ལྷུང་དྲི་མ་ཅན་མི་མངའ་ནའང་། ཉི་མས་ཆེད་དུ་བྱས་པ་མིན་པར་རྟེན་འབྲེལ་གྱི་དབང་ལ་ཟེར་འཕྲེང་གིས་པདྨ་ཁ་འབྱེད་ཅིང་། བྲག་ཕུག་བྱང་བསྟན་དུ་ཉི་འོད་མི་འཆར་བ་དངོས་པོའི་གཤིས་ལུགས་སུ་གྲུབ་པ་མ་གོ་བར་རྗེ་ཉིད་ལ་རེ་བ་བཅའ་བའི་སྐྱེ་བོ་མཆོག་དམན་རྣམས་ཐུགས་རྗེ་ཆེན་པོས་རྗེས་སུ་བཟུང་བར་བརྟེན་སེ་དཀར་རིགས་ཀྱི་ཐིག་ལེ་འདར་ནས་ཀྱི་མངའ་ཐང་ཇེ་འཕེལ་དུ་གྱུར་པ་གདོང་དགའ་ཕྱོགས་ཀྱིས་མ་བཟོད་པའི་བདག་པོ་ཀུན་རིན་པར་ཆོས་རྗེ་ཚར་པ་འདི་ས་སྐྱ་པའི་ཆོས་ལ་མཁས་དྲགས། གདུང་བརྒྱུད་རྣམས་ཆད་ན་ཁོ་རང་ལ་བསྟན་པའི་བདག་པོ་ཡོང་དུ་རེ་བའི་རྨུ་གཤོང་གི་མགོན་པོའི་ཞབས་འོག་ཏུ་མནན་པ་སོགས་ངན་བྱེད་བྱས་ཞེས་ཕྲ་མ་བཅུག་པ་དང་བཙུན་མོ་གཉིས་ཀྱི་གདོང་དགའ་བའི་ལྕམ་ལ་སོང་བའི་རྒྱུས་ས་སྐྱ་དང་གདོང་དགའ་བ་རྩེ་བསྟུན་གྱི་དམག་ཤིང་བྱི་མང་མཁར་ཕྱོགས་སུ་བཏང་བའི་སྐབས་དམག་མི་རྣམས་ཀྱིས་རྨུའི་མགོན་ཁང་ལ་ལག་རྒྱག་བྱས་སྐུ་རྣམས་བཤིག་པའི་གཟུངས་བཞུགས་བདག་ཆེན་པའི་སྤྱན་ལམ་དུ་ཕབ་པས། ས་སྐྱ་པའི་བསྟན་པ་དང་གདུང་བརྒྱུད་འཕེལ་བའི་སྤེལ་ཚིག་གཟིགས་པ་ན་ཐུགས་འགྱོད་བྱུང་ཡང་ཟེར། མ་ཆེན་རྡོ་རྗེ་བཀྲ་ཤིས་ཀྱིས་དགོན་པ་ནི་དམག་གིས་བཅོམས་ཟིན་འདུག་མཐུ་ཡོད་ན་རྟགས་ཐོན་(༡༠༨ན)


GLG009_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞིག་གནང་དགོས་ཞུས་པའི་ལན་དུ་བདག་ཆེན་ཁོང་རང་ཅི་མཛད་ཀྱང་ཁོ་བོ་ས་སྐྱ་པའི་བསྟན་པའི་སྒོར་ཞུགས་ནས་གདུང་བརྒྱུད་ལ་མཐུ་མི་བྱེད་ཁྱོད་ཀྱིས་ཡོད་ན་གྱིས་ཞེས་བཀའ་བཀྱོན་པའི་རྣམ་པའང་མཛད། བྱ་གཤོང་དུ་གཏོར་བཟློག་ལ་ཕེབས་སྐབས་གནས་ཁང་དེ་ཐོག་མ་ལས་ཡངས་ཤིང་གྲུ་བཞི་ལམ་པ་གྱང་ལོགས་ལ་རྡུལ་སོགས་མེད་པའི་སྣུམ་ཞག་ཆེ་བ་དེའི་འཁོར་ཀུན་གྱིས་གསལ་བར་མཐོང་། ཡོལ་རིན་ཅེན་གླིང་དུ་ཆོས་རྗེ་བློ་གྲོས་བརྟན་པ་མི་མ་ཡིན་དུ་སྐྱེས་ནས་སྨྱུག་ལ་བ་ཡས་མས་ལ་གནོད་ཚབས་ཆེ་བའི་གཏམ་བྱུང་བ་ན་མཁན་ཆེན་གཞོན་ནུ་བློ་གྲོས་ཀྱིས་བརྟག་པ་དང་ཡིན་ན་སྦྱིན་སྲེག་དགོས་ཚུལ་ཞུ་བ་མཛད་པའི་ལན་དུ་དེ་དངོས་བསྟན་མིན་རྒྱ་འདྲེས་བརྫུས་པས་དགོན་པ་ལ་ཆེར་མི་གནོད་གཏོར་བཟློག་འུར་ཆིལ་བ་ཞིག་མཛད་ན་སྐུ་ཉེ་ཚོར་འགྱུར་འགྲོ། མ་ནས་སྨྱུག་ལ་བ་ཚང་ལ་གང་སྟོངས་ཤིག་ཡོང་བ་འདུག་ཚུལ་གསུངས་པའི་ལུང་བསྟན་གྱི་ཐོག་ཁོ་ནར་སོང་། ཡང་ལོ་ཕྱི་མ་ཞིག་ས་སྐྱ་ངམ་རིང་གདོང་དགའ་བ་གསུམ་རྩེ་བསྟུན་པའི་གསང་དམག་བཏང་བའི་ཚེ་རྗེ་ཉིད་རྣམ་རྒྱལ་སྟག་རྩེར་བཞུགས་སྐབས་ཡིན་གཤིས། འདར་པ་རིན་ཅེན་དཔལ་བས་དམག་བསྡུ་གསོག་ཀྱང་མ་གྲུབ་གཤིས་རྫོང་སྤྲོད་དགོས་པ་ཡོང་འདྲ་ཞེས་རྟབ་རྟབ་པོར་གསོལ་བ་ན་བཀའ་ལས། རྫོང་རྩིག་པ་དཀའ་བ་མ་གཏོགས་སྤྲོད་པ་ལ་གནངས་མེད་ལར་ལྟེ་ཁྲག་ཕོ་ས་རུ་སྙིང་ཁྲག་འཐོར་བ་ལེགས་པས་ཚབ་ཚབ་མ་མཛད་གསུངས་ནས་ཅུང་ཟད་སོང་བ་ན་བསྐྱར་ཞུ་ཞུས་པས། ད་དམག་ག་ཙམ་ན་སླེབས་གསུང་བར་རྫོང་རིའི་རྐེད་སྒྲོལ་ཙམ་མཆོད་རྟེན་རྩེ་རིང་རྩར་འབྱོར་འདུག་ཞེས་པར། མཆོད་དཔོན་ལ་ཁྱོད་རང་ཐོག་ཁར་སོང་ལ་དམོད་ནས་འདི་(༡༠༨བ)


GLG009_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཐོར། མི་རྐང་འདི་ལན་གསུམ་བུས་གསུང་བ་བཞིན་བྱས་པས་དགུན་སྟོད་ཡིན་ཡང་གློག་འབྲུག་གི་སྒྲ་དྲག་པོ་དང་བཅས་སེར་བ་ཅོག་མོའི་སྒོ་ང་ཙམ་བབས་པས་དམག་རྣམས་སྐད་ཅིག་ལ་བྱེར། སྒར་ཐོག་ཏུ་སྲིན་བྱ་དང་འུག་པ་བབས་པའི་འཕྲུལ་གྱིས་ནད་རིམས་ཀྱིས་བཏབ་ནས་སྟོང་ལོག་ཏུ་སོང་སྟེ་གཡུལ་ལས་རྣམ་པར་རྒྱལ། དེ་དུས་གཟིགས་སྣང་ལ་མདུན་གྱི་ནམ་མཁར་སྤྲིན་སྔོན་འཁྲིགས་པའི་སྟེང་དུ་རྗེ་བཙུན་རྡོ་རིང་པ་དེ་ཉིད་སྐུ་ལ་ཆོས་གོས་རྣམ་པ་གསུམ་གྱིས་བརྒྱན་པའི་ཕྱག་གཡས་གསེར་གྱི་རྡོ་རྗེ་ནམ་མཁའ་ལ་འཕྱར་ཞིང་། གཡོན་པ་དངུལ་དཀར་གྱི་དྲིལ་བུ་འཁྲོལ་བ་ཡིད་ཙམ་ཁྲོས་པའི་ཉམས་དང་བཅས་སེང་གེ་དཀར་མོ་རྒྱན་གྱིས་སྤྲས་པའི་སྟེང་ན་རྒྱལ་པོ་རོལ་བའི་འདུག་སྟངས་ཀྱིས་བཞུགས་པ། དེའི་དབུ་གཙུག་གི་ཐད་དུ་བདག་ཆེན་རྡོ་རྗེ་འཆང་ཡན་གྱི་གསུང་ངག་བླ་མ་བརྒྱུད་པ་ཡོངས་རྫོགས། དེའི་གཡས་གཡོན་དུ་ས་ར་ཧ། ཀླུ་སྒྲུབ། རྣལ་འབྱོར་དབང་ཕྱུག །ཀུ་ཀུ་རི་པ། ལོ་ཧི་པ། གཡུང་པོ་ཁྲག་འཐུང་། དྲིལ་བུ་པ། ནཱ་རོ་ཏ་པ་བརྒྱད་པོ་ཞི་དྲག་གི་རྣམ་འགྱུར་དུ་མ་སྟོན་པ། གཞན་ཡང་ཚེ་དཔག་མེད། ཛམྦྷ་ལ། གུར་ཞལ། ལས་མཁན་དང་བཅས་པ་ཞལ་གཟིགས། དེའི་ཚེ། དཔལ་ལྡན་རྒྱལ་བ་ཀུན་གྱི་མཐུ་སྟོབས་ནི། །གཅིག་ཏུ་བསྡུས་པ་དྲིན་ཅན་ཆོས་ཀྱི་རྗེ། ཁྱོད་ཞབས་དྲན་པའི་མོད་ལ་བདུད་དཔུང་རྣམས། །ཕྱེ་མར་འཐག་མཛད་དེ་ལ་གསོལ་བ་འདེབས། །ཞེས་སོགས་གསོལ་འདེབས་བདུད་དཔུང་ཕྱེར་འཐག་མར་གྲགས་པ་ཞལ་གཟིགས་ཇི་ལྟར་བྱུང་བ་དང་མཐུན་པ་ཐུགས་རྩོམ་གནང་།གསུང་འཕྲོས་ཀྱི་ལྷོངས་སུ་བདག་ཆེན་ཀུན་དགའ་རིན་ཅེན་འདི་མ་བྱོན་ནས་ས་སྐྱ་བའི་བསྟན་པ་འདི་གྲུམ་ཙེ་གུང་མེད་འདྲ་བའི་མཐའ་ཡོད་ཀྱང་(༡༠༩ན)


GLG009_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་མེད་པ་ཞིག་ཡོང་ངེས་སུ་འདུག་ཀྱང་བདག་ཆེན་འདིས་བསྟན་པའི་ཁུར་བཞེས་པ་ས་སྐྱ་པའི་འཕྲིན་ལས་མཐའ་དབུས་མེད་པར་རྒྱས་པ་འདི་རང་རེ་རྣམས་བློ་བག་བྲོ་བའི་ཚད་ཡིན་གསུང་ཞེས་བགྲོས་ལ་ལར་སྣང་བ་བར་སྐབས་སུ་ལྷ་ཁང་བླ་བྲང་པའི་ཉེ་གནས་ཀྱི་བརྒྱུད་པ་དང་ཤར་པ་སོགས་གདན་ས་ནང་དུ་དབང་ཆེན་མངས་པ། འཇམ་དབྱངས་ཆོས་རྗེ་ཡབ་སྲས་དང་ས་ལོ་རྣམས་ཀྱི་དུས་གནང་རེ་དཀའ་ཚོ་བདག་པོ་ཀུན་རིན་པས་ཚར་བཅད་ནས་སྡེ་མ་ལག་དང་བཅས་པ་འཇམ་དར་ལ་སོང་བ་འཇིག་རྟེན་ཕྱོགས་ནས་མཛད་གོ་ཆོད་གྲས་ལ་དགོངས་སྣང་བ་བདག་ཉིད་ཆེན་པོའི་མཛད་པ་ཇི་ལྟར་ཡང་དཔོན་ཆེན་གྱི་གྲས་ལ་ཆུད་ངེས་སུ་འདུག །ཆོས་རྒྱུན་གྱི་ཕྱག་རྗེས་ནི་ཤིན་ཏུ་ཆུང་། རྡོར་དབྱིངས་ཀྱི་བློས་སློང་དང་མགོན་སྐུ་བཤིག་པ་སོགས་གནང་སྒོ་ཇི་ལྟར་ཡང་བླ་མ་ཁྱི་དང་མཇུག་མགོའི་དཔེ་བཞིན་རྗེ་བླ་མས་ཐུགས་གཏིང་ནས་མ་གུས་པ་ནི་མཛད། གུས་པོ་རང་ནི་གནང་ཐབས་ཀྱང་མི་འདུག །གོང་གི་འཕྲོས་ལས། ཕྱོགས་འདིར་ས་ཆེན་བདེ་སྐྱིད་འོད་ཆགས་པ། །ཐལ་བ་ཇི་བཞིན་སྐྱ་བོར་སྒྱུར་བྱེད་ཅིང་། །དཀོན་ཅོག་རྟེན་དང་བསྟན་འཛིན་སྐྱེས་བུའི་ཚོགས། །འཇོམས་བྱེད་བདུད་དཔུང་ཚོགས་རྣམས་བཟློག་ཏུ་གསོལ། །ཞེས་རང་བཞིན་བརྗོད་པའི་རྒྱན་ཁོ་ནར་མཆིས། བདག་པོ་ཀུན་རིན་པའི་ཕུར་ཟོར་སྐྱེར་མདའ་འུག་སྒྲོ་མ་བོ་དོང་གི་འཇམ་དབྱངས་མཁྱེན་བརྩེའི་གཟིམས་ཆུང་གི་གདུང་མ་ལ་ཐེབས་ནས་རིང་པོར་མ་ལོན་པར་གཤེགས་པའི་མཐུ་སྐད་ནི་ཚག་མགོ་བུམ་ནང་དུ་བཙོས་པའི་གཏམ་རྒྱུད་ཁོ་ནར་འདུག་ཅིང་། ཁོང་གི་མཐུ་དེ་རྡོག་གི་གཟེ་མ་རྣོན་པོ་ཕྱོགས་ཀུན་ཏུ་འཛུག་པའི་དཔེ་བཞིན་ས་ལོ་(༡༠༩བ)


GLG009_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་རྡོར་ཡང་སྐུ་ཚེ་རིང་པོ་མ་བྱུང་བས་བརྒྱབ་པ་འདྲ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རཏྣ་གླིང་པའི་ལུང་བསྟན་ཆེན་མོར། ས་ཡི་ཕྱོགས་སུ་བླ་མས་སློབ་མ་བསླུཿ ཞེས་དང་། བྱང་ཆུབ་གླིང་པ་དཔལ་རྒྱན་གྱི་ཤུགས་གཏེར་འཁོར་འདས་རང་གྲོལ་གྱི་ཞུས་ལན་གསལ་བའི་སྒྲོན་མེ་ལས། མངའ་རིས་གདུག་པའི་དམག་འགོ་གཡོ༔ འཁོན་རིགས་ཀུན་ཞེས་བྱ་བས་འཁྲུག༔ ཁོལ་བུར་སྡུག་བསྔལ་ཅུང་ཟད་བསྐྱེད༔ ཅེས་སོགས་དོགས་པའི་གནས་མང་ཙམ་ཡོད་ཀྱང་གནས་ལུགས་ཤེས་ན་ཟོག་པོའི་མཚང་གི་དཔེ་ལྟར་སྤྲོས་པར་དགོས་པ་ཆུང་ཞིང་གང་ཤར་ཐམས་ཅད་ལྷ་དང་ལྷ་མོའི་རྣམ་པར་འཆར་བའི་དག་སྣང་གི་བདེན་ཁ་ཕུལ་ནས་རྩོད་པ་ཆོས་ཐོག་ཏུ་ཞི་བར་བྱེད་དོ། །དེ་ཡང་ཚོམས་ལས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་བཀྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །ཞེས་འོ་སྐོལ་གྱི་སྟོན་པ་བུ་རམ་ཤིང་པས་ཀྱང་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ནས་འགྲོ་བ་རྣམས་ཕན་བདེའི་ལམ་ལ་འགོད་པར་མཛད་པ་བཞིན། དམ་པ་འདི་ཉིད་ཀྱིས་མདོ་སྔགས་ཀྱི་ཆོས་ཚུལ་གདུལ་བྱ་སོ་སོའི་བློ་དང་འཚམ་པར་བསྟན་པས་མཆོག་རྣམས་ཀྱིས་ནི་བསྟན་པ་ཕྱོགས་བཞིར་སྐྱོང་བའི་དར་ཆེན་བཙུགས། ལ་ལ་དག་ཀློག་པ་ཐོས་བསམ་གྱི་སྒོ་ནས་འཆད་ཉན། འགའ་ཞིག་སྤོང་བ་བསམ་གཏན་གྱི་རིམ་པ་ལྷུར་ལེན་པའི་བཤད་སྒྲུབ་ཀྱི་ཆུ་རྒྱུན་རྗེ་བླ་མའི་འཕྲིན་ལས་མ་དྲོས་མཚོ་ལས་ཕྱོགས་བརྒྱར་འབབ། ས་སྐྱོང་བའི་བསྟན་པའི་སྦྱིན་བདག་སོགས་སྐྱེ་རྒུ་གྲངས་ཡས་པ་དཀོན་ཅོག་གསུམ་ལ་བླ་མར་འཛིན་ཅིང་འདི་ཕྱིའི་ལེགས་ཚོགས་སྒྲུབ་པ་ལ་སྦྱར་བའི་(༡༡༠ན)


GLG009_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་ཀྱི་མཐའ་ནི་བརྗོད་པའི་ཡུལ་ལྟ་ག་ལ་ཞིག །འོན་ཏེ་ཆེ་ལོང་རགས་རིམ་ཙམ་བརྗོད་ན། རང་བསྟན་ཁའུ་བྲག་རྫོང་པའི་ལུགས་སྲོལ་འཛིན་ངེས་ཀྱི་སྐྱེས་བུ་ནི། མཁྱེན་བརྩེ་ནུས་གསུམ་ཐམས་ཅད་ལ་འཇམ་དཔལ་རྡོ་རྗེ་མིའི་ཟློས་གར་ཅན་སྲས་ཀྱི་ཐུ་བོ་ཞ་ལུ་མཁན་ཆེན་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་སྤྱན་སྔ་རྗེ་བཙུན་བོད་མཁར་བ་མཻ་ཏྲི་བྱམས་པ་དོན་གྲུབ་རྒྱལ་མཚན། ཉམས་དང་རྟོགས་པས་བདག་རྒྱུད་ཡོངས་སུ་གྲོལ་བས་ཐུགས་རྗེས་གཞན་རྗེས་སུ་འཛིན་པ་ལ་འགྲན་པའི་ཟླ་དང་བྲལ་བ་རྩེ་ཚོགས་མཁན་ཆེན་གཞོན་ནུ་བློ་གྲོས། རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ལུགས་ལ་མ་འཇིགས་པའི་སྤོབས་པ་རྣམ་པར་དགེ་བ་ངམ་རིང་མཁན་ཆེན་བྱམས་པ་བློ་གྲོས་རྣམ་རྒྱལ། དབྱངས་ཅན་ལྷ་མོས་རྗེས་སུ་བཟུང་བས་གནས་ལྔ་རིག་པ་སྨྲ་བ་ལ་གཞན་དྲིང་མི་འཇོག་པའི་མཁྱེན་རབ་ཀྱིས་མཁས་པ་ཀུན་གྱི་གཙུག་གི་ནོར་བུར་གྱུར་པ་མཉན་ཡོད་བྱ་གཤོང་མཁན་ཆེན་མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། ལུང་དང་རྟོགས་པའི་ཡོན་ཏན་གྱི་ནོར་བུས་ཐུགས་རྒྱུད་ཡོངས་སུ་གཏམས་ཤིང་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་བསྟན་པའི་སྲོག་ཤིང་བོ་དོང་མཁན་ཆེན་བསླབ་གསུམ་རྒྱལ་མཚན། མཐུ་སྟོབས་ནུས་པ་རྭ་ལོ་གཉིས་པ་ལྟ་བུ་སྔགས་འཆང་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ཆོས་འཁོར་ཡང་རྩེའི་མཁན་ཆེན་བསོད་ནམས་ཆོས་འཕེལ། ཟབ་དོན་སྙན་བརྒྱུད་བདུད་རྩིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས་ཤིང་མཁན་ཆེན་ཐམས་ཅད་མཁྱེན་པའི་དངོས་ཀྱི་གདན་ས་བ་ཆོས་དབང་རིན་ཅེན་དཔལ་གྱི་རྒྱ་མཚོ། ཀུན་མཁྱེན་བསོད་ནམས་སེང་གེའི་ཆོས་ཀྱི་ཁྲི་ལ་མངོན་པར་འཛེགས་པ་མཁན་བྱམས་པ་རབ་བརྟན། ཟབ་(༡༡༠བ)


GLG009_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཆོས་ཀྱི་མངའ་བདག་སྨྱུག་ལ་མཁན་པོ་བསོད་ནམས་དབང་པོ། མདོ་རྒྱུད་རྒྱ་མཚོའི་གཞུང་ལ་བློ་གྲོས་ཀྱི་སྣང་བ་གཅིག་ཏུ་དཀར་བ་སྐྱེད་ཚལ་མཁན་པོ་རབ་བརྟན་དཔལ་འབར། མང་ཐོས་མཁྱེན་པའི་སྤྱན་ལྡན་མཁའ་རི་མཁན་པོ་བློ་གྲོས་ཆོས་འཕགས། རབ་འབྱམས་རྒྱུད་སྡེ་རྒྱ་མཚོར་མཁྱེན་པའི་སྤྱན་ཡངས་པ་འཇམ་དབྱངས་བྱང་གླིང་རྗེ་བཀྲ་ཤིས་རྒྱལ་མཚན། འཁྲུལ་ཞིག་བླ་མའི་རིགས་སྲས་ཟབ་དོན་རྟོགས་པའི་ཉི་མ་རྗེ་གཞོན་ནུ་སྟོབས་ལྡན། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་སྒྲུབ་མཐར་ཕྱིན་པ་མཆོད་དཔོན་དྲུང་ཀུན་དགའ་ལེགས་པ། བླ་མའི་ཞབས་ཏོག་ལྷུར་བླངས་པས་བྱིན་རླབས་ཐུགས་ལ་ཞུགས་ཤིང་སྙན་བརྒྱུད་ཟབ་མོའི་མཛོད་འཛིན་པ་མ་ཆེན་རྡོ་རྗེ་བཀྲ་ཤིས། ངེས་དོན་ཟབ་མོས་རྟོགས་པའི་ཀློང་རྡོལ་བ་འཕགས་མཆོག་བྱམས་པ་བསྐལ་བཟང་། བདག་ཆེན་རྡོ་རྗེ་འཆང་ཡབ་སྲས་ཀྱི་བསྟན་པའི་ཤིང་རྟ་ཆེན་པོ་དབོན་རིན་པོ་ཆེ་ཁྱབ་བདག་དབང་ཕྱུག་རབ་བརྟན། གཉན་མགོན་གདམས་པའི་སྲོག་ཤིང་མཁྱེན་རབ་ཀྱི་དབང་ཕྱུག་དྲུང་ཡིག་བྱམས་པ་དོན་གྲུབ། མདོ་ཁམས་གདུང་བའི་མུན་སེལ་ཆོས་གླིང་དྲུང་པ། མི་ཕྱེད་དད་པའི་དབང་ཕྱུག་རྗེ་མགོན་པོ་འོད་ཟེར། ཐོས་བསམ་སྒོམ་ལ་གཞོལ་བ་རྗེ་མགོན་པོ་རྡོ་རྗེ། སྤར་ཕུའི་གདན་ས་པ་པུ་ཏྲ་མིང་སྲིང་བྲན་དུ་འཁོལ་བའི་བྲག་ཆོས་པ་སོགས་དང་། རིས་མེད་པའི་བསྟན་པ་ཕྱོགས་བཅུར་སྤེལ་བ། རྒྱ་ཧོར་བོད་ཀྱི་སྐྱེ་རྒུ་མཐའ་དག་གི་གཙུག་ཏོར་རྩེ་མོར་ཞབས་ཟུང་འཁོར་ལོའི་རི་མོ་འགོད་པ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དཔལ་བཟང་པོ། ཀརྨ་བའི་བསྟན་འཛིན་ཆེན་པོ་རྒྱལ་ཚབ་རིན་པོ་ཆེ་གྲགས་པ་དོན་གྲུབ། མཆོག་གི་སྤྲུལ་སྐུ་མངའ་རིས་གཏེར་ཆེན་ཉི་ཟླ་འོད་ཟེར། བྱང་པ་རིགས་ལྡན་(༡༡༡ན)


GLG009_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པར་བྱོན་ཏི་ཤྲཱི་རྡོ་རིང་དབོན་པོ་ཀུན་དགའ་རྒྱལ་མཚན། ངོར་ཨེ་ཝཾ་ཆོས་ལྡན་གྱི་མཁན་པོ་ཐར་པ་རྩེ་པ་པཎ་ཆེན་ནམ་མཁའ་དཔལ་བཟང་། མཁའ་རི་ཆོས་སྡེའི་མཁན་པོ་ཀུན་དགའ་ལུང་རིགས། རྗེ་བཙུན་སྒོ་རུམ་པ་ཆེན་པོའི་དབོན་པོ་ངག་དབང་བསྟན་པའི་རྡོ་རྗེ། མངའ་རིས་རུ་ཐོག་པ་བླ་ཆེན་ནམ་མཁའ་གཟི་བརྗིད། ཀུན་མཁྱེན་ཚེ་དབང་བཀྲ་ཤིས་ཀྱི་དབོན་པོ་ཆོས་ཀྱི་རྗེ་རྣམ་རྒྱལ་བཀྲ་ཤིས། ཆོས་རྗེ་སྨོན་ལམ་པ། དགའ་གདོང་སློབ་དཔོན་ཤེས་རབ་རྡོ་རྗེ། བསྡུ་དངོས་བཞིའི་སྒོ་ནས་འགྲོ་བའི་དོན་མཛད་པ་རྗེ་བསམ་གཏན་རིན་ཅེན། སྟོབས་ལྡན་མང་པོའི་བླ་མར་གྱུར་ཅིང་སྣང་སེམས་ལ་དབང་འབྱོར་བ་དཔལ་སྡིངས་རབ་འབྱམས་པ་ཆོས་དཔལ་བཟང་པོ། གྲུབ་པ་ཚད་དུ་འཁྱོལ་བས་དོན་གཉིས་ལྷུན་གྱིས་གྲུབ་པ་ཆ་ལུང་གྲུབ་ཆེན་མ་བདེ་ལེགས་དཔལ་འཛོམ། ངེས་དོན་ཟབ་མོས་ཐུགས་རྒྱུད་གྲོལ་བ་རྗེ་རྫོགས་ཆེན་པ་བྱམས་པ་རིན་ཅེན་རྡོ་རྗེ། མཁས་པའི་དབང་པོ་མ་མ་བ་བྱམས་པ་རབ་དགའ། མྱུག་ཆོས་ལུང་པ་ཆོས་རྗེ་ནམ་མཁའ་མཐའ་ཡས། ཁྲོ་ཕུ་གདུང་བརྒྱུད། ཤངས་འབའ་ར་བ་བྱ་བཏང་ཆོས་གྲགས། མྱུག་པ་ཆོས་རྗེ་བསོད་ནམས་དཔལ་འབྱོར། རིན་པོ་ཆེ་དྲུང་རམས་ཆོས་རྗེ་བསོད་ནམས་ཚུལ་ཁྲིམས། རྗེ་བྱམས་པ་རབ་དཀར། ལོ་ཆེན་རྣམ་རྒྱལ་གྲགས་པ་སྐུ་མཆེད། བྲག་རམ་སློབ་དཔོན་པ། ཆོས་རྗེ་རིན་ཅེན་རྒྱལ་མཚན་གཙང་པ་རྡོར་རྒྱན་སོགས་དང་། བསྟན་པའི་སྦྱིན་བདག་ལྷ་རིགས་འ་ཞའི་ས་སྐྱོང་ནམ་མཁའ་སོགས་སྡེ་པ་གནས་གསར་བའི་ཞལ་ངོ་། སེ་དཀར་རིགས་ཀྱི་ཐིག་ལེ་མི་རྗེ་རིན་ཅེན་དཔལ་བཟང་སོགས་སྡེ་པ་འདར་པའི་ཞལ་ངོ་། ལུགས་གཉིས་ཀྱི་རྣམ་དཔྱོད་ཡངས་(༡༡༡བ)


GLG009_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡེ་པ་ཁྲི་ཁང་ནས་ཉིན་བྱེད་དབང་པོ་དང་དཔོན་ཆེན་རྒྱལ་བ་བཟང་པོའི་རིགས་བརྒྱུད་ཨོ་རྒྱན་གཞིས་ཀ་བ་མི་དབང་རིན་ཅེན་རྡོ་རྗེ། སྡེ་པ་སྤ་ར་ནས། སྡེ་པ་སྣང་རྩེ་བ་ནམ་མཁའ་ཚེ་བརྟན་རྡོ་རྗེ་སོགས་སྡེ་དཔོན་དཔོན་སྐྱའི་རིགས་མཆོག་དམན་དུ་མས་འདི་ཕྱིའི་སྐྱབས་མགོན་གླིང་དང་དཔུང་གཉེན་དུ་གསོལ་བ་མཐའ་དག་འདི་ཕྱི་བར་གསུམ་དུ་དགེ་བའི་ལམ་ཆེན་པོ་ལ་སྦྱོར་བ་མཛད། ཐུགས་རྩོམ་གྱི་རིམ་པ་ཆེ་ལོང་ཙམ་ནི། ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་གཙོ་མཛད་འདྲེན་པ་འགའ་ལ་བསྟོད་པའི་ཚིག་ལེའུར་བྱས་པ། སོ་ཐར་སྡོམ་རྒྱུན། གསུང་ངག་སློབ་བཤད། རྭ་འཁྲིད་མཁའ་འགྲོ་སྙན་བརྒྱུད། ལམ་ཟབ་རྡོ་རྗེ་རྣལ་འབྱོར་མའི་འཁྲིད། རྟ་མགྲིན་ཡང་གསང་། སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གསང་སྒྲུབ། ནེ་གུ་ཆོས་དྲུག །གྲུབ་རྒྱལ་ལུགས་ཀྱི་ཚེ་འཁྲིད། ཚེ་སྒྲུབ་ཞག་བདུན་མ། དམར་འཁྲིད། སྒྲོལ་དཀར་ཚེ་འཁྲིད། ཀུ་རུ་ཀུལླེ་ཕྱི་སྒྲུབ། འདོད་རྒྱལ་ཐུན་མོང་བ་དང་དཔལ་གུར་གྱི་མགོན་པོའི་ཕྱི་ནང་གསང་གསུམ་གྱི་འཁྲིད། དཔལ་མགོན་ཞལ་བཞི་པའི་གསང་འཁྲིད་རྣམས་ཀྱི་བརྒྱུད་འདེབས་དང་ཤམ་བུར་རང་རང་གི་ལམ་རིམ་དང་སྦྱར་བའི་སྨོན་ལམ་རྡོ་རྗེའི་ཚིག་རྐང་ལྟ་བུ་ཤིན་ཏུ་ངོ་མཚར་བ་དང་བཅས་པ། འཕགས་པ་སྤྱན་རས་གཟིགས་ཞི་དྲག་གསུམ། བཅོམ་ལྡན་འདས་མི་འཁྲུགས་པ། དཔལ་རྡོ་རྗེ་ནག་པོ་གུར་གྱི་མགོན་པོ། དཔལ་མགོན་ཞལ་བཞི་པ། རྗེ་བཙུན་མ་ཀུ་རུ་ཀུལླེ། རྟ་མགྲིན་གསང་སྒྲུབ། རྣམ་སྲས་སེར་ཆེན། མགོན་པོ་བེང་ཆེན། ཞ་ལུའི་དཔལ་ལྡན་མ་ལ་སོགས་ཏེ་ཡི་དམ་དང་ཆོས་སྐྱོང་སོ་སོ་ལ་བསྟོད་པ། བླ་མའི་རྣལ་འབྱོར། བླ་མ་ལྔ་བཅུ་པའི་འགྲེལ་པ་དངོས་གྲུབ་རིན་ཅེན་སྒོ་འབྱེད། སློབ་དཔོན་བསོད་ནམས་རྩེ་མོ། བདག་ཆེན་རྡོ་རྗེ་འཆང་། རྗེ་(༡༡༢ན)


GLG009_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་རྡོ་རིང་པ་གསུམ་གྱི་རྣམ་ཐར། རྗེ་ཉིད་ཀྱིས་དབུས་ལ་ཕེབས་པའི་ལམ་ཡིག་སོགས་ལོ་རྒྱུས་ཀྱི་སྐོར། ཀྱེ་རྡོར་མན་ངག་ལུགས་དང་འཇིགས་བྱེད་རྭ་ལུགས་ཀྱི་སྒྲུབ་མཆོད་ཀྱི་ལྷན་ཐབས། ཀྱེ་རྡོ་རྗེ་ཕྱི་ནང་གི་བསྐྱེད་རིམ་རྣམ་བཤད་ངོ་མཚར་བ། མགོན་པོའི་ཁོག་ཕུག་སྙན་བརྒྱུད་རིན་ཆེན་ལྡེ་མིག །ཕྱི་ནང་གི་འཁྲིད་ཁའུ་བྲག་རྫོང་པའི་རྒྱུན་གྱི་ཉམས་ལེན་ཞལ་ཤེས་ཀྱི་སྐོར། གཏོར་ཆོག་ཆེན་མོ། གཏོར་བཟློག་དགྲ་བགེགས་ཀྱི་སྟོབས་འཕྲོག་རོལ་པ། གཏོར་མ་གསུམ་གྱི་ཞལ་ཤེས་ཟུངས་འཛུགས། ཐུགས་ཆོག་ལ་སོགས་པ་མེད་དུ་མི་རུང་བའི་ཆོས་སྐོར། སྙིང་ཆུ་བསྲེ་བ། དྲི་བ་ལྷག་བསམ་རབ་དཀར། མགོན་པོ་ཁྲོ་བཅུ་དང་། ཞལ་བཞི་པ། ཕྱག་དྲུག་པ། མགོན་དཀར་བཞིའི་རྗེས་གནང་། ཞལ་སྒྲུབ་དུས་ཀྱི་རྗེས་གནང་ལྷན་ཐབས་ཞལ་གྱི་གསང་འཁྲིད། ཚེ་སྒྲུབ་སྲུང་འཁོར། གུར་མགོན་གྱི་བསྐང་གསོའི་ལྷན་ཐབས། པུ་ཏྲའི་སྒོས་བསྐང་། བེག་ཙེའི་ལས་བྱང་། མེ་འབར། ཁ་སྐོང་། སྙན་བརྒྱུད། གྱི་ལྗང་། དུད་སོལ། ཞལ་བཞི་པ། དམར་པོ་སྐོར་གསུམ་སོགས་ཀྱི་དཀར་ཆག །མགོན་པོ་ཆེ་ཆུང་ལས་མཁན་དང་བཅས་པའི་སྐོར་ལ་ཆོས་སྣ་བཞི་བཅུ་ལྷག་ཙམ་ཡོད། ཇ་མཆོད། གསུང་མགུར། ཆབ་ཤོག །སྒྲོལ་དཀར་ཚེ་འཁྲིད་ཟླ་བའི་ཆུ་རྒྱུན་སོགས་ཡོད་ལ། ཁྱབ་བདག་བཀའ་འགྱུར་བ་ཆེན་པོས་གསུང་འབུམ་པོད་གསུམ་མ་ཞིག་བཞེང་བ་གནང་འདུག་པ་ད་དུང་མ་འདུས་པ་ཁ་ཤས་ཡོད་པར་མངོན། དེ་དག་ཀྱང་ལེགས་པར་བཤད་པ་ཁོ་ན་མ་གཏོགས་རྩོམ་རྙིང་བརྐུས་པ། དོན་མེད་དོན་ལོག་སོགས་སྣག་ཤོག་གི་གྲོན་དུ་འགྲོ་བ་ཅི་ཡང་མ་མཆིས། ཞལ་སློབ་མཁས་པ་རྣམས་ཀྱིས་གསུང་རྒྱུན་ཟིན་བྲིས་སུ་བཀོད་པའི་རིགས་དོན་གྱི་རྗེ་བླ་མའི་(༡༡༢བ)


GLG009_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཡིན་མོད། དེ་ཙམ་རྒྱུ་མཚན་དུ་བྱས་ན་ཐུག་མེད་དུ་ཐལ་བས་འདིར་མ་བཀོད་དོ། །གཉིས་སྤངས་བླ་མའི་བརྡ་ཐབས་ལུང་བསྟན་བཞིན། །སེ་དཀར་རིགས་ཀྱི་ས་ལ་སྤྱོད་པའི་ཐོང་། །ཞབས་སེན་ཨུཏྤལ་ཆུན་པོ་ཉེར་བཅིངས་ནས། །འདི་ཕྱིའི་མདུན་མ་གྲུམ་རྩེར་ངང་གིས་མཛད། །མཐུ་སྟོབས་བརྒྱ་བྱིན་ཡན་ལག་རྣམ་བཞིའི་དཔུང་། །བསོ་སྒྲར་བཅས་ཏེ་མཚོན་ཆར་ཕབ་པའི་མོད། །མི་སྲུན་ལྷ་མིན་སྡེ་རིགས་བསྒྲལ་བའི་གཡུལ། །ཕམ་པས་གདོང་སྨད་མྱ་ངན་ཁང་བུར་བརྒྱལ། །ཀུན་ནས་ཡིད་དབང་དགའ་མས་འཁྲིད་པའི་གླང་། །རང་བསྟན་པད་དཀར་རྫིང་བུ་འདམ་བཞིན་དུ། །བརྫི་ཡང་བཟང་རྫུའི་གསེར་སྦྱངས་རྒྱན་མཛེས་པ། །བཤེས་གཉེན་རིན་ཆེན་བདུན་གྱི་བགྲང་བྱར་མིན། །ར་གན་གསེར་ཆུས་བྱུགས་དང་ས་ལེ་སྦྲམ། །སོ་སོར་སྤྱོད་ལ་འཁྲུལ་མེད་མཁས་པའི་ཚོགས། །ཁྱོད་ཞལ་བདུད་རྩི་བཏུང་བའི་རིང་ལུགས་མཐའ། །ནམ་མཁའི་སྐ་རགས་མ་དེས་གཞལ་ནུས་མིན། །རྣམ་དག་བརྗོད་པ་པིའུ་ཝང་ཡངས་པོའི་ཁོག །དོན་གྱི་རྒྱུད་མང་འཁྲོལ་བའི་པུསྟ་ཀཿ །ཤེས་ལྡན་ཡིད་དབང་འགུགས་བྱེད་སྙན་པའི་སྒྲ། །སྐལ་བཟང་སྐྱེ་རྒུའི་རྣ་བར་གཅིག་ཏུ་འཇེབས། །གསོལ་འདེབས་ལས། ཞིང་འདིར་མ་ལུས་གདུལ་བྱའི་དོན་གྲུབ་ནས། །རྗེ་བཙུན་བཀའ་ཡི་ཕོ་ཉས་སྤྱན་དྲངས་ཏེ། །ཟབ་ཡངས་མཁའ་སྤྱོད་དག་པའི་ཞིང་ཁམས་སུ། །དགེ་མཚན་དང་བཅས་གཤེགས་ལ་གསོལ་བ་འདེབས། །འོད་གསལ་ནམ་མཁའི་དབྱིངས་ལས་བཞེངས་པའི་སྐུ། །སྐལ་བཟང་མཆོག་གི་ཐུགས་མཚོར་གསལ་བར་བསྟན། །གཞན་ཡང་རྩེ་གཅིག་དད་ལྡན་བཀའ་འབངས་རྣམས། །སླུ་མེད་དབྱིངས་ནས་བསྐྱངས་ལ་གསོལ་བ་འདེབས། །(༡༡༣ན)


GLG009_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །མཁས་དང་གྲུབ་པའི་དབང་ཕྱུག་རྡོ་རྗེ་འཛིན། །འགྲན་ཟླ་ཀུན་བྲལ་དྲིན་ཅན་ཚར་པ་རྗེ། །རྣམ་ཐར་དྲན་ཞིང་སྙིང་ནས་གསོལ་བ་འདེབས། །ཞེས་མེ་ཏོག་འཐོར་བར་ཉེ་བའི་སྔོན་རོལ་ཏུ་རིན་པོ་ཆེ་བོད་མཁར་བའི་རྣམ་ཐར་ལས་རང་ལ་ཡོད་པའི་ཟང་ཟིང་གི་དངོས་པོ་རྣམས་ཀྱང་ཕུལ་བཀའ་ཆོས་འདྲ་ཡང་ཞུས། རྗེའི་ཞལ་ནས་ང་ལ་ཡང་དགྲ་འདྲ་ཡོད་པས་འདུལ་དགོས་པ་ཡོད་གསུང་ཡང་ན་སོ་རྒས་པས་མི་ཡོང་འདུག་པས་ངའི་དགྲ་ཁྱེད་སློབ་མ་རྣམས་ཀྱིས་འདུལ་དགོས་གསུང་། ཧ་ཅང་དགྲ་ཚན་ཆེ་ཤོས་འཁོར་བར་སྐྱུར་མཁན་དུག་ལྔ་ཡིན་པས་འདི་འདུལ་བ་ཡིན་མོད་གསུང་། ཡང་དུག་ལྔ་མེད་པ་བྱས་ན་ཡེ་ཤེས་ལྔའི་རྒྱུ་མི་ཡོང་འདུག་དེ་ཡང་མི་ཡོང་འདུག་གསུངས། བདག་ལ་ད་ཆོས་རྗེའི་དྲུང་དབུས་ལ་བྱོན་དབུས་སུ་དགོན་པ་ཆེ་ཆུང་གང་བྱུང་ཡང་ཞལ་བདག་མཛོད་གསུངས། དམ་ཚིག་དྲིལ་བུ་ཡང་འདི་འཁྲོལ་བར་མཛོད་གདུལ་བྱ་མང་པོ་ཡོང་སུན་པ་ཙམ་ཡོང་གསུངས་ཏེ་རྗེས་སུ་ཇི་ལྟར་གསུང་བ་བཞིན་བྱུང་། ཞེས་གསུང་གི་ཐ་མ་ལྟ་བུའི་ལུང་བསྟན་སྩལ། ཤིང་བྱའི་ལོ་བོ་དོང་ཕུན་ཚོགས་རབ་བརྟན་དུ་བཞུགས་པའི་ཚེ་གཟིམས་ཆུང་གི་སྦུག་ཅིག་ནས་རྗེ་བཙུན་རྡོ་རིང་པའི་གསུང་འདྲ་རུང་བའི་གདངས་ལས་ལན་ཅིག་ཁུར་བསྐྱེད་ལ་སྡོད་དེ་ནས་ངས་འབོད་མི་བཏང་གིས་གསུང་བ་དངོས་སུ་གསལ་བར་བྱུང་བ་ནས་ལོ་གཉིས་སོང་བ་མེ་ཕོ་སྟག་གི་ལོ་ཐུགས་དམ་འོད་གསལ་ལ་ཁྱབ་བདག་ཀུན་སྤངས་ཆེན་པོ་ཕེབས་ནས་ཆོས་རྗེ་ཡར་བྱོན་གསུང་བརྡ་ཡང་ཡང་མཛད་པ་ན་ཐུགས་ངེས་པར་བྱུང་བའི་རྟགས་ཕྱི་རོལ་སོགས་སུ་དུས་མ་ཡིན་པར་རླུང་ལྡང་བ། ས་གཡོ་བ། འཁྲུག་ལོང་སོགས་མི་དགེ་བའི་ལྟས་མང་དུ་ཤར། དེའི་ཚེ་ཐམས་ཅད་(༡༡༣བ)


GLG009_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ་ཀླུ་སྒྲུབ་རྒྱ་མཚོ་ལ་གྲང་མོ་ཆེའི་སྤེའུ་སེར་པོར་ཆོས་དུ་མ་སྩལ་ཞིང་གསུང་འཕྲོས་ཀྱི་ལྷོངས་ལ་ད་ལོ་དྲུག་ཅུ་རྩ་ལྔའི་ཐོག་དོག་ཆ་ཆེ་བ་ཡོད་ཟེར་ཡང་མ་ཤི་ཙམ་ཡོད་དམ་གསུང་བ་སོགས་ཀྱིས་མཚོན་ཞབས་འབྲིང་བ་དང་དྲུང་དུ་བྱུང་བ་དུ་མར་ཞིང་ཁམས་འཕོ་བའི་མདངས་ཀྱི་གསུང་མང་དུ་བྱོན་ཡང་། བདུད་ཀྱི་མཐུས་ཀུན་དགའ་བོས་དེ་བཞིན་གཤེགས་པ་མྱ་ངན་ལས་མི་འདའ་བར་གསོལ་བ་མ་བཏབ་པ་བཞིན་བུ་སློབ་དང་ཉེ་འཁོར་བ་རྣམས་ཀྱང་གཞན་འཕྲུལ་དབང་བྱེད་ནས་རྨོངས་བྱེད་ཀྱི་མདའ་བསྣུན་པ་ལྟ་བུས་བརྟན་བཞུགས་གསོལ་འདེབས་ཀྱི་རིགས་མ་བྱུང་བ་དང་། གཙོ་བོར་ཞིང་འདིའི་གདུལ་བྱ་ཕལ་ཆེར་རྫོགས་ཤིང་བླ་མ་དམ་པའི་བཀའ་ལྟར་དག་པ་དང་མ་དག་པའི་ཞིང་ཁམས་རྒྱ་མཚོའི་ལུས་ཅན་འདྲེན་པ་ལ་ཐུགས་ལྷག་པར་སྤྲོ་བའི་ཚུལ་གྱིས་ཟླ་བ་བདུན་པའི་ཚེས་བདུན་བརྒྱད་སྐོར་ལ་གྲིབ་ཟས་ཤིག་གིས་བསླང་བའི་སྐུ་ཁམས་མི་བདེ་བའི་ཚུལ་བསྟན་པར་གསོས་སྨན་དང་སྐུ་རིམ་སོགས་ཞབས་ཏོག་པ་རྣམས་ཀྱིས་འབད་ནས་བསྒྲུབས་ཀྱང་དྭངས་སྐྱེད་མེད་པའི་ཚེས་བཅོ་ལྔའི་ཉིན་གཟུགས་སྐུ་མཚན་དཔེའི་དཀྱིལ་འཁོར་ཆོས་དབྱིངས་དག་པའི་ཀློང་དུ་སྡུད་པར་གཞོལ་བའི་འདའ་ཁ་མའི་ཐུགས་དམ་ཟབ་མོའི་ཏིང་ངེ་འཛིན་གྱི་ཚེ། འདར་བླ་བྲང་གི་ཚོམས་ཆེན་དུ་དགེ་འདུན་རགས་རིམ་གྱིས་རྗེ་བཙུན་རྡོ་རིང་པ་ཆེན་པོའི་སྐུ་བསྟོད་གསུང་བའི་ཚེ་སྡིངས་ཚབས་ཀྱིས་ཤླཽ་ཀ་གཅིག་དཀྱུས་ནས་ཆད་པ་རྗེ་བླ་མས་ཐུགས་དམ་གྱི་ངང་ནས་མཁྱེན་ཏེ་ཏིང་ངེ་འཛིན་ལས་བཞེངས་ནས་ཤླཽ་ཀ་འདི་ཆད་སོང་བས་བསྐྱར་ནས་ཐོན་གསུང་བ་དཔལ་མར་མེ་མཛད་ཀྱིས་སྦྲུལ་གྱི་ཤུན་པ་བརྗེས་ཀྱང་སྦྲུལ་མི་འཆི་གསུངས་པ་བཞིན་སྐྱེ་འཆི་ལ་རང་དབང་ཐོབ་པའི་གང་ཟག་གནས་ཁང་གཅིག་ནས་(༡༡༤ན)


GLG009_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་འཕོ་བ་ཙམ་གྱི་ཉམས་ལས་མེད་པས་བློས་གཞལ་བ་དཀའ་བ་ཡིན་ནོ། །ཁ་སང་ཕན་ཆད་དཀར་ཕྱོགས་ཀྱི་ལྷ་རྣམས་མྱ་ངན་གྱིས་གདུངས་པའི་ཤུགས་ཀྱི་གནམ་ས་བར་གསུམ་གྱི་ལྟས་མི་ལེགས་པ་མང་བ་འདི་ནས་བཟུང་ནམ་མཁའ་བཻཌཱུཪྻ་མཐིང་ཁའི་མདོག་ལྟ་བུ་ལ་འཇའ་ཚོན་པིར་གྱིས་བྲིས་པ་ཇི་ལྟ་བ་འཁྲིགས་ཤིང་མེ་ཏོག་གི་ཆར་ཆལ་ཆིལ་དུ་འབབ་པ་སྔར་ཚོར་མ་མྱོང་བའི་དྲི་ངད་བཟང་པོས་ཁྱབ་པ་སོགས་ལྷ་རྣམས་ཀྱིས་མཆོད་པ་བསམ་གྱིས་མི་ཁྱབ་པ་སྤྲོས། ཏིང་ངེ་འཛིན་དེའི་ངང་ནས་ལམ་གྱི་འཕྲོ་རྫོགས་པར་མཛད་དེ་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་མངོན་དུ་གྱུར་པས། མཁྱེན་བརྩེའི་ཞབས་ཀྱིས། ཞིང་འདིའི་མཛད་པ་ལེགས་པར་མཐར་ཕྱིན་ཚེ། །ཀུན་སྤངས་ཆེན་པོས་བྱོན་ཞེས་བསྐུལ་བའི་མཐུས། །བགྲང་ཡས་ངོ་མཚར་ལྟས་དང་ལྷན་ཅིག་ཏུ། །མཁའ་སྤྱོད་གནས་སུ་གཤེགས་ལ་གསོལ་བ་འདེབས། །ཞེས་སོ། །དེའི་ཚེ་རྗེ་མར་པ་ལོ་ཙཱ་ལ་ནཱ་རོ་ཏ་པས་པུཥྤ་ཧ་རིར་མཛད་པ་བཞིན་ཐུགས་ཀྱི་སྲས་དུ་མ་ལ་དག་པ་ཡེ་ཤེས་ཀྱི་སྐུ་དངོས་སུ་འདི་དང་ལོ་མང་སོང་ནས་ཀྱང་བསྟན་ཏེ་ཆོས་འཆད་ལུང་བསྟན་དབུགས་དབྱུང་རྒྱ་ཆེར་མཛད་པ་དཔེར་ན་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་གཟིགས་སྣང་ལ་མདུན་གྱི་ནམ་མཁའི་དབུས་སུ་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ། གཡས་སུ་སྤྲུལ་སྐུ་ཤཱཀྱ་ཐུབ་པ། གཡོན་དུ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་གསལ་བར་གཟིགས། རིན་པོ་ཆེ་བོད་མཁར་པས་གོ་ཡབ་གྱི་གདན་ས་བཞག་ནས་དབེན་པ་བསྟེན་བཞེད་པའི་དུས་ཚེས་བཅུའི་ཐོ་རེངས་ཤིག་རྗེ་བླ་མ་ཕེབས་ནས་སྤྱན་ནན་ཆེར་གཟིགས་ཏེ་གསུངས་པ་རྣམ་ཐར་དུ། ངེད་རང་ལ་སློབ་མ་ཨ་རེ་མང་ཡོད་ཀྱང་ཆོས་རྗེའི་དྲུང་དམ་ཚིག་དང་སྡོམ་(༡༡༤བ)


GLG009_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གནས་ཤིང་བྱང་ཆུབ་ཀྱི་སེམས་དང་ལྡན་པས་བླ་མ་དང་བསྟན་པ་ལ་བསམས། བརྩོན་འགྲུས་དྲག་པོས་སྐྱོ་ངལ་སྤངས་ནས་གཞན་དོན་བྱེད་དགོས་པ་ཡིན། ད་ལྟ་བཤད་སྒྲུབ་ཀྱི་བསྟན་པའི་རྗེས་སུ་འཇུག་པ་ཡོད་ཙམ་གྱི་དུས་འདིར་འཆད་ཉན་ཐོས་བསམ་བྱས་ན་ཕན་ཡོན་གཞན་ལས་ཆེ་བ་ཡིན། གཞན་དོན་མི་ཡོང་བ་ཞིག་ཡིན་ན་སྒྲུབ་པ་ཁོ་ན་བྱེད་པ་ཁེ་ཆེ་མོད་དེ་འདྲ་ནི་མ་ཡིན། ཡང་འདི་ཡིན་གྱི་མཛུབ་མོ་འཛུགས་རྒྱུ་མེད་པར་དཔེ་ཉོག་མང་པོ་བལྟས་པའི་འཆད་ཉན་ལ་སྙིང་པོ་ཅི་ཡང་མེད། བླ་མ་གོང་མ་ཚད་ལྡན་གྱི་དགོངས་པ་དང་མཐུན་ཞིང་རང་གི་བླ་མ་ཚད་ལྡན་གྱི་ཞལ་ནས་བརྒྱུད་པའི་ཆོས་ཐོས་བསམ་སྒོམ་གསུམ་གྱི་སྒྲོ་འདོགས་བཅད་པའི་ངེས་ངེས་དེ་རང་གཞན་ལ་ཕན་ཐོགས་པ་ཡིན། ཞེས་བྱུང་ཞིང་། རིན་པོ་ཆེ་ཡོལ་པ་གཤེགས་ཁར་སྟེང་མཐོངས་སུ་རྗེ་བླ་མ་ཕེབས་པའི་སྐུ་རྡོ་རྗེ་འཆང་དངུལ་ཆུ་ལྟ་བུར་སོང་ཚུལ། མཁན་ཆེན་བསླབ་གསུམ་པས་རྗེ་དབང་ཕྱུག་རབ་བརྟན་ལ་ལམ་དབང་གནང་དུས་རྣམ་ཐར་དང་། རྗེ་ཉིད་ཀྱི་བཞུགས་སའི་མདུན་གྱི་ནམ་མཁར་ཚར་ཆེན་ཆོས་ཀྱི་རྒྱལ་པོ་དང་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་ཡབ་སྲས་གཉིས་དབང་མ་གྲོལ་བར་བཞུགས་ནས་དབང་བསྐུར་གྱི་ཆོ་ག་མཛད་ཀྱིན་འདུག་པ་ལ་ཁོང་ཡབ་སྲས་ཀྱི་དབང་བསྐུར་ཇི་ལྟ་བ་བཞིན་ཁྱེད་རྣམས་ལ་བཤད་པ་ཡིན་ཨང་། དེ་འདྲའི་དགའ་བ་ལ་ཨང་ཞེས་བྱུང་། སྔགས་འཆང་རིན་པོ་ཆེའི་རྣམ་ཐར་ལས། རྨི་ལམ་ན་རྗེ་བླ་མ་ཚར་ཆེན་ཉིད་སྔོན་དུ་གསུང་ངག་རིན་པོ་ཆེ་གནང་བའི་དུས་སུ་ལམ་ཟབ་གནང་བའི་སྐབས་ཀྱི་སྐུའི་གཟི་བྱིན་དང་ཞལ་འཛུམ་ན་བཟའ་སོགས་ཇི་ལྟ་བ་མཛད་ནས་ཁྱོད་ཀྱིས་བསྟན་པ་རིན་པོ་ཆེའི་བྱ་བ་ལྷུར་བླངས་ནས་སྙན་བརྒྱུད་ཐུན་མོང་མ་ཡིན་པའི་བསྟན་པ་ཡོངས་རྫོགས་ཀྱི་ཟབ་ཆོས་འདི་ཉིད་(༡༡༥ན)


GLG009_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྡེ་ནས་གསུངས་པའི་གནས་སུ་འཆད་པར་གྱིས་ཤིག་གསུངས་བྱུང་བ་དང་གཉིད་སད་བྱུང་བས་དེ་ལྟ་བུའི་བླ་མ་དང་མཇལ་གསུང་གི་བདུད་རྩི་ཟབ་མོ་ཐོས་པའི་དུས་ཀྱང་བྱས་སྙམ་མཆི་མ་མང་དུ་ཤོར་ཚེ་རབས་ཀུན་ཏུ་གདུལ་བྱའི་ཞིང་ཁམས་སུ་སྐྱེ་བ། དེ་ནས་ཀྱང་རྗེས་སུ་འཛིན་པ་ཞིག་སྙམ་པའི་གསོལ་བ་ཕུར་ཚུགས་སུ་བཏབ་ཅེས་དང་། དེ་ཉིད་ལས། འདར་དུ་གསུང་ངག་བཤད་སྐབས་དེ་དུས་ཟླ་བ་གསུམ་ཙམ་སོང་བའི་བསྐྱེདརིམ་གྱིས་མངལ་འབྱིན་པའི་དམིགས་པ་གལ་གནད་ཤིན་ཏུ་ཆེ་བ་ཞིག་གི་དུས་སུ་ཐེ་ཚོམ་ཅུང་ཟད་ཡོད་པ་ཞིག་བྱུང་བ་དེ་དེ་ནུབ་ཐོ་རངས་ཁའི་དུས་སུ་རྨི་ལམ་ན་ཞབས་དྲུང་རྗེས་ཞུ་སྣ་མཛད་རྗེ་བཙུན་ཚར་ཆེན་དང་སྔོན་གྱི་གཞི་བསྙེན་སྐབས་སུ་ཕེབས་པའི་བླ་མ་ཡབ་སྲས་རྣམས་ཞལ་འཛུམ་ལྟ་བར་མི་བཟོད་པ་ལྟ་བུའི་དགྱེས་པའི་རྣམ་འགྱུར་ཇི་སྙེད་གནང་། དེ་ནས་སྔོན་གྱི་བླ་མ་ཉིད་ཀྱིས་སྐད་ཅིག་ལ་སྤྱན་ནམ་མཁར་གཟིགས་པ་དང་དཔའ་བོ་དང་མཁའ་འགྲོ་ཡིན་ཞུ་བས་ཆར་སྤྲིན་ལྷགས་པ་ལྟར་བྱས་འཇའ་ཚོན་ལྷམ་མེ་བ་ཞིག་བྱས་སོ། །དེ་ནས་བདག་གི་དོགས་པ་ཕྲན་བུ་འདི་སེལ་བ་ཞིག་ཞུ་སྙམ་པ་ན། ཨེ་མ་ལེགས་པའི་ལམ་ལ་ལེགས་སོ་ཞེས། །དེ་ག་ཡིན་པས་བཀའ་སྩལ་མི་དགོས་ཏེ། །ལོགས་སུ་ཡོད་པའི་འབྲས་བུ་ཏིལ་ཙམ་མེད། །བློ་གྲོས་ལྡན་པ་ཁྱོད་ལ་ཅི་ཞིག་དགོས། །གསུང་བ་ཞིག་གཉིད་ཁོངས་སུ་ཟིན། དེ་ནས་མེ་ལོང་ལ་ཧས་བཏབ་པ་ལྟར་ཡལ་བ་དང་གཉིད་སད། ཨེ་མ་ངས་འདི་ལྟ་བུའི་ལམ་ཚང་བ་མ་ནོར་བ་ཐོས་ལན་བསྐྱལ་བ་ལྟ་བུ་ལའང་ཐུགས་དགྱེས་དགྱེས་གནང་བ་ནི་བསྟན་པ་ཉམས་དམའ་བར་འདུག་སྙམ་པའི་བློ་ལ་འཁུ་འཕྲིག་ཆེན་པོ་དང་དད་པའི་དཔལ་འབར་བའི་དགའ་སྤྲོ་དང་། སྙིང་ཆུ་མིག་(༡༡༥བ)


GLG009_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བབས་ལྷན་ཅིག་བྱུང་། བསམས་ཙ་ན་ང་རང་སྐལ་བཟང་སྙམ་པའི་བློ་བདེ་ཕུགས་སུ་ཆུད་བལྟོས་བཅས་ཀུན་ཀྱང་ལུགས་གཉིས་བྱ་བ་ཕྲ་རགས་གང་ལའང་གེགས་ཀྱི་མཚན་མ་མི་འབྱུང་བ་ཞིག་ལགས་ཞེས་དང་། དེ་ཉིད་ལས། འདར་དུ་སྐྱེ་བདུན་རིལ་སྒྲུབ་སྐབས་ཞག་ལྔ་སོང་བའི་སྔ་ཐུན་གྱི་བར་ལ་གཉིད་ཀྱི་རྣམ་པ་ཐུང་ཙམ་བྱུང་བའི་རྨི་ལམ་ན་རྗེ་བཙུན་སྤྲུལ་སྐུ་ཆེན་པོ་པདྨ་རྒྱལ་པོའི་སྐུ་ཉིད་མྱུག་རྒྱལ་ཁང་དུ་སྐྱེས་བདུན་སྒྲུབ་པའི་སྐབས་ཀྱི་སྐུའི་མདངས་ཇི་ལྟ་བ་དང་གཡས་ན་འཁྲུལ་ཞིག་ཆོས་སྐྱོང་བསོད་ནམས་ཡིན་ཟེར་བའི་སྐུ་གཟི་བརྗིད་ཆེ་བ་ཞིག་དང་། གཡོན་ན་ཚར་ཆེན་ཡབ་སྲས་དང་བཅས་དགྱེས་པའི་ཞལ་འཛུམ་གྱི་མདངས་གསལ་ལེ་བ་བྱས་པ་ཞིག་རྨིས་པ། གཉིད་དྭངས་པ་ན་ཨེ་མ་ཧོ་ང་ཡང་བསོད་ནམས་ཆེ། དེ་ལྟ་བུའི་སླུ་མེད་ཀྱི་བླ་མ་རྣམས་དང་མཇལ་སྙམ་པ་དང་། ད་སྙིང་པོ་བདག་དང་བདག་ལ་བལྟོས་པ་ཐམས་ཅད་ཨོ་རྒྱན་བླ་མའི་དྲུང་དུ་སྐྱེ་ངེས་ཀྱི་སྨོན་པ་ཡིད་ཆེས་ངེས་ཤིག་བཏབ། ཅེས་དང་། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་དཔལ་ཕུག་ཏུ་བཞུགས་སྐབས་དག་སྣང་དུ་གསུང་ངག་གནང་བའི་ཐུགས་ཉམས་ཤར། ཡར་ཀླུངས་བཀྲ་ཤིས་རྩེ་ཆོས་སྡེར་ལམ་འབྲས་འཛུགས་པ་མཛད་སྐབས་འོད་གསལ་དུ་ཡང་ཡང་ཞལ་གཟིགས། འདར་རྣམ་རྒྱལ་སྟག་རྩེར་མནལ་ལམ་དུ་རྗེ་བླ་མའི་ཞབས་གཉིས་དབུ་གཙུག་ཏུ་བཞག་ཕྱག་གཉིས་ཀྱིས་ཞལ་འགྲམ་སྐྱོར་ནས་བྱིན་རླབས་གནང་དུས་ཨོ་རྒྱན་དངོས་ཡིན་དགོངས་པའི་ཚེ་དེའི་སྐུར་གྱུར། རྣམ་པ་དེ་ལྟར་ཤར་ཡང་ངོ་བོ་ཕ་བླ་མར་ཐག་ཆོད་པའི་མོས་གུས་ཀྱི་ངང་ནས་མནལ་སད་ཚེ་དབུ་གཙུག་ཏུ་ཞབས་དྲོད་ཀྱིས་ཚ་ཆིལ་ལི་བ་བྱུང་བས་མཚོན་ཏེ་དངོས་སློབ་ཡང་སློབ་མང་པོར་ཞལ་སྟོན་ཆོས་གསུང་བྱིན་རླབས་གེགས་སེལ་བོགས་(༡༡༦ན)


GLG009_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་ལུང་བསྟན་གནང་བ་སོགས་མང་། རྗེ་བོད་མཁར་བའི་རྣམ་ཐར་དུ། རྨི་ལམ་ལ་ཚར་ཆེན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ན་བཟའ་སོགས་ཤིན་ཏུ་བཟང་བ་སྐུ་ལ་འོད་འཕྲོ་བ་དང་བཅས་ཕྱོགས་ཤིག་ལ་ཐེགས་སོང་བ་དང་རྗེའི་དྲུང་ལ་བལྟོས་པ་རྣམས་ངས་རྗེས་སུ་འཛིན་ནོ་གསུངས་སྤྱན་ཅེར་བ་ཞིག་གཟིགས་པ་རྨིས། དེ་ནས་རིང་པོར་མ་ལོན་པར་ཕ་བླ་མ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་ཟེར་བའི་སྐད་ཆ་བྱུང་བ་ཡུག་ཅིག་འདི་བྱ་དང་འདི་བྱེད་མེད་པའི་ངང་ལ་འདི་རྨི་ལམ་ཡིན་ལ་ཆེ་བསམ་པ་དང་། དེ་ལས་སད་དེ་ཀྱེ་མ་ཀྱི་ཧུད་ཤིན་ཏུ་འཇིགས་སུ་རུང་བའི་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པའི་དེད་དཔོན་ཆེན་པོ་ལན་ཅིག་རྙེད་པ་དེ་ཉིད་རྨི་ལམ་སྒྱུ་མ་བཞིན་དུ་ཡལ་ནས་ཐལ་ད་མགོན་མེད་པའི་བདག་སོགས་འགྲོ་བ་རྣམས་ཇི་ལྟར་བྱེད་བསམས་པ་དང་། མིག་མཆི་མས་གང་སེམས་ལ་བཟོད་གླགས་མེད་པའི་སྡུག་བསྔལ་དཔག་ཏུ་མེད་པ་བྱུང་། སླར་བསམ་བློ་ལ་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང་བླ་མ་གོང་མ་ཚང་མས་མྱ་ངན་ལས་འདས་པའི་ཚུལ་བསྟན་ཁོང་རྣམས་བདེ་བ་ནས་བདེ་བའི་ཞིང་དུ་གཤེགས་པས་ཁམ་ཆེ། སྙན་བརྒྱུད་ཀྱི་གདམས་པ་རྣམས་ནི་ཐོབ་རང་རེ་ཆོས་གཤའ་མ་ཞིག་བྱེད་དགོས། ད་དུང་གནས་གསར་ནས་རྗེ་དྲུང་རིན་པོ་ཆེ་ལྟ་བུ་ཡང་བཞུགས་བསམས་པ་དང་འཇིག་རྟེན་ཕྱོགས་ནས་ངེད་རང་ཚོའི་བྱུང་ཚུལ་ཡང་དྲན་སྔོན་ནས་བསམས་པའི་གནས་དེ་ལྟ་བུ་ཞིག་ཏུ་ཐུགས་དམ་བྱེད་པ་ལས་གཞན་ཐབས་མེད་བསམ་པ་ཤར་ཞེས་བྱུང་བ། རང་སེམས་བླ་མའི་ངོ་བོར་ཐག་ཆོད་པའི་སྐྱེས་བུ་དེ་འདྲ་ལའང་། དེ་བཞིན་གཤེགས་པའི་སྔོན་རོལ་ཏུ་མཆོག་ཟུང་ཉིད་ཞིང་ཁམས་(༡༡༦བ)


GLG009_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

འཕོས་པ་བཞིན་ཐུགས་ལ་མི་བཟོད་པའི་ཚོར་བ་དྲག་པོ་བྱུང་ན་ཐ་མལ་པ་དག་ལྟ་ཅི་སྨོས་པས་ཕྱོགས་དེའི་སྐྱེ་བོ་རྣམས་ཆོ་ངེ་འདོན་པ་དང་བརྒྱལ་བ་སོགས་ཉམ་ཐག་པའི་རྣམ་འགྱུར་སྣ་ཚོགས་པ་སྟོན་ཞིང་། འདར་བ་བསོད་ནམས་ལྷུན་གྲུབ་ལོ་ངོ་བཞི་ཙམ་ལོན་པ་ཞིག་ཀྱང་སྟོད་ལ་འཚངས་པ་བྱུང་བ་ནའང་རྒྱལ་བ་ཉི་མའི་གཉེན་ཆོས་ཀྱི་དབྱིངས་སུ་གཟུགས་སྐུའི་བཀོད་པ་བསྡུས་ཀྱང་འོད་སྲུངས་ཆེན་པོ་སོགས་བསྟན་པའི་གཏད་རབས་རིམ་བྱོན་ལྟར། རྗེ་བླ་མ་དམ་པ་ལ་རེ་བལྟོས་འཆའ་བའི་གདུལ་བྱ་རྣམས་རྗེས་སུ་འཛིན་པར་ཞལ་སྐྱིན་ལྟ་བུའི་ཞལ་སློབ་ཀྱི་འདྲེན་མཆོག་འདི་ལྟ་བུ་ཡོད་དོ་ཞེས་དབུགས་དབྱུང་བ་ལ་ཆེད་དུ་བསྔགས་པ་ལྟར་རིམ་གྱིས་ཕྱོགས་ནས་འདུས་ཤིང་སྐུ་གདུང་ཟ་མ་ཏོག་ཏུ་མ་བཞུགས་པའི་གོང་དུ་ཚོགས་པ་རྣམས་ལ་པུར་མཇལ་སྐུ་གདུང་ཡིད་བཞིན་གྱི་ནོར་བུར་ཤིང་ལས་ཐང་ཆུ་བཞིན་སྐུ་རྔུལ་ཞུ་བ་ཤེལ་དཀར་གྱི་འཁྲི་ཤིང་ལྟ་བུ་གསལ་ལ་འཚེར་བ་ཀུན་གྱི་མཐུན་སྣང་དུ་གྲུབ་པའི་དགེ་མཚན་མཐའ་ཀླས་པ་བྱུང་། ཞལ་སློབ་འགངས་ཆེ་བ་རྣམས་དང་། ཆོས་སྡེ་ཁག །བསྟན་པའི་སྦྱིན་བདག་གནས་གསར་བ་དང་འདར་པ་སོགས་ཀྱིས་ཐོག་དྲངས་མདོར་ན་སྐྱ་སེར་དྲག་ཞན་མཐའ་དག་གིས་སྙན་དར་མཆོད་པ་སྣ་ལྔ་སོགས་ཆེ་འབྱོར་ཆུང་འབྱོར་དང་། འདར་སྟོད་རྣམ་རྒྱལ་སྟག་རྩེ་ནས་སྡེ་པ་ཡུམ་སྲས་ཀྱིས་འགན་བླངས། བླ་བྲང་གཉེར་ཚང་། བོ་དོང་ཕུན་ཚོགས་རབ་བརྟན་སོགས་ནས་དགེ་འདུན་མང་པོར་བསྙེན་བཀུར་ཏེ་ཀྱེ་རྡོར་གཙོ་བོར་གྱུར་པའི་དཀྱིལའཁོར་དུ་མ་ཞལ་འབྱེད་ཀྱི་ཆོག་གྲའི་ཚེ་རྡོ་རྗེ་སློབ་དཔོན་རིགས་ཀུན་ཁྱབ་བདག་ཆེན་པོའི་སྐུར་བཞེངས་པ་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པའི་ཚོགས་གསོག་རྒྱ་ཆེར་བསྒྲུབས་སྐབས་ཉིན་ཞག་མང་པོར་མེ་(༡༡༧ན)


GLG009_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་གི་ཆར་དང་འཇའ་འོད་ཀྱི་གུར་སོགས་ཕྱོགས་དེར་འདུས་པ་མཐའ་དག་ངོ་མཚར་དང་དད་པའི་སྤུ་ལོང་གཡོ་བར་གྱུར། སྐུ་གདུང་རིན་པོ་ཆེར་དར་ཟབ་ཀྱི་ན་བཟའ་དང་དྲི་བཟང་གི་ཕྱེ་མའི་སྲི་ཞུ། ཉེས་པའི་སྐྱོན་སེལ་བའི་སླད་དུ་ཚྭ་སོགས་ཀྱི་ཞབས་ཏོག་དང་བཅས་རིན་པོ་ཆེའི་སྒྲོམ་བུར་བཅུག་སྟེ་ཉིན་རེ་བཞིན་མཆོད་པ་སྣ་ཚོགས་པའི་བཀུར་སྟི་ཆད་པ་མེད་པའི་ངོས་ལོ་བཅོ་ལྔ་སོང་བ་ལྕགས་མོ་སྦྲུལ་གྱི་ལོ་སྡེ་པ་རིན་ཅེན་དཔལ་བཟང་བ་མཆེད་སོགས་དད་པ་དང་གཏོང་བ་ཕུན་སུམ་ཚོགས་པའི་སྦྱིན་པའི་བདག་པོ་ཆེན་པོས་གསེར་གདུང་ཐོག་ཚད་ཕྱེད་གཉིས་ཙམ་ལ་སྡེ་པ་རིན་ཆེན་དཔལ་བཟང་མཆེད་ཀྱི་གཡུ་པད། ཡུམ་ཨ་མཛེས་རྒྱལ་མོའི་གཡུ་ཀྲེལ་རྣ་བརྒྱངས་ཀྱིས་གཙོས་གཡུ་མུ་ཏིག་བྱུ་རུ་སྤོས་ཤེལ་སོགས་ཀྱི་ཕྲ་རྒྱན་ཕྱུག་པ་དང་བཅས་བཞེངས་པའི་ཐོག་མའི་གེགས་སེལ་ནས་གཟུང་བཞུགས་རབ་གནས་ཀྱི་བར་ཐུགས་སྲས་དམ་པ་མཚུངས་མེད་སྔགས་འཆང་ཆེན་པོས་མཛད་པ་ནི་རྣམ་ཐར་ལས། དེ་ནས་རྗེ་བཙུན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོའི་རིང་བསྲེལ་ཕུང་པོ་གསེར་གདུང་རིན་པོ་ཆེའི་ཞལ་བཀོད་བདག་ལ་བར་ཆད་ཞི་ཕྱིར་སྲུང་འཁོར་དང་ལྷག་པར་རྒྱུ་དང་ཟངས་བཟོ་བ་རྣམས་ལ་བགེགས་སྐྲོད་དང་བསྐྱང་ཆོག་བྱེད་དགོས་ཚུལ་གསུངས་བླ་མ་དྲག་པོར་ལངས་ནས་བྱས་པས་བར་ཆད་མཚན་མས་གླགས་བལྟ་བར་ག་ལ་ནུས། རྒྱང་གྲགས་ཚུན་ལ་བཀྲ་ཤིས་མངའ་གསོལ་མ་གྲུབ་བར་དུ་ཉེས་པའི་གོ་སྐབས་བྲལ། ལར་བླ་མ་དམ་པའི་ཐུགས་རྗེ་ལས་གནད་དུ་མི་འགྲོ་བ་བྱུང་དོགས་མེད། འོན་ཀྱང་སྲུང་འཁོར་ཆེད་བསྟད་ནན་བསྐྱེད་དེ་བསྒོམས་པ་དང་ཉིན་མཚན་དལ་མེད་དྲག་སྔགས་རྒྱུན་ཆད་མེད་པར་བཟླས། ཟླ་བ་དྲུག་གི་ཁོངས་སུ་ཡོངས་སུ་རྫོགས་ཏེ་རིན་པོ་ཆེའི་གདུང་ཉིད་མཆོད་རྟེན་(༡༡༧བ)


GLG009_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྤྱན་དྲངས་པའི་ཡེ་ཤེས་ཕྱིར་འབྲང་གི་བགེགས་སྐྲོད་འཇམ་དཔལ་ཞལ་དགུ་པར་ལངས་ཏེ་བྱས་པས་བདུད་རིགས་ཀྱི་ཚོགས་ཐམས་ཅད་བྱེར་ཞིང་དེར་ཚོགས་པ་ཀུན་ཀྱང་སྤུ་ཟིང་བྱེད་པ་མང་དག་བྱུང་འདུག །མཆོད་སྟེགས་སུ་ཕེབས་པ་དང་མཆོད་པ་དང་སྐུ་ཁྲུས་འབུལ་བ་སོགས་རྒྱས་པར་བྱས། པཉྩ་ལི་ཀ་སྣམ་སྦྱར་གྱི་གྲ་སྦུབས་ནས་གཉིས་མེད་ཀྱི་ཡེ་ཤེས་ལ་ཁ་དོག་མེད་ཀྱང་བདུད་རྩི་ཤེལ་དཀར་གྱི་གོང་བུ་གཅིག་ཏུ་བྱས་པ་ཚུལ་ཁྲིམས་ཀྱི་ཕུང་པོ་གོང་འཕེལ་དང་དྲི་བསུང་ཕྱོགས་བཅུར་འཕྲོ་བའི་སྤོས་དཀར་གྱི་རྡོག་མ་བདག་གི་པང་དུ་གནང་བྱུང་བས་སྒྲིབ་མེད་ཡེ་ཤེས་ཀྱི་ཐུགས་རྗེ་རྒྱུན་ཆད་མི་མངའ་ལགས་སོ། །དེ་ལྟར་རྒྱུ་རིན་པོ་ཆེ་གསེར་ལས་གྲུབ་པའི་གནོད་སྦྱིན་ཕོ་མོའི་འཁོར་ལོ་སྒྲུབ་པ་ཟླ་བ་ཙམ་བྱས་རྒྱུད་ནས་ཇི་སྐད་བཤད་པ་ལྟར་བཞུགས་སུ་གསོལ། མཐར་རབ་ཏུ་གནས་པ་རྒྱུད་སྡེ་ནས་གསུངས་པ་ལྟར་མཚན་ཉིད་ཚང་བའི་སྒོ་ནས་ཞག་གསུམ་སྦྲེལ་ཞག་བྱས། སྒྲུབ་པོ་སྦྱིན་བདག་དང་བཅས་པའི་ཚེ་དང་བསོད་ནམས་དཔལ་འབྱོར་གྱི་རྒྱུན་ཐམས་ཅད་གོང་འཕེལ་དུ་འགྲོ་བའི་ཕྱིར་རྒྱས་པའི་སྦྱིན་སྲེག་ཐུན་མོང་མིན་པའི་ཕྱག་ལེན་གྱིས་བརྒྱན་ནས་བྱས། ཞེས་བྱུང་ལ་གསེར་གདུང་རིན་པོ་ཆེའི་དབུ་ཐོག་ཏུ་གནམ་རྒྱན། སྙན་དར། ཏིང་ཀོང་བུ་མཎྜལ་མེ་དམ་སོགས་མཆོད་རྫས་ཀྱི་རིམ་པ་རྒྱ་དཔངས་མཐོ་བ། གདུང་རྟེན་གྱི་གཡས་སུ་རྗེ་བླ་མས་བཞེང་བ་མཛད་པའི་ལམ་ཟབ་དང་གཡོན་དུ་དགོངས་རྫོགས་ལ་དམིགས་པའི་ལམ་འབྲས་བརྒྱུད་པ་དང་བཅས་པ་བླ་མ་སོ་སོའི་སྐུ་མདུན་དུ་ཞལ་དཀར། བཟེད་ཞལ། ཞལ་བསིལ། ཌཱ་དྲིལ། དབང་བུམ། འབྲུ་ཕོར། ནང་མཆོད་ཀ་ལི་སོགས་ཉེར་སྤྱད་ཕུན་སུམ་ཚོགས་པ། བསྟན་པའི་སྦྱིན་བདག་འདར་ནས་ཀྱིས་ཞིང་དང་ནས་རྩ་སྦྱར་བའི་གསེར་གདུང་རིན་པོ་ཆེའི་དྲུང་དུ་(༡༡༨ན)


GLG009_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མེ་སྡོང་རྐང་བཅོ་བརྒྱད་རེའི་རྒྱུན་བཙུགས་པ་དེང་སང་ཡང་ནག་མེ་ལ་བརྟེན་པའི་ཕྱོགས་འདྲ་ཙམ་རེ་ཡོད་སྣང་། སྔགས་འཆང་རིན་པོ་ཆེས་ངའི་པུར་འདི་གདོང་དགའ་བ་མི་རྩ་མ་ཆད་བར་དེ་ཕྱོགས་ལ་ཁ་ཐོད་ལ་ཞོག་ཅེས་ཞལ་ཆེམས་ལྟར་གདུང་རྟེན་དུ་ཞུགས་པ་ལྕགས་སྟག་ལོ་དུས་བབས་ཀྱིས་ཞུགས་འབུལ་དགོས་པ་འགྱངས་པས་མེ་རང་འབར་ལྟ་བུའི་རྐྱེན་གྱིས་གཙུག་ལག་ཁང་ལ་མེ་གཤོར་བྱུང་དུས་རྗེ་འདི་ཉིད་གདུང་ཡང་མེས་བཞེས་མོད་དེ་ཡན་ཆོད་ཕྱོགས་དེའི་སྐྱེ་རྒུ་མཐའ་དག་གིས་ཤི་གསོན་གྱི་དགེ་བའི་ཕུད་གསེར་གདུང་ལ་འབུལ་ཞིང་། འདར་བའི་བྱ་བ་གང་གི་ཚེའང་ཟན་རིལ་བསྒྲིལ་བ་ལ་ཡིད་གཏོད་པར་སྣང་། མ་འགྱངས་པར་འདི་ག་ནས་གསེར་སྒ་དངུལ་སྒ་ཆ་འགྲིག་ལེགས་པ་རེ་དང་གོས་ཡུག་ལྔ་རྟ་སོགས་ཀྱི་ཡོན་སྦྱར་ཞིང་གཙོ་བོར་གདན་ས་ནས་འཇམ་མགོན་ས་སྐྱ་པ་ཆེན་པོས་ཐུགས་ཁུར་བཞེས་ཏེ་དངུལ་གདུང་ཐོག་ཚད་མ་ཕྲ་རྒྱན་དང་བཅས་གྲུབ་པའི་ནང་དུ་བདག་ཆེན་རིན་པོ་ཆེས་གདུང་ཚྭ་ཕྱག་དར་བ་མང་དུ་འཇུག་པ་གནང་བས་བྱིན་རླབས་ཀྱི་རྒྱུན་མ་ཉམས་པར་ཡོད། གཞན་ཡང་ཐུབ་བསྟན་དགེ་འཕེལ་དང་གྲང་མོ་ཆེ་གཉིས་ཀར་ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅོ་ལྔ་ལ་གཞི་རྟེན་སྦྱར་བའི་མང་ཇ། ཟླ་བ་བདུན་པའི་དུས་ཆེན་ཐོག་ཚེས་བཅུ་གསུམ་ནས་ཞག་བཞིའི་བར་ཀྱེ་རྡོར་སྒྲུབ་མཆོད། དེ་ཞོར་དུ་གྲང་མོ་ཆེར་ཚེས་བཅུ་བཞི་ནས་ཞག་གསུམ་གྱི་བར་དམར་ཆེན་གཏོར་བཟློག །གནོད་སྦྱིན་ཡབ་ཡུམ། པུ་ཏྲ་མིང་སྲིང་། བེག་ཙེ་ལྕམ་དྲལ། སྒོ་མ་བཞི། བྲན་བདུད། ནོར་བདག་ཡབ་ཡུམ་རྣམས་ཀྱི་འཆམས་སོགས་རྒྱས་པར་ཚུགས་པ་དེང་སང་གི་བར་དུ་མ་ནུབ་པར་གནས། གཞན་ཡང་སྡེ་པ་གནས་གསར་བ། ཁྲི་ཁང་པ། ཨོ་གཞི་བ་སོགས་སྦྱིན་(༡༡༨བ)


GLG009_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདག་པོ་རྣམས་ཀྱིས་སྒྲུབ་མཆོད་དུས་དྲན་གྱི་ཐེབས་སོགས་གནས་དགོན་མང་པོར་བསོད་ནམས་རྒྱ་མཚོའི་རླབས་འཕྲེང་དུས་ལས་ཡོལ་བ་མེད་པར་གྱུར་ཏོ། །མཐའ་ཡས་ཞིང་དུ་གྲངས་མེད་རྫོགས་སངས་རྒྱས། །འགྲོ་འདྲེན་ངལ་ཁུར་བཟུང་བཞིན་གངས་ལྗོངས་འདིའི། །གཉེན་གཅིག་བསུ་མར་འོངས་པའི་ཌཱ་ཀིའི་ཚོགས། །ཕྱོགས་འདི་ཁོ་ནར་བརྩེ་བྲལ་ཀྱེ་མ་ཧུད། །སེམས་ཅན་ཀུན་དོན་རིང་ནས་ཐུགས་བསྐྱེད་མགོན། །རྩོད་ལྡན་དུཿཁས་ཆེས་མནར་གདུལ་དཀའ་རྣམས། །བོར་ནས་ཆོས་དབྱིངས་བདེ་བའི་ཀློང་གཟིམས་ན། །ཞལ་འཆེས་རྡོ་བའི་རི་མོ་མིང་དུ་ཟད། །འོག་མིན་ཞིང་དུ་ཡེ་ཤེས་ཐེམ་སྐས་ལ། །བཤེས་གཉེན་མཆོག་དེ་འབྱོན་པར་གསོལ་བཏབ་ནས། །དབང་གཞུའི་གུར་ཁྱིམ་མནྡ་ར་བའི་ཆར། །ཐབས་ཀྱིས་སྐལ་དམན་འགྲོ་རྣམས་འབྲིད་འདི་ཅི། །ཚུར་མཐོང་སྐྱེ་བོ་མྱ་ངན་ཁང་བུ་རུ། །བརྒྱལ་མོད་གནས་ལུགས་རང་ངོ་ཤེས་པ་རྣམས། །སེམས་ཉིད་དག་པའི་ངོ་བོ་ཚར་པ་རྗེ། ཁྱབ་བདག་རྡོ་རྗེ་སེམས་གཞན་དམིགས་སུ་མེད། །འོན་ཏེ་ཆོས་ཀྱི་རྒྱལ་ཚབ་གནས་གསར་བས། །ཉེར་མཚོན་བསྟན་འཛིན་དཔྱིད་ཀྱི་གསེར་ལྡན་མ། །རྔུལ་ཆུའི་རྒྱུན་འབབ་དེ་བཞིན་སྙན་བརྒྱུད་ཆོས། །སྲིད་མཐར་མི་ནུབ་འཕེལ་དེར་སྤྲོ་དགའ་བརྟས། །དེ་ལྟར་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་སྙན་བརྒྱུད་རྒྱ་མཚོའི་དེད་དཔོན་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་གསོལ་འདེབས་ས་སྐྱོང་འདར་པ་རིན་ཅེན་དཔལ་བཟང་གིས་མཛད་པའི་བྱིན་རླབས་བདུད་རྩིའི་ཆུ་གཏེར་རྒོད་པ་དང་། དེའི་འགྲེལ་པ་སྙན་ངག་མཁན་འདར་པ་བསོད་ནམས་ལྷུན་གྲུབ་ཀྱིས་བསྒྲིགས་པ་ལེགས་བཤད་ཟླ་བའི་སྣང་བ། རྩ་འགྲེལ་དེ་གཉིས་ལ་གཞི་བཅོལ་ནས་ཆོས་འཁོར་ཡང་རྩེ་དང་མཉན་ཡོད་བྱ་གཤོངགི་མཁན་པོ་འཇམ་དབྱངས་དགའ་བའི་བཤེས་གཉེན་གྱིས་མཛད་པའི་(༡༡༩ན)


GLG009_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཐར་པ་ངོ་མཚར་ནོར་བུའི་མགུལ་རྒྱན་རྣམས་ལའང་རྗེ་བླ་མ་ཞལ་བཞུགས་དུས་ཟིན་བྲིས་ངེས་སྦྱར་མེད་པའི་སྐྱོན་གྱིས་ལོ་ཚིགས་གལ་ཆེ་བ་རགས་པ་ཙམ་ལས་ཞིབ་ཆ་མ་མཆིས་ཤིང་། མཛད་པ་འགངས་ཆེ་བ་རྣམས་བསྡེབས་མཚུངས་སུ་འདུག་པ་ཞལ་སློབ་ཀྱི་རྣམ་ཐར་དང་སྒོ་བསྟུན་པའི་ལོ་ཟླ་སོགས་ཅུང་ཟད་གཏན་ཚིགས་ཀྱིས་གཞལ་ནུས་ཀྱང་མཐའ་དག་རྟོགས་པར་དཀའ་བས་གསོལ་འདེབས་ཚིགས་བཅད་མ་རྩ་བར་བཟུང་། འགྲེལ་པ་དང་འཇམ་དབྱངས་དགའ་བའི་བཤེས་གཉེན་གྱིས་མཛད་པ་གཉིས་ལ་འཁྲུལ་སྐྱོན་ངོས་ཟིན་པ་ཐོར་བུ་བྱུང་བ་རྣམས་ལ་དག་སྦྱོར་བྱས། གོ་རིམ་ཕྱོགས་ཙམ་ལས་ངེས་སྦྱར་མ་ཐུབ་རུང་དོན་གྱི་ཆ་ལ་དཔྱད་གང་བཟོད་ཀྱི་ལུགས་བགྱིས་པར་སླད་ནས་ཀྱང་མཁས་པ་རྣམས་ཀྱིས་དག་ཐེར་དང་སྣོན་འབྲི་མཛད་འཚལ་ལོ། །རྒྱལ་ཡུམ་ཡེ་ཤེས་མཁའ་འགྲོས་རྗེས་བཟུང་ས་དྲུག་དཀའ་བ་མེད་བགྲོད་ནས། །བརྟུལ་ཞུགས་སྤྱོད་པས་ལོག་ལམ་འཕྱན་ཀུན་མངོན་མཐོ་ངེས་ལེགས་གནས་བཀོད་དེ། །བཅུ་གསུམ་རྡོ་རྗེ་འཛིན་པའི་སར་གཤེགས་རྣལ་འབྱོར་དབང་ཕྱུག་ཆོས་སྐྱོང་ཞབས། །ཨ་ཧོ་ངུར་སྨིག་གོས་ཀྱིས་ཉེར་ཀླུབས་རིགས་ཀུན་བདག་པོ་ཚར་པ་རྗེ། །འགྲོ་སྣང་རྫིང་བུ་གངྒཱའི་ཀླུང་རྡུལ་སྙེད། །སྣ་ཚོགས་སྒྱུ་དྲའི་ཟླ་གཟུགས་འཆར་བའི་ཚད། །བསྐལ་བརྒྱར་འཚོལ་བའི་རྩེ་གཅིག་ཏིང་འཛིན་མཁན། །མཁའ་མཐའ་མ་རྙེད་ལྡོག་པའི་འདབ་ཆགས་བཞིན། །བཅུ་གསུམ་རྣམ་པར་སྤྲུལ་པའི་ཟློས་གར་གཏམ། །གྱ་ཚོམ་སྨྲ་མིན་ལུང་རིགས་ངེས་སྟེར་ནོར། །གྲངས་མེད་སྐྱེ་བར་བསྒྲུབས་པའི་ལེགས་བྱས་ཀྱི། །ཚོང་ཟོང་དེས་ཁུགས་ཚུལ་ལ་གཅིག་ཏུ་རངས། །ཐོས་བསམ་ཆ་བསགས་ཟླ་དཀྱིལ་དམན་པའི་ཟོལ། །གཞན་ངོར་འཕེལ་དང་འགྲིབ་པ་ལྟར་སྦྱོར་ཡང་། །དཔག་(༡༡༩བ)


GLG009_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

དཀའི་ཡོན་ཏན་རི་བོང་སྣང་བརྙན་དེ། །མངོན་སུམ་གསལ་བར་འཆར་ལ་གང་གིས་བསྙོན། །སྙན་བརྒྱུད་རིང་ལུགས་དཔྱིད་ཀྱི་དགའ་སྟོན་ཚོགས། །ཆད་མེད་འབོད་པའི་རྟོགས་བརྗོད་གཞན་གསོས་གླུ། །བློ་གསལ་རྣ་བའི་བཅུད་དུ་སྲིད་མཐའི་བར། །ཆེས་དངར་ཕང་འགྲོའི་སྒྲ་བཞིན་སྙན་པར་ཤོག །ཆེད་དུ་སྒོ་གསུམ་འབད་རྣམས་ཟུང་འཇུག་སྐུ། །མངོན་གྱུར་དེ་སྲིད་ཚད་མ་བཞི་ལྡན་ཆོས། །སྟོན་དང་ཉེར་མཇལ་ཐོས་བསམ་སྒོམ་པ་ཡི། །བཟང་པོའི་སྐལ་བ་ཅན་དུ་འགྱུར་བར་ཤོག །གསུང་ངག་གསེར་ཆོས་རྡོ་རྗེའི་ཆོས་སྐྱོང་གིས། །ཟབ་དོན་སློབ་མར་བཤད་བྱ་གདམས་པའི་ཆར། །སྣོད་ལྡན་གདུལ་བྱའི་འཛིན་མ་རབ་བརླན་ཏེ། །བཤད་སྒྲུབ་སྙེ་མ་སྲིད་མཐར་གཡུར་ཟ་ཤོག །དེ་ཡང་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་རྟོགས་བརྗོད་བྱ་གཤོང་མཁན་ཆེན་འཇམ་དབྱངས་དགའ་བའི་བཤེས་གཉེན་གྱིས་མཛད་པ་དེར་འཁྲུལ་གཞི་ཁ་ཡར་ཡོད་གྲགས་དང་། ས་སྤྱོད་འདར་པ་རིན་ཆེན་དཔལ་བཟང་ཁུ་དབོན་གྱིས་སྦྱར་བའི་གསོལ་འདེབས་རྩ་འགྲེལ་ཁུངས་བཙུན་ཡང་ཁྱབ་ཆེ་བ་ཞིག་མི་སྣང་བས་བསྒྲིག་མདུན་ཡོད་ངོས་དྲིན་ཅན་བླ་མ་དཔལ་ལྡན་རྡོ་རྗེ་སེམས་དཔའ་དངོས་བཀའ་འགྱུར་བ་ཆེན་པོ་དང་འདྲེན་མཆོག་དམ་པ་མཁན་ཆེན་ཞ་ལུ་པ་གཉིས་ཀྱི་བཀའི་ཁུར་ལྕི་བའི་སྟེང་། བདག་ཆེན་རྡོ་རྗེ་འཆང་ཡབ་སྲས་བརྒྱུད་པ་དང་བཅས་པ་ལ་མི་ཕྱེད་པའི་དད་པ་ཐོབ་པའི་བསྟན་པའི་སྦྱིན་བདག་པཱ་ཎི། ཀ་ཙན། སྭ་ར་སྭསྟི་བྱཱ་ཀ་ར་ཎ་སོགས་བརྡ་སྤྲོད་པའི་གཙུག་ལག་རྒྱ་མཚོའི་མཐར་སོན་ཞིང་། སྡེབ་སྦྱོར། རྩིས་དཀར་ནག་གིས་མཚོན་པའི་རིག་བྱེད་དུ་མ་ལ་བློ་གྲོས་ཀྱི་སྣང་བ་རྒྱས་པ་འདར་པ་ངག་དབང་ཕུན་ཚོགས་ལྷུན་གྲུབ་གྱིས་ལོ་རྒྱུས་ཁ་འཐོར་རྣམས་བསྡུ་བ་སོགས་འབད་པ་ཆེན་པོས་བསྐུལ་བ་དང་། རབ་འབྱམས་རྒྱུད་སྡེའི་བང་མཛོད་བཅོ་བརྒྱད་ཆོས་རྗེ་(༡༢༠ན)


GLG009_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པ་ངག་དབང་ལྷུན་གྲུབ། གནས་གསར་ཞབས་དྲུང་དབོན་རིན་པོ་ཆེ་ནམ་མཁའ་བསོད་ནམས་དབང་གི་རྒྱལ་པོ། གྲུབ་པའི་དབང་ཕྱུག་ལྕགས་ཟམ་པ་ཆེན་པོའི་དབོན་ངག་དབང་བསྟན་འཛིན་ཕུན་ཚོགས་གསུམ་གྱིས་གསུང་ངག་བརྒྱུད་པའི་ཁ་སྐོང་དུ་དགོས་པའི་མཚམས་སྦྱར་བར་བརྟེན་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚམ་དཔལ་བཟང་པོའི་རྣམ་པར་ཐར་པ་སློབ་བཤད་བསྟན་པའི་ཉི་འོད་འདི་ནི་ཁའུ་བྲག་རྫོང་པའི་རིང་ལུགས་ལ་རྒྱུ་མཚན་ཤེས་ནས་དད་པ་ཐོབ་པའི་ཟ་ཧོར་གྱི་བནྡེ་སློབ་བཤད་འཛིན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་ཨཱ་ན་ལ་ཞེས་པ་མེ་འབྲུག་གྲོ་བཞིན་ཟླ་བའི་ཡར་ཚེས་བཅོ་ལྔ་རྗེ་བླ་མ་མཁའ་སྤྱོད་དུ་གཤེགས་པའི་དུས་དྲན་གྱི་ཉིན་ཕོ་བྲང་ཆེན་པོ་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་སྤུན་བདུན་པ་ལྷུན་གྲུབ་རྒྱ་མཚོས་བགྱིས་ཏེ་གྲུབ་པའི་དགེ་བས་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་བསྟན་པ་སྲིད་མཐའི་བར་དུ་རྒྱས་པར་གྱུར་ཅིག །སརྦ་མངྒ་ལཾ།། །།


previousརིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་སློབ་བཤད་བསྟན་པའི་ཉི་འོད།next