Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
རྒྱལ་ཀུན་འདུས་པའི་ངོ་བོ་ཁྱབ་བདག་ཧེ་རུ་ཀ་ངུར་སྨྲིག་གར་གྱིས་རྣམ་པར་རོལ་བ་གདན་གསུམ་ཚང་བའི་སྡེ་དཔོན་རྗེ་བཙུན་བླ་མ་དབང་ཕྱུག་རབ་བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་བརྗོད་པ་བདུད་རྩིའི་ཟ་མ་ཏོག
   


 
previousརྒྱལ་ཀུན་འདུས་པའི་ངོ་བོ་ཁྱབ་བདག་ཧེ་རུ་ཀ་ངུར་སྨྲིག་གར་གྱིས་རྣམ་པར་རོལ་བ་གདན་གསུམ་ཚང་བའི་སྡེ་དཔོན་རྗེ་བཙུན་བླ་མ་དབང་ཕྱུག་རབ་བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་བརྗོད་པ་བདུད་རྩིའི་ཟ་མ་ཏོགnext

རྒྱལ་ཀུན་འདུས་པའི་ངོ་བོ་ཁྱབ་བདག་ཧེ་རུ་ཀ་ངུར་སྨྲིག་གར་གྱིས་རྣམ་པར་རོལ་བ་གདན་གསུམ་ཚང་བའི་སྡེ་དཔོན་རྗེ་བཙུན་བླ་མ་དབང་ཕྱུག་རབ་བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་བརྗོད་པ་བདུད་རྩིའི་ཟ་མ་ཏོག


GLG009_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཀུན་འདུས་པའི་ངོ་བོ་ཁྱབ་བདག་ཧེ་རུ་ཀ་ངུར་སྨྲིག་གར་གྱིས་རྣམ་པར་རོལ་བ་གདན་གསུམ་ཚང་བའི་སྡེ་དཔོན་རྗེ་བཙུན་བླ་མ་དབང་ཕྱུག་རབ་བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་བརྗོད་པ་བདུད་རྩིའི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ། །


GLG009_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

སྭསྟི་པྲ་ཛ་བྷྱཿ རྒྱལ་ཀུན་འདུས་པའི་ངོ་བོ་ཁྱབ་བདག་ཧེ་རུ་ཀཿངུར་སྨྲིག་གར་གྱིས་རྣམ་པར་རོལ་བ་གདན་གསུམ་ཚང་བའི་སྡེ་དཔོན་རྗེ་བཙུན་བླ་མ་དབང་ཕྱུག་རབ་བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་བརྗོད་པ་བདུད་རྩིའི་ཟ་མ་ཏོག་ཅེས་བྱ་བ་རིགས་ཀུན་བདག་པོ་བླ་མ་མཆོག་གིས་ཟུང་འཇུག་ལམ་བཟང་མངོན་གྱུར་དེ་སྲིད་བྱིན་གྱིས་བརླབ་ཏུ་གསོལ། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་སྟོང་ཆེན་གཟུགས། །འཕོ་མེད་དབང་ཕྱུག་བདེ་ཆེན་གྱིས་དྲངས་ཐུགས། །རབ་བརྟན་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ཆེ། །སྒྲེང་མཛད་དཔལ་ལྡན་སྐལ་པ་བཟང་པོར་བསྔགས། །ཚོགས་གཉིས་ལུས་སྟོབས་རྒྱས་པའི་ས་སྲུངས་དབང་། ཁམས་འདུས་འཕྲེང་གེགས་ལྕགས་ཀྱུ་ལས་གྲོལ་ཏེ། །གྲུབ་པའི་མཐའ་སྙོག་ལམ་དུ་ཟུང་འཇུག་གོམ། །ལྷོད་པོར་སྐུ་གསུམ་གྲོང་བགྲོད་ཚུལ་འདི་མཚར། །མཁས་ངོམ་རྨོངས་པའི་ཞུམ་པ་མི་སྟོན་པར། །མ་བཅོས་ལྷུག་པའི་ཐུགས་ཀྱི་ཤེལ་(༢ན)


GLG009_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་སུ། །རབ་འབྱམས་ཤེས་བྱའི་ཚོན་རིས་ཀུན་ཤར་བས། །གྲགས་མིན་དོན་དང་ལྡན་པའི་ཐམས་ཅད་མཁྱེན། །ཆེད་དུ་བཅོས་མའི་གཞན་འདྲིད་ལྷུར་ལེན་དང་། །ཞིག་པོའི་རྩིང་སྤྱོད་མཐའ་གཉིས་དང་བྲལ་བ། །ཚུལ་ཁྲིམས་དབུ་མར་རྣམ་དག་བག་ཡོད་ཀྱི། །ནམ་ཡང་ལྷོད་མེད་བཙུན་པའི་རྩེ་མོར་སོན། །གཉེན་ཆགས་གཅན་གཟན་ལུགས་ལ་བྱང་སེམས་སུ། །རྨི་རློམ་ལུས་ཅན་ཀུན་ལ་རྟག་སྙོམས་པས། །གཅིག་ཏུ་ཕན་པ་སྒྲུབ་པའི་ལྷག་བསམ་ཐུགས། །རྡུལ་བྲལ་སྟོན་ཟླ་ལྟར་དཀར་བཟང་པོའི་དཔྱིད། །ཨ་ཧོ་ཕྱི་རོལ་ཉན་ཐོས་བསླབ་པས་མཛེས། །ནང་དུ་རླབས་ཆེན་སྤྱོད་མཛད་རྒྱལ་བའི་སྲས། །གསང་བ་བཅུ་གསུམ་རྡོ་རྗེའི་སར་གཤེགས་པའི། །རྟོགས་བརྗོད་སྨྲ་ལ་འཇིག་རྟེན་མེས་པོ་ངལ། །འོན་ཏེ་ཐུན་མོང་གདུལ་བྱའི་བསམ་པ་ཁམས། །དབང་པོར་འཚམ་པའི་རྣམ་ཐར་གངྒཱའི་ཀླུང་། །རྡུལ་ལས་སོར་མོའི་རྩེ་ཡིས་བླངས་པ་ཙམ། །(༢བ)


GLG009_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

གླེང་ཚེ་སྣོད་ལྡན་ཚོགས་རྣམས་རྣ་བ་བློགས། །དེའང་ཇི་སྐད་དུ། རྒན་པའམ་ནི་གཞོན་པའང་རུང་། །གང་ལས་ཆོས་ནི་རྣམ་ཤེས་པ། །དེ་ལ་གུས་པར་ཕྱག་བྱ་སྟེ། །ཟླ་བ་ཚེས་ལ་ཇི་བཞིན་ནོ། །ཞེས་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཚུལ་བཞིན་དུ་སྟོན་པ་ཞིག་གི་མཐུ་ལ་བརྟེན་ནས་རྗེས་འབྲང་གི་སློབ་མ་ཡང་སློབ་སོགས་མཐའ་ཀླས་པའི་ཡོན་ཏན་གྱི་ཆ་མཐའ་དག་རྒྱས་པར་འགྱུར་བ་ནི་ཟླ་བ་ཚེས་པ་ལ་བརྟེན་པ། དཀོན་བརྩེགས་ལེའུ་ཞེ་གསུམ་པ་ལས། འོད་སྲུང་འདི་ལྟ་སྟེ། དཔེར་ན་ཟླ་བ་ཚེས་པ་ལ་ཕྱག་འཚལ་བ་ལྟར་ཉ་བ་ལ་ནི་མ་ཡིན་ནོ། །འོད་སྲུངས་དེ་བཞིན་དུ་གང་དག་ང་ལ་རབ་ཏུ་དད་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱ་ཡི། དེ་བཞིན་གཤེགས་པ་རྣམས་ལ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་ནི་དེ་བཞིན་གཤེགས་པ་རྣམས་འབྱུང་ངོ་། །དེ་བཞིན་གཤེགས་པ་ལས་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་འབྱུང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཟླ་བ་ཚེས་པར་ཐམས་ཅད་ཕྱག་འཚལ་གྱི། །ཟླ་བ་ཉ་ལ་དེ་ལྟར་ཕྱག་མི་འཚལ། །དེ་བཞིན་གང་དག་ང་དང་དེ་དག་གིས། །རྒྱལ་སྲས་བྱང་ཆུབ་སེམས་དཔར་ཕྱག་ཚོལ་ཅིག །ཅེས་གསུངས་པའི་དོན་བཞིན་བསྟོད་ཕྱག་གི་ཡུལ་དུ་བཤད་པ་ལྟར་ཚིགས་སུ་བཅད་པ་སྔོན་དུ་འགྲོ་བའི་སྒོ་ནས་སྐབས་སུ་བབས་པ་གླེང་བར་བྱ་བ་ནི་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་ཆེན་པོ་བསླབ་གསུམ་འཚམས་སྤྲིིན་གོས་ཀྱིས་ཀླུབས་པ་རྗེ་བཙུན་བླ་མ་དམ་པ་དབང་ཕྱུག་རབ་(༣ན)


GLG009_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་མདོ་ཙམ་བརྗོད་པ་ལ། མངོན་རྟོགས་རྒྱན་ལས། སེམས་ཅན་ཀུན་ཡིད་ཤེས་པ་དང་། །མངོན་པར་ཤེས་པས་བརྩེ་བ་དང་། །སངས་རྒྱས་ཞིང་བཟང་སྒྲུབ་པ་དང་། །ཡོངས་སུ་བརྟག་ཕྱིར་སངས་རྒྱས་བསྟེན། །དབང་པོ་ཤེས་དང་རྒྱལ་བ་ཡི། །ཞིང་སྦྱོང་སྒྱུ་མ་ལྟར་གནས་དང་། །བསམས་བཞིན་སྲིད་པ་ལེན་པ་དང་། །ལས་ནི་རྣམ་པ་འདི་བརྒྱད་བཤད། །ཅེས་པ་ལྟར་འཕགས་ཆེན་དམ་པ་རྣམས་ནི་བསམས་བཞིན་སྲིད་པར་སྐྱེ་བ་བླངས་ནས་འགྲོ་བའི་དོན་ལ་མེ་ཏོག་གི་ཚལ་དུ་བུང་བ་དང་ངང་པ་དྭངས་པའི་རྫིང་བུར་འཇུག་པ་དང་མཚུངས་པར་ངན་སོང་གི་གནས་ཀྱང་མཐོ་རིས་ཀྱི་དགའ་ཚལ་ལྟར་སྤྲོ་བ་ལྷུར་ལེན་པར་མཛད་པས་རི་དྭགས་དང་འདབ་ཆགས་སོགས་སྐྱེ་བ་སྣ་ཚོགས་སུ་སྤྲུལ་པའི་མཐའ་བརྗོད་པར་ག་ལ་ནུས་ནའང་བསྟན་པའི་གསལ་བྱེད་ཀྱི་སྒྲོན་མེ་སྤར་བར་ནུས་པའི་སྐྱེས་བུ་མཆོག་གི་ཚུལ་འགའ་ཞིག་བརྗོད་ན། རྗེ་ཉིད་ཀྱི་གསུང་ལས། རྒྱལ་བའི་མཁྱེན་བརྩེ་གཅིག་བསྡུས་འཇམ་པའི་དབྱངས། །དབང་ཕྱུག་བརྒྱད་ལྡན་རྡོ་རྗེ་འཛིན་པའི་སྐུ། །སྐུ་དྲིན་མཉམ་མེད་རྩ་བརྒྱུད་བླ་མ་ཡིས། །ལུང་བསྟན་རྗེས་སུ་བཟུང་ལ་གསོལ་བ་འདེབས། །སྔོན་ཚེ་འཕགས་ཡུལ་གྲུབ་དབང་ཀུ་ཀུ་རི། ཁ་བའི་ལྗོངས་འདིར་རྒྱལ་བ་ཀུན་གྱི་དངོས། །ཨོ་རྒྱན་དྲུང་ན་འཁོར་གྱི་དགེ་སློང་གིས། །བསྟན་དང་འགྲོ་ཀུན་སྐྱོང་ལ་གསོལ་བ་འདེབས། །དེ་ལྟར་ལེགས་བྱས་སྐྱེ་བ་དུ་མའི་མཐར། །དཔྱལ་སྟོན་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དཔལ། །པདྨས་ལུང་བསྟན་འཁྲུལ་ཞིག་རིན་པོ་ཆེ། །ཚུལ་ཁྲིམས་རྒྱལ་མཚན་ཞབས་(༣བ)


GLG009_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ་བ་འདེབས། །ཧེ་རུ་ཀཿདཔལ་དགྱེས་པའི་གར་མཛད་ཀྱང་། །ཚུལ་ཁྲིམས་རྒྱན་གྱིས་མཛེས་པའི་དགེ་སློང་མ། །མཁའ་འགྲོའི་གཙོ་མོ་ཤཱི་ལ་བྷ་དྲའི་ཞབས། །འབྲེལ་ཚད་དོན་ལྡན་ཁྱོད་ལ་གསོལ་བ་འདེབས། །སྔོན་གྱི་ལེགས་བྱས་དགེ་བའི་འབྲས་བུ་ལས། །བླ་མ་ལྷ་དང་སྲུང་མས་རྗེས་བཟུང་ནས། །འཇམ་མགོན་མཁྱེན་བརྩེའི་འཕྲིན་ལས་སྐྱོང་བའི་དཔལ། །དབང་ཕྱུག་རབ་བརྟན་ཞབས་ལ་གསོལ་བ་འདེབས། །ཞེས་པ་ལྟར་འཕགས་པའི་ཡུལ་དུ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ནང་ཚན་རྣལ་འབྱོར་དབང་ཕྱུག་ཀུ་ཀུ་རི་པ། རྒྱལ་དབང་པདྨ་ཐོད་འཕྲེང་གངས་རིའི་ལྗོངས་འདིར་ཕེབས་པའི་ཚེ་ཉེ་བར་གནས་པའི་དགེ་སློང་། དཔྱལ་སྟོན་ཆེན་པོ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན། ཨོ་རྒྱན་ཆེན་པོའི་ལུང་གིས་ཟིན་ཅིང་དཔལ་ཞ་ལུ་གསེར་བཀང་གི་ཁྲི་ཐོག་ཏུ་བྱོན་པའི་འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། ཡེ་ཤེས་མཁའ་འགྲོའི་གཙོ་མོ་རྒྱལ་ཡུམ་ཚུལ་ཁྲིམས་བཟང་མོ་སོགས་བསྟན་འགྲོའི་མགོན་དང་གླིང་དུ་གྱུར་པ་རིམ་པར་བྱོན་པའི་ཡང་སྲིད་དུ་རྗེ་བླ་མ་དམ་པ་འདི་ཉིད་ཕེབས་ཚུལ་ནི། མ་ཕམ་པས། རིགས་དང་རུས་དང་ཆོ་འབྲང་དང་། །ཞེས་ཆོ་རིགས་ཁུངས་བཙུན་པ་གསུངས་པ་དང་ཕྱོགས་མཚུངས་པར་འོ་སྐོལ་གྱི་སྟོན་པ་བུ་རམ་ཤིང་པས་གཟིགས་པ་རྣམ་པ་ལྔའི་ནང་གསེས་རིགས་ཕུན་སུམ་ཚོགས་པ་རྒྱལ་རིགས་ལ་དགོངས་ནས་འཕགས་པའི་ཡུལ་གྱི་སའི་དབང་ཕྱུག་འགྲན་ཟླ་དང་བྲལ་བ་ཟས་གཙང་མའི་སྲས་སུ་བལྟམས་པའི་སྔོན་བྱུང་གི་རྣམ་ཐར་དང་རྗེས་འཇུག་གི་ཉམས་ལེན་འདྲ་བར། སྤྱིར་རི་ཁ་བ་ཅན་གྱི་འགྲོ་བ་རྣམས་རྒྱ་གར་གྱི་རྒྱལ་པོ་རཱུ་པ་ཏི་དཔུང་བཅས་གཡུལ་ཕམ་སྟེ་བུད་མེད་ཀྱི་(༤ན)


GLG009_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཆས་སུ་བཞུགས་ནས་སཱ་ལའི་ལྗོངས་སུ་ཡོངས་པ་ལས་འཕེལ་བའི་ལོ་རྒྱུས་ཡོད་ནའང་ཡོངས་སུ་གྲགས་པ་ཕྱག་ན་པདྨ་དང་རྗེ་བཙུན་སྒྲོལ་མ་གཉིས་ཀྱིས་བྱིན་གྱིས་བརླབས་པའི་སྤྲེའུ་དང་བྲག་སྲིན་མོ་ལས་མཆེད་པ་བོད་མིའི་རྒྱལ་ཁམས་སུ་གྱུར་པར་མིའུ་གདུང་དྲུག་གམ་བཞིར་གྲགས་པའི་ནང་ཚན་སྣ་ཚོགས་སུ་དབྱེ་བའི་བྱེ་བྲག་ལྷ་རིགས་འ་ཞ་རྒྱལ་པོ་ཞེས་བོད་བཙད་པོའི་སྐུ་ཞང་དང་བཀའི་མདུན་ན་འདུན་ཆེན་པོ་ནང་རྗེར་གཏོགས་པས་རྡོ་རིང་གི་ཡི་གེར་ཡང་དབོན་འ་ཞ་ཞེས་གསལ་ཞིང་བསྟན་པ་ཕྱི་དར་གྱི་དུས་འ་ཞ་ཡེ་ཤེས་གཡུང་དྲུང་གིས་ཁམས་ནས་འདུལ་བ་དེར་བས་མའི་སྡོམ་རྒྱུན་བཞེས་པའི་གཙང་དུ་འདུལ་བ་འཛིན་པའི་སྡེ་འགའ་ཞིག་བཙུགས། འ་ཞ་ལྷའི་བློ་གྲོས་ཀྱིས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ལ་ཞབས་ཏོག་དང་ཨ་མེས་ཇོ་སྲས་ཕུར་པ་འཕེལ་གྱིས་གསེར་སྲང་བཅུ་བདུན་རྔོག་ལོར་ཕུལ་ཏེ་རྒྱ་གར་ནས་ཆོས་བསྒྱུར་བའི་མཐུན་རྐྱེན་མཛད་ཅིང་འ་ཞ་ཇོ་བོ་བློ་གྲོས་ཀྱིས་རྩིས་ལྷ་ཁང་དང་ཟུང་དུ་འབྲེལ་བའི་གཙུག་ལག་ཁང་བཏབ། ཆོས་ཀྱི་རྒྱལ་པོ་འཕགས་པ་དང་ཏི་ཤྲི་ཀུན་བློ་གཉིས་ཀྱི་ཞབས་ལ་ནམ་མཁའ་རྒྱལ་མཚན། ནམ་མཁའ་བཟང་པོ། ཤཱཀྱ་སེང་གེ་རྣམས་ཀྱིས་གཏུགས་པར་ཉང་གཞུང་མཐའ་དག་ཤེས་སུ་བཅུག་པའི་ལུང་ལས་གནང་བས་གནས་གསར་སྟོང་དཔོན་དུ་གྲགས། དེ་དག་གི་གདུང་རིམ་པར་བྱོན་པ་ལས་སྟོང་དཔོན་ཀུན་དགའ་རྡོ་རྗེའི་སྲས་ནང་སོ་ཆོས་རྒྱལ་བའི་ཇོ་མོར་རིན་ཆེན་སྒང་བླ་བྲང་ནས་འཇམ་དབྱངས་ཆོས་རྗེའི་ལྕམ་དཔལ་ལྡན་འཛོམ་པ་ཞེས་པར་ནང་སོ་རྣམ་རྒྱལ་དཔལ་བཟང་། ནང་སོ་མགོན་པོ་རིན་ཅེན། འཇམ་དབྱངས་(༤བ)


GLG009_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགའ་བློ་གྲོས་སོགས་ལྕམ་སྲིང་བརྒྱད་འཁྲུངས་པའི་ནང་སོ་སྐུ་མཆེད་ཀྱི་ཁབ་ཏུ་ལྷ་ཁང་ཆེན་མོ་བའི་སྲས་མོ་དཔལ་འཇམ་བྱོན་པར་སྲས་ནམ་མཁའི་རྡོ་རྗེ་ཚེ་བརྟན་དཔལ་འབྱོར་བཟང་པོ་འཁྲུངས་ཏེ་ཡུམ་སྔ་མོ་ནས་གྲོངས་པའི་ཚོང་འདུས་མགུར་མོ་བའི་སྲས་མོ་བྱང་སེམས་བུ་ཁྲིད་བླངས་པར་གཅུང་ནམ་མཁའ་རྒྱལ་བ་བྱོན་པའི་ཇོ་མོར་སེ་སྟོན་རིག་སྔགས་འཆང་གི་གདུང་བརྒྱུད་འདར་ཆོས་རྫོང་པ་དོན་ཡོད་རྣམ་རྒྱལ་གྱི་སྲས་མོ་ཚེ་བརྟན་བུ་ཁྲིད་བཞེས་པར་སྲས་ཞབས་དྲུང་བརྟན་པའི་དྲུང་ངམ་བསོད་ནམས་རབ་བརྟན། ཆོས་ཀྱི་རྒྱལ་མཚན། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །ནོར་བུ་བཟང་པོ་བཞི་འཁྲུངས་པ་ལས་གཅེན་ཞབས་དྲུང་བརྟན་པའི་དྲུང་ལ་འདར་ཆོས་རྫོང་པའི་སྲས་མོ་ནམ་མཁའི་དྲུང་བསུས་པར་སྲས་མ་བྱུང་བ་སླར་ཚེ་དབང་དྲུང་བླངས་པར་སྲས་འ་ཞ་ནམ་མཁའ་ཕུན་ཚོགས་བྱུང་བར་ཇོ་མོ་ཤངས་བརྒྱ་ཚོ་པའི་ལྕམ་བསོད་ནམས་འབོལ་ལེ་བཞེས་པར་སྲས་བཞི་བྱུང་བ་དེ་དག་ཀྱང་ལུགས་གཉིས་ཀྱི་མཛད་པ་རྣམས་འཇིག་རྟེན་ཕལ་པའི་ངང་ཚུལ་ལས་འདས་པའི་ངོ་ཚ་ཁྲེལ་གཞུང་གི་བག་ཡོད་ཅིང་སྐྱེས་རྒྱལ་རྣམས་དཔའ་བརྟུལ་དང་བུད་མེད་རྣམས་མཛངས་མའི་རང་བཞིན་ཅན་དཀོན་ཅོག་གསུམ་ལ་བླ་མར་བཟུང་ནས་མཆོད་པ་དང་མ་ནུས་པ་བྱམས་པས་སྐྱོང་ཞིང་སྤྲོས་བཅས་དང་སྤྲོས་མེད་ཀྱི་ཐུགས་དམ་ལ་བརྩོན་པ་ལྷུར་མཛད་པ་ཤ་སྟག་བྱོན་པའི་ཕྱི་འཕྱར་དེ་ལྟར་གྲགས་ཀྱང་དོན་ཐམས་ཅད་མཁྱེན་པའི་གཅེན་འགྲན་ཟླ་དང་བྲལ་བ་ཞབས་དྲུང་བརྟན་པའི་དྲུང་གི་སྲས་སུ་ངོས་འཛིན་ལ། དེའང་ཆུ་ཤེལ་གྱི་བུ་མོ་ལང་ཚོ་ངོམ་པའི་ས་འཛིན་གྱི་འཕྲེང་བས་ཡོངས་སུ་བསྐོར་བའི་ལྗོངས་འདིར་རུ་བཞིར་གྲགས་པ་ལས་གཡས་(༥ན)


GLG009_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

རུ་གཙང་གི་རྒྱལ་ཁམས་ཀྱི་སའི་ཆ་བོད་སྲིན་མོ་གན་རྐྱལ་དུ་བསྒྱེལ་བའི་དབྱིབས་ཅན་གྱི་ས་དགྲ་གནོན་བྱེད་དུ་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོས་མཐའ་འདུལ་ཡང་འདུལ་རུ་གནོན་གྱི་གཙུག་ལག་ཁང་བཅུ་གཉིས་བརྩིགས་པའི་ནང་ནས་གཙང་འགྲམ་དང་ཁད་ཉེ་བ་དགེ་བཅུའི་ཡོན་ཏན་དུ་མས་མངོན་པར་སྤྲས་པའི་སུམ་རྩེན་ཡུལ་ལ་ཅོ་འདྲི་བ་མྱུག་བཀྲ་ཤིས་རྒྱལ་གྱི་ཕོ་བྲང་དུ། ས་ཧོར་མཆོད་ཡོན་གྱི་ལོ་གསར་པའི་དབང་དུ་བྱས་ན་སྟོད་འགྲེལ་པ་ཀཱ་ལ་དྷཱུཿཞེས་པ་དུས་ཀྱི་ཕོ་ཉར་གྲགས་པ་ཤར་ཕྱོགས་རྒྱལ་ཁབ་ཆེན་པོར་ཝུ་ཝུ་ཞེས་ཕྱོགས་འདི་ས་ཕོ་རྟའི་ལོ་ཧོར་ཟླ་བཅུ་གཉིས་པ། གཙུག་ལག་སྤོར་ཐང་དང་བསྟུན་པ་ལེགས་སྦྱར་གྱི་སྐད་དུ་སདྡྷརྠ། གངས་ཅན་པའི་སྐད་དུ་དོན་གྲུབ་ཏུ་འབོད་ཅིང་རྒྱ་ནག་པ་ཝུའི་ཞེས་པ་ས་ལུག་དཔྱིད་ཟླ་འབྲིང་པོ་རྒྱལ་གྱི་ཉ་བའི་ཐབས་ཀྱི་ཆའི་རྒྱལ་བ་དང་པོ་རེས་གཟའ་པ་སངས་དང་རྒྱུ་སྐར་གྲོ་བཞིན་འཛོམ་པའི་དགོང་ཇའི་དུས་དགེ་བར་ཡུམ་ལ་སྙུན་མི་མངའ་ཞིང་སིམ་པའི་ཚོར་བ་ཆེན་པོ་ཉམས་སུ་མྱོང་བཞིན་པའི་ངང་ནས་སྐུ་བལྟམས་འཕྲལ་རྨོ་མོ་ཚེ་དབང་གིས་གུར་གུམ་དང་གི་ཧང་གིས་ལྗགས་ལ་དྷཱིཿབྲིས། དེ་སྐབས་རྡོ་རྗེ་འཆང་ཚར་པ་ཆོས་རྗེ་དང་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གཉིས་དཔལ་ཞ་ལུའི་ཆོས་གྲྭར་སྟན་ཆགས་དུས་ཡིན་པ་ཞག་བདུན་ཐོག་རྗེ་ཚར་ཆེན་ཕེབས་ནས་མཚན་ནམ་མཁའ་དོན་གྲུབ་དབང་པོར་བཏགས། དེ་ནུབ་ཚར་ཆེན་གྱི་ཐུགས་དམ་འོད་གསལ་དེ་གར་གཞོན་ནུ་འདི་འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་གྱི་སྐུའི་སྐྱེ་བ་ཡིན་ནོ། །ཞེས་པའི་ལུང་བསྟན་བསྟུད་མར་ལན་གསུམ་དུ་བྱུང་། སྐུ་ན་ཆེས་(༥བ)


GLG009_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་བས་དབང་བརྡ་འཕྲོད་པ་སོགས་ག་ལ་འོང་ཡང་ཡིད་སྲུབས་སྡེར་བཅས་ཀྱི་གཡུལ་ལས་རྒྱལ་བའི་ཆེད་དུ་དཔལ་ལྡན་བླ་མ་འཇམ་དཔལ་རྡོ་རྗེ་མ་ཧེའི་ཞལ་ཅན་དང་ངོ་བོ་དབྱེར་མ་མཆིས་པའི་ནུས་པས་གཞི་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཏིང་ངེ་འཛིན་གྱིས་མངོན་པར་སྦྱངས་ཏེ་འབྲས་བུ་གཤིན་རྗེའི་གཤེད་རིགས་ལྔའི་ཡེ་ཤེས་ཀྱི་ངོ་བོར་བྱིན་གྱིས་བརླབས་པས་སྐུ་ཚེ་མཛད་འཕྲིན་ཐམས་ཅད་མཐར་ཕྱིན་པའི་རྟེན་འབྲེལ་གྱི་སྒོ་ཐོག་མར་འགྲིག །ཡབ་མེས་ཡུམ་སོགས་ཆབས་ཅིག་པར་དབང་ཞུ་བ་མཛད་པའི་ལུང་བསྟན་གྱི་ཚེ་གསང་མཚན་དྲི་བའི་ལན་ཨ་མེས་རིགས་འཛིན་གྱིས་གོས་དཀར་མོ་ཞེས་ཞུས་པས་ཚར་ཆེན་གྱིས། ཞང་པོ་དྲུང་པ་ཀླུངས་ལོག་པ་འདྲ་གསུངས་པས་ཐམས་ཅད་བཞད་ཤིན་ཏུ་བྲོ་བའི་རྣམ་འགྱུར་སོགས་དགྱེས་དགྱེས་མཛད། རྣམ་སྣང་མིང་དབང་གི་གསང་མཚན་འདོགས་པ་དང་དུས་མཚུངས་པར་ཞ་ལུ་ནས་ཀུན་མཁྱེན་མཁྱེན་བརྩེའི་ཞབས་ཀྱིས། བསོད་ནམས་ནམ་མཁའི་ཁྱོན་ལྟར་ཡངས་པ་ཡི། །བསམས་པའི་དོན་ཀུན་ཡིད་བཞིན་འགྲུབ་པའི་དཔལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་འཕྲིན་ལས་ཅན། །བརྒྱུད་འཛིན་དབང་པོ་ལོ་བརྒྱར་འཚོ་བར་ཤོག །ཅེས་པའི་བརྟན་ཞུགས་ཀྱི་ཚིགས་བཅད་སྐྱེལ་མི་འགྲིག་པས་ངོ་མཚར་དང་དགེ་མཚན་འགྲན་པ་བཞིན་ནོ། །རྒྱལ་ཀུན་བླ་མེད་ཡེ་ཤེས་འཕྲུལ་བོ་ཆེས། །སེམས་ཅན་བསམ་པའི་ཁྱད་པར་མཁའ་མཉམ་མཐས། །བློ་གྲོས་མིག་སྔོན་གོམ་པས་གཞལ་བའི་མཐུ། །ཕྲ་བ་སྒྲིབ་པའི་ལུས་ཅན་ཀུན་གྱི་གཤིས། །སྲིད་པའི་ལམ་དུ་འཁྱམས་པས་ངལ་དུབ་སྟེ། །མ་རིག་འཐིབས་པོའི་མལ་དུ་ཉལ་བའི་(༦ན)


GLG009_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ། །སློང་བའི་ཐུགས་བསྐྱེད་སྐྱ་རེངས་མས་དྲངས་པའི། །སྐྱེས་རབས་ཉིན་བྱེད་མཛད་མེད་ཤར་འདི་མཚར། །འོད་གསལ་ལྷ་རིགས་འ་ཞའི་གདུང་གིས་མཐོ། །གངས་ཅན་བཙན་པོའི་ནང་བློན་སྙན་གྲགས་འབར། །ཤར་ཕྱོགས་གོང་མའི་ལུང་དང་ལས་ཀས་ཆེ། །མཁས་གྲུབ་རིམ་པར་བྱོན་པས་བསྟན་སྲོག་བཟུང་། །དབྱིག་འཛིན་དྭངས་མཚོར་རྣམ་པར་རྒྱལ་བྱེད་གཟུགས། །གསལ་ལ་ཉེར་འཁུ་བཀྲ་ཤིས་རྒྱལ་ཁང་དུ། །རིགས་བཟང་མ་སྙིགས་གསར་པའི་སྤེལ་ལེགས་སྐུ། །མེ་ཏོག་མཚན་དཔེའི་འདབ་བརྒྱ་མངོན་པར་གྲོལ། །དུས་ཀྱི་དགྲ་བོ་འཇམ་མགོན་ཚར་པ་རྗེས། །བདུད་བཞིའི་གཡུལ་ལས་རྒྱལ་བའི་དཔའ་རྟགས་སུ། །འཇིགས་མཛད་རྡོ་རྗེའི་འཁོར་ལོར་རབ་སྨིན་ཚེ། །མཐའ་ཀླས་སྐལ་བཟང་སྒོ་བརྒྱ་དང་པོར་ཕྱེ། །མཁྱེན་རབ་ཟུར་ཕུད་ལྔ་ལྡན་དང་མཚུངས་པས། །མཁྱེན་བརྩེ་ནུས་པའི་དབང་ཕྱུག་བླ་མ་ཡིས། །མཁྱེན་ཡངས་ཀློང་ནས་ཐོན་པའི་བདེན་པའི་ཚིག །མཁྱེན་ལྡན་ཡོངས་ཀྱི་རྣ་བའི་རྒྱན་དུ་དངར། །དགུང་ལོ་གཉིས་བཞེས་པའི་ཚེ་མགོན་ལུག་མང་པོར་ནད་བྱུང་བར་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་ཞབས་ཀྱི་ལྗགས་ཆུའི་བྱིན་རླབས་དང་གཞན་གྱིས་ཐབས་སྣ་ཚོགས་བྱས་ཀྱང་མ་ཕན་པར་གཞོན་ནུ་སྐུ་རྫིའི་རྒྱབ་ལ་གདན་དྲངས་ཏེ་ལུག་རྣམས་ལ་ཕྱག་ནས་གཏོར་བས་ནད་མཚམས་མྱུར་དུ་ཞི་བ་ནང་ལས་དབོན་པོ་བྱིན་རླབས་ཆེ་བ་འདུག་ཅེས་གསུང་བ་ནི་སྤྱན་སྔ་རིན་པོ་ཆེས་རྒྱལ་བ་ཐོག་རྡུགས་པའི་སྐུ་པང་དུ་ཐོག་ཕབ་པའི་ལོ་རྒྱུས་ལྟར་ཆེ་བ་འདོན་པ་ལ་དགོངས་པ་འདྲ། དགུང་ལོ་ལྔ་ཙམ་འགྲོ་བའི་དུས་ཀུན་(༦བ)


GLG009_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་མཁྱེན་བརྩེའི་ཞབས་ཀྱིས་དབང་གནང་བའི་ཚེ་གཞོན་ནུས་བུམ་པ་ཚུར་བཞེས་ནས་དབང་བསྐུར་བའི་སྟང་ཀ་མཛད་པས་རྒྱལ་ཡུམ་གྱིས་སྔོན་གནས་རྗེས་དྲན་གྱི་བག་ཆགས་སད་པར་དགོངས་ཏེ་ཐམས་ཅད་མཁྱེན་པས་བུམ་པར་དབུ་ཐུག་ཐུག་གནང་ནས་ངའི་བླ་མ་ཡིན་གསུང་མཉེས་མཉེས་རང་མཛད། རྡོ་རྗེ་འཆང་ཚར་པ་ཆོས་རྗེར་ཚེ་དཔག་མེད་གྲུབ་རྒྱལ། དམར་པོ་སྐོར་གསུམ། གུར་ཞལ། སྟག་ཞོན་སོགས་རྗེས་གནང་གི་རིགས་མང་བ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གི་དྲུང་དུ་དུས་འཁོར་གསང་འདུས་འཇམ་རྡོར་རྭ་ལུགས་དགྲ་ནག་བཀའ་བརྒྱད་གསང་རྫོགས་སོགས་སྔགས་གསར་རྙིང་གི་དབང་བཀའ་ཁ་ཤས་གསེར་ཆོས་དང་མགོན་པོ་ཆེ་ཆུང་གིས་མཚོན་རྗེས་གནང་ཐོར་བུ། འོད་ཟེར་དྲི་མེད་ལྷ་ལྔའི་རིག་གཏད་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་སོགས་རྗེས་གནང་གི་རིགས་མང་བ། རྗེ་རིགས་འཛིན་ཆེན་པོར་ཀུན་མཁྱེན་མཁྱེན་བརྩེའི་ཞབས་ཀྱི་སྔགས་རྙིང་མ་འདུས་པ་མདོ་དབང་ཆེན་མོ་ཞུ་བ་མཛད་པའི་ཞབས་ཕྱི་མཛད་ནས་གསན། མེ་སྟག་དགུང་ལོ་བརྒྱད་ཀྱི་དུས་ཆོས་དབང་རིན་པོ་ཆེའི་གཏེར་ཆོས་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་ནས་བརྒྱུད་པའི་གོང་ཁུག་མར་གྲགས་པའི་ཚེ་སྒྲུབ་གནང་བའི་དུས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ཉིན་ལྟར་གྱིས་ཕེབས་ཏེ་གེགས་སེལ་བོགས་འདོན་སོགས་སྤྱན་དམིགས་ཀྱི་བསླབ་དོན་མཛད། དཔལ་ཕུག་རྣམ་པར་གྲོལ་བའི་རི་ཁྲོད་འདིང་བའི་སྐབས་ལས་མིས་བྲག་བཤགས་པའི་རྦབ་ཉེན་བྱུང་བ་ན་རྨོ་མོས་བྲོས་གསུངས་པར་འཇིགས་པ་མེད་པའི་དཔའ་གདེངས་ཀྱིས་ཕཊ་སྒྲ་དང་བཅས་སྡིགས་(༧ན)


GLG009_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

མཛུབ་མཛད་པས་ཕར་བཟློག་པ་དེར་འཁོད་ཀུན་གྱིས་མཐོང་བས་ཡ་མཚན་དུ་གྱུར། བོ་དོང་དུ་བཞུགས་དུས་མདུན་གྱི་ནམ་མཁར་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་ལོངས་སྐུའི་ཆ་ལུགས་ཅན་མཚན་དཔེའི་གཟི་བྱིན་འབར་བ་ཞིག་གཟིགས་པ་ནི་དགུང་ལོ་བརྒྱད་ཅུར་ཉེ་བའི་བར་བསྟན་འགྲོའི་དོན་དུ་བཞུགས་པའི་དགེ་མཚན་དུ་མངོན། ཐམས་ཅད་མཁྱེན་པ་ཕྱོགས་གང་དུ་ཕེབས་ཀྱང་རྗེ་འདིའི་དྲུང་དུ་འཁོར་བའི་ཁྱི་རྣམས་ལ་ཟན་སོགས་ཀྱི་སྐུ་སྐྱོས་རེ་གནང་། ཐེངས་གཅིག་སྔོན་མོ་རྫོང་ནས་བོ་དོང་དུ་ཕེབས་དུས་ཁྱི་གུ་ཆུང་ཆུང་ཡིད་དུ་འོང་བ་ཞིག་སྐུ་ཕག་ནས་བཏོན་ནས་དབོན་རིན་པོ་ཆེ་འདི་ན་གསུང་གནང་བ་དེ་ལ་ཐུགས་ཀྱང་ཤིན་ཏུ་མཉེས་པར་གྱུར་ཅིང་རྒན་དུ་མ་སོང་བར་ལ་སྐུ་འཁྲིས་རང་དུ་སྡོད་པའི་སྤྱོད་པ་ཡང་གཞན་ལས་ལེགས་ངེས་སྐུ་རྩེད་ཀྱི་རིགས་ཞུ། ཞལ་ངོ་རྣམས་གནས་གསར་ནས་བོ་དོང་དུ་ཕེབས་པའི་ཚེ་ཞམ་འབྲིང་བ་ཚོས་མ་ཤེས་པར་ཁྱི་དེ་སྔོན་མགྱོགས་ཤིང་གཅིག་པུར་འགྲོ། ཕར་ཕེབས་སྐབས་ཀྱང་དེ་དང་འདྲ། མིང་བདུད་མོ་གཡུལ་རྒྱལ་མ་ཟེར་ཞིང་རྗེས་སུ་གསོབ་བྱས་ནས་སྤྱན་གཟིགས་སུ་ཡོད་པ་སྔོན་གྲུབ་ཆེན་ཀུ་ཀུ་རི་པར་འཁྲུངས་པའི་བརྡ་ཆོས་ལས་ཁྱི་དཀྱུས་མ་ནི་མ་ཡིན་ནོ། །རོག་ཚོར་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གིས་བཀའ་བརྒྱུད་གསང་རྫོགས་ཀྱི་སྒྲུབ་ཆེན་གནང་དུས་རྗེ་འདི་དགུང་ལོ་བཅུ་གཅིག་འགྲོ་བས་མཆོད་གར་གྱི་གར་དཔོན་མཛད་པས་ཀུན་ཡ་མཚན་དུ་རྩི། བོ་དོང་དུ་ཛ་ཞལ་གཉིས་ཀའི་དུས་འཁོར་གྱི་དབང་བཀའ་འཇམ་དབྱངས་མཁྱེན་བརྩེའི་ཞབས་(༧བ)


GLG009_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གནང་བའི་ཁྱད་པར་བུ་ལུགས་ཀྱི་བདག་པོ་ཆེན་པོའི་བཀའ་དབང་གི་དུས་དབོན་རིན་པོ་དཀར་ཆས་སུ་མཛད། དབང་སྟེགས་ཀྱི་ཁྲིར་ཆོས་ཀྱི་རྒྱལ་ཚབ་ཆེན་པོར་མངའ་གསོལ། སློབ་དཔོན་ཆེན་པོའི་སྐུ་ཚབ་གཏེར་བྱོན་ཡིད་བཞིན་ནོར་བུ་དང་། ཆོས་ཀྱི་རྒྱལ་པོ་འཕགས་པའི་ཐུགས་དམ་བསྙེན་ཕུར་ཐམས་ཅད་མཁྱེན་པ་རང་གི་འབྲལ་སྤང་མ་དང་བཅས་གནང་སྐྱེས་སུ་སྩལ་བ་བསྟན་པ་གཏད་ནས་ཐམས་ཅད་མཁྱེན་པ་ཉིད་རིང་པོར་མ་ལོན་པར་གསང་བདག་གི་དྲུང་དུ་གཤེགས་པའི་སྔོན་འགྲོར་སྣང་ཡང་རྗེས་འཇག་རྣམས་དོགས་གནས་ཙམ་ཡང་མ་བྱུང་བར་མངོན། ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཞིང་འདིའི་བཀོད་པ་བསྡུས་པར་ཀུན་མཁྱེན་མཁྱེན་བརྩེའི་ཞབས་ཐུགས་སྣ་བསྟུངས་ཏེ་ལྕང་ལོ་ཅན་དུ་གཤེགས་པའི་ཐུགས་འདུན་དྲག་པོ་དང་ལས་འཕྲོ་གླིང་པའི་ཆོས་བདག་ཡིན་པར་དབུས་གཙང་སས་བསྐུལ་བའི་ངོས་མ་ཟིན་པར་དུས་ཐོག་ཏུ་མ་འཕྲོད་པའི་རྟེན་འབྲེལ་འཕྱུགས་སྐྱོན་གྱིས་ས་ཕོ་འབྲུག་ལོ་མཛད་པ་ཐ་མ་བསྟན་སྐབས་རྗེ་འདི་བོ་དོང་བཀྲ་ཤིས་སྒང་དུ་ཡུམ་དང་ལྷན་ཅིག་ཏུ་བཞུགས་པའི་ཚེ། འཇམ་དབྱངས་བྱང་གླིང་རྗེས་སྲུང་འཁོར་མཛད་ཅིང་ཉིན་རེ་བཞིན་གྲ་ལྔའི་དབང་ཚར་རེ་གནང་བས་དབང་ཆོག་ཕལ་ཆེར་ཐུགས་བློར་ཟིན་པ་བྱུང་། སྐབས་ཤིག་ཐམས་ཅད་མཁྱེན་པ་སྐུའི་རྣམ་པ་དངོས་གཞི་འདྲ་བ་ལ་དབུ་སྐྲ་ཟིང་ངེ་བ་ཕྱག་སྟབས་འདི་ཡིན་མེད་པ་ཞིག་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་བཞུགས་པ་གསལ་བར་གཟིགས་པ་ནི་བར་དོ་ཡེ་ཤེས་ཀྱི་སྐུས་མངོན་སུམ་དུ་རྗེས་སུ་བཟུང་བར་འདུག་ཅིང་གཟིགས་སྣང་ལ་ཇི་ལྟར་བྱུང་བའི་བྲིས་ཐང་བཞེངས། རྗེ་བླ་མ་བསླབ་གསུམ་(༨ན)


GLG009_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་རྒྱལ་མཚན་ལ་རྐྱེན་སེལ་གྱི་ཆོས་བཀའ་ཅི་རིགས་གསན། སྙིགས་དུས་ཀྱི་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་གདན་ས་ངོར་ཨེ་ཝཾ་ཆོས་ལྡན་དུ་ཕེབས་དུས་རྨང་ལམ་དུ་ལམ་ཟབ་ཁང་གི་སྒོ་འགྲམ་གཡས་གཡོན་དུ་རྡོ་རྗེ་འཇིགས་བྱེད། དཔལ་ལྡན་དམག་ཟོར་མ། མདུན་དུ་དཔའ་བོ་བྲམ་ཟེའི་གཟུགས་ཅན་སྐུ་མདོག་སྔོ་བ་ཞབས་བསྣོལ་ནས་ཤིང་གི་གླིང་བུ་བཟུང་བ་དང་བཅས་པ་གཟིགས་པའི་གནས་ཚུལ་རྗེ་བཙུན་བླ་མ་མཁན་ཆེན་བསླབ་གསུམ་རྒྱལ་མཚན་ལ་ཞུས་པས་ཞལ་ལ་གཏོར་བསྔོ་མཛད་ན་ལེགས་ཞེས་སྩལ་བ་བཞིན་དེ་ནས་བཟུང་ཆག་མེད་དུ་གནང་། ཁུམ་བུ་ལུང་དུ་བཞུགས་པའི་ཚེ་དག་པའི་སྣང་བ་ལ་མཁན་ཆེན་རྡོ་རྗེ་འཆང་བསླབ་གསུམ་རྒྱལ་མཚན་སྐུའི་ཆ་ལུགས་དཀྱུས་ལྟར་ལ་གཡས་ཆོས་འཆད་དང་གཡོན་ཐོད་པ་བདུད་རྩིས་གང་བ་བཟུང་བ་དེའི་ཞལ་ནས་ཁོ་བོའི་གཡས་སུ་སྒྲོལ་དཀར་དང་གཡོན་དུ་ཕྱག་རྡོར་མདོ་ལུགས་བཞེངས་ན་ལེགས་གསུང་བ་བཞིན་དེ་ལྟར་བཞེང་བ་གནང་བའི་བྲིས་ཐང་ལ་ལུང་བསྟན་ཐང་ཁ་ཞེས་ཐུགས་གཙིགས་ཤིན་ཏུ་ཆེ་ཞིང་ལུང་བསྟན་ཚུལ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོས་དྲི་བ་ཞུས་པར་གསལ་གསལ་མི་གནང་གསུང་། གཡང་དུ་བཞུགས་སྐབས་ཤིག་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སེར་ཆེན་ལ་མཆོད་གཏོར་ཕུལ་ཞིང་འཕྲིན་ལས་བཅོལ་བས་རིང་པོར་མ་ལོན་པར་གླང་ཐང་ནས་གོས་དར་དང་སྟོང་སྐུད་ཀྱི་འབུལ་བ་མང་དུ་བྱུང་། དུས་ཕྱིས་ཀྱང་མནལ་ལམ་དུ་བྱ་རྒོད་གཤོངས་ཀྱི་རྣམ་སྲས་མདུང་དམར་ཅན་ཕྱག་མཚན་བཞི་པའི་རྟགས་རེ་བྱུང་ན་སང་ཉིན་ཟང་ཟིང་གི་བདོག་པ་སྟེར་མི་རེ་ངེས་པར་འོང་འདུག་ཅིང་ལར་རྣམ་སྲས་(༨བ)


GLG009_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་དྲག་གཉིས་པོ་འདི་ཚེ་རབས་སྔོན་མ་ནས་ལས་ཀྱི་འབྲེལ་པ་ཡོད་པའི་ཆོས་སྐྱོང་ཞིག་ཡིན་འདྲ་བས་ཤིན་ཏུ་འགོ་ཞིང་རྗེས་གནང་བྱེད་རེས་ཀྱང་འཚུབ་ལྷོངས་ཀྱི་རྣམ་པ་རེ་ངེས་པར་ཡོང་བའི་དམ་དོག་ཆེ་ཙམ་དགོས་པ་འདུག་ཅེས་རྗེ་བཀའ་འགྱུར་བ་སོགས་ལ་གསུང་བ་ནི་འཁྲུལ་ཞིག་རིན་པོ་ཆེས་ཞ་ལུའི་གདན་ས་མཛད་དུས་ཆོས་སྐྱོང་འདི་ཉིད་ལ་གཙོ་བོར་མཛད་པའི་ཤུགས་ཡིན་པ་འདྲ།རྩོད་དུས་པདྨའི་རྒྱལ་ཚབ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིགས་འཛིན་མངའ་རིས་པ་ཆེན་པོ་ཉི་ཟླ་འོད་ཟེར་ལ་དཔལ་ཨོ་རྒྱན་ཆེན་པོས་དངོས་སུ་གནང་བའི་འཆི་མེད་གྲུབ་པའི་རླུང་སྦྱོར་གྱི་གདམས་པ་ཟབ་མོ་འདི་ཉིད་དགུང་ལོ་བཅུ་དྲུག་བཞེས་པ་ཤིང་ཕོ་ཁྱིའི་ལོ་ཡབ་ནམ་མཁའ་ཕུན་ཚོགས་དང་ལྷན་ཅིག་པར་བྱ་རྒོད་གཤོངས་སུ་རིགས་འཛིན་རྗེ་ལ་གསན་པས། ཇི་སྐད་དུ་ཨེ་མ། གསང་ཆེན་བསྟན་པའི་མངའ་བདག་རིགས་འཛིན་རྗེས། །གསང་ལས་ཡང་གསང་ཉིང་ཁུའི་གདམས་པ་འདི། །གསང་སྔགས་འཆང་བ་ནམ་མཁའི་མིང་ཅན་ལ། །གསང་ཞིང་སྦས་པའི་དབྱིངས་ནས་གནང་བ་ཡིན། །ཞེས་ཆེད་དུ་བརྗོད་པའང་མཛད། གཞན་ཡང་སྔ་ཕྱིར་བཀའ་བརྒྱད་བདེ་འདུས་རིགས་ཡོངས་འདུས་དང་དྲག་པོ་དབུ་དགུ་སོགས་རྙིང་མ་བཀའ་གཏེར་གྱི་དབང་ལུང་མན་ངག་གི་གསན་པ་ཆེར་གནང་། མཁན་ཆེན་སྡིངས་མ་བ་བསླབ་གསུམ་རྒྱལ་མཚན་གྱི་དྲུང་དུ་གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱི་དབང་ཁྲིད་ལུང་བྱིན་རླབས་དང་བཅས་པ་གསན་པའི་རྒྱུ་དབང་གི་དུས་མཁན་ཆེན་རིན་པོ་ཆེའི་གཟིགས་སྣང་ལ། རྗེ་ཉིད་བཞུགས་པའི་མདུན་གྱི་ནམ་མཁར་ཚར་ཆེན་ཆོས་ཀྱི་རྒྱལ་པོ། ཐམས་ཅད་མཁྱེན་པ་(༩ན)


GLG009_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་བརྩེའི་དབང་ཕྱུག་ཡབ་སྲས་དབང་མ་གྲོལ་བར་བཞུགས་ནས་དབང་བསྐུར་བའི་ཆོ་ག་མཛད་ཀྱིན་འདུག་པ་ལ་ཁོང་ཡབ་སྲས་ཀྱིས་དབང་ཚིག་ཇི་ལྟ་བ་བཞིན་ཁྱེད་རྣམས་ལ་བཤད་པ་ཡིན་ཨང་། དེ་འདྲའི་དགའ་བ་ལ་ཨང་། ཞེས་གསུངས་པ་ནི་བསྟན་པ་རིན་པོ་ཆེ་སྲིད་མཐར་མི་ཉམས་པ་ལ་བླ་མ་རྣམ་གཉིས་མཉེས་པར་སྣང་། ཚར་ཆེན་གྱི་གསུང་མགུར་ལས། ང་དལ་འབྱོར་རྡོ་རྗེའི་ལུས་མཆོག་ཐོབ། །ཕ་མཚན་ལྡན་བླ་མས་རྗེས་སུ་བཟུང་། །ལམ་ཚད་མ་སྙན་བརྒྱུད་བཞི་ལྡན་ཐོབ། །ད་གང་ལྟར་བྱས་ཀྱང་ཨེ་མ་ཧོ། །ཞེས་པའི་དོན་དུ་མཆིས། གཞན་ཡང་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་ཉམས་ཁྲིད། མགོན་ཆེན་གྱི་རྗེས་གནང་ཁ་ཤས་ལུང་རགས་རིམ། བྲག་རྫོང་མ་དང་གསང་ཁྲིད་ཀྱི་ཉམས་ཁྲིད། རྭ་ལུགས་བཅུ་གསུམ་མའི་དབང་། རྭ་ཁྲིད་མཁའ་འགྲོ་སྙན་བརྒྱུད་ཀྱི་ཉམས་ཁྲིད། གཤེད་དམར་ལྷ་ལྔའི་དབང་གིས་གཙོས་དབང་རྗེས་གནང་རིག་གཏད་ཁྲིད་ལུང་སོགས་གདམས་པ་རྒྱ་མཚོ་ལྟ་བུ་གསན་ཅིང་བཀའ་དྲིན་ཆེ་ཤོས་སུ་མཛད་པས། བྲག་རྫོང་མའི་ས་བཅད་ལས། བློ་འདས་གདོད་མའི་མགོན་པོ་རྡོ་རྗེ་འཆང་། །གང་འདུལ་དག་པའི་ཟློས་གར་དྲིན་ཅན་རྗེ། །བཀའ་དྲིན་དྲན་ནོ་ཕ་རྒོད་བསླབ་གསུམ་ཞབས། །སྙིང་ནས་འདུ་འབྲལ་མེད་དོ་ཐུགས་རྗེས་སྐྱོངས། །ཞེས་པའི་དོན། ཁྱད་པར་ཚེ་རབས་དཔག་མེད་ནས། །རྗེས་སུ་བཟུང་བའི་འདྲེན་པ་མཆོག །ཚེ་འདིར་རང་སེམས་ལྷན་སྐྱེས་འདི། །སྐྱེ་མེད་ཆོས་སྐུར་ངོ་སྤྲད་ཅིང་། །ཟབ་མོའི་དབང་བཞི་ཆུ་བོའི་རྒྱུན། །བུམ་པ་གང་བྱོར་གནང་བ་ཡི། །བཀའ་དྲིན་མཉམ་མེད་རྡོ་རིང་པ། །(༩བ)


GLG009_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

འགྲན་ཟླ་ཀུན་དང་བྲལ་བ་ཡིན། །ཞེས་ཚར་ཆེན་གྱི་གསུང་མགུར་ལས་བྱུང་བ་དང་མཚུངས་པར་སེམས། སྐུ་ན་གཞོན་དུས་ནས་རབ་ཏུ་བྱུང་བ་གནང་བཞེད་ཆེ་ཞིང་འཇམ་དབྱངས་བྱང་གླིང་བཀྲ་ཤིས་རྒྱལ་མཚན་གྱིས་ཀྱང་སྐུ་ཆོས་གནང་བ་འགབ་ཚུལ་དང་། ངེད་རང་གྲ་རྐྱང་ཡིན་ཡང་བྲང་ཁང་དབང་ཆས་སོགས་ཕྱི་ནང་ཀུན་ཕུགས་འཇགས་རྩིས་ཀྱི་ལྷན་དུ་བཞུགས་ན་ཡོང་བ་སོགས་ཀྱི་བསླབ་བྱ་ནན་ཏན་དུ་མཛད་རུང་འཕྲང་འགོ་གཏེར་སྟོན་གྱི་རྟ་མགྲིན་དྲེགས་པ་ཀུན་འདུལ་གྱི་བསྐྱེད་རྫོགས་འཁྲུལ་མེད་ཙིཏྟ་དམར་པོ་ལས། ལྔ་བརྒྱ་ཐ་མ་དུས་ཀྱི་སྙིགས་མ་ལཿ ཤནྟིའི་མིང་འཛིན་བདུད་ཀྱི་བར་ཆད་ཀྱིསཿ མངའ་རིས་ཕྱོགས་ནས་ཧོར་གྱི་མནན་པ་འདོན༔ ཧ་ལ་འབིག་གིས་ངམ་རིང་བར་དུ་འཇོམས༔ བྱང་གི་ངམ་རར་བདུད་སྲིད་འགོ་ནད་སློང་༔ ས་བདག་ནམ་མཁའི་སྙིང་ལ་བར་ཆད་འཇུག༔ དེ་དུས་བྱང་གི་རི་སྣ་བཅུ་གསུམ་རྩེར༔ པདྨ་མཚན་བརྒྱད་གཙུག་ལག་བཅུ་གསུམ་རེ༔ བརྩིགས་ན་བྱང་ཕྱོགས་རྒྱལ་པོ་མངའ་ཐང་རྒྱས༔ ཞེས་པ་ལྟར། བྱང་གཙང་རོང་གསུམ་གྱི་བདེ་གཟར་ཡོ་འཁྱོམས་ཆེ་སྐབས། མེ་བྱི་ལོ་བྱང་པ་ནམ་མཁའ་རྒྱལ་མཚན། ཀུན་རིན་པ། གཙང་པ་ཞིང་ཤག་པ། རིགས་འཛིན་ཡོངས་འདུས་ཀྱི་ལུང་བསྟན་བཞིན་འགོང་པོའི་སྤྲུལ་པ་ཀུན་སྤངས་པ་རྣམས་རྩེ་བསྟུན་པའི་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་ཕྱོགས་སུ་ཕུལ་ཏེ་གནས་གསར་བར་བཀའ་བཀྱོན་དུས་འཕོ་འགྱུར་ཆེན་པོས་མཛད་དཀའི་སྐབས་སུ་སོང་བ་དང་སྲས་ཀྱི་བགྲེས་ཁ་ཡིན་གཤིས། སྒོ་དུ་མ་ནས་ཡབ་ཡུམ་ཕྱག་ཕྱི་བ་སོགས་ཚང་མས་མགྲིན་གཅིག་ཏུ་ཁྱེད་ཀྱིས་ཆོས་མཛད་ན་གནས་གསར་བ་མིང་(༡༠ན)


GLG009_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལྷག་མ་ལྟ་བུར་གྱུར་ནས་ངེད་རྣམས་སུ་ལ་རེ་ཞེས་ནན་ཏན་ཆེན་པོས་གཤོལ་བཏབ་པ་ནི། ཤཱ་རིའི་བུའི་སྨོན་ལམ་དུ།་ཧ་ཅང་ཕྱུག་པོའི་ཁྱིམ་དང་ནི། །དབུལ་པོའི་ཁྱིམ་དུ་མི་སྐྱེ་བར། །བར་མའི་ཁྱིམ་དུ་སྐྱེས་ནས་ཀྱང་། །རབ་ཏུ་བྱུང་བ་བྱེད་པར་ཤོག །ཅེས་པའི་དོན་བཞིན་སྡེ་པ་གནས་གསར་བ་ཞེས་རྒྱལ་སྲིད་ཀྱི་སྙན་གྲགས་དང་རེ་དོགས་ཀྱི་དབང་གིས་རེ་ཞིག་སྐུ་རྟེན་བསྒྱུར་བ་སོགས་གཞན་དབང་མཐུ་བཙན་པས་མ་འགྲུབ་པ་བྱང་གླིང་རྗེས་ད་ལམ་སྐུ་ཆོས་གནང་མ་བཅུག་ཀྱང་ཕུགས་མཛད་དགོས་པ་ཡོང་གསུང་བ་མངོན་མཁྱེན་དུ་མཆིས། རིན་སྤུངས་ཞབས་དྲུང་ནས་བཀའ་ལུང་ལྕི་བ་དང་ཡབ་ཡུམ་གཉིས་ཀྱི་བཀའ་ནན་མ་བཟློག་པའི་དགོངས་པ་སྐོང་ཆེད་པ་རྣམ་དགའ་གདོང་གི་རྫོང་གསར་ཕག་རིའི་རྫོང་དཔོན་ལ་ཕེབས་དེ་དུས་གཙང་རོང་ཟློས་མཚམས་ཀྱི་གཙང་ཀོང་གཉིས་ཀྱི་དམག་གིས་ཕག་རི་རྫོང་ལ་བསྐོར་བ་རྫོང་རྩིས་སྤྲད་ནས་ཚད་དང་བདག་རྐྱེན་ཆེན་པོ་འོང་ཞེས་ཀུན་སྤངས་དྲུང་གིས་ཞལ་ལེན་ཆེར་མཛད་པ་དེ་ཐོག་ཏུ་བསྐྱལ་ན་ཤོགས་ཆེ་བ་ཡོང་ངེས་ཡིན་འདུག་ཀྱང་སྡེ་དཔོན་ཅི་རིགས་ཀྱི་ལུགས་བཞིན་འཕྲལ་དུ་ཁོ་མཐོང་ནས་འདོད་པས་ངོ་ཚ་བསྒྲིགས་པའི་མནའ་དང་ལས་འབྲས་སོགས་ཕུགས་ཀྱི་ཉེས་དམིགས་ཐམས་ཅད་རྒྱབ་ཏུ་བསྐྱུར་བ་དེ་འདྲ་ཐུགས་ལ་མ་བབས་པས་ངེད་རང་ཚོ་བཀག་པོར་འགྲོ་སྐབས་མགོ་འདྲེན་བདག་རྐྱེན་མཛད་མཁན་རིན་སྤུངས་པ་ཡིན་གཤིས་བསླུས་བརྒྱབ་ཚེ་ལུགས་གཉིས་ཀ་ནས་མི་བཏུབ་གསུངས་ཏེ་སྣ་ལེན་ཙམ་ཡང་མ་མཛད་པའི་དུས་ཕྱག་སྤྲེལ་གྱི་རྫོང་དཔོན་པ་རྣམ་རྫོང་ཤར་པས་དུས་ངན་སྐྱེ་བོའི་སྤྱོད་ཚུལ་མངོན་སུམ་དུ་(༡༠བ)


GLG009_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏེ་བསླུས་བརྒྱབ་པའི་རྫོང་སྡེ་པ་གཙང་པར་སྤྲད་ཅིང་དམ་པ་འདི་ཉིད་ཀོང་དམག་ལ་གཏད་དེ་ས་དོང་དུ་བཞུགས་བཅུག་དོང་གི་ཁ་པིར་ཕུབ་ཀྱིས་བཅད་ཁྱི་ཐུ་པོ་བཏགས་ནས་ཉེ་སྐོར་དུ་འགྲུལ་མི་ཡོང་བའི་དམ་དོག་ཆེན་པོས་ཤིན་ཏུ་འོ་བརྒྱལ་སྐབས་སྤྲོས་མེད་ལ་བརྟེན་པའི་ཐུགས་དམ་རྣམས་མ་ཆག་ཅིང་།གསོལ་བའི་ཕུད་མཆོད་ལ་བརྟེན་ནས་ཆོས་སྐྱོང་རྣམས་ཀྱི་གཏོར་བསྔོ་མ་གཏོགས་གཞན་མའི་སྤྲོས་པ་ཆེ་བ་རྣམས་གནང་མ་ཐུབ། དེ་ཡང་མོ་གལ་གྱི་བུའི་ཕྱག་ཞབས་ཐམས་ཅད་ཀུན་ཏུ་རྒྱུས་འདམ་བུ་ལྟར་བཅོམས་པའི་ལོ་རྒྱུས་བཞིན་ཡུལ་ཁྱད་པར་ཅན་རྣམས་ལའང་ཀུན་རྫོབ་ཏུ་ལས་ཀྱི་འབྲས་བུ་མི་ཡང་བའི་མཐའ་མ་བཀག་ཅིང་། དེ་བཞིན་གཤེགས་པ་ཡེ་ཤེས་ཤཱཀྱའི་མདོ་ལས། དེས་བསྐལ་བ་གྲངས་མེད་པར་གང་སྡིག་པའི་ལས་མངོན་པར་འདུས་བྱས་པར་གྱུར་པ་དེ་དག་གིས། དེ་ཡང་ཕྱི་མའི་དུས་ན་ཀླད་པ་ན་བ་ཙམ་གྱིས་ཐམས་ཅད་འབྱང་བར་འགྱུར། སེམས་ཉམས་ང་བ་ཙམ་གྱིས་ཐམས་ཅད་འབྱང་བར་འགྱུར། སྐུར་པ་བཏབ་པ་ཙམ་གྱིས་ཐམས་ཅད་འབྱང་བར་འགྱུར། བརྙས་པ་ཙམ་གྱིས་ཐམས་ཅད་འབྱང་བར་འགྱུར། འཐིང་སླད་བྱས་པ་ཙམ་གྱིས་ཐམས་ཅད་འབྱང་བར་འགྱུར། ཅོ་དྲིས་པ་ཙམ་གྱིས་ཐམས་ཅད་འབྱང་བར་འགྱུར། རྙེད་པ་ཆུང་བས་ཐམས་ཅད་འབྱང་བར་འགྱུར། སྐྱེ་བ་གཅིག་ཁོ་ནས་ཐམས་ཅད་འབྱང་བར་འགྱུར། ཞེས་པ་ལྟར་སྦྱང་བྱའི་སྡིག་ལྟུང་ཆེན་པོའི་ཚོགས་ཀྱང་ཚེགས་ཆུང་ངུས་གཞིལ་བར་གྱུར་པ་ལྟས་ངན་གཡང་དུ་ལོན་པ་ཡིན་པས་རང་རྒྱུད་པའི་ངང་ཚུལ་དུ་མི་སེམས་སོ། །མི་རིང་བར་གཞིས་ནས་གསེར་གྱིས་གཙོས་དངོས་པོ་གཏོས་ཆེ་བའི་བླུས་མས་(༡༡ན)


GLG009_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་དམིགས་ལས་གྲོལ་ཏེ་རང་གི་བསྟི་གནས་སུ་ཕེབས་ཆོག་པ་བྱུང་། དཀའ་སྤྱད་ཆུང་ངུ་ཙམ་གྱིས་རྐྱེན་མི་ཐེག་པར་དགེ་སྦྱོར་ལ་ཐང་ལྷོད་མང་དུ་འབྱུང་བའི་བཟང་པོར་རློམ་པ་མང་པོའི་སྤྱོད་ཚུལ་ལ་བརྟགས་ཀྱང་ཆེས་བརྣག་པར་དཀའ་བའི་དུས་དེར་རྐྱེན་ངན་ཐོག་བབས་ཀྱི་དབང་དུ་མི་འགྲོ་བ་ནི་ལྟར་སྣང་སྡེ་དཔོན་གྱི་དྲུང་འཁོར་གྱི་ཤ་ཚུགས་ཅན་ལ་སྣང་བ་ཐམས་ཅད་བདེ་སྟོང་གི་རོལ་བར་འཆར་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སྟེ། རྡོ་རྗེ་འཆང་ཀུན་སྤངས་ཆོས་རྗེ་དགུང་ལོ་སོ་བདུན་བར་སྣེའུ་སྡོང་རྩེར་བཞུགས་པ་ཡན་ཆད་ལའང་ཐམས་ཅད་མི་དགེ་བའི་ལས་ལམ་ཅུང་ཟད་ཙམ་གྱིས་མ་གོས་ཤིང་གཞིས་ཀ་རྩེའི་ཞོལ་དུ་རླུང་སེམས་དབུ་མར་ཆུད་པའི་ལམ་རྟགས་སོགས་དཔག་པར་དཀའ་བའི་རྟོགས་བརྗོད་དང་དབྱིབས་མཚུངས་པར་མངོན། སྐུའི་རྒྱན་ཆ་ལུགས་ཁྱིམ་པའི་རྣམ་པ་ཙམ་ལས་ཚངས་པར་སྤྱོད་པའི་བརྟུལ་ཞུགས་ལྷུར་ལེན་པ་སོགས་སྒོ་གསུམ་བག་ཡོད་ཀྱི་སྤྱོད་ཚུལ་ཁོ་ནས་དུས་འདའ་ཞིང་དབང་ལུང་མན་ངག་གསན་པ་ཕྱག་དཔེ་འཛིན་བཤར་ཐུགས་དམ་ལ་རྩོལ་འདོན་གྱི་ཀུན་ཏུ་སྤྱོད་པར་གཞོལ་བ་ལ་བརྟན་ཐམས་ཅད་ཀྱིས་བླ་མ་ལྟ་བུའི་མཐོང་དང་དྲུང་དུ་འཁོད་ནས་ཆོས་དང་འབྲེལ་བའི་གླེང་བསླང་ལ་སྤྲོ་བ་འཕེལ་བ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས། ནད་ཀྱི་འཇིགས་པ་མ་བྱུང་ཞིང་། །དམ་པ་དག་དང་འགྲོགས་པར་བརྩོན། །དམན་པའི་ཚིག་ནི་མ་སྨྲས་པའི། །ཉིན་གཅིག་ལོ་བརྒྱ་བས་ཀྱང་མཆོག །ཅེས་དམ་པ་དང་ཉིན་གཅིག་འགྲོགས་པ་དང་སྐྱེས་ཕལ་དང་ལོ་བརྒྱར་འགྲོགས་པའི་ཁྱད་པར་གྱི་དོན་དུ་ངེས་ཤིང་གླང་བུ་ནས་མ་ཆེན་ཚེ་དབང་དོན་གྲུབ་ཅེས་རྣམ་དཔྱོད་མཆོག་(༡༡བ)


GLG009_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཡངས་ཤིང་ཁྱད་པར་ཁའུ་བྲག་རྫོང་པའི་རིང་ལུགས་ལ་ལྡོག་ཏུ་མེད་པའི་མོས་པ་བརྟན་པོ་དང་ལྡན་པ་དེས། མཁན་ཆེན་བསླབ་གསུམ་རྒྱལ་མཚན་གྱི་དྲུང་དུ་གུར་ཞལ་གྱི་ཆོས་སྐོར་ཡོངས་རྫོགས་དགོས་ཚུལ་གྱི་སྙན་འབུལ་ཞུས་པས་དབང་ལུང་རེ་མང་གནང་བའི་མཚམས་ཤིག་ལྷག་མ་རྣམས་གནས་གསར་དབོན་རིན་པོ་ཆེར་ཞུས་གསུངས་པ་སྡེ་པའི་ཐུགས་ལ། དབོན་རིན་པོ་ཆེ་སྐུ་རྟེན་སྐྱ་བོ་འདི་འདྲས་གནང་བ་ཞིག་ཅུང་མི་ཡོང་ངམ་སྙམ་པ་ལ་རྗེས་སོར་ཟབ་ཆོས་མཐའ་དག་ལྷུག་སྩོལ་ཞུས་ཆོག་པ་བྱུང་བས་རྗེ་བླ་མ་བསླབ་གསུམ་རྒྱལ་མཚན་གྱི་གསུང་དེ་མངོན་པར་མཁྱེན་པ་དང་རྗེ་བླ་མ་འདི་ཉིད་ལ་མི་ཕྱེད་པའི་དད་པ་གཏིང་ཚུགས་པས་བརྒྱུད་བཅས་སྦྱིན་བདག་གི་མཐིལ་དུ་གྱུར། ཞ་ལུ་འཇམ་དཔལ་དབྱངས་བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན་ལ་བདེ་མཆོག་མཁའ་འགྲོ་རྒྱ་མཚོ་སོགས་བུ་ལུགས་ཀྱི་དབང་འཁྲིད་ལུང་མན་ངག་དུ་མ་གསན། དེའང་ཉེ་དུ་དང་འབངས་སོགས་སྲིད་པའི་ཕུན་ཚོགས་ལ་མངོན་པར་ཞེན་པ་རྣམས་ཀྱིས་འབད་པ་དུ་མའི་སྒོ་ནས་བཤོལ་བཏབ་ཀྱང་རྗེ་བླ་མ་འདི་ཉིད་ཚངས་པ། བརྒྱ་བྱིན། དབང་ཕྱུག །འཁོར་ལོས་སྒྱུར་བའི་དཔལ་ཡང་ཟག་བཅས་ཀྱི་བདེ་བ་འགྱུར་བའི་སྡུག་བསྔལ་ཆུ་ཤིང་ལྟར་སྙིང་པོ་མེད་པའི་རང་བཞིན་དུ་གཟིགས་ཏེ་ཐོག་མ་ཉིད་ནས་ངེས་པར་འབྱུང་བའི་དམ་བཅའ་བརྟན་པོ་ལས་ཅུང་ཟད་ཙམ་ཡང་གཡོ་བ་མི་མངའ་བས་དགུང་ལོ་སོ་གཅིག་ཏུ་ཕེབས་པ་འགལ་བ་ཞེས་པ་ས་མོ་གླང་གི་ལོ་རྒྱལ་བས་ཆོ་འཕྲུལ་བསྟན་པའི་བཟང་པོ་དང་པོའི་ཉིན་གདན་ས་འོག་སྲིད་གསུམ་རྣམ་པར་རྒྱལ་བའི་ཆོས་གྲ་ཆེན་པོར་རྟ་ནག་ཐུབ་བསྟན་རྣམ་རྒྱལ་གྱི་ཁྲི་པ་མང་ཐོས་སྡེ་སྣོད་གསུམ་པ་ཚུལ་ཁྲིམས་ཀྱི་དྲི་ངད་ཕྱོགས་བཅུར་ཁྱབ་པའི་(༡༢ན)


GLG009_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བརྟན་འདུལ་བ་འཛིན་པ་མཁན་ཆེན་བྱམས་པ་རབ་བརྟན་གྱི་དྲུང་དུ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ལེགས་པར་བཞེས་པའི་བརྗེ་བ་རྣམ་པ་གསུམ་གྱི་སྐབས་མཚན་དབང་ཕྱུག་རབ་བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་གསོལ། མགོན་པོ་ཁྲོ་བཅུའི་རྗེས་གནང་སོགས་ཆོས་རྣམ་གྲངས་མང་དུ་གསན། དེ་ནས་མ་འགྱངས་པར་འཇམ་མགོན་ས་སྐྱ་པའི་གཞུང་ལུགས་བྱེ་བའི་སྲོལ་འཛིན་ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེའི་བསྟི་གནས་ཆོས་གྲ་ཆེན་པོ་ཐུབ་བསྟན་རྣམ་པར་རྒྱལ་བའི་གླིང་དུ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཡོངས་རྫོགས་བསྟན་པའི་མངའ་བདག་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་བྱམས་པ་རབ་བརྟན་པས་མཁན་པོ། ཁྲིམས་ལྡན་ངུར་སྨིག་འཛིན་པ་ཆོས་འོད་ཟེར་གྱིས་ལས་ཀྱི་སློབ་དཔོན། གསང་སྟོན། གྲིབ་ཚོད་པ་སོགས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྟན་པའི་རྩ་བ་སོ་སོར་ཐར་པ་རིགས་བརྒྱད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་དགེ་སློང་གི་དངོས་པོར་བསྒྲུབས་ཏེ་ལེགས་པར་གསུངས་པའི་ཆོས་འདུལ་བའི་རྒྱལ་མཚན་ཆེན་པོ་ཤཱཀྱ་སེང་གེའི་རིང་ལུགས་ཀྱི་བ་གམ་མཐོན་པོའི་རྩེ་མོར་མངོན་པར་བསྒྲེངས་པའི་གནས་བརྟན་འདུལ་བ་འཛིན་པ་ཉེ་བར་འཁོར་གཉིས་པ་ལྟ་བུར་གྱུར་པ་ནི་ཚར་ཆེན་གྱི་གསུང་ལས། དེང་དུས་འདི་ན་ཁ་ཅིག་གཞན་དབང་གིས། །རང་ཡུལ་བླ་མ་ཚུལ་འཆལ་དག་ལ་ནོད། །གཞན་དག་བསམས་བཞིན་ཐག་དང་སར་བགྲོད་ནས། །ཆེན་པོ་ཧོར་འདྲའི་སྤྱོད་ཚུལ་ཅན་ལ་ཞུ། །བདག་གིས་ཚེ་འདིའི་ངོ་བསྲུང་རྒྱབ་ཏུ་བོར། །ཕྱི་མའི་དོན་ཆེན་འབའ་(༡༢བ)


GLG009_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་སྙིང་ནས་བསམས། །ཡོངས་རྫོགས་ཁ་ཆེའི་པཎ་ཆེན་བསོད་སྙོམས་པ། །ཤཱཀྱ་ཤཱིའི་གྲྭར་ནི་འབད་པས་ཞུགས། །ཞེས་པ་ལྟར་པཎ་ཆེན་ལུགས་ཀྱི་སྡོམ་རྒྱུན་ཁུངས་བཙུན་བཞེས་པ་ཡིན་ཞིང་མདོར་ན་ཐེག་པ་ཆེ་ཆུང་གི་ཉམས་བཞེས་མཐའ་དག་མཐར་ཕྱིན་པས་ཚར་ཆེན་གྱི་གསུང་མགུར་དུ། ཕྱི་ཚུལ་ཉན་ཐོས་ཀྱི་སྤྱོད་པས་ཚུལ་ཁྲིམས་སྲོག་བཞིན་དུ་བསྲུངས་ཤིང་། །ནང་དུ་གཞན་ཕན་གྱི་སྙིང་རྗེས་འགྲོ་ཀུན་བུ་བཞིན་དུ་བསམས་ནས། །གསང་བ་གཉིས་མེད་དགག་སྒྲུབ་བླང་དོར་དང་བྲལ་བ། །བཟོ་མེད་ལྷུག་པ་རུ་སྐྱོང་བ་རྣལ་འབྱོར་ཁོ་བོའི་སྤྱོད་པ། །ཞེས་གསུངས་པ་དང་མཐུན་པར་སྣང་། སྔོན་གནས་དྲན་དང་གོམས་པའི་ནུས་མཐུ་རྣམས། །ཉི་མའི་དཀྱིལ་འཁོར་ཤར་ན་འོད་ཟེར་ལྟར། །ན་ཚོད་ཕྲ་ཡང་རྒན་བློའི་ཐོས་བསམ་ཚུལ། །མ་དྲུག་རྣམ་དཔྱོད་ཡངས་ལ་གཅིག་ཏུ་སྡང་། །བླ་མ་ཡི་དམ་ཆོས་སྲུང་འབྲལ་མེད་དུ། །ཡོངས་རིག་གསུང་གསང་རྒྱུན་མི་ཆད་བཞིན་པར། །དངོས་ཉམས་འགའ་རུ་ཕྱོགས་ཙམ་སྟོན་པ་འདི། །མངོན་སུམ་གཟིགས་རྣམས་གབ་པའི་བརྫུ་བག་མཁན། །ངན་སྤྱོད་མཚོན་གྱིས་མི་ཕིགས་ཁྲེལ་གཞུང་ངོ་། །ཚུལ་གནས་དམ་བཅའི་གཙུག་ནོར་འོད་འབར་དེས། །མི་དགེ་ལྷ་མིན་བཅོམས་ཀྱང་རང་སྡེའི་བྱར། །རྗེས་བརྩེའི་བརྒྱ་བྱིན་གཉིས་པ་དམིགས་སུ་མེད། །རིན་ཆེན་སྤུངས་པའི་སྲིད་ཀྱི་གཞན་དོན་ཕྱིར། །རང་གི་བདེ་བ་བོར་བའི་གཏོང་ལེན་འདིས། །འགྲོ་ཆེད་ལུས་སོགས་འདོར་བའི་རྒྱལ་སྲས་ཀྱི། །རླབས་ཆེན་སྤྱོད་པའི་ཚད་དེ་ད་གདོད་འཁུམས། ཁྱིམ་གཟུགས་སྒོང་སྦུབས་མཁས་བཙུན་གྲུབ་བརྙེས་པའི། །དབྱངས་སྙན་ལེགས་འཁྲོལ་ཀ་ལ་པིངྐའི་བྱ། །མཐོང་ཚེ་(༡༣ན)


GLG009_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སྤྲིན་གོས་ཀྱི་འདབ་གཤོག་ཅན། །ངུར་ཁྱུ་ཕལ་ཆེར་དོན་མེད་ཅ་ཅོས་ངལ། །བློ་གསལ་གདམས་པའི་རྒྱ་མཚོ་དཔག་དཀའི་མཐའ། །མཁྱེན་བརྩེའི་རྫིངས་ཀྱིས་དབངཕྱུག་བརྒྱད་ལྡན་གླིང་། །བགྲོད་ནས་དངོས་གྲུབ་རིན་ཆེན་འདྲེན་པའི་ཁུར། །འདེགས་ནུས་སྙིང་སྟོབས་ཚུལ་ལ་ཁྱབ་འཇུག་ཞབས། །པད་འབྱུང་སླར་ཡང་གངས་ཅན་འགྲོ་བ་ལ། །རྗེས་བརྩེ་མཆོག་གི་སྤྲུལ་སྐུ་མངའ་རིས་པས། །ཐེག་དགུའི་ཆོས་སྒོ་ཕྱེ་ཚེ་རྒྱལ་པོ་ཛ། །སྐྱེངས་ཏེ་འོག་མིན་ཞིང་དུ་བྲོས་སམ་སྙམ། །རིས་མེད་མདོ་རྒྱུད་ཆུ་ཕྲན་ཀུན་བཏུངས་པས། །ཡངས་པའི་མཁྱེན་རབ་ལྟེ་བ་མ་ཁེངས་པར། །བསླབ་གསུམ་ཚངས་པའི་ཞལ་སྒོའི་རིལ་ཀླུང་ནས། །ཕབ་པའི་སྙན་བརྒྱུད་གངྒཱ་འཐུང་ལ་བྲེལ། །སྲིད་འབྱོར་འདོད་ལྷར་ལྡང་བའི་ངེས་བྱུང་མེས། །རྟེན་འབྲེལ་ལུགས་འབྱུང་འཁོར་བ་རགས་པའི་ལུས། །བསྔགས་ཏེ་བག་ཡོད་དབང་ཕྱུག་བརྒྱད་ལྡན་ལྷ། །གཏན་མདུན་རལ་རྩེར་ཐར་པའི་ཟླ་བ་ཚེས།མཁན་ཆེན་བསླབ་གསུམ་རྒྱལ་མཚན་མཁའ་སྤྱོད་ཧེ་རུ་ཀའི་གྲོང་ཁྱེར་དུ་མེ་གླང་སྐུའི་བཀོད་པ་བསྡུས་པར་བརྟེན་བསྟན་པ་སྤྱི་བྱེ་བྲག་གི་གསན་བསམ་འཕྲོར་ལུས་པ་རྣམས་གསན་པའི་ཆེད་དུ། ས་གླང་བསམ་གྲུབ་དགོན་གསར་དུ་ཕེབས། སྙན་གསན་འབུལ་བར་གནང་བ་ལྟར་སྔགས་འཆང་རིན་པོ་ཆེས་ཞལ་གྱིས་བཞེས་ཏེ་རྗེ་འདི་ཉིད་ཞག་ཤས་ཆོས་སྒུགས་སུ་བཞུགས། རིན་པོ་ཆེ་མཚོ་སྒོ་བའི་རྐྱེན་སེལ་ལ་སྐོར་ཙམ་བྱོན་ནས་ཕྱིར་ལམ་དགྲ་ཇག་གི་འཚེ་བ་མང་བའི་གངས་དབར་སླང་སྟོངས་ལ་སྲུང་མའི་དབང་པོ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་རུ་འདྲེན་སྡེ་(༡༣བ)


GLG009_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང་བཅས་པས་མངོན་སུམ་ལྟ་བུར་བསུ་བའི་གཟིགས་སྣང་བྱུང་བར་ཕྱག་ཕྱི་བ་གཡུལ་རྒྱལ་སོགས་ཀྱིས་བྱ་ནག་ཟུང་འབྲེལ་གྱིས་གཤོག་གར་དང་སྐད་སྙན་སྒྲོག་པ་འདི་མགོན་པོའི་ཕེབས་བསུར་འདུག་ཅེས་གླེང་བ་ཆོས་འཆད་ཉན་མཛད་པ་པོ་གཉིས་ཀའི་ཆེ་བར་མཆིས། ཚར་ཆེན་ཡབ་སྲས་ཀྱི་ཞབས་པད་ཡུན་རིང་དུ་བསྙེན་པས་ཟབ་ཆོས་ཀྱི་བདག་པོ་མཐུ་སྟོབས་ཀྱི་དབང་ཕྱུག་རིན་པོ་ཆེ་དགོན་གསར་བ་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱི་དྲུང་དུ་ཟླ་བ་བརྒྱད་ཀྱི་རིང་གསེར་ཆོས་དམར་པོ་སྐོར་གསུམ་གྱི་རྗེས་གནང་ཆོས་སྐོར། མགོན་པོ་ཞལ་གྱི་རྗེས་གནང་། ཚེ་སྒྲུབ་བསྲུང་འཁོར་དང་འབྲེལ་བའི་ཁྲིད། བེའུ་བུམ་རགས་རིམ་སོགས་མདོར་ན་གདུང་བརྒྱུད་རིམ་པར་བྱོན་པའི་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་སྐོར་སྔར་རྗེ་བསླབ་གསུམ་པར་མ་གསན་པའི་འཕྲོས་རྣམས་སུ་མ་ཟད་སྔར་གསན་རྣམས་ཀྱང་བསྐྱར་བལྡབ་དང་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་དབང་། རྟ་པོད། རྡོ་རྗེ་འཇིགས་བྱེད་རྭ་ལུགས་ཀྱི་དབང་། རྭ་པོད། དཔལ་འཛིན་པོད་ཆུང་སོགས་ཟབ་པ་དང་རྒྱ་ཆེ་བའི་གདམས་པ་མཐའ་ཡས་པ་གསན་ཅིང་མཇུག་ཏུ་ཚེ་དཔག་མེད་ལྕགས་སྡོང་མའི་དབང་གནང་བའི་ཚེ་ལོ་རྒྱུས་དང་དངོས་གཞིའི་མཚམས་སུ་སླེབས་དུས་ཚེ་ཆང་ཁོལ་ནས་ལུད་པ་རྗེ་འདི་ཉིད་ཀྱིས་མང་དུ་བཞེས་པའི་ལྷག་མ་རྣམས་རིལ་བུར་སྒྲིལ་བ་འབྲུ་ཤའི་སྔགས་འཆང་ཆེན་པོ་འདི་ཉིད་ཉམས་རྟོགས་ཀྱི་ཡོན་ཏན་ཕུལ་དུ་བྱུང་ཞིང་སྔགས་སྨྱོན་བསམ་གྱིས་མི་ཁྱབ་པ་བགྲངས་པའི་བྱིན་རླབས་ཀྱིས་ཕ་བླ་མ་མཁྱེན་བརྩེའི་དབང་ཕྱུག་གིས་བསྟན་པའི་བདག་པོར་རིགས་ཀྱི་དབོན་དམ་པ་བཅུ་ཕྲག་བརྒྱད་ཀྱི་བར་དུ་(༡༤ན)


GLG009_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་ཞིང་གཞེས་པའི་རྟེན་འབྲེལ་དུ་སེམས་ལ། མདོར་ན་བཀའ་དྲིན་ཆེ་བའི་བླ་མ་ཞིག་ཏུ་མཛད་པས་ཞལ་གྱི་གསང་ཁྲིད་ཀྱི་ཡི་གེ་ལས། རྒྱལ་བ་ཀུན་དངོས་ཁྱབ་བདག་རྡོ་རྗེ་འཆང་། །རིགས་བརྒྱའི་འཁོར་ལོས་སྒྱུར་བའི་ཟློས་གར་གྱིས། །དེང་འདིར་སྐྱེ་རྒུའི་དོན་སླད་བཤེས་གཉེན་སྐུ། །ཕ་རྒོད་སྐུ་དྲིན་དབང་པོ་དགོན་གསར་བ། །མགོན་དེའི་གསུང་གི་གསང་བ་མི་ཟད་པ། །ཟབ་རྒྱས་སྙན་བརྒྱུད་བདུད་རྩིའི་རྒྱ་མཚོ་ལས། །དད་གུས་སྙིམ་པའི་བཅུད་ཀྱིས་བསྡུས་པ་འདི། །སྐལ་བཟང་སྙིང་ལ་གྲུབ་པའི་དགའ་སྟོན་སྤེལ། །ཞེས་པ་གསང་འཁྲིད་གཅིག་པུར་མ་ཟད་ཟབ་ཆོས་གཞན་ལའང་སྦྱོར་རིགས་པར་མཆིས། དབྱངས་ཅན་ལྷ་མོས་རྗེས་སུ་བཟུང་བས་མདོ་རྒྱུད། སྒྲ་ཚད། སྙན་དངགས་སོགས་རིག་པའི་གནས་མཐའ་དག་ལ་མཁྱེན་རབ་ཀྱི་སྤྱན་དཀྱུས་ཤིན་ཏུ་རིང་བས་དུས་ཐོག་དེ་ན་ས་དགེའི་དགེ་བའི་བཤེས་གཉེན་གཞན་དག་གིས་བསྒྲུན་དུ་མེད་པ་ཐམས་ཅད་མཁྱེན་པ་ཀླུ་སྒྲུབ་རྒྱ་མཚོ་ཞེས་གསང་ཆེན་སློབ་བཤད་འཛིན་པའི་ཤིང་རྟ་པ་ཆེན་པོ་དེ་ལ་སྒྲོལ་དཀར་དང་དཔལ་ལྡན་དམག་ཟོར་མའི་རྗེས་གནང་སོགས་ཆོས་བཀའ་ཁ་ཡར། རྗེ་བྱམས་པ་སྐལ་བཟང་ལ་ནེ་གུ་དང་ཚེ་དཔག་མེད་གྲུབ་རྒྱལ་མའི་བསྐྱེད་རྫོགས་ཀྱི་འཁྲིད་སོགས་ཆོས་མང་བ། རིན་པོ་ཆེ་སྟོབས་ལྡན་འོད་ཟེར་ལ་འདོད་རྒྱལ་གྱི་འཁོར་ལོའི་ཕྱག་ལེན། ཛ་པིར་གྱི་བྷུར་རླུང་སོགས་མན་ངག་ཟབ་ཆོས་མང་དག །ཐམས་ཅད་མཁྱེན་པའི་མཆོད་དབོན་དྲུང་པ་དཀོན་ལེགས་པར་གསུང་འབུམ་ནང་གི་ཆོས་སྣ་འགའ་ཞིག་གིས་མཚོན་པའི་ཟབ་དོན་གྱི་ཆོས་བཀའ་དུ་མ་རྣམས་གསན། སྐུ་རྟེན་སྐྱ་བོའི་(༡༤བ)


GLG009_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུའང་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་ངེས་པ་རྙེད་པ་དུ་མས་བཀའ་ཆོས་ཞུས་པར་མ་ཟད་རབ་ཏུ་བྱུང་བ་ནས་བཟུང་དབང་འཁྲིད་ལུང་མན་ངག་གིས་མཐའ་ཀླས་པའི་གདུལ་བྱའི་རེ་བ་ཡོངས་སུ་བཀང་། ཆུ་འབྲུག་བཀའ་དྲིན་མཉམ་མེད་འབྲུའི་སྔགས་འཆང་ཆེན་པོའི་དྲུང་དུ་རྗེ་དམ་པ་འདི་ཉིད་དང་། ཆོས་རྗེ་བྱམས་པ་ཤཱཀྱ་བློ་གྲོས། ཆོས་རྗེ་ངག་དབང་པ། ཆོས་རྗེ་དཀོན་ཅོག་ལེགས་འཛིན། ཁམས་པའི་སློབ་བུ་གསུམ་དང་བཅས་ལྷན་ཅིག་པར་དབང་འཁྲིད་ལུང་མན་ངག་མང་དུ་གསན། དགུང་ལོ་སོ་བརྒྱད་པ་མེ་ཕོ་སྤྲེའུའི་ལོ་དབུས་ལ་ཕེབས་པའི་དགོངས་པ་བསྟད། ཞ་ལུ་རི་ཕུག་ནས་རྩེ་གདོང་དུ་ཕེབས་ཞབས་དྲུང་ཁྲི་རིན་པོ་ཆེ་ཀུན་དགའ་བསོད་ནམས་ལྷུན་གྲུབ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་ཕྱག་ཕྱི་མཛད་ཤུ་གུ་ལ་བརྒྱུད་པཎྜི་ཏ་ཆེན་པོ་ཀཱ་མ་ལ་ཤཱི་ལའི་རྣམ་འཕྲུལ་རོང་སྟོན་ཤེས་བྱ་ཀུན་རིག་གི་གདན་ས་རྒྱུན་སྟེར་རམ་འདམ་བུ་སྦྱིན་དུ་འབོད་པའི་ཆོས་གྲ་ཆེན་པོར་བྱོན། རྩེ་གདོང་ཁྲི་རིན་པོ་ཆེར་ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་དབང་གསན། ཞབས་དྲུང་ཁྲི་ཆེན་གྱིས་ནཱ་ལེནྡྲའི་མཁན་ཚབ་ཏུ་མངའ་གསོལ་ཏེ་རེ་ཞིག་བཞུགས་དུས་ཁམས་བོད་ཀྱི་གྲ་པ་རྣམས་ལ་རྒྱུད་སྡེ་བཞིའི་ནང་ནས་དབང་རྗེས་གནང་ཉམས་འཁྲིད་དང་ལུང་ཅི་རིགས་ཀྱི་ཆོས་ཆར་ཕབ། རྗེ་བཙུན་ནཱ་རོ་མཁའ་སྤྱོད་མའི་སྐུའི་སྣང་བ་ཆེས་གསལ་བར་བྱུང་བ་ཚར་ཆེན་ལ་འཕན་དཀར་གྱི་ལྗོངས་སུ་རྗེས་སུ་འཛིན། ཞེས་པ་དང་དབྱིབས་མཚུངས་པའི་ནཱ་རོ་ཏ་པའི་སློབ་བཤད་ཟབ་མོ་ཐུགས་ཉམས་སུ་བསྟར་པ་འགའ་ཞིག་ཡུལ་ཕྱོགས་འདི་ངོས་ནས་རྗེས་སུ་འཛིན་པའི་རྟེན་འབྲེལ་ཞིག་ཡོད་པར་མཆིས། (༡༥ན)


GLG009_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་ཚར་ཆེན་གྱིས་མཁན་ཆེན་བློ་གྲོས་ཆོས་འཕགས་ལ་རྗེ་མཁྱེན་བརྩེའི་དབང་ཕྱུག་མཇལ་ཐུབ་པ་གྱིས་གསུང་བ་ཕྱག་ཏུ་མ་ཁེལ་བའི་ངང་སྐུ་གཤེགས་པའི་གཤིས་བླ་མའི་བཀའ་བཞིན་མ་འགྲུབ་པའི་དམ་ཚིག་སྐོང་བྱེད་དུ་རྗེ་འདི་ཉིད་ཕེབས་དགོས་ཚུལ་ཞུས་པ་ལྟར་སྐྱེད་ཚལ་འོག་ཏུ་བྱོན། རྗེ་མཁྱེན་བརྩེའི་ཟིན་བྲིས་གཤེད་དམར་སྤྲོས་མེད་ཀྱི་འཁྲིད་ཡིག་དེ་ཚར་ཆེན་གྱིས་འདི་ལ་ཁོ་བོས་གློ་དགོན་པ་མི་འདུག་པ་མ་གཏོགས་ཚིག་གི་ཟུར་མ་ཉམས་པས་ལུང་བྱས་ཆོག་ཅིང་ཚིགས་བཅད་རྣམས་ཀྱང་སྙན་པོ་འདུག་པས་ཀློག་ཐོང་གསུང་མཁན་ཆེན་པར་ལྗགས་ལུང་གནང་འདུག་གཤིས་འཁྲིད་ལུང་གསན། རིམ་གྱིས་སྣ་ནམ་རྡོ་རྗེ་བདུད་འཇོམས་དང་དཔལ་ལྡན་བླ་མ་དམ་པ་སོགས་ཀྱི་སྤྲུལ་པའི་ཟློས་གར་ཀུན་མཁྱེན་འཇིགས་མེད་དཔའ་བོའི་བསྟི་གནས་གོང་དཀར་རྡོ་རྗེ་གདན་དུ་ཕེབས་ཏེ་གནས་རྟེན་རྣམས་ཞིབ་པར་མཇལ་བའི་མགོན་ཁང་དུ་མཆོད་གཏོར་འཕྲིན་བཅོལ་རྒྱས་པར་གནང་། རིན་པོ་ཆེ་ཀླུ་དབང་གླིང་པ་རྣམ་རྒྱལ་བཀྲ་ཤིས་ལ་དཔལ་མགོན་ཞལ་ཁྲ་ཅན་གྱི་རྗེས་གནང་དང་འཇམ་དབྱངས་ནག་པོའི་ཆོས་སྐོར་སོགས་གསན། ཡང་དག་པར་རྫོགས་པའི་སངས་རྒྱས་མཉམ་མེད་ཤཱཀྱའི་རྒྱལ་པོ་སྐུ་བོངས་ཐོག་ཚད་ཙམ་གསེར་གྱི་ལྷུན་པོ་ལ་ཉི་མ་འབུམ་གྱིས་འཁྱུད་པའི་གཟི་བྱིན་ཅན་མཚན་དཔེ་གསལ་ལ་རྫོགས་པ་དང་། ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུའི་སྣང་བ་གསལ་བར་གཟིགས། དེ་ནས་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཆིག་བརྒྱུད་རྡོ་རྗེའི་བརྒྱུད་པ་བདུན་ལྡན་གྱི་ནང་ཚན་སངས་རྒྱས་གཉན་སྟོན་ཆེན་པོའི་རྣམ་འཕྲུལ་མཁན་ཆེན་གཞོན་(༡༥བ)


GLG009_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ནུ་བློ་གྲོས་མཇལ་བར་གསང་ཆེན་སློབ་བཤད་ཀྱི་སྔགས་གྲ་ཡར་ཀླུངས་བཀྲ་ཤིས་ཆོས་སྡེར་ཕེབས། མཇལ་ཙམ་ནས་དཔོན་སློབ་སྔར་ནས་འདྲིས་པ་ལྟ་བུའི་ཐུགས་དགྱེས་ཤིང་གསུང་གླེང་འཕེལ་བར་མཛད། མཁན་རིན་པོ་ཆེར་ཚར་ཆེན་གྱིས་མཛད་པའི་ཀྱེ་རྡོར་མཎྜལ་སྒྲུབ་མཆོད་དང་རྗེ་ཉིད་ཀྱིས་མཛད་པའི་ཞལ་གྱི་གཏོར་སྐྱོང་གི་ལུང་། ཚེ་དབང་གྲུབ་རྒྱལ་མའི་དབང་ཕྱག་དྲུག་པའི་རྗེས་གནང་སོགས་ཆོས་འབྲེལ་ཁ་ཡར་གསན། ཁྱེད་ཀྱིས་ཆོས་སྡེའི་གྲ་པ་རྣམས་ལ་གུར་ཞལ་པུ་ཏྲ་བེག་ཙེ་རྣམས་ཀྱི་རྗེས་གནང་མཛོད་གསུང་བ་ལྟར་བཀའ་བཞིན་བསྒྲུབས། ཧོར་ཟླ་ལྔ་པའི་ཉེར་གཅིག་ཐམས་ཅད་མཁྱེན་པའི་སྐུ་མཆོད་དུས་དྲན་ལ་དཔོན་སློབ་བཅུ་གཉིས་ཀྱིས་དཔལ་རྡོ་རྗེའི་འཇིགས་བྱེད་རྭ་ལུགས་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ནས་ཞག་བརྒྱད་ཀྱི་བར་བདག་འཇུག་ཚར་བརྒྱད་བཞེས་པའི་ཉེར་གཉིས་ཀྱི་དགོངས་མཚམས་ཆོས་སྡེའི་ཐད་ཀྱི་ནམ་མཁའ་ལི་ཁྲི་ལྟར་གྱི་དབུས་ན་འཇའ་ཁ་དོག་ལྔ་ལྡན་གྱི་གུར་ཁྱིམ་དང་གཞན་ཡང་ལྔ་ལྡན་བརྒྱད་པ་སོགས་བུན་ལོང་ངེ་བས་ཁེངས་པ་དཔོན་སློབ་ཐམས་ཅད་ཀྱིས་གཟིགས་ཤིང་སྒྲུབ་མཆོད་ཚུགས་གདོང་གི་ཚེས་བཅུ་དགུའི་ནུབ་ངོ་མཚར་བའི་མནལ་ལམ་ཞིག་བྱུང་གསུང་བ་ལས་འདི་ཡིན་གསལ་བར་མ་གསུངས་སྣང་ཡང་ཕྱི་རོལ་ཏུ་ཤར་བ་དང་ནང་དུ་ཡེ་ཤེས་ཀྱིས་གཟིགས་ངོར་བྱུང་བ་མཐའ་དག་བླ་མ་འཇམ་དཔལ་རྡོ་རྗེ་གང་ཐུགས་དག་པའི་ངོ་བོར་རོ་གཅིག་པའི་རང་ཞལ་མངོན་སུམ་གཟིགས་པའི་རྣམ་འཕྲུལ་ལོ། །ཧོར་ཟླ་བདུན་པ་སྤྲེའུ་ཟླ་བའི་ཚེས་བཅུའི་མཆོད་པ་བྱང་གཏེར་ཐུགས་སྒྲུབ་དྲག་པོ་རྩལ་གྱི་སྒོ་ནས་གནང་བའི་དུས་ཐུགས་དང་བའི་སྣང་བ་དང་དད་གདུང་(༡༦ན)


GLG009_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པའི་ཤུགས་དྲག་པས་ཧཱུྃ་གི་འཛབ་བསྐུལ་ཙམ་གྱི་ཚེ་མེ་ཏོག་གི་ཆར་དད་ལྡན་ཀུན་གྱི་མངོན་སུམ་མིག་གི་སྤྱོད་ཡུལ་དུ་གྱུར་ཅིང་། ཉི་མ་དམར་ཐག་ཆོད་སྐབས་ནམ་མཁའ་ལི་ཁྲི་ལྟ་བུ་ལ་འཇའ་ཁ་དོག་ལྔ་འཁྱིལ་བ་དང་དྲ་ཕྱེད་སོགས་མང་པོས་མཐོང་འདུག་པ། བཀའ་ལས་རྟགས་དེ་དག་ཨོ་རྒྱན་མཁྱེན་བརྩེའི་ཐུགས་རྗེའི་བྱིན་རླབས་ཡིན་སྙམ་པས་སླར་ཡང་དད་གུས་ཀྱི་སྙིང་ཕུར་བརྟན་པར་ཐེབས། ཞེས་ངེས་རྙེད་མཛད་པ་ནི་ཨོ་རྒྱན་སངས་རྒྱས་གཉིས་པའི་སྐུ་འཁོར་དུ་ལངྐའི་རྒྱལ་ཁབ་དཔལ་གྱི་རི་བོར་བཞུགས་པ་ལས་སྤུར་རྒྱལ་གྱི་ཡུལ་ནས་གསོལ་འདེབས་མཛད་པ་པོ་ཡང་བྱིན་གྱིས་བརླབ་པར་བཀའ་བརྒྱད་ཀུན་འདུས་བླ་མ་རིགས་འཛིན་གྱི་རྣམ་པར་བྱོན་པའི་བརྡ་ཐབས་ཙམ་མོ། །ཕེབས་གདོང་མཁན་ཆེན་པའི་གསུང་ལས་ཆོས་སྡེ་འདི་ལ་ཁྱེད་ཀྱིས་གང་ལེགས་མཛད་དགོས་ཚུལ་གྱི་ཞལ་ཏ་དང་བཞུགས་འདིང་ངུར་སྨྲིག་གིས་གཙོས་གནང་ཆ་སྤམས་བསྟོད་ཅིང་མགོན་པོའི་བཀའ་བསྒོ་ཤིན་ཏུ་རྒྱས་པ་ཞིག་གནང་བ་དེ་ལས་རྒྱས་པ་བླ་མ་གཞན་ལ་ཞུ་མ་མྱོང་བས་དེ་ལ་བརྟེན་ནས་ཡུན་རིང་པོའི་བར་བློ་བདེ་ཆམ་མེ་བ་བྱུང་གསུངས། བཞུགས་འདིང་གི་གནང་སྦྱིན་དང་གྲ་པ་རྣམས་ལ་རྗེས་གནང་མཛད་དགོས་པ་རྗེས་སུ་ཆོས་སྡེའི་མཁན་པོར་ཕེབས་དགོས་པའི་རྟེན་འབྲེལ་བླ་མ་ཡི་དམ་ཆོས་སྲུང་ཚོགས་ཀྱིས་དགོངས་པ་རྩེ་གཅིག་པས་བསྒྲིགས་པར་མངོན་། ཆོས་སྡེ་འདི་དབུས་ཕྱོགས་སུ་གསང་ཆེན་སློབ་བཤད་པའི་སྔགས་དགོན་བཟང་ཤོས་ཡིན་པར་མ་ཟད་མགོན་ཁང་དུ་རྡོ་རྗེ་ཆོས་སྐྱོང་རྣམས་མངོན་སུམ་དུ་བཞུགས་ཉམས་ཀྱི་གཟི་བྱིན་ཆེ་(༡༦བ)


GLG009_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཨོ་རྒྱན་ཆེན་པོའི་ལུང་གིས་ཟིན་པ་ཡིན་ཞེས་རྗེ་བླ་མ་ལྷག་པར་ཐུགས་གཙིགས་ཆེ་བ་ཡིན་འདུག །དེ་ནས་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་ཁུ་དབོན་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་དམ་ཅན་སྲུང་མ་སྤྲིན་བཞིན་དུ་འདུ་བའི་རྩིས་དང་བསམ་གླིང་བདེ་བ་ཆེན་པོར་ཕེབས། དཔལ་ལྡན་བླ་མ་དམ་པའི་སྐུ་བརྙན་ཚུལ་ཁྲིམས་མ་དང་ནང་རྟེན་སོགས་ལ་སྨོན་ལམ་དང་དབང་བཞི་བཞེས་པ། མགོན་པོ་ཆེ་ཆུང་ལས་མགོན་བཅས་པར་མཆོད་གཏོར་བསྐང་བཤགས་འཕྲིན་བཅོལ་མཛད། གོང་མ་སྡེ་སྲིད་ཕག་མོ་གྲུ་པ་དྲུང་ཆེན་ཏཱའི་སི་ཏུས་ཕྱག་དར་བའི་ཆོས་གྲ་ཆེན་པོ་དཔལ་གྱི་རྩེས་དང་དུ་ཕེབས་ཏེ་པཎྜི་ཏ་ཆོས་ཀྱི་གྲགས་པའི་ཐུགས་དམ་རྟེན་ཐུབ་པ་གསེར་གླིང་མར་གྲགས་པ་མཉམ་མེད་ཇོ་བོ་ཆེན་པོས་གདན་དྲངས་ནས་དགེ་བཤེས་ཁུ་སྟོན་པའི་རྟེན་སྐལ་དུ་བྱུང་བ་དེས་གཙོས་ཕྱི་ནང་རྣམས་ཞིབ་མཇལ་མཛད་དེ་རིམ་གྱིས་ཆུ་བོ་ཆེན་པོ་པཀྵུའི་ཀླུང་བརྒལ་བའི་ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་གྱིས་ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་ལ་དཔེ་བྱས་ཏེ་བཞེངས་པའི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོའི་དབུ་རྩེ་རིགས་གསུམ། གླིང་བཞི་གླིང་ཕྲན། ཇོ་མོའི་གླིང་ཕྲན། ཇོ་མོའི་གླིང་གསུམ་སོགས་རྟེན་བརྟེན་པ་ཐམས་ཅད་ལ་ཕྱག་མཆོད་བསྟན་པ་རྒྱས་པའི་སྨོན་ལམ་གྱིས་མཚམས་སྦྱོར་གནང་། ཐང་ཡིག་ལས། ཁྱད་པར་ཡར་ཀླུངས་ཤེལ་བྲག་མཆིམས་ཕུ་གཉིས༔ རྒྱ་གར་དུར་ཁྲོད་བསིལ་པ་ཚལ་དང་མཚུངས༔ ཞེས་ཆེས་ཆེར་བསྔགས་པའི་གསུང་གི་དབེན་གནས་བསམ་ཡས་མཆིམས་ཕུར་(༡༧ན)


GLG009_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་ནས་གསང་ཕུག་ཏུ་གནས་འབྲེལ་མཛད་དེ་རང་རིག་བླ་མའི་རང་ཞལ་མངོན་སུམ་དུ་གཟིགས་པའི་རྣལ་འབྱོར་ཟབ་མོའི་ཐུགས་དམ་དང་གནས་ཀྱི་ཚོགས་ཞིབ་པར་གཟིགས། བསམ་གཏན་གླིང་དང་བསམ་ཡས་རི་མཐིལ་ཚོར་བླ་མ་ཡི་དམ་གྱི་ཞལ་གཟིགས་ལུང་བསྟན་དབུགས་དབྱུང་མང་བ་བྱུང་ཚོད་དུ་གདའང་དམན་ཆ་བླངས་ཏེ་གསལ་བར་མི་གསུང་། རྒོད་དཀར་ལ་བརྒྱུད་ནཱ་ལནྡར་བྱོན་པའི་ཟླ་གཉིས་བར་ཆོས་འཕྲོ་སོགས་མཛད་ཅིང་བཞུགས་པའི་ངང་ནས་མེ་བྱ་ཟླ་བ་གཉིས་པའི་ནང་དུ་འ་ཞ་ཡེ་ཤེས་གཡུང་དྲུང་གིས་སྔོན་སྨོན་ལམ་རྒྱ་ཆེར་མཛད་པའི་རྒྱུན་སྐྱོང་བའི་ཆེད་དུ་དཔོན་སློབ་དྲུག་གིས་སཱ་ལའི་སྨན་ལྗོངས་ཀྱི་ལྟེ་བ་ལྷ་ལྡན་སྤྲུལ་བའི་གཙུག་ལག་ཁང་དུ་ཕེབས་པའི་ཟླ་བ་གཉིས་ཀྱི་རིང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྒྱལ་ཚབ་མཐོང་བས་རྣམ་པར་གྲོལ་བ་ཇོ་ཤཱཀ་ཡིད་བཞིན་གྱི་ནོར་བུ། བྱམས་པ་ཆོས་ཀྱི་འཁོར་ལོ། ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་སོགས་ཡེ་ཤེས་སེམས་དཔའ་དངོས་སུ་བཞུགས་པའི་རྟེན་རྣམས་ལ་ཞབས་སྐོར་འབུམ་ཐེར་གྱི་དུས་ཉིན་རེ་བཞིན་མཇལ་བའི་མཆོད་འབུལ་དང་སྨོན་ལམ་དབང་བཞི་བཞེས་པ་སོགས་ཚོགས་གསོག་གི་རིམ་པ་སྨིན་རྒྱས་སུ་མཛད། ཇོ་བོ་རིན་པོ་ཆེར་དངོས་སུ་སྨོན་ལམ་གནང་བའི་དག་པའི་གཟིགས་སྣང་ལ་ཇོ་བོའི་སྐུ་འོད་ཀྱི་རང་བཞིན་གུར་གུམ་མདོག་ཅན་ལམ་མེར་གསལ་བ་དང་མནལ་ལམ་དུ་དབུའི་གཙུག་ཏུ་རྡོ་རྗེ་སེམས་དཔའ་ཁྲུ་གང་ཤིན་ཏུ་གསལ་བ་ཞིག་ཤར་བ་ལས་སྒྲིབ་དག་པའི་རྟགས་འདི་ལྟར་བྱུང་བ་རྗེས་འཇུག་རྣམས་ཀྱིས་ཀྱང་དེ་ལྟར་བྱ་དགོས་སོ་ཞེས་པའི་(༡༧བ)


GLG009_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

བརྡ་ཆོས་སུ་སྣང་། དངོས་སུའང་བུད་མེད་རྒན་སོང་ལག་ན་འོ་མ་རྫ་ཕོར་ཕྱེད་ཙམ་དང་ལ་ཕུག་རྡོག་གཅིག་བཟུང་སྟེ་གཡོན་སྐོར་དུ་འོངས་པ་དང་ཞབས་སྐོར་གནང་བ་ཞལ་འཛོམ་པར་བུད་མེད་དེས་རྗེའི་ཞལ་ལ་ཅེར་གྱིས་བལྟ་ཞིང་འོ་མ་དང་ལ་ཕུག་ཕྱག་ཏུ་ཕུལ་ནས་སྒྲིམས་པོ་གློད་ཟེར་བ་གསན་པས་ཐུགས་ཀྱི་ཉམས་རྟོགས་ལ་བོགས་ཤིན་ཏུ་ཆེ་བ་ཐོན། བུད་མེད་དེ་གར་སོང་ཆ་མེད་དུ་གྱུར་པ་ནི་རྣལ་འབྱོར་མ་རྒྱུད་ཀྱི་དམ་ཚིག་ལ་གཡོན་པའི་ཀུན་སྤྱོད་གཙོ་བོར་བཤད་ཅིང་གསང་སྔགས་སྒྲུབ་པའི་གནས་ལ་ལྷ་སའི་དུར་ཁྲོད་འདི་ཁྱད་དུ་འཕགས་ཚུལ་དཔལ་མར་མེ་མཛད་ཀྱི་གསུང་བཞིན་ལྷ་ས་སྨྱོན་མར་གྲགས་པས་བཀའ་ཆེམས་བཀའ་ཁོལ་མ་གཏེར་ནས་འདོན་པའི་ལུང་བསྟན་པ་དང་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་སྨོན་ལམ་ཆེན་མོ་ཞིག་གི་དུས་སྔར་ཟ་མ་མྱོང་བའི་ཁ་ཟས་ཞམ་འབྲིང་པ་འགའ་ལ་གནང་ནས་མཁའ་འགྲོས་མགྲོན་དུ་བོས་གསུང་བ་སོགས་ཀྱིས་མཚོན་གནས་ཀྱི་ཁྱད་པར་ལས་ཡེ་ཤེས་མཁའ་འགྲོ་ཐ་མལ་གྱི་རྣམ་པར་རྒྱུན་མི་ཆད་པར་འབྱོན་པ་ཡིན་འདུག་པས་རྗེ་བཙུན་རྡོ་རྗེ་བཙུན་མོས་རྗེས་སུ་བཟུང་བའི་རྟགས་ཡིན་ནའང་མངོན་པར་མི་མཛད། བཀྲ་ཤིས་རྩེ་ནས་མཁན་རིན་པོ་ཆེས་ནཱ་ལནྡར་ཕྱག་དཔེ་གཡར་བར་དགེ་སློང་ཡེ་ཤེས་བློ་གྲོས་དང་བྱང་ཆུབ་གཉིས་གནང་བ། ཇག་ཉེན་སར་མགོན་པོད་འབོག་གི་རྟིང་ན་གྲིལ་བ་ཤབ་སྒྲ་དང་བཅས་དོན་ན་ཡང་ཇག་པ་གཉིད་དུ་སོང་ནས་མ་ཚོར་བར་ཡ་མཚན་ཆེ་ཟེར་སྐད། དེ་ནས་རྒྱལ་སྲས་ལྷ་རྗེའི་རྣམ་འཕྲུལ་འབྲི་གུང་ཞབས་དྲུང་ཆོས་རྒྱལ་ཕུན་ཚོགས་མཁར་རྩེར་བྱོན་པ་དང་འགྲིག །དེའང་འཇམ་དབྱངས་མཁྱེན་(༡༨ན)


GLG009_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེའི་དབང་ཕྱུག་ཡང་ཟབ་ཀྱི་ཆོས་བདག་ལུང་བསྟན་གྱིས་ཟིན་པའི་ཆོས་བཀའ་རྣམས་གསན་དགོས་རྒྱུར་ས་ཁད་འགྱངས་པའི་གངས་ཅན་བསྟན་འགྲོའི་ལེགས་བྱས་ཀྱི་སྣོད་དུ་མ་ཤོང་བའི་གཏེར་སྟོན་དང་གཏེར་སློབ་གཉིས་ཀ་སྐུ་ཚེ་མཐར་མ་ཕྱིན་པས་སྟབས་མ་འགྲིག་པ་རྗེས་ཀྱི་རྟེན་འབྲེལ་ལ་དགོངས་རྗེ་འདིས་འབྲི་གུང་རིན་པོ་ཆེའི་དྲུང་དུ་ཡང་ཟབ་ཀྱི་དབང་ལུང་རྫོགས་པར་ཞུས་ཤིང་གཏེར་བདག་གི་བཀའ་གཏད་དུས་མ་གཟའ་རྡོར་གསུམ་མངོན་སུམ་དུ་གནང་བྱུང་བའི་ཐུགས་ཉམས་ཤར། སྙན་བརྒྱུད་ཧ་ལ་ནག་པོའི་སྐོར་གསང་བ་ལས་ཀྱང་ཆེས་གསང་བ་ཆིག་བརྒྱུད་ཁོ་ནར་བཞུགས་གཤིས་ཀུན་མཁྱེན་མཁྱེན་བརྩེའི་ཞབས་ཀྱིས་གཞན་ལ་མ་གནང་བའི་ངང་ལྕང་ལོ་ཅན་དུ་གཤེགས་པས་སྙན་བརྒྱུད་རྒྱ་མཚོའི་མངའ་བདག་རིན་པོ་ཆེ་བོད་མཁར་བ་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་སྲསཀྱི་ཐུ་བོ་གཞན་དང་མི་འདྲ་བས་གསན་ཡོད་པ་གཞིར་བཅས་ཀྱི་སྤྱན་སྔ་རིན་པོ་ཆེར་བཞུགས་ཡོད་འགྲོ་བས་དེ་གསན་པ་དང་ཞར་བྱུང་མཐིལ་སོགས་ཀྱི་གནས་མཇལ་གནང་རྩིས་ཀྱི་ཐོག་མར་ཕག་མོ་ལོའི་དགོན་པར་ཕེབས་པ་བེའུ་བུམ་ནག་པོའི་སྐོར་ནི་མཁས་གྲུབ་མཻ་ཏྲིའི་ཞབས་ཀྱིས་ཀྱང་མ་གསན་གསུངས་ནས་མ་བྱུང་ནའང་དཔལ་མགོན་ལས་བཞི་དང་རྣམ་སྲས་བཀའ་མི་འདྲ་བ་བཅོ་ལྔའི་རྗེས་གནང་གཤེད་དམར་སྤྲོས་མེད་ཀྱི་ཁྲིད་སོགས་ཟབ་ཆོས་མང་དུ་གསན་ཅིང་དཔོན་སློབ་ཐུགས་ཡིད་གཅིག་འདྲེས་ལྟ་བུར་གྱུར། འབྲི་གུང་མཐིལ་མཇལ་བར་ཐེགས་པའི་གསེར་ཁང་དང་ཁང་གསར་སོགས་ཕྱི་ནང་གི་རྟེན་བརྟེན་པ་རྣམས་ཞིབ་མོར་གཟིགས། སློབ་དཔོན་ཆེན་པོའི་(༡༨བ)


GLG009_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་གནས་ཞོ་སྟོད་གཏེར་སྒྲོམ་དུ་ཕེབས་བཞེད་ཀྱང་ཁ་ཆར་ཆེས་པས་ལམ་གྱི་ཁྱད་ནས་སླར་མཇལ་བའི་རྟེན་འབྲེལ་མཛད་དེ་ཕྱིར་བྱོན་པའི་ཆིབས་ཐོག་གི་སྐུའི་གཡས་གཡོན་མདུན་རྒྱབ་ཚོར་བུ་མོ་དཀར་སེར་དམར་ལྗང་འདྲ་བྱུང་བའི་གཟིགས་སྣང་ནི་གནས་དེར་ཕེབས་མ་ཐུབ་པར་མ་དང་མཁའ་འགྲོ་ཅུང་ཟད་འཕྲེང་བ་དང་ཞབས་སྐྱེལ་གྱི་རྣམ་པར་འདུག །མེར་ཏེ་གཙང་པོ་རྒྱས་པར་ས་སྣེ་ཞིག་ལ་ཀོ་བ་བཏང་བ་རྡིབ་ལ་ཁད་བྱུང་བ་དམ་ཅན་རྡོ་རྗེ་ལེགས་པ་སྐྱེས་པའི་ཆ་བྱད་ཅན་དུ་བྱས་ཏེ་ཀ་བ་བཟུང་བས་ཆུ་བོའི་འཇིགས་པ་ལས་གྲོལ་བ་འཕྲིན་ལས་བསྒྲུབས་པར་དགོངས། ནཱ་ལེནྡྲར་བྱོན་ནས་སྐབས་ཤིག་དཔལ་ལྡན་རྩེ་ཞེས་བདག་ཆེན་རྡོ་རྗེ་འཆང་གི་ཐུགས་དམ་གཏོར་སྣོད་ས་སྐྱ་ནས་བྱ་རོག་གིས་ཁྱེར་བའི་གནས་གཞི་འདིང་སར་བཞག་སྟེ་ལུང་བསྟན་པའི་མགོན་ཁང་རྡོ་རྗེ་ཆོས་སྐྱོང་རྣམས་རང་བཞིན་གྱིས་འདུ་བ་དེར་ཕེབས་པའི་ཞག་ཁ་ཡར་བཞུགས། བསྐང་བཤགས་བསྟོད་འཕྲིན་གྱི་སྒོ་ནས་བསྟན་འགྲོ་སྤྱི་བྱེ་བྲག་གི་རྣམ་དཀར་སྤེལ་བ་དང་བཞེད་དོན་གྱི་ཚོགས་སྒྲུབ་པར་དམ་བསྒྲགས་པའི་དུས་ལས་མགོན་པུ་ཏྲ་མིང་སྲིང་རི་རབ་ཙམ་ཞལ་གཟིགས་པ་ནི་བདག་ཆེན་རིན་པོ་ཆེ་དང་ཀུན་སྤངས་རྡོ་རིང་པ་ཆེན་པོ་གཉིས་ཀྱིས་གནས་དེར་བསྙེན་སྒྲུབ་ལས་སྦྱོར་ཕུལ་ཕྱིན་གནང་བའི་རྒྱུན་བཞིན་བསྟན་པ་རིན་པོ་ཆེའི་མེལ་ཚེ་དུས་དྲུག་ཏུ་མཛད་དོ། །ཞེས་ཞལ་གྱིས་འཆེས་པར་གོ།བགྲང་ཡས་རྒྱུད་སྡེའི་རྐང་འཐུང་འཁྲིགས་པའི་ཚལ། །སྨིན་གྲོལ་རྩ་སྡོང་ཡལ་འདབ་ཉེར་མཚུངས་ཀྱང་། །ཟབ་གསར་ཉིང་ཁུས་འདོད་འཇོའི་མཆོག་སྦྱིན་པ། །སློབ་བཤད་སྙན་བརྒྱུད་ཡོངས་(༡༩ན)


GLG009_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ས་བརྟོལ་ཙམ། །རྣམ་དག་བསླབ་གསུམ་བསྟན་པའི་རྒྱལ་མཚན་ཉིད། །ཆོས་དབྱིངས་མཚམས་སྤྲིན་ལུས་ཕྲའི་མངལ་ཞུགས་ཚེ། །མཁྱེན་བརྩེ་ནུས་ལྡན་བསོད་ནམས་ཆོས་འཕེལ་ཟླས། །གང་ཐུགས་ཨུཏྤལ་དཀར་པོ་ཅི་ཡང་བཞད། །འཇམ་དབྱངས་དབྱངས་ཅན་དགྱེས་པའི་ཀླུ་སྒྲུབ་རྗེ། །ཟབ་དོན་དོན་གསལ་བྱམས་པ་སྐལ་བཟང་ཞབས། །མཐུ་སྟོབས་སྟོབས་ལྡན་མཚན་འཆང་རིག་པ་འཛིན། །ཀུན་ལེགས་ལེགས་བཤད་གདམས་པའི་སྒོ་འཕར་ཕྱེ། །ཀུན་འབྱུང་ཉེས་བརྒྱ་འབྱིན་པར་ཐབས་སྟོན་ཆེད། །ཀུན་བཟང་ཆོས་ཀྱི་ཉིན་བྱེད་གདུང་གསོབ་སྟེ། །ཀུན་མཁྱེན་ཤཱཀྱའི་གདན་སའི་མཁན་ཚབ་ཏུ། །ཀུན་དགའི་ལམ་འདྲེན་བླ་མས་མངའ་གསོལ་མཛད། །སྙན་བརྒྱུད་བསྟན་པའི་གདུགས་དཀར་ཡུ་བ་དེ། །མགོན་ཁྱོད་ཕྱག་ཏུ་དོན་གྱིས་ལེགས་གཏོད་པ། །གཞོན་ནུའི་མཚན་འཛིན་མེས་པོའི་བློ་གྲོས་ཅན། །མཁའ་སྤྱོད་གནས་སུ་བགྲོད་པའི་ཉེར་བསྡོགས་བཞིན། །མ་དང་མཁའ་འགྲོའི་ཚོགས་ཁང་དུ་མ་རུ། །ངོ་མཚར་དག་པའི་སྣང་བ་འབྱམས་ཀླས་འོད། །སྲས་བཅས་རྒྱལ་བའི་ཕྲ་རབ་རྡུལ་གྱི་ཞིང་། །མ་སྨད་གཟིགས་མོ་གསལ་ལ་འཕྲོས་སམ་སྙམ། །ཐུབ་པས་བྱང་ཆུབ་མཆོག་བརྙེས་ཁྱོད་བྱིན་བརླབས། །དབང་པོར་བསྟན་མ་ས་ལས་ལུས་ཕྱེད་དུ། །ཐོན་པའི་བདེན་གཏམ་འགྲོ་ཀུན་སྙིང་ག་ལ། །ངེས་རྙེད་དམ་བཅའི་ས་བོན་སྙོམས་པར་བཀྲམ། །གྲངས་མེད་བསྐལ་པར་གསོག་པའི་ཚོགས་ཆེན་ཡང་། །ཐབས་མཁས་འཕྲུལ་གྱིས་ར་སའི་གནས་འདིར་འདུམས། །གསང་བ་ཡེ་ཤེས་ཌཱ་(༡༩བ)


GLG009_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཀི་ཐ་མལ་ཚུལ། །བསྟན་ནས་ཚིག་དང་བརྡ་ཡིས་རྗེས་སུ་བཟུང་། །ཨོ་རྒྱན་ཐུགས་ཀྱི་ཐིགས་པ་རོ་བདའི་ཟས། །ལྷ་གཅིག་སྲས་དང་མཚུངས་པར་ལོངས་སྤྱོད་པའི། །ལས་སྨོན་རྟེན་ཅིང་འབྲེལ་འབྱུང་ལྡེ་མིག་དེས། །མཆོག་ཐུན་བཞེད་དགུ་ཚང་བའི་སྒྲོམ་བུ་ཕྱེ། །དབུ་རུའི་ཕྱོགས་འདིར་མཉམ་མེད་ཁའུ་པའི། །བསྟན་པའི་གདུགས་དཀར་བསྒྲེང་མཁས་བོད་མཁར་རྗེའི། །རྒྱལ་ཚབ་མི་ཕམ་ཆོས་ཀྱིས་རྒྱ་མཚོ་དང་། །ཐུགས་ཡིད་གཅིག་འདྲེས་སྲས་ཀྱི་ཐུ་བོར་གྱུར། ཁྲག་དྲོན་འཛག་པའི་གཡང་གཞི་ལྡིང་ཐབས་གྱོན། །དོན་སྙིང་ཟ་ཞིང་རྒྱུ་མའི་ག་ཤ་ཅན། །མི་སྡུག་གཤིན་རྗེའི་སྡེ་དཔོན་མིང་སྲིང་རྣམས། །ཅི་བགྱིའི་ལས་བཅོལ་གཡར་དམ་སླར་བཅས་འདྲ། །དེ་ནས་རིམ་བཞིན་གཙང་ལ་ཆིབས་བསྐྱོད་པའི་ལམ་ཞོར་དུ་པཎ་ཆེན་ཤཱཀྱ་ཤྲཱིས་དབྱར་གནས་མཛད་ཅིང་བྱིན་གྱིས་བརླབས་པའི་དྲང་སྲོང་སྲིན་པོ་རིར་ཕེབས་ནས་པཎ་ཆུང་བི་བྷཱ་ཏི་ཙནྡྲའི་ཕྱག་བཟོའི་བདེ་མཆོག་བྱིན་རླབས་ཅན་མཇལ་ཞིང་སྨོན་ལམ་གནང་། གོང་དཀར་ཆོས་སྡེའི་ཀླུ་དབང་གླིང་དུ་བཞུགས་པའི་ནུབ་ཨོཾ་གསུམ་མའི་སྒྲ་དིར་དིར་སྒྲོགས་བྱུང་བས་རྐྱེན་བྱས་ཀྱང་ལྡེབས་ལ་རྗེ་བཙུན་ནཱ་རོ་མཁའ་སྤྱོད་མའི་སྐུ་རི་མོར་བྲིས་པ་ཤིན་ཏུ་གསལ་བ་གཟིགས་པ་སྐུ་འཁོར་བ་ཞིག་གིས་འདི་ཐམས་ཅད་མཁྱེན་པའི་ཕྱག་བྲིས་ཡིན་ཟེར་བའི་ཐུགས་སྣང་ལ་ཤར་བ་ནང་པར་ལོགས་དེར་ཅི་ཡང་མི་འདུག་པ་ཉེ་ལམ་འདི་ལ་བརྟེན་ནས་རྒྱ་བོད་ཀྱི་གྲུབ་བརྙེས་དུ་མ་ལུས་མ་སྤངས་པར་མཁའ་སྤྱོད་དུ་བྱོན་པའི་ལོ་རྒྱུས། ལམ་གླུ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས། དཔལ་མཁའ་སྤྱོད་ཀྱི་དགའ་མ་ཡིད་(༢༠ན)


GLG009_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

འོང་མ། །དུས་རིང་ནས་བསྐྱངས་པའི་མ་མ་དེས། །ང་རིགས་འཛིན་གྱི་གྲུབ་པ་སྟེར་བའི་བརྡ། །ཞེས་པ་དང་མཚུངས་པར་མངོན། གམ་པ་ལ་བརྒྱུད་མ་ཕམ་མགོན་པོ་ཀུན་མཁྱེན་བུ་སྟོན་ཞབས་ཀྱི་དབེན་གནས་ཞ་ལུ་རི་ཕུག་ཆོས་ཀྱི་ཕོ་བྲང་དུ་ཕེབས་ཏེ་བཞུགས་པ་མུ་ནས་ས་ཁྱི་ལོར་གནུབས་ཆོས་ལུང་དུ་ཨཥྚའི་བསྙེན་ཆེན་གནང་སྐབས་དཔལ་ཀྱེ་རྡོ་རྗེ་ལྷ་དགུའི་རྟེན་བརྟེན་པ་ཐོག་ཚད་ཙམ་གཟིགས་པ་ནི། ཚར་ཆེན་གྱི་གསུང་མགུར་དུ། དཔལ་བདེ་མཆོག་འཁོར་ལོ་རྣལ་འབྱོར་མ། །ལྷ་དགྱེས་པ་རྡོ་རྗེ་རིམ་བཞིན་དུ། ཁྱོད་བྱང་ཆུབ་སྒྲུབ་པའི་ཡི་དམ་གྱིས། །ཞེས་གསུངས་པའི་དོན་ལྟར་ཟུང་འཇུག་མངོན་དུ་མ་གྱུར་གྱི་བར་དུ་རྗེས་སུ་འཛིན་པའི་བརྡར་མཆིས། གྱང་ཤིང་ལྟ་བུ་ཞིག་གི་སྟེང་ན་རྗེ་བཙུན་དཀར་པོ་རྣམ་གསུམ་བཞུགས་པ་སྐུ་དྭངས་ཤིང་གསལ་བ་འོད་ཀྱི་རང་བཞིན་ལ་རྗེས་སུ་སྐུ་རྣམས་ཅུང་ཟད་འཁྱོགས་པའི་རྣམ་པ་མནལ་ལམ་དུ་གསལ་བར་ཤར་ཞིང་། ལྗགས་བསྙེན་བཅུ་ཆའི་སྦྱིན་སྲེག་སོགས་ཚང་བར་གྲུབ་ནས་བཀའ་བརྒྱད་ཡོངས་རྫོགས་ཀྱི་ཞལ་གཟིགས་ཤིང་དེ་ནས་བཟུང་སྔགས་སྒྲུབ་ནར་མར་མཛད། དཔལ་ཕུག་ཏུ་བྱོན་པའི་ནུབ་མནལ་ལམ་གྱི་ཚུལ་དུ་ཚར་ཆེན་ཆོས་ཀྱི་རྒྱལ་པོས་གསུང་ངག་གི་དབང་བྱིན་རླབས་ཁྲིད་མན་ངག་ཐམས་ཅད་གནང་བའི་ཉམས་ཤར་བ་ནི་རྗེ་བརྩེ་བ་ཆེན་པོར་རྣལ་འབྱོར་དབང་ཕྱུག་བིརཱུ་པས་རྒྱབ་རི་དང་མཉམ་པའི་སྐུ་དངོས་སུ་བསྟན་ཏེ་གསུང་ངག་ལམ་འབྲས་རྫོགས་པར་གནང་བ་དང་ཤར་ཆེན་གྱིས་མནལ་ལམ་བཟུང་ནས་སྤྲོས་མེད་གསན་པའི་ལོ་རྒྱུས་དང་དབྱིབས་མཚུངས་པས་མནལ་ལམ་གྱི་ཟོལ་ལས་མངོན་(༢༠བ)


GLG009_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་དུ་རྗེས་སུ་བཟུང་ནས་ཞག་ཤས་ཀྱི་བར་མ་གནང་བའི་ངེས་པ་མི་འདུག་གོ །དེ་ནས་རི་ཕུག་ཏུ་ཕེབས་འདི་ལོ་ཧོར་ཟླ་བཅུ་གཉིས་པའི་ཉེར་ལྔ་ལ་མཁན་ཆེན་གཞོན་ནུ་བློ་གྲོས་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པའི་ཚེ་འདར་དུ་ཚར་པ་རྡོ་རྗེ་འཆང་གི་གསེར་གདུང་སྐུ་དྲུང་དུ་མར་མེ་རྒྱུན་སྤར། ཁའུ་པའི་བསྟན་འཛིན་རྣམས་ལ་ཐུགས་དམ་འདོགས་རྟེན། དགོན་པ་ཚོར་མང་འགྱེད་བཅས་འབྱོར་པའི་ངག་མར་བསྟན་འཛིན་རྣམས་ཀྱི་བགྲེས་ཁར་སོང་གཤིས་རིན་པོ་ཆེ་དགོན་གསང་བ་ཡར་ཀླུངས་སུ་ཕེབས་ཐུབ་ལ་རེའི་སྙན་གསན་བྱུང་བའི་ལན་དུ་ན་སོ་སྨིན་པ་དང་ས་ཁད་འགྱངས་པར་བརྟེན་ཕན་ཐོགས་ཡོང་བ་དཀའ། དེ་བས་བསྟན་པའི་ཉི་མ་ཨོ་རྒྱན་གཉིས་པ་དཔོན་དྲུང་མཁྱེན་རབ་གདུལ་བྱའི་མཁའ་ལ་བྱིན་རླབས་ཀྱི་འོད་ཟེར་འབུམ་ཕྲག་འགྱེད་ནུས་པའི་སྔགས་འཆང་དབང་ཕྱུག་རབ་བརྟན་སྤྱན་འདྲེན་པར་འོས་སོ་ཞེས་པ་ཕུལ། དེ་ལྟར་དང་ལེན་མཛད་སོང་བས་དེ་ཕྱོགས་ཀྱི་རེ་འདོད་ཐམས་ཅད་འགྲུབ་པར་གོ་བས་བློ་བདེ། ཞེས་གསུངས་པར་གནང་ཞིང་རིན་པོ་ཆེ་ཡོལ་པ་བ་རང་གིས་སྔར་ནས་ཐུགས་རྩེ་བསྟད་པའི་ཞལ་ཆེམས་ལ་ཆོས་སྡེ་འདི་གསར་པར་སོང་གཤིས་མཁན་ཐོག་ཏུ་གནས་གསར་རྗེ་དྲུང་གདན་འདྲེན་ཐུབ་པ་ཅིས་ཀྱང་གྱིས་ཞེས་སྡེ་བ་དངོས་གྲུབ་པ་དང་གྲ་རིགས་རྣམས་ལ་གསུང་གི་ཐ་མ་སྩལ་བ་དང་མཐུན་པ་བྱུང་བ་ལྟར་ས་ཕག་ནང་དུ་ཡོན་མཆོད་ཐུན་མོང་ནས་གདན་འདྲེན་གྱི་སྙན་གསན་འབུལ་མི་མངགས་པ་ཞ་ལུར་འབྱོར་རྒྱུའི་ཞག་ལྔ་ཙམ་གྱི་གོང་ནུབ་ཅིག་མནལ་ལམ་དུ་ཨཱ་ཙཪྻ་གཟི་བརྗིད་ཅན་རྒྱ་དང་སྨ་ར་བཟང་པོ་གོས་གསེར་མ་དཀར་(༢༡ན)


GLG009_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

སེར་དམར་ལྗང་གི་བེར་བརྩེགས་མདང་རྒྱ་ནག་གི་ཐགས་ཞྭ་ནག་པོ་གྱོན། ལག་ནས་མ་ན་ཧོ་དང་གཡང་ཊིའུའི་སྤོས་ཕོར་ཐོགས་པའི་ལག་གཡས་གདན་འདྲེན་པའི་ཚུལ་བྱས་ཏེ་རྟ་པ་མང་པོ་བྱུང་བ་ཅི་ཡིན་ནམ་བསམ་པ་ཁོང་ཚོ་ཡོང་བའི་ལྟས་སུ་འདུག་གསུངས་ལ། དེ་ནི་དབུས་འགྱུར་སྨན་ལྗོངས་ཀྱི་དགའ་ཚལ་ཆེན་པོར་རྗེ་བཙུན་ཁའུ་པའི་ལུགས་འཛིན་གཙང་མ་འདི་ཁོ་ན་ལས་མ་མཆིས་པས་གཉན་མགོན་ཞལ་བཞི་པའི་ལས་མགོན་པུ་ཏྲ་གང་རུང་ཛོ་ཀིའི་གཟུགས་སུ་སྤྲུལ་ནས་བསྟན་པའི་སྲོག་འཐུད་ཅིག་པའི་བརྡ་ཐབས་སུ་གོ ། ཚར་ཆེན་གྱི་གསུང་མགུར་ལས། ད་ཚེ་འཇུག་ལ་རེ་སྨོན་འདི་ལྟར་ཡོད། །དོན་ཚེ་འདི་ཡི་རེ་བལྟོས་ལིངས་ཏེ་བསྐྱུར། ཁོང་མགོ་ནག་མི་ཡི་ཁྱུ་ནས་བུད། །གནས་ངེས་མེད་ཀྱི་རི་ཁྲོད་སྟོང་པ་རུ། །ཟས་ཞེན་མེད་ཀྱི་རྩྭ་དང་ལྡོམ་བུའི་ཟས། །ལམ་འཁྲུལ་མེད་ཀྱི་རིམ་གཉིས་རྣལ་འབྱོར་ལ། །སེམས་རྩེ་གཅིག་ཏུ་ཡེངས་མེད་ལྷུག་པར་འཇོག །རྐྱེན་གང་ཤར་གྱི་སྣང་བ་ལམ་དུ་འཁྱེར། །དུས་འཆི་བ་ནམ་ཡོང་གི་སྒུགས་སྡོད་བྱེད། །རྗེ་བླ་མའི་དགོངས་རྫོགས་དེ་ལ་བྱེད། །མ་ཁམས་གསུམ་འགྲོ་བའི་དྲིན་ལན་འཇལ། ཁྱེད་དད་ལྡན་སློབ་མའི་དཀོར་སྦྱོང་ཡིན། །ཞེས་པའི་དོན་ལྟར་སྤྱིར་འཁོར་བ་ལས་ངེས་པར་འབྱུང་བ་དང་། ཆོས་ཀུན་སྣང་སྟོང་སྒྱུ་མ་ལྟ་བུ་འཁོར་འདས་དབྱེར་མེད་ཀྱི་དོན་ཐུགས་སུ་ཆུད་པས་སྲིད་པའི་འབྱོར་བ་དང་ཟང་ཟིང་གི་འདུ་འགོད་ལ་ཡེ་མི་དགྱེས་ཤིང་དབུས་གཙང་གི་སྡེ་རིགས་རྣམས་ཀྱི་འཕོ་འཕྱུགས་དང་སྒོས་གནས་གསར་བ་རང་གི་དུས་འགྱུར་སོགས་འཕྲལ་རྐྱེན་དེ་དག་གིས་ཀྱང་ཐུགས་སྣ་བསྟུངས་ཏེ་(༢༡བ)


GLG009_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་འཛི་ཆགས་སྡང་གི་གཡེང་བ་མི་དགོས་པའི་བས་མཐའི་དབེན་གནས་སུ་རྣལ་འབྱོར་དབང་ཕྱུག་དཔལ་ལྡན་ཆོས་སྐྱོང་དང་ནཱ་རོ་ཏ་པའི་གདམས་པ་ལ་བརྟེན་ནས་སྐུ་ཚེ་འདིར་ཟུང་འཇུག་བརྙེས་པ་ཞིག་མཛད་དགོངས་པ་ཁོ་ནར་ཐུགས་ལ་བཅགས་ནའང་བཀྲ་ཤིས་རྩེ་ཡོན་མཆོད་ཞུ་ནན་ཆེས་པ་དང་རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་རིང་ལུགས་དྲི་མ་མེད་པ་སྲིད་མཐའི་བར་རྒྱས་ན་དགོངས་པའི་སྙིང་སྟོབས་ཀྱི་འཁུར་ལྷག་པར་བཞེས་ཏེ་ལོ་ཤས་བར་ཁུར་བཞེས་དང་སྐབས་བབས་ལ་ཕེབས་པའི་ཞལ་བཞེས་གནང་། དབུས་སུ་ཕེབས་དུས་སྤྱན་སྔ་རིན་པོ་ཆེ་མི་ཕམ་ཆོས་ཀྱི་རྒྱ་མཚོར་བེའུ་བུམ་ནག་པོའི་སྐོར་རྩད་གཅོད་གནང་རུང་མ་བཞུགས་པར་བརྟེན་གཞན་ལ་གསན་པའི་ཡུལ་མེད་པར་ཐག་ཆོད་དེ་གསུང་རྩོམ་གནང་བའི་དྲུང་ཡིག་བྱམས་པ་དོན་གྲུབ་ལ་ཚིག་གཅིག་ཀྱང་མ་ལུས་པར་བཞུགས་པའི་ཐུགས་ངེས་རྙེད་ཅིང་གཉན་མགོན་ལ་བརྟག་པ་ཕུལ་བ་ཡང་བབས་པས་རྗེ་བྱམས་པ་དོན་གྲུབ་ལ་སྙན་བརྒྱུད་ཧ་ལ་ནག་པོའི་སྐོར་ཡོངས་རྫོགས། སྔར་རིན་པོ་ཆེ་རྟ་ར་བ་བསོད་ནམས་ཆོས་འཕེལ་གྱི་དྲུང་ཏུ་གསེར་ཆོས་དང་ཆོས་སྐྱོང་ཆེ་ཆུང་གི་སྐོར་ཕལ་ཆེར་གསན་ནའང་ཟབ་ཆོས་འདི་སྐོར་བཀའ་དམ་ཞིང་དུས་གཅིག་ཏུ་ཆ་ཚང་འདྲིལ་ན་ཆོས་སྐྱོང་བཀའ་གཉེན་པའི་དཔོན་སློབ་ཚང་མར་འཚུབ་ཆ་བྱུང་དོགས་ཆེ་བས་ལྕགས་ཁྱི་ལོ་སླར་ཡང་འཕྲོ་ལུས་ཀྱི་དབང་རྗེས་གནང་ལུང་མན་ངག་ཕྱག་ཁྲིད་ཀྱི་རིགས་དང་གསན་གྲུབ་པ་འགའ་ཞིག་ལའང་བསྐྱར་བལྡབ་དང་། གཞན་ཡང་བསྟན་པ་སྤྱི་སྒེར་གྱི་ཆོས་བཀའ་མང་དུ་གསན་པས་རྗེ་དགོན་གསར་པའི་གསུང་ལས། ཐུགས་བཞེད་ཀྱི་དོན་མ་ལུས་པར་བློ་ནུས་ཀྱི་(༢༢ན)


GLG009_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་རྩལ་དང་བཅས་པས་བསྒྲུབས་ཞེས་གསུངས་པར་སྣང་ཞིང་། ཁའུ་པའི་བསྟན་པའི་ཆེད་དུ་ཁམས་ཕྱོགས་སུ་འབུལ་སྡུད་ལ་མཚུངས་མེད་དགོན་གསར་བ་རྫོང་བདའ་གནང་རྩིས་ཀྱི་ཀུན་མཁྱེན་མཁྱེན་བརྩེའི་བསླབ་སྟོན་བཞིན་ཁམས་གསུམ་དབང་སྡུད་ག་ཎ་པ་ཏིའི་སྒྲུབ་པ་གནང་བའི་རྟེན་རྣམས་ཀྱང་ཕྱག་ཏུ་འབུལ་བ་མཛད། ཧ་ལ་ནག་པོའི་སྐོར་དགོས་ཕེབས་པ་ལྟར་ཁྱབ་བདག་སྔགས་འཆང་ཆེན་པོར་མཎྜལ་གྱི་ཚུལ་དུ་ཕུལ། འདིའི་གྲ་པ་རྣམས་ལ་རྟེན་འབྲེལ་གྱི་ཁྱད་ནས་སྦྱོང་རྒྱུད་བཅུ་གཉིས་ཀྱི་གཙོ་བོ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དབང་གིས་ཕེབས་པ་ལྟར་བཀའ་བཞིན་བསྒྲུབས། དབུས་ཕྱོགས་སུ་འགྱངས་མེད་འབྱོན་སྐོར་ད་ལམ་ཐོགས་གཞི་གང་ཆུང་མཛོད་གསུང་བ་སྟོབས་འཕྲོག་དབང་པོའི་གསང་ཁྲིད་སོགས་འཕྲོར་ལུས་དོགས་པའི་དགོངས་པ་ཅན་དུ་མངོན། འཕར་བ་ཞེས་པ་ལྕགས་མོ་གླང་གི་ལོ་རི་ཕུག་ཏུ་བཞུགས་དུས་ཡར་ཀླུངས་བཀྲ་ཤིས་ཆོས་སྡེ་ནས་ཡང་བསྐྱར་གྱི་གདན་འདྲེན་བྱུང་བ་ལྟར་ཟླ་བ་གསུམ་པའི་ནང་དུ་དབུས་སུ་ཕེབས་ནས་ས་ག་ཟླ་བའི་ཚེས་བཅུ་བདུན་གྱི་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་བཀྲ་ཤིས་ཆོས་ཀྱི་རིང་ལུགས་འཛིན་པའི་སྡེ་ཆེན་པོར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིར་ཞབས་ཟུང་གི་པདྨ་རྣམ་པར་བཀོད་པར་ཕོ་བྲང་ཆེན་པོ་སྣེའུ་སྡོང་རྩེ་ནས་གོང་མ་སྡེ་སྲིད་ཕག་མོ་གྲུ་པ་མི་ཕམ་དབང་སྒྱུར་རྒྱལ་པོས་བསྐོ་འཇའི་ལུང་བཟང་པོ་གནང་སྦྱིན་དང་བཅས་པ་དང་གྲ་རིགས་སྦྱིན་བདག་གཉུག་མར་གནས་པའི་ཚོགས་དང་བཅས་པའི་ཟང་ཟིང་གི་བདོག་པ་རིང་པོར་རྐྱོང་བ་སོགས་ཁྲི་སྟོན་གྱི་མཆོད་སྤྲིན་རྒྱ་ཆེར་བསྐྲུན།ཧོར་ཟླ་ལྔ་པའི་འཇམ་དཔལ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་སྐུ་མཆོད་ཆེན་མོ་ལ་དཔལ་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ལྷ་བཅུ་གསུམ་(༢༢བ)


GLG009_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྒྲུབ་མཆོད་ཚོགས་ཆེན་ལ་འཛུགས་པ་གནང་སྐབས་ཕྱི་ནང་གི་འཚུབ་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷའི་ལྷོངས་ཀྱི་རྣམ་པར་སྐུ་ཤིན་ཏུ་མི་བདེ་ཞིང་ཐུགས་སེམས་གཞན་དང་མི་འདྲ་བའི་འཚུབ་རང་ལོ་ཞེ་དགུ་ཚུན་གྱི་བྱེད་དགོས་ལ་ལྷ་འདྲེ་དང་མིའི་རྣམ་པ་འདྲ་བས་མགྲིན་གཅིག་ཏུ་བསྡིགས་པའི་རྣམ་པར་བྱུང་ཡང་བདེན་པའི་འཛིན་སྟངས་མཐའ་དག་བཟང་ངན་རེ་དོགས་དང་བྲལ་བའི་གནས་ལུགས་ཀྱི་ངང་ནས་ས་ཆོག་ནས་ཞག་བདུན་གྱི་བར་སྒྲུབ་མཆོད་རྒྱས་པར་མཛད་པས་དུས་དགའི་དབང་པོ་མ་ཧེའི་ཞལ་ཅན་གྱི་དཀྱིལ་འཁོར་ཞལ་འབྱེད་པ་ལ་འཁུ་ཞིང་ཟིལ་མི་བཟོད་པའི་འབྱུང་པོ་ཐམས་ཅད་མཚོ་ལ་ཁ་བ་བབས་པ་ལྟར་རང་ཞིར་སོང་བས་འགྲོ་བའི་ལོ་ཏོག་གི་བཅུད་མྱང་བར་བྱེད་པའི་སྟོབས་དང་བྲལ་ཏེ་ཆར་གྱི་རྒྱུན་ཆེན་པོས་འཛིན་མའི་ཁྱོན་ཀུན་གཤེར་བ་ན་སྐྱེ་བོའི་ཚོགས་ཀྱང་སྒྲུབ་མཆོད་བྱིན་རླབས་ཆེ་ཞེས་དད་པ་དང་བསྟོད་བསྔགས་ཀྱི་མེ་ཏོག་འཐོར། གསུང་ངག་བླ་མ་བརྒྱུད་པའི་ཁ་སྐོང་གི་རྟེན་བཞེང་དང་གཟུངས་འབུལ་གྱི་སྟ་གོན་གནང་ནས་དུས་བབས་སུ་བཅོམ་ལྡན་འདས་དགྱེས་མཛད་རྡོ་རྗེ་མན་ངག་ལུགས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་རབ་ཏུ་གནས་པ་ཉིན་གསུམ་མ་ཞི་རྒྱས་ཀྱི་སྦྱིན་སྲེག་དང་བཅས་ཤིན་ཏུ་རྒྱས་པས་བྱིན་རླབས་ཀྱི་གཟི་བྱིན་འོད་དུ་འབར། གྲ་རིགས་རྣམས་ལ་ཀྱེ་རྡོར་མན་ངག་ལུགས་ཀྱི་དབང་དང་མགོན་པོ་ཆེ་ཆུང་གི་རྗེས་གནང་སོགས་ཉེར་མཁོའི་ཆོས་བཀའ་མང་དུ་གནང་།ཧོར་ཟླ་བཅུ་པའི་ནང་དུ་བཀའ་དྲིན་མཚུངས་པ་མེད་པ་མཁན་ཆེན་བསླབ་གསུམ་རྒྱལ་མཚན་གྱི་དུས་དྲན་དུ་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཛེ་ཏཱ་རི་ལུགས་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་འཛུགས་པ་མཛད། ཇི་སྐད་དུ། རྩོད་བཟློག་མུ་སྟེགས་བྱེད་ལ་ཡོད་ཅེས་ཐོས། །དགྲ་ཆོས་ཞེས་(༢༣ན)


GLG009_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་གཡུང་དྲུང་བོན་གྱི་ཡིན། །དྲུག་ཅུ་རྩ་བཞི་གཤིན་རྗེ་པ་ལ་གྲགས། །འདིར་ནི་དྲག་པོ་གཏོར་མའི་བཟློག་པར་བརྗོད། །ཅེས་ལྕགས་མཁར་ཟུར་དགུ་པའི་མན་ངག་རྭ་ལུགས་ལ་གྲགས་ཆེ་ནའང་མགོན་པོ་ལ་ཞྭ་དཔེ་ལྷམ་འགེབས་ལྟ་བུ་མ་ཡིན་པར་ལུགས་འདིའི་ཕྱག་བཞེས་ཁུངས་མ་དམར་ཆེན་གཏོར་བཟློག་འདི་བཀའ་གཉན་ཞིང་འཚུབ་ལྷོངས་ཆེ་བས་མཁན་རིན་པོ་ཆེ་གཞོན་ནུ་བློ་གྲོས་ཀྱི་དུས་སུ་སྡེ་དགོན་གྱི་སྐུ་རིམ་ལ་གནང་བ་རྗེས་སུ་ལོ་གཅིག་གཉིས་ཤིག་ཆག་པ་སྡེ་པས་སྔར་ལུགས་བཞིན་གཏོར་བཟློག་གནང་དགོས་པའི་གསོལ་བ་བཏབ་པར་གྲ་རིགས་ལ་ལ་མཁན་རིན་པོ་ཆེ་མཐུ་སྟོབས་ཆེ་དྲག་པ་མ་གཏོགས་འདི་འཚུབ་ཆེས་པས་ཅི་འདྲ་འོང་ཞེས་ཡིད་གཉིས་བྱེད་པར་རྗེ་ཉིད་དཀྱིལ་འཁོར་གྱི་གཙོ་བོ་དགྱེས་མཛད་རྡོ་རྗེའི་སྐུར་བཞེངས་པའི་བསྙེན་སོང་རྣམས་ཀྱི་གསུང་ཟླ་དང་བཅས་ཧོར་ཟླ་བཅུ་གཉིས་པའི་ནང་དུ་གཏོར་སྒྲུབ་འཛུགས་པ་གནང་བའི་ཞག་གསུམ་པའི་ཉིན་གདབ་ལས་གནང་ཚེ་ལིངྒ་ལན་གསུམ་འཕར་བ་སྡེ་པ་དཔོན་གཡོག་གསུམ་གྱིས་དངོས་སུ་མཐོང་བ་ནི་ཕོ་ཉའི་ཚོགས་ཀྱིས་དགྲ་བོའི་བླ་ཚེ་མངོན་སུམ་དུ་བཀུག་པར་འདུག་ཅིང་དེ་དང་དུས་མཉམ་དུ་མགོན་ཁང་གི་སྲིང་མོའི་ཞལ་ནས་རླངས་པ་འཚུབ་འཁྱིལ་གྱིས་ཐོན་ཞིང་ཞལ་ནང་གི་རྒྱུ་ཞགས་འཛར། ཉེར་དགུའི་སྲོད་ལ་གཏོར་རྒྱག་གནང་དུས་གཏོར་ཟོར་ལས་མེ་ཆེད་པ་རྒྱུགས་ཤུལ་དུ་ས་ལ་གཤོར་བྲུས་པ་ལྟ་བུ་དང་མི་གསུམ་ཙམ་གྱིས་འདེགས་དགོས་པའི་གཏོར་མ་ཕྱག་གིས་བཏེག་ནས་རི་ཐང་མཚམས་ཀྱིས་ཤིན་ཏུ་སྲ་ཞིང་ལྷག་པར་དགུ་འདྲེན་པའི་ས་ཆུ་འཁྱགས་སྒང་ལ་འཕེན་པ་གནང་བ་ཕྱེད་ཙམ་དིམ་པ་དེ་ནུབ་གཏོར་སླང་འཐེན་(༢༣བ)


GLG009_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐུབ་པར་ནང་པར་འདོན་དགོས་པ་སོགས་ཀུན་གྱི་མངོན་སུམ་དུ་གྱུར་པའི་རྟགས་ངོ་མཚར་བར་མ་ཟད་གཞུང་ནས་བཤད་པའི་མཚན་མ་ཕལ་ཆེར་རྫོགས་པ་བྱུང་ཞེས་ཉེ་འཁོར་བ་རྣམས་ལ་གསུང་གླེང་མཛད། དེ་སྐབས་མགོན་ཁང་གི་རུ་འདྲེན་སྡེ་བཞིའི་བུད་མེད་མདུན་ལ་ཤིན་ཏུ་རྔམས་པའི་ཚུལ་གྱིས་བྱོན་ཏེ་ཞབས་གཡོན་བགྲད་པ་དང་ཕྱག་གཡས་ཀྱི་གྲུ་མོ་སྐྱ་ལ་རེག་པར་དུས་རྒྱུན་གྱི་བསྐང་གསོ་བའི་རྔ་ལྕག་འགེལ་བཞིན་པ་ལ་དེ་དགོངས་སྔར་ལྟར་བཞག་པ་ས་ལ་ལྷུང་བས་ཅི་ཡིན་བསམས་བལྟས་པ་ན་ཕྱག་སྐྱ་དང་བྲལ་ནས་གཅུས་པར་ཤེས་ཤིང་དིང་སང་གི་བར་དུའང་མཐོང་ན་མི་མཐུན་པ་མེད་པར་ཡོད། མཁན་རིན་པོ་ཆེའི་རྣམ་སྲས་ལྷ་ཁང་གི་གཙོ་བོ་སེར་ཆེན་གྱི་སྐུ་ཙམ་གྲུབ་ནས་འཕྲོར་ལུས་པ་ཆུ་སྟག་འཁོར་རྟ་བདག་བརྒྱད་དང་མདུང་དམར་ཅན་ཕྱག་མཚན་བཞི་པའི་སྐུ་ཡང་ལྷན་ཅིག་པར་བཞེངས་ནས་རབ་ཏུ་གནས་པས་ཡེ་ཤེས་སེམས་དཔའ་ཞུགས་ཉམས་ཀྱི་ཞལ་དཀྱིལ་ལ་རྡུལ་མི་བཞེས་པ་དིང་སང་བར་དུ་མཆིས། སྔར་སྔགས་འཆང་རིན་པོ་ཆེ་བསོད་ནམས་ཆོས་འཕེལ་གྱིས་ཕུགས་ངེད་ཀྱི་གདན་ས་འདི་ཡང་ཁྱེད་ཀྱིས་མཛད་དགོས་ཡོང་ཡང་ཡང་གསུང་བ་དང་། ཉེ་ལམ་བཀྲ་ཤིས་ཆོས་སྡེར་མཁན་པོར་ཕེབས་པའི་ཉེར་བསྡོགས་དུས་ད་རེས་དབུས་སུ་ཡུན་རིང་མ་བཞུགས་ཞེས་བསླབ་སྟོན་སྩལ་བར་བརྟེན་གཙང་ལ་ཆིབས་ཁ་བསྐྱོད་པའི་ཞོར་ལམ་དུ་ཚེ་ཆུ་འབུམ་པ་མཇལ་བར་ཕེབས། དགུན་གྲང་དུས་ལས་ནམ་ཟླ་དྲོ་བའི་དུས་ཚེ་ཆུ་ཆེར་མི་ཕེབས་ཀྱང་དེ་དུས་བབས་ཏེ་དཔོན་སློབ་ཐམས་ཅད་ཀྱི་བཞེས་རྒྱུ་བྱུང་བ་ནི་བྱིན་རླབས་དང་སྐུ་ཚེའི་རྟེན་འབྲེལ་ལོ། །དེ་ནས་ཞ་ལུར་ཤར་རྒྱག་ཕེབས། དེ་དུས་ཁྱབ་(༢༤ན)


GLG009_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཞ་ལུ་བ་ཆེན་པོ་འཁྲུངས་པར་རྒྱལ་གདོན་གྱིས་སྙུན་འདྲེ་བྱུང་བ་ལ་ཞག་བདུན་ཐོག་ཏུ་རྗེ་ཉིད་གདན་དྲངས་ཏེ་རྟ་མགྲིན་གསང་སྒྲུབ་ཀྱི་བྱིན་རླབས་དང་དབུ་སྐྲ་བུབས་ཀྱི་མགུལ་སྲུང་གནང་བར་བརྟེན་སྐུ་ཁམས་ཤིན་ཏུ་བདེ་བས། དེ་སྐབས་བར་ཆད་ཀྱིས་མི་ཚུགས་པ་དམ་པ་འདི་ཉིད་ཀྱི་བཀའ་དྲིན་ཡིན་ཞེས་ཡང་ཡང་གསུང་ཞིང་སྐུ་ན་ཚོད་ཕྲ་མོ་དེ་ཉིད་ནས་བརྩེ་བ་ཆེན་པོས་འཛིན་པ་འཇམ་དབྱངས་བྱང་གླིང་བཀྲ་ཤིས་རྒྱལ་མཚན་གྱི་རྣམ་པར་སྤྲུལ་པ་འདི་ཉིད་ཀུན་མཁྱེན་བུ་དང་ཁའུ་པའི་བསྟན་འཛིན་ཆེན་པོ་ཞིག་འོང་བ་དགོངས་པར་གོར་མ་ཆག །དགུང་ལོ་བཅུ་ཙམ་ནས་བཟུང་རི་ཕུག་ཏུ་བཞུགས་སྐབས་ཡང་ཡང་མཇལ་བའི་གསུང་ཆོས་ཀྱང་ཆེད་དུ་གསན་པ་དང་ཞར་ཆོས་སོགས་ཁ་ཤས་གསན། ཧོར་ཟླ་བདུན་པའི་ནང་དུ་རིན་པོ་ཆེ་རྟ་ར་བ་འདར་རྫོང་དུ་བཞུགས་པ་དང་མཇལ། རྡོ་རྗེ་ནག་པོ་ཞལ་བཞི་པའི་གསང་བའི་ཉམས་ཁྲིད་ཤིན་ཏུ་ཟབ་པའི་སྐོར་རྣམས་སྨིན་རྒྱས་སུ་གསན་ཅིང་དགྱེས་པའི་གསུང་གླེང་མང་དུ་སྩལ། ཆུ་ཡོས་ཀྱི་ལོ་འཇམ་དཔལ་དབྱངས་བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན་གྱི་བཞུགས་ཁྲི་རི་ཕུག་གི་གདན་ས་གནང་བའི་མཆོག་དམན་མང་པོར་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་སྐུ་མཚམས་དམ་པོའི་ངང་ནས་སྤྲོས་བཅས་སྤྲོས་མེད་ཀྱི་རྣལ་འབྱོར་ལ་གཞོལ་ཤིང་ཕོ་འབྲུག་གི་ལོ་འོད་གསལ་ལ་ལུང་པ་འདི་ཡིན་ཞེས་ངོས་བཟུང་དུ་མེད་པའི་རི་སུལ་ཞིག་ནས་རིགས་འཛིན་མངའ་རིས་པ་ཆེན་པོ་ལེགས་ལྡན་རྡོ་རྗེ་ཕེབས་པ་ཡིན་ཟེར་བའི་རྟ་པ་མང་བོ་བྱུང་བའི་རྗེས་སུ་བླ་མ་རིན་པོ་ཆེ་བསོད་ནམས་ཆོས་འཕེལ་ཡང་ཕྱག་ན་ཚེ་རིལ་མང་པོ་བསྣམས་པ་ནས་འགའ་ཞིག་གནང་བ་ནི་དེ་སྐབས་རིན་ཆེན་དགོན་གསར་(༢༤བ)


GLG009_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཁའ་ལ་སྤྱོད་པའི་གནས་དཔའ་བོ་མཁའ་འགྲོ་འདུ་བའི་ཚོགས་དཔོན་དུ་གཤེགས་པའི་དག་པ་ཡེ་ཤེས་ཀྱི་སྐུ་རྗེས་སུ་འཛིན་པ་དང་སྐུ་ཚེའི་ལྷག་མ་གནང་བའི་ལྟས་སུ་སྣང་། བླ་མ་རིན་པོ་ཆེའི་དགུང་ཞག་མ་གྲོལ་གྱི་བར་དུ་བཤེས་གཉེན་དམ་པ་འཇམ་དཔལ་དབྱངས་དང་དབྱེར་མི་ཕྱེད་བར་བཅོམ་ལྡན་འདས་འཇིགས་མཛད་རྡོ་རྗེའི་དཀྱིལ་འཁོར་ཞལ་ཕྱེ་ནས་སྒྲུབ་མཆོད་རྒྱས་པར་གནང་ངོ་། །དྲང་སྲོང་བསམ་གཏན་ལ་གཞོལ་སྲིན་པོ་རིར། །རབ་འབྱོར་ཟླ་བའི་ཕྱག་རྗེས་བཟོ་རིག་ཚད། །འཁོར་ལོ་སྡོམ་པའི་སྐུ་བརྙན་བར་སྣང་ལ། །བདེ་ཆེན་གར་བསྒྱུར་ཝཾ་ཡིག་གཟིགས་པའི་མོད། །སྟོང་ཉིད་སྙིང་རྗེའི་ཉམས་ལྡན་ཨེ་ཡི་གཟུགས། །མཁའ་སྤྱོད་དབང་མོའི་མཛེས་སྐུ་སྒྱུ་མའི་འཕྲུལ། །མཐུ་སྟོབས་འཇིགས་མེད་དཔའ་བོའི་ཆོས་ཀྱི་གྲྭར། །འདྲེན་བྱེད་ཆེར་དངར་ཐབས་ཤེས་ཟུང་འཇུག་བརྡ། །ཀསྨིར་པའི་པཎ་ཆེན་སྡོམ་པའི་རྒྱུན། །གངྒཱའི་འབྱུང་གནས་མ་དྲོས་ཆོས་ལུང་དེར། །དགྱེས་མཛད་རྡོ་རྗེའི་ལྷ་སྔགས་ཡེ་ཤེས་ཀྱི། །བྱིན་རླབས་གཟི་བྱིན་ཉི་མའི་དངོས་བརྒྱ་འབར། །ལྔ་རིག་གྲུབ་དབང་གྷ་ཡ་དྷ་རའི་ཞབས། །ངུར་སྨྲིག་གར་གྱིས་རོལ་བ་ཚར་པ་རྗེས། །གསུང་ངག་སྨིན་གྲོལ་གནང་ཕྱིར་ཡེ་ཤེས་སྐུ། །མངོན་སུམ་བསྟན་པའི་སྐལ་བཟང་ཁྱོད་ཉིད་ཙམ། །ཚད་མེད་ལྷ་མོ་རྣམ་བཞིའི་བཀྲ་ཤིས་གླུས། །ཆོས་ཀྱི་འཁོར་ལོ་བསྐོར་ཆེད་འདུས་སྡེ་འདིར། །སྤྱོན་ཞེས་བསྐུལ་བའི་སྔོན་འགྲོར་བསྟན་སྲུང་ཚོགས། །རྒྱ་གར་ཛོ་གིའི་ཟོལ་གྱིས་ལྷགས་པ་སྙམ། །སྲིད་པའི་དཔལ་འབྱོར་ཟླ་བའི་མ་མ་གང་། །ཉེས་བརྒྱ་ཆུ་སྲིན་ཚད་དུ་ཡོངས་གཟིགས་པའི། །ངེས་པར་འབྱུང་ཡང་གཞན་ཕན་བྱ་དཀའ་བར། །མི་ཞུམ་ཁྱོད་(༢༥ན)


GLG009_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

མིན་བྱང་སེམས་སྤྱི་ཡི་སྲོལ། །སྡིག་སེམས་གཤེད་མར་ཤར་བ་ཧ་ལ་ནག །སྲོག་གཅོད་འབར་བའི་ལས་ཀྱི་རལ་གྲི་ཆེ། །བསྟན་སྲུང་ཕྱག་རྒྱར་གཏོད་པའི་དྲིན་ཅན་རྗེ། །བྱམས་པས་བདུད་སྡེ་ཡོངས་འཇོམས་དོན་ཀུན་གྲུབ། །བསོད་ནམས་ཆ་བསགས་ཆོས་ཀྱི་དཀྱིལ་འཁོར་ཉ། །ཡོངས་འཕེལ་གང་བའི་ཞལ་ལུང་ག་བུར་རྡུལ། །རྫོགས་པར་བཏུངས་པའི་བློ་གྲོས་ཀུན་མུ་ད། །མཐའ་ཀླས་ལུང་རྟོགས་ཟེའུ་འབྲུ་ཅི་ཡང་བཞད། །ཡིད་འཕྲོག་ལྟ་ན་སྡུག་པའི་ལྗོངས་ཀྱི་མཐིལ། །ཕ་རྒོད་བླ་མའི་ཁྲི་ལ་ཞབས་པད་ཟུང་། །བཀོད་ནས་རྣམ་གསུམ་འཁོར་ལོའི་མཛད་པ་ཡིས། །ཐུབ་བསྟན་གསལ་བའི་ཉི་མ་གཉིས་པ་ཤར། །ཡེ་ཤེས་རྭ་ཆེན་གདེངས་པའི་རྣོན་པོའི་རྩིས། །མ་རུངས་འབྱུང་པོའི་ལྟོ་བ་རབ་ཕུག་ཚེ། །སྐྱེ་རྒུའི་བདེ་སྐྱིད་འཕྲོག་པའི་ལུས་མེད་དཔུང་། །མྱ་ངན་ཁང་བུར་སྨྲེ་སྔགས་ཆོ་ངེ་འདོན། །གར་དབང་ཚེ་མཐའ་ཡས་པའི་མགོན་པོ་དང་། །དབྱེར་མེད་བསླབ་གསུམ་ངུར་སྨྲིག་འཆང་བའི་རྗེ། །མཆོད་སྤྲིན་སྤེལ་བའི་ལེགས་བྱས་གཟུགས་ཅན་དུ། །གྱུར་ན་འཇིག་རྟེན་ཁམས་འདི་སྣོད་དུ་ཆུངས། །རྒྱུ་རློན་བསད་ཁྲག་དྲོན་མོས་མ་ཚིམ་པར། །མཆོང་བར་རིངས་ལ་རྔམ་པའི་ཕོ་ཉའི་ཚོགས། །དམར་ཆེན་ཟོར་ལས་ཆད་པའི་མེ་དཔུང་དང་། །ལྷན་ཅིག་དུས་མཐའི་རླུང་ལྟར་འཚུབ་ཅིང་སོང་། །འཁྲུལ་པའི་རང་མཚང་ཞིག་ནས་ད་ལྟའི་བར། །རྗེས་བརྩེས་དངོས་གྲུབ་ཆར་འབེབས་ངལ་གསོས་བུ། །དམར་སེར་སྣང་བརྙན་བསྐྲུན་པས་རྨུགས་འཛིན་གྱི། །མཁོ་དགུའི་འབྱོར་བ་འདྲེན་པའི་ཤིང་རྟའི་སྤུན། །ཐོས་བསམ་སྒོམ་པའི་ཅོད་པན་རབ་བཅིངས་ཏེ། །འཇམ་དབྱངས་བྱང་(༢༥བ)


GLG009_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་ཆོས་རྗེའི་རྒྱལ་སྲིད་བཟུང་། །བཀའ་དྲིན་མཚུངས་མེད་རྗེ་བཙུན་དགོན་གསར་བའི། །ཡེ་ཤེས་དག་པའི་རང་ཞལ་མངོན་སུམ་བསྟན། །ཤིང་སྦྲུལ་ལོ་དབྱར་གྱི་ནམ་ཟླ་ཤིན་ཏུ་གཉན་པའི་དུས་རྨང་ལམ་དུ་འ་ཞ་གསང་བདག་ནམ་མཁའ་རྡོ་རྗེ་རལ་གུ་དང་སྐུ་གཟན་སྨུག་པོ་བཞེས་པ་ཕྱག་གཡོན་པར་རཀ་འཕྲེང་སྡིགས་མཛུབ་དང་བཅས་པའི་སྟང་སྟབས་ཀྱི་ལྷོ་ནུབ་ཀྱི་ཕྱོགས་བསྲུང་བ་ཞིག་བྱུང་འདུག་པ། བཀའ་ལས། འདི་ཡང་ངེད་རང་གི་དོགས་པ་ཡོད་པའི་ཕྱོགས་ཀྱི་བར་ཆད་དང་། སེར་བ་འཆོར་བའི་ཉེན་ཁམ་ཅན་ཡོད་འདུག་པ་བསྲུང་བ་མཛད་པ་འདྲ་ཞེས་པ་འཁོར་རྣམས་ལ་སྩོལ། སྐབས་ཤིག་མནལ་ལམ་དུ་ཨཱ་ཙཪྻ་མདོག་སྔོ་བསང་ངེ་བ་ཞིག་དང་ལྷན་ཅིག་པར་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སེར་ཆེན་གྱི་སྐུ་ཤིང་ལ་བྲིས་པ་ལྟ་བུའི་སྣུམ་བག་ཅན་གསལ་བར་གཟིགས་གསུང་བ་དོན་དུ་རྒྱལ་ཆེན་འདི་ཉིད་ཤིན་ཏུ་འགོ་བས་ཞལ་གཟིགས་པར་མངོན། བཀྲ་ཤིས་རྩེ་མཆོད་ཡོན་ནས་གདན་འདྲེན་བྱུང་བ་ལྟར་ཡར་ཀླུངས་སུ་ཕེབས་ཏེ་ཕྱོགས་དེའི་སྐྱེ་རྒུ་རྣམས་བསྡུ་བའི་དངོས་པོ་བཞིའི་སྒོ་ནས་གང་ལ་གང་འཚམ་གྱིས་རེ་བ་བཀང་། བུ་སྟོན་རིན་པོ་ཆེའི་རྣམ་ཐར་སྙིམ་པའི་མེ་ཏོག་ལས། ང་ཆོས་བཤད་པའི་སློབ་དཔོན་ཡིན་མོད་བྱས་ན་དམ་ཚིག་ལ་ནོར་ལ་མ་འཆམ་པའི་བར་མི་བཞིན་སྤོ་བགོས་གཏོང་། རང་གི་བློ་དང་མི་མཐུན་ན་བླ་མ་ཡིན་ཡང་ཁྱི་སྨྱོན་འདེད་པའི་དམག་མི་ལྟར་རྡོ་ཆར་བྱེད། ཅེས་པའི་དོན་ཐོག་ཏུ་བབས་ཏེ་ཞ་ལུ་བ་རྩིང་པོར་སྤྱོད་པ་འགའི་ཁ་དབང་དུ་སོང་ནས་སྐོར་ཡང་ཙམ་ཡང་མེད་པར་བླ་མ་དགའ་བཞི་པ་བརྒྱུད་གཞིས་ཀ་རྩེར་ཞུས་པའི་དཔོན་ཆེན་རྒྱལ་མཚན་བཟང་པོ་རི་ཕུག་དབུ་མཛད་དུ་བཙན་བསྐོས་གནང་བའི་མ་མཛེས་(༢༦ན)


GLG009_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་བྱུང་བ་ནི། བུ་སྟོན་རིན་པོ་ཆེས་དགེ་འདུན་སྤྱིའི་སྙན་བསྐུལ་ཞལ་གདམས་ལས། ད་དུས་སྙིགས་སེམས་ཅན་ཐམས་ཅད་སྤྱོད་པ་འགྱུར་བའི་དུས་འདིར་ང་འདི་འདྲ་ལ་ཐུག །ནམ་ཡང་མེད་ཁེ་ཉེན་བསྲེས་ཟེར་ནས་དྲག་པོའི་སྤྱོད་པ་བྱེད་པ་ཡོད་དེ། དེ་འདྲ་འོ་སྐོལ་གྱིས་ཆ་རྐྱེན་དཔུང་གླེང་མཆུ་གང་གིས་ཀྱང་མི་འཕེར་བས་སེམས་ཆུང་བྱས་ནས་མགོ་ལ་ལག་པ་འགེབས་པའི་མདུན་མ་ལ་བརྟེན་པ་དང་། གྲ་པ་གྲ་གཡོག་ལ་སོགས་པ་རྣམས་ལ་སོ་སོ་ནས་ཞལ་ཏ་བཅུག་ནས་འཐབ་རྩོད་ཁ་སྨྲས་ཁ་མཆུ་མི་ཡོང་བའི་ཐབས་ལ་སྦྱར་དགོས་མི་ངན་རེ་རེའི་རིང་ལ་མང་པོ་འཕུང་ལ་གཏོང་བ་བློ་རིན་ལྟ་བུ་ཡོང་བ་ཡིན། ཞེས་བཀའ་སྩལ་བ་གང་ཟག་འདི་འདྲའི་རིགས་ལ་དགོངས་པར་སྣང་། ནུབ་ཅིག་མནལ་ལམ་དུ་མགོན་ཁང་ན་གོས་འབོལ་མཐོ་བ་ཞིག་གི་སྟེང་རྡོ་རྗེ་འཆང་རྟ་ར་བའི་སྐུའི་དབྱིབས་དང་ན་བཟའ་སྔར་ཇི་ལྟ་བ་ལ་རཀྴའི་འཕྲེང་བ་བཟུང་བའི་ཕྱག་གཉིས་དབུའི་སྟེང་དུ་བཞག་སྟེ། ལྷོ་ནུབ་རྔ་ཡབ་གླིང་ཕྲན་ནས། །ཨོ་རྒྱན་པདྨ་འབྱུང་གནས་ཀྱིས། །མོས་པའི་བུ་ལ་བྱིན་གྱིས་རློབས། །ཞེས་གསུངས་ནས་བྱིན་རླབས་མཛད་བྱུང་བའི་དེ་མ་ཐག་ཨོ་རྒྱན་རིན་པོ་ཆེ་དངོས་ཡིིན་དགོངས་པའི་སྐུ་ལུས་ཐམས་ཅད་ཟི་ཆོམ་མེ་བ་ཞིག་བྱུང་བར་སྣང་། དེའི་རྗེས་བླ་བྲང་གི་ཡང་སྟེང་དུ་ལྕོག་བུ་ཕུབ་སྟེ་བཞུགས་པའི་ཐོ་རེངས་ཀྱི་དུས་ཤིག་མདུན་གྱི་ནམ་མཁར་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ན་བཟའ་དང་དབུ་ཞྭ་སོགས་ཟ་ཧོར་མའི་ཆ་བྱད་ཅན་འོད་ལྔའི་གུར་ཁྱིམ་ན་བཞུགས་པ་ཤིན་ཏུ་གསལ་བར་གཟིགས་པ་སྐུ་ཚེ་འདི་ལ་ཨོ་རྒྱན་རིན་པོ་ཆེའི་ཞལ་གཟིགས་བྱུང་བའི་ཐོག་མ་ཡིན་གསུང་། ས་དམར་དགོན་པ་བ་རྗེ་བཙུན་ངག་དབང་ཆོས་ཀྱི་རྒྱལ་(༢༦བ)


GLG009_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་མཉམ་མེད་བསམ་གཏན་གླིང་པའི་ཡང་ཟབ་ཨ་ཏིའི་སྐོར་རྫོགས་པར་གསན་ཅིང་རྗེས་སུ་བཞི་ཐོག་ཏུ་བདག་ཆེན་ཁྲི་རིན་པོ་ཆེར་འབུལ་བ་གནང་བས་ཟབ་ཆོས་འདི་ཉིད་སྲིད་མཐར་མི་ཉམས་པའི་བསྟན་པའི་སྲོག་ཏུ་སོང་། དེའང་ཐང་ཡིག་ཏུ། ཁྱད་པར་ཡར་ཀླུངས་ཤེལ་གྱི་བྲག་ཕུག་འདི༔ བདུད་རྩི་སྨན་སྒྲུབ་བྱས་པའི་གནས་ཡིན་པས༔ གསང་སྔགས་མཐར་ཕྱིན་ཨོ་རྒྱན་ཡུལ་ལྟ་བུ༔ ཡ་མཚན་སྒྲུབ་ཁང་བྲག་ཕུག་ཁྱད་འཕགས་ཡོད༔ ཞི་ཁྲོ་ལ་སོགས་གཞལ་ཡས་ཁང་མང་བཞུགས༔ བོད་འབངས་དག་དང་སྤྲོ་བར་འགྱུར་བའི་བྲག༔ ཡོན་ཏན་བརྒྱ་ལྡན་བསམ་ལས་འདས་པར་བརྗོད༔ དེ་ལ་གནས་ཚད་ཏུ་རུཥྐས་མི་ཕེབས༔ ཞེས་ཨོ་རྒྱན་ཆེན་པོས་བོད་ཀྱི་གནས་ཆེན་གངས་བྲག་ཐམས་ཅད་བྱིན་གྱིས་བརླབས་ཏེ་སྒྲུབ་གནས་ཆེས་མང་བའི་ནང་ནས་ཁྱད་པར་དུ་འཕགས་པ་ཡོན་ཏན་གྱི་དབེན་གནས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ཏུ་དགུང་ལོ་ཞེ་བརྒྱད་པ་མེ་རྟ་ཧོར་ཟླ་བརྒྱད་པའི་མཇུག་ལ་ཐེགས་པའི་སྟ་གོན་གྱི་ཚེ་གཟིམས་ཁང་གི་ཐོག་ཏུ་ལྕོག་བུ་བྱས་བཞུགས་པའི་དུས་བྱུང་བའི་གོང་གི་གཟིགས་སྣང་དེ་ལས་ཆེ་བའི་ཨོ་རྒྱན་རིན་པོ་ཆེ་ཟ་ཧོར་མའི་སྐུ་འཇའ་འོད་ཀྱི་ཀློང་ན་ཁྲ་ལམ་མེར་བཞུགས་པ་ཞིག་ཤིན་ཏུ་གསལ་བར་འོད་གསལ་ལ་ཤར་ཞིང་གནམ་གང་གི་ཐོ་རེངས་ཨོ་རྒྱན་ཆེན་པོ་གོང་ལྟར་གཟིགས་པ་ལས་འཕྲོས་པའི་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་ཨིནྡྲ་ནཱི་ལའི་མདོག་ལྟར་གསལ་ལ་འཚེར་བ་སོགས་ངོ་མཚར་བའི་སྣང་བ་འབྱམས་ཀླས་པ་མང་བར་གཟིགས། ཧོར་ཟླ་དགུ་པའི་ཚེས་གཉིས་ལ་དཔོན་སློབ་དམ་ཚིག་གཙང་བ་ཁ་ཤས་དང་བཅས་ཐེགས་པའི་དུས་ནམ་མཁའ་འཇམ་ཞིང་ཐུགས་ལ་སྔར་མེད་པའི་བདེ་ཉམས་ཆེན་པོ་དགའ་(༢༧ན)


GLG009_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཡལ་ལེ་བའི་ངང་ནས་གཟིམས་ཁང་གོང་དུ་བཞུགས་གནས་མཛད་དེ་སྐུ་མཚམས་བསྡམས། སྤྲུལ་སྐུ་རཏྣ་གླིང་པའི་གདུང་བརྒྱུད་ཆུ་མིག་དགོན་གསར་བའི་ལག་གི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རཏྣ་གླིང་པའི་གཏེར་བྱོན་ཨོ་རྒྱན་ཡབ་ཡུམ་གྱི་སྐུ་ཚབ་མཐོང་བ་དོན་ལྡན་དང་འགྲོ་བ་ཀུན་འདུལ། རྡོ་རྗེ་འཆང་ཉིད་ཀྱི་ཕྱག་གི་སྐུ་ཚབ་ཡིད་བཞིན་ནོར་བུ་གསུམ་རིགས་འཛིན་བླ་མ་སྒྲུབ་པའི་རྟེན་གྱི་གཙོ་བོར་བཞུགས་སུ་གསོལ་བའི་སྤྱན་སྔར་སྨན་རཀ་གཏོར་གསུམ་གྱིས་ཐོག་དྲངས་ཕྱི་ནང་གསང་བའི་མཆོད་པ་རྒྱ་ཆེན་བཤམས་ཏེ་ཞག་བདུན་གྱི་བར་པཎ་ཆེན་རིན་པོ་ཆེ་པདྨ་རྒྱལ་པོ་ཡེ་ཤེས་རོལ་པ་རྩལ་མཆེད་གཉིས་ཀྱི་ཟབ་གཏེར་བླ་མ་བཀའ་འདུས་ཀྱི་ལྗགས་བསྙེན་ཁ་གསོ་གནང་བའི་ཚེས་བཞིའི་ཐོ་རེངས་སྐུའི་མདུན་ཐད་ཀྱི་མཁར་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་སོར་ལྔ་པ་ཞིག་གི་དབུས་སུ་ཨོ་རྒྱན་ཆེན་པོའི་སྐུ་ཆུང་ངུ་གསལ་ཞིང་དྭངས་པ་ལམ་མེ་བ་གཟིགས། ཚེས་དགུའི་ནུབ་གཏེར་སྲུང་དང་གཞིས་བདག་སོགས་དགྱེས་པའི་འཚུབ་ལྷོངས་ཤིན་ཏུ་ཆེ། སྐུ་མཚམས་གྲོལ་ཁའི་ཚེས་བཅུའི་ཉིན་ལྷ་བྲག་གཏེར་བྱོན་ནང་རིགས་འཛིན་གདུང་སྒྲུབ་ཀྱི་འཕྲིན་ལས་ལ་བརྟེན་ནས་ཞི་ཁྲོ་རབ་འབྱམས་ཀྱི་ཚོགས་རྣམས་མཆོད་པའི་སྤྲིན་གྱི་ཕུང་པོས་མཉེས་པར་མཛད་པས་འཛབ་བཟླས་གྱི་དུས་གནས་འཛིན་ཀུན་གྱིས་མཐོང་བར་མེ་ཏོག་གི་ཆར་ཆེན་པོ་བུ་ཡུག་ལྟར་འཚུབས། སྒྲུབ་ཕུག་ནས་ཚེ་ཆུ་གློ་བུར་དུ་རྡོལ་བ་ཆུ་བོའི་རྒྱུན་བཞིན་རེ་ཞིག་བར་བབས་ཤིང་དེ་ཡོད་རྣམས་ཀྱི་ཞལ་དུ་གསོལ་བ་སོགས་གནས་སྟོན་འཁོར་ཆོས་དུས་ཏེ་ཕུན་ཚོགས་པ་ལྔ་ཚང་བའི་རྟེན་འབྲེལ་གྱི་སྒོ་འཕར་མཆོག་ཏུ་འགྲིག །ཆོས་སྡེར་ཕེབས་ནས་ཧོར་(༢༧བ)


GLG009_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བཅུ་གཉིས་པའི་ཚེས་བཅུའི་ཐོར་ཐུན་གྲོལ་འཚམས་མནལ་ལ་ཅུང་ཟད་སོང་བའི་ཚེ་སློབ་དཔོན་ཆེན་པོའི་སྐུའི་སྣང་བ་ཆུ་ལས་ཆུ་ལྦུར་ཤར་བ་ལྟར་སྔ་མ་འགགས་པ་དང་ཕྱི་མ་གསལ་བ་ཁ་ཡར་བྱུང་། ཁྲ་འབྲུག་གི་གནས་མཇལ་ལ་བྱོན་ཏེ་སྨོན་ལམ་རྒྱས་པར་འདེབས་པ་གནང་བའི་ནུབ་རྨང་ལམ་གྱི་ཚུལ་དུ་བླ་མ་མཚོ་སྐྱེས་རྡོ་རྗེ་སྐུའི་སྣང་བརྙན་ཁྲ་ལམ་གྱིས་ཤར་ཞིང་ཤེལ་བྲག་གི་རི་ངོས་མཐའ་དག་སངས་རྒྱས་བྱང་ཆུབ་སེམས་དཔའི་སྐུས་ཁྱབ་པ་དང་མངོན་སུམ་དུ་བཞུགས་ཡོད་དགོངས་པའི་གདུང་ཤུགས་ལྷང་ལྷང་བའི་ངང་ནས་མནལ་སད། མེ་ལུག་ཧོར་ཟླ་དགུ་པའི་ཉེར་བཞི་ལ་ཆོས་སྡེ་ནས་སང་ཐེགས་རྒྱུའི་ནུབ་འོད་གསལ་ལ་རྗེ་ཉིད་སློབ་དཔོན་ཆེན་པོ་པདྨའི་སྐུའི་དབྱིབས་ཅན་དབུས་དང་ཕྱོགས་བཞིར་རེ་རེ་སྟེ་ལྔ་རྣམས་ཆེ་ཆུང་མི་ཚད་ཙམ་སོ་སོར་བཀྲག་མདངས་དང་ལྡན་པའི་འཇའ་ཚོན་ལྔའི་གུར་ཁྱིམ་ཡོད་པའི་རྣམ་པ་ནི་ཐུགས་རིག་པའི་ངོ་བོ་དོན་གྱི་པདྨ་འབྱུང་གནས་གཅིག་ཉིད་ལས་ཐོད་འཕྲེང་རིགས་ལྔར་ཤར་བ་ཡེ་ཤེས་ལྔའི་གདངས་འགག་མེད་དུ་འཁུམས། ཉེར་ལྔ་ཚེས་བཅུའི་མཆོད་པ་ཤེལ་བྲག་ཏུ་གནང་ནས་ཞག་གསུམ་གྱི་བར་བཞུགས་རིང་རིགས་འཛིན་བླ་མའི་བསྙེན་སྒྲུབ་ལས་སྦྱོར་གྱི་འཕྲོ་འདུའི་དམིགས་པ་རྩོལ་བ་ལ་མ་བལྟོས་པར་འབད་མེད་དུ་ངང་གིས་ཤར་བ་ཐེངས་གཉིས་དང་གནས་ཀྱི་རི་བྲག་ཀུན་དང་ཁྱད་པར་གུ་རུ་ཕུག་པའི་བྲག་གདོང་ཐམས་ཅད་ཨོ་རྒྱན་ཞི་ཁྲོ་སོགས་མདོར་ན་སྲས་བཅས་རྒྱལ་བའི་སྐུའི་སྣང་བ་འབའ་ཞིག་ཏུ་ཤར་བ་གང་ཟག་ཁྱད་པར་ཅན་རྣམས་ལ་དུས་ཐམས་ཅད་དུ་དག་པའི་སྣང་བ་ཤ་སྟག་འབྱུང་བས་འདི་ཙམ་ལ་ངོ་མཚར་དུ་འཛིན་པ་གཅིག་ཏུ་མི་འོས་ནའང་(༢༨ན)


GLG009_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་གསུམ་པོ་དེར་གནས་ཀྱི་གང་ཟག་བྱིན་གྱིས་བརླབས་སོ་ཞེས་དཔག་དཀའི་ཡོན་ཏན་གཞན་རྣམས་སྦས་པར་མཆིས། ཚར་ཆེན་གྱི་གསུང་མགུར་ལས། དགྲ་གཉེན་བར་མའི་འགྲོ་བ་ཀུན། །གདོད་ནས་དག་པའི་ཧེ་རུ་ཀཿ ལྷ་དང་ལྷ་མོའི་རྣམ་རོལ་ཏུ། །དགའ་མགུར་སྤྱོད་པ་བླ་མའི་དྲིན། །ཞེས་གསུངས་པའི་དོན་དུ་གདའ། ཆོས་སྡེར་ཕེབས་ནས་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་གྱི་གཙོ་བོར་བཞེངས་ཏེ་རྟེན་བརྟེན་པའི་ཚོགས་དེའི་ཐད་ཀྱི་ནམ་མཁའ་གང་བར་འགྲོ་འོང་དང་ཐོ་རེངས་ཀྱི་ཆར་རང་གི་སྐུ་འཇའ་འོད་ཕུང་ངེ་བའི་དཀྱིལ་ན་ཡོད་པའི་ཐུགས་ཉམས་ཤར། ཧོར་ཟླ་བཅུ་པའི་ཚེས་བརྒྱད་ཀྱི་ཐོར་ཐུན་དངོས་གཞི་རྫོགས་ནས་པདྨ་དྲག་པོ་དབུ་དགུའི་རྣལ་འབྱོར་གྱི་ཚེ་དཀྱིལ་འཁོར་གྱི་དབུས་སུ་རྗེ་ཉིད་གཙོ་བོའི་རྣམ་པར་ཤར་བར་རེག་མཐོང་གི་མཚན་མ་བརྟན་པོ་རྙེད། ཧོར་ཟླ་བཅུ་གཅིག་པའི་ཡར་ཚེས་ལ་ཤྲི་དེ་བ་ཨ་ཡུའི་བསྙེན་མཚམས་མཛད་པ་གྲོལ་རྒྱུའི་ཐོ་རེངས་ཚེ་ལྷའི་སྐུའི་སྣང་བ་གསལ་ཞིང་ཚེས་བཅོ་ལྔའི་ཐོ་རེངས་སྔར་བས་ཀྱང་གསལ་བ་ཞིག་བྱུང་གསུང་བ་སྐུ་ཚེ་མཐར་ཕྱིན་པའི་རྟེན་འབྲེལ་ཁྱད་པར་ཅན་དུ་གོ །དགུང་སྐག་ཕྱིས་སྐྱེལ་གྱི་དོག་ཆར་དགོངས་ཧོར་ཟླ་བཅུ་གཉིས་པའི་ཚེས་བཞི་ནས་སྐུའི་བཅད་རྒྱ་ཚུགས་པའི་ཐོ་རེངས་སྐུར་གླགས་ལྟ་བ་འབྱུང་པོའི་ཆོ་འཕྲུལ་གྱི་འོད་ཆེན་པོ་འཁོར་ཞིང་འཁྲུག་པའི་སྟེང་དུ་རྗེ་བཙུན་པདྨ་ཐོད་འཕྲེང་མི་ཚད་ཙམ་པ་གཟི་བརྗིད་ཕུན་སུམ་ཚོགས་པ་ཞིག་བཞུགས་འདུག་པས་བ་མོ་ལ་ཉི་མ་ཤར་བ་བཞིན་དེ་འཕྲལ་དུ་ཞི། ཞག་ལྔ་ཙམ་ནས་སླར་ཡང་སློབ་དཔོན་ཆེན་པོའི་གཟིགས་སྣང་ཇེ་གསལ་ལ་སོང་བས་ཡིད་སྲུབས་ཀྱི་བར་གཅོད་ལས་རྣམ་པར་རྒྱལ། ཚེས་བཅུའི་ཉི་ཤར་གྱི་དུས་ཅུང་ཟང་མནལ་(༢༨བ)


GLG009_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཉམས་ལ་རྗེ་ཉིད་རྗེ་བཙུན་ནཱ་རོ་མཁའ་སྤྱོད་མའི་རྣམ་པར་ལམ་གྱིས་གྱུར་པ་ནི་རྗེ་བཙུན་ཀུན་སྤངས་ཆེན་པོས། ཆོས་རྗེ་ལ་མཁའ་སྤྱོད་མའི་བྱིན་རླབས་བྱས་རེས་ཀྱིས་ངེད་ལ་ལྟས་ཁྱད་པར་ཅན་རེ་ཡོང་གི་འདུག་འབད་རྩོལ་མཛད་ན་འདིས་མཁའ་སྤྱོད་ལ་ཁྲིད་ཉེན་གདའོ། །ཞེས་ཚར་ཆེན་ལ་གསུངས་པའི་ལོ་རྒྱུས་དང་ཚུལ་མཚུངས་པར་མངོན། སྡེ་པ་བཀྲ་ཤིས་རྩེ་པའི་སྲས་པོ་ན་ཕྲ་བ་ཞིག་གདོན་གྱིས་ཟིན་ནས་དབུགས་ཀྱི་འགྱུ་བ་འགགས་ཏེ་གྲོངས་པར་ཐག་བཅད་པ་ན་རྗེ་དེ་ཉིད་སྤྱན་དྲངས་བཀའ་བསྒོའི་བྱིན་རླབས་མཛད་པ་དང་ལྷན་ཅིག་པར་གསོས་པས་ལོག་རྟོག་ཅན་འདྲའང་ཧ་ལས་ཏེ་དད་པའི་སར་བཀོད། ས་སྤྲེལ་ཟླ་བ་གསུམ་པའི་ཚེས་གསུམ་ནས་ཆོས་སྡེའི་གྲ་པ་དོན་གཉེར་ཅན་རགས་བསྡུས་ལ། ཚར་ཆེན་གྱི་གསུང་མགུར་དུ། མི་ཕལ་ཆེར་སོ་སྐྱེའི་བླ་མ་བསྟེན། །ང་སངས་རྒྱས་དངོས་ཀྱི་བླ་མ་བསྟེན། ཁོང་དཔེ་ནག་བལྟས་པའི་སློབ་མས་ཁེངས། །ང་སྙན་བརྒྱུད་ཟབ་མོའི་གདམས་པས་ཚིམ། །ཞེས་སོ་སྐྱེའི་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚིག་ཙམ་བཤར་སྦྱང་ལྟ་བུ་མ་ཡིན་པར་གསུང་ངག་རིན་པོ་སློབ་བཤད་ཀྱི་ཁྲིད་དབུ་བཙུགས་ཏེ་ཉན་རང་དང་ཕ་རོལ་ཏུ་ཕྱིན་པའི་ལམ་དང་ཐུན་མོང་དུ་གྱུར་པ་སྣང་བ་གསུམ་སེམས་བསྐྱེད་ཀྱི་མཐའ་བརྟེན་པ། སྔགས་ལམ་ལ་ལྟ་བ་འཁོར་འདས་དབྱེར་མེད་ཀྱིས་སེམས་ཀྱི་གཞི་རྩ་བཅད་ནས་དབང་བཞིའི་ལམ་གྱི་ཉམས་ཁྲིད། ཀྱེ་རྡོར་ཡབ་བཀའི་རྒྱུ་ལམ་ཡུམ་བཀའི་དབང་བྱིན་རླབས་ཀྱི་རིམ་པ་རྒྱབ་བརྟེན་ལུང་དང་བཅས་ཧོར་ཟླ་དྲུག་པའི་ཚེས་བཅུའི་བར་ལ་རྫོགས་པར་གནང་བའི་ཚེ་བདག་མེད་ལྷ་མོ་བཅོ་ལྔའི་སིནྡྷུ་རའི་བྱིན་རླབས་ལ་ཅུང་ཟད་(༢༩ན)


GLG009_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བའི་ཐུགས་དོགས་བྱུང་བ་ན་རྩ་བརྒྱུད་ཀྱི་བླ་མའི་ཚོགས་ལ་གསོལ་འདེབས་གནང་བའི་སྒོ་ཆུང་ནག་པོ་ཞིག་ནས་བདག་ཆེན་རྡོ་རྗེ་འཆང་བླ་གོས་དང་ས་ཞུ་གསོལ་ཏེ་རྟ་ནག་པོར་ཆིབས་པ་ཕེབས་ནས་གསེར་གྱི་རྡོ་རྗེར་གཡུའི་ཕྲས་བརྒྱན་པ་མཎྜལ་གྱི་སྟེང་དུ་འཇོག་པ་གནང་བྱུང་བས་མནལ་སད་དུས་ཐུགས་དོགས་རྣམས་ལྷག་མེད་དུ་ཆོད་པ་ནི་བསམ་གྱིས་མི་ཁྱབ་པའི་གནས་ཡིན་ཞིང་ནུབ་ཅིག་ཀུན་མཁྱེན་མཁྱེན་བརྩེའི་ཞབས་ན་བཟའ་ཤིན་ཏུ་བཟང་བ་ཕྱག་སིལ་བོན་གོང་མ་དཀྲོལ་བ་གནང་བ་ན་སྒྲ་ཆེར་སྒྲོག་པ་ནི་ཟབ་ཆོས་འདི་ཉིད་ཀྱི་འཕྲིན་ལས་ཕྱོགས་བརྒྱར་ཁྱབ་པའི་བརྡར་མངོན། འཁྲིད་ཀྱི་སྔ་ཕྱི་ཚོར། ཚར་ཆེན་ཆོས་ཀྱི་རྒྱལ་པོ། རིགས་འཛིན་མངའ་རིས་པ་ཆེན་པོ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །མཁན་ཆེན་བསླབ་གསུམ་རྒྱལ་མཚན། རིན་པོ་ཆེ་བསོད་ནམས་ཆོས་འཕེལ་དང་ལྔ་མནལ་ལམ་གྱི་ཚུལ་དུ་བྱུང་གསུང་བ་དོན་ཆོས་ཀྱི་འཁོར་ལོ་བསྐོར་བར་བླ་མ་རྣམས་དགྱེས་པའི་འཛུམ་ཞལ་ལྷུག་པར་བསྟན་ནས་ལེགས་སོའི་ཚིག་གིས་དངོས་སུ་གཟེངས་བསྟོད་པར་གོར་མ་ཆག །ཡེ་ཤེས་ཀྱི་མགོན་པོ་གཟིགས་སྣང་ལ་གསལ་བར་ཤར་བ་ནི་འབྲོག་མིར་པཎ་གྲུབ་དབང་པོ་གྷ་ཡ་དྷ་རས། ད་ཁྱོད་ལ་ཅི་དགོས་གསུངས་པ་ལ་གསུང་ངག་རིན་པོ་ཆེ་འདི་ལ་ད་དུང་གདམས་པའི་འཕྲོ་འདྲ་ཡོད་ན་གནང་བར་ཞུ་ཞུས་པས། ང་འཕྲོ་ཡེ་མེད་ཁྱོད་ལ་འདི་འདྲ་དགོས་པའི་མཚན་མིན་ཡང་ང་རང་གི་བྱེད་ལུགས་ཡིན་གསུངས་ནས་གུར་གྱི་ཐང་སྐུ་རྒྱབ་ལ་བཞེས། འཕྲེང་བ་མགུལ་ལ་བཅུག །གཏོར་མ་དབུ་ཐོག་ཏུ་བཟུང་ནས་གདམས་པའི་ལྷག་ལུས་རིའི་དབུ་སྙིང་གནང་བ་དང་ཆོས་ཀྱི་མཇུག་(༢༩བ)


GLG009_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མགོན་རྐྱང་གི་རྗེས་གནང་སོགས་མཛད་པའི་བླ་མ་ཞང་སྟོན་ཡན་ཆད་ཀྱི་སྲུང་མར་མ་ཟད་བརྩེ་ཆེན་སྙིང་པོའི་ཞབས་ནས་བཟུང་བཀའ་བབས་བཞི་ལྡན་དུ་བཞུགས་པའི་ཆོས་སྐྱོང་གི་གཙོ་བོ་ཡིན་གཤིས་བགེགས་རིགས་ཀྱི་ཚོགས་རྣམས་ཕྱེ་མར་འཐག་པའི་སླད་དུ་ཅུང་ཟད་ཙམ་ཡང་མི་འབྲལ་བར་མངོན། འཇིགས་མཛད་རྡོ་རྗེའི་རྣལ་འབྱོར་ལྷུར་བཞེས་པའི་ཤུགས་ཀྱིས་འཆི་བདག་མ་ཧེའི་ཞལ་ཅན་བཀའ་བཞིན་སྒྲུབ་པར་ཞལ་གྱིས་འཆེས་སླད་སྐུའི་སྣང་བ་མངོན་སུམ་དུ་བསྟན་པ་ནི། རྗེ་ཚར་ཆེན་གྱི་གསུང་མགུར་ལས། དཔལ་མ་ཧེའི་ཞལ་ཅན་གཤིན་རྗེའི་གཤེད། །ཆོས་སྲུང་བའི་གཙོ་བོར་གུར་ཞལ་གཉིས། །དེ་རིམ་བཞིན་བསྒྲུབས་ལ་བསྟན་པ་སྲུངས། །ཞེས་པའི་དོན་དང་མཚུངས་པར་སྣང་ཞིང་། ཉིན་གཅིག་མནལ་རིབ་བེ་མ་ཞིག་ལ་རྗེ་ཉིད་སློབ་དཔོན་ཆེན་པོ་པདྨའི་སྐུའི་རྣམ་པར་ཉམས་ཁྱད་པར་ཅན་ཤར་བ་འདིས་མཚོན་བླ་མ་ཡི་དམ་མཁའ་འགྲོ་སྲུང་མའི་ཞལ་གཟིགས་དང་གསུང་གི་སྣང་བ་སྩལ་བ་མཐའ་ཡས་པ་ཡོད་ཚོད་དུ་མཆིས་ནའང་ཐུགས་དཀྱིལ་ཆེ་བས་བསྙེལ་བའི་བརྫུར་བརྟེན་ནོ། །ས་བྱ་ཧོར་ཟླ་གསུམ་པའི་ཚེས་བཅུ་དགུར་གཙང་ལ་ཆིབས་ཁ་བསྒྱུར་རྒྱུའི་ཐོ་རེངས་གཞན་གྱིས་བསམ་སྦྱོར་ངན་པའི་བྱད་རྦོད་ལ་བརྟེན། ཐོག་འཁྲུག་འབྱུང་བར་ཉེ་བའི་གློག་འབྲུག་སོགས་ཤིན་ཏུ་འཇིགས་པའི་སྒྲ་འོད་གསལ་དུ་བྱུང་བའི་ཚེ་རྗེ་ཉིད་བཛྲ་བྷཻ་ར་བའི་སྐུ་ཤིན་ཏུ་ཆེ་ཞིང་གཟི་བྱིན་དང་ལྡན་པ་མེ་དཔུང་འབར་བའི་དབུས་ན་བཞུགས་པའི་རྣམ་པར་གྱུར་བ་དང་ཆབས་ཅིག་པར་མི་མཐུན་པའི་ཕྱོགས་དེ་དག་འཕྲལ་དུ་ཞི་བའི་མོད་ལ་མནལ་སད་དོ། །གསང་བདག་འ་ཞའི་མཐུ་སྟོབས་ཐོར་རླུང་གིས། །ལོག་འདྲེན་སྦྱོར་བའི་ཆུ་འཛིན་ཕ་མཐར་བསྐྲད། །ཡང་(༣༠ན)


GLG009_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་མང་པོར་འགོ་བའི་ལུས་ངན་པོ། །གཟི་བརྗིད་ཉི་མ་འབུམ་གྱི་དཔལ་རྗེས་སྙེག །ལྷུན་པོ་ཕྱེར་འཐག་མཐུ་ཆེན་དགོན་གསར་བས། ཁྱོད་རྗེས་འཛིན་པར་བསྐུལ་ཚིག་མཆིལ་པ་ཡིས། །འབོད་གྲོགས་མགོན་པོའི་བྱིན་རླབས་ལྕགས་ཀྱི་ཕྱེ། །འདྲེན་པའི་ཁབ་ལེན་རྡོ་བར་རྐང་པ་འཇོག །ཟ་ཧོར་ས་སྤྱོད་གོས་ཀྱིས་བརྗིད་ལྡན་ཡང་། །ངུར་སྨྲིག་དྲས་དྲུབས་ན་བཟའ་གཅིག་ཏུ་བཅུན། །རིག་སྔགས་བརྟུལ་ཞུགས་གྲུབ་པའི་གསང་གོས་ཅན། །པད་འབྱུང་ཐོག་མའི་དགྱེས་ཞལ་ཟླ་བ་ཚེས། །ཨ་ཏི་རྫོགས་ཆེན་ཡོངས་ཀྱི་ཡང་སྙིང་བཅུད། །རྗེ་བཙུན་ཡེ་ཤེས་རྡོ་རྗེར་དགོངས་པའི་གཏེར། །གསན་ཚེ་བློ་འདས་ཆོས་སྐུའི་རང་ཞལ་ལ། །ཡེངས་པའི་ཀུན་རྫོབ་བདེན་པ་བག་ལ་ཞ། །བོད་འབངས་དགའ་སྤྲོའི་དཔལ་སྟེར་གནས་ཀྱི་རྩེ། །འཆི་མེད་བདུད་རྩིའི་བཅུད་ལེན་སྒྲུབ་པའི་ཞིང་། །ཤེལ་དཀར་བྲག་རི་རབ་བརྩེགས་དཔའ་བོ་དང་། །མ་ཚོགས་སྤྲིན་ལྟར་འདུ་བའི་གནས་དེར་བྱོན། །བཀའ་བརྒྱད་ཡོངས་འདུས་རིགས་འཛིན་བླ་མ་ཡི། །ཐུགས་རྗེ་སྙིང་ཞུགས་རྟགས་མཚན་ཕྱི་རུ་ཤར། །གང་སྣང་ཞི་ཁྲོ་རབ་འབྱམས་རྟེན་བརྟེན་པ། །གྲུབ་པའི་གཟིགས་མོ་དེ་ལ་ཡུན་རིངས་ཡེངས། ཁྲག་འཐུང་རྣལ་འབྱོར་མ་དཔལ་མཉམ་སྦྱོར་བའི། །དཔྱིད་ཐིག་བདེ་ཆེན་གར་གྱིས་འབྱམས་སུ་ཀླས། །མ་ཧེའི་ཞལ་དང་དབང་དྲག་དབུ་དགུ་པ། །གཏུམ་རྔམས་གད་མོས་ཀུན་བཟོད་མ་འདི་འདར། །ཐོད་ཕུའི་གྲུབ་པའི་འཁོར་སྒྱུར་སྤྲིན་འཛིན་གྱི། །ཐུགས་ལ་ཉེར་གབ་སློབ་བཤད་རྣམ་པར་རྒྱལ། །དུག་ལྔའི་ནད་བརྒྱ་འཇོམས་པའི་སྨན་གཅིག་པུས། །ཤེས་ལྡན་རྣམས་ཀྱི་ཟུག་རྔུ་མ་ལུས་ཕྱུངས། །(༣༠བ)


GLG009_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

རང་བསྟན་འཆད་ཉན་ཡིད་བཞིན་རྒྱལ་མཚན་རྩེར། །བཀོད་ལ་ཡོངས་འཛིན་ཚོགས་ཀྱིས་ལེགས་སོ་བྱིན། །མིའུ་ཐུང་རྡོ་རྗེ་སྲིན་པོའི་ཞལ་སྒོ་ལས། །ལུགས་འདི་སྲིད་མཐར་མི་ནུབ་གཡར་དམ་བཅས། །རིན་ཅེན་འབྱུང་གནས་ཁོད་དུ་ན་ཀྲ་བཞིན། །མཁས་གྲུབ་བྱེ་བའི་བསྟི་གནས་ཞ་ལུ་ནས། །ཞིང་དཀྱིལ་ཕ་བོང་ལྟ་བུར་བསྟན་འཛིན་འགའ། །དབྱུང་བའི་ངན་སྤྱོད་དེ་ལ་མཆི་མ་བཀུ། །འཇམ་དཔལ་ཆེས་ཆེར་ཁྲོས་པས་འབྱུང་པོའི་འཚུབ། །ཐལ་བའི་རྡུལ་དུ་བརླག་ལ་ཡ་མཚན་ཅི། །ཤིན་ཏུ་ཞི་དུལ་པདྨཱ་ཀ་རའི་སྐུས། །བརླང་སྤྱོད་བདུད་སྡེ་མིང་གི་ལྷག་གྱུར་མཚར། །རིམ་གྱིས་རོང་བརྒྱུད་ཁུ་ལུང་དུ་ཕེབས་ནས་ཟབ་བུ་ལུང་དུ་ཐེགས་པའི་སྟ་གོན་གྱི་ཚེ་སྡེར་མ་ཙམ་གྱི་རྒྱ་ཁྱོན་གྱི་འོད་ལྔའི་གུར་ཁང་ནང་དུ་ཨོ་རྒྱན་རིན་པོ་ཆེ་སྐུ་ཆུ་ཞེང་གབ་པ་ཞིག་དང་ནུབ་གསུམ་གྱི་བར་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་ཕེབས་ཏེ་དགྱེས་པའི་ཚུལ་ཤིན་ཏུ་གསལ་བ་ཉམས་དང་མནལ་ལམ་ཅི་རིགས་པ་བྱུང་། འོ་ཡུག་བརྒྱུད་བྱོན་པའི་དུས་ཕྱོགས་དེའི་ཡུལ་ལྷ་གཞི་བདག་གཏེར་སྲུང་སོགས་དགའ་བའི་རྣམ་འགྱུར་གྱིས་བསུ་བ་ལ་འོངས་པའི་ཉམས་ལྟས་ངོ་མཚར་བའི་ངང་ནས་གནས་སུ་ཕེབས། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་སྐུ་འདྲ་རང་བྱོན་ལ་མཐོང་སྣང་མང་དུ་བྱུང་གསུང་བ་སྤྱན་རས་གཟིགས་མངོན་སུམ་དུ་གཟིགས་ཤིང་། དེས་སྐུ་མདོག་རིགས་ལྔ་མཚོན་པའི་ཁ་དོག་སྣ་ཚོགས་སུ་ཤར་བ་འདྲ། ཞལ་རས་ལྷ་ཁང་དུ་བླ་མ་བཀའ་འདུས་ཀྱི་སྒྲུབ་པ་ཞག་བདུན་གནང་བའི་ནུབ་དང་པོ་ལ་པཎྜི་ཏ་དམར་སྨུག་པཎ་ཞྭ་ཅན་ཕྱག་གཡས་རྡོ་རྗེ་གཡོན་ཀ་པཱ་ལ་བདུད་རྩིས་གང་བ་བསྣམས་པ་ཞིག་བྱུང་བ་ནི་ཨོ་རྒྱན་བླ་མས་བྱིན་གྱིས་བརླབས་པའི་(༣༡ན)


GLG009_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་དང་ཐམས་ཅད་མཁྱེན་པ་སྐུ་དངོས་ལྟ་བུས་ཤཱ་ས་ནའི་སྔགས་འུར་འདོན་གྱི་ངང་ནས་རཀྴའི་ཕྱག་འཕྲེང་བཟུང་སྟེ་སྡིགས་མཛུབ་ཀྱི་སྟང་ཀ་མཛད་པ་ནི་ཉིན་ཕྱི་མའི་འཚུབ་དེ་བཟློག་ཐབས་ལ་དགོས་པར་སྣང་། ཞག་གཉིས་སོང་བའི་ཚེ་ཕ་རོལ་གྱི་བསམ་སྦྱོར་ངན་པའི་བྱད་རྦོད་ལ་བརྟེན་ཐོག་འཁྱུག་འབྱུང་བར་ཉེ་བའི་གནམ་ངོ་ཤིན་ཏུ་འཇིགས་པ་ལྷ་སྔགས་ཡེ་ཤེས་ཀྱི་ནུས་པས་རིམ་གྱིས་ཇེ་འཇམ་དུ་སོང་། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པས་བྱིན་གྱིས་བརླབས་པའི་གཟིགས་སྣང་ཡང་ཤར། གཏེར་ལུང་བཅུ་གསུམ་སོགས་གནས་རྣམས་ཐམས་ཅད་མཇལ་བ་དང་བཅས་བཞུགས་ཞག་བཅོ་ལྔ་སོང་བར་ཆུ་རླུང་གིས་མཚོན་པའི་སྒྲ་མཐའ་དག་བཛྲ་གུ་རུའི་འཛབ་སྒྲར་ལྷང་ལྷང་སྒྲོག་པ་གསན་ཞིང་གཟུགས་སྣང་ཀུན་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་སུ་ཤར་ཅིང་བདེ་བར་གཤེགས་པའི་སྐུ་བརྙན་གྱི་ཞལ་ལ་མེ་ཏོག་མང་པོ་ཤར་བ་སོགས་ལ་སྤྲོ་བ་དང་། གཟིགས་སྣང་ཁྱད་པར་ཅན་གྱི་བླ་མ་དང་གནས་ལ་དད་གདུང་ཕན་ཚུན་འགྲན་བཞིན་པའི་ངང་ནས་མཁས་གྲུབ་ཆེན་པོ་ཁྱུང་པོ་དུ་གུ་བའི་དབེན་གནས་ཞོང་ཞོང་དུ་ཕེབས་ནས་གནས་རྟེན་རྣམས་ཞིབ་པར་གཟིགས། ཡེ་ཤེས་མགོན་པོའི་ལས་མཁན་གནོད་སྦྱིན་ཀྵེ་ཏྲ་པཱ་ལ་སྐུའི་དབྱིབས་དང་ཆ་ལུགས་ཡོངས་གྲགས་ལ་ཕྱག་གཡས་ཀྱིས་ཐོད་པའི་ཅང་ཏེའུ་འཁྲོལ་བའི་སྒྲ་ལྷང་ལྷང་སྒྲོག་པ་གསན་པ་འདི་དཔལ་ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པ་རང་ཚུགས་ཐུབ་པའི་འབུར་དོན་ནི་རིམ་གྱིས་འགྲིབ། ཆོས་རྒྱུན་ཡང་བློས་བྱས་རང་བཟོའི་འཆལ་འཆོལ་དང་བཀླག་ལུང་དམ་དུམ་གྱིས་གཞན་སྣང་འདྲིད་པའི་(༣༡བ)


GLG009_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

དུས་འདིར་རྗེ་འདི་ཉིད་ཀྱིས་བསྟན་པ་རྨ་མེད་དུ་བཟུང་བ་ལ་མཉེས་སམ་སྙམ། རི་ཕུག་ཏུ་བྱོན་ཏེ་ཕྱོགས་འདུས་ཀྱི་དོན་གཉེར་ཅན་དུ་མ་ལ་ཡེ་ཤེས་མཁའ་འགྲོའི་ཞལ་ལུང་མཁས་གྲུབ་ཁྱུང་པོའི་ཟབ་ཆོས་ནེ་གུ་ཆོས་དྲུག་གི་དབང་བྱིན་རླབས་འཁྲིད་ལུང་སྨིན་རྒྱས་སུ་གནང་བའི་འོད་གསལ་དུ་ཀུན་མཁྱེན་མཁྱེན་བརྩེའི་ཞབས་ཕེབས་ནས་དགྱེས་པའི་རྣམ་འགྱུར་དང་ལེགས་སོ་སྩལ། པད་གླིང་དྲག་པོ་དམར་ཆེན་གྱི་རྩ་བསྙེན་གནང་བའི་སྒང་ཙམ་ལ་ལྷོངས་ཀྱི་རྣམ་པས་སྐུ་སྟོད་ཤིན་ཏུ་མཉེལ་བར་འཕྲོད་བསྟེན་སོགས་ཀྱི་ཐུགས་བློ་ཙབ་ཙུབ་གང་ཡང་མ་མཛད་པར་ལྟ་སྒོམ་གྱི་ངང་ནས་བཟླས་བརྗོད་ལ་འགྲུས་པར་གནང་བས་ཕྱི་ནང་གསང་གསུམ་གྱི་བར་གཅོད་ཀྱི་ཚོགས་རང་སར་དག་སྟེ་སྐུ་ཁམས་ཤིན་ཏུ་བདེ། དྲག་པོ་དམར་ཆེན་ཞལ་གསུམ་ཕྱག་དྲུག་པ་གཙོ་འཁོར་གྱི་ཞལ་གཟིགས་ཀྱང་གསལ་བར་བྱུང་། དཔལ་གཏོར་ཞོ་ལྟར་ཞུ་བ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་དངོས་གྲུབ་ཆར་བཞིན་འབེབས་པའི་དགེ་མཚན་རྙེད། སྐུ་མཚམས་གྲོལ་ནས་ངོར་ཟུར་ཆད་བླ་མ་མངའ་རིས་པར་ཚེ་དབང་གནང་བའི་དབང་སྒྲུབ་ཀྱི་སྐབས་ཚེ་ཆང་ཁོལ་ཏེ་ཕྱིར་ལུད་པའི་བྱིན་རླབས་ཀྱི་མཚན་མ་ཆེ། ཧོར་ཟླ་དགུ་པའི་ནང་དུ་ལྗགས་བསྙེན་ཁ་གསོ་བདུན་གཅིག་གི་དུས་ཚེས་བཅུའི་ཐོ་རེངས་རྨང་ལམ་དུ་དཔལ་ཀྱེ་རྡོ་རྗེ་ཞལ་བརྒྱད་པའི་སྐུ་མི་ཚད་ཙམ་དང་དྲིན་ཆེན་ཨོ་རྒྱན་ཆེན་པོ་གསལ་བར་གཟིགས་པའི་ངང་ལ་མནལ་སད། ཁུ་ལུང་ནས་དབོན་རིན་པོ་ཆེ་བསོད་ནམས་རབ་བརྟན་མཇལ་བར་ཕེབས་ཏེ་ཞག་ཤས་སྐུ་ཞབས་སུ་བཞུགས་ཤིང་ཐུགས་དགྱེས་པ་ཆེན་པོས་ཚེ་དབང་རྐྱེན་སེལ་སོགས་གནང་ནས་ཕྱིར་ཐེགས། འདར་ཆོས་འཁོར་ཡང་རྩེར་གསེར་གདུང་རིན་(༣༢ན)


GLG009_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་མཇལ་བར་ཕེབས་པའི་དབང་འཁྲིད་ལུང་མན་ངག་རྒྱ་ཆེར་གནང་ཞིང་རྣམ་རྒྱལ་སྟག་རྩེར་སྡེ་པ་ཡུམ་སྲས་ལ་འདོད་ཆོས་མང་དུ་སྩལ། ནུབ་ཅིག་འོད་གསལ་ལ་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཞལ་ཁྱིམ་དང་ན་བཟའ་ཇི་ལྟ་བ་གཟི་བརྗིད་དང་ལྡན་པའི་ཞབས་གཉིས་རྗེ་ཉིད་ཀྱི་དབུ་གཙུག་ཏུ་བཞག་ཅིང་ཕྱག་གཉིས་ཀྱིས་ཞལ་འགྲམ་སྐྱོར་ནས་བཀའ་བསྒོ་རྒྱས་པ་ཞིག་གནང་བར་ཐུགས་གདུང་ཤུགས་མོས་གུས་དྲག་པོས་གསོལ་འདེབས་མཛད་པའི་མུས་ནས་ཚར་ཆེན་རིན་པོ་ཆེ་འདི་ཨོ་རྒྱན་རིན་པོ་ཆེ་དང་དངོས་སུ་མཇལ་བའི་བྱིན་རླབས་ནུས་མཐུ་ཁྱད་པར་དུ་འཕགས་པ་ཡིན་སྙམ་པར་ཚར་ཆེན་ཨོ་རྒྱན་རིན་པོ་ཆེར་ལམ་གྱིས་སོང་བའི་ཐུགས་ཀའི་ཐད་དུ་ཐུགས་ཡིད་རྩེ་གཅིག་ཏུ་བསྟད་དེ་རྣམ་པ་ཨོ་རྒྱན་ལས་ངོ་བོ་རིན་པོ་ཆེ་ཚར་པ་རང་ཡིན་སྙམ་པའི་ངང་ནས་མནལ་སད་དུས་ཀྱང་ཞབས་དབུ་གཙུག་ཏུ་བཞག་པའི་དྲོད་དེ་ག་ཚ་ཆིལ་ལེ་བར་དངོས་སུ་བྱུང་ཞིང་ཐུགས་སེམས་བདེའབོལ་ལེ་བར་གྱུར། ཡང་མནལ་ལམ་ཞིག་ལ་སྔགས་འཆང་ཆེན་པོ་བསོད་ནམས་ཆོས་འཕེལ་དང་རྗེ་ཉིད་ཀྱི་ཐུགས་ཀ་སྦྱར་བ་ལྟ་བུས་བཀའ་བསྒོས་ཤིང་བྱིན་གྱིས་བརླབས་པའི་ངང་སད་པའི་ཐུགས་བདེ་བའི་ཚད་ཅིག་བྱུང་། དེ་ནས་མི་རིང་བར་ཚར་ཆེན་རྡོ་རྗེ་འཆང་གི་ཡབ་གཞིས་རྨུ་གཤོང་དགེ་བའི་ཚལ་གྱི་མགོན་ཁང་དུ་ཚར་ཆེན་གྱི་ཕྱག་ནས་མའི་གནོད་སྦྱིན་བེག་ཙེའི་སྐུ་མཇལ། སྙན་དར་དམོད་ནས་གཏོར་བསྔོ་འཕྲིན་བཅོལ་རྒྱས་པར་གནང་སྟེ་ཕྱིར་ཕེབས་གདོང་གདུང་མཚམས་ལ་སྤྱན་གཟིགས་ཀྱི་མདའ་དར་མང་པོ་ཡོད་པའི་ཁྲོད་ནས་དར་སྐུད་དམར་པོ་འདོམ་བཅུ་ཙམ་ཞིག་ཕྱི་སྐས་འགོའི་བར་བརྐྱང་བའི་གདན་འདྲེན་ཚུལ་མཛད་(༣༢བ)


GLG009_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཆོས་སྐྱོང་འདི་ཉིད་ལ་མངའ་བརྙེས་པས་པད་མཚོར་ངང་པ་ལྟར་དམ་ཅན་རང་བཞིན་གྱིས་འདུ་བར་བསམ། དེ་ནས་མཉན་ཡོད་བྱ་རྒོད་གཤོང་དུ་འཇམ་དབྱངས་དགའ་བའི་བཤེས་གཉེན་གྱིས་སྤྱན་དྲངས་སྙན་བརྒྱུད་ཀྱི་ཆོས་དུ་མ་སྩལ། འོད་གསལ་དུ་རྫ་ཐོག་འོག་གི་ཤོད་ལ་འགྲོ་རྩིས་བྱས་པར་སྐོར་ལམ་དུ་བནྡེ་ཆས་བཟང་སྣུམ་བག་དང་ལྡན་པས་ཕྱག་བགྱིས་བྱུང་བའི་ངག་ནས་དངུལ་ཆུ་ན་བློ་གསལ་རྒྱ་མཚོའི་གཏེར་ཡོད་དོ་ཟེར་བཞིན་པའི་ངང་རྗེས་འབྲངས་ཏེ་ཇོ་བོའི་སྐུ་མདུན་གྱི་ཐད་དུ་ངའི་མིང་ལ་གནོད་སྦྱིན་རྡོ་རྗེར་གྲགས་ཞེས་འཛུམ་འཛུམ་ངོ་ཤེས་གང་ཡང་ཞུ་བ་ཞིག་རྨིས་གསུང་བ་རྗེ་བྱམས་ཕྲུག་པར་སྙན་བརྒྱུད་ཀྱི་ཆོས་སྐོར་རྣམས་གནང་དགོས་པ་དང་རྒྱལ་ཆེན་རྣམ་ཐོས་སྲས་དགྱེས་པའི་མཚན་མ་ཡིན་ནམ་སྙམ། འཇམ་དབྱངས་དགའ་བའི་བཤེས་གཉེན་ལ་སྔ་ཕྱིར་སྙན་བརྒྱུད་ཀྱི་ཆོས་བཀའ་གནང་བའི་ཆོས་སྐྱོང་ཆེ་ཆུང་གི་སྐོར་མཛད་སྐབས་མན་ངག་ཤིན་ཏུ་ཟབ་པ་རྣམས་མི་གནང་བའི་རྩིས་ཀྱིས་ཟུར་དུ་བཏོན་ནས་བླ་བྲེའི་སྟེང་དུ་འཇོག་པ་གནང་བ་ཐག་པ་ཆད་ནས་ཕྱག་དཔེ་རྣམས་བྱམས་ཕྲུག་པའི་སྐུ་པང་དུ་བབས་པ་ནི་ཆོས་སྐྱོང་གིས་ཆོས་དངོས་སུ་གཏད་པ་ལྟ་བུའི་དཔོན་སློབ་གཉིས་ཀའི་ཆེ་བར་མངོན། བོ་དོང་དུ་ཐེགས་པའི་དཔལ་ལྡན་དམག་ཟོར་མར་བཀང་གསོ་མཆོད་བསྟོད་རྒྱས་པར་མཛད། གཟིམས་དཔོན་པདྨའི་ཁང་གཡབས་སུ་བཞུགས་པའི་ནུབ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྐུ་གསལ་བ། ས་སྐྱ་པ་ཆེན་པོའི་སྐུ་ལས་འོད་སྔོན་པོ་འཕྲོ་བའི་ནང་དུ་དགྱེས་མཛད་རྡོ་རྗེ་ལྷ་དགུའི་རྟེན་བརྟེན་པ་གསལ་བར་གཟིགས། འདི་སྐབས་ཡུམ་བསྙུང་ཡུན་རིང་བའི་དབང་བསྐུར་བྱིན་(༣༣ན)


GLG009_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

རླབས། སྨན་དཔྱད། སྐུ་རིམ་གང་རྒྱས་མཛད་ཀྱང་སྐུ་ཚེས་མ་ཟིན་པར་དགོངས་རྫོགས་རྒྱ་ཆེར་གནང་ཞིང་བདུན་ཚིགས་ཤིག་ལ་ཐུགས་རྗེ་ཆེན་པོའི་དབང་རྒྱས་པར་མཛད་པའི་ནུབ་མནལ་ལམ་དུ་སྐུ་གདུང་སྟེང་གི་ནམ་མཁར་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གི་སྐུ་དབྱིབས་སྔར་ཇི་ལྟར་ལ་པཎ་ཞྭ་བཞེས་པ་ཞིག་གསལ་བར་བྱུང་བ་རྗེས་སུ་འཛིན་པའི་བརྡ་ཡིན་ནམ་སྙམ། ཞུགས་འབུལ་གྲུབ་ནས་ཞག་ཁ་ཤས་སོང་བ་ན་ཀུན་མཁྱེན་མཁྱེན་བརྩེ་ཁྱེལ་བཞུགས་མཛད་ནས་ཞབས་པུས་གཡས་པའི་སྟེང་ན་མཎྜལ་བསྣམས་ཏེ་འབུལ་ཚུལ་གྱི། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། ནས། འགྲོ་ཀུན་རྣམ་དག་ཞིང་དུ་སྐྱེ་བར་ཤོག །ཅེས་གསུང་བའི་སྐུའི་འཁྲིས་ན་ཡུམ་དེ་ཞལ་ཁྱིམ་དམར་ཆམ་མེ་བ་ལ་དབུ་སྐྲ་སིལ་བུ་སྐུ་རྐེད་ཡན་ཆད་ཁེབས་པའི་མཐར་དེ་འདྲ་བ་ངོ་མི་ཤེས་པ་འདྲ་དང་བཅས་རྗེ་ཉིད་ལ་སྐོར་བ་བྱེད་པ་དྲིན་ལན་ཡིན་རྒྱུ་བར་བྱུང་བ་ཡུམ་ཀུ་ལུ་ཏའི་ཞིང་དུ་མཁའ་འགྲོར་གྱུར་བའི་ལྟས་སུ་མཁྱེན། འདི་དུས་བཀྲ་ཤིས་རྩེའི་སྡེ་པ་ཆོས་རྗེ་གྲོངས་པའི་ཡར་འདྲེན་ལ་ཕེབས་དགོས་ཚུལ་གྱི་གདན་འདྲེན་བྱུང་བར་ཡུམ་སྐུ་ཁམས་བདེ་ཞན་གྱི་དབྱེ་བ་མ་ཕྱེད་པར་དགོངས་ཁྲོལ་དགོས་ཚུལ་གནང་བར་སྡེ་པས་གལ་སྲིད་མི་ཕེབས་པ་འདུག་ན་ཨོ་རྒྱན་མཚོ་མོ་ལྟ་བུ་གཞན་ཞིག་གདན་དྲོངས་ཞེས་མངགས་ཚོད་ནས་བསམ་སྡིངས་སྤྲུལ་སྐུ་བྱོན་པ་མཆོད་ཡོན་འབྲེལ་ཟབ་ཀྱིས་གྲུབ་མཐའ་འགྱུར་བའི་འགོ་ཚུགས། ལྕགས་ཁྱི་ལོ་དབོན་རིན་པོ་ཆེ་བསོད་ནམས་རབ་བརྟན་ཞ་ལུར་དགེ་ཚུལ་སྒྲུབ་པར་ཕེབས་པའི་སྔ་ནུབ་ལྷ་ཆེན་རྩིས་ཀྱི་མགོན་པོའི་ལས་མཁན་སྲོག་གི་བདག་པོ་གོས་དཀར་གྱི་ཙེ་བེར་དང་དེ་སྟེང་དུ་ཁྲབ་གསོལ་(༣༣བ)


GLG009_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལག་ན་དྲི་ངད་བཟང་པོའི་སྤོས་ཀྱི་ཆུན་པོ་དར་སྐུད་ཀྱིས་བསྡམས་པ་སྤོས་སྐོར་བྱེད་པའི་ཚུལ་གྱིས་འོངས་པ་རྗེས་སུ་གསུང་བགྲོས་ཀྱི་ལྷོངས་ལ་རྨི་ལྟས་དེ་བཞིན་བྱུང་བ་ལ་དཔགས་ན་ཁྱེད་ཚུལ་ཁྲིམས་འགོ་ཐོན་པའི་བཙུན་པ་རྣམ་དག་ཞིག་འོང་བའི་ལྟས་སུ་འདུག་སྩལ།གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཚེ་རབ་ཏུ་བྱུང་བའི་མཚན་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་གསོལ་བ་གནང་སྟེ་ཚིགས་སྔ་མ་དགེ་ཚུལ་གྱི་བར་བསྒྲུབས་ནས་ཤཱཀྱའི་སྲས་སུ་མཛད། ཉེར་མཁོའི་དབང་ལུང་ཐོར་བུ་སྩལ། ཁུ་དབོན་ལྷན་ཅིག་པར་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་མཇལ་བར་སྐོར་ཙམ་ཕེབས། རི་ཕུག་ཏུ་སྟན་ཆགས། བཀྲ་ཤིས་རྩེ་ནས་སྡེ་དགོན་ཚང་མས་ཕེབས་དགོས་ཚུལ་གྱི་སྤྱན་འདྲེན་ཡང་ཡང་བྱུང་བར་བརྟེན་དབོན་རིན་པོ་ཆེ་ཞབས་ཕྱིར་ཁྲིད་དེ་ཡར་ཀླུངས་ཕྱོགས་སུ་ཕེབས། ལོ་འཕྲོས་ཀྱི་རིང་འཆད་ཉན་བྱིན་རླབས་སོགས་སྐྱ་སེར་སོ་སོའི་བློ་དང་འཚམ་པའི་རེ་བ་བཀང་ངོ་། །ཚར་ཆེན་བླ་མས་འབྲལ་མེད་རྗེས་སུ་བཟུང་། །ཟབ་ལུང་གཏེར་སྲུང་གཞི་བདག་བསུ་བར་འོངས། །བཀའ་འདུས་བསྒྲུབས་ཚེ་གུ་རུས་དངོས་བྱིན་བརླབས། །འཇམ་མགོན་མཁྱེན་བརྩེའི་ནུས་པས་བགེགས་དཔུང་བཟློག །གཟུགས་རྣམས་ལྷ་དང་སྒྲར་གྲགས་སྔགས་ཀྱི་གདངས། །བཟང་ངན་གང་ཤར་བདེ་སྟོང་ཆོས་སྐུའི་དབྱིངས། །སྣང་བརྙན་བཞིན་རས་ལ་ཆགས་ཆུ་སྐྱེས་ཀྱི། །འདབ་མའི་མིག་ཟུར་འཛུམ་པས་རྒོད་དོ་སྙམ། །གླགས་ལྟ་དམ་སྲིའི་གཟུགས་ཕུང་འདམ་ལྟ་བུ། ཁྲག་འཐུང་པདྨའི་སྟང་སྟབས་འགྲོས་ཀྱིས་བརྫིས། །ཚེ་ཆུ་ཁོལ་བའི་གཟེགས་མ་ཕྱོགས་བརྒྱར་འཕྲོ། དབྱེར་(༣༤ན)


GLG009_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྩ་གསུམ་མ་འདྲེས་སོ་སོར་གཟིགས། །ཕ་རྒོད་བླ་མའི་གདན་སར་ཆོས་འཁོར་བསྐོར། །སེ་དཀར་ས་སྤྱོད་གཙུག་གིས་ཞབས་པད་བཏེག །ཚར་ཆེན་ཡབ་སྲས་སྐུ་ཡི་དག་སྣང་དུ། །བྱིན་རླབས་མངོན་སུམ་བདེ་དྲོད་ཆེས་ཆེར་འབར། །བློ་འདས་གདོད་མའི་མགོན་པོ་ཚར་པ་རྗེ། །བློ་གསལ་རྒྱ་མཚོའི་དེད་དཔོན་འཁྲུངས་གནས་དེར། །བློ་སྟོབས་ནུས་པའི་དབང་ཕྱུག་གནོད་སྦྱིན་ཆེས། །བློ་ཆེན་གཙུག་རྒྱན་ཁྱོད་ལ་འདུད་ཕྱིར་འབྲངས། །མཉན་ཡོད་བྱ་གཤོངས་ལུང་བསྟན་ངོ་མཚར་རྙེད། །ལྷ་མཆོག་འདོད་ཁམས་དབང་མོ་དགྱེས་ཞལ་འཛུམ། །བརྩེ་ཆེན་ཐུགས་རྗེའི་དྭངས་མཚོར་ཀྱེ་རྡོ་རྗེ། །འཇམ་དཔལ་དུས་དགྲའི་སྣང་བརྙན་ཅི་ཡང་ཤར། །མཁའ་མཉམ་འགྲོ་ཀུན་མར་ཤེས་ཀྱིས་དྲངས་པའི། །བྱང་ཆུབ་སེམས་ཆུས་ཐུགས་རྒྱུད་རབ་གཤེར་ཡང་། །ཡུམ་ལ་མཆེད་བརྩོན་སྲི་ཞུས་ཡིད་ཅན་འགྲོ། །མི་གཏོང་དམ་བཅར་ངེས་རྙེད་འདྲེན་པ་བཞིན། །ཡེ་ཤེས་སྒྱུ་འཕྲུལ་ལུས་ཕྲ་མི་མོའི་གཟུགས། །བསྒྱུར་བ་གཞན་ངོར་བླ་མས་ལམ་སྟོན་གྱི། །ཟོལ་ལས་ཀུ་ལུ་ཏ་ཞིང་མཁའ་འགྲོ་མའི། །ཚོགས་ཀྱི་སློབ་དཔོན་མཛད་ལ་རིངས་སམ་སྙམ། །རང་གཞན་ཕྱོགས་སུ་ལྷུངས་པའི་ཀུན་རྟོག་རྣམས། །རང་སེམས་འཁོར་འདས་དབྱེར་མེད་ཀློང་གྲོལ་ཡང་། །རང་ལུགས་བསྟན་པའི་སྲོག་རྩ་རབ་འཛིན་པའི། །རང་རིགས་ཤཱཀྱའི་སྲས་སུ་ལེགས་པར་བསྐྲུན། །ཆུ་བྱི་ཤར་ནས་དབུས་གཙང་གི་སྡེ་དཔོན་ཕལ་ཆེར་མདུན་མ་གཅིག་ཏུ་དྲིལ་ཏེ་གཙང་སྐུར་གཉིས་ཀྱི་ཐོག་ཏུ་ངན་གྲ་བསྒྲིགས་པར་གྲགས་ཤིང་ལ་ལ་གཙང་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱིས་རྩེ་ཆེན་གྲང་ཆེན་པར་དེ་འདྲ་རྩོམས་(༣༤བ)


GLG009_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་པར་ངན་བསླབ་མཛད་པའི་འཕུང་བཤིག་སྦྱོར་ངན་ཡིན་འདྲ་ཟེར་བ་གང་ལྟར་ནའང་སྣེའུ་སྡོང་རྩེ་ནས་དབུ་མཛད་ལྷ་བྱ་ཡར་རྒྱབ་འཕྱོང་རྒྱས་འབོག་མདོང་སོགས་སྡེ་དཔོན་རགས་བསྡུས་ཐུགས་རྩེ་གཅིག་པའི་བདེ་གཟར་ལངས་པར་བཀྲ་ཤིས་རྩེ་པ་དཔོན་གཡོག་ཡར་སྟོད་ཀྱི་དམག་ཕྱི་འབྲངས་ཟིན་རྗེས་སྡེ་པ་དངོས་གྲུབ་རྡོ་རྗེ་གློ་བུར་དུ་ང་དགེ་སློང་རྒན་པོ་ལྕགས་ཀྱི་ཆོས་གོས་གྱོན་པ་ཡིན་ཞེས་རྫོང་ནས་ཆས་ཏེ་མར་ལམ་ཆོས་སྡེར་བྱོན་པ་རྡོ་རྗེ་འཆང་གིས་སྐུ་ན་དང་སྐུ་རྟེན་གང་ས་ནས་འབྱོན་པ་མི་འགབ་གལ་ཏེ་ཕེབས་ན་གསོལ་གོ་མ་མཆོད་གསུངས་པར་དངོས་ལན་མེད་པའི་རྡོ་རྗེ་ཕག་མོ་མཁྱེན་ཞེས་གཡས་ཆུང་གི་རྣམ་པ་མཛད། དམག་རྟ་བཟང་ཤོས་རྣམས་སོང་ཟིན་པའི་གསར་མ་ཤིན་ཏུ་རྒན་པ་ཞིག་ལ་རྟ་གོ་སྤྲད་སྡེ་པ་རང་གསོལ་གོ་བཟབས་སྤྲོད་དང་བཅས་ཆོས་སྡེའི་འགག་ཏུ་རྟ་ལ་ཆིབས་པ་དང་ལྷན་དུ་བླ་མ་ལྐུགས་པ་དམག་ལ་འགྲོ་བར་གོ་ཆ་མ་གྱོན་ཞེས་ཆིག་ལབ་དང་བཅས་བྱོན་པར་སྨོན་མཁར་རི་ཟུར་དུ་གཡུལ་བུབ་སྐབས་གོ་ཆ་མེད་ན་བྲོས་པས་ཐར་རྒྱུར་རྟས་གོ་ཆ་མ་ཐེག་པའི་ཡུར་པོར་འགྱེལ་ཐོག་རྒྱ་རི་བའི་དམག་གིས་དེད་ནས་དབུ་ཤོར་བ་ནི་བར་བར་གྲུབ་མཐའ་བོ་དོང་བར་འགྱུར་ནས་འཕྱོས་མདར་དགོན་པ་བཏབ་པ་སོགས་ལ་བརྟེན་རིགས་འཛིན་ཡོངས་འདུས་ཀྱི་སྤྱི་ལུང་གསང་བའི་གལ་མདོ་ལས། གླང་རིའི་མདུན་ངོས་གདུག་པའི་རི་གསུམ་ལ༔ ཐུགས་ལྷ་རིགས་གསུམ་བཞེང་ཞིང་མནན་གཟིར་འབད༔ ཆོས་ཀྱི་གྲ་འབྱུང་དམ་ཚིག་མ་གཙང་ན༔ ཕོ་བདུད་ཐུགས་འཁྲུགས་ཉེར་གཅིག་གྲི་རུ་འཆི༔ ཞེས་བཀྲ་ཤིས་ཆོས་སྡེའི་རྒྱབ་རི་ལ་སྦལ་སྡིག་སོགས་སྲོག་ཆགས་མ་རུངས་པའི་དབྱིབས་ཅན་གྱི་(༣༥ན)


GLG009_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

རི་སྦོག་གསུམ་ཡོད་འདུག་པ་དང་ཕོ་བདུད་ཀྱི་གཙོ་བོ་ལེགས་ལྡན་གུར་གྱི་མགོན་པོ་ཡིན་པས་མགོན་པོའི་བཀའ་ཆད་བྱུང་བར་གླེང་། གཙང་དཔུང་ཡང་གཡས་རུ་བྱང་ཕྱོགས་ཀྱི་བདེ་གཟར་རྩ་བ་མ་ཆོད་པས་འགོར་གཞི་ཆེ་ཞིང་དྲུང་པ་རྒྱལ་ཚབ་པས་བཤོལ་བ་མ་གཏོགས་ཡར་སྟོད་སྡེ་པ་ཁྲི་པས་ལྷུན་པོ་སྒང་བསྐྱུར་ནས་དྭགས་པོར་འབྲོས་རྩིས་མཛད་པ་སོགས་སྐུ་རབ་པ་ཕྱོགས་གཏོགས་དམིགས་པ་མེད་པའི་དབྱིངས་སུ་རྒྱས་འདེབས་པར་ཉེ་བའི་གྲུལ་དྲག་པོའི་སྐབས་སྡེ་པ་མ་ཆན་གྲོངས་པ་ཙམ་ལས་བཀྲ་ཤིས་རྩེའི་སྡེ་དགོན་བྱིངས་ལ་འཕོ་འགྱུར་སོགས་ཉེས་སྐྱོན་ཆེར་མི་འབྱུང་བ་དམ་པ་འདིའི་གཟི་བྱིན་དང་ཐུགས་རྗེ་ཁོ་ནའོ། །ལོ་སྔ་རྟིང་ཚོར་འབྲུམ་ནག་མཆེད་དྲགས་པའི་ཁྱབ་བདག་སྨན་ལུང་པ་བློ་མཆོག་རྡོ་རྗེ་སྐུ་འབྲུམ་མ་ཐར་བར་རྗེ་འདི་ཉིད་ཀྱིས་སྲུང་བ་དང་བྱིན་རླབས་གནང་ཞིང་ཨོ་ལོ་རང་སྐྱོན་མི་ཡོངས་ཞེས་ཞལ་རྩིས་བཞེས། དེ་རྗེས་ཚེར་མ་ཅན་གྱི་ནད་ཁ་ཡར་བྱུང་བ་ཡང་ཐུགས་འཛེམ་ཆེར་མ་ཐུབ་ཅིང་། ལྷག་པར་མེ་བྱི་ལོ་ཤེལ་བྲག་ཏུ་འབྲུམ་ཡོལ་མཛད་དུས་སྣེའུ་སྡོང་རྩེ་ནས་ལོ་གསར་འཕྲོས་གཏམ་ལ་འཕྲལ་དུ་གདན་འདྲེན་གྱི་སྐུ་དབང་བེད་སྤྱོད་ལྟ་བུ་བྱུང་སྐབས་ཕེབས་ལམ་དུ་ཐོར་བས་ཤི་བའི་ཕུང་པོ་དང་འཛོམ་པས་ཐུགས་ཡ་ང་བ་བྱུང་བར་ཕྱིས་སུ་ཁོ་བོ་ཚེར་མ་ཅན་གྱི་ནད་མ་འགོས་པའི་ངང་དུ་སོང་བ་བླ་མ་དམ་པ་དེ་ཉིད་ཀྱི་བྱིན་རླབས་ཞུགས་པའི་བཀའ་དྲིན་ཡིན་ཡང་ཡང་གསུང་། ཆོས་ཀྱི་རྒྱལ་པོ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱི་ཐུགས་སྲས་རིགས་འཛིན་ངག་གི་དབང་པོ་ཞེས་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་སྤྲུལ་བའི་ཟློས་གར་དེ་ཉིད་རྒྱལ་ཁམས་ཕྱོགས་མེད་ཀྱི་གདུལ་བྱའི་རེ་བ་(༣༥བ)


GLG009_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

སྐོང་བའི་བར་ཁམས་སྟོད་སྨད་དང་རྒྱ་ཡུལ་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་བསྐྱོད་པའི་ཕེབས་ཞོར་དུ་བཀྲ་ཤིས་ཆོས་སྡེར་སྤྱན་དྲངས་པ་དཔོན་སློབ་ཐུགས་ཡིད་གཅིག་འདྲེས་སུ་གྱུར། དྲག་པོ་དབུ་དགུ་ཡེ་ཤེས་འོད་མཆོག་གི་དབང་ལུང་སོགས་ཟབ་ཆོས་ཁ་ཡར་འབུལ་བ་གནང་ཞིང་ཚུར་ཡང་ཆོས་ཀྱི་འབྲེལ་པ་ཅི་རིགས་གསན། ཆུ་གླང་བཀྲ་ཤིས་རྩེའི་རྫོང་དུ་བཞུགས་སྐབས་རྗེ་ཉིད་རྡོ་རྗེ་ནག་པོ་གུར་གྱི་མགོན་པོའི་སྐུ་ཤིན་ཏུ་ཆེ་བ་གཟི་བྱིན་ཅན་དུ་གྱུར་པ་བདུད་སྡེའི་གཡུལ་ལས་རྒྱལ་བའི་མཚན་མར་མངོན། བཀྲ་ཤིས་ཆོས་སྡེར་བཞུགས་སྐབས་ཤིག་ཞབས་དྲུང་ནམ་མཁའ་སྔར་གྱི་སྐུའི་ཆ་ལུགས་ཇི་ལྟ་བ། ཡེ་ཤེས་ཌཱ་ཀི་ནེ་གུ་མ་སྨུག་ནག །སུ་ཁ་སིདྡྷི་གཡུའི་མདོག་ཅན། ཁྲོ་བོ་སྟོབས་པོ་ཆེ་རྣམས་ཀྱི་སྐུའི་རྣམ་འགྱུར་གསལ་བར་བསྟན་ཏེ་བྱིན་གྱིས་བརླབས་ཤིང་བར་ཆད་བསྲུང་བ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །མཁན་ཆེན་བསླབ་གསུམ་རྒྱལ་མཚན། ཕ་རྒོད་སྔགས་འཆང་བསོད་ནམས་ཆོས་འཕེལ་བཞི་སྐུ་གཟི་བརྗིད་ཕུན་སུམ་ཚོགས་པ་དགྱེས་པའི་ཞལ་འཛུམ་བག་དང་བཅས་ཏེ་མནལ་ལམ་དུ་བྱུང་ཚུལ་གྱི་བསྙེལ་ཐོ་ཟུར་ཙམ་འདུག་པ་ངེས་དོན་ལ་མངོན་སུམ་དུ་ལྷ་དང་བླ་མ་འདི་དག་གཟིགས་ཤིང་ཆོས་བཤད་ལུང་བསྟན་དབུགས་དབྱུང་སོགས་རྒྱ་ཆེ་བ་ཞིག་ཡོད་འདྲ་ཡང་རྒྱུ་མཚན་ཞིབ་ཏུ་མ་རྟོགས་པས་རང་བཟོའི་རྫུན་ཚིག་གི་མཛེས་རྒྱན་འབྲི་བར་མ་སྤོབས། ཤིང་སྟག་ལོར་ལྷ་བྲག་གཏེར་བྱོན་གྱི་ལྕགས་དོང་མའི་ཚེ་སྒྲུབ་ཞག་ཉེར་གཅིག་གནང་བའི་དུས་འོད་གསལ་དུ་ཚེ་དཔག་མེད་སྤྲུལ་སྐུའི་ཆ་ལུགས་གཞུང་ནས་བཤད་པ་ཇི་ལྟ་བའི་རྣམ་པར་གྱུར་པ་ལན་གཉིས་ཀྱི་བར་དུ་བྱུང་བ་ནི་གར་(༣༦ན)


GLG009_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

དབང་འཆི་མེད་གྲུབ་པས་ལྕགས་ཀྱི་སྲོག་པ་རྩའི་དངོས་གྲུབ་སྩལ་ནས་བྱིན་གྱིས་བརླབས་པར་གདོན་མི་ཟ། ཆོས་སྡེའི་མགོན་ཁང་གི་གཏོར་འཁྲིས་ན་གནོད་སྦྱིན་ཆེན་པོ་བེག་ཙེ་ཕོ་རྐྱང་གི་རྣམ་པར་མདའ་གང་ཙམ་པའི་སྐུ་ཚད་གཏུམ་རྔམ་བརྗིད་བག་དང་ལྡན་པ་ཤིན་ཏུ་གསལ་བ་གཟིགས་པ་ནི་ས་ལུགས་བྱིངས་ལ་ཆོས་སྐྱོང་འདི་ཉིད་གྲགས་ཆུང་ཡང་བླ་མ་གཉན་ལོ་ཙཱ་བ་ཐུགས་གཙིགས་ཆེ་ཞིང་མགོན་པོ་ཞལ་གྱི་ལས་མཁན་དམར་ནག་གཉིས་ཀྱི་དམར་པོ་ཡིན་པས་རྡོ་རྗེ་འཆང་ཚར་པ་ཆོས་རྗེ་ནས་བཟུང་ལུགས་འདིའི་ཆོས་སྲུང་གི་གཙོ་བོ་ཞིག་ཏུ་མཛད་གཤིས་དཔོན་སློབ་སྡེ་དང་བཅས་པ་མཐའ་དག་གཡེལ་མེད་དུ་བསྲུང་བར་དམར་ཟླུམ་གྱི་སྤྱན་ཉི་ཟླ་ལྟར་འཁྱིལ་བའི་བརྡར་མངོན། ལོ་སྔུན་མའི་བདེ་གཟར་རྒྱུན་རིངས་པར་བརྟེན་བསྒྲིགས་ཀུན་སྤྱོད་རྣམས་བག་ཡངས་པ་གྲ་པ་ལ་ཤེས་འཆལ་བའི་སྐྱོན་བྱུང་བ་བསླབ་པ་བསྐྱར་ཞིང་དགེ་འདུན་གྱི་ཁྲིམས་སུ་བཅའ་བ་ལེགས་པར་བསྡམས་པའི་ནུབ་མནལ་ལམ་དུ་ནང་མདོ་སྦུག་བྱས་པའི་སྤྲོ་ས་དེར་ཚར་ཆེན་ཆོས་ཀྱི་རྒྱལ་པོ་བཞུགས་པའི་སྐུ་མདུན་དུ་ཤིང་གཞོང་ཆེན་པོ་རྩམ་པའི་ཕུང་པོས་གང་བ་ཞིག་བཞག་འདུག་པའི་དྲུང་དུ་བྱོན་པ་ན་རྡོ་རིང་རིན་པོ་ཆེའི་དོན་ཡིན་ནམ་གསུང་བ་མནལ་སད་ནས་ཐུགས་བསམ་གནང་ཚེ་བདག་འདི་ཕྱོགས་སུ་སྡོད་འདོད་མེད་ཀྱང་ཆོས་སྡེ་འདིའི་འཛིན་སྐྱོང་སྤེལ་གསུམ་གང་ནུས་སུ་བགྱིས་པ་དང་ཉེ་ལམ་དགེ་འདུན་རྣམས་ཁྲིམས་ལ་བཀོད་པ་སོགས་དོན་དུ་གཉེར་བ་འདི་བླ་མ་ཡབ་སྲས་ཀྱི་བསྟན་པ་ཁའུ་པའི་ཐུགས་སུ་གྲགས་པ་འདི་ལ་བསམས་པ་ཡིན་པས་གསུང་དེའང་དོན་དེའི་ཐོག་ཏུ་འབེབས་པར་འདུག་སྙམ་པ་དགའ་སྤྲོ་དང་མོས་གུས་ཚད་(༣༦བ)


GLG009_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་བྱུང་ཚུལ་མཆིས། དབུས་གཙང་ས་ཁད་འགྱངས་པ་དང་སྐུ་ན་སྨིན་པ་ནས་ཕེབས་འགྲུལ་རྟག་པོ་མ་ཐུབ་པར་བརྟེན་དམར་སེར་ཞེས་པ་མེ་སྦྲུལ་ཧོར་ཟླ་གཉིས་པའི་ཚེས་བཅོ་ལྔ་གཟའ་སྐར་འཕྲོད་སྦྱོར་དགེ་བའི་དུས་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་དམ་པ་ཏོག་དཀར་པོས་རང་གི་ཅོད་པན་མ་ཕམ་པའི་དབུར་བཅིངས་ཏེ་རྒྱལ་ཚབ་ཏུ་བསྐོས་པ་ལྟར་ཆོས་དང་རིགས་ཀྱི་རྒྱལ་བའི་སྲས་དབོན་རིན་པོ་ཆེ་མགོན་པོ་བསོད་ནམས་མཆོག་ལྡན་རྗེ་རྡོ་རྗེ་འཆང་རང་གི་ཆོས་ཀྱི་ཁྲིར་མངའ་གསོལ་ནས་ཡོན་མཆོད་སྐྱ་སེར་མཐའ་དག་གིས་ལེགས་འབུལ་དང་བཅས་ཕུན་སུམ་ཚོགས་པའི་དགའ་སྟོན་རྒྱ་ཆེར་མཛད་དེ་རྗེ་བླ་མ་གཙང་ཕྱོགས་སུ་ཆིབས་ཁ་བསྒྱུར་བའི་རི་ཕུག་ཏུ་ཕེབས། དབྱར་ཁྱབ་བདག་ཞ་ལུ་པ་ཆེན་པོས་ཐོག་དྲངས་པའི་ཁ་ཤས་ལ་བདེ་ཆེན་རལ་གཅིག་གི་རྫོགས་རིམ་སེམས་ཉིད་ངལ་གསོའི་འཁྲིད་སོགས་ཆོས་བཀའ་ཁ་ཡར། དེ་རྗེས་གླང་ཕུ་ཆོས་རྗེ་འཇམ་དབྱངས་ཆོས་སྐྱོང་དབང་ཕྱུག་གིས་གསོལ་བ་བཏབ་པ་ལ་བརྟེན་ནས་ཞ་ལུ་པ་ཆེན་པོ་སོགས་ཆབས་ཅིག་པར་གུར་གྱི་སྲུང་འཁོར་བྲག་རྫོང་མ་ཕྱི་ནང་གསང་གསུམ་གྱི་འཁྲིད། རྣམ་སྲས་ཀྱི་རྗེས་གནང་སྐོར། ལུང་ཁ་ཤས་གནང་། དེ་མུས་ངོར་ནས་མཁན་ཆེན་སྒྲུབ་ཁང་པ་མཁས་གྲུབ་དཔལ་ལྡན་དོན་གྲུབ་ཕེབས་པར་གདུགས་དཀར་ཞེ་གཉིས་མའི་དབང་། གུར་མགོན་གསང་འཁྲིད་སོགས་སྩལ། སྟོན་སྡེབ་གླང་བུ་ནས་ཀྱིས་གཞིས་ཀར་སྤྱན་དྲངས་ཏེ་བྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་སྒོ་ནས་མདོང་སྟོན་ཆོས་སྐྱོང་བསོད་ནམས་ཀྱི་ཕྱག་བཞེས་བཞིན་སྐྱེ་བདུན་རིལ་བུའི་སྒྲུབ་པ་མཛད་པས་དྲིལ་བུ་དབུ་ཙམ་འཕེལ། ཞལ་ངོ་ཚོར་བྲག་རྫོང་(༣༧ན)


GLG009_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནང་གསང་གསུམ་གྱི་འཁྲིད། ཕྱག་ཆེན་ལྷན་སྐྱེས། བླ་མ་རིན་པོ་ཆེ་སྐལ་བཟང་པར་གསན་པ་ངོ་སྤྲོད་རྒྱས་པ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་རྣམ་ཐར་མགུར་འབུམ་སོགས་དབང་ལུང་མང་དུ་སྩལ། དུས་དེར་ཁྱབ་བདག་ཞ་ལུ་པ་ཆེན་པོས་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་དགོས་ཚུལ་ཞུ་བ་གནང་བར་གསོལ་འདེབས་དང་བཅས་པའི་བཀའ་བཞེས་གནང་། ཤངས་བརྒྱ་ཚོ་བས་གདན་དྲངས་དཔྱལ་ཕུར་གྱི་དབང་སོགས་གསུང་ཆོས་རྒྱ་ཆེར་སྩལ།ས་རྟ་ལོ་རི་ཕུག་ཏུ་ཕེབས་ནས་སྐུ་མཚམས་དང་གྲོལ་བའི་སྐབས་མཁན་ཆེན་སྒྲུབ་ཁང་པ་དང་ཁྱབ་བདག་ཞ་ལུ་བ་སོགས་ཁ་ཤས་ལ་དུས་འཁོར་སྡོམ་ཆེན་གྱི་དབང་། གུར་གྱི་རྗེས་གནང་མང་དག་དང་བེའུ་བུམ་རྣམས་ཀྱི་ལུང་རགས་རིམ། མཁན་ཆེན་ཞ་ལུ་པར་རཱ་ལུགས་འཇིགས་བྱེད་བཅུ་གསུམ་མ། འོད་ཟེར་དྲི་མེད། གཙུག་ཏོར་དྲི་མེད། ཕྱག་རྡོར་འགྲོ་བཟང་སོགས་དབང་བྱིན་རླབས་རྗེས་གནང་ལུང་སོགས་མང་དུ་གནང་། དེ་སྐབས་རྗེ་ཞ་ལུ་པས་བདག་འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་གྱི་དུས་ཕྱག་ཕྱིར་ཨེ་ཡོད་ཞུས་པས་ཡོད་གསུང་། རྒྱལ་ཡུམ་གྱི་དུས་ཡོད་དམ་ཞུས་པས་མེད་ཕེབས། མཁན་ཆེན་ཞ་ལུ་པས་རྡོ་རྗེ་བྲག་རྫོང་མའི་ལྗགས་བསྙེན་ཟླ་གཅིག་གནང་སྐབས་ཞལ་འདོན་གནང་རྒྱུའི་སྐུ་བསྟོད་གསོལ་འདེབས་ཤིག་དགོས་ཞེས་ཞུ་བ་གནང་བའི་བཀའ་རྩོམ་གྱི་ཁ་བྱང་དུ་རི་ཕུག་དབུ་མཛད་ཆེན་མོའི་ཐུགས་དམ་ཞེས་པའི་ཕྱག་བྲིས་སྩལ་བ། དེ་དུས་བཙུན་ཆུང་དེ་ལ་རི་ཕུག་གི་བླ་མ་ཡོང་བསམ་པ་རང་གཞན་སུ་ལ་ཡང་མེད་མོད། ཐུགས་མངོན་པར་མཁྱེན་པ་མཆིས་ཞེས་ཡང་ཡང་གསུང་། ས་ལུག་བྲག་(༣༧བ)


GLG009_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

རྫོང་མའི་བསྙེན་མཚམས་ཟླ་བ་བདུན་གྱི་བར་མཛད་པ་ཐེངས་ནས། རྗེ་རྡོ་རྗེ་འཆང་སྟོན་རྒྱབ་ལྕགས་སྟོད་དུ་དབང་བཞི་གྲོལ་ནས་ཞ་ལུར་ཕེབས་འཕྲལ་དོ་ནུབ་ཚོགས་འཁོར་གྱིས་གསུང་། ཞུགས་མེ་བཏང་ཚོགས་ལ་རོལ་སྐབས་འོ་མེ་དེས་ལྷབ་ལྷབ་བྱས་པ་དང་དྲན་བྱུང་མདང་ཐམས་ཅད་མཁྱེན་པ་ཕེབས་བྱུང་བ་དེ་རིང་ཁྱེད་འབྱོན་པ་ལ་ལྟ་བ་འདུག་གསུང་བ་རྗེ་མཁྱེན་བརྩེའི་རང་ལུགས་སྤེལ་བ་ལ་རྣམ་པར་སྤྲུལ་བའི་དབུགས་དབྱུང་དུ་གདའ། ལྕགས་སྤྲེལ་ཡར་ཀླུངས་ནས་ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན་རྡོ་རྗེ་འཆང་གི་སྐུ་གཞོགས་སུ་སྐོར་ཙམ་བྱོན་པའི་ཕེབས་ལམ་དུ་བཞུགས་སྐབས་རྡོ་རྗེ་འཆང་གི་མཚན་ལམ་དུ་རྨོ་མོ་ཚེ་དབང་གིས་དབོན་རིན་པོ་ཆེའི་ཡིན་ཟེར་བའི་ཞུ་ཡིག་དར་སྔོན་པོའི་རྟེན་དང་བཅས་པ་ཕུལ་ནས་ཁོང་འབྱོན་གྱིན་ཡོད་ཞུས་པ་དྲུང་དུ་འབྱོར་བར་ཁ་སང་རྨི་ལམ་ཞིག་བྱུང་བ་ཁྱེད་གློ་བུར་དུ་འབྱོན་པར་ལྟ་བས་ཡ་མཚན་གསུང་། ནུབ་ཅིག་འོད་གསལ་དུ་པཎྜི་ཏའི་ཞུ་ཡིག་ཡིན་ཟེར་བ་ཕྱག་ཏུ་བྱུང་བ་ཅི་ཡིན་ནམ་དགོངས་པར་སང་ཉིན་མཁན་རིན་པོ་ཆེ་ངག་དབང་ཆོས་གྲགས་ཀྱི་ཞུ་ཡིག་འབྱོར་ཞིང་། ནུབ་ཕྱི་མའི་མཚན་ལམ་དུ་མི་ཞིག་ན་རེ་མཁན་ངག་ཆོས་པ་འདི་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱི་སྐྱེ་བ་ཡིན་ཚུལ་བྱུང་བ་བླ་མ་དེ་ཉིད་ཤེས་བྱ་རིག་པའི་གནས་ལྔ་ལ་མཁས་པའི་རྣམ་དཔྱོད་ལ་དཔགས་ན་སྔོན་གྱི་ལོ་པཎ་ཞིག་གི་བག་ཆགས་མཐུ་བརྟས་པར་གདོན་མི་ཟ་སྙམ། ཞབས་དྲུང་དབོན་རིན་པོ་ཆེ་སོགས་ལ་ཟླ་བ་གསུམ་གྱི་བར་མགོན་པོའི་གསང་འཁྲིད་སྨིན་རྒྱས་ཀྱིས་གཙོས་བཀའ་ཆོས་མང་དུ་སྩལ། ཞལ་གདམས་ཤིག་ཞུ་བ་གནང་བར། རང་ཉིད་མགོན་པོར་བྱེད་ན་གནས་ལུགས་སྒོམ། །མགོན་པོ་འབྲལ་(༣༨ན)


GLG009_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

མེད་འདོད་ན་གསང་རྟེན་སྒོམ། །དུས་ཀུན་སྐྱེད་རྫོགས་ཟུང་འཇུག་འབྲལ་མེད་སྒོམ། །སྒོམ་གསུམ་ལྡན་པའི་གདམས་པ་དབོན་ལ་འབུལ། །ཞེས་སྐུ་རྩེད་ཀྱི་ཚུལ་དུ་མཛད། ཉིན་གཅིག་ནམ་མཁའ་ལ་གཟིགས་པར་ཁྱབ་བདག་ཞ་ལུ་པས་ཅི་འདུག་ཞུས་པས་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་ཕྱག་སྡིགས་མཛུབ་དང་བཅས་ཕྱོགས་བཅུར་བསྲུང་བ་མཛད་འདུག་གསུང་བར་བར་སྐབས་ཀྱི་ཞ་ལུའི་བསྟན་པའི་གེགས་བྱེད་རྣམས་བསལ་ནས་ཉམས་གསོས་སོགས་འཕེལ་རྒྱལ་ཡོང་བ་དང་ལྕགས་ལུག་བསྟན་པའི་བྱུར་ཆགས་ཀྱི་ཟལ་མོ་བྲག་སྐུ་སྐྱེར་མཁན་པོའི་སྟ་གོན་གྱི་བདུད་ལས་བཟློག་པའི་ལུང་བསྟན་དུ་སྣང་། རྗེ་རྡོ་རྗེ་འཆང་གིས་མཁན་ཆེན་ཀླུ་སྒྲུབ་ཆོས་ཀྱི་རྒྱལ་མཚན་དང་། དབོན་བཀའ་འགྱུར་བ། མཁན་ཆེན་ཞ་ལུ་པ་སོགས་ལ་གསང་སྔགས་གསར་རྙིང་གི་ཆོས་བཀའ་ཤིན་ཏུ་འཕེལ་བ་གནང་མུར། གཙང་སྡེ་སྲིད་ནས་སྣར་ཐང་། པ་རྣམ་བསམ་སྡིངས། ཐར་པ་སོགས་ཆོས་སྡེ་མང་པོར་ཉམས་གསོས་མཛད་པའི་ཚེ་ཞ་ལུར་ཡང་དེ་དང་ཕྱོགས་མཚུངས་སུ་བྱུང་ཞིང་འཇམ་དབྱངས་བསོད་ནམས་དབང་པོ་གཤེགས་པའི་མཁན་པོ་མེད་པ་དང་འགྲིག་པས་རྡོ་རྗེ་འཆང་ལ་མཁན་པོའི་སྙན་གསན་ཕུལ་བ་བཞིན་གཟའ་ཚེས་ལེགས་པར་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་བཞུགས་ཁྲིའི་སྟེང་ནས་སྐར་འཛིན་དུ་བཙུན་གསར་འགའ་ཞིག་ལ་དགེ་ཚུལ་གྱི་སྡོམ་པ་གནང་བ་ཐོག་ཏུ་ཁེལ་ན་ཐམས་ཅད་མཁྱེན་པ་བུ་སྟོན་ཡབ་སྲས་ཀྱི་རྗེས་སུ་ཚར་ཆེན་དང་ཐམས་ཅད་མཁྱེན་པ་མཁྱེན་བརྩེ་གཉིས་ལས་བཀའ་དྲིན་ཆེ་བ་མ་བྱུང་བའི་རྒྱུན་དང་བཅས་བསྟན་པར་ཕན་པ་འོང་ངེས་ནའང་། ཞ་ལུའི་གྲོས་པ་མང་(༣༨བ)


GLG009_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་རྩེ་གདོང་ཞབས་དྲུང་གིས་གཙོས་པའི་ས་སྐྱ་པའི་རིགས་མི་དགོས་པ་ཞུས་པ་དང་། བདེ་རྒྱས་ནས་སོགས་ཀྱིས་ཁོང་དཔོན་སློབ་ཀྱིས་མཁན་པོ་མཛད་ན་ཆོས་ཕྱོགས་ནས་ཕན་ཐོགས་རུང་གནས་གསར་བ་དུས་ཕྱིས་ཀླུང་རྒྱུག་པོ་མི་འདུག་པས་འཇིག་རྟེན་ན་ས་མི་ཟིན་ཞུས་པས་སྡེ་སྲིད་ཐུགས་འགྱུར་ཏེ་ཞ་ལུ་སྐུ་ཞང་ལ་སྐོ་བཞག་མཛད་པ་ལེགས་བཤད་རིན་པོ་ཆེར། བློ་ཆུང་ཞིག་གིས་ཕན་བཏགས་པ། ནམ་ཞིག་གནོད་པ་ཆེན་པོར་འགྱུར་གྱི་དོན་དུ་སོང་། གཞིས་རྐྱང་མགྲོན་རྐྱང་གི་རྣམ་པར་སྡེ་སྲིད་ནས་ལྕགས་མོ་བྱ་ལོ་ཧོར་ཟླ་དྲུག་པའི་དུས་ཚེས་དགེ་བར་རི་ཕུག་དབུ་མཛད་དུ་བསྐྱར་བསྐོ་མཛད། ཞབས་དྲུང་དབོན་རིན་པོ་ཆེས་ཐོག་དྲངས་པ་ཁ་ཤས་ལ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་སྒྲུབ་ཆེན་དང་འབྲེལ་བའི་དབང་གནང་། དེ་རྗེས་རྗེ་བཀའ་འགྱུར་བ་ཡར་ཀླུངས་སུ་ཕེབས། ལུགས་འདི་ལ་ཀྱེ་རྡོ་རྗེའི་སྒོ་ནས་བདུད་རྩི་རིལ་བུ་སྒྲུབ་པར་བླ་མ་སྔོན་མས་རྗེས་མ་ལ་སྒྲུབས་ཤིག་པའི་གནང་བ་སྩལ་བ་ཞིག་དགོས་པ་ལ་རྗེས་སུ་དེ་འདྲའི་པར་བཀབ་མ་བྱུང་ཞེས་ལུགས་སྲོལ་དར་བ་མི་འདུག་རུང་པདྨ་ཡང་གསང་ཁྲོས་པའི་སྒོ་ནས་སྒྲུབ་པ་གནང་བར་རིལ་བུ་མང་དུ་འཕེལ་བ་སོགས་བྱིན་རླབས་ཀྱི་ཚན་ཁ་ཆེ། ཆུ་བྱི་ཁྱབ་བདག་བཀའ་འགྱུར་བས་བསྙེན་རྫོགས་ཀྱི་བསླབ་སྟོན་ཞུ་བར་སྐུ་ཞབས་སུ་ཕེབས། ཞ་ལུར་བཞུགས་མུར་རྗེ་རྡོ་རྗེ་འཆང་སྔགས་འཆང་དགོན་པ་སྤྱི་ལུང་པས་གདན་དྲངས། ཐུགས་རྗེ་ཆེན་པོ་ཉོན་མོངས་རང་གྲོལ་གྱི་སྒོ་ནས་སྐྱེ་བདུན་རིལ་སྒྲུབ་གནང་བས་འཕེལ་ཁ་ཆེ་བ་མི་དགེ་བཅུ་དང་མཚམས་མེད་ལྔར་སྤྱོད་པ་སོགས་ཀྱི་ལྟོར་སོང་ཡང་ངན་སོང་གི་གནས་ལས་ཐར་ཞིང་(༣༩ན)


GLG009_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་མྱོང་གྲོལ་སྐྱེ་བ་བདུན་པའི་དམ་རྫས་ཀྱིས་འགྲོ་བ་མཐའ་དག་གི་དོན་རྒྱ་ཆེར་མཛད་ཅིང་། ཡང་འུག་གཉིས་ཀྱིས་གཙོས་པའི་གཞིས་རྩེ་སྐོར་གྱི་སྔགས་པ། སྒྱི་ལུང་ཡབ་སྲས་ཀྱིས་དབུས་པའི་ཞ་ལུ་ཚོང་འདུས་ཀྱི་སྔགས་པ། རྗེ་དབོན་བཀའ་འགྱུར་བ་དང་ཁྱབ་བདག་ཞ་ལུ་པ་སོགས་དོན་གཉེར་ཅན་མང་པོར་བཀའ་བརྒྱད་བདེ་འདུས་ཀྱི་སྒྲུབ་དབང་གནང་། ངོར་དུ་ཚིགས་ཕྱི་མ་གསན་ཏེ། ཞ་ལུར་དྲུང་དུ་ཕེབས་རྡོ་རྗེ་འཆང་སྡེ་པ་ཁྲི་ཁང་པའི་དཔོན་ས་གདོན་དྲག་ཤུལ་ཅན་གྱིས་གཙེས་ཏེ་མི་འཚོ་བར་ཐུག་པ་སྨན་པ་དང་སྔགས་པ་ནུས་པ་ཅན་གྱིས་བོར་ཞིང་། སྨན་པས་ད་དུང་བླ་མ་བྱིན་རླབས་ཅན་འདྲ་གདན་འདྲེན་ཐུབ་ན་བདེ་བའང་སྲིད། ཅེས་གླེང་བ་ལྟར་རྗེ་འདི་ཉིད་སྤྱན་དྲངས། རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་བྱིན་རླབས་གནང་བའི་མོད་ལ་ནད་ལས་གྲོལ་པས་ཕྱོགས་ལྷུང་དྲག་པོའི་གདོན་གྱིས་ཟིན་པ་རྣམས་ཀྱང་ཡ་མཚན་དུ་འཛིན་ཏོ། །རིན་ལྡིང་གི་སློབ་དཔོན་དུ་མཁན་ཆེན་ཞ་ལུ་པ་འབྱོན་གདོང་གདན་བཟོས་གནང་བྱིན་བཀྲ་ཤིས་ཕྱག་ནས་རྒྱས་པར་གནང་བའི་གཤམ་དུ། བལྟས་པ་ཙམ་གྱིས་ཁམས་གསུམ་དབང་དུ་སྡུད། །ཅེས་སོགས་གསུངས་ནས་མཇུག་ཏུ་རྙིང་མ་ཞིག་བྱུང་སོང་ངོ་ཨང་གསུང་། རིན་ལྡིང་ནས་རྗེ་ཞ་ལུ་པས་མཇལ་བར་ཕེབས་པར་རིག་འཛིན་ཆེན་པོའི་བཀའ་འདུས་དང་དྲག་པོ་དབུ་དགུའི་དབང་གནང་།ངོར་ནས་རིན་པོ་ཆེ་སྒྲུབ་ཁང་ནས་མཇལ་བར་ཕེབས་ཏེ་བཀའ་ཆོས་དང་གསུང་གླེང་འཕེལ་བར་བྱུང་། ཕ་རྒོད་རྡོ་རྗེ་འཆང་དགོན་གསར་བའི་དགོངས་བསྟད་ཀྱི་ཕེབས་སྒོ་ལྟར་གཙང་སྡེ་སྲིད་ཀྱི་བཀའ་ཤོག །སྡེ་པ་འདར་(༣༩བ)


GLG009_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡོན་མཆོད་ཀྱི་སྙན་འབུལ་དང་བསྟུན་ཆུ་ཕག་མགོ་ཟླ་བའི་དུས་ཚེས་དགེ་བར་བསྟན་པའི་བདག་པོ་ཚར་པ་ཆོས་རྗེ་ཡབ་སྲས་ཀྱི་གདན་ས་འདར་སྟོད་ཆོས་འཁོར་ཡང་རྩེའི་སེང་ཁྲིར་ཕེབས་ནས་ཕྱོགས་དེའི་སྐྱེ་རྒུ་ཀུན་ལ་འཁོར་ལོ་རྣམ་པ་གསུམ་གྱི་སྒོ་དང་པོ་ཕྱེ། དབུས་གཙང་ས་ཁད་འགྱངས་པའི་གཤིས་མཁན་རིན་པོ་ཆེ་གཞོན་ནུ་བློ་གྲོས་ཀྱི་པུར་སྦྱངས་ལ་སྐུ་དངོས་ཕེབས་མ་ཐུབ་པར་ཞབས་དྲུང་དབོན་རིན་པོ་ཆེ་རྫོང་བདའ་གནང་། དུས་ཤིག་ཞལ་དཀར་གྱི་གསོལ་ཇ་བོ་བས་ཕྱག་ཚིག་ནས་སར་ལྷུང་བ་དཀར་འཁྱིལ་འཁྱིལ་འཁོར་བ་ལས་གས་ཆག་ཡེ་མ་བྱུང་བ་ཕྱིས་སུའང་ཡོད་པར་སྣང་། འདར་བཀྲ་ཤིས་སྡིངས་པ་ཞེས་པའི་སྔགས་པ་ཡོན་ཏན་ཅན་དུ་བྱེད་པ་ཞིག་ལ་སྡེ་པ་བསམ་གྲུབ་པའི་གཡོག་གིས་གནོད་པ་ཆེར་བྱས་པར་བརྟེན་སྔགས་པ་འཆི་ཁར་ལོག་པའི་སྨོན་ལམ་མཚམས་སྦྱོར་གྱིས་འབྱུང་པོ་ཆེན་པོར་སྐྱེས་ཏེ་ལོ་གསུམ་གྱི་བར་སེར་བས་ལོ་མི་སྐྱེ་བའི་ཆོས་ཅན་དུ་བྱས་ཕ་ཡུལ་མི་རྣམས་དབུལ་འཕོངས་དང་འཇིགས་སྐྲག་ཕན་ཚུན་དུ་འགྲན་པར་ཐབས་མ་རྙེད་པའི་ཚེ་རྗེ་འདི་ཉིད་ཀྱིས་བྱང་བུ་བཞུ་བ་གནང་བས་སྔགས་པ་འཁོར་བ་མཐའ་ཅན་དུ་གྱུར་ཅིང་ལུང་པའི་མི་རྣམས་བདེ་སྐྱིད་ལ་བཀོད། ཀོང་པོ་དུང་མཚོ་རྒྱལ་མཚན་གྱི་གཉེར་པ་དང་བླ་བྲང་པའི་རྟ་རྫི་ཐུག་འཕྲད་བྱུང་བ་གཉེར་པ་རྐྱེན་ལམ་དུ་སོང་བས་ཚོང་པ་རྣམས་ཀྱིས་གཟིམས་ཁང་ནང་དུ་འཚངས་པ་སོགས་ཐུགས་བསུན་ཆེར་བཟོས། སྟོང་ལ་སྤུ་གནག་མང་པོ་གནང་ཡང་དགོན་པར་མཚོན་རྩེ་བསྟད་པ་སོགས་ལ་བརྟེན་མར་ལམ་ཕྱུགས་ནད་ཀྱིས་ཤི། དྲེའུ་ལའང་དྲེལ་ནད་ཀྱིས་གོད་ཁ་ཆེ་བར་འདྲེ་མཐོང་བ་ཞིག་གིས་གྲང་མོ་ཆེ་ནས་ཡིན་ཟེར་བའི་ལྕགས་ཀྱི་ཨ་ཙ་ར་གཉིས་ཚོང་དཔོན་(༤༠ན)


GLG009_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

དང་འགྲོགས་ནས་འདུག་ལབས་པར་དོགས་པ་སྐྱེས་ཏེ་གསང་ཐབས་ཀྱིས་འདར་དང་བཀྲ་ཤིས་རྩེར་མང་ཇ་བསྐོལ་འདུག་རུང་སྐོར་ཐེངས་དེ་གའི་ཡར་ལམ་ང་ལ་གྲང་མོ་ཆེ་ནས་འབོད་མི་བྱུང་ཟེར་བ་སོགས་རིག་པ་མ་ཟིན་པའི་འཆལ་འཆོལ་སྣ་ཚོགས་པ་སྨྲ་བཞིན་པའི་ངང་ལ་འདས་པའི་སྐད་ཆ་གསན་པས་ཐུགས་སྙིང་རྗེ་ཆེན་པོའི་སྒོ་ནས་སྐྱབས་འཇུག་གནང་། ཐེངས་ཤིག་མནལ་ལམ་དུ་བླ་མ་རིན་པོ་ཆེ་བསོད་ནམས་ཆོས་འཕེལ་ཕེབས་ནས་འདར་པའི་སྡེ་པ་འདི་ཚོ་ལ་སྐྱབས་འོག་བྱེད་མཁན་མི་འདུག་པས་ཁྱེད་ཀྱིས་མཛད་དགོས་གསུང་བ་ཞིག་བྱུང་བ་ལྟར་ཆེད་དུ་གཉེར་བའི་སྲུང་བ་རྡོ་རྗེའི་ར་ཕུར་དུ་ཆུད་པ་གནང་། དེའི་རྒྱུ་མཚན་ཡང་སྔར་བདག་པོ་སྔགས་འཆང་ཆེན་པོས་ཚར་ཆེན་ལ་ངེད་རང་གཉིས་མཐུ་འགྲན་གསུངས་པར་ཁོ་བོ་རྨི་ལམ་ཙམ་དུའང་ས་སྐྱ་པར་མཐུ་མི་བྱེད་ཞུས་ཀྱང་མ་གསན་པར་དེས་ན་འདར་གདོང་གཉིས་ལ་ཐུག་པས་ངེད་ཀྱིས་གདོང་དགའ་བར་ལས་སྦྱོར་བྱེད། དེ་ནས་སྲུང་འཁོར་མཛོད། འདར་ལ་ཡང་དེ་དང་དབྱིབས་མཚུངས་ཚུལ་གྱི་ཞལ་ཁྱད་སྤར་བས་ཚར་ཆེན་ཆོས་ཀྱི་རྒྱལ་པོས་དགུན་འཁྱགས་པ་ཆོམ་ཆོམ་ལ་གདོང་དགའ་བར་ཐོག་དབབ་པ་དང་རིན་པོ་ཆེ་དགོན་གསར་བའི་ཞལ་ཆེམས་སུ་གདོང་དགའ་བའི་མི་རྩ་མ་ཆོད་བར་དུ་ཁོ་བོའི་པུར་དེ་ཕྱོགས་སུ་ཁ་བསྟད་ལ་ཞོག་གསུངས་པ་ལྟར་གདན་ས་ནས་ཀྱང་འདར་ཕྱོགས་ལ་གཏོར་བསྐུལ་འདྲ་གནང་ཚོད་ནས་ཉེར་འཚེ་བྱུང་དོགས་ལ་དགོངས་པར་འདུག །སྐབས་ཤིག་ཀུ་རུ་ཀུལླེའི་རྗེས་གནང་སྩལ་དུས་ཆར་ཆེར་བབས་ཤིང་ཚོགས་བདག་གི་ཚེ་ཇ་གཏོས་ཅན་འབུལ་མི་བྱུང་།ཤིང་ཕོ་(༤༠བ)


GLG009_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

བྱི་བའི་ལོ་བཀྲ་ཤིས་རྩེ་ཆོས་སྡེའི་ཐུགས་བྲེལ་རྣམས་ཆོད་ནས་ལམ་འབྲས་བླ་བརྒྱུད་ཞལ་ཐང་ལ་ཕྱག་ནས་ཞུ་བ་སོགས་དང་བཅས་འདར་དུ་ཕེབས། ཆུ་ཤེལ་གྱི་དབང་པོ་ནག་པས་ཉ་བའི་དུས་ཚེས་དགེ་བར་ཆོས་ཀྱི་རྒྱལ་ཚབ་དང་རིགས་ཀྱི་དབོན་མཁས་བཙུན་རྒྱ་མཚོའི་འཇུག་ངོགས་རྗེ་བཙུན་དམ་པ་མགོན་པོ་བསོད་ནམས་མཆོག་ལྡན། ཁའུ་བྲག་རྫོང་པའི་བསྟན་པའི་གསལ་བྱེད་ཆེན་པོ་གླང་ཕུ་ཆོས་རྗེ་འཇམ་དབྱངས་ཆོས་སྐྱོང་དབང་ཕྱུག །སྐྱིད་གཤོངས་ཆོས་རྗེ་མཁན་མང་ཐོས་གྲགས་པ་རྣམ་རྒྱལ་གསུམ་གྱིས་ཐོག་དྲངས་སྣོད་ལྡན་གྱི་སློབ་མ་ཉེར་གསུམ་ལ་རྗེ་ཚར་ཆེན་གྱི་གསུང་མགུར་ལས། གདམས་ངག་མཁའ་འགྲོ་ཡི་སྙན་བརྒྱུད། །གསུང་ངག་ཡིད་བཞིན་གྱི་ནོར་བུ། །ཉམས་ལེན་ཕྱོགས་རེ་ཙམ་མ་ཡིན། །བསྟན་པ་ཡོངས་རྫོགས་ཀྱི་ཉམས་ལེན། །ཞེས་པའི་དོན་བཞིན་རྗེ་བཙུན་རྡོ་རྗེ་བདག་མེད་མའི་མན་ངག་གི་རྫིངས་ལ་བརྟེན་ཤྲཱི་ནཱ་ལནྡའི་མཁན་པོ་དཔལ་ལྡན་ཆོས་སྐྱོང་སྐུ་བཞི་ཡེ་ཤེས་ལྔའི་རིན་པོ་ཆེའི་གླིང་དུ་བགྲོད་པའི་རྡོ་རྗེ་ཐེག་པའི་ལམ་པོ་ཆེ། འཇིག་རྟེན་གྱི་མིག་གཅིག་པུ་བླ་ཆེན་འབྲོག་མིའི་ཟབ་ཆོས། ས་སྐྱ་པའི་འཇམ་མགོན་རིམ་པར་བྱོན་པའི་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་ནང་ནས་ཀྱང་སློབ་བུ་མཆོག་ལ་སྟོན་པ་ལམ་འབྲས་སློབ་བཤད་ཀྱི་སྣང་གསུམ་ལ་ཟླ་བ་ཕྱེད་གཉིས། དེ་རྗེས་སེམས་བསྐྱེད། ལྗགས་བསྙེན་ཁ་གསོས་བདུན་གཅིག་གི་རིང་སློབ་མ་རྣམས་ཀྱི་བསག་སྦྱང་། རྒྱུ་དབང་གི་དུས་ཕྱོགས་འདུས་དང་བཅས་པའི་དབང་ཆ་མང་པོ། ལྟ་བ་འཁོར་འདས་དབྱེར་མེད། ཕྱི་དཀྱིལ་རང་ལུས་དཀྱིལ་གྱི་སེམས་འཛིན། དབང་ཕྱི་མ་གསུམ་སོགས་སོ་སོར་ལམ་ལྟག་གྲུབ་(༤༡ན)


GLG009_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ། འདའ་ཁ་མ། སྒྱུ་ལུས། འོད་གསལ། རྨི་ལམ་དང་བཅས་པའི་ཉམས་འཁྲིད་དབང་བྱིན་རླབས་སོགས་ཆ་ཚང་བར་ཁྱོན་བསྡོམས་ཟླ་བ་ཕྱེད་བརྒྱད་ལ་སྨིན་རྒྱས་སུ་གནང་བ་ནི་ཚར་ཆེན་གྱི་གསུང་མགུར་དུ། ཉམས་ལེན་གདམས་པའི་གཙོ་བོ་ནི། །རྒྱལ་ཡུམ་བདག་མེད་མཁའ་འགྲོ་ལ། །པཎ་གྲུབ་དབང་པོ་བི་རཱུ་པས། །ནོས་པ་ནས་བཟུང་ད་ལྟའི་བར། །རྩ་བའི་བླ་མ་ཡན་ཆོད་དུ། །དབང་བཞིའི་ཆུ་བོ་མ་ནུབ་པའི། །བླ་མའི་གསུང་ངག་བདུད་རྩིའི་རྒྱུན། །ཚད་མ་བཞི་ལྡན་དབང་བཞིའི་ལས། །རྡོ་རྗེ་ཐེག་པའི་སྙིང་པོ་ཡིན། །ཞེས་གསང་སྔགས་ཀྱི་ཡང་སྙིང་ཚད་མ་བཞི་ལྡན་གྱི་སྙན་བརྒྱུད་ལེགས་པར་གདམས། རིན་ལྡིང་ནས་ཞ་ལུ་པ་ཆེན་པོ་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱིས་རྡོ་རྗེ་འཆང་ལ་ཞུ་ཡིག་ཏུ་ལོ་འདི་བཞུགས་ཀྱི་བཀའ་བཞེས་བློ་བདེ་བ་ཞིག་དགོས་ཞུ་བ་གནང་བའི་ཚེ་སྤྱིར་བསྟན་པ་དང་སྒོས་ཁྱེད་རང་ལ་བསམས་ལོ་ལྔ་སྡོད་པའི་མཉམ་གཞག་བརྟན་པོ་བྱེད་ཅེས་པའི་ཞུ་ལན་སྩལ་ལོ། །ལེགས་འདོད་གཡོ་སྒྱུས་ལོག་པའི་ལམ་འཁྲིད་མགྲིན། །ལེགས་ལྡན་གྲི་གུག་འབར་བས་ཉེར་གཏུབས་ཀྱང་། །ལེགས་ཚོགས་ཀུན་འབྱུང་རྡོ་རྗེ་འཛིན་ཁྱོད་ཀྱིས། །ལེགས་པའི་མདུང་རྩེ་བདེ་ཆེན་གནས་སུ་བསྐྱལ། །པད་འབྱུང་ཁྲོས་པའི་མཐར་ཐུག་དབུ་དགུ་པ། །པད་འབྱུང་བསྟན་པའི་ཉིན་བྱེད་བྱང་པ་རྗེས། །པད་འབྱུང་ཟབ་གཏེར་བདག་པོ་ཁྱོད་ཉིད་ཀྱིས། །པད་འབྱུང་དགོངས་པ་སྐོང་སླད་ཆེད་དུ་གདམས། །རྩ་གསུམ་འཁོར་ལོའི་སྣང་བ་ཟད་མི་ཤེས། །གཅིག་ལས་དུ་མར་བསྒྱུར་བའི་སྣ་ཚོགས་འཕྲུལ། །ཚུར་མཐོང་བྱིས་བློ་བྲིད་མོད་ངེས་དོན་དུ། །ཆུ་དང་རླབས་འཕྲེང་དབྱེ་བ་གང་གིས་(༤༡བ)


GLG009_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད། །གར་དབང་འཆི་མེད་གྲུབ་པས་ལྕགས་སྲོག་རྩ། །བདུད་རྩིའི་འོད་འཕྲོ་ཚངས་བུག་ནས་བཅུག་ཚེ། །ལྔ་པའི་ཞགས་པ་འཕེན་པའི་དཀའ་ཐུབ་ཅན། །ཉི་མའི་བུ་དེ་ངལ་བའི་གཉིད་ལ་གཡུར། །གཉེན་པོའི་རླབས་ཀྱིས་མ་ཟིན་ཐ་རེངས་རྒྱུད། །ཚུལ་ལྡན་མྱུ་གུ་སྐེམས་པར་མངོན་ཕྱོགས་པ། །རྣམ་དག་སྡོམ་པའི་ཆར་གྱིས་གཏན་བདེའི་སྙེ། །སྨིན་དེ་ཐུགས་རྗེའི་མཁའ་གླང་སྟུག་པོའི་དྲིན། །གསུང་རྒྱུན་འཛིན་པའི་སྟོང་ཕྲག་སྲས་མངའ་ཡང་། །རིགས་ཀྱི་ཐུ་བོ་མཚུངས་མེད་བཀའ་འགྱུར་བ། །སློབ་བཤད་མང་བཀུར་ཁྲི་ལ་རབ་བཀོད་པས། །ཆོས་ཀྱི་འཁོར་ལོས་སྒྱུར་བའི་རེས་སུ་སོན། །རྒྱུད་སྡེའི་མངའ་བདག་དཔལ་ལྡན་དོན་གྲུབ་ཐུགས། །རྣམ་དཔྱོད་ལུས་ཕྲའི་མིག་དཀྱུས་རིང་པོས་ཕྲོགས། །མཁན་ཆེན་ཞ་ལུ་པ་དང་གླང་ཕུ་རྗེ། །རང་བསྟན་གདམས་པའི་བང་མཛོད་ལྡེ་མིག་གཏད། །རྒྱ་ཆེན་གཙུག་ལག་ཀུན་ལ་གཞན་གྱི་དྲིང་། །མ་ལྟོས་དཔྱོད་ལྡན་ངག་དབང་ཆོས་ཀྱི་གྲགས། ཁྲོ་ཕུ་ལོ་ཙཱར་མཁྱེན་ནས་ལེགས་བསྔགས་པ། །འདམ་ཁྲོད་ཡིད་བཞིན་ནོར་བུའི་བྱི་དོར་འདྲ། །ཤེས་བྱར་སྲིད་ཀུན་ཡོངས་མཁྱེན་བུ་སྟོན་རྗེའི། །རི་ཕུག་ཆོས་ཀྱི་ཕོ་བྲང་ཉམས་དགའ་བར། །བསྟན་པའི་མེ་རོ་སླར་ཡང་གཉིས་པ་ཞིག །གསོ་བའི་ལེགས་ལྡན་དཔྱིད་དུས་བཞིན་རས་དངོམ། །བདེ་གཤེགས་ཞི་ཁྲོ་འདུས་པའི་དཀྱིལ་འཁོར་ཆེར། །ཟུར་སྟོན་འུག་བྱ་ལུང་སོགས་རིག་སྔགས་འཆང་། །མཐའ་ཀླས་སྨིན་པ་དཔལ་གྱི་མཆིམས་ཕུ་རུ། །རྗེ་འབངས་ཉེར་ལྔའི་མཛད་པར་ཅོ་འདྲི་སྙམ། །ཚར་ཆེན་བླ་མའི་གདན་ས་ས་སྲུངས་སྟེང་། །རྣམ་དཔྱོད་སྤྱན་སྟོང་མངའ་བ་རབ་འགྱིང་ཚེ། །ལོག་རྟོག་ལྷ་མིན་མོ་ཡི་(༤༢ན)


GLG009_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

མངལ་ལྷུངས་དང་། །ལྷན་ཅིག་སློབ་བཤད་བཅུད་ཀྱི་དགའ་སྟོན་རྒྱས། །རང་རང་ལས་འཆིར་རློམས་པའི་གྲོ་སོག་མདས། །སྲོག་རྩ་འགགས་ནུས་མིན་ཡང་སྟེས་དབང་གིས། །མིག་འབྲས་བཅར་བ་སྐྱོབ་ཕྱིར་དགོན་གསར་བས། །གཞོམ་མེད་འཁོར་ལོར་ཆུག་ཅེས་ཆེད་དུ་གདམས། །མཐོ་རིས་དབང་ཆུ་སློབ་བཤད་རལ་ཀླུང་ནས། །རྣམ་དཔྱོད་སྐལ་ལྡན་ཤིང་རྟས་ཉེར་དྲངས་ཀྱང་། །མཁས་གྲུབ་དྲང་སྲོང་ཕལ་གྱི་ཕྱིར་སྐྱུགས་པ། །ཤོང་སྣོད་ཟླ་བའི་མ་མ་གསར་པ་མཚར། །རྒྱལ་ཚབ་དབོན་རིན་པོ་ཆེ་མྱུག་ནས་འཕོ་འཕྱུགས་སྐབས་རྩེ་གདོང་དུ་བཅོལ། དེ་ནས་རི་ཕུག་ཏུ་དྲངས་སླར་འདར་དུ་གདན་དྲངས་པའི་ལམ་འབྲས་བརྒྱུད་པའི་ཁ་སྐོང་། ཁའུ་བྲག་རྫོང་པའི་བརྒྱུད་པ་ན་རིམ་གྱི་སྐུ་ཐང་སོགས་བཞེངས་ནས་ལམ་འབྲས་ལྷ་ཁང་བསྒྲིག་པའི་བསླབ་སྟོན་སྩལ་བ་ལྟར་ལེགས་པར་གྲུབ་པ་དེས་ལྕགས་ཡོས་མེ་ཤོར་བྱུང་སྐབས་ཀྱང་མ་ཚིག་པའི་བྱིན་རླབས་ཅན་དུ་གྲགས། གཞན་ཡང་སྔ་ཕྱི་འདི་དག་ཏུ་རྗེ་འདི་ཉིད་དང་གླང་ཕུ་ཆོས་རྗེར་ཟབ་ཆོས་མང་དུ་གནང་བ་ཚར་ཆེན་གྱི་གསུང་མགུར་དུ། ང་ཀུན་སྤངས་ཆོས་རྗེའི་བུ་བརྒྱུད་ལ། །ཆོས་ཟབ་མོ་གདམས་པའི་སྙན་གྲགས་ཡོད། །དེ་ཐོབ་འདོད་ཀྱི་ཚབ་ཚུབ་མང་ན་ཡང་། །ཐོབ་ངེས་ཀྱི་སྣོད་ལྡན་རེ་རེ་ཙམ། །ཞེས་པ་ལྟར་རྗེས་འབྲངས་ཀྱི་སློབ་མ་གྲངས་མང་ནའང་གདམས་པ་ཡོངས་སུ་རྫོགས་པ་ཉུང་བར་མཆིས། ས་སྐྱའི་རྗེ་བཙུན་གོང་མ་རྣམས་ཀྱང་སྙན་ནས་སྙན་ཞལ་ནས་ཞལ་དུ་བརྒྱུད་པའི་ཟབ་ཆོས་དོ་པ་སྟོན་ཚུལ། རྒྱལ་ཚ་ལུང་མང་པོ་དབོན་བཅས། དམ་པ་ཀུན་དགའ་གྲགས། ཞང་སྟོན་ཁུ་དབོན་ཙམ་མ་(༤༢བ)


GLG009_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་ཕལ་ཆེར་བདག་ཆེན་རྡོ་རྗེ་འཆང་ཡན་ཆད་གདུང་བརྒྱུད་རིམ་པར་ཆིག་བརྒྱུད་ལྟ་བུའི་ཚུལ་དུ་བྱོན་པ་ཡིན་ནའང་ས་ལོ་ཐམས་ཅད་མཁྱེན་པ་དང་སྔགས་འཆང་ཀུན་དགའ་བསམ་གྲུབ་སྐུ་མཆེད་ཀྱི་དུས་ཐོར་བུ་ལས་མ་གསན་ཅིང་བདག་ཆེན་ཀུན་རིན་པ་དབུས་སུ་ཕེབས་དུས་འཕན་ཡུལ་དཔལ་ལྡན་རྩེར་རྗེ་བཙུན་བོད་མཁར་བ་ཆེན་པོ་དང་མཇལ་སྐབས་ངེད་ཀྱིས་བདག་ཆེན་ཞལ་སྔ་ནས་ལས་བརྒྱུད་པའི་ཆོས་རྣམས་རིན་པོ་ཆེ་ཚར་པར་ཞུ་དགོས་རྒྱུ་ཡིན་ཡང་མི་ངན་གྱིས་དཀྲུགས་ནས་མ་བྱུང་ད་ཆ་ཁྱོད་ཀྱིས་བསོད་ནམས་དབང་པོ་སྤུན་ལ་འཕྲོད་པ་བྱེད་དགོས་པའི་གསུང་འཕྲོས་ལ་གཞིགས་ན་སྐུ་ཚེའི་མཇུག་ལ་ཐུགས་འགྱོད་བྱི་ལ་ཤོར་བའི་སྐར་ཁུངས་འདྲ་མོ་བྱུང་ཚོད་དུ་འདུག །འཇམ་དབྱངས་བསོད་ནམས་དབང་པོས་ཡར་ཀླུངས་བཀྲ་ཤིས་ཆོས་སྡེར་མཁན་རིན་པོ་ཆེ་གཞོན་ནུ་བློ་གྲོས་ལ་མགོན་ཆེན་གྱི་ཕྱི་འཁྲིད་ནང་འཁྲིད་སོགས་ཁ་ཡར་གསན་རུང་ཆོས་བཀའ་མཐའ་དག་མ་རྫོགས་པས་དཔལ་ལྡན་ས་སྐྱ་པའི་ལྕགས་རི་མི་འདའ་བའི་གསེར་ཆོས་རྣམས་སྔར་ནང་ནས་ཕྱིར་མི་འདའ་བ་ལ་དིང་སང་ཕྱི་ནས་ནང་ལ་མི་འདའ་ཞེས་གླེང་བ་བྱུང་མོད་སྔགས་འཆང་བླ་མ་སེམས་དཔའ་ཆེན་པོ་ངག་དབང་ཀུན་དགའ་བསོད་ནམས་དེ་ཉིད་བར་སྐབས་ཀྱི་ཞལ་ངོ་རྣམས་དང་མི་འདྲ་བར་བསྟན་པ་རིན་པོ་ཆེ་གཅེས་པར་འཛིན་པའི་ལྷག་བསམ་གྱི་མཐུ་ཕུལ་དུ་བྱུང་བར་བརྟེན་ལོ་པ་སྤྱན་སྔ་རིན་པོ་ཆེ་ཀུན་དགའ་དོན་གྲུབ་ལ་ཚར་ལུགས་ཀྱི་ཆོས་སྐོར་རགས་རིམ་ཙམ་གསན་ནའང་ཅུང་ཟད་ཐུགས་ཁ་མ་གང་བས་རྗེ་བླ་མ་འདི་ཉིད་གདན་འདྲེན་པའི་བཅའ་གཞི་ཤར་བ་བདག་པོ་ཀུན་རིན་པ་སྐུ་ན་ཕྲ་དུས་ཚར་ཆེན་གྱིས་ཆོས་འབྲེལ་(༤༣ན)


GLG009_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

གསན་ཅིང་། རྗེ་ས་སྐྱ་ལོ་ཙཱའི་སྐུ་ཡི་དབོན། །ཐུགས་གཅིག་ཏུ་འདྲེས་པ་སྲས་ཀྱི་མཆོག །ཁོང་འཇམ་དབྱངས་གཞོན་ནུ་དངོས་དང་མཇལ། །གསུང་བག་ཕེབས་ཀྱི་བདུད་རྩི་སྙིང་ལ་སིམ། །ཆོས་ཟབ་ལམ་གྱི་རྣལ་འབྱོར་བཀའ་དྲིན་ཞུས། ཁོང་སྐྱོན་བྲལ་གྱི་མཛད་འཕྲིན་མཐོང་བའི་ཚེ། །ངེད་ས་སྐྱ་པའི་མདུན་མ་གྲུབ་འདུག་སྙམ། །ཞེས་དཔོན་སློབ་ལུགས་ལེགས་ཡོང་བར་མངོན་དུ་ཕྱོགས་ནའང་སྤྱིར་བསྟན་པའི་སྐུ་ཆགས་བདོ་བ་དང་འཕྲལ་རྐྱེན་འདར་གདོང་གཉིས་ལ་བརྟེན་ས་སྐྱ་ནས་ཚར་ཆེན་ཡབ་སྲས་ལ་དམག་སོགས་བཀའ་བཀྱོན་མང་དུ་མཛད་པར་འདི་ཕྱོགས་ནས་བླ་མ་ཁྱི་དང་ཁྱི་མཇུག་མགོ་བོའི་དཔེ་ལྟར་ལས་སྦྱོར་སོགས་སྐྱོན་དུ་གྱུར་པ་མ་གནང་ན་ཡང་རང་ཤུགས་ཀྱི་སེལ་ཆེན་པོ་ཞུགས་པར་ཡས་མས་གཉིས་ཀ་ནས་འཁོན་གཅུགས་སྦྱོང་བའི་སེལ་འདོན་མཛད་དེ་ཤིང་མོ་གླང་ལོ་ཧོར་ཟླ་གསུམ་པའི་ནང་དུ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་གདན་དྲངས་པའི་ཚེ་ལྷ་ས་རྫོང་གི་ཐད་ཙམ་ནས་བླ་བྲང་སྒོ་སྤེར་མ་ཕེབས་བར་དཔལ་མགོན་སྟོབས་འཕྲོག་དབང་པོ་བྲམ་ཟེའི་གཟུགས་ཅན་སྐུ་མདོག་དཀར་པོ་སྐུ་བོང་ཐོག་ཚད་གསུམ་ཙམ་པ་ཕྱག་གཡས་རྩེ་གསུམ་དང་གཡོན་ཐོད་པ་ཁྲག་བཀང་བསྣམས་པ། རིན་པོ་ཆེ། རུས་རྒྱན། ཚངས་སྐུད། དར་གྱི་ཨང་རག་ཅན། ཡུམ་སྲིང་མོ་བཞིའི་འཁོར་དང་བཅས་ཞབས་གཉིས་གར་སྟབས་ལིང་ངེར་བསུ་བའི་ཚུལ་མཛད་པ་གསལ་བར་བྱུང་ཞིང་དམ་པ་འདི་ལ་མགོན་པོ་འགོ་བའི་གཟིགས་སྣང་བདག་ཆེན་ཁྲི་རིན་པོ་ཆེར་ཡང་མང་དུ་བྱུང་བར་མཆིས། ཉེར་ལྔ་ལ་སྒོ་རུམ་དུ་ཕེབས་དུས་ནག་པོ་ཆེན་པོ་སྐུ་གཟི་བརྗིད་ཤིན་ཏུ་ཆེ་ཞིང་ཞལ་འཛུམ་(༤༣བ)


GLG009_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

བག་དང་ལྡན་པའི་དབུ་གཙུག་ན་རྗེ་བཙུན་བརྩེ་བ་ཆེན་པོ་སྐུ་མདོག་མི་ཤ་ཁ་ན་བཟའ་བཞུགས་སྟངས་སོགས་བྲིས་ཐང་ཁུངས་བཙུན་ལས་བྱུང་བ་ཇི་ལྟ་བ་ཞིག་གསལ་བར་གཟིགས། ཞབས་དྲུང་བདག་ཆེན་རིན་པོ་ཆེར། གུར་མགོན་ལྷ་བརྒྱད་མ། ལྷ་བཅུ་གཉིས་མ། འཁོར་རྐྱང་དང་ཞལ་སྒྲུབ་དུས་དང་བཅས་པའི་རྗེས་གནང་། བྲམ་ཟེའི་མངག་གཏད། ཆོས་སྐྱོང་གཉིས་ཀའི་མན་ངག་གི་ཡིག་སྣའི་སྐོར་དུ་མའི་ལུང་དང་ཕྱག་ཁྲིད། དཀར་བདུད། དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་མན་ངག་སྐོར་སོགས་ཀྱི་ལུང་། སྙན་བརྒྱུད་ཧ་ལ་ནག་པོའི་བེའུ་བུམ་མ་བུའི་སྐོར་རྫོགས་པར་ཕུལ་བས་དཔོན་སློབ་ཐུགས་ཡིད་གཅིག་འདྲེས་ལྟ་བུར་གྱུར་པའི་རྒྱུ་མཚན། བདག་ཆེན་རིན་པོ་ཆེས་གནང་བའི་མགོན་པོའི་ཆོས་འབྱུང་ལས། སྔོན་ཆོས་རྒྱལ་འཕགས་པས་དམ་པ་ཀུན་དགའ་གྲགས་ལ་ཆོས་སྐྱོང་གི་མན་ངག་ཐུན་མོང་མ་ཡིན་པ་རྣམས་གནང་བའི་ཚེ་འདི་རྣམས་ངེད་ཀྱི་ཚ་བོ་རྣམས་ལ་འཕྲོད་པར་གྱིས་གསུངས་པ་བཞིན་དམ་པས་ཀྱང་བླ་མ་བདག་ཉིད་ཆེན་པོ་ཁོ་ན་ལ་གནང་འདུག་པ་དང་། དུས་ཕྱིས་བདག་ཆེན་རྡོ་རྗེ་འཆང་གིས་ཀྱང་རྗེ་རྡོ་རིང་པ་ལ་དེ་དང་འདྲ་བའི་བཀའ་སྩལ་ཕེབས་འདུག་ཀྱང་བར་སྐབས་ཀྱི་ཞལ་ངོ་ཕལ་ཆེར་ལ་འདི་སྐོར་གྱི་མན་ངག་ཡོངས་རྫོགས་བཞུགས་པ་ཞིག་མ་བྱུང་འདུག་མོད་ཁྱེད་རང་སྐལ་བ་དང་ལྡན་པ་དང་བརྩོན་འགྲུས་འཛོམ་པས་གུར་ཞལ་གཙོ་བོར་གྱུར་པའི་ས་སྐྱ་པའི་བསྟན་སྲུང་དབང་པོ་རྣམས་ཀྱི་ཆོས་སྐོར་ཟབ་མོ་མཐའ་དག་ལུས་པ་མེད་པར་བུམ་པ་གང་བྱོའི་ཚུལ་དུ་ཐོབ་པ་ནི་བླ་མ་གོང་མ་རྣམས་ཀྱི་ཐུགས་རྗེ་དང་། མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་འཕྲིན་ལས་བསྒྲུབས་པའི་དགེ་མཚན་(༤༤ན)


GLG009_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བ་ཡིན་ཡང་དག་པས་ཤིན་ཏུ་ངོ་མཚར་ཞིང་རྗེས་སུ་ཡི་རང་བའི་གནས་སོ། །ཞེས་གཟེངས་བསྟོད་པའི་གསུང་གི་བདུད་རྩིས་ཀྱང་ཁོ་བོ་ཅག་གི་ཡིད་ལ་དགའ་བདེའི་དཔལ་ཅི་ཡང་ཞིག་ཐོབ་པར་མཛད་པ་ཡིན་ལ། ཞེས་གསལ་བར་གསུངས་པས་ཤེས་ནུས། གདན་ས་དངོས་གཞི་དང་ཁའུ་བསམ་བརླིང་སོགས་ཀྱི་ལྷ་ཁང་མགོན་ཁང་རྣམས་མཇལ་བར་སྣང་བའི་དུས་བསྟན་པ་རྒྱས་པའི་སྨོན་ལམ་རྡོ་རྗེ་ཆོས་སྲུང་གི་ཚོགས་ལ་བཀའ་བསྒོ་གཉེར་བཅོལ་རྒྱས་པར་མཛད། ཤིང་གླང་ཞབས་དྲུང་དབོན་རིན་པོ་ཆེ་བཀྲ་ཤིས་རྩེར་རྒྱུད་སྡེ་བཞི་དང་འབྲེལ་བའི་དཀྱིལ་འཁོར་སྒྲུབ་མཆོད་ཉེར་གཉིས་སོགས་འཛུགས་པས་མཚོན་དབུས་ཕྱོགས་སུ་བསྟན་དང་འགྲོ་བའི་ལེགས་ཚོགས་སྤེལ་བར་འདར་ནས་རྫོང་བདའ་གནང་བ་བཞིན་འཁོར་ལོ་གསུམ་གྱི་མཛད་པས་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་ནས་མེ་ཡོས་ལོ་མཇུག་འདར་དུ་ཕེབས། བཀའ་ཆོས་སོགས་གསན། ས་སྦྲུལ་ལོར་རྒྱལ་ཚབ་དམ་པ་དབོན་རིན་པོ་ཆེ། ཁྱབ་བདག་ཞ་ལུ་པ་སོགས་ལ་དཔལ་དུས་ཀྱི་འཁོར་ལོའི་བདག་པོ་ཆེན་པོའི་བར་གྱི་དབང་རྫོགས་པར་གནང་བའི་ནུབ་གཟིགས་སྣང་དུ་བྱང་གླིང་འཇམ་པའི་དབྱངས་བཀྲ་ཤིས་རྒྱལ་མཚན་ཤིན་ཏུ་དགྱེས་པར་མཛད་པ་ནི་རང་ཉིད་ཀྱི་རྣམ་པར་སྤྲུལ་པ་ལ་ཆོས་བདག་པོའི་ཚུལ་དུ་འཕྲོད་པས་དང་པོའི་སངས་རྒྱས་ཀྱི་སྨིན་གྲོལ་སྲིད་མཐར་འཕེལ་བ་ལ་དགོངས་སམ་སྙམ། ཁུ་དབོན་གཉིས་ཆབས་ཅིག་པར་ནུབ་ཟངས་མཛོད་དམར་པོ་ནས་བྱོན་པའི་འཇིག་རྟེན་དབང་ཕྱུག་འགྲོ་བ་ཀུན་སྒྲོལ་གྱི་སྒྲུབ་ཆེན་ལ་བརྟེན་ནས་འགྲོ་དོན་ལས་སྦྱོར་ལྔ་པའི་སྐྱེ་བདུན་རིལ་བུ་སྒྲུབ་པ་གནང་བའི་ཚེ་ཉིན་(༤༤བ)


GLG009_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

རེ་བཞིན་ནུབ་ཕྱོགས་ནས་འཇའ་དཀར་རིང་པོ་སྒྲུབ་ཁང་གི་རྩེར་ཟུག་པ་དང་། ཆེད་དུ་སྤར་བའི་སྤོས་དུད་ཀྱི་སྒྲུན་པར་མི་ནུས་པའི་དྲི་བཟང་གིས་སྒྲུབ་ཁང་གི་ཕྱི་ནང་གང་བ་དང་། གྲོལ་ཉིན་ནམ་མཁའི་མཐོངས་ཀུན་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་རྨ་བྱའི་མདོངས་ཀྱི་སྒྲོ་གདུགས་ལྟར་ཕུབ་ཅིང་མེ་ཏོག་གི་ཆར་ཆེན་པོ་ལག་པས་ཟིན་པ་ལྟ་བུ་བབས། རིལ་བུ་འཕེལ་ཆེ་བ་བྱུང་ཞིང་ལོ་ཕྱི་མའང་གོང་བཞིན་སྒྲུབ་ཆེན་གནང་བའི་མཚན་ལྟས་དང་དངོས་གཞི་འདྲ་བ་ལ་བུམ་པའི་སྟེང་ན་ཐུགས་རྗེ་ཆེན་པོ་བཞུགས་པ་སྒྲུབ་པའི་སྒང་ལ་བུམ་པའི་ནང་དུ་ཐིམ་སོང་བ་བུད་མེད་རྩ་སྒོ་ཡངས་པ་ཞིག་གིས་མཐོང་བ་ནི་མཐོང་བ་པོ་དེའང་ལས་དག་པ་ཞིག་མ་གཏོགས་ཐ་མལ་པ་ཡིན་ཚོད་དུ་མི་འདུག་ཅིང་ཆེས་ཆེར་སྙིགས་མའི་སེམས་ཅན་ལྷག་པར་འདུལ་བར་དཀའ་བ་རྣམས་ལ་གྲུ་འཛིན་རི་བོའི་སྤོ་ནས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་ཤིན་ཏུ་དགྱེས་བརྩེས་མྱོང་གྲོལ་གྱི་རྫས་རྣམས་བརླབ་པར་བྱོན་པ་གདོན་མི་ཟའོ། །གཙང་སྡེ་སྲིད་དུ་བསླབ་སྟོན་ཞུ་བ་གནང་བའི་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་གདན་ས་ཆོས་འཁོར་ཡང་རྩེའི་ཁྲི་ཐོག་ཏུ་དབོན་རིན་པོ་ཆེ་ནང་བསྐོས་ཀྱིས་མངའ་གསོལ། སྐུ་ན་ཅུང་ཟད་སྨིན་ནའང་ཞབས་དྲུང་དབོན་རིན་པོ་ཆེ་ཆོས་ཀྱི་བདག་པོར་དགོངས་ཏེ་སྔར་མ་སོང་བའི་དབང་བྱིན་རླབས། རྗེས་གནང་། རིག་གཏད། ཉམས་ཁྲིད། ལུང་མན་ངག །ཕྱག་ལེན་དམར་འཁྲིད་སོགས་བྲེ་གསོག་ཕུལ་གསོག་གི་ཚུལ་གྱི་ཆོས་འཁོར་ཆད་མེད་དུ་སྐོར། ལྕགས་སྟག་གཙང་སྡེ་སྲིད་ནས་ཞ་ལུའི་མཁན་པོར་ཕེབས་དགོས་པའི་བཀའ་ཤོག་བྱུང་ཡང་དགུང་ལོ་མཐོ་བ་དང་སྐུ་གཅོང་སོགས་ཀྱི་སྟབས་མི་ནུས་པ་ལ་ཚིག་སྦྱངས་ཀྱི་དགོངས་པ་ཞུ་བ་(༤༥ན)


GLG009_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

གནང་ཞིང་ཁྲོལ། དེ་ནས་ལོ་ཁ་ཤས་ཀྱི་བར་ངོར་ཤར་པའང་གདན་སར་མ་འཁོད་པས་མཁན་མེད་དུ་ལུས་སྣང་། ཁྱབ་བདག་ཞ་ལུ་པ་ཆེན་པོ་རི་ཕུག་དབུ་མཛད་ཐོག་ནས་ལྕགས་ལུག་གྲང་མོ་ཆེར་མཇལ་བར་ཕེབས་པས་རྡོ་རྗེ་འཆང་གི་བཀའ་ལས། བླ་བྲང་ཚོམ་ཆེན་དུ་ཁྱབ་བདག་ཞ་ལུ་པར་ད་ནི་རིན་པོ་ཆེ་རང་རི་ཕུག་གི་གྲ་པ་ཁ་ཡ་ཀོག་པོ་མ་གི་ཚོའི་དཀྱིལ་དུ་མ་བཞུགས་པར་འདིར་ཐུགས་དམ་མཛད་ན་གསུངས་པ་ལ་སྡེ་སྲིད་ནས་དགོངས་པ་ཡང་མི་ཡོང་བ་འདུག་བདག་གིས་བོར་ནས་བརླག་འགྲོ་བ་འདྲ་ཞུས་པས་ད་འོ་ན་བསྐྱར་བཀོད་ཅིག་བྱས་ཡུན་རིང་པོ་མཛད་དགོས་པ་ཡིན་ནམ་གནང་བ་འདི་དུས་རི་ཕུག་དབུ་མཛད་གནང་ནས་ལོ་གསུམ་གྱི་སྐབས་ཡིན་ཞིང་མེ་བྱི་གྲ་ངན་ཅི་རིགས་ཀྱི་མི་བསྲུན་པའི་སྒྱུ་འཕྲུལ་གྱིས་སེ་རག་སྒྲུབ་སྡེ་དང་ཁང་དམར་ནས་སོགས་སྐུ་ཉེ་ཚོའི་སར་ལོ་གཅིག་ཙམ་བཞུགས་དགོས་བྱུང་བ་གླང་ལོའི་མཇུག་ཏུ་སྡེ་སྲིད་གཙང་པས་དབུ་མཛད་བསྐྱར་བསྐོ་གནང་སྟེ་སྔ་རྟིང་གཉིས་དྲིལ་བར་ལོ་སུམ་ཅུ་རྩ་གསུམ་སོང་བས་ལྐོག་གྱུར་གྱི་ཆོས་རྗེན་པར་གསལ་བ་དེ་ལས་ཡིད་ཆེས་ཀྱི་གནས་གང་དུ་མཆིས། དེ་དང་མཚུངས་པར་རྗེ་ཞ་ལུ་བ་སོགས་དཔོན་སློབ་ཐུགས་ནང་གཙང་ས་ཚོར་སྡེ་སྲིད་གཙང་པའི་མཚན་དོན་ཡང་ཡུན་རིང་མི་ཡོང་བའི་རྒྱུ་མཚན་གསལ་པོ་ཡང་ཡང་གསུང་བས་མཚོན། ཡིད་ཆེས་ཀྱི་ངེས་པ་རྙེད་པ་མང་དུ་ཡོད་པར་གདའ། དམ་པ་འདི་ཉིད་ཀྱིས་དགེ་བའི་བཤེས་གཉེན་བསྟེན་ཚུལ་མདོ་ཙམ་སྨོས་ཟིན་ཅིང་དེར་མ་འདུས་པ་ནི། ས་སྐྱ་ཁྲི་ཆེན་འཇམ་དབྱངས་བསོད་ནམས་དབང་པོ། ཁྲི་ཆེན་ངག་དབང་ཀུན་དགའ་བསོད་(༤༥བ)


GLG009_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ནམས། ཞྭ་དམར་དཀོན་ཅོག་ཡན་ལག །སྟག་ལུང་དབོན་རིན་པོ་ཆེ། ར་ལུང་དབོན་མི་ཕམ་ཆོས་རྒྱལ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་ཡབ་སྲས་གཉིས། རྗེ་བཙུན་ཀུན་དགའ་གྲོལ་མཆོག །ཞ་ལུ་མཁན་ཆེན་བསོད་ནམས་དབང་པོ། ཆོས་ལུང་མཁན་ཆེན་ནམ་མཁའ་མཐའ་ཡས། ཨེ་ཝཾ་མཁན་ཆེན་དཀོན་ཅོག་དཔལ་ལྡན། ངོར་མཁན་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས། གསེར་མདོག་ཅན་མཁན་པོ་ཀརྨ་བཟང་པོ། ཡོལ་མོ་བ་ནམ་མཁའ་བརྒྱ་བྱིན། རྒྱལ་སྲས་པདྨ་ཆོས་རྒྱལ། ཏྲེ་བོ་སྤྲུལ་སྐུ་དཔག་བསམ་དབང་པོ། རོང་པ་ཆོས་བཟང་བཀྲ་ཤིས། ཐུགས་སྲས་ཟླ་བའི་སྐུ་སྐྱེ། ལྕགས་ཟམ་སྤྲུལ་སྐུ་བསྟན་འཛིན་ཉི་ཟླ་བཟང་པོ། བྱམས་པ་རིན་ཅེན་རྡོ་རྗེ། བྱམས་པ་དོན་གྲུབ། ཀུན་བཟང་རིན་ཅེན། དྲུང་རམས་པ་བསོད་ནམས་ཚུལ་ཁྲིམས། འོ་ཡུག་པ་སོ་པ་ལགས། གློ་བོ་པ་བློ་གྲོས་རྒྱལ་མཚན་སོགས་ཡོངས་འཛིན་མང་དུ་བསྟེན་ནས་ལ་ལར་ཆོས་ཚུལ་རྒྱ་ཆེ་བ་དང་འགའ་ཞིག་ལ་ཚེ་དབང་ཙམ་གྱིས་ཀྱང་མཐའ་བརྟེན་པའི་གསན་བསམ་གནང་བའི་ཆོས་ཀྱི་ཞིབ་ཆ་ནི་གསན་ཡིག་གི་བསྙེལ་ཐོ་རྣམས་ཚང་བར་མ་མཐོང་བས་ཞིབ་པར་འབྲི་བའི་རྔོ་མ་ཐོགས་མོད། གསན་པ་མཛད་པ་ཚོ་ཡང་ཐོས་ལོ་མ་ཡིན་པའི་གྲུབ་མཐའ་སོ་སོའི་ལུགས་སྲོལ་མ་འདྲེས་པར་ཞིབ་མོ་དཔྱད་དེ་ཐུགས་སུ་ཆུད་པར་མཛད། ཐུགས་ཉམས་སུ་བསྟར་བར་འོས་པ་སྨོས་ཅི་འཚལ་དེ་ལས་གཞན་པ་རྣམས་ཐུབ་བསྟན་རིན་པོ་ཆེ་མི་ནུབ་པའི་ཆེད་དུ་གདུལ་བྱ་སོ་སོ་བའི་བློ་དང་འཚམ་པར་འཆད་ཉན་གྱི་བྱ་བ་ལ་ཐུགས་རྩོལ་ལྷུར་བཞེས། ནཱ་རོ་པས་ཏཻ་ལོ་དང་སེས་འབྲོག་མི་བསྟེན་པ་ལྟར་ཡོངས་འཛིན་ཚོགས་ཀྱི་ཡོན་(༤༦ན)


GLG009_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ལ་བསྔགས་པ་དང་དད་གུས་གཙོ་བོར་བཏོན་པའི་ཤུགས་ལ་སྐྱོན་ཡང་ཡོན་ཏན་དུ་འཆར་བའི་སྣང་ཚུལ་དཔག་པར་དཀའ་ལ། རྟག་བརྟན་སྤྲུལ་སྐུ་གཙང་ཤེད་ཀྱིས་སྟོད་ཕྱོགས་སུ་ཕལ་ཆེར་བསྟུན་ཕྱོགས་དགོས་པ་ཞིག་ཡོད་སྣང་བས་བཀྲ་ཤིས་རྩེ་དང་གསེར་མདོག་ཅན་ཚོར་ཆོས་བཀའ་འདྲ་གསན་ཟེར་བའང་སྟེས་དབང་ཙམ་ལས་གསན་མ་གསན་ལ་མ་ལྟོས་པའི་ཐུགས་རབ་ལ་བེད་སྤྱད་ནས་གནང་བ་དང་། སྒྲུབ་མཆོད་ཀྱང་ཚུལ་ལྡན་མེད་པར་གྲགས་ཆེ་གཤིས་ཐུགས་འདུན་མེད་ན་ཐོབ་པར་ཡང་མི་འགྲོ་འདུག་པས་གསན་ཐོར་མེད་པ་དང་བཅས་ཆོས་ཀྱི་གྲངས་སུ་བརྩི་ཡིན་མེད་པ་འདྲ་སྙམ་པ་ལོག་རྟོག་ཏུ་ཤར་མོད། ངེས་དོན་དུ་ཇི་ལྟར་ཡིན་མ་ངེས་སོ། །མགོན་པོ་འདི་ཉིད་ལ་ཆོས་ཀྱི་འབྲེལ་པ་ཐོབ་པ་སོགས་སློབ་མ་ནི་ས་ཆེན་པོའི་རྡུལ་བཞིན་བགྲང་བར་དཀའ་ནའང་ཟབ་ཆོས་ཀྱི་མཆོད་སྤྲིན་མཉམ་མེད་དགོན་གསར་བར་ཡང་དབུལ་ཞིང་། རགས་པ་ཙམ་སྨོས་ན་རྗེ་བཙུན་ས་སྐྱ་པ་ཆེན་པོ་ངག་དབང་ཀུན་དགའ་བསོད་ནམས། པདྨའི་གདུང་འཚོབ་བྱང་པ་རིགས་འཛིན་ངག་གི་དབང་པོ། རྩེ་ཚོགས་མཁན་ཆེན་པདྨ་བསོད་ནམས། མཁས་གྲུབ་ཆེན་པོ་བོད་མཁར་བའི་ཐུགས་སྲས་སྤྱན་སྔ་རིན་པོ་ཆེ་མི་ཕམ་ཆོས་ཀྱི་རྒྱ་མཚོ། གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་མཁན་ཆེན་ངག་དབང་ཆོས་གྲགས། ཤེས་བྱའི་གནས་ཀུན་ལ་མཁྱེན་རབ་ཀྱི་དབང་ཕྱུག་འཇམ་དབྱངས་དགའ་བའི་བཤེས་གཉེན། སྤྱན་སྔ་ཚུལ་ཁྲིམས་འབར་གྱི་དཔོན་རིགས་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ། གསར་རྙིང་གི་ཆོས་ཚུལ་རྒྱ་མཚོ་ལྟ་བུར་མཁྱེན་པའི་སྤྱན་སྔ་བ་ཀླུ་(༤༦བ)


GLG009_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཆོས་ཀྱི་རྒྱལ་མཚན། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཨེ་ཝཾ་མཁན་ཆེན་དཔལ་ལྡན་དོན་གྲུབ། སྐྱེད་ཚལ་མཁན་ཆེན་འབུམ་རམས་པ་ཐར་པ་རྒྱལ་མཚན། སློབ་བཤད་ཀྱི་བསྟན་འཛིན་ཆེན་པོ་རྒྱལ་རྩེ་ཞབས་དྲུང་བྱམས་པ་ངག་དབང་བསོད་ནམས་རྒྱལ་མཚན། དམ་པའི་ཆོས་ཀྱི་རྒྱལ་ཚབ་ཆེན་པོ་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། བུ་སྟོན་ཐམས་ཅད་མཁྱེན་པའི་ཆོས་ཀྱི་རྒྱལ་ཚབ་དམ་པ་ཁྱབ་བདག་ཞ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ། ཁའུ་བྲག་རྫོང་པའི་བསྟན་པའི་སྲོག་ཤིང་ཆེན་པོ་གླང་ཕུ་ཆོས་རྗེ་འཇམ་དབྱངས་ཆོས་སྐྱོང་དབང་ཕྱུག །འདར་སྐྱིད་གཤོང་པ་མཁན་ཆེན་མང་ཐོས་གྲགས་པ་རྣམ་རྒྱལ། ཡངས་ཅན་མཁན་པོ་བྱམས་པ་བསོད་ནམས་མཐའ་ཡས། སོ་ཟུར་གནུབས་གསུམ་སྔགས་པའི་རྒྱལ་པོར་གྲགས་པའི་ཟུར་འུག་བྱ་ལུང་པའི་ཆོས་རྗེ་ཡབ་སྲས། མཐུ་ཆེན་ཉི་མ་བཟང་པོ་དང་མཁྱེན་པའི་སྤྱན་ལྡན་རིན་ཆེན་རྒྱལ་མཚན་སོགས་སེའི་སྔགས་འཆང་རིམ་པར་བྱོན་པའི་གདུང་འཛིན་བཀྲ་བཟང་ཆོས་རྗེ་ནམ་མཁའ་རིག་འཛིན། ཀྱི་སྟོན་སྔགས་འཆང་ཆེན་པོ་ཚེ་རིང་དབང་པོ། སྒེར་པ་བ་ངག་དབང་ཉི་མ། རི་ཕུག་དབུ་མཛད་རིན་ཆེན་རྒྱ་མཚོ། བླ་མ་སྒྱི་ལུང་པ་སྐྱོ་སྟོན་ཡབ་སྲས་ལ་སོགས་སློབ་བུ་མཐའ་ཡས་པར་སྔགས་གསར་རྙིང་ཐེག་པ་ཐུན་མོང་བའི་དམ་པའི་ཆོས་ཀྱི་ཆར་ཆེན་པོ་ཕབ་སྟེ་དིང་སང་གི་བར་དུ་དབུས་གཙང་འཛིན་མའི་ཁྱོན་འདིར་བཤད་སྒྲུབ་ཀྱི་རྒྱུན་བཟང་པོ་དབྱར་མཚོ་ལྟར་འཕེལ་བའི་བཀའ་དྲིན་བླ་ན་མེད་པའོ། །འཆད་ཉན་དང་ཕྱོགས་ཕེབས་མ་གཏོགས་ཐུགས་དམ་གྱིས་(༤༧ན)


GLG009_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ཁོར་ཡུག་ལྟ་བུ་ཡིན་ནའང་རྒྱུན་གྱི་ཉམས་བཞེས་བསྙེལ་ཐོ་འདི་ལ་སྲོད་ཐུན་ཐོར་ཐུན་གྱི་དབྱེ་བ་མི་གསལ་ཞིང་བར་མཚམས་ནས་ཧོལ་ཁོང་ཕྲན་བུ་ཡོད་ཤས་ཆེ་ཡང་ཐོ་ནང་བཞིན་བཀོད་པ་ལ། ཐོག་མར་གཉིད་སད་འཕྲལ་ལྕེ་བྱིན་རླབས་ཀྱི་བཟླས་པ། སེང་གེ་སྒྲའི་མངོན་རྟོགས། བཟླས་པ་སུམ་བརྒྱ། ཐུགས་རྗེ་ཆེན་པོའི་མིག་འབྱེད། རྣམ་འཇོམས་གསང་སྒྲུབ་ཀྱི་བཟླས་པ་ཉེར་གཅིག་ཙམ། འཇམ་ནག་བཟླས་པ། དེ་ནས་རྡོ་རྗེ་འཇིགས་བྱེད་ཀྱི་བླ་མའི་རྣལ་འབྱོར་སྔོན་དུ་བཏང་བའི་བསྐྱེད་རྫོགས་ཀྱི་རྣལ་འབྱོར། རྡོར་བཟླས་བརྒྱ་རེ། སྔགས་གསུམ་པོ་བརྒྱ་རྩ་ལ་ཉུང་མཐའ་བྱས་པའི་གང་འགྲོ། བིར་སྲུང་ཉིས་སྦྲེལ། དཔལ་ཀྱེ་རྡོ་རྗེའི་ལམ་དུས་འབྲིང་པོ། ཚེ་སྒྲུབ་ལྕགས་སྡོང་མའི་བཟླས་པ་བརྒྱ་རྩ། དཀར་ཆ་བཞིའི་གཏོར་མ་སོགས། ཁྲོ་བོ་སྨེ་བརྩེགས་ཁྲོ་མོ་སྨེ་བརྩེགས་རྙིང་མའི་ཁྲོ་བོ་སྨེ་བརྩེགས་ནེ་གུའི་སྒོམ་ཐུན། རྣམ་འཇོམས་ལྗང་སྔོན། གུ་རུ་ཞི་བ། གུ་རུ་དམར་ཆེན། མཐིང་ཁ། དྲག་དམར་པདྨ་ཚེ་དབང་རྩལ། རྟ་མགྲིན་ཚེ་སྒྲུབ་ཉེ་བརྒྱུད། ཡེ་ཤེས་འོད་མཆོག །རྫོང་ཆེན་མ། འཁོར་བ་དོང་སྤྲུག །བཀའ་བརྒྱད་དྲིལ་སྒྲུབ། འཇོམས་བྱེད་ཕུར་པ་སྤུ་གྲི། ཟབ་ཐིག་གི་རྟ་མགྲིན་ཚེ་སྒྲུབ། ཕྱག་རྡོར། སྟོབས་པོ་ཆེ། དེ་ནས་བཟང་སྤྱོད་སྔོན་དུ་འགྲོ་བའི་སེམས་བསྐྱེད་རྒྱས་བསྡུས་གང་རུང་རེ་ལེན། ཨ་ར་པ་ཙ་ན། འབྱུང་འདུལ། ཨུ་ཙ་གོས་སྔོན་ཅན། གཏུམ་པོ། རྟ་མགྲིན་གསང་སྒྲུབ། འགྲོ་བ་ཀུན་སྒྲོལ་གྱི་གཟུངས་གང་མང་དང་བཅས་པ། བླ་མ་ཡབ་སྲས་ཀྱི་སྐུ་བསྟོད་རྣམས་སྔོན་དུ་འགྲོ་བའི་རབ་ཡངས་མ་བརྒྱ་རྩ་ལ་ཉུང་མཐའ་བྱས་པའི་གང་འགྲོ་སོགས་ལམ་(༤༧བ)


GLG009_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་སྔོན་དུ་འགྲོ་བའི་ལམ་དུས་རྒྱས་པ་བཟླས་པ་དང་བཅས་པ། འཇིགས་བྱེད་བཅུ་གསུམ་མའི་བཟླས་པ་ཡོད་ཙམ་རེ། རྡོ་རྗེ་རྣལ་འབྱོར་མའི་འཁྲིད་བཟླས་པ་དང་བཅས་པ། རྟ་མགྲིན་ཡང་གསང་དཔའ་གཅིག །གཏོར་བསྔོའི་རིམ་པ་ལ་ཐོག་མར་དྲག་དམར། འཇིགས་བྱེད། ལས་གཤིན་སྦྲེལ་བ། ཀྱེ་རྡོར་བདེ་མཆོག །ནཱ་རོ་མཁའ་སྤྱོད། ཕྱག་རྡོར། ཨུ་ཙ། རྩིས་མགོན། ལྕམ་དྲལ། ལས་མཁན་བཅས་པའི་གཏོར་བསྔོ། བསྐང་གསོ། མདོས་སོགས། གུར་ཞལ། མགོན་དཀར། ཚོགས་བདག །དུར་ཁྲོད་བདག་པོ། བེག་ཙེ། དམ་ཅན། ཁྱུང་ལུང་མ། རྣམ་སྲས། བེང་། དཔལ་ལྡན་རྡོ་རྗེ་རབ་བརྟན་མ། རྡོ་རྗེ་རི་ཕུག་མ། སྤྱི་གཏོར། གཞི་བདག་རྣམས་ཀྱི་གཏོར་བསྔོ་ཐུན་གཉིས་རེ། བཀའ་བརྒྱད་ཀྱི་ཆ་གསུམ་རྒྱུན་དུ། བྲག་རྫོང་མ། གུར་གྱི་གསང་འཁྲིད། ཞལ་གྱི་སྲུང་འཁོར་ཚེ་སྒྲུབ། ཞལ་གྱི་གསང་འཁྲིད། བིར་སྲུང་སོགས་རྒྱས་པར་མཛད་ནས་ཉལ་བའི་རྣལ་འབྱོར་གྱི་དུས་འཇམ་དབྱངས་མཁྱེན་བརྩེའི་ཞལ་གཟིགས་གསང་བའི་རྣམ་ཐར་དུ་འདུག་པ་བཞིན་ཨོ་རྒྱན་པདྨ་ཟ་ཧོར་མ་ཇི་ལྟ་བ་བསྒོམས། ཐུགས་རྗེས་འགྲོ་བའི་མགོན་མཛད་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་འཇིགས་ལས་སྐྱོབ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། བེ་ཌཱུཪྻ་ཡི་འོད་ལ་ཕྱག་འཚལ་ལོ། །ཞེས་པའི་གསོལ་འདེབས་བྱས་སློབ་དཔོན་ཆེན་པོ་རང་ལ་བསྟིམ། དབྱེར་མེད་ཀྱི་ངང་ལ་རྨི་ལམ་འཛིན་པའོ། །རང་བཞིན་ལྷན་སྐྱེས་སམ། ཞུ་བདེ་ལྷན་སྐྱེས་ཀྱི་ངང་ལ་ཉལ། སང་ལྡང་བའི་རྣལ་འབྱོར་གྱིས་ལང་། ཉེར་དགུ་སོགས་ལ་(༤༨ན)


GLG009_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གཏོར། རྡོ་རྗེ་ཆོས་སྐྱོང་མང་པོ་ལ་དམིགས་བསལ་དང་། ཁྱད་པར་ཉེར་ལྔ་ལ་རྩིས་མགོན་གྱི་ལྷ་མོར་གཏོར་འབུལ་ཚོགས་འཁོར་དང་བཅས་པ། གནམ་གང་ལ་དྲུག་ཅུ་པ་སོགས་མཛད་ཚུལ་གྱི་ཐོ་འདི་ལྟར་བྲིས་པ་ཡིན་ནའང་མཚན་ཕྱེད་དང་ཕྱེད་ཡོལ་ཙམ་ཅུང་ཟད་མནལ་བ་ལས་སྐུ་ལུས་གནང་དང་མ་བྲལ་བར་ཐུགས་དམ་ཁོ་ན་མཛད་ཅེས་དྲུང་དུ་བཅར་པ་རྣམས་ལས་ཐོས་སོ། །དམ་པ་འདི་ཉིད་ཀྱི་མཁྱེན་པའི་ཆ་ནས་རྒྱུད་སྡེ་ཆེ་ཆུང་གི་དཀྱིལ་འཁོར་གྱི་དབང་ཆོག །བྱིན་རླབས། རྗེས་གནང་། སྔར་ཐུགས་འཛིན་གནང་མྱང་བའི་རིགས་ལ་ཉི་མ་རེ་གཉིས་ཀྱི་གཟིགས་རྟོག་མཛད་པས་བསྙེལ་གསོ་གྲུབ་ཅིང་གསར་པའི་ཐུགས་འཛིན་ཧ་ཅང་གི་ཞག་མང་པོ་མི་ཐོགས་ཤིང་ཆོས་བཀའ་གནང་བའི་དུས་རྒྱུན་གྱི་ཞལ་འདོན་ལྟར་ཤིན་ཏུ་བྱང་བ། རྒྱུད་བཤད་དང་འཁྲིད་སོགས་ལ་ཚིག་སྐམ་ཙམ་གྱི་སྐྱོར་ཟློས་མ་ཡིན་པར་དཀའ་བའི་གནས་མཐའ་དག་ལ་ཞིབ་མོར་སྟོན་པས་འཕྲལ་སྦས་པའི་རྣལ་འབྱོར་ལྟ་བུར་མཁས་ཉམས་མི་མཛད་ནའང་བློ་གྲོས་ཟབ་ཅིང་གཏིང་དཔག་དཀའ་བ་རྒྱ་མཚོ་ཆེན་པོ་བཞིན་ཚད་དུ་བཟུང་བར་མི་ནུས། འཇིག་རྟེན་གཙོ་རྒན་གྱི་སྤྱོད་པ་གཡོ་སྒྱུའི་རྣམ་པ་ནི་ལོ་མང་པོར་སྐུར་བཅར་ནའང་སྣ་རེ་ཙམ་ཡང་མི་མཐོང་ཞིང་ཐོས་པའི་ཡུལ་ནི་ལྟ་ག་ལ་སྲིད། ཆོས་ཀྱི་བཀའ་མཆིད་དང་བླ་མ་བརྒྱུད་པའི་རྣམ་ཐར་ལོ་རྒྱུས། ཁྱད་པར་ཐམས་ཅད་མཁྱེན་པའི་མཚན་གསན་པ་ན་སྤྱན་ཆབ་གསིལ་བའི་མོས་གུས་དབང་རྣོན་ཆོས་རྗེས་འབྲངས་པའི་ཐུགས་དད་ལྷུར་མཛད་ཅིང་ཁྱབ་བདག་སྡིངས་མ་བ་བསླབ་གསུམ་རྒྱལ་མཚན་གྱི་རྣམ་ཐར་སོགས་ཐུགས་རྩོམ(༤༨བ)


GLG009_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

པོད་ལོངས་ཤིག་སྣང་བ་དོན་མེད་ཀྱི་བསྐྱར་བཤད་ཙམ་མིན་པའི་བརྗོད་དོན་ཕུན་སུམ་ཚོགས་པ་ཤ་སྟག་མཆིས། བརྩེ་བའི་ཆ་ནས་སྐུ་ཚེ་མང་པོར་མཁས་པ་དང་གྲུབ་པའི་ཡང་སྲིད་བཟུང་པའི་རྒྱལ་སྲས་ཀྱི་སྤྱོད་པ་ལ་གོམས་པའི་བག་ཆགས་ཀྱིས་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བདག་གཞན་མཉམ་པར་བརྗེ་བའི་ཐུགས་བསྐྱེད་བཅོས་མ་མིན་པ་འཁྲུངས་པའི་རྒྱུས་ཆགས་སྡང་གི་སྒང་གཤོང་མེད་པའི་བཏང་སྙོམས་ཀྱི་ཐང་བདེ་མོར་རིས་མེད་ཀྱི་འགྲོ་བ་ཐམས་ཅད་ལ་དངོས་དང་བརྒྱུད་པའི་སྒོ་ནས་རྗེས་སུ་བཟུང་བ་མཐའ་དག་འབྲི་བར་མ་ལང་ཞིང་དཔེར་ན་ཤིང་བཟོ་བ་དཔལ་ལྡན་སོགས་འཆི་བར་ཐུག་པ་མང་དག་མི་འཇིགས་པའི་སྦྱིན་པ་དང་། གཤིན་པོ་སོགས་ལ་ལྷག་པར་བརྩེ་བས་རིགས་དྲུག་གནས་འདྲེན་གྱི་སྒོ་ནས་གནས་ངན་ལེན་ལས་བསྐྱབས་པའི་སྡིག་ཅན་འགའ་ཡང་མི་ལུས་ཐོབ་ནས་སྐྱེ་དྲན་གསལ་བའི་ལོ་རྒྱུས་མང་། དབུལ་ཕོངས་མ་ནུས་པ་གཟིགས་པའི་ཚེ་བཟོད་གླགས་མེད་པའི་སྐྱོ་ཤས་དང་ངེས་འབྱུང་གིས་ཟིན་པའི་ཟས་གོས་གནས་མལ་སྨན་གྱིས་མཚོན་ཏེ་ཕན་འདོགས་པ་ལ་བརྩོན་པས་གཞན་དོན་དུ་གང་འགྱུར་མ་གཏོགས་རང་གི་བདོག་པ་ལ་འཇུངས་པའི་རྟོག་པ་ཡེ་མི་མངའ། གཙོ་བོ་མཆོག་དམན་བར་པ་གསུམ་སོ་སོའི་བློ་དང་འཚམ་པའི་ཆོས་ཀྱི་སྦྱིན་པ་བསྟན་པ་དང་སེམས་ཅན་ལ་ཕན་པ། ཐོས་བསམ་སྒོམ་པ། ཉམས་ལེན་བྱེད་ལུགས་ཕྲ་མོ་ཙམ་ལའང་རས་ཆོད་དུ་མ་སོང་བའི་སྐྱོ་ངལ་མེད་པར་བསྲབ་བྱའི་སྒོ་ནས་མངོན་མཐོ་དང་ངེས་ལེགས་ཀྱི་སར་སྦྱོར་ནུས་པའི་ཆ་ནས་གྲུབ་པའི་དབང་ཕྱུག་ཀུ་ཀུ་རི་པ་སོགས་(༤༩ན)


GLG009_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

གཟོད་མ་ཉིད་ནས་བསྐྱེད་རིམ་མཐར་ཕྱིན་ཅིང་རྫོགས་རིམ་གྱི་རྟོགས་པ་ཀློང་དུ་གྱུར་པས་གྲུབ་པ་བརྒྱད་དང་ཞི་སོགས་ཀྱི་ལས་རབ་འབྱམས་ལ་ཆགས་ཐོགས་མི་མངའ་ཡང་ཐུབ་བསྟན་འཇིག་པ་ལ་ཉེ་བ་ལྟ་བུ་བྱུང་ན་མིན་པ་སྐུ་ལ་སྡོ་བ་སོགས་ཐུགས་སུན་དབྱུང་བའི་མ་རུངས་སྐྱེ་བ་དུ་མར་དྲག་ཤུལ་གྱི་ཆོ་ག་མཛད་པ་ལྟ་ཅི། དེ་དག་མི་དགེ་བའི་མཐུས་ངན་འགྲོ་མི་བཟད་པའི་དུཿཁས་མནར་བ་ལ་བརྩེ་བས་ཀུན་ནས་བླངས་ཏེ་ཐུགས་རྗེ་རྗེས་བཟུང་གི་ཏིང་ངེ་འཛིན་ལ་གཞོལ། བཀའ་ཆོས་གནང་ཚེ་གསུང་གདངས་སྙན་ཆགས་པ་ཐོས་པའི་མོད་ལ་སེམས་ཁོངས་རང་བཞིན་གྱིས་ལྷོད་འགྲོ། ཕྱི་རོལ་ཏུ་ཉོན་མོངས་པ་མེ་ལྟར་འབར་བས་གདུང་བཞིན་པ་བློ་བྲེལ་ཚུབ་ཚུབ་པ་དྲུང་དུ་སླེབས་པ་དང་ད་རེས་ཀྱི་སེམས་གནས་འགྱུར། ཇི་ཙམ་བསྡད་ཀྱང་སྡོད་སྤྲོ་བ་དང་སྐུའི་ཚུལ་ཁྲིམས་ཀྱི་དྲི་བསུང་ཚར་བས་ཁམས་གསལ་སིང་ངེར་དྭངས། ཐུགས་དམ་མཛད་སར་བསྡད་ན་བྱིན་རླབས་ཀྱིས་རང་གི་དགེ་སྦྱོར་ཡང་གནས་གཞན་དུ་བྱས་པ་དང་ཡེ་མི་འདྲ་བ་ཡོད། དབང་རྗེས་གནང་གི་དུས་ཟིལ་ཆེ་བས་ད་ལྟར་རང་བྱིན་རླབས་ཁྱད་པར་ཅན་ཞུགས་བྱུང་སྙམ་པ་འབྱུང་བས་མཚོན་ཏེ་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་དཔོག་པར་མི་ནུས་པ་བློ་དམན་རྣམས་ཀྱི་ཡུལ་མ་ཡིན་ནོ། །འཁོན་རིགས་འཇམ་དཔལ་དཔའ་བོ་རིམ་བྱོན་གྱིས། །ཚིག་བརྒྱུད་རིན་ཅེན་རྩིང་སྤྱོད་འདམ་བྱིང་ལས། །རྣམ་དཔྱོད་ཤིང་རྟས་འདྲེན་པའི་ས་སྐྱ་བ། །དབྱེ་མོད་ཤུལ་དུ་སྐྱེས་པའི་ཙན་དན་བཞིན། །ཕ་བཟང་གོང་མའི་ཕྱག་བརྒྱུད་ཁྱད་པར་ནོར། །ཕ་རོལ་(༤༩བ)


GLG009_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

གཡེངས་ཁྱེར་ཡ་མ་བརླས་བོར་བའི། །ཕ་ཆོས་གནས་གསར་བླ་མའི་བཀའ་དྲིན་ལས། །ཕ་རྒོད་ཀུན་དགའི་མཚན་ཅན་སྙིམ་པར་སོན། །ལོག་རྟོག་བ་ཚྭས་ཉེར་གང་ཆུ་ཀླུང་ཆེ། །སྙན་བརྒྱུད་རྀ་ཥིས་ཡན་ལག་བརྒྱད་ལྡན་དུ། །བསྐྲུན་པར་ཁའུའི་བྲག་ནས་སྟོབས་འཕྲོག་དབང་། །དགྱེས་པས་བྲམ་ཟེའི་གཟུགས་ཀྱི་ཟློས་གར་བསྒྱུར། །རྡོ་རྗེ་སྲིན་པོ་གཟི་བྱིན་འབར་བའི་སྟེང་། །རྗེ་བཙུན་བརྩེ་ཆེན་མངོན་སུམ་རབ་གསལ་བ། ཁོ་བོས་བསྟན་པའི་མར་མེ་ཆེས་སྤར་བའི། །མེ་རོ་ད་གདོད་གསོས་ཞེས་གཟེངས་བསྟོད་སྙམ། །ཕྱག་ན་པདྨའི་དཀྱིལ་འཁོར་འཁོར་ལོ་རུ། །སྐྱེ་བདུན་ཤ་ལ་བརྟེན་པའི་སྒྲུབ་པ་ཡིས། །སྲིད་པའི་དུཿཁ་བཅིལ་བའི་མྱོང་གྲོལ་རྫས། །འདི་ཀོ་རིས་བྲལ་འགྲོ་སྲོག་འཚོ་བའི་སྨན། །དབང་པོའི་བཞུ་རིས་ཕུབ་པའི་ལྡིང་ཁང་ན། །ཕང་ཕུང་མནྡ་ར་བའི་འདབ་འཕྲེང་གཡོ། །སྔོན་མེད་དངར་བའི་དྲི་བཟང་རབ་འཐུལ་པ། །ཨ་ཧོ་ལེགས་བྲིས་མཆོད་པའི་རྣམ་འཕྲུལ་མཚར། །ངན་འགྲོའི་གཡང་ལ་གོམ་པ་ཡོངས་འཕྱན་པའི། །ཉམ་པའི་འགྲོ་མང་ཐབས་མཁས་མཛད་པ་ཡིས། །འདྲེན་ཕྱིར་ཀཱ་ལ་ཤ་ནང་པད་དཀར་འཆང་། །མངོན་སུམ་བྱོན་དེས་ཡིད་ཀྱི་གདུང་བ་སེལ། །ལེགས་ལྡན་དམར་ཟླུམ་སྤྱན་གྱིས་ཆིག་བརྒྱུད་སྣོད། །ཉེར་གཟིགས་ལུང་བསྟན་ཆོས་ཀྱི་རྒྱལ་ཚབ་ལ། །ཚར་ཆེན་བླ་མའི་གདམས་ངག་བུམ་པ་གང་། །ཐུགས་གསང་ཟ་མ་ཏོག་བྱོ་དེ་རྨད་བྱུང་། །འཇམ་མགོན་དགྱེས་པའི་མཁྱེན་རབ་མཁའ་ལྟར་ཡངས། །འཇིག་རྟེན་དབང་ཕྱུག་བརྩེ་བའི་རྗེས་སུ་འགྲོ། །ལག་ན་རྡོ་རྗེའི་མཐུ་སྟོབས་གཟི་འབར་(༥༠ན)


GLG009_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

བས། །ངེས་རྙེད་དད་པའི་སྤུ་ལོང་ཅི་ཡང་གཡོ། །སྐུ་ཅུང་ཟད་ཧྲེབ་པ་སོགས་གང་ཅི་ནས་ཞིང་འདིར་བཞུགས་པར་མི་བཞེད་པའི་རྣམ་པ་ཅི་རིགས་བྱུང་བར་ཁྱབ་བདག་བཀའ་འགྱུར་བ་ཆེན་པོས་བརྟན་བཞུགས་དང་གསོལ་འདེབས་ཡང་ཡང་གནང་བའི་ཐུགས་དང་རིམ་གྱིས་བསྲིངས་ཤིང་ཁྱད་པར་འཆི་མེད་མགོན་པོའི་སྒོ་ནས་སྐུ་ཚེ་སྤེལ་བའི་གསུང་ཆོག་རྒྱས་པར་མཛད་དུས་དགུན་གྲང་སྒང་ཡིན་རུང་ཚེ་གཏོར་ཞོ་ལྟར་གྱུར་པ་སོགས་དཔོན་སློབ་གཉིས་ཀའི་ཐུགས་རྗེ་དང་བྱིན་རླབས་ཀྱིས་ངོ་མཚར་ཅི་ཡང་ཤར། འཕྲིན་ལས་རྒྱ་མཚོ་ཟེར་པར་བློ་སྐྱོན་ཆེར་མེད་འདུག་ནའང་ཞབས་དྲུང་དབོན་དབུས་ཕྱོགས་སུ་ཕེབས་འགྱངས་ཟེར་མི་མང་བས་རྐྱེན་བྱས་དཔོན་སློབ་ཆེན་མོ་སྐུ་གདངས་ན་ནི་སྨོས་མ་དགོས་དེ་མིན་གཞན་དུ་གཤེགས་ན་འོང་བར་མཆིས་རྡོའི་དོས་འདྲ་ཞེས་སྐུར་པ་བཏབ་པ་བྱམས་པས་སྙན་དུ་གསོལ་བ་ན་ཁོ་བདེན་དབོན་དྲུང་གི་ངོ་མ་སྤོངས་པ་མིན་པ་ལུགས་གང་ནས་ཀྱང་སྡོད་འདོད་མེད་གསུང་བ། རྗེ་མཁྱེན་བརྩེའི་ཉམས་མགུར་དུ། སྙིང་ནས་དམ་ཆོས་འཚོལ་བའི་སྐྱེ་བོ་ལ། །ཆོས་མེད་སྐྱེ་ངན་དེ་དག་ལྷག་པར་སྡང་། །ཐ་ཆད་སྣུམ་གྱི་དྲི་མ་ཕྲ་མོས་ཀྱང་། །དཀར་གསལ་དར་གྱི་ཁ་དོག་ཉམས་པ་བཞིན། །བདུད་སྤྲུལ་སྐྱེ་ངན་དུ་མའི་བསམ་སྦྱོར་གྱིས། །དད་ལྡན་འགའ་ཡང་འབྲེལ་མེད་མུ་ཅོར་སྒྲོག །ད་ནི་ཁྱེད་རྣམས་བདེ་བར་བཞུགས་ཤིག་དང་། ཁོ་བོ་ཁྱོད་དགྱེས་བྱ་བ་མྱུར་བསྒྲུབས་ཀྱིས། །དུས་ཀུན་སྡིག་པའི་སོ་ནམ་མ་མཛད་པར། །ཞིམ་རྒུ་བཞེས་ཤིང་བདེ་བར་གཟིམས་སུ་གསོལ། །ཞེས་པའི་དོན་(༥༠བ)


GLG009_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་ཏུ་བབས་ཤིང་སྔར་ཁྱབ་བདག་ཞ་ལུ་པར་ལོ་ལྔ་བཞུགས་པའི་ཞལ་ལེན་གནང་བའང་ལྷག་དང་བཅས་གྲངས་ཐེངས་པའི་ཆུ་མོ་བྱའི་ལོའི་ཚེས་བཅུ་ཞིག་གི་སྐབས་གསུང་ཆོག་རྒྱས་པ་དང་གསོལ་ཇ་ཡང་བཟང་ཞིང་མང་བར་གནང་། མཇལ་མི་བྱུང་ཚད་ཐོང་གསུངས་པའི་ཐུགས་གཙིགས་ཆེ་བ་འདྲ་ལ་ཆེད་དུ་ཞུས་པ་ལ་མ་ལྟོས་པར་བཀའ་བསྒོའི་བྱིན་རླབས་མཛད། བྱམས་པ་བསྟན་འཛིན་ལ་དེ་རིང་ཨོ་རྒྱན་ཆེན་པོ་ཕེབས་པར་མཆོད་པ་བློ་ཁ་རྫོགས་པ་རང་བྱུང་། སྲོད་ཐུན་གྱི་གོང་དུ་ང་ཁོ་བོ་ནི་རྒྱབ་འགྲོ་བ་ཡིན་སུ་ལའང་མ་ཟེར་གསུང་བར་སྐུ་མི་བདེ་བ་མེད་དམ་ཞུས་པས་དེ་འདྲ་མི་བདོག་ཕེབས་པ་ལ་བྱམས་པས་ཞབས་དྲུང་དཔོན་རིན་པོ་ཆེར་རྒྱུ་མཚན་གསོལ་བ་ན་དེ་འཕྲལ་འབུལ་བ་བསྣམས་ཏེ་ཕེབས་ཚེ་དེ་སུ་ཡིན་གསུང་བར་བདག་ལགས་སྐུ་ལ་སྙུན་མེད་དམ་ཞུས་པས་གང་ཡང་མི་འདུག་བྱམས་པས་ཞུས་པ་འདྲ་གནང་བ་ལ་སྐུ་མི་བཞུགས་པའི་དགོངས་པ་བསྟད་ཡོང་འདུག་པས་དེ་ལྟར་གནང་ན་མི་ཡོང་ཚུལ་གྱི་གསོལ་འདེབས་སླར་ཡང་ནན་ཆེར་མཛད་རུང་དགོངས་པས་མ་བཞེངས་པར་ཅང་མི་གསུང་བར་ནི་བཞུགས་པའི་ཚུལ་གསལ་བར་བྱུང་བ་ན་དེ་བས་ཀྱང་ནན་ཏན་བསྐྱེད་དེ་ཕུར་བཙུགས་སུ་གསོལ་པ་བཏབ་པས་ཞིང་བརྗེ་བར་མངོན་དུ་ཕྱོགས་པ་དེས་དེ་འདྲ་རང་གནང་ཅི་དགོས་ཐུགས་དང་བསྟུན་ནས་སྡོད་པ་ལགས་པས་ཐུགས་འཁྱོག་པ་མཛད་མི་དགོས་རང་གནས་སུ་སྤྱོན་གསུང་། དེ་ལྟར་ཞལ་གྱིས་འཆེས་ནས་ལོ་རིལ་པོ་གསུམ་ལྷག་ཙམ་ཚེ་མཐའ་ཡས་པའི་ངོ་བོར་ཐུགས་བསྐྱེད་དེ་གདུལ་བྱའི་དཔལ་མགོན་དུ་བཞུགས། དགུང་ལོ་དང་སྐུ་གཅོང་གི་ཁྱད་ནས་ད་རང་ལམ་དུས་(༥༡ན)


GLG009_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དཀྱིལ་འཁོར་ཆེན་མོ་རྣམས་ལྕོགས་མདོག་མ་ཁ་བས་ཨོ་རྒྱན་སྒྲུབ་པ་ཁོ་ན་ལ་དྲིལ་ལམ་དགོངས་པའི་ནུབ་ཅིག་མནལ་ལམ་དུ་ཀྱེ་རྡོ་རྗེའི་ཐུགས་ཀར་སློབ་དཔོན་ཆེན་པོ་བཞུགས་འདུག་པ་གསལ་བར་ཤར་བས་མནལ་སད་ཙ་ན་གཅིག་ཏུ་བསྒྲིལ་ན་མི་ལེགས་པར་མཁྱེན་ཏེ་མྱ་ངན་ལས་མི་འདའ་བའི་བར་དུ་ལམ་དུས་ཐུན་གཉིས་མ་ཆག་པར་མཛད་ཅེས་རྗེ་བཀའ་འགྱུར་བ་ཆེན་པོ་གསུང་། ཤིང་ཕག་ལོར་རི་ཕུག་ནས་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་ཀྱིས་མཇལ་བར་ཕེབས་དུས་གསུང་གླེང་མང་དུ་གནང་བའི་མཐར་ཕྱག་མཐེབ་ཀེར་ཏེ་རིན་པོ་ཆེ་ནུ་རོ་ལ་ཞེས་རྗེ་ཞ་ལུ་བའི་ཕྱག་ནས་འཇུས་འཕྲེང་ཚུལ་གྱི་ཆོས་དང་འབྲེལ་བའི་ཞལ་གདམས་མཐའ་ཡས་པ་གནང་ནས་དགྱེས་དགྱེས་མཛད། དེའང་རྗེ་བཙུན་རྡོ་རིང་པ་ཆེན་པོས་ཆོས་རྗེ་རྡོ་རྗེ་འཆང་གིས་ཀྱང་དོན་ལྔ་ལས་མ་ཞུགས་ཁོ་བོ་དོན་བདུན་གྱི་ཁར་སླེབས་བླ་མ་བདུན་ཅུ་རྩ་གཉིས་ཀྱི་ཐུགས་ཟིན་པ་སོགས་སྐུ་ཚེ་འདིའི་བཞེད་པ་མཐའ་དག་ལྷུན་གྱིས་གྲུབ་ནས་ཞིང་ཁམས་གཞན་དུ་གཤེགས་པ་ལ་སྤྲོ་བའི་ཚུལ་རྣམ་ཐར་དུ་གསལ་བ་དང་མཚུངས་པའི་དགུང་ལོ་ཡང་མཐུ་སྟོབས་ཀྱི་དབང་ཕྱུག་བསོད་ནམས་ཆོས་འཕེལ་དང་སྙོམས་པའི་དོན་བརྒྱད་དུ་ཕེབས་པ་དང་དེ་བར་རྒྱལ་བསྟན་སྤྱི་དང་བྱེ་བྲག་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་ཡབ་སྲས་བརྒྱུད་པར་བཅས་པའི་རིང་ལུགས་རྒྱལ་ཚབ་རིན་པོ་ཆེ་འཇམ་མགོན་བསོད་ནམས་མཆོག་ལྡན་གཙོ་བོར་གྱུར་པའི་བསྟན་འཛིན་རྣམས་ཀྱི་ཕྱག་ཏུ་ལེགས་པར་འཕྲོད་པས་རྔ་ཡབ་དཔལ་གྱི་རི་བོར་སངས་རྒྱས་གཉིས་པ་ཨོ་རྒྱན་ཆེན་པོའི་འདུས་པའི་(༥༡བ)


GLG009_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་གྲལ་དུ་བསྒྲིག་པར་སྤྲོ་བ་དང་ཟླ་བ་གཅིག་ལས་གཟུགས་བརྙན་འབུམ་ཕྲག་མཚོ་རྫིང་དུ་འཆར་བ་ལྟར་དག་པ་དང་མ་དག་པའི་ཞིང་ཁམས་མཐའ་ཀླས་པར་སེམས་ཅན་གྱི་དོན་རླབས་པོ་ཆེ་མཛད་པར་དགོངས་ཏེ་འཛིན་བྱེད་ཅེས་པ་མེ་ཕོ་བྱི་བའི་ལོའི་ཆུ་ཤེལ་གྱི་དབང་པོ་སྨིན་དྲུག་གི་དགའ་མ་དང་རྩེ་བའི་དཀར་ཆའི་བཟང་པོའི་ཉི་མ་ནུབ་རིར་གཞོལ་བའི་ཚེ་གཟུགས་སྐུ་མཚན་དཔེའི་དཀྱིལ་འཁོར་ཆོས་སྐུའི་ཀློང་དུ་སྡུད་པར་མངོན་དུ་ཕྱོགས་པའི་རླུང་གི་འགྲོ་འོང་རྒྱུན་ཆད་པ་ན་ཁྱབ་བདག་བཀའ་འགྱུར་བ་ཆེན་པོས་སྐུ་ལ་འཇུས་ནས་གསོལ་འདེབས་གནང་བས་གསོས་པ་ལྟ་བུར་སྤྱན་ཧུར་གྱིས་གཟིགས་ཏེ་ད་ལྟ་རྡོ་རྗེ་འཆང་ཚར་པ་ཆོས་རྗེ་དང་ཐམས་ཅད་མཁྱེན་པ་གཉིས་བཀྲ་ལམ་གྱི་ཕེབས་བྱུང་བར་རང་སེམས་བླ་མའི་ཐུགས་དང་དབྱེར་མེད་བདེ་བ་ཆེན་པོའི་ངང་ལ་ཆམ་མེར་འགྲོ་བ་དེ་སད་པ་ཞིག་བྱུང་ཕེབས་པ་མཁན་ཆེན་ཡོལ་པ་གཤེགས་གདོང་སྡེ་པ་དངོས་གྲུབ་རྡོ་རྗེས་གསུང་ཆེན་པོའི་གསོལ་འདེབས་ཀྱི་ཐུགས་དམ་སད་དེ། བཀའ་ལས། དེ་མིན་ན་སྟེང་གི་མཐོངས་དཀར་འགྲམ་འདི་རིན་པོ་ཆེ་ཚར་པ་ཕེབས་བྱུང་བ་ལ་གསོལ་བ་བཏབ་པས་སྐུ་དེ་རྡོ་རྗེ་འཆང་དངུལ་ཆུའི་མདོག་ལྟ་བུ་ཞིག་ཏུ་གྱུར་པར་མཐོང་བའི་མོད་ལ་རིག་པ་ཐིམ་པ་བྱུང་བས་དེའི་ངང་དུ་སོང་ན་དོན་ཆེན་པོ་གྲུབ་པ་ལས་འགྱངས་ཏེ་ཞག་བཅུའི་བར་ནད་ཀྱིས་མནར་བའི་ལུས་འདི་ལ་སྡོད་དགོས་པར་འདུག །ཅེས་པ་དང་ཕྱོགས་མཚུངས་པའི་ཐུགས་དམ་སད་པར་སྣང་། ལོ་གྲངས་དེ་ཙམ་ཞིག་ཁྱེད་ཀྱི་ཐུགས་དང་བསྟུན་ཡོད་ཆ་དེ་འདྲ་མཛད་གཞན་འདྲ། འོན་ཀྱང་ཁྱེད་ལ་བལྟོས་བཅས་མཐའ་དག་བྱང་(༥༢ན)


GLG009_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱི་བར་དུ་རྗེས་སུ་འཛིན་ནོ་ཞེས་ཞལ་གྱིས་བཞེས་ནས་སྣང་མཆེད་ཐོབ་གསུམ་གྱི་མཐར་འཆི་བ་འོད་གསལ་ཆོས་ཀྱི་སྐུའི་ངང་དུ་ཐུགས་དམ་ལ་ཞག་གཅིག་གི་རིང་བཞུགས། དགོངས་རྫོགས་ཀྱི་གྲབས་ཡུལ་ཐུགས་གྲ་འགྲིག་མི་འགྲིག་ཁྱད་ནས་ཞག་འགའ་ཞིག་གསང་བའི་ཚུལ་གནང་། རྗེ་བཀའ་འགྱུར་བ་ཆེན་པོ་སང་ཕྱི་དྲོ་གདུང་མཇལ་ལ་ཕེབས་ཤིན་ཏུ་འདོད་པ་བྱུང་བས་བྱོན་པ་དང་ཐུགས་དམ་གྲོལ་བ་འགྲིག །ཤངས་གཡས་ནས་བྱང་སེམས་དཀར་པོ་ཁྱོར་བ་གང་ཙམ་ཕེབས་པ་ཞལ་དུ་མཆོད་པས་ཉམས་རྟོགས་ཀྱི་བོགས་ལྷག་པར་ཆེ་ཞིང་རྡོ་རྗེ་འཆང་ཀུན་སྤངས་ཆོས་རྗེས་མེ་ཏོག་འཐོར་བའི་དུས་སྐུ་ཁམས་ཟགས་ཏེ་བཞུགས་སྟན་སྟེང་དུ་འཁྱིལ་ཁ་ཚར་ཆེན་ཆོས་ཀྱི་རྒྱལ་པོས་ལྷག་མེད་དུ་བཞེས་པ་སྙན་བརྒྱུད་ཀྱི་བསྟན་པ་ཟིན་པའི་རྟེན་འབྲེལ་འགྲིག་པ་དང་དབྱིབས་འདྲ་བར་མཆིས།རྗེ་བླ་མའི་གདུང་ཁང་གི་གཡས་སུ་ཐུགས་དམ་རྟེན་གྱི་ཀྱེ་རྡོར་གྱི་སྐུ་ཞིག་ཡོད་པ་ཞལ་ཐད་སོར་བསྒྱུར་རུང་སྐུ་གདུང་རིན་པོ་ཆེར་ལན་གསུམ་འཆུས་པ་བྱུང་། ཞིང་བརྗེས་པའི་ཉིན་ནས་རླུང་ཕྲ་མོ་ཙམ་གྱིས་འགྱུ་བ་འགགས་ཏེ་ནམ་མཁའ་མཐིང་ཞུན་པའི་མདོག་ལྟར་སྔོ་ལ་སྟོན་གྱི་རྡུལ་བྲལ་བཞིན་དྭངས་པར་ལྷའི་ཚོགས་ཀྱིས་མེ་ཏོག་འདབ་མ་བཞི་པ་དང་ལྔ་པ་སོགས་ཡུ་བ་ལྡན་པའི་ཆར་བུ་ཡུག་ལྟ་བུར་འཚུབས། ཤེལ་ལ་ཚོན་རིས་ཀྱི་ཁ་དོག་བསྒྱུར་བ་འདྲ་བའི་དབང་པོ་གཞུས་ཕྱོགས་ཀུན་ཏུ་དཀྲིས། ཆེད་དུ་སྤར་བའི་སྤོས་དུད་ཀྱིས་བསྐྲུན་པར་མི་ནུས་པའི་གདུང་ཡིད་བཞིན་གྱི་ནོར་བུ་ལས་སྔར་མ་མྱོང་བའི་དྲི་ཕུན་སུམ་ཚོགས་པ་ལྡང་བ་སོགས་ངོ་མཚར་བའི་དགེ་མཚན་ཇི་སྙེད་པ་བྱུང་། དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་(༥༢བ)


GLG009_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་མགོན་པོ་བླ་མ་རྡོ་རྗེ་འཆང་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནམ་མཁའི་ཁམས་ཡོངས་སུ་གང་བ་ཏིང་ངེ་འཛིན་གྱི་མཐུས་སྤྲུལ་བར་མ་ཟད་དངོས་སུའང་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་བརྒྱ་ཕྲག་ཏུ་ལོངས་པ་ཉིན་རེ་བཞིན་བསྟར་བར་མཆོད་དཔོན་འཇམ་དབྱངས་རྒྱལ་མཚན་གཅིག་པུས་ལག་དར་བས་ཉིན་མཚན་ཀུན་ཏུ་ངལ་བའི་དཀའ་ཐུབ་ལ་བརྟེན་པའི་ཚོགས་བསགས། དགྱེས་རྡོར། འཇིགས་བྱེད། ཡང་གསང་ཁྲོས་པ། ཀུན་རིག །སྨྱུང་གནས་དང་ལྔའི་གདུང་ཆོས་བཙུགས། རི་ཕུག་ནས་ཁྱབ་བདག་ཞ་ལུ་པ་ཆེན་པོ་ཕེབས་པ་རྒྱང་གཟིགས་ནས་ནམ་མཁའ་གཡའ་དག་པ་ལ་འཇའ་དཀར་སྐུ་གདུང་རིན་པོ་ཆེར་མདུང་ཚུགས་སུ་ཟུག་པས་མཚོན་པའི་གཟིགས་སྣང་ཁྱད་པར་ཅན་བྱུང་བར་གདའ། ཞབས་དྲུང་དབོན་དང་རྗེ་ཞ་ལུ་པ་གཉིས་གསོལ་ཚིགས་གནང་བའི་ཚེ་ནམ་མཁའ་ཐམས་ཅད་མེ་ཏོག་གི་ཆར་གྱིས་གང་བས་ཆོས་ཆེན་གྱི་རྒྱ་མཐོངས་ལ་མི་ཤོང་བ་ལྟ་བུ་བབས། ཉེ་སྐོར་གྱི་སེར་ཚོགས་གྲལ་དབུར་ཡངས་ཅན་མཁན་རིན་པོ་ཆེ་ངག་དབང་ཆོས་གྲགས་གདན་དྲངས་པའི་ཚ་ར་མང་ཇ་འགྱེད་འབུལ་བ་སོགས་གྱ་ནོམ་པས་བསྙེན་བཀུར། ཡུལ་མི་རྣམས་ལ་འབྲུ་ཁྲོ་ཟངས་སོགས་ཀྱི་སྦྱིན་གཏོང་མཛད། ཧོར་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཀྱི་ནུབ་ཀྱེ་རྡོར་མན་ངག་ལུགས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་སྐུ་གདུང་རིན་པོ་ཆེ་དཔལ་ཧེ་རུ་ཀཿཞལ་བརྒྱད་པའི་རྣམ་པར་གྱུར་པ་ལ་རྫས་ཆེན་བཅུ་གཉིས་གཙོ་བོར་གྱུར་པའི་མཐའ་ཀླས་པའི་མཆོད་པ་ཐམས་ཅད་མཆོད་བྱ་མཆོད་བྱེད་དང་བྲལ་བའི་གནས་ལུགས་རང་ངོ་དོན་གྱི་བླ་མར་རྟོགས་པའི་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཉིད་ཀྱིས་ཕྱག་དར་ནས་ཞུགས་སུ་(༥༣ན)


GLG009_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་བའི་སང་ཉིན་ནམ་མཁའ་ཐམས་ཅད་འཇའ་སྤྲིན་དང་ལྷ་རྫས་མནྡར་བའི་ཆར་གྱིས་གང་། པུར་ཁང་ཞལ་ཕྱེ་བས་ཚོམས་ལ་དུང་དཀར་གཡས་འཁྱིལ་མགོ་སྤྲོད་དབར་དུ་འཕེལ་གདུང་ཡུངས་ཀར་སྤུངས་པ་ལྟ་བུ་བྱུང་། ས་སྐྱར་དཀར་པོ་རྒྱང་གྲགས་བུས་པའི་ཚིགས་སུ་མང་འགྱེད་ཚ་ར། བཞི་ཐོག་ཏུ་བདག་ཆེན་ཁྲི་རིན་པོ་ཆེར་འབུལ་བ། གཙུག་ལག་ཁང་དང་མགོན་ཁང་རྣམས་སུ་མཆོད་པ། ཁའུ་སྐྱེས་ལྷས་སུ་མང་ཇ་ཞྭ་འགྱེད། ཞ་ལུར་མང་ཇ་ཚ་ར། ས་ལུགས་གཙོ་བོར་གྱུར་པའི་དབུས་གཙང་གི་དགོན་པ་མང་དག་ལ་མང་ཇ་བསྔོ་རྟེན། ཡར་ཀླུངས་སུ་སེར་ཚོགས་རྒྱས་པའི་གྲལ་དབུར་རྡོ་རྗེ་བྲག་ནས་བྱང་བདག་རིགས་འཛིན་ཆེན་པོ་གདན་དྲངས་པའི་འབུལ་བ་མང་འགྱེད་ཚ་ར། བཀྲ་ཤིས་རྩེ་ཆོས་སྡེར་རྡོ་རྗེ་འཆང་གི་སྐུ་བརྙན་གཙོ་བོར་བཞུགས་པའི་ལམ་ཟབ་ལྷ་ཁང་དངོས་གཙང་བ། ནག་པ་ཟླ་བར་དཔལ་དུས་ཀྱི་འཁོར་བོའི་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་སྟར་ཆགས་སུ་བཙུགས། ཚར་ཆེན་ཡབ་སྲས་གསུམ་གྱི་བཀའ་འབུམ་གསར་བཞེངས་སོགས་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་གྱི་ཐུགས་ཁུར་བཞེས་ཏེ་དྲིན་ཅན་བླ་མ་གདན་གསུམ་ཚང་བའི་རྡོ་རྗེ་སློབ་དཔོན་གང་གི་དགོངས་པ་ཟག་མེད་ཆོས་ཀྱི་དབྱིངས་སུ་རྫོགས་པར་མཛད་དོ། །འགྲོ་ཆེད་མནར་མེད་གནས་སུ་འཇུག་པ་ལ། །རྒྱལ་དང་དེ་སྲས་སྤྲོ་དགའ་ཆེར་ལྟ་ན། །མི་བསྲུན་ཚེར་མལ་གྱིས་འབྱུང་ཞི་བའི་དབྱིངས། །གཟིམས་པར་མཛད་ན་སེམས་པའི་ངང་ཚུལ་ཅི། །འཆི་མེད་ལེགས་ལྡན་མགོན་པོ་ལ་བརྟེན་ནས། །འཆི་བའི་དངོས་བརྒྱ་འཇོམས་པའི་རྟེན་འབྲེལ་མཐུས། །འཆི་བདག་བདུད་སྡེའི་དཔུང་བཅས་ཟིལ་མནན་ཏེ། །འཆི་གསོས་སྨན་བཞིན་གདུལ་བྱའི་རེ་བ་བཀང་། །ཡིད་སྲུབས་འཇམ་མཉེན་(༥༣བ)


GLG009_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་ཡིས་རྙིང་ཕུག་པས། །ཡིད་དབང་རྣལ་དུ་མ་གྱུར་སྨྲ་བརྗོད་འགས། །ཡིད་མང་མནར་བྱེད་དུཿཁ་ཚེར་མ་དེ། །ཡིད་ཅན་འདྲེན་མཆོག་གསོལ་བཏབ་མཐུ་ངེས་ཕྱུངས། །མཚུངས་མེད་བླ་མའི་སྲས་ཀྱི་ཐུ་བོ་མཆོག །རིང་ལུགས་ཕ་མཐར་སྤེལ་བའི་ཞ་ལུ་པར། །བྱང་ཆེན་བར་དུ་རྗེས་འཛིན་བརྡ་ཐབས་སུ། །ཐ་མའི་གསུང་གི་གནང་བ་ཅི་ཡང་སྩལ། །ཀྱེ་མ་མགོན་ཁྱོད་ཐུགས་རྗེ་ཉིན་མོར་བྱེད། །འཆར་ནུབ་སྤངས་ཀྱང་སྐལ་ངན་འགྲོ་བའི་ངོར། །དམ་པའི་ཆོས་ཀྱི་སྣང་བ་འོད་པོ་ཆེ། །བཞུད་པས་སྟུག་པོའི་སྨག་གིས་ཁྱབ་འདི་སྐྱོ། །སཱ་ལའི་ལྗོངས་འདིའི་སྐྱེ་རྒུ་ཡོངས་བོར་ནས། །བརྩེ་མེད་མཁའ་སྤྱོད་གཤེགས་ལ་ངོ་མཚར་ལྟས། །བློ་བྲིད་འདི་ལ་དགའ་བར་སེམས་པ་རྣམས། །མ་གས་སྙིང་དེ་ལྕགས་ཀྱི་གོང་བུར་ཟད། །རྣམ་ཀུན་མཆོག་ལྡན་ཟུང་འཇུག་ཕྱག་རྒྱ་ཆེར། །དང་པོའི་མགོན་པོར་བཞེངས་ལ་བལྟོས་མིན་ཀྱང་། །འགྲོ་བའི་ཚོགས་ཆེན་རྫོགས་སླད་རྒྱལ་ཚབ་རྗེས། །ཀུན་བཟང་མཆོད་སྤྲིན་མཁའ་ངོས་དོག་པོར་བཀང་། །ཞིང་འདིར་གཟུགས་སྐུའི་རི་བོར་རབ་བཏང་ཡང་། །ཆ་ཤས་ཉེར་གང་སྙིང་རྗེའི་ཟླ་དཀྱིལ་ངོས། །ལྷག་བསམ་རི་དྭགས་སྣང་བརྙན་རྟག་འཆར་བའི། །ངང་ཚུལ་འདི་ལ་བསམ་སྐྱིན་རྩེ་དགའ་རྒོད། །དེ་ལྟར་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་ཆེན་པོའི་ཐུན་མོང་བའི་གདུལ་བྱ་རྣམས་ཀྱི་སྣང་ངོར་ངུར་སྨྲིག་གར་གྱིས་རོལ་བ་མཁས་པ་དང་གྲུབ་པའི་འཁོར་ལོས་བསྒྱུར་བ་རྗེ་བཙུན་དབང་ཕྱུག་རབ་བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ནི་རྒྱ་མཚོ་ཆེན་པོ་ལྟར་གཏིང་དཔོག་པར་མི་ནུས་ན་བདག་འདྲའི་བློ་དམན་ཚོགས་ཀྱིས་ཚང་བར་བརྗོད་པ་ནི་ལྟ་ག་ལ་ཞིག །འོན་ཏེ་ཆ་ཤས་ཙམ་གྱིས་ཟིན་བྲིས་གཉིས་གསུམ་སྣང་བའང་ཕན་(༥༤ན)


GLG009_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཚུན་གོ་བསྡུར་ཚེ་ལོ་ཟླ་སོགས་ནོར་འཁྲུལ་འགའ་ཞིག་མཆིས་པ་མི་ཐོག་བརྗེས་པའི་རྒྱུས་ཡོད་ཀྱང་དཀོན་གཤིས་དྲི་ཡུལ་ཡང་ཆེར་མི་འདུག་མོད་འོན་ཀྱང་རིན་པོ་ཆེ་ཡོལ་པ་བ། མཁན་ཆེན་བསླབ་གསུམ་རྒྱལ་མཚན། སྔགས་འཆང་ཆེན་པོ་བསོད་ནམས་ཆོས་འཕེལ་གསུམ་གྱི་རྣམ་ཐར་ལ་ཞིབ་ཏུ་དཔྱད། ཁྱབ་བདག་ཞ་ལུ་པ་ཐུགས་རྒྱུས་མངའ་བ་རྣམས་ལ་དྲི་མོལ་ཞུས། རྡོ་རྗེ་འཆང་བཀའ་འགྱུར་བའི་གསུང་བགྲོས་ཐོར་བུ་བློར་ཟིན་པས་བརྒྱན། དུས་ཚེས་སོགས་ངེས་པ་དང་གཏན་ཚིགས་ཀྱིས་བསྒྲུབ་རུང་གི་སྟེང་དུ་བག་ལ་ཉལ་གྱི་ཚོགས་ཀྱང་རུང་མཐུན་སྦྱར་ཏེ་བྲིས་པ་སྤྱིར་སོ་སོ་སྐྱེ་བོ་འཁྲུལ་བའི་རང་བཞིན་ཅན་ཡིན་པར་མ་ཟད་ས་བོན་ཧ་ཅང་མི་གསལ་བ་སོགས་ནས་ནོངས་པའི་ཚོགས་ཡོད་ནའང་བླ་མ་ཚང་མའི་དུས་ཀྱི་བརྒྱུད་པ་ལ་ཕན་པའི་ལྷག་བསམ་གྱིས་བཀོད་ཟིན་ཏོ། །བློ་འདས་གདོད་མའི་མགོན་པོ་ཆོས་སྐུའི་དབྱིངས། །མཚན་དཔེའི་དཔལ་འབར་ལོངས་སྐུ་རྟ་ལྗང་ཅན། །སྤྲུལ་སྐུའི་འོད་ཟེར་འཕྲོ་བའི་བསམ་པ་དང་། །འཚམ་པར་སྤྲོ་བའི་ཕ་མཐའ་གང་གིས་རྙེད། །འོན་ཏེ་དབང་ཕྱུག་ཡོན་ཏན་བརྒྱད་ལྡན་པ། །མཁྱེན་རབ་ནོར་འཛིན་བུ་མོའི་མངལ་ཡངས་པོར། །ལུང་རྟོགས་ཡོངས་འདུའི་རྩ་བ་ཆེས་བརྟན་པའི། །སྒྱུ་འཕྲུལ་གར་ལས་འདོད་དགུའི་གྲུ་ཆར་ཕོབ། །སྙིང་པོའི་ཚད་ལྡན་ཡང་སྲིད་བདག་ཆེན་རྗེ། །སྙན་བརྒྱུད་ཆོས་ཀྱི་ཉི་མ་རྡོ་རིང་པ། །སློབ་བཤད་ཤིང་རྟའི་སྲོལ་འཛིན་ཚར་པ་རྗེ། །རྣམ་གསུམ་བསྟན་པའི་ཆེད་དུ་ཁྱེད་བྱོན་སྙམ། །མཁྱེན་བརྩེ་ནུས་པའི་དབང་ཕྱུག་བླ་མ་དེའི། །གདུང་འཚོབ་བསྟན་པའི་རྒྱལ་སྲིད་ཉེར་བསྐྱངས་ཏེ། །བཤད་སྒྲུབ་རིང་ལུགས་དར་མཛད་གནས་གསར་བའི། །རྟོགས་བརྗོད་ཟླ་བས་སྙིང་གི་ཟུག་རྔུ་འབྱིན། ཁྱོད་ཞབས་བསྙེན་པའི་(༥༤བ)


GLG009_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་བ་ཆེས་དམན་ཡང་། །གསུང་རྒྱུན་བདུད་རྩི་ངེས་ལེགས་སྲོག་ཟུངས་སུ། བསྒྱུར་ཕྱིར་དང་བས་རྣམ་ཐར་གླེང་བ་འདི། །ཨ་ཧོ་ལས་དཀར་མཐུ་ཡིས་རྙེད་ལ་རངས། །བསོད་ནམས་ཡོངས་བྱས་ཏེ་སེའི་གཙུག་གཏོར་ནས། །སློབ་བཤད་ཡན་ལག་བརྒྱད་ལྡན་ཉལ་འགྲོའི་ཀླུང་། །བགྲང་རིང་སྐྱེ་བའི་བློ་གྲོས་ཆུ་གཏེར་ནང་། །རབ་འབབ་ཐོས་བསམ་སྒོམ་པས་རོ་གཅིག་ཤོག །སྡེ་སྣོད་གསུམ་དང་རྒྱུད་སྡེ་ཀུན་གྱི་བཅུད། །ལོ་པཎ་ཞལ་དྲོད་མ་ཡལ་གསང་བའི་ཆོས། །ལེགས་འཛིན་བརྒྱུད་པ་མུ་ཐི་ལ་ཡི་འཕྲེང་། །ཐུབ་བསྟན་དེ་སྲིད་ཆད་མེད་དར་གྱུར་ཅིག །ཅེས་དཀྱིལ་འཁོར་རྒྱ་མཚོ་སྤྲོ་བ་དང་བསྡུ་བའི་བྱེད་པ་པོ་དཔལ་ལྡན་རྡོ་རྗེ་སེམས་དཔའ་དབང་ཕྱུག་རབ་བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་བརྗོད་བདུད་རྩིའི་ཟ་མ་ཏོག་ཅེས་པ་འདི་ནི་མཁན་ཆེན་རྡོ་རྗེ་འཛིན་པ་ཆེན་པོ་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱིས་རིང་པོ་ནས་གྱིས་ཤིག་པའི་བཀའ་སྩལ་དང་དབོན་མཁྱེན་རབ་བློ་ལྡན་དང་མཁྱེན་རབ་རྣམ་རྒྱལ་གཉིས་ཀྱིས་ཀྱང་བསྐུལ་བ་ལ་བརྟེན་ནས་བགྱིད་མདུན་ཆེ་ནའང་དོན་མེད་ཀྱི་གཡེང་བས་སྙོམས་ལས་སུ་ལུས་པ་ཉེ་ཆར་ཨཱ་ནལ་ཞེས་པ་མེ་འབྲུག་ཧོར་ཟླ་གཉིས་པའི་མཇུག་ནས་སྙན་བརྒྱུད་བསྟན་པའི་ཉི་མ་མཁན་ཆེན་ཞ་ལུ་པ་ཆེན་པོས་སྐྱིད་ཤོད་ལྷོ་མོས་གཞིས་ཀར་གསུང་ངག་རིན་པོ་ཆེ་ལམ་འབྲས་སློབ་བཤད་འཛུགས་པ་གནང་སྐབས་གསང་ཆེན་བསྟན་པའི་ཤིང་རྟ་པ་བཅོ་བརྒྱད་ཆོས་རྗེ་བྱམས་པ་ངག་དབང་ལྷུན་གྲུབ། ཁྱབ་བདག་བཀའ་འགྱུར་བ་ཆེན་པོའི་དབོན་རིན་པོ་ཆེ་ནམ་མཁའ་བསོད་ནམས་དབང་གི་རྒྱལ་པོ། གྲུབ་པའི་དབང་ཕྱུག་ལྕགས་ཟམ་པའི་གདུང་འཛིན་སྒེར་པ་ཆོས་རྗེ་ངག་དབང་(༥༥ན)


GLG009_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་འཛིན་ཕུན་ཚོགས་གསུམ་གྱིས་ལམ་འབྲས་བརྒྱུད་པའི་རྣམ་ཐར་ཁ་སྐོངས་ལ་ད་ལམ་ཅིས་ཀྱང་དགོས་ཞེས་གསུང་གིས་བསྐུལ་བ་ལྟར་ཀུན་སྤངས་ཆོས་རྗེའི་རིང་ལུགས་ལ་རྒྱུ་མཚན་ཤེས་ནས་དད་པ་ཐོབ་པའི་སློབ་བཤད་འཛིན་པ་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་ནག་པ་ཟླ་བའི་ཉེར་གཉིས་ཟླ་བ་གྲོ་བཞིན་གྱི་འགྲུབ་སྦྱོར་ལ་དབུ་བཙུགས་ཀྱང་སོམ་ཉིར་གྱུར་པའི་དོགས་གཅོད་འདྲས་བུལ་འགྲོས་ཀྱི་ངོས་ཆུ་ཤེལ་གྱི་དབང་པོ་སྣྲོན་གྱིས་ཉ་པའི་དཀར་ཆའི་གང་བ་གསུམ་པ་ལྷག་པ་ལྷ་མཚམས་ཀྱི་འགྲུབ་སྦྱོར་གྱི་ཉིན་རང་བྱུང་འཕགས་པ་འཇིག་རྟེན་དབང་ཕྱུག་གི་གཞལ་མེད་ཁང་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་རིགས་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པས་བགྱིས་པ་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་རིང་ལུགས་བྱམས་མགོན་མཆོག་གི་སྤྲུལ་པའི་སྐུར་མངོན་པར་རྫོགས་པ་འཚང་རྒྱ་ཚུལ་བསྟན་པ་དེ་སྲིད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་མངྒལཾ།། །།


previousརྒྱལ་ཀུན་འདུས་པའི་ངོ་བོ་ཁྱབ་བདག་ཧེ་རུ་ཀ་ངུར་སྨྲིག་གར་གྱིས་རྣམ་པར་རོལ་བ་གདན་གསུམ་ཚང་བའི་སྡེ་དཔོན་རྗེ་བཙུན་བླ་མ་དབང་ཕྱུག་རབ་བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་བརྗོད་པ་བདུད་རྩིའི་ཟ་མ་ཏོགnext