Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

13 occurrences of བྱམས་པ་གླིང་
[Clear Hits]


  
 
 
 
  
 
དུས་གསུམ་གྱི་བདེ་བར་གཤེགས་པ་མ་ལུས་བའི་ངོ་བོ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དཔྱོད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ།


13 occurrences of བྱམས་པ་གླིང་
[Clear Hits]

 
previousདུས་གསུམ་གྱི་བདེ་བར་གཤེགས་པ་མ་ལུས་བའི་ངོ་བོ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དཔྱོད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ།no next

དུས་གསུམ་གྱི་བདེ་བར་གཤེགས་པ་མ་ལུས་བའི་ངོ་བོ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དཔྱོད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ།


GLG009_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་གྱི་བདེ་བར་གཤེགས་པ་མ་ལུས་བའི་ངོ་བོ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དཔྱོད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བཞུགས་སོ།།


GLG009_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲཻ་ཀཱ་ལེ་ཥུ་ལཀྵྨིབྷ་ཝནྟུ། དུས་གསུམ་གྱི་བདེ་བར་གཤེགས་པ་མ་ལུས་པའི་ངོ་བོར་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་ཚུལ་ཁྲིམས་ཀྱི་དྲི་ངད་ཕྱོགས་བརྒྱར་ཁྱབ་པའི་འཚམས་སྤྲིན་གསར་པའི་བླ་གོས་ཅན་རིན་ཆེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དཔྱོད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་དཔལ་ལྡན་བླ་མ་དམ་པའི་ཞབས་ཀྱི་པདྨར་ཡན་ལག་མཆོག་གིས་བཏུད་ནས་གསོལ་བ་འདེབས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་མ་གྱུར་བར་དེ་སྲིད་དུ་བརྩེ་བ་ཆེན་པོས་རྗེས་སུ་གཟུང་དུ་གསོལ། །རིན་ཆེན་ཕུང་པོར་སྤུངས་པས་རྙེད་མིན་བསོད་ནམས་ཡེ་ཤེས་ཚོགས་ཆེན་པོས། །ཉེར་བསྐྲུན་ཆོས་གཟུགས་སྐུ་གཉིས་མངོན་གྱུར་སྟུག་པོ་བཀོད་པའི་མགོན་པོ་མཆོག །སྣ་མང་སྤྲུལ་བའི་ཟློས་གར་བསྒྱུར་ལས་ཞིང་འདིར་མཁས་གྲུབ་ཚུལ་བསྟན་ནས། །ཐུབ་པའི་རིང་ལུགས་རྒྱལ་མཚན་བསྒྲེང་མཛད་དཔལ་ལྡན་སྐལ་པ་བཟང་(༢ན)


GLG009_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བསྔགས། །འཕོ་མེད་གཙུག་ཏོར་རྩེར་བཅིངས་བདེ་ཆེན་ཝཾ། །སྟོང་ཆེན་ཨེ་དབྱིངས་སྣ་ཚོགས་ལྷ་མོ་དང་། །མཉམ་སྤྱོད་ཀཱ་ལ་ཙནྡྲ་བཤེས་གཉེན་དུ། །སྟོན་པའི་འཁྲུལ་པོ་ཆེ་གཞན་དམིགས་སུ་མེད། །ཚུལ་དེ་ལེགས་པའི་ཆ་བསགས་གྲོང་ཁྱེར་ན། །དཔལ་ལྡན་རྒྱུ་སྐར་འཁོར་ལོར་སྐལ་ཅན་རྣམས། །སྨིན་མཛད་འཇམ་དབྱངས་གྲགས་སྙན་འབར་བའི་ལྷ། །ལྗོངས་འདིའི་ཤིང་རྟ་ཆེན་པོར་བསྟན་ནམ་སྙམ། །ཡང་ན་བདག་མེད་མཁའ་འགྲོའི་གསང་མཛོད་ཀུན། །ཉེར་འཛིན་རྣལ་འབྱོར་དབང་ཕྱུག་རིང་ལུགས་སྲོག །ཟུངས་སུ་ཤར་ཕྱོགས་སློབ་དཔོན་ཀརྞ་ཀཿ །བྱོན་ཏམ་བློ་འདི་སོམ་ཉིའི་དྲ་བར་ཚུད། །གཅིག་ཏུ་དཀར་པའི་ཐུབ་བསྟན་ཁ་བའི་རི། །ལོག་རྟོག་ན་བུན་བསངས་ནུས་རྣམ་དཔྱོད་ཉི། །མ་ཕམ་བླ་མའི་རིང་ལུགས་པ་ཀཱུ་ལ། །འབྱེད་པའི་གཡོན་མིག་འགྲམ་ཆང་ད་གདོད་འཐོར། །རྒྱལ་སྲས་སློབ་མའི་ཚོགས་ཀྱིས་མགྲིན་གཅིག་གླུ། །ཉེར་བླངས་གདུགས་དང་བ་དན་རོལ་མོར་(༢བ)


GLG009_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །བུ་སྟོན་ཆོས་རྗེའི་བཤད་སྒྲུབ་བདག་པོ་རུ། །མགོན་ཁྱོད་མངའ་གསོལ་ཆེད་དུ་དབང་བསྐུར་ངེས། །ལྷུན་པོའི་རྩེ་མོར་རྣམ་པར་སྣང་མཛད་ཀྱིས། །ཡོངས་སྤྲུལ་གཞའ་ཚོན་ལྟར་བཀྲའི་གཞལ་མེད་ཁང་། །གངས་ཅན་དྭངས་མཚོར་སྒྲིབ་བྲལ་འཆར་ནུས་དེང་། །རྡོར་སེམས་ངོ་བོ་མི་གཏོང་ཁྱོད་གཅིག་པུ། །གང་བློ་ཡངས་པའི་མངལ་དུ་མཁས་གྲུབ་ཀྱི། །ཡོན་ཏན་གསེར་སྒོང་སྨིན་པའི་རྟོགས་བརྗོད་ཆེད། །འཛིན་ལ་ཁྱབ་འཇུག་རིག་རྩལ་ཆེན་པོའི་མཐའ། །འཛད་ན་བདག་འདས་བརྗོད་པའི་ཁུར་དེ་ལྕི། །བསམ་གཏན་པར་བཅོས་འགོག་པའི་ཏིང་འཛིན་མཁན། །རྟོག་གེའི་ཚིག་མདས་ངེས་པའི་དོན་སྙིང་འབིགས། །ཆེར་རློམ་འཕྱོན་མའི་སྤྱོད་ཚུལ་གླེང་མཐོང་ཚེ། །སྒྱིད་པ་མི་སྐྱུར་གཟེངས་བསྟོད་སེམས་དེ་སྤྲོ། །རྫུན་ཕྲ་རྩབ་ཀྱལ་སེར་བས་ཕན་བདེའི་ལོ། །འཇོམས་འདྲེན་ལྕེ་ཡི་གློག་ཞགས་མང་འཁྱུག་མོད། །གཏན་མདུན་མྱུ་གུ་བསྐྱེད་ནུས་ངོ་མཚར་གཏམ། །ཆུ་འཛིན་ལང་ལོང་གཡོ་བ་བརྒྱ་ལམ་ཙམ། །དེ་ཕྱིར་གདན་གསུམ་ཚང་བའི་ཧེ་རུ་ཀཿ །བཤེས་གཉེན་སྒྱུ་དྲར་རོལ་བའི་ཐུན་མོང་གི །རྣམ་ཐར་ནོར་འཛིན་གཞི་ལས་སོར་མོའི་རྩེས། །བླངས་པའི་རྡུལ་གྱི་གྲངས་ཙམ་བཤད་ཀྱིས་ཉོན། །དེ་ཡང་མཁས་འཇུག་ལས། བསྟན་བཅོས་བྱེད་པའི་དམ་པ་ཡིས། །སྟོན་པ་ལ་ནི་མཆོད་བརྗོད་བྱ། །བསྟན་པ་སྤེལ་ཕྱིར་དག་པའི་ཚིག །འདི་ལ་འཐད་པ་བཟང་པོ་མཐོང་། །ཞེས་པ་ལྟར་ཡུལ་ཁྱད་པར་ཅན་ལ་ཆེད་དུ་བརྗོད་པའི་ཚིགས་སུ་བཅད་པ་ཏམྦཱུ་རའི་རྒྱུད་ལས་ཉེ་བར་དྲངས་ཏེ་སྐབས་སུ་གླེང་བར་བྱ་བ་ནི། མགོན་པོ་ཞི་བ་ལྷས། འགྲོ་བའི་སྡུག་བསྔལ་(༣ན)


GLG009_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་ལུས་ཅན་རྣམས་རྒྱུ་ཀུན་འབྱུང་ལས་ཉོན་གྱི་བདེན་པ་ལས་འབྲས་བུ་སྡུག་བསྔལ་བདེན་པ་འབྱུང་བའི་ཟུག་རྔུ་རྩ་བ་ནས་འབྱིན་པར་བྱེད་པའི་རྩི་སྨན་གྱི་ལྗོན་པ་ཆེན་པོ། །རྒྱུ་ལམ་གྱི་བདེན་པ་ལས་འབྲས་བུ་འགོག་པའི་བདེན་པའི་ཞར་ལ་གནས་སྐབས་སྲིད་པའི་བདེ་བ་རྣམས་ཀྱང་འབྱུང་བའི་སྒོ་གཅིག་པུ་ས་གསུམ་གྱི་སྒྲོན་མེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་རིན་པོ་ཆེ་ཡིན་ལ། དེ་ཡང་སངས་རྒྱས་ཕལ་པོ་ཆེ་ལས། ནམ་མཁའིམཐར་ཐུག་གྱུར་པ་ཇི་ཙམ་པ། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ནོ། །ཞེས་ནམ་མཁའི་མཐའ་ཁྱབ་པ་དེ་སྙེད་ལྟར་སེམས་ཅན་གྱི་ཁམས་ཀྱང་ཟད་པ་མེད་པས་འགྲོ་བ་རྣམས་འདྲེན་པའི་ཆེད་དུ་འདས་པ་དང་མ་བྱོན་པ་དང་ད་ལྟར་བཞུགས་པའི་སངས་རྒྱས་ཀྱི་གྲངས་ཀྱང་འདི་ཙམ་མོ་ཞེས་བློའི་ར་བ་ལས་ཡོངས་སུ་བརྒལ་ལ། འོན་ཀྱང་ལྷ་རྣམས་ཀྱིས་འདི་ནི་བསྐལ་པ་བཟང་པོའོ་ཞེས་པའི་ཆེད་དུ་བརྗོད་པའི་གྲགས་ཅན་གྱི་བསྐལ་པ་འདི་ལ་སངས་རྒྱས་སྟོང་ངམ་སྟོང་དང་ལྔ་ཚང་བར་འབྱུང་བའི་བཞི་པ་འོ་སྐོལ་གྱི་རྣམ་འདྲེན་ཟས་གཙང་གི་སྲས་པོ་འདི་ཉིད་རྒྱུད་བླ་མར། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ཀྱང་། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་(༣བ)


GLG009_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་དང་། །བཙུན་མོའི་འཁོར་བཅས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་སྟོན་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་འོག་མིན་གྱི་གནས་སུ་ངེས་པ་ལྔ་དང་ལྡན་པའི་ལོངས་སྤྱོད་རྫོགས་པའི་སྐུ་མངོན་པར་རྫོགས་པར་སངས་རྒྱས་ནས་དགའ་ལྡན་གྱི་གནས་སུ་དམ་པ་ཏོག་དཀར་པོའི་རྣམ་པར་བསྟན་པ་དེ་ཉིད་འཛམ་བུའི་གླིང་དུ་ཤཱཀྱའི་བརྒྱུད་དུ་འཁྲུངས་ཏེ་མཛད་པ་བཅུ་གཉིས་བསྟན་པའི་གཙོ་བོ་ནི། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ཏེ་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་པའི་ལུང་གི་བསྟན་པའང་། ཇི་སྐད་དུ། མདོ་སྡེ་དབྱངས་བསྙན་ལུང་བསྟན་དང་། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་དབབ་པའི་སྡེ། །གསུང་རབ་ཡན་ལག་བཅུ་གཉིས་སོ། །ཞེས་ཡན་ལག་བཅུ་གཉིས་སམ། བསྡུ་ན་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་དུ་འདུ་བའི་བསྟན་པ་དེ་འཕེལ་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའང་དེ་འཛིན་ལ་རག་ལས་པས། རྡོ་རྗེ་སློབ་དཔོན་ཆེན་པོ་ཁྱབ་བདག་ཞ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ་ཉིད་ཀྱི་སྐུའི་སྐྱེ་བ་སྔ་མ་ཞ་ལུ་བྱང་གླིང་པ་རིན་ཆེན་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་ཡིན་པར་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་འདར་ཆོས་འཁོར་ཡང་རྩེར་དུས་ཀྱི་འཁོར་ལོའི་དབང་གནང་བའི་ཚེ་འོད་གསལ་ལ་ཤར་བ་དང་གིང་ཆེན་ཚངས་པ་དུང་ཐོད་ཅན་(༤ན)


GLG009_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཀྱང་ངོས་འཛིན་མཛད། རྗེས་སུ་ཞ་ལུ་པའི་བསྟན་སྲོག་བཟུང་བའི་མཛད་པ་ལ་དཔགས་ཀྱང་སོམ་ཉི་དང་བྲལ་ལ། གཞན་མ་དམ་པའི་ཡང་སྲིད་མཐའ་ཡས་པ་ཡོད་པར་གོར་མ་ཆག་ནའང་རྣམ་ཐར་གྱི་ཟིན་བྲིས་དགོས་ཚུལ་ཞུས་པའི་རེག་ཟིག་ཏུ། ཕྲན་བུ་བདག་ལ་རྣམ་ཐར་འགོད་འོས་པའི་ལུང་དང་རྟོགས་པའི་ཡོན་ཏན་ཅི་ཡང་མེད་ཀྱང་བླ་མའི་བཀའ་གཅོག་མ་ནུས་པས་གཡར་ཚ་སྤངས་ནས་གཡར་ཁྲལ་དུ་འཚལ་བ་ལ། ཞེས་ཡོན་ཏན་ཐམས་ཅད་རྐུན་པོའི་ནོར་བཞིན་སྦ་བ་ལྷུར་བླངས་ཏེ་མངོན་པར་མི་མཛད་པས་སྤྱན་དང་མངོན་པར་ཤེས་པ་མངའ་བ་རྣམས་མ་གཏོགས་བདག་ལྟའི་དམན་བློའི་ཡུལ་ལས་འདས་པས་རྔོ་མ་ཐོགས། སྐུ་ཚེ་འདིའི་ཐུན་མོང་བའི་གདུལ་བྱ་དང་སྒོ་བསྟུན་པའི་མཛད་པ་རགས་རིམ་ཙམ་ལ་སྐུ་བལྟམས་པའི་ཡུལ་ནི། ཇོ་བོ་ཆེན་པོ་མར་མེ་མཛད་རྡོ་རྗེ་གདན་གྱི་ནུབ་ཕྱོགས་འོད་དཔག་མེད་པའི་ལྷ་ཁང་ན་བྱང་ཆུབ་ཀྱི་སེམས་བསྒོམ་པར་མཛད་པའི་ཚེ་ཕྱག་ན་པདྨས་ཞལ་བསྟན་ནས། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་མཛོད་གང་ཡིན་པ་དེ་ཁྱོད་ཀྱིས་ཤེས་སམ། །འདི་ནས་བྱང་ཕྱོགས་ན་ངའི་ཞིང་ཁམས་ཡོད། ཁྱོད་ཀྱི་ཡི་དམ་ཇོ་མོ་སྒྲོལ་མ་ཡང་དེ་ན་སེམས་ཅན་གྱི་དོན་མཛད་ཅིང་བཞུགས། ཁྱོད་ཀྱི་གདུལ་བྱ་མང་པོ་ཡང་དེ་ན་ཡོད་པས་བྱང་ཕྱོགས་བོད་དུ་སོང་ཞིག །ཅེས་བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདི་དགེ་བ་བཅུ་རྫོགས་པར་ཚང་ཞིང་རྒྱལ་བློན་ལོ་པཎ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཀའ་དྲིན་ལས་ཆོས་ཁྲིམས་དར་གྱི་མདུད་པ་དང་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཟུང་དུ་འཇུག་པའི་(༤བ)


GLG009_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

འབངས་རྣམས་བདེ་སྐྱིད་ལ་སྤྱོད་པའི་སྟོད་མངའ་རིས་སྐོར་གསུམ། སྨད་མདོ་ཁམས་སྒང་དྲུག །བར་དབུས་གཙང་རུ་བཞིར་གྲགས་པ་ལས་རུ་ལག་གི་སའི་ཆ་ས་ཧོར་མཆོད་ཡོན་གྱི་དུས་ཆེ་གསལ་ཆེན་མོའི་ཚེ་ཁྲི་སྐོར་བཅུ་གསུམ་དུ་དབྱེ་བ་ལས་ཞ་ལུ་ཁྲི་དཔོན་གྱི་ཆབ་འབངས་སུ་གཏོགས་པ་འཆི་མེད་ཀྱི་གྲོང་ཁྱེར་ས་ལ་འཕོས་པ་ལྟ་བུ་ཉང་སྨད་ཡིན་ལ། དེ་ཡང་མངའ་རིས་སུ་བོད་ཀྱི་ལྷ་བཙན་པོའི་གདུང་བརྒྱུད་དྲི་མ་མེད་པ་ཡེ་ཤེས་འོད་དང་བསྟན་པ་ཕྱི་དར་གྱི་ལོ་ཙཱ་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་སྤྲུལ་པའི་སྐྱེས་མཆོག་རིན་ཆེན་བཟང་པོ་གཉིས་ཀྱིས་ཐུབ་པའི་རིང་ལུགས་དར་རྒྱས་སུ་མཛད་པའི་ཚེ་ལོག་པར་འཁུ་ཞིང་འགྲན་ཟླ་ཅན་ཞང་ཞུང་གི་བོན་རྣམས་ཕྱོགས་གཞན་དུ་བསྐྲད་པས་ཐུན་མོང་གི་རྫུ་འཕྲུལ་ཐོབ་པའི་བོན་ཞིག་གིས་དམོད་བོར་ནས་གཤང་ནམ་མཁའ་ལ་འཕུར་བ་སོང་བའི་རྗེས་སུ་འཁུན་དིར་རི་རི་འཕུར་ནས་འོངས་ཏེ་ཉང་སྨད་ཀྱིས་ཕྱོགས་རྒྱང་། སྐྱི་ལི། མག་གསུམ་ཟེར་བའི་མག་གི་ཕུར་པ་ཕུག་ཅིག་ཏུ་ཡུལ་ཆགས་ནས་གཞིས་བཟུང་སྟེ་ཕ་ཚན་མང་དུ་འཕེལ་བར་བོན་རིགས་འཁོན་ཚོ་གཤང་འཕུར་དུ་གྲགས། རུས་རྫ་ཡིན་པས་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེར་འཆི་བདག་འཇོམས་པའི་བསྟོད་ཆེན་བསྐུལ་བ་པོ་བླ་མ་རྫ་པ་ཟེར་བའང་འདི་པའི་རིགས་སུ་གཏོགས། མི་རབས་མང་ཞིག་གི་བར་བོན་གཡུང་དྲུང་གི་མན་ངག་ལ་མཁས་པས་གྲོང་ཆོག་ལ་ཤིན་ཏུ་བྲིན། རིང་ཞིག་ལོན་པ་ན་རྫ་རིགས་ཀྱི་བོན་ཞིག་གིས་སྐུ་ཞང་རྡོ་རྗེ་འཆང་མཁྱེན་རབ་རིན་ཆེན་མཆོག་གྲུབ་ཀྱི་ཞབས་ལ་ཐུག །མཁྱེན་རབ་རིན་པོ་ཆེས་གཞན་ཕན་ཆེ་བར་དགོངས་ཏེ་གསོ་བ་རིག་པའི་གཞུང་ལུགས་བསླབ་ཏུ་(༥ན)


GLG009_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་པར་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ། རྩ་བཤད་མན་ངག་ཕྱི་མ་སྟེ་རྒྱུད་བཞིར་གྲགས་པ་གཙོ་བོར་གྱུར་པའི་གཞུང་མན་ངག་ལག་ལེན་རྣམས་སློབ་དཔོན་མཁས་པ་མང་དུ་བསྟེན་ཏེ་དཔྱིས་ཕྱིན་པར་སྦྱངས། ཁྱད་པར་སྨན་གྱི་ལྷ་མོའི་པྲ་སྒྲུབ་ཀྱི་སྒོ་ནས་དཔྱོད་པ་དོན་རིག །མཐོང་བ་ཡུལ་རིག །ཐོས་པ་སྒྲ་རིག་གསུམ་ལ་བརྟེན་མི་དགོས་པར་ནད་འདི་ཡིན་དང་སྨན་དཔྱད་བཅོས་ཀ་གང་འཕྲོད་མཐའ་དག་སེམས་ལ་ཝལ་གྱི་འཆར་བའི་ཐུན་མོང་གི་མངོན་ཤེས་གྲུབ་པས་ལྷ་རྗེ་བྱིངས་ལས་ཁྱད་ཞུགས་པའི་གཞན་ཕན་གྱི་འཕྲིན་ལས་ཆེས་ཆེར་འཕེལ་བས་དྲུང་འཚོ་ཆེན་མོར་གྲགས། དེའི་སྲས་འཚོ་བྱེད་བསྟན་པ་གྲགས་པ། དེའི་སྲས་སངས་རྒྱས་གྲགས་པ་ནི་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གིས་ཐུགས་ལ་བཏགས་ནས་རོག་ཚོ་བྱང་པ་སྨན་གྲོང་རིན་པོ་ཆེ་ཞེས་ཚེའི་རིག་བྱེད་ཀྱི་གཙུག་ལག་ལ་གཞན་འདྲིང་མི་འཇོག་པའི་མཁས་པ་ཆེན་པོ་གང་དེའི་དྲུང་དུ་སློབ་གཉེར་ལ་རྫོང་བ་སོགས་ལུགས་གཉིས་ཀྱི་སྒོ་ནས་བདག་རྐྱེན་མཛད། བསླབ་སྦྱངས་ཀྱང་མཐར་ཕྱིན་ནས་ཉང་གཞུང་དུ་དཔོན་ཚང་སྨན་ཁང་ནས་ཞེས་སྤྱི་མཆོད་ཆེན་པོར་གྱུར། ཡབ་ལྷ་རྗེ་དེ་དང་ཆོ་འབྲང་ནི་སྔོན་གྱི་ལྕེ་ལོ་ཙཱ་བ་ཁྱི་འབྲུག་དང་ཛྙཱ་ན་སིདྡྷི་སོགས་ལྕེའི་གདུང་རབས་རིམ་པར་བྱོན་པ་ལས་བར་སྐབས་སུ་ཤར་རྒྱལ་པོའི་ལུང་གིས་ཞ་ལུ་ཁྲི་དཔོན་དུ་བསྐོས་ནས་ལུང་ལག་རྟགས་ཀྱིས་མངོན་པར་མཐོ། དཔལ་ལྡན་ས་སྐྱ་པ་བདག་ཉིད་ཆེན་པོ་བཟང་པོ་དཔལ་གྱི་དུས་གོང་ནས་ངའི་བླ་མའི་གདུང་རབས་ཆད་ན་མི་ཡོང་བ་བཙུན་མོ་དྲུག་ལེན་པར་ལུང་བྱུང་བ་བཞིན་དཔོན་ཆེན་ཨང་(༥བ)


GLG009_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་གྱིས་དེ་དོན་བཞིན་དོ་དམ་མཛད་པའི་ཞ་ལུ་ཁང་གསར་བའི་སྲས་མོ་བདག་ཉིད་ཆེན་པོས་ཁབ་ཏུ་བཞེས་པར་འཇམ་དབྱངས་དོན་ཡོད་རྒྱལ་མཚན་དང་དཔལ་ལྡན་བླ་མ་དམ་པ་གཉིས་སྐུ་འཁྲུངས་པར་བརྟེན་ཞ་ལུ་སྐུ་ཞང་དུ་གྲགས་ཤིང་། རྒྱལ་བ་གཉིས་པ་བུ་སྟོན་རིན་པོ་ཆེའི་སྦྱིན་བདག་གི་མཐིལ་སྐུ་ཞང་གྲགས་པ་རྒྱལ་མཚན་གྱི་ཟུར་སྲས་དཔོན་ཀུན་དགའ་བསམ་གྲུབ་ལ་གཞིས་དགེ་སྡིངས་སྐལ་བར་ཕོག་པས་སྐུ་ཞང་དགེ་སྡིངས་པར་གྲགས་པ་ཚོང་འདུས་མཐིལ་དུ་གཞིས་བཟུང་བའི་མིང་བདེ་རྒྱས་པ་ཞེས་གཙང་རོང་གི་དྲུང་འཁོར་དྲག་ཁར་གཏོགས་པའི་སྐུ་ཞང་ལྷ་ཨ་ཉན་རྒྱལ་པོའི་སྲས་མོ་ཡེ་ཤེས་མཚོ་རྒྱལ་བསུས་པའི་སྲས་སུ་འཕགས་པའི་ཡུལ་དུ་སྟོད་འགྲེལ་བའི་རྗེས་སུ་འབྲངས་ཏེ་རབ་བྱུང་དུ་གྲགས་པའི་ནང་ཚན་ཤྭ་བྷ་ཀྲྀ་ཞེས་པ་ལྗོངས་འདིར་དགེ་བྱེད་དུ་འབོད་ཅིང་འཇམ་དབྱངས་གོང་མའི་ཁབ་ཏུ་ཞིན་ཡིན་ཞེས་ཆུ་ཕོ་སྟག་ཏུ་གྲགས་པའི་ནམ་མཐོང་ཟླ་བ་ཕྱི་མའི་ཐབས་ཀྱི་ཆའི་དགའ་བ་གཉིས་པ་ཟླ་སྐར་རྒྱལ་ལ་བབས་པའི་ཚེ་ཡུམ་ལ་སྙུན་ཟུག་སོགས་མི་བདེ་བའི་རྣམ་པ་མེད་པར་ཆུ་ཤེལ་གྱི་དབང་པོ་ཤར་རིའི་ཕྲག་པ་ལས་ཐོན་པ་ལྟར་བལྟམས་སོ། །ལྷ་དང་རིག་སྔགས་གྲུབ་པའི་རྫུ་འཕྲུལ་གྱིས། །འཆི་མེད་ལམ་དུ་བྱ་ལྟར་འཕུར་བའི་བོན། །གཡུང་དྲུང་གཤེན་གྱི་ལུགས་སྲོལ་འཛིན་པའི་རིགས། །ཉང་སྨད་སུམ་རྩེན་སྐྱེ་རྒྱུས་མཆོད་པའི་གནས། །མང་བཀུར་གནམ་བསྐོས་རྒྱལ་པོའི་ལུང་བཟང་པོས། ཁྲི་དཔོན་ལས་ཀ་འཛིན་པའི་མི་དབང་དང་། །ཀུན་མཁྱེན་མཁྱེན་བརྩེའི་ཞབས་ཀྱི་བཀའ་དྲིན་མཐུས། །མཐོ་རིས་སྨན་པ་གཉིས་པ་ལྟ་བུར་བཀུར། །བརྟུལ་ཞུགས་གྲུབ་ཐོན་སྣང་རིགས་འགྲོ་(༦ན)


GLG009_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གཉེན། །འཇམ་མགོན་བླ་མའི་སྐུ་ཞང་ས་སྤྱོད་ལྕམ། །སྨིན་ལེགས་རྩེ་དགའི་ཆོ་ག་རྫོགས་པ་ལས། །རྒྱལ་སྲས་གཞོན་ནུའི་ཟླ་བ་གསར་དུ་ཚེས། །དེ་ཡང་མངལ་དུ་ཞུགས་པའི་ཚེ་ཡུམ་གྱི་མནལ་ལམ་དུ་མཆོད་རྟེན་ལ་སྐོར་བ་མཛད་པ་དང་དངོས་སུའང་སྡོར་དཀར་ལ་བརྟེན་ན་ཟོ་མདོག་བཟང་ཞིང་དམར་སྐྱུར་ཤོར་ན་མི་བདེ་བ་བྱུང་འདུག་པ་བཞིན་དགུང་ལོ་བཅུ་བདུན་བར་ཡབ་ཡུམ་གྱིས་སྐུ་སྐྱེད་བསྲིང་ཕྱིར་ཤ་ཕྲན་བུ་དབང་མེད་ཀྱིས་བཞེས་སུ་བཅུག་ན་མ་གཏོགས་དམར་གྱི་རིས་ལ་མི་དགྱེས་པ་ཡོད་པར་སྣང་། སྐུ་ཚེ་སྔོན་མ་རྣམས་ནས་གླགས་ལྟ་བུའི་འབྱུང་པོ་གདུག་པ་ཅན་ཞིག་གིས་ཡུམ་སྲས་གཉིས་ཀ་གཤེགས་པར་ཉེ་བའི་ཟུག་རྔུ་དྲག་པོས་གཙེས་པའི་ཚེ་གྲུ་རྡོ་རྗེ་སེང་གེ་ལ་སོགས་པ་རིག་སྔགས་གྲུབ་པའི་བརྟུལ་ཞུགས་ཅན་རིམ་པར་བྱོན་པའི་ཆོས་རྗེ་དགོན་ནུབ་པ་གྲུ་རིག་པ་འཛིན་པ་དགེ་བསྙེན་གྱིས་བགེགས་བསྐྲོད་བྱིན་རླབས་རྟེན་འབྲེལ་དུ་མ་མཛད་པས་ཕན་ངོ་ཙམ་ལས་གཞི་མེད་དུ་མ་གྱུར་ནའང་རིགས་བརྒྱའི་བདག་པོ་དབང་ཕྱུག་རབ་བརྟན་ཉེ་སྐོར་དུ་ཕེབས་པ་དང་འགྲིག་པའི་སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གསང་སྒྲུབ་ཀྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྩལ། དབུ་སྐྲ་བུབས་ཀྱི་བསྲུང་བ་དང་རྡོ་རྗེའི་ར་བའི་ཁོར་ཡུག་ཆེན་པོའི་ནང་དུ་ཆུད་པར་མཛད་པས་བདུད་རིགས་ཀྱིས་བརླང་པོར་སྤྱོད་པའི་ནུས་པ་མཐའ་དག་ཉི་ཟེར་གྱིས་བ་མོ་ལ་རེག་པ་བཞིན་སྐུ་ཚེའི་བར་ཆད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བར་བརྟེན། བགེགས་དབང་དུ་མ་སོང་བར་ད་ལྟའི་བར་འཚོ་བ་འདི་བླ་མ་དམ་པ་དེ་ཉིད་ཀྱི་བཀའ་དྲིན་ཡིན་ཞེས་ཐུགས་བཟོ་བའི་གསུང་བགྲོས་ཡང་ཡང་གནང་། འོན་(༦བ)


GLG009_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བཀའ་ལས་ཆུང་ངུའི་དུས་ནས་བཙུན་པ་མ་བྱས་པར་གཉིད་དུ་སོང་འཕྲལ་རྨི་ལམ་ལྟ་བུའི་འཁྲུལ་སྣང་ཟ་ཟི་ལ་སེར་བ་དྲག་པོ་འབབ་པའི་རྐང་ཤར་ཤར་གྱི་ཁྲོད་ནས་འབག་གྱོན་པ་སོགས་འཇིགས་གཟུགས་མང་པོས་མཐའ་བསྐོར་ནས་མི་ཚུགས་པ་ལྟ་བུ་ཡོང་བ་ཞིག་རྒྱུན་དུ་བྱུང་ལགས་ཤིང་། དེང་སང་ཡང་དོག་ཆ་ཆེ་སྐབས་ཕྲན་བུ་ཡོང་གི་འདུག་ལགས། དེང་སང་གི་བར་དུ་བྱ་བ་ཆེ་ཆུང་ཅི་བྱེད་ཀྱང་བགེགས་བར་ཆད་རེ་ངེས་པར་ཡོང་གི་འདུག་གསུང་བ་ལ་དཔགས་ན་མཁན་ཆེན་གནས་དྲུག་པ། སྣར་ཐར་མཁན་པོ། འཇམ་དབྱངས་དཀར་པོ་གསུམ་ལ་བསམ་ཡས་ཀྱི་གནས་སྲུང་ཆེན་པོའི་བར་ཆད་བྱུང་བའི་གཞན་གཉིས་གཤེགས། འཇམ་དཀར་གྱིས་ཐུགས་སྲས་རིན་པོ་ཆེར་གྲ་ལྔའི་དབང་ཞུས་པས་བགེགས་ལས་གྲོལ་ནའང་། དེས་རིན་པོ་ཆེ་གདན་ས་བར་གནོད་ཚུལ་ཀུན་མཁྱེན་བུས་གསུངས་པ་བཞིན། ཐུགས་སྲས་རིན་པོ་ཆེ་དང་འཇམ་དཀར་བསུ་རིགས་ཀྱི་བག་ཆགས་སད་པའི་ལྷ་འདྲེའི་སྙོགས་མ་བྱུང་བའི་ངེས་པ་མེད་དམ་སྙམ་པའི་ཀུན་རྟོག་གི་རི་མོར་ཤར་མོད་ཁ་དམར་ནི་གདགས་པར་ག་ལ་ནུས། ལོ་ནང་དེར་རྗེ་རྡོ་རྗེ་འཆང་གིས་རྗེས་གནང་བྱིན་རླབས་སོགས་གསུང་ཆོས་ཡང་ཡང་གནང་། གཅེན་ཆུང་ངུ་ནས་གྲོངས་པའི་སྲི་བྱུང་དོགས་ཀྱི་ལོ་གཅིག་གི་བར་གསོ་བ་རིག་པའི་གཞུང་ནས་བཤད་པ་ལྟར་ཟླ་རེ་བཞིན་མཚན་རིམ་གྱིས་སྤོས་པའི་རྟིང་མ་དོན་གྲུབ་བསོད་ནམས་དབང་གི་རྒྱལ་པོར་གསོལ། དགུང་ལོ་གཉིས་ཙམ་གྱི་དུས་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་མཇལ་བར་ཕེབས་པ་ན་སྐུ་རྒྱབ་ཀྱི་ཐང་ཁའི་ལྷ་མགྲོན་རྣམས་ལ་ཕྱག་མཛུབ་བསྟད་(༧ན)


GLG009_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གང་ཡིན་ཞེས་དྲི་བ་གནང་བར་བླ་མ་དང་ལྷའི་རིགས་འཁྲུལ་མེད་དུ་ངོས་འཛིན་མཛད་པས་འདི་འདྲ་ངོ་ཤེས་པ་དགོད་བྲོ་ཡ་མཚན་ཆེ་ཞེས་དགྱེས་པའི་རྣམ་འགྱུར་ཅི་ཡང་མཛད། དགུང་ལོ་བཞི་ལྔ་ཙམ་གྱི་དུས་རྩེས་པོ་ཁ་སྤུབ་པ་ཁྲིའུ་ཤིང་གི་ལུགས་སུ་བྱས་པའི་སྟེང་དུ་བྱམས་བཞུགས་མཛད་མཆོད་གནས་ཀྱི་གྲ་པ་འདྲས་ས་ཆོག་ལ་དབྱངས་འཐེན་པ་དང་མཉམ་དུ་ཁྲོ་སྤྲོ་མཛད་པའི་སྟང་ཀ་དང་། རེས་གདན་སྣ་ཚོགས་བརྩེགས་པ་བཞུགས་ཁྲིའི་ཚུལ་དུ་མཛད་རྫ་བརྡུངས་པའི་ཕྱེ་མ་དང་རྣམ་པ་བསྲེས་ནས་དཀྱིལ་འཁོར་གྱི་དབྱིབས་བྲིས་ཏེ་སྒྲུབ་མཆོད་ཚུགས་པའི་རྣམ་པ་དང་ཡུམ་སྦྱིན་བདག་ཡིན་རྒྱུའི་ལུགས་ཀྱི་དཔོན་ས་རིན་པོ་ཆེ་དེང་སང་སྐུ་ཁམས་བཟང་པོ་བྱུང་ངམ་གསུང་བ་སོགས་ནི་འཇམ་དབྱངས་བྱང་གླིང་རྗེའི་སྔོན་གྱི་བག་ཆགས་བཟང་པོའི་མཐུ་བརྟས་པར་གདོན་མི་ཟ་ཞིང་། རྗེ་རྡོ་རྗེ་འཆང་འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་དུ་འཁྲུངས་པའི་དུས་འཁོར་དུ་ཡོད་ཅེས་གསུང་བ་ལ་དཔགས་ནའང་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་རིང་ལུགས་སྤེལ་བའི་དམ་པ་འགའ་ཞིག་གི་རྣམ་པར་སྤྲུལ་པར་ལུང་རིགས་ཀྱིས་བསྒྲུབ་ནུས་སམ་སྙམ། དགུང་ལོ་བརྒྱད་བཞེས་པ་ས་མོ་བྱའི་ལོ་གཙང་སྡེ་སྲིད་ནས་ཡབ་དཔོན་ཚང་སངས་རྒྱས་གྲགས་པ་རོང་བྱམས་ཆེན་གྱི་གཉེར་པར་བསྐོས་པས་ཡབ་སྲས་ལྷན་ཅིག་ཏུ་ཕེབས། སྔར་གྱི་རྒྱུན་བཞིན་གསོ་རིག་གི་ཕྱོགས་དཔེ་འཛིན་པ་སོགས་སྦྱོང་དར་གྱི་དབུ་བཙུགས་ཀྱང་རྗེ་ཉིད་དམ་པའི་ཆོས་ཁོ་ན་མཛད་པའི་ཐུགས་བཞེད་ཀྱིས་སྐུ་ལུས་བསྒྱུར། ཐུན་མོང་ཞེས་པ་ལྕགས་ཕོ་ཁྱིའི་ལོ་དགའ་ལྡན་གྱི་གནས་ནས་མ་ཕམ་མགོན་པོ་ཞིང་འདིར་གནས་ལྔ་རིག་པའི་པཎྜི་ཏའི་ཚུལ་(༧བ)


GLG009_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་བསྟི་གནས་རི་ཕུག་ཆོས་ཀྱི་ཕོ་བྲང་དུ་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱི་ཞབས་དྲུང་དུ་ཕེབས་ནས་གཙུག་ཕུད་ཕུལ་བའི་མཚན་བསོད་ནམས་དབང་པོར་གསོལ། སླར་ཡབ་ཀྱི་ཁྱད་ནས་བྱམས་ཆེན་དུ་བྱོན་འདི་ལོ་རྗེ་རྡོ་རྗེ་འཆང་ཡར་ཀླུངས་བཀྲ་ཤིས་རྩེ་ཆོས་སྡེར་རྗེས་རེས་ཆིབས་ཁ་བསྐྱོད་པའི་ཞམ་རིང་དུ་ཁྱབ་བདག་བཀའ་འགྱུར་བ་བྱོན་པར་རོང་དགའ་ལྡན་previous hit བྱམསགླིང next hit་དུ་ཐོག་མའི་མཇལ་འཛོམ་མཛད། ཚར་ཆེན་ཆོས་ཀྱི་རྒྱལ་པོའི་དབང་རྗེས་གནང་རིགས་མི་གཅིག་པ་བཅོ་བརྒྱད་ཙམ་གསན་པའི་དང་པོར་གྲུབ་ཐོབ་ཀྱི་འཁོར་ལོས་སྒྱུར་བ་རྣལ་འབྱོར་དབང་ཕྱུག་བི་རཱུ་པའི་བཞེད་སྲོལ་དཔལ་ཀྱེ་རྡོ་རྗེའི་མན་ངག་ལུགས་རས་བྲིས་ཀྱི་དཀྱིལ་འཁོར་དུ་རྒྱུ་དུས་ཀྱི་དབང་གིས་སྨིན་པར་མཛད་པ་སྐུ་ཚེ་འདི་ལ་ཐུགས་ཀྱིས་དྲན་པའི་དབང་གི་ཐོག་མ་ཡིན་གསུང་བ་བུ་ལུགས་ལ་དུས་འཁོར་གསང་འདུས་རྡོར་དབྱིངས་སོགས་གཙོ་བོར་མཛད་ནའང་ཐོག་མའི་འཇུག་སྒོ་སྤྱིར་རྗེ་བཙུན་གོང་མའི་བཞེད་པ་དང་། ཡང་སྒོས་ཁའུ་བྲག་རྫོང་པ་ནས་བརྒྱུད་པའི་གཉིས་མེད་དགྱེས་མཛད་རྡོ་རྗེའི་དབང་ཐོག་མར་གསན་པ་བདག་ཆེན་རྡོ་རྗེ་འཆང་གི་བསྟན་པ་ལ་མཆོག་ཏུ་བྱ་བ་མཛད་པའི་རྟེན་འབྲེལ་གྱི་སྒོ་འགྲིག་པར་མངོན། མཁན་རིན་པོ་ཆེས་ངེད་དེང་སང་སྐྱེད་ཚལ་གྱི་མཁན་པོ་བཞག་ནས་རོང་དཀར་ཆོས་སུ་(༨ན)


GLG009_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཁྲོད་བྱེད་ཀྱིན་ཡོད་ཀྱང་ཁྱོད་རང་མཚན་ཉིད་ཀྱི་ཡོན་ཏན་མ་རྫོགས་པར་བདག་གིས་སྐྱེད་ཚལ་དུ་བསྡད་ནས་བརྩི་བཞག་སོགས་ཐོས་བསམ་གྱི་མགོ་འདོན་བྱས་གྲ་སྐོར་ཟིན་ནས་ངས་རི་ཁྲོད་ལ་ཕྱིན་ཁྱེད་རང་ཞ་ལུ་པ་དང་ས་ལུགས་ཀྱི་སྔགས་ཆོས་ལ་བསླབ་སྦྱང་བྱས་ན་ཡོང་ཕེབས་པར་ཐུགས་ལ་དགྱེས་ཚོར་དཔག་ཏུ་མེད་པ་བྱུང་ནའང་མཁན་རིན་པོ་ཆེ་སྲོད་ཐུན་ལ་ཐུགས་རིག་དང་ས་ཁྱད་ཀྱིས་རྩིག་པའི་སྟེང་དུ་ཐུགས་དམ་གནང་བ་བསྟན་པའི་བགེགས་ཆགས་ཀྱི་རྣམ་པས་སྐུ་རྦབ་གཤོར་བའི་རྐྱེན་གྱིས་མ་དང་མཁའ་འགྲོ་གྲོང་ཁྱེར་ཆེན་པོར་སྐུའི་བཀོད་པ་བསྡུས་པས། སྐྱེད་ཚལ་དུ་མཚན་ཉིད་ཐུགས་གཉེར་མཛད་པའི་གྲ་གཤོལ་ཏེ་རི་ཕུག་ཏུ་ཕེབས། དགེ་སློང་རིན་ཆེན་འཕེལ་ཞེས་བུ་ལུགས་ཀྱི་ཆོ་ག་ཕྱག་ལེན་རྣམས་ཤིན་ཏུ་བྱང་ཞིང་རྗེ་རྡོ་རྗེ་འཆང་སོགས་དམ་པ་དུ་མའི་ཞབས་ལ་གཏུགས་ཏེ་མཚན་བཅས་མཚན་མེད་ཀྱི་ཐུགས་དམ་སྨིན་པ་དེ་ལ་གནས་ཀྱི་སློབ་དཔོན་ཞུས། རྒྱུད་སྡེ་གོང་འོག་གི་དཀྱིལ་འཁོར་མང་པོ་ཐུགས་འཛིན་དང་ཕྱག་ཁྲིད་སོགས་ཉིན་མཚན་ཐང་ལྷོད་མེད་པ་ལྟ་བུས་ཐུགས་གཉེར་ལ་འགྲུས་པར་མཛད། རྡོ་རྗེའི་སློབ་དཔོན་ཆེན་པོ་ལྷ་བོ་པ་རིན་ཆེན་རྒྱ་མཚོ་ལ་ཐོག་མར་དཔལ་མཆོག་རིགས་བསྡུས་ཀྱི་དབང་བཅུ་བཞི་རྫོགས་པར་གསན། རྗེ་ཉིད་ཀྱི་དགེ་རྒན་རིན་ཆེན་འཕེལ་དང་བླ་ཆེན་བསམ་གྲུབ་རྒྱལ་མཚན་གཉིས་བཀའ་བགྲོས་པའི་བུ་སྟོན་བཀའ་འབུམ་གྱི་ལུང་རྒྱུན་ཆད་དུ་ཉེ་བར་འདུག་པས་རིན་པོ་ཆེ་དཀོན་མཆོག་རྒྱལ་མཚན་ལ་ཞུས་པ་འགབ་ཚུལ་ལྟར་སྟོན་ལོ་དེ་གར་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་མཆན་བུ་བཅས་པ་རྫོགས་པར་གསན་ནས་བཀའ་འབུམ་རིམ་གྱིས་ཞུ་བའི་དབུ་བཙུགས། ཆུ་མོ་(༨བ)


GLG009_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

གླང་ལོ་མཁན་རིན་ཆེན་རྒྱ་མཚོའི་དྲུང་དུ་དབང་ཆོས་འགའ་ཞིག་གསན། བཀའ་ལས། བདག་གི་དགེ་རྒན་རིན་ཆེན་འཕེལ་གྱི་གསུང་ལས་བསླབ་གཉེར་དང་ཆོས་ཞུ་བའི་མཇུག་འཁྱོངས་པ་གྱིས། དགོན་པ་ཆེ་ཆུང་གི་ཁ་འཛིན་བསྐོ་བཞག་བྱས་པའི་བླ་མ་མ་བྱེད། ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་རིང་ལུགས་ཀྱིས་གཙོས་པའི་གྲུབ་མཐའ་ཕྱོགས་མེད་ཀྱི་ཆོས་ལ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གཡེལ་མེད་ངོས་བསྙེན་སྒྲུབ་ཐུགས་དམ་ལ་བརྩོན་པོ་མཛོད། རང་གཞན་གྱི་བསྟན་པ་ཐམས་ཅད་ལ་ཕན་ཐོགས་ཡོང་། དབུས་ནས་དཔོན་སློབ་གནས་གསར་ནས་ཕེབས་བྱུང་ན་གསུང་ཆོས་ཞུ་གང་ཐུབ་དང་། ངོར་སྒྲུབ་ཁང་དུ་དབང་ཆོས་སྒྲའི་རི་མོ་སོགས་ཞུ་དགོས་ཚུལ་ཐུགས་རྩར་བཅར་བའི་བསླབ་སྟོན་ཡང་ནས་ཡང་དུ་མཛད། དགེ་རྒན་དེ་དེང་སང་ཡང་དྲན་པོ་རང་ཡོང་གི་འདུག་ཅེས་གསུང་བ་དྲིན་དུ་བཟོ་བའི་དམ་པའི་རྣམ་ཐར་དུ་སྣང་། དགེ་སློང་རིན་ཆེན་འཕེལ་ཟླ་བ་བརྒྱད་པའི་ནང་དུ་བསྙུང་བའི་དུས་རིན་པོ་ཆེ་ལྷ་བོ་པ་གདན་དྲངས་ནས་བདག་གི་དགེ་གཞོན་འདི་ལ་ཀུན་མཁྱེན་བུ་སྟོན་རིན་པོ་ཆེ་ཡབ་སྲས་ནས་བརྒྱུད་པའི་རྒྱུད་སྡེ་བཞིའི་དབང་རྣམས་གནང་ཐུབ་པ་རང་སྐུ་མཁྱེན་ནོ་ཞེས་དོན་གཉེར་ཆེན་པོས་ཞལ་ཆེམས་བཞག །ཀུན་དགའ་ཞེས་པ་ཤིང་ཕོ་སྟག་གི་ལོར་ས་སྐྱ་ནས་བདག་ཆེན་རིན་པོ་ཆེ་འཇམ་དབྱངས་བསོད་ནམས་དབང་པོ་ཞ་ལུར་ཕུག་ཏུ་ཕེབས་པའི་ཚེ་བྱང་གླིང་བླ་བྲང་དུ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་པའི་དུས་གཙུག་ཕུད་འདྲེག་པའི་སྐབས་ཀྱི་ཁྲུས་ཆུའང་རྒྱ་བོད་ཀྱི་མཁས་གྲུབ་མང་པོའི་རྣམ་རྒྱལ་བུམ་པའི་ཆུ་རྒྱུན་འདྲེས་(༩ན)


GLG009_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་བུམ་ཆུ་ནས་གནང་། མཚན་རིན་ཆེན་བསོད་ནམས་མཆོག་གྲུབ་ཏུ་གསོལ། སང་ཆིབས་ཁ་སྒྱུར་བ་གནང་རྒྱུའི་དགོངས། ཕྱག་མདུད། བདུད་རྩི་རིལ་བུ། བུམ་ཆུ་ཆེན་མོ་ནས་ཆུ་བུམ་ཆུང་གང་། ཟང་ཟིང་གི་བདོག་པའི་ཚན་གྲངས། ཨོཾ་སྭསྟི། འཇམ་དབྱངས་ངོ་བོ་བླ་མའི་མཆོག །བསོད་ནམས་ཡེ་ཤེས་མཐར་ཕྱིན་པའི། །ཆོས་ཀྱི་དབང་པོ་དམ་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སརྦ་མངྒལཾ་ཞེས་ཕྱག་བྲིས་སུ་མཛད་དེ་སྩལ་ནས་འདི་ངག་ཏུ་འདོན་པ་དང་། ང་བྱ་འགྱུར་དུ་གསུང་ངག་འཆད་པས་དེ་དུས་སླེབས་པ་གྱིས། ཁྱེད་ལ་ས་པཎ་གྱི་སྡོམ་རྒྱུན་ཞིག་དགོས་པ་འདུག་པས་ལོ་ཉི་ཤུ་ལོན་ནས་ངའི་རྩར་ཤོག །གནས་གསར་རྗེ་དྲུང་དབུས་ནས་བྱོན་བྱུང་ན་ཆོས་ཞུས་གསུང་བ་སོགས་ཐུགས་རྩར་བཅར་བའི་བསླབ་སྟོན་མང་དུ་ཕེབས་འདུག་པས། བུ་སྟོན་རིན་པོ་ཆེའི་བུམ་ཆུ་ནི་རྗེ་འདི་ཉིད་ཀྱིས་ས་ཞལ་གྱི་དབང་གི་རྒྱུན་ཐམས་ཅད་དངོས་དང་བརྒྱུད་པའི་སྒོ་ནས་རྒྱ་ཆེར་སྤེལ་ཏེ་བསྟན་པའི་སྲོག་འཐུད་པ་དང་། འཇམ་དབྱངས་ས་སྐྱ་པཎ་ཆེན་གྱི་སྡོམ་རྒྱུན་བཞེས་དགོས་སོགས་མ་འོངས་མངོན་སུམ་དུ་མཁྱེན་པའི་ལུང་བསྟན་དུ་འདུག་པ་བདག་ཆེན་འདི་ཉིད་སློབ་དཔོན་ཆེན་པོ་པདྨའི་རྣམ་སྤྲུལ་དུ་གྲགས་པ་དོན་ལ་གནས་པའི་དཔོན་སློབ་གཉིས་ཀའི་ཆེ་བར་མངོན་ནོ། །ལྕགས་སྟོད་དུ་ཕེབས་ནས་བདག་ཅག་གི་སྟོན་པའི་གསེར་སྐུའི་རྟེན་དང་བཅས་པའི་བཀའ་ཤོག་བསླབ་སྟོན་ཞིབ་འཁོད་གནང་ཞིང་། རྟིང་སོར་ཞབས་དྲུང་ཁྲི་ཆེན་གཞིས་ཀ་རྩེར་ཕེབས་དུས་མཇལ་བ་གནང་སྐབས་སྔར་ལུགས་ལྟར་ཐུགས་རྗེས་འཛིན་པའི་དགྱེས་ཉམས་ཅི་ཡང་གནང་ཞིང་(༩བ)


GLG009_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་སིལ་ཡུ་ཐུང་གང་གི་གསོལ་རས་མཛད་ནས་འདི་སུ་ལའང་མ་སྟེར་བར་བཙུན་ཆུང་རང་ཟོ་གསུང་བ་ལྟར་ཆོས་རྗེ་ཀུན་བཀྲས་པས་ཕྱག་མཛོད་ཀྱི་སྦུག་ཏུ་ཟར་བཅུག་ནས་ལྷག་མ་ལུས་པ་བཞེས་པ་ཡང་རྗེ་བཙུན་གོང་མའི་སྙན་བརྒྱུད་ཀྱི་གདམས་པས་ཐུགས་ཀྱི་བུམ་བཟང་བལྟམས་པའི་རྟེན་འབྲེལ་ཡིན་ནམ་སྙམ་མོ། །སྔོན་གོམས་མ་འདྲིས་འགྲོར་བརྩེའི་སྙིང་རྗེའི་གཟུགས། །ན་ཚོད་ཆེས་ཕྲའི་ཤེལ་ལ་ཚོན་རིས་བཞིན། །འ་ཞའི་རྗེ་བཙུན་མཐུ་སྟོབས་མེ་དཔུང་རྩེར། །གླགས་ལྟའི་སྦུར་མ་མིང་གི་ལྷག་མར་བྱས། །བཟང་པོའི་བག་ཆགས་མཐུ་བརྟས་ངོ་མཚར་གྱི། །རི་མོ་གཞོན་ནུའི་དུས་ཤར་དྲི་ཟའི་རྒྱུད། །དང་པོར་བརྡུངས་ཚེ་དམན་ཆ་བཟུང་བའི་གཟིངས། །མངོན་སུམ་གསལ་བའི་མཚོ་ནང་ཞིག་འདི་ཅི། །ཀུན་མཁྱེན་བླ་མའི་གདན་ས་རི་ཕུག་ཏུ། །ཀུན་སྤངས་ཆོས་རྗེའི་གདུང་འཚོབ་གནས་གསར་བར། །ཀུན་ནས་དང་བས་གཙུག་ཕུད་ཉེར་ཕུལ་ཚེ། །ཀུན་དགའ་བསོད་ནམས་ཞིང་གི་དབང་པོར་སོན། །པང་ནས་སྐྱེས་དང་ཉེ་རྒྱལ་ཇི་བཞིན་དུ། །མཆེད་ཟླ་རྗེ་བཙུན་དབོན་དང་ཐོག་མར་རྗེ། །ཐར་པའི་རྒྱལ་མཚན་རྩེ་མོར་སྨིན་བྱེད་ནོར། །བདེ་ལེགས་འདོད་དགུའི་གྲུ་ཆར་ཆེ་ཆེར་བབ། །སྡོམ་བརྩོན་རིན་ཆེན་འཕེལ་དང་ལྷ་ཆེན་རྗེ། །དཀོན་མཆོག་རྒྱལ་མཚན་ལ་སོགས་བཤེས་གཉེན་འགས། །བུ་སྟོན་ཆོས་རྗེའི་གསུང་རབ་འཆི་མེད་ཀྱི། ཁང་བཟང་འཇུག་པའི་ཆོས་ཀྱི་ཐེམ་སྐས་བཙུགས། །འཇམ་དབྱངས་དབང་པོའི་དྲུང་དུ་རབ་བྱུང་ཚེ། །མ་འོངས་མངོན་སུམ་མཁྱེན་ནས་བརྡ་ཐབས་དང་། །དགྱེས་ཞལ་འཛུམ་པའི་ལུང་བསྟན་ཐོག་བབས་པས། །སྐྱེངས་(༡༠ན)


GLG009_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་པདྨ་ཀ་ར་རྔ་ཡབ་བཞུད། །ཚར་ཆེན་ཆོས་རྒྱལ་པོ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་ཞབས། མཁན་ཆེན་བསླབ་གསུམ་རྒྱལ་མཚན། སྔགས་འཆང་བསོད་ནམས་ཆོས་འཕེལ་ཏེ་ཡབ་སྲས་བཞི་ཀ་ལ་ཟབ་རྒྱས་ཆོས་ཀྱི་བཀའ་དྲིན་རྒྱ་ཆེར་གསན་པའི་གྲང་ཆེན་སློབ་དཔོན་ཀུན་སྤངས་པ་རིན་པོ་ཆེ་ཤཱཀྱ་སེང་གེ་ལ་མཉམ་སྦྱོར་རིགས་བསྡུས་དང་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ཐུན་མོང་མ་ཡིན་པ་ལྷ་བཅུ་གསུམ་མ། ཨེ་ཝཾ་ཤར་ཁང་པ་མངའ་རིས་པ་ནམ་མཁའ་དཔལ་ལྡན་ལ་བདེ་མཆོག་པདྨ་དྲ་བ། དཔལ་འཁོར་ཆོས་སྡེ་ནས་རིན་པོ་ཆེ་ལྷ་བོ་པ་གདན་དྲངས་ཏེ་སྔོན་མའི་འཕྲོས་ཀྱི་དབང་མང་དུ་གསན། བུ་ལུགས་ཀྱི་དབང་ཕལ་ཆེར་གྲུབ་པའི་རྗེས་སུ་ཕྱག་གི་རྡོར་དྲིལ་རྗེ་འདི་ཉིད་ལ་གནང་ནས་རྡོར་དྲིལ་བླ་མའི་ཕྱག་ཏུ་འཕྲོད་དོ་ཞེས་ཐུགས་དགྱེས་པའི་ཉམས་གང་ཡང་མཛད་ཅིང་། ཐམས་ཅད་མཁྱེན་པ་བུ་སྟོན་ནས་བརྒྱུད་པའི་རྡོ་རྗེ་འཕྲེང་བའི་དབང་ཡང་གནང་། བོད་འདིར་བརྩམས་ཆོས་ཀྱི་གསུང་འབུམ་བླ་མ་དམ་པ་དང་ཆོས་རྗེ་ཐམས་ཅད་མཁྱེན་པ་གཉིས་ལས་མང་བ་ཡོད་ཚད་དུ་མི་འདུག་ཅིང་། བུ་སྟོན་རིན་པོ་ཆེའི་མདོ་ཕྱོགས་ཀྱི་གསུང་རབ་ནི་ཐོར་བུ་མ་གཏོགས་ཕལ་ཆེར་ཆད་ནས་ལུང་རྒྱུན་ཁུངས་མ་མི་འདུག་ནའང་སྔགས་སོགས་གང་ཡོད་ཕལ་ཆེར་བླ་ཆེན་བསམ་རྒྱམ་པས་དོ་དམ་མཛད་ནས་རིན་པོ་ཆེ་དཀོན་མཆོག་རྒྱལ་མཚན་གྱི་དྲུང་དུ་ཚང་བར་གསན། འཇམ་དཀར་མ་ཏི་ལུགས་ཀྱི་ལྗགས་བསྙེན་འབྲུ་འབུམ་མ་ཤའི་ལས་སྦྱོར་བཅས་པ་གནང་པས་སྐུ་ན་སྨིན་པར་སོང་ནས་ཀྱང་དབང་འཁྲིད་རྗེས་གནང་སོགས་གང་ལའང་ཐོགས་པ་མེད་པའི་མཁྱེན་རབ་རྗེ་བཙུན་(༡༠བ)


GLG009_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པའི་འཁོར་ལོའི་བྱིན་རླབས་ཀྱི་བདུད་རྩིས་ཐུགས་ཀྱི་ཟ་མ་ཏོག་ཡོངས་སུ་གཏམས་པར་ངེས་རྙེད་ཀྱི་དད་པ་ཅི་ཡང་འཕེལ། ཤིང་ཡོས་ངོར་ཨེ་ཝཾ་ཆོས་ལྡན་དུ་ཕེབས། དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ་ལ་བདེ་མཆོག་མཁའ་འགྲོ་རྒྱ་མཚོས་གཙོས་པའི་དབང་ཆོས་འགའ་ཞིག་གསན། ཐོས་བསམ་སྒོམ་གསུམ་མཛད་ལུགས་ཀྱི་བསླབ་བྱ་ཞིབ་ཏུ་སྩལ་ཞིང་ཐུགས་མོས་ཀྱང་ལྷག་པར་ཆེ་བར་བྱུང་བས་བཀའ་དྲིན་ཆེ་བའི་བླ་མ་གཅིག་ཏུ་མཛད། ཕྱིར་བྱོན་ནས་སྨན་ཁང་དུ་ཡབ་ཡུམ་གཉིས་ཀྱིས་ཁུར་བཞེས་པའི་འཇམ་དབྱངས་བྱང་གླིང་རྗེའི་བཀའ་འབུམ་པོ་ཏི་གཅིག་འབྲི་བའི་སྣག་ཤོག་ཡིག་མཁན་རིན་པོ་ཆེ་ལྷ་བོ་པ་དང་། སློབ་དཔོན་དཀོན་རྒྱན་པ་གཉིས་གདན་དྲངས་པའི་ཞབས་ཏོག་འབུལ་བ་སོགས་ཀྱི་མཐུན་རྐྱེན་སྦྱར། མེ་འབྲུག་བུ་ལུགས་ཀྱི་དཀྱིལ་ཆོག་མང་པོ་དང་ཡོ་ག་པ་རིན་ཆེན་ཚེ་དབང་གིས་མཛད་པའི་ཡིག་ཆ་རྣམས་ཐུགས་འཛིན་དང་གར་ཐིག་གི་སྦྱོང་དར་ནན་ཏན་དུ་མཛད། མེ་མོ་སྦྲུལ་ལོ་རྗེ་རྡོ་རྗེ་འཆང་གིས་ཞབས་དྲུང་དབོན་རིན་པོ་ཆེ་ཡར་ཀླུངས་བཀྲ་ཤིས་རྩེ་ཆོས་སྡེའི་གདན་སར་རྒྱལ་ཚབ་ཏུ་མངའ་གསོལ་རི་ཕུག་ཏུ་ཕེབས། རྗེ་འདི་ཉིད་ཀྱིས་མཇལ་བར་བྱོན་པར་སྔར་རྒྱུན་བཞིན་ཐུགས་དགྱེས་པ་ཆེན་པོ་མཛད། བདེ་མཆོག་བདེ་ཆེན་རལ་གཅིག་གི་སྨིན་གྲོལ་གཉིས་དཀོན་ཞིང་ཡ་བྲལ་ལྟ་བུར་གྱུར་པའི་གྲོལ་བདེ་སེམས་ཉིད་ངལ་གསོའི་ཉམས་འཁྲིད་ཀྱིས་གཙོས་དབང་ཆོས་ཁ་ཡར་གསན་མུར་རང་བསྟན་ཁའུ་བྲག་རྫོང་པའི་རིང་ལུགས་འཛིན་པ་ཆེན་པོ་གླང་བུ་ནས་འཇམ་དབྱངས་ཆོས་སྐྱོང་དབང་ཕྱུག་བྱོན་པའི་དཔོན་སློབ་གཉིས་(༡༡ན)


GLG009_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

ཆབས་ཅིག་པར་རྡོ་རྗེ་ནག་པོ་ཆེན་པོའི་བྲག་རྫོང་མ་ཕྱི་ནང་གསང་གསུམ་གྱི་ཉམས་འཁྲིད་ཟབ་མོ་ས་སྐྱ་ཚད་ཀྱི་རྣ་བར་མ་གྲགས་ཤིང་རྡོ་རིང་དབོན་པོ་ཀུན་དགའ་རྒྱལ་མཚན་སོགས་འཁྲིད་གཞུང་དངོས་བསྟན་གྱི་ཡིག་ནག་ཐུག་ཕྲད་དུ་འཇོག་པ་ཚོ་དང་མི་འདྲ་བའི་སྙིང་ཁྲག་གི་ཟུངས་ལྟ་བུའི་ཞལ་ཤེས་ཀྱིས་བརྒྱན་པ་སྨིན་རྒྱས། རྒྱལ་ཆེན་རྣམ་མང་ཐོས་སྲས་ལྔ་ཕྲག་ལྔའི་རྗེས་གནང་གང་རྙེད་ཀྱི་ལས་ཚོགས་ལུང་སོགས་གསན། རིང་པོར་མ་ལོན་པར་ངོར་ནས་མཁས་གྲུབ་ཆེན་པོ་དཔལ་ལྡན་དོན་གྲུབ་ཕེབས་པར་མགོན་ཆེན་གྱི་གསང་འཁྲིད་ལའང་ཐུན་མོང་བ་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་ནས་བརྒྱུད་པ་དང་། ཐུན་མོང་མ་ཡིན་པ་གདུང་བརྒྱུད་རིམ་པར་ཆིག་བརྒྱུད་དུ་བྱོན་པ་གཉིས་ལས་ཕྱི་མའི་བསྙེན་བསྒྲུབ་ལས་སྦྱོར་གྱི་ཟབ་འཁྲིད་གཞན་ཡང་གདུགས་དཀར་ཞེ་གཉིས་མའི་དབང་སོགས་ཞུ་བ་མཛད་པ་དང་ལྷན་ཅིག་པར་རྗེ་འདི་ཉིད་དང་གླང་ཕུ་ཆོས་རྗེ་གཉིས་ཀྱིས་ཀྱང་གསན། སྟོན་རྡོ་རྗེ་འཆང་གླང་ཕུར་གདན་དྲངས་པའི་ཞབས་འབྲིང་དུ་ཕེབས། གླང་ཕུ་ནས་སྦྱིན་བདག་ཞུས་པའི་བྱང་གཏེར་གྱི་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་སྒྲུབ་ཆེན་ལ་བརྟེན་ནས་སྐྱེ་བདུན་རིལ་སྒྲུབ་བདུན་རིལ་སྒྲུབ་ཀྱི་ཚེ་གཟུངས་ཐོག་རྡོ་རྗེ་སློབ་དཔོན་ཆེན་པོ་དང་། གླང་ཕུ་ཆོས་རྗེ། རྗེ་ཉིད་དཀའ་བཅུ་པ་གྲགས་པ་བཀྲ་ཤིས་བཞིས་འཛིན་པའི་ཐུན་དཔོན་མཛད་ནས་ཡི་གེ་བཅུ་མ་དང་གསུང་མི་ཆད་དུ་འཛབ་ཁོར་ཡུག་གི་དང་དངོས་གཞི་གྲོལ་ནས་སྐྱ་སེར་རྣམས་ལ་སྒྲུབ་དབང་དང་རིལ་བུ་བཀྱེ་བ་སོགས་ཀྱི་ཕྱག་གཡོག་གནང་བས་སྐལ་བ་བཟང་དགོངས་པའི་དགྱེས་རྩེར་སོན། དེ་ནས་གླང་ཕུའི་(༡༡བ)


GLG009_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ངོ་རྣམས་ལ་རྡོ་རྗེ་ནག་པོ་ཆེན་པོའི་བྲག་རྫོང་མ་ཕྱི་ནང་གསང་གསུམ་གྱི་འཁྲིད། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གི་གསུང་འབུམ་སོགས་ཆོས་མང་དུ་གནང་བ་རྣམས་ལྷན་དུ་གསན། ཀླུ་ཁང་དུ་སྐྱེ་བ་ཀུན་ཏུ་རྗེས་སུ་འཛིན་པར་གསོལ་བཏབ་གནང་བར་རྡོ་རྗེ་འཆང་གིས་ཞལ་གྱིས་འཆེས། ཁྱབ་བདག་དབང་ཕྱུག་རབ་བརྟན་བརྒྱ་ཚོར་ཕེབས་པའི་ཞབས་ཕྱིར་འབྱོན་རྩིས་ལ་ཞ་ལུ་ནས་གདན་འདྲེན་བྱུང་བའི་ཕྱིར་བཏེག་ཞོར་དགའ་བ་གདོང་དུ་བཞུགས་སར་རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་ཕྱག་བྲིས་དཔེ་མང་དུ་བྱུང་བ་སླར་རྡོ་རྗེ་འཆང་དང་མཇལ་སྐབས་འབུལ་བ་མཛད། འཕགས་ཡུལ་ནས་ནང་པ་སངས་རྒྱས་པའི་པཎྜི་ཏ་ཁུངས་བཙུན་བྱོན་པའི་རྗེས་མ་པཎ་ཆེན་ནགས་ཀྱི་རིན་ཆེན་ནས་བརྒྱུད་པའི་སྦྱོར་བ་ཡན་ལག་དྲུག་གི་ཉམས་འཁྲིད་རིན་པོ་ཆེ་ཤཱཀྱ་སེང་གེ་ལ་རྒྱས་པར་གསན། སོར་སྡུད་ཀྱི་སྐབས་མུན་མཚམས་ཞག་བདུན་མཛད། ཆག་ལོ་གསུམ་པ་རིན་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་དུས་འཁོར་ཆོས་འབྱུང་སོགས་ལུང་མང་དུ་གསན། རྡོ་རྗེ་འཆང་ཤངས་ནས་ས་ཕོ་རྟའི་ལོ་རི་ཕུག་ཏུ་ཕེབས་སྐུ་མཚམས་ཡུན་རིང་བར་གནང་བ་གྲོལ་རྗེས་སྒྲུབ་ཁང་ནས་མཁས་གྲུབ་དཔལ་ལྡན་དོན་གྲུབ་དང་ལྷན་ཅིག་ཏུ་དུས་འཁོར་སྡོམ་ཆེན་གྱི་དབང་། གུར་མགོན་གྱི་རྗེས་གནང་ཁ་ཤས། སྙན་བརྒྱུད་ཁ་སྐོང་སོགས་བེའུ་བུམ་ཕལ་ཆེར་གྱི་ལུང་དང་རྗེ་ཉིད་ཀྱིས་སྒེར་དུ་འཇིགས་བྱེད་རྭ་ལུགས་འོད་ཟེར་དྲི་མེད་གཙུག་ཏོར་དྲི་མེད་ཕྱག་རྡོར་འགྲོ་བཟང་གི་དབང་དང་ལུང་རྗེས་གནང་དུ་མ་གསན། བདག་འཁྲུལ་ཞིག་རིན་པོ་ཆེའི་དུས་ཞབས་ཕྱིར་ཨེ་ཡོད་ཞུས་(༡༢ན)


GLG009_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཡོད་གསུང་། རྒྱལ་ཡུམ་ཚུལ་ཁྲིམས་བཟང་མོའི་དུས་ཨེ་ཡོད་ཞུས་པས་མེད་པ་འདྲ་གསུང་། ཟླ་གཅིག་པར་བྲག་རྫོང་མའི་བསྙེན་མཚམས་གནང་བའི་སྐབས་ཞལ་འདོན་མཛད་རྒྱུའི་གསོལ་འདེབས་ཞིག་ཞུས་པར་ཤློ་ཀ་གསུམ་པ་ཞིག་གི་ཁ་ཡིག་ལ་རི་ཕུག་དབུ་མཛད་ཆེན་མོའི་ཐུགས་དམ་ཞེས་གནང་བ་དེ་སྐབས་ཉམས་འཆར་ལྟ་བུ་ལས་དགུང་ལོ་བཅུ་བདུན་ཙམ་ལས་མི་འགྲོ་གཤིས་དེ་འདྲའི་དོགས་གནས་ཕྱི་ནང་སུ་ལའང་མེད་རུང་། དོན་དུ་ལྐོག་གྱུར་གྱི་ཆོས་མངོན་སུམ་དུ་གཟིགས་པའི་ལུང་བསྟན་ལ་ཐུགས་ངེས་ལྷག་པར་རྙེད། རེ་ཞིག་བརྟག་གཉིས་ཐུགས་འཛིན་སོགས་གསན་སྦྱོང་མཛད། ས་ལུག་ལོ་རྡོ་རྗེ་བྲག་རྫོང་མའི་བསྙེན་ཆེན་ཟླ་བ་བདུན་མཛད་སྐབས་ནུབ་ཀྱི་མཚན་ལམ་དུ་ཧ་ཤང་གི་ཆ་བྱད་ཅན་གཟུགས་བོངས་ཆེ་བ་རྟ་པ་མང་པོའི་འཁོར་གྱིས་བསྐོར་བ་རི་ཕུག་གི་མ་ཎི་ཆེན་མོའི་ཐད་ཙམ་དུ་ཡོད་མུར་གཟིམས་ཁང་དུ་འཚངས་ནས་སྦུག་དེར་འོད་མེར་རེ་བསྡད་སོང་བ་ཐུགས་འཇིགས་ཞུམ་པའི་སྣང་བ་ཤར་ཞིང་སང་ཉིན་རྒྱ་འདྲེའི་ཆོ་འཕྲུལ་ཡིན་ནམ་དགོངས་པའི་རྡོ་རྗེ་འཆང་ལ་ཞུ་ཡིག་ཕུལ་བའི་ལན་དུ་བཟློག་འཁོར་གྱི་རྩེ་ལ་བསྐྱོན་གསུང་བ་བཞིན་མཛད་ཀྱང་རྒྱ་འདྲེ་དེ་གདུག་རྩུབ་ཆེ་བ་ཡོད་ཚོད་ནས་སྲོད་ཐུན་ཞིག་ལ་དངོས་སུ་སྡིག་པས་ཞབས་ཀྱི་བརླ་ནང་ལ་སོ་བཏབ་པ་ཕྱག་གིས་བཟུང་ནས་ཕྱིར་འཕངས་པ་ན་ཤི་ཟིན་འདུག་པས་བསླབ་སྟོན་ཞུས་པར་རོ་དེ་བཞུགས་གདན་འོག་ཏུ་ཆུག་གསུང་བ་བཞིན་བཅུག །དེ་སྐབས་སྤྱན་གྱིས་གཟིགས་པར་མ་ཟད་ཐུགས་ཉམས་ལ་ཤར་ཚད་ཀྱི་སྣོད་བཅུད་མཐའ་དག་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ཡིན་དགོངས་པའི་ཞབས་ས་ལ་འདེགས་འཇོག་མི་ནུས་པ་ལྟ་བུ་(༡༢བ)


GLG009_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་རྒྱུ་མཚན་ཞུར་བཏང་བའི་ལན་དུ་གནས་ལུགས་རང་ངོ་རང་ཤེས་དོན་དམ་གྱི་མགོན་པོ་ཡིན། དུས་ཐམས་ཅད་དུ་བསྐྱེད་རྫོགས་ཟུང་འཇུག་གི་ཐུགས་དམ་དང་མ་བྲལ་བ་མཛོད་ཅེས་ཞལ་གདམས་གནང་། དོན་དུ་གང་སྣང་ཐམས་ཅད་བླ་མའི་རྣམ་པར་ཤར་བ་འདི་གཞན་ལས་ཁྱད་དུ་འཕགས་པའི་གསུང་བསྙེན་གྱི་རྟགས་སུ་འདུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་སྟོན་ལྕགས་སྟོད་དུ་དབང་གཞི་མཛད་ནས་རི་ཕུག་ཏུ་ཕེབས་པ་དུས་མཚུངས་སྐུ་མཚམས་གྲོལ་བ་འགྲིག་ནས་རྗེ་འདི་ཉིད་ཀྱིས་མཇལ་བར་ཕེབས་པས་དེ་ནུབ་བཞུགས་མེའི་སར་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་གནང་། བཀའ་ལས་འོ་མེ་འདིས་ལྷབ་ལྷབ་བྱས་པ་དང་དྲན་གསོས་བྱུང་མདང་རྨི་ལམ་དུ་ཐམས་ཅད་མཁྱེན་པ་ཕེབས་པ་ཞིག་བྱུང་བ་དེ་རིང་ཁྱེད་འབྱོན་པར་ལྟ་བ་འདུག་ཕེབས་པ་ཐམས་ཅད་མཁྱེན་པའི་རིང་ལུགས་འཛིན་པ་ལ་མཆོག་ཏུ་འགྱུར་བར་དོན་གྱིས་དབུགས་དབྱུང་མཛད་པ་འདྲ། ལྕགས་སྤྲེལ་ལོ་ལྷོ་གསེར་མཛོད་སེར་པོ་ནས་བྱོན་པའི་རྡོ་རྗེ་དྲག་པོ་རྩལ་གྱི་ལྗགས་བསྙེན་ཞག་ཉེར་གཅིག་གནང་། ཡར་ཀླུངས་ནས་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་ཕེབས་པ་དང་ལྷན་ཅིག་པར་སྣང་སྲིད་ཀྱི་ཆོས་ཐམས་ཅད་རྒྱུད་གསུམ་གྱི་དྲེགས་པའི་རྣམ་རོལ་གསང་བ་རང་སེམས་གནས་ལུགས་དོན་དམ་གྱི་མགོན་པོར་ངོ་སྤྲོད་པའི་མན་ངག་གི་ཉིང་ཁུ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་གསང་འཁྲིད་ཐུན་མོང་མ་ཡིན་པ་ཟླ་བ་གསུམ་གྱི་བར་སྨིན་རྒྱས་སུ་གསན་པའི་ཚེ་ནུབ་ཅིག་གྲིབ་གནོན་གྱི་རྣམ་པ་བྱུང་བར་རྒྱུ་མཚན་ཞུས་པ་ན་ནག་པོ་ཆེན་པོ་འགྲུབ་པའི་རྟགས་སུ་བཤད་པས་ངན་རྒྱུ་མེད་ཙམ་ལས་གསལ་བར་མ་གསུངས་(༡༣ན)


GLG009_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ལུགས་འདི་ལ་རྟགས་མཚན་ཤིན་ཏུ་ལེགས་པར་ངོས་འཛིན་མཛད་སྲོལ་སྣང་། ཤཱ་ས་ནའི་ལྗགས་བསྙེན་གྱི་སྐུ་མཚམས་དམ་པར་མཛད་པའི་འབུམ་ཕྲག་གཉིས་ཙམ་ནས་གཞན་རྐྱེན་གྱིས་འཕྲོར་ལུས་པར་ད་དུང་ཡང་བྱེད་དགོས་རྒྱུ་ཡིན་པ་འདྲ་ཞེས་ཡང་ཡང་གསུང་། རྩིས་གནས་གསར་གྱི་དཀོན་གཉེར་གྱིས་རྡོ་རྗེ་འཆང་ལ་རྩིས་མགོན་གྱིས་རྗེས་གནང་ཞུ་ཡི་འདུག་པའི་ཟླར་ལྷན་དུ་གསན། དཀོན་གཉེར་དེ་དང་ངོར་པའི་གྲ་པ་ཁ་ཤས་ལ་རྗེ་ཉིད་ཀྱིས་ཤཱཀྱ་ཐུབ་པ་གཙོ་འཁོར་དགུ་པའི་དབང་མཛད། ལྕགས་མོ་བྱ་ལོ་ཀླུ་སྒྲུབ་ཆོས་ཀྱི་རྒྱལ་མཚན་གྱིས་གསོལ་བཏབ་མཛད་པ་དང་ཕྱོགས་མཐུན་པར་རྗེ་བཀའ་འགྱུར་བ་དང་མཁན་ཆེན་ཞ་ལུ་པ་གཉིས་ཀྱིས་ཀྱང་གསང་སྔགས་གསར་རྙིང་གི་དབང་ཆོས་མང་དུ་གསན། གཙང་སྡེ་སྲིད་ནས་སྣར་ཐང་ཐར་པ་ཞ་ལུ་སོགས་དཔོན་རྙིང་དུ་མའི་ཉམས་གསོས་མཛད་པ་དང་འཇམ་དབྱངས་བསོད་ནམས་དབང་པོ་དག་ཞིང་དུ་གཤེགས་པ་དུས་མཚུངས་པའི་མཁན་པོ་མེད་པ་ནས་ཞ་ལུའི་མཁན་པོར་སྐུ་ཞང་བསྐོ་བའི་སྒོ་དོད། ལས་སྣེ་བ་རྣམས་ཀྱིས་གྲ་རྒྱུན་ཐམས་ཅད་འདུ་དགོས་པའི་བརྡ་རྒྱག་ལ་བརྟེན་རྗེ་འདི་ཉིད་ཀྱང་བཀའ་ཆོས་གསན་འཕྲོར་ཕེབས་དགོས་ཤར་བ་ཐུགས་ཤིན་ཏུ་ངལ་བ་བྱུང་རུང་གནང་ཐབས་ཟད་ཅིང་རྡོ་རྗེ་འཆང་ཡང་ཐུགས་འཕྲེང་བའི་སྒོ་ནས་སྐུ་ཆོས་བཞེས་འཕྲོ་དང་སྐུ་ཕྱ་མ་ལེགས་པོ་ཞིག་གནང་། ཆོས་འཕྲོར་ལུས་པ་ཐུགས་ཀྱིས་མ་བཟོད་པའི་རྒྱུ་མཚན་དང་བཅས་བསླབ་སྟོན་རྒྱས་པར་སྩལ། ཞ་ལུ་གསེར་བཀང་དུ་མཁན་པོ་བསྐོ་བ་སོགས་ཟ་ཟི་རྣམས་རིམ་གྱིས་ཞི་བའི་ཚེ་རྗེ་རྡོ་རྗེ་(༡༣བ)


GLG009_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་དགོན་པ་སྒྱི་ལུང་པས་གདན་དྲངས་པའི་ཞབས་ཕྱིར་བྱོན། ཐུགས་རྗེ་ཆེན་པོ་ཉོན་མོངས་རང་གྲོལ་གྱི་སྒོ་ནས་སྐྱེ་བདུན་སྒྲུབ་པའི་ཕྱག་ཕྱི་མཛད། ཡང་འུག །བླ་མ་སྒྱིད་ལུང་པ་སོགས་སྟོད་སྨད་ཀྱི་སྔགས་འཆང་ཆེས་མང་བ་འདུས་པ་དང་ཞབས་དྲུང་དབོན་རིན་པོ་ཆེ་སོགས་ལ་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་དབང་གནང་བ་དང་ཕྱོགས་མཚུངས་སུ་གསན། དེ་དུས་སྡེ་སྲིད་ནས་རིན་ལྡིང་སློབ་དཔོན་དུ་འབྱོན་དགོས་པའི་བཀའ་ཤོག་བྱུང་། དབང་གྲོལ་ནས་ཞ་ལུར་དཔོན་སློབ་ཕྱོགས་མཐུན་དུ་ཕེབས། རི་ཕུག་ཏུ་རྡོ་རྗེ་འཆང་གི་སྐུ་ཞབས་སུ་གདན་གཟོས་དང་ཚེ་དཔག་མེད་ཀྱི་སྐུས་གཙོས་གནང་སྦྱིན་བཟབས་རྒྱས་བཀྲ་ཤིས་ཚིགས་བཅད་མང་དུ་གསུང་ཞིང་ཕྱག་ནས་འཐོར་བའི་བྱིན་རླབས་གནང་མཇུག་ཏུ། བལྟས་པ་ཙམ་གྱིས་སྲིད་གསུམ་དབང་དུ་སྡུད། །ཅེས་སོགས་གསུངས་ནས་རྗེ་འདིར་རྙིང་མ་བ་ཞིག་བྱས་བྱུང་ཨང་གསུངས། ཞབས་དྲུང་དབོན་རིན་པོ་ཆེ་ནས་དུང་ཆོས་ལེགས་པོ་ཞིག་གིས་གཙོས་པའི་གནང་སྦྱིན་མཛད། དཔོན་སློབ་ཐམས་ཅད་ཕན་ཚུན་འབྲལ་མི་ཕོད་པ་ལྟ་བུའི་ངང་ནས་རྗེ་ཉིད་ཀྱིས་ཉང་སྟོད་ཕྱོགས་སུ་བཏེག །རིན་སྡིང་པ་རྣམས་ཀྱིས་ཆིབས་བསུ་ཐབ་བསུ་བཟབས་རྒྱས་དང་བཅས་རིན་ཅེན་ལྡིང་ཁང་ཕུབ་པའི་སྔགས་གྲྭར་ཕེབས། རྔ་ཆེན་ཞེས་པ་ཆུ་ཕོ་ཁྱིའི་ལོ་ཧོར་གྱི་ཟླ་བ་ལྔ་པའི་ཚེས་བཞིའི་ཉིན་དཔལ་ལྡན་རྣལ་འབྱོར་རྒྱུད་རྒྱལ་གྱི་སྟོན་པ་རྣམ་པར་སྣང་མཛད་ཆེན་པོའི་སེང་གེའི་ཁྲིར་ཕེབས་པར་རྒྱལ་རྩེ་རྫོང་དང་བླ་བྲང་དཀར་པོ་ནས་བསྐོ་འཇའི་གནང་སྐྱེས། དགེ་འདུན་ཚོགས་པས་བགེགས་སྐྲོད་དང་བཀྲ་ཤིས་མངའ་གསོལ་རྒྱས་པར་(༡༤ན)


GLG009_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། སྔར་སློབ་དཔོན་པར་ཕྱག་མི་འཚལ་བའི་བརྒྱ་འོག་གི་དྲུང་འཁོར་རྣམས་ཀྱིས་ཀྱང་གུས་པའི་སོར་བཅུ་སྙིང་ཁར་སྦྱར་བ་སོགས་མཆོད་ཡོན་ཐམས་ཅད་ཐུགས་ཡིད་གཅིག་འདྲེས་ཀྱི་དགའ་སྟོན་ཕུན་སུམ་ཚོགས་པ་མཛད་དོ། །མཁས་གྲུབ་ཡོངས་འཛིན་ཚངས་པའི་རལ་ཀླུང་ནས། །མཁྱེན་བརྩོན་སྐལ་ལྡན་ཤིང་རྟས་ཉེར་དྲངས་པ། །དབང་ལུང་རིགས་གཏད་རྗེས་གནང་གངྒཱའི་རྒྱུན། །འཐུང་ནུས་ཛ་ཧྣུ་དེ་གཞན་ན་སུ། ཁྱད་པར་དཀྱིལ་འཁོར་བྱ་བ་སྤྲོ་བསྡུའི་མགོན། །རིན་ཆེན་ཆོས་ཀྱི་འབྱུང་གནས་རྒྱ་མཚོའི་རླབས། །ལེགས་བཤད་ཡོལ་མེད་ཕྱག་མཚན་ཡོངས་གཏད་པ། །བུ་སྟོན་བསྟན་པའི་བདག་པོར་མངའ་གསོལ་བཞིན། །ཕྱི་ནང་གསང་བའི་བྲག་རི་མཐོར་བརྩེགས་རྫོང་། །རྒྱུད་གསུམ་དྲེགས་པ་གསལ་སྟོང་ཟུང་འཇུག་ཏུ། །ངོ་སྤྲོད་མཁའ་འགྲོའི་ཁ་རླངས་སྙན་བརྒྱུད་ཀུན། །ཕ་རྒོད་གནས་གསར་ཆོས་རྗེའི་དྲིན་ལས་རྙེད། །ཡིད་འཕྲོག་ལྟ་ན་སྡུག་པའི་སྐྱེད་ཚུལ་དུ། །ཟླ་མེད་བླ་མ་མཆོག་དང་མི་འབྲལ་བར། ཞལ་འཆེས་ཉི་མའི་གཉེན་དང་ཀུན་དགའ་བོའི། །རྗེས་འགྲོའི་རྣམ་ཐར་འདི་ཀོ་གཅིག་ཏུ་མཚར། །མ་རུངས་རྒྱ་འདྲེར་རྫུ་བའི་སྙིང་དྲོན་ཁྲག །མིའུ་ཐུང་སྲིན་པོའི་ཞལ་སྒོར་ཧུབ་ཀྱིས་དྲངས། །གང་སྣང་བླ་མའི་ངོ་བོར་རྟག་འཆར་བ། །རབ་འབྱམས་དག་པའི་ཞིང་གི་བཀོད་པར་འགྲན། །སུམ་རྩེན་ས་ལ་འཕོས་འདྲ་ཉང་སྟོད་ཡུལ། །རིན་ཆེན་ལྡིང་ཁང་ཕུབ་པའི་གཞལ་མེད་ཆེར། ཁྱབ་བདག་རྣམ་པར་སྣང་མཛད་མཚམས་སྤྲིན་མདོག །གསར་པའི་བླ་གོས་འཆང་ལ་གཅིག་ཏུ་བྲེལ། །མི་རིང་བར་རི་ཕུག་ཏུ་རྗེ་རྡོ་རྗེ་འཆང་གི་ཞབས་དྲུང་དུ་བྱོན་རིན་པོ་ཆེ་གསེར་གྱི་(༡༤བ)


GLG009_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་བཏེག་ནས་རིགས་འཛིན་ཆེན་པོའི་གཏེར་གསར་བླ་མ་བཀའ་བརྒྱད་ཡོངས་འདུས་དང་དྲག་པོ་དབུ་དགུའི་དབང་གཉིས་ཀྱིས་གཙོས་པའི་ཆོས་ཅི་རིགས་གསན། ཕྱིར་ཕེབས་ནས་རིན་ལྡིང་འདུ་ཁང་གི་ཤིང་རྩི་ལྡེབས་བྲིས་ཀྱི་ཁུར་བཞེས་དང་སྒྲུབ་མཆོད་བསྐང་བ་གཞན་དོན་གྱི་འཕྲིན་ལས་སོགས་རྣམ་དཀར་གྱི་མཛད་པ་གོང་འཕེལ་གྱི་ངང་ནས་རིང་པོར་མ་ལོན་པར་བསྙེན་པར་རྫོགས་པའི་དགོངས་པ་བསྟད་པ་དེ་ཡང་བསྟན་པ་སྔ་དར་གྱི་དུས་ཐམས་ཅད་མཁྱེན་པ་ཞི་བ་འཚོས་སད་མི་མི་བདུན་རབ་ཏུ་བྱུང་བ་ནས་བཟུང་སོ་ཐར་གྱི་སྡོམ་རྒྱུན་དར་རྒྱས་སུ་གྱུར་པ་རྒྱལ་པོ་དར་མས་བསྟན་པ་རྨ་བྱུང་བའི་རྗེས་སུ་དམར་གཡོ་གཙང་གསུམ་གྱིས་མདོ་སྨད་ནས་བསྟན་པའི་མེ་རོ་གསོས་ཏེ་རྗེ་བཙུན་ས་པཎ་ཡན་ཆད་ཀྱི་སྡོམ་རྒྱུན་ཕལ་ཆེར་བླ་ཆེན་དང་པཱ་ལ་རྣམ་པ་གསུམ་ནས་དར་པའི་སྟོད་འདུལ་བའི་རྒྱུན་ཡང་བྱུང་མོད། ཀསྨི་ར་པའི་པཎ་ཆེན་བསོད་སྙོམས་པ་ཆེན་པོ་བོད་དུ་ཕེབས་པ་ནས་བཟུང་ཚོགས་སྡེ་བཞི་དང་འཇམ་མགོན་ས་པཎ་ནས་བརྒྱུད་པར་པཎ་ཆེན་བརྒྱུད་པ་ཞེས་སྙན་གྲགས་ཆེ་ཞིང་བདག་ཉིད་ཆེན་པོ་བཟང་པོ་དཔལ་པ། ཀུན་མཁྱེན་བུ། ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པ་སོགས་མཁས་གྲུབ་ཕལ་ཆེར་སྡོམ་རྒྱུན་འདི་ནས་བཞེས་པ་མང་ཞིང་། ཁྱད་པར་དེར་ཕྱོགས་སུ་བསྙེན་རྫོགས་ཀྱི་གྲ་བཟང་བ་ནས་དཔལ་ཨེ་ཝཾ་ཆོས་ལྡན་ཡོན་ཏན་མ་ལུས་འབྱུང་བའི་གཙུག་ལག་ཁང་དུ་མཁྱེན་བརྩེ་ནུས་པའི་མངའ་བདག་ཚུལ་ཁྲིམས་ཀྱི་དྲི་བསུང་གིས་ཕྱོགས་ཀུན་ཏུ་ཁྱབ་པས་འཕགས་པ་ཉེ་བར་འཁོར་ས་འདིར་བྱོན་པ་ལྟ་བུ་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཡོངས་རྫོགས་(༡༥ན)


GLG009_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་མངའ་བདག་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ་ཀྱིས་མཁན་པོ། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་མི་འཕྲོགས་པའི་མཁྱེན་རབ་དང་ལྡན་པའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་བྲང་ཏི་པ་ནམ་མཁའ་སངས་རྒྱས་ཀྱིས་ལས་ཀྱི་སློབ་དཔོན། མཁས་གྲུབ་ཤར་ཆེན་ཤེས་རབ་འབྱུང་གནས་ཀྱིས་གསང་སྟོན། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་དགེ་བསྙེན་ནས་བཟུང་བསྙེན་རྫོགས་ཀྱི་དུས་སྒོ་བརྗོད་པའི་བར་འདུལ་ལུང་རྒྱ་བོད་ཀྱི་རྣམ་བཤད་རྣམས་ཀྱི་དགོངས་པ་བཞིན་གྲངས་གསུམ་དུ་གཅོད་པ་སོགས་ཕྱག་ལེན་ཤིན་ཏུ་དངོས་གཙང་བའི་སྒོ་ནས་ཁྲག་སྐྱུག་ཅེས་པ་ཆུང་ཕག་ཆུ་སྟོད་ཟླ་བའི་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཚེ་ཡོངས་སུ་རྫོགས་པ་དགེ་སློང་གི་དངོས་པོ་རྣམ་པར་དག་པ་བཞེས་ཏེ་ཉོན་མོངས་པའི་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་བསྒྲེང་བ་ནི། སུམ་བརྒྱ་པར། ཉོན་མོངས་དགྲ་གཡུལ་རྒྱལ་བྱེད་ཚུལ་ཁྲིམས་ཏེ། །ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡུག་བསྔལ་སྤོང་། །དཔལ་འབྱོར་ས་དང་མེ་ཏོག་མདའ་ཅན་འཇོམས། །རྫོགས་པའི་བྱང་ཆུབ་དཔལ་སྣོད་དབང་བསྐུར་རོ། །ཞེས་པའི་དོན་ཐོག་ཏུ་བབས་ཤིང་མཁན་སློབ་ཁུངས་བཙུན་དེ་དག་འབད་པས་འཚོལ་བའང་རྡོ་རྗེ་འཆང་ཚར་ཆེན་གྱིས། དེང་དུས་འདི་ན་ཁ་ཅིག་གཞན་དབང་གིས། །རང་ཡུལ་བླ་མ་ཚུལ་འཆལ་དག་ལ་ནོད། །གཞན་དག་བསམས་བཞིན་ཐག་རིང་སར་བགྲོད་ནས། །ཆེན་པོ་ཧོར་འདྲའི་སྤྱོད་ཚུལ་ཅན་ལ་ཞུ། །བདག་གིས་ཚེ་འདིའི་ངོ་སྲུང་རྒྱབ་ཏུ་བོར། །ཕྱི་མའི་དོན་ཆེན་འབའ་ཞིག་སྙིང་ནས་བསམས། །ཡོངས་རྫོགས་ཁ་ཆེའི་པཎ་(༡༥བ)


GLG009_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བསོད་སྙོམས་པ། །ཤཱཀྱ་ཤྲཱིའི་གྲྭར་ནི་འབད་པས་ཞུགས། །ཞེས་གསུངས་པའི་དོན་ཁོ་ནར་སྣང་། རིན་ལྡིང་འདུ་ཁང་གི་ཤིང་རྩི་ལྡེབས་བྲིས་གྲུབ་པའི་རབ་གནས་ལ་ཞ་ལུ་ནས་མཁན་པོ་སྐུ་ཞང་གདན་དྲངས། ཐུགས་བྲེལ་རྣམས་ཆོད་ནས་སླར་རི་ཕུག་ཏུ་བྱོན། ངོར་ནས་མཁས་གྲུབ་དཔལ་ལྡན་དོན་གྲུབ་ཕེབས་པའི་རྡོ་རྗེ་འཆང་དང་ཞལ་འཛོམ་གྱི་དཔོན་སློབ་གཉིས་ཀར་ཆོས་ཀ་གསན་བཞིན་པའི་མཁན་པོ་སྐུ་ཞང་དང་རྗེ་འདི་ཉིད་སོགས་ཁ་ཤས་ལ་རིན་པོ་ཆེ་སྒྲུབ་ཁང་ནས་ཀྱིས་སྒྲུབ་ཐབས་བརྒྱ་རྩ་གནང་བའི་སྐབས་གཙང་སྡེ་སྲིད་རྒྱལ་རྩེར་བཞུགས་ཐོག་གཟུག་པོ་ནས་ལ་བཀའ་བཀྱོན་གནང་རྩིས་རྫོང་དཔོན་དཔོན་གཡོག་ཧྲགས་པ་ཐུགས་བློར་མ་ཆུད་པའི་ཉེར་གསུམ་ལ་བོང་གོང་ནས་ཀྱི་དགེ་རྩའི་བཀའ་འགྱུར་ལ་ཕྱག་ནས་གནང་བར་བསྙད་བཏགས་ཀྱིས་གཟུག་པོ་ནས་འབྱོར་ལགས་འཁོར་བཅས་གྲགས་ཡུལ་ཆོས་སྡེར་བརྫངས། ཆོས་སྡེའི་སློབ་དཔོན་རྣམས་ཀྱང་ཉི་མ་རྩེར་ཤར་ལ་མཆོད་རྟེན་ཆེན་མོའི་མདོར་གདན་འདྲེན་ལ་འབྱོར་དགོས་པའི་བརྡ་འགྲེམས་བྱུང་བར་བརྟེན་འཕྲོས་བྱུང་འཕྲལ་སྒྲུབ་ཐབས་བརྒྱ་རྩ་འཕྲོར་བཞག་སྟེ་བཤད་ནས་ཕེབས་པས་མཚན་ཕྱེད་ཙམ་ལ་ཆོས་སྡེར་འབྱོར། སང་ཉིན་སློབ་དཔོན་རྣམས་ཀྱིས་ཕེབས་བསུར་བྱོན་པ་དང་རྩེའི་བརྒྱ་སྒོ་བསྡམས་གཟུག་པོ་ནས་ལ་བཀའ་བཀྱོན་ཡིན་འདུག་ཟེར་བས་གདན་འདྲེན་པ་རྣམས་སོ་སོར་གྱེས། རེ་ཞིག་དེ་གར་སྟན་ཆགས་ནས་རྩེ་མོ་སྒྲུབ་མཆོད་དང་དགུན་ཆོས་སོགས་རྒྱས་པར་མཛད། སླར་རི་ཕུག་ཏུ་རྡོ་རྗེ་འཆང་གི་བསླབ་སྟོན་བཞིན་བླ་མ་བཀའ་བརྒྱད་ཡོངས་འདུས་ཀྱི་ལྗགས་བསྙེན་གནང་། ཤིང་བྱིའི་ལོ་རྡོ་རྗེ་འཆང་དབང་ཕྱུག་རབ་(༡༦ན)


GLG009_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་གདན་སར་ཕེབས་པའི་ལེགས་འབུལ་ལ་བྱོན། རྗེ་བླ་མའི་སྐུ་རིམ་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྦྱིན་སྲེག་གང་མང་དང་། གཙུག་ཏོར་འབར་མའི་ཆུ་བཟློག་མཛད། དགེ་སློང་ཆེན་པོ་མཁས་གྲུབ་པར་ཐམས་ཅད་མཁྱེན་པས་མཛད་པའི་འོད་ཟེར་དྲི་མེད་ཀྱི་སྲོག་ཤིང་འཛུགས་པའི་ཆོ་གའི་ལུང་གསན། ཕྱིར་ཕེབས་ནས་རྡོ་རྗེ་འཆང་ལ་ལེ་འདི་ཙམ་བཞུགས་ཀྱི་ཞལ་བཞེས་དགོས་པའི་ཞུ་ཡིག་འབུལ་བ་གནང་བའི་ལན་དུ་ཁྱད་ཀྱི་ངོར་ལོ་ལྔ་སྡོད་པའི་མཉམ་གཞག་བརྟན་པོ་བྱེད་གསུང་བའི་ཞལ་ལེན་འབྱོར། རིན་ལྡིང་གི་སློབ་དཔོན་སྡེ་སྲིད་དུ་ནན་བསྐྱེད་ཀྱིས་ཁྲོལ་ཆ་ཞུས་ནས་རྩིས་སྤྲོད་སོགས་ཀྱི་ཐུགས་བྲེལ་དང་འགྲིག་པའི་འདར་དུ་གསུང་ངག་རིན་པོ་ཆེ་གསན་པར་འཕྲོས་བྱང་ཡང་ཕེབས་མ་ཐུབ། དེ་ནས་ལོ་ལྔ་ཙམ་གྱི་བར་རི་ཕུག་ཏུ་བཅར་བཞུགས་ངོས་ཆོས་བརྒྱད་ཀྱི་བུན་ལོང་མཐའ་དག་རྒྱབ་ཏུ་བསྐྱུར་ནས་ཉིན་མཚན་དེ་མི་མཁྱེན་པ་ལྟ་བུའི་བརྩོན་པས་བགྲང་ཡས་རྒྱུད་སྡེ་རྒྱ་མཚོའི་ཕ་རོལཏུ་སོན་པའི་ཐུགས་གཉེར་སྨར་བར་མཛད། སྐབས་ཤིག་འདར་དུ་རྭ་འཁྲིད་མཁའ་འགྲོ་སྙན་བརྒྱུད་ཚུགས་པར་བརྡ་བྱུང་རུང་ཞ་ལུའི་གྲ་རྒན་འདྲས་བསླབ་གཉེར་ལ་གནོད་ཅེས་ཕེབས་མ་བཅུག་པས་ཐུགས་འཕྲེང་ཡང་གནང་ཐེབས་དང་བྲལ། ནུབ་ཅིག་མནལ་ལམ་དུ་སྔར་བྲག་རྫོང་མའི་ལྗགས་བསྙེན་དུས་བྱུང་བའི་ཧྭ་ཤང་དེ་ཡིན་རྒྱུའི་ཁུལ་ཞིག་གིས་གཟིམས་ཁང་སྟེང་གི་རྒྱལ་མཚན་དར་ལྕོག་སོགས་རྒྱན་དུ་མ་འདུག་པ་རྣམས་བཅག་སོང་བ་ཞིག་བྱུང་བ་སང་ནང་པར་ལྡུམ་རར་བྱོན་པས་བྱང་ཆུབ་ཤིང་གི་སྡོང་པོ་དེ་ཡང་དངོས་(༡༦བ)


GLG009_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྐམས་ཚར་བ་གཟིགས་གཤིས་བར་ཆད་དུ་དགོངས་ནས་འདར་དུ་ཞུ་ཡིག་ཕུལ་བའི་ལན་དུ། རྒྱལ་བ་ཀུན་དངོས་མཁྱེན་བརྩེའི་དབང་ཕྱུག་གི །ཐུགས་སྲས་དམ་པ་དབང་ཕྱུག་རབ་བརྟན་ལ། །མི་ཕྱེད་དད་པས་སྙིང་ནས་གསོལ་འདེབས་ན། །བདག་སོགས་བལྟོས་བཅས་འབྲལ་མེད་ཐུགས་རྗེས་བཟུང་། །གང་བྱུང་ཐུགས་རྗེར་ཤེས་པའི་མོས་གུས་ཀྱིས། །བགེགས་དང་བར་ཆད་གང་གིས་མི་བརྫི་བར། །ཅི་བསམས་དོན་ཀུན་འབད་མེད་ལྷུན་གྲུབ་ནས། །བསྟན་དང་འགྲོ་དོན་མཁའ་ཁྱབ་འགྱུར་བར་ཤོག །ཅེས་པའི་སྨོན་ལམ་ཡང་སྩལ།ས་འབྲུག་ལོ་འདར་དུ་ཕྱག་འབུལ་ལ་ཕེབས་པ་ན་འུ་ཅག་དཔོན་སློབ་མཇལ་བའི་དུས་ཀྱང་བྱུང་ཞེས་དགྱེས་པ་ཆེན་པོས་ཆོས་མང་དུ་གསུངས། ཁྱད་པར་ཐམས་ཅད་མཁྱེན་པ་བུའི་རིམ་ལྔའི་འཁྲིད་ཡིག་ཟ་མ་ཏོག་དང་། ཀུན་མཁྱེན་མཁྱེན་བརྩེའི་ཁ་འབྱེད་ལྡེ་མིག་སྦྱར་བའི་ཉམས་འཁྲིད་རྒྱས་པར་གསན་པའི་ཚེ་མནལ་ལམ་འཛིན་པ་གནང་བར་ཟིན་ནས་ཡུམ་བདེ་དོག་ཅི་འདྲ་ཡོད་དམ་དགོངས་གཟིགས་པར་ཕེབས་པ་ཞ་ལུའི་གཙུག་ལག་ཁང་གི་འགག་དེར་བྱོན་པ་དང་མནལ་སད། དེ་དུས་པཎ་ཆེན་ངག་དབང་ཆོས་གྲགས་སྐུ་རྐྱང་གིས་ཚོམ་ཆེན་དུ་རྡོ་རྗེ་འཆང་ལ་གསུང་ཆོས་གསན་པའི་ཚེ་རྗེ་ཉིད་གཟིམས་ཆུང་སྦུག་ཏུ་བཞུགས་ཡོད་པ་གསུང་ཆོས་ཀྱི་མཚམས་ཤིག་ལ་ཤར་མར་ཕེབས་ནས་ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་བསྟན་པ་ཞ་ལུ་པའི་གྲུབ་མཐའ་འཛིན་པར་གཞན་ཆོས་ལུགས་མང་པོ་བགྲངས་ནས་མཐར་གཞན་སུའང་མི་ཡོང་པས་ཉིད་ཀྱི་ཕོ་རྒྱབ་ཅིག་ཅེས་བསླབ་སྟོན་གནང་བ་སོགས་ལ་ཐུགས་མོས་ཆེ་བར་འདུག་རུང་གསུང་ཆོས་ཞུ་བ་ནི་སྟབས་འགྲིག་(༡༧ན)


GLG009_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞིག་མ་བྱུང་བར་གདའ། རྡོ་རྗེ་འཆང་གི་བཀའ་བཞིན་ཁྱབ་བདག་བཀའ་འགྱུར་བར་ཚིག་སྒྲའི་ཁྱད་ནས་བླ་བྲང་རྩེར་ཕུན་ཚོགས་དངོས་གྲུབ་མའི་ལུང་རྡོར་དབྱིངས་ཀྱི་དབང་སོགས་ཆོས་བཀའ་འགའ་ཞིག་སྩལ། མི་དང་མི་མ་ཡིན་གྱི་སྲུང་ཡིག་ཞུ་བ་གནང་འདུག་པ་འདི་ལྟ་སྟེ། ཨོཾ་སྭསྟི། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་ཕྱུག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་བཀའ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ལུང་། མ་ཧེའི་ཞལ་གྱི་རྣལ་འབྱོར་པ་རྡོ་རྗེ་འཛིན་པ་དབང་ཕྱུག་རབ་བརྟན་དཔལ་བཟང་པོའི་ཡི་གེ །ཁམས་གསུམ་དུ་གཏོགས་ཤིང་ས་གསུམ་དུ་རྒྱུ་བའི་འབྱུང་པོ་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་དགོངས་ཤིང་ངེས་རྒྱུ། ངེད་ཀྱི་རྡོ་རྗེའི་སློབ་བུ་རྒྱུད་སྡེ་འཛིན་པ་རིན་ཆེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་འདི་ཉིད་བསྟན་འགྲོའི་དོན་དང་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་ལ་སོགས་པ་ལུགས་གཉིས་བྱ་བ་གང་དང་ཅི་བྱེད་ཀྱང་ཁྱོད་ཡུལ་ཁམས་སོ་སོའི་ལྷ་འདྲེ་མི་གསུམ་གྱིས་གུས་པའི་བཀུར་སྟི་མཆོད་བསྟོད་སྙན་སྤེལ་དགེ་བའི་གྲོགས་སུ་གང་འགྲོ་བགྱིད་པ་མ་གཏོགས་བསམ་གཏན་གྱི་བགེགས་དང་བར་ཆད་དུ་འགྲོ་བ་སྐད་ཅིག་ཀྱང་མ་བྱེད། གལ་ཏེ་གོང་ལས་འགལ་འབྱུང་ན་རྡོ་རྗེ་འཇིགས་བྱེད་རབ་ཏུ་ཁྲོས་པས་འཆི་བདག་གཤིན་རྗེའི་ཟས་སྐལ་དུ་གཏོད་པ་ངེས་པར་གྱིས། འདིའི་དོ་དམ་ཆེད་གཉེར་དགོས་པ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་དང་གནོད་སྦྱིན་ཆེན་པོ་བེག་ཙེ་བ་འཁོར་དང་བཅས་པས་ཉིན་མཚན་དུ་བསྲུང་(༡༧བ)


GLG009_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོབ་གཡེལ་བ་མེད་པར་མཛོད། ཅེས་རྣམ་བྱུང་ཞེས་པ་ས་ཕོ་འབྲུག་གི་ལོ་ཟླ་བ་དྲུག་པའི་ཚེས་དྲུག་གི་ཉིན་གྲང་ཆེན་བླ་བྲང་རྡོ་རྗེའི་ཕོ་བྲང་ནས་བྲིས། ཞེས་པ་སྩལ། དེ་ནས་རི་ཕུག་ཏུ་ཕེབས། རྡོ་རྗེའི་སློབ་དཔོན་ཆེན་པོ་རི་ཕུག་དབུ་མཛད་རིན་ཆེན་རྒྱ་མཚོ་ལོ་སྔོན་མའི་མ་ཧེའི་འཚུབ་ཀྱི་རྣམ་པ་ཡིན་ནམ་གང་ལྟར་རྒྱལ་མཁར་སྤེལ་གཞིར་སྐུ་གཤེགས་པས་གཞིས་ཀ་རྩེ་ནས་འོག་ཐོ་དགོས་ཕེབས་པ་བཞིན་རྗེ་ཉིད་དང་བླ་ཆེན་བསམ་རྒྱམ་པ་གཉིས་ཕུལ་བ། སྡེ་སྲིད་ཀྱི་ཕེབས་སྒོར་ངེད་རང་གི་འདོད་པར་རིན་ལྡིང་བླ་མ་རྙིང་པ་ཡིན་པས་འབོད་མཁན་ཐོངས་ཕེབས་པ་བཞིན་འཕྲོས་བྱུང་འཕྲལ་བྱོན་པའི་དགོངས་ཁྲེལ་ནན་ཆགས་ཞུ་བ་གནང་རྩིས་ལ་སྐུ་ངོས་ཀྱིས་རིན་ལྡིང་གི་སློབ་དཔོན་རྒྱུན་རིང་མ་སོང་ཡང་ཁྲོལ་ཆ་བྱས་པ་ཡིན། ད་ལམ་དགོངས་པ་ཞུ་རེ་མ་བྱེད་ཅེས་པའི་ལུང་ལྕི་བས་དེ་རིགས་ཀྱི་སྤྲོས་པ་དང་བྲལ་ཏེ་གསོལ་དཔོན་སྐྱིད་སྟོད་ནས་དང་ཐུགས་ནང་གཙང་གཤིས་བཀའ་གྲོས་གནང་བར་ད་ཆ་བསྐྱར་ཞུས་མཛད་ནས་དགོངས་ཁྲེལ་ཡོང་། དེ་ལས་རྒྱ་མཁར་བླ་གཞིས་འཇགས་པའི་བཀའ་ཤོག་ཞུ་བ་འཐད་ཚུལ་བྱུང་བ་བཞིན་དབུ་མཛད་ཀྱི་རིང་འཇགས་པའི་སྨིན་གྲུབ་ཀྱང་བྱུང་། ཟླ་བ་བཅུ་གཉིས་པའི་ཚེས་བཅུ་དྲུག་ལ་རི་ཕུག་དབུ་མཛད་དུ་ཕེབས་པའི་བསྐོ་འཇའི་གནང་སྦྱིན་དང་བཀའ་ཤོག་སྒྲོག་པར་བདེ་རྒྱས་པ་ཨ་བར་ལྷ་རྒྱལ་རྫོང་བདའ་མཛད། འདར་ནས་རྡོ་རྗེ་འཆང་ཡབ་སྲས་ཀྱིས་ཐུགས་སྲས་སེམས་དཔའ་ཆེན་པོ་སོགས་བླ་མ་ན་རིམ་གྱི་དབང་བུམ་ཆ། རྡོ་རྗེ་དྲིལ་བུས་གཙོས་པའི་བདོག་པ། ངོར་ནས་སྒྲུབ་ཁང་ཐར་རྩེ་ཀླུ་སྡིངས་པ་བཅས་བླ་བྲང་ཁག །ཉར་ཕྱོགས་ཀྱི་སྡེ་དཔོན་སྦྱིན་བདག་གཞིས་བྱེས་ཀྱི་གྲ་པ་ལ་(༡༨ན)


GLG009_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སོ་སོ་ནས་ལེགས་སྐྱེས་ཀྱི་ཚན་གྲངས་རིང་དུ་བསྟར། སྒྱེད་བུ་ཁ་སྤྲོ་རྒྱས་པར་གནང་། །རིན་པོ་ཆེ་དཀོན་མཆོག་རྒྱལ་མཚན་དང་བླ་མ་བསམ་གྲུབ་རྒྱལ་མཚན་གཉིས་ཀྱིས་འཇམ་དབྱངས་བྱང་གླིང་རྗེའི་ཕྱག་ལེན་ཇི་ལྟ་བའི་ས་གར་གྱི་ཁྲོ་སྤྲོ། གར་དབྱངས། ཕྱག་རྒྱ། ཆོ་གའི་ཁྲིགས་རྣམས་ཞིབ་མོར་ཕུལ་བ་བཞིན་ས་སྦྲུལ་སྒྲུབ་མཆོད་ཆེན་མོའི་དུས་གནང་བ་ཀུན་ཡ་མཚན་དུ་འཛིན། འདར་དུ་ཕྱག་འབུལ་ལ་ཕེབས་ཐོག་ཞབས་དྲུང་དབོན་རིན་པོ་ཆེ་དང་ལྷན་ཅིག་པར་སྟག་ཚང་ལོ་ཙཱ་བས་མཛད་པའི་མངོན་དཀྱིལ་གྱི་སྟེང་ནས་དུས་ཀྱི་འཁོར་ལོའི་བྱིས་པ་འཇུག་པའི་དབང་བདུན་ནས་བདག་པོ་ཆེན་པོའི་བར་ཚང་བར་གསན་པའི་ནུབ་རྡོ་རྗེ་འཆང་གི་འོད་གསལ་དུ་བྱང་གླིང་རྗེ་དགྱེས་ཚུལ་བསྟན་པ་ཆོས་བདག་པོར་སྤྲད་པ་ལ་དགོངས་པ་འདྲ། གཞིས་ཀ་རྩེར་རྟག་བརྟན་སྤྲུལ་སྐུ་རིན་པོ་ཆེར་ཉི་མ་སྤས་པའི་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་སོགས་ཆོས་ཁ་ཡར་གསན། དུས་འཁོར་གསར་འགྱུར་ཞིག་ཡོད་གསུང་བ་དགོས་ཚུལ་ཞུས་པར་དབང་རྫས་མི་འགྲིག་འདུག་པས་སླར་རྟག་བརྟན་དུ་བྱེད་གསུངས་ཀྱང་དོ་གལ་མ་གནང་བར་མ་ཕེབས། དབང་རྫས་དེ་དབང་གསུམ་པའི་དུས་ཕྱག་རྒྱ་མ་དངོས་སུ་གཏོད་པའི་སོ་ཐར་གྱི་བསྟན་པ་འཇིག་ཐུབ་ངེས་ཤེས་པ་ཞིག་ཡོད་པར་སྣང་བ་ཇོ་བོ་ཆེན་པོས། གསང་བ་ཤེས་རབ་དབང་སྐུར་ནི། །ཚངས་པར་སྤྱོད་པས་བླང་མི་བྱ། །ཞེས་དུས་ལ་མ་བབས་པར་དངོས་དབང་བཀག་པས་ཚུལ་དེ་འདྲ་རྣམ་དག་བསྟན་པའི་གྲས་སུ་མི་འགྲོ་བར་མ་ཟད་རྗེ་འདི་ཉིད་སྐུ་ཤིན་ཏུ་བཙུན་པས་བཞུགས་གྲལ་དེ་འདྲར་ག་ལ་(༡༨བ)


GLG009_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས། ལྷུན་རྩེ་བདེ་སྐྱིད་གླིང་ལྕགས་རི་ཁ་སྟོད་ཀྱི་མཆོད་གཞིས་ལ་བརྟེན་པའི་དབྱར་ཆོས་དགུན་ཆོས་མ་ཆད་ཙམ་ཡོད་པ་དང་དུས་མཆོད་ཆེན་མོས་མཚོན་སྒྲུབ་མཆོད་ཀྱི་རྡོ་རྗེ་སློབ་དཔོན་ལ་ཆག་མེད་འབྱོན་པ་སོགས་ཐུགས་ཁུར་ཆེ་བཞེས་གནང་བ་ན་གལ་ཆུང་ཆོས་སུ་བྱས་པའི་ཆེར་རློམ་གྱི་སྤྱོད་ཚུལ་དང་མི་འདྲ་བའི་དམ་པའི་རྣམ་པར་ཐར་པ་ངོ་མཚར་བར་མངོན། ལྕགས་མོ་ལུག་ལོ་འདར་དུ་ཕེབས་རྗེ་རྡོ་རྗེ་འཆང་གི་བཀའ་ལས། ཞ་ལུའི་གྲ་པ་ཁ་ཡ་ལྐོག་པོ་མཚོའི་ཟླར་བཞུགས་པ་ལས་འདིར་བྱོན་ནས་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་སྒྲུབ་ཅིག་མཛད་ན་ཡོང་གནང་བར། རེ་ཞིག་སྡེ་སྲིད་ནས་དགོངས་པ་མི་ཁྲོལ་ཚུལ་ཞུ་བ་མཛད་པའི་ལན་དུ་འོ་ན་བསྐྱར་བསྒོས་ཤིག་བྱས་རྒྱུན་རིང་པོ་ཞིག་མཛད་དགོས་པ་ཡོང་ཕེབས་པ་དེ་ཁོ་ནའི་ཐོག་ཏུ་སོང་བ་མངོན་མཁྱེན་ཡོད་དོ་བའི་ཅལ་སྒྲོག་ཙམ་མ་ཡིན་པར་གྲགས་པ་དོན་དང་ལྡན་པའོ། །མཁན་པོ་སྐུ་ཞང་སྙུན་ཡུན་རིང་གིས་བཏབ་སྟེ་ས་སྦྲུལ་ནག་པ་ཟླ་བར་ལ་སྟོད་དུ་གཤེགས་པའི་སྟབས་འདི་ལོ་མཁན་པོའི་འོས་ཐོ་བསྡུས་ཚེ། ཕྱག་མཛོད་དཔོན་པོ་བྱང་ཆུབ་ལ་དྲི་བ་གནང་བར་རྟག་བརྟན་མཁན་པོ་ཟལ་མོ་བྲག་པའི་སྐུ་སྐྱེ་ལ་མཐུན་གྲུབ་ཡིན་ཚུལ་གཡོ་ཞུས་བྱས་པར་སྡེ་སྲིད་ཐུགས་འཁྲུལ་ཏེ་རྟག་བརྟན་མཁན་པོར་བཀའ་ཤོག་གནང་བས་ཁོང་པ་ཆོས་སྡེ་བྲག་དམར་དུ་འབྱོར། དཔོན་པོ་བྱང་ཆུབ་ཀྱིས་སྤྱི་སའི་ཞུ་ཡིག་བརྫུས་མ་དང་བཅས་དབུ་ཆོས་གཉིས་གཞིས་ཀ་རྩེར་བཏང་བར་དྲི་བ་གནང་ལན་བུ་དོལ་ལྟ་གྲུབ་མི་གཅིག་ཅིང་ཚད་མའི་འདོད་མཐུན་མིན་ཚུལ་ཞུས་པས་རི་ཕུག་དབུ་མཛད་དང་ཕྱག་མཛོད་པ་གཉིས་པོས་གསུང་བ་ལྟར་ཕེབས། སྐུ་ཞབས་(༡༩ན)


GLG009_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྗེ་ཉིད་ལ་སྒེར་དུ་དྲི་བ་གནང་བར་ཇོ་ནང་རྗེ་བཙུན་རིན་པོ་ཆེ་སྐྱེས་བུ་དམ་པ་གཞན་དང་མི་འདྲ་ཡང་ལྟ་གྲུབ་བྱང་ནས་ཀུན་མཁྱེན་བུའི་བསྟན་པར་ཕན་པ་དཀའ། ཞ་ལུ་པར་ཚར་ཆེན་ཡབ་སྲས་བཀའ་དྲིན་ཆེ་བས་རབ་གནས་གསར་ཞབས་དྲུང་དབོན་རིན་པོ་ཆེ། དེ་མིན་གླང་བུ་ནས་ཆོས་རྗེའི་དྲུང་། ངོར་མཁན་པོ་ཤེས་འབྱུང་བ་གསུམ་པོ་གང་རུང་འོས་པ་འདྲ། དངོས་གཞི་རྣམ་དབྱིངས་ནས་གང་བཅད་ལས་འོས་ཅི་ཡོད་ཞུ་བ་གནང་བས་སྡེ་སྲིད་ཞལ་སྐྱེངས་ཉམས་ཀྱིས་ཞ་ལུ་བའི་ཞུ་དོན་པ་སྤྱི་ཚོགས་ལ་སྒྱུར་སྦྱང་དང་བཅས་ཟལ་མོ་བྲག་པའང་མཁན་པོ་མཛད་མི་དགོས་གསུངས་པར་བརྟེན་ཐར་པར་བྱོན། ཤིང་ཕོ་ཁྱི་ལོ་གཞིས་ཀ་རྩེར་ཁྱབ་བདག་ཞ་ལུ་པ་དཔོན་སློབ་བརྒྱད་སྐོར་ལ་གསོལ་ཕོགས་སོགས་དགོས་ཆ་ཚང་མ་གནང་། བླ་མ་ཀུན་དགའ་དཔལ་འཕེལ་གྱིས་སློབ་དཔོན་མཛད་ནས་ཡོག་དབྱངས་ཉིས་བརྒྱ་ལྷག་ཙམ་སྦྱོང་དར་གནང་། དེ་ནས་ཨེ་ཝཾ་ཆོས་ལྡན་དུ་ཕེབས་རིགས་བརྒྱའི་བདག་པོ་དཔལ་ལྡན་དོན་གྲུབ་ལ་ཐུགས་རྗེ་ཆེན་པོའི་དམར་འཁྲིད་སྨིན་རྒྱས་སུ་གསན་པའི་ནུབ་ཀྱི་མནལ་ལམ་དུ་རྗེ་ཉིད་ཞ་ལུའི་ཆོས་སྡེའི་ཤར་སྒོ་ནས་བྱོན་པ་དང་ཞབས་ས་ལ་མི་རེག་པར་མི་གང་ཙམ་འཕགས། མོ་ཡན་གྱི་བྱང་སྒོ་ནས་བུད་མེད་རྒྱབ་ལ་ཆུ་ཟོམ་ཁྱེར་བ་ཞིག་མཐོང་བྱུང་བ་དང་དམ་པ་ཉིད་ཀྱི་ཕྱག་ཏུ་ཕུར་པ་བུ་ཆུང་ལོ་བརྒྱད་པ་ཙམ་བྱུང་བ་བུད་མེད་དེའི་སྤྱི་བོར་བཏབ་པས་བཤང་ལམ་གྱི་བར་ཕུག་སྟེ་ས་ལ་སྦྲགས། དེ་ནས་ནམ་མཁའི་མཐོངས་ཐུགས་བློས་མི་འཁྱུད་པ་ཙམ་དུ་འཕུར་བས་ལུང་པ་ཐམས་ཅད་ཆུས་མེར་པ་ཁེངས་པ་གཟིགས་པས་འདི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་(༡༩བ)


GLG009_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་སེམས་ཅན་ཐམས་ཅད་འདོན་མ་ཐུབ་ཀྱང་ཡབ་ཡུམ་གཉིས་འདོན་དགོངས་ཏེ་ཕྱག་ཆུ་ལ་ཡུལ་ཡུལ་མཛད་པས་སྦལ་ལྕོང་འདྲ་མོ་ཕྱག་མཐིལ་དུ་བྱུང་། ང་ཤར་ཕྱོགས་མངོན་པར་དགའ་བ་ལ་ཐེགས་དགོས་དགོངས་ཏེ་འཕུར་བས་ཤར་ཕྱོགས་མངོན་དགའ་ཡིན་སྙམ་པར་ཕེབས། དེར་མི་འཁྲུགས་པའི་སྟོང་ཐང་འདྲ་བ་ཞིག་སྔོ་ཆམ་གྱིས་གཟིགས་པ་དང་མཉམ་དུ་མནལ་སད། ཡང་སྐབས་ཤིག་རྨང་ལམ་དུ་ནུབ་ཕྱོགས་བདེ་བ་ཅན་དུ་འབྱོན་དགོངས་ཏེ་མཁའ་ལ་འཕུར་བ་ན་སྒྲུབ་ཁང་གི་ཇ་ཁང་དུ་ཕེབས་ནས་ང་བདེ་བ་ཅན་དུ་འགྲོ་རྒྱུ་ཡིན་གསུངས་པར་མི་ཞིག་ན་རེ་འོད་དཔག་མེད་འདི་ག་ཡིན་ཞེས་རྗེ་དཔལ་དོན་པ་ཕྱོགས་ལ་བརྡ་ཐབས་བྱེད་སྣང་བ་དཔོན་སློབ་གཉིས་ཀའི་བསམ་གྱིས་མི་ཁྱབ་པའི་ཆེ་བར་མངོན། ཡོག་དབྱངས་སྦྱོང་དར་གནང་སྐབས་སྡེ་སྲིད་ནས་ཐུགས་ཁུར་བཞེས་པའི་རི་ཕུག་ཏུ་འདུ་ཁང་ཞིག་གསོས་ཀྱི་འགོ་འཛུགས་མཛད་པ་ལོ་གཉིས་ལྷག་ཙམ་གྱི་བར་འགོར་བའི་ལྡེབས་བྲིས་ལ་ཉེ་སྐབས་ཁྱབ་བདག་ཞ་ལུ་པ་ཆེན་པོས་ངོར་སྒྲུབ་ཁང་དུ་བསླབ་སྟོན་ཞུ་བ་གནང་པར་ཀུན་མཁྱེན་བུའི་རྣམ་ཐར། འབྲས་སྤུངས་དང་ཤམྦྷ་ལའི་བཀོད་པ་བྲིས་གསུང་བ་བཞིན་སེང་གཡབས་ལ་རྣམ་ཐར་ཞིང་བཀོད་རྒྱས་པ་འདུ་ཁང་ལ་སྐྱེས་རབས་སོ་བཞི་པ། གནས་བཅུ། སྒོ་ནང་བྱང་དུ་ཆོས་སྐྱོང་སྐོར། ལྷོ་ན་སྦྱིན་བདག །ཀ་སྤུགས་ན་རྒྱལ་ཆེན་བཞི། སྟེང་གི་འཁོར་གཡབས་ལ་མཛད་བཅུ་དང་བསྟན་པའི་གཏད་རབས་བུ་སྟོན་ཆོས་འབྱུང་ལྟར། ཐེག་པ་ཆེན་པོའི་ལུགས་ཀྱི་ཆོ་འཕྲུལ། གཟིམས་ཆུང་ན་འཁྲིད་ཆེན་བཞིའི་བླ་བརྒྱུད། གཙང་ཁང་དང་མགོན་ཁང་སོ་སོའི་ལྡེབས་བྲིས་རྣམས་དངོས་གཙང་བ་ཐུགས་(༢༠ན)


GLG009_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

ཁུར་ཆེ་བཞེས་ཀྱིས་ཞལ་བཀོད་གནང་། ཤམྦྷ་ལ་དང་འབྲས་སྤུངས་འབྲི་བའི་ས་སྟོངས་ད་ལྟ་ཡང་ལུས། མཁར་ལས་ཀྱི་ཚུབ་ཆའི་རྣམ་པས་རྗེ་ཉིད་ཤིན་ཏུ་བསྙུན་པར་ངོར་སྒྲུབ་ཁང་དུ་སྙན་འབུལ་མཛད་པ་ན་ཐུགས་དམ་སྐྱབས་འཇུག་དང་སྐུ་རིམ་སོགས་ཀྱི་བསླབ་བྱ་གནང་། འགག་ཏུ་མི་སུ་སླེབས་བྱུང་ཡང་གཏམ་ངན་གང་ཁྱེར་ཡོད་དམ་བསམ་སེམས་ལ་གཙེར་པོ་བྱུང་གསུང་། འདར་དུ་ཞུ་མི་གནང་པར་བཞུགས་འདིང་རྙིང་པའི་བྱིན་རླབས་རྟེན་དང་བཅས་ད་ལམ་སྐྱོན་ཅི་ཡང་མི་ཡོང་། ཐུགས་དོགས་རྒོད་པོ་དེ་ཉམས་ཡིན་ཚུལ་དང་། བླ་མ་ཡི་དམ་སྲུང་མའི་བྱིན་རླབས་ཀྱིས། །རྡོ་རྗེའི་སློབ་བུ་བསོད་ནམས་མཆོག་གྲུབ་ཀྱི། །ཚེ་འཕྲེང་ཚེ་ཡི་བར་ཆད་ཀུན་སྒྲོལ་ནས། །ཚེ་རིང་ནད་མེད་ལོ་བརྒྱར་བརྟན་པར་ཤོག །ཅེས་པ་གནང་ཞིང་། འདི་དག་གི་སྔ་གོང་ཀུན་མཁྱེན་རོང་སྟོན་ནས་བརྒྱུད་པའི་ཚེ་སྒྲུབ་ཞག་བདུན་མའི་ལྗགས་བསྙེན་གནང་བའི་འོད་གསལ་དུ་བྲིས་ཐང་ཞིག་གི་ལྡེབས་ལ་བྱོན་པས་གཙོ་བོ་ངོ་མི་མཁྱེན་པ་ལ་ལྷ་མགྲོན་དུ་ཀུན་མཁྱེན་གུང་རུ་ཕྱག་གཉིས་པུས་སྟེང་དུ་བརྐྱང་བ་འདི་ཁྱོད་ཡིན་ཞེས་མི་ཞིག་གིས་ཟེར། སྐུ་དེའི་མདུན་ན་རིལ་བུ་འདྲ་མོ་བཞི་འདུག་པ་བྱུང་བ་མནལ་སད་ནས་ཐུགས་སོམ་ཉིར་གྱུར་ནས་རྡོ་རྗེ་འཆང་ལ་ལོ་བཞི་ལྟ་བུ་གཅིག་ལ་འཆི་བ་འདྲ་བརྟན་པ་གནང་དགོས་སྙན་འབུལ་ཞུ་བ་མཛད་པར་བཞི་ལ་མིན་པ་འདུག་བཞི་བཅུ་ལ་དགོངས་པས་ཆོད་དགོས་པ་འདྲ་འོན་ཀྱང་གེགས་སེལ་བྱེད་གསུངས། ཚེ་དབང་མང་པོ་དབང་བྱིན་རླབས་གནང་བ་གོང་གི་བདེན་སྟོབས་བརྗོད་པ་སོགས་ཀྱིས་སྐུ་ཚེའི་འཕྲེང་སྒྲོལ་བར་ཐུགས་ངེས་ཤེས་གནང་འདུག་ཅིང་། མནལ་ལྟས་(༢༠བ)


GLG009_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དགུང་ལོ་སུམ་ཅུ་ཟིན་ཙམ་གྱི་ཚོད་ཡིན་འདྲ་བས་ད་ཆ་བདུན་ཅུའི་ནང་དུ་ཕེབས་གཤིས་ཁྱབ་བདག་དབང་ཕྱུག་རབ་བརྟན་གྱི་ཕེབས་སྒོ་དེ་སྒྲིབ་བྲལ་ཡེ་ཤེས་ཀྱིས་གཟིགས་པ་ཁོ་ནར་སྣང་ཞིང་གེགས་སེལ་གྱི་ཚེ་དབང་གནང་བའི་མཐུས་ད་ཆ་གྲངས་ཚད་ལས་ཀྱང་བརྒལ་བ་བཞུགས་པར་མངོན། སྐུ་ཁམས་དྭངས་རྫས་རབ་གནས་བཀྲ་ཤིས་རྒྱས་བྱེད་སྟེང་ནས་རྣལ་འབྱོར་རྒྱུད་དང་རྗེས་སུ་འབྲལ་བའི་རབ་གནས་ཉིན་གཉིས་མའི་རྡོ་རྗེ་སློབ་དཔོན་དུ་རྒྱལ་ཀུན་ངོ་བོ་རྗེ་བཙུན་བླ་མ་རིན་པོ་ཆེ་བསོད་ནམས་མཆོག་གྲུབ་ཉིད་ཕེབས་ཏེ་སངས་རྒྱས་དེ་སྲས་སློབ་མར་བཅས་པའི་ཡེ་ཤེས་སེམས་དཔའ་བཞུ་བླུགས་སུ་དམ་ཚིག་པ་ལ་བསྟིམ་ནས་ཕུན་སུམ་ཚོགས་པའི་དགའ་སྟོན་རྒྱ་ཆེར་མཛད། འདུ་ཁང་གི་ཞལ་སྤྲོར་ཚོགས་པ་ལ་སེམས་ཉིད་ངལ་གསོའི་ཉམས་འཁྲིད་ཟླ་གཅིག་གི་བར་དང་བུ་སྟོན་རིན་པོ་ཆེའི་བཀའ་འབུམ་གྱི་ལྗགས་ལུང་བཙུགས་པས་ཐོག་མར་གྲ་དམངས་ཕལ་ཆེར་ཡོད་ནའང་བརྒྱད་སྟོང་པ་ནས་བཤད་པའི་བདུད་ལས་ཀྱི་རྣམ་པས་ཇེ་ཉུང་དུ་སོང་བ་ཡོངས་རྫོགས་འདྲིལ་བ་ལྔ་ཙམ་ལས་མ་བྱུང་ཞིང་དེང་སང་ནི་ལྔ་པོའི་ཁྲོད་ནས་ཀྱང་གཅིག་ལས་མ་ལུས་འདུག་པས་བརྒྱུད་ཡིག་ཡོད་ངེས་ཀྱི་རྒྱུན་རྣམས་འབད་རྩོལ་བྱེད་རན་དུ་སྣང་ངོ་། །ཉེས་བརྒྱ་འཁོར་བ་ན་ཀྲའི་གྲོང་ཁྱེར་གྱིས། །ཉེས་དམིགས་ཚུལ་ལ་ངེས་པར་ཐུགས་བྱུང་པས།ཉེས་བྲལ་ཕུན་ཚོགས་ཆོ་གའི་གྲུ་གཟིངས་ཀྱིས། ཉེས་ལྟུང་དྲི་བྲལ་རིན་ཆེན་གླིང་དུ་བྱོན། །འཆི་མེད་པད་འབྱུང་གདུང་འཚོབ་གནས་གསར་བར། །འཆི་བའི་དངོས་བརྒྱ་འཇོམས་པར་གསོལ་བཏབ་ཚེ། །འཆི་དང་སྐྱེ་བར་དབང་བའི་གདེངས་ཚད་མཐུས། །འཆི་བདག་ལ་ལྔར་བཟློག་(༢༡ན)


GLG009_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཞལ་གྱིས་འཆེས། །དོན་མེད་འདུ་འཛིའི་རྣམ་གཡེང་རྒྱབ་བསྐྱུར་ནས། །དོན་ཆེན་རྒྱུད་སྡེར་བཅུ་ཕྲག་བགྲང་བྱའི་བར། །དོན་ཚིག་ཀུན་སྦྱངས་མཁས་པའི་རྩེར་སོན་པས། །དོན་ལྡན་དལ་བའི་རྟེན་ལ་སྙིང་པོ་བླངས། །འཚུབ་འཚུབ་ལྷ་མིའི་གདོན་གྱི་དམག་གི་དཔུང་། །ལོང་ལོང་སྟུག་པོའི་སྤྲིིན་ནག་ལྟར་འཐིབས་པ། །འཇིགས་འཇིགས་མ་ཧེའི་ཞལ་ཅན་དབང་རབ་ཀྱི། །འུར་འུར་ཐུགས་རྗེའི་རླུང་གིས་ཕ་མཐར་བསྐྲད། །རྨི་ལམ་སྤྲུལ་བསྒྱུར་སྔོན་ནས་གོམས་པའི་མཐུས། །འཁོར་བའི་མཚོ་ལས་འགྲོ་འདྲེན་ལྷག་བསམ་དང་། །མཐའ་ཀླས་དག་པ་རབ་འབྱམས་ཞིང་ཁམས་ལ། །གཅིག་ཏུ་གཟིགས་མོར་གཡེངས་པ་དེ་རྨད་བྱུང་། །ཞབས་རྡུལ་བྱང་གླིང་ཆོས་རྗེའི་ཁྲིར་བཀོད་ནས། །སྨིན་གྲོལ་གར་ཐེག་དབྱངས་དང་དུས་ཀྱི་ཆོས། །བྱ་བ་ལས་ཀྱི་འཁོར་ལོས་བུ་སྟོན་རྗེའི། །བསྟན་པའི་ཉི་མ་གཉིས་པ་དེང་འདིར་ཤར། །སྐུ་ཚེའི་ཚད་སོགས་ལྐོག་གྱུར་ཤེས་བྱའི་གཟུགས། །གནས་གསར་བླ་མའི་ཐུགས་ཀྱི་མེ་ལོང་དུ། །གསལ་བར་མགོན་ཁྱོད་དད་པ་དབྱར་གྱི་མཚོ། །འཕྱུར་བའི་རྩེ་མོ་ཚངས་པའི་ཡུལ་ས་བརྒལ། །ཐུན་འཚམས་གོས་ཀྱི་ཕང་དུ་ཟླ་བཞིན་མ། །རྩེ་དགའ་རྒོད་པའི་མཁན་པོ་ཟལ་བྲག་པ། །འཇམ་མཉེན་གཞན་སྣང་འདྲིང་པའི་མེ་ཏོག་མདའ། །འཕང་བའི་ཆོ་ག་མ་རྫོགས་བསྟན་པའི་གསོས། །ཤིང་ཕག་ལོ་རྗེ་རྡོ་རྗེ་འཆང་མཇལ་བར་ཕེབས་རིང་ཞིག་བཞུགས་ཤིང་བརྟན་བཞུགས་ཀྱི་གསོལ་འདེབས་མཛད། ཚུར་འབྱོན་ཁར་སླར་ཡོང་ཐུབ་ངེས་ཀྱིས་གསུང་ཞིང་རྗེ་འདི་ཉིད་ཀྱི་ཕྱག་གཡས་ནས་རྡོ་རྗེ་(༢༡བ)


GLG009_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་གིས་འཛིན་པ་གནང་ཐུགས་དམ་ལ་བརྩོན་པོ་མཛོད་གསུང་བ་སོགས་འཕྲལ་ཕུགས་ཀྱི་བསླབ་སྟོན་མང་དུ་སྩལ། ཕྱག་མཛུབ་ཀེར་ནས་ནུ་རོ་ལ་ཞེས་དགྱེས་པའི་རྣམ་འགྱུར་དཔག་མེད་མཛད་པ་ན་བཀའ་ལས་ང་རང་ཚོགས་བསགས་སྙམ་པ་དང་སེམས་འཕྲེང་ཞིང་དགའ་ཡལ་ལེ་བདེ་འབོལ་ལེ་སྐྱིད་ངོ་ཤེས་པ་རང་ཞིག་བྱུང་གསུང་། ཕྱིར་ལམ་ངོར་དུ་ཕེབས་འདར་ནས་རིན་པོ་ཆེ་སྒྲུབ་ཁང་ནས་ལ་ཕྱག་ཐམ་རྔུལ་གཟན་གྱི་རྟེན་བཅས་ཡོད་པ་ཕུལ་བས་ན་བཟའ་དེ་འཕྲལ་དུ་བཞེས་ནས་རིན་པོ་ཆེའི་ཕེབས་སྒོར་འཆད་ཉན་གཞོན་དུས་ཁྱེར་ཁ་མ་བྱས་ན་རྒས་པ་མྱུར་པོ་ཡོང་བས་འབུངས་མཛོད། འཆད་ཉན་ཡང་ཞུ་མཁན་གཅིག་བྱུང་ན་དེ་ལ་བྱེད་གཉིས་གསུམ་བྱུང་ན་དེ་ལ་བྱས་པས་མཐར་ཇེ་མང་ལ་འགྲོ་ཆོག་གང་ལའང་སླ་ཆོས་མ་བྱེད། རང་སྡོད་མཁས་སྙོམ་ཆུང་ངོས་དུས་ཀུན་ཏུ་ཐོས་བསམ་སྒོམ་གསུམ་དང་མ་བྲལ་བ་མཛོད་ཅེས་བསླབ་སྟོན་མང་དུ་གནང་། ཕྱག་མཛུབ་ཀེར་ནུ་རེ་ལ་ཞེས་གསུངས། གཞིས་ཀ་རྩེར་ཕེབས་ནས་ཁའུ་པའི་བསྟན་འཛིན་རྡོ་རྗེའི་མཆེད་པོ་འཇམ་དཔལ་དབྱངས་ཆོས་སྐྱོང་དབང་ཕྱུག་ལ་དཔྱལ་ཕུར་གྱི་དབང་ལུང་དང་། སླར་ཧ་ལ་ནག་པོའི་བེའུ་བུམ་སོགས་ཟབ་ཆོས་རྒྱ་ཆེར་གསན་པ་མཛད་པས་གནས་གསར་བ་ཁུ་དབན་དང་སྒྲུབ་ཁང་པའི་འོག་ནས་ཐུགས་མོས་ཆེ། རིམ་གྱིས་ཞ་ལུར་ཕེབས་མེ་བྱི་ཤར་ནས་སྒྲུབ་ཁང་དུ་ཁྱབ་བདག་དཔལ་ལྡན་དོན་གྲུབ་མཇལ་བར་ཕེབས་པ་ན་སྐུ་ན་སྨིན་ཅིང་སྙུན་གྱིས་ཟིན་པའི་ཉམས་ཀྱིས་སྐུ་ཁམས་ཤིན་ཏུ་དུབ་པའི་གསུང་མི་གསལ། སྤྲུལ་པའི་སྡེར་འཇམ་དབྱངས་ས་པཎ་སྐུའི་བཀོད་པ་བསྡུ་ཁའི་ཚེ་འཕགས་པ་རིན་པོ་ཆེར་ཚིག་དགོངས་མི་དགོངས་(༢༢ན)


GLG009_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་བྱུང་བ་དང་དབྱིབས་འདྲ་བསམ་པ་མང་ཙམ་གསུངས་མཐར་གསུང་ཤེད་ཆེན་པོས་ཆོས་རྗེ་དབོན་ལ་དཔལ་མཆོག་ང་སློང་དང་གསུང་། དཔོན་པོས་སྐུ་སྐྱོར་ནས་ཙོང་མཛད་པ་རྗེ་ཉིད་ལ་སྤྱན་ཅེར་གཟིགས་ནས་ད་མང་པོ་ལབ་མི་ཐུབ་པ་འདུག་ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་བསྟན་པ་ཁྱེད་ལ་ཁག་ཡོད་དོ་ཕེབས་པ་གསུང་གི་ཐ་མ་ཡིན་གསུང་། ཧོར་ཟླ་བཅུ་པའི་ཚེས་བཞི་ལ་ངོར་དུ་མཁས་གྲུབ་དཔལ་ལྡན་དོན་གྲུབ་མཁའ་སྤྱོད་ཀྱི་ཞིང་དུ་གཤེགས་པའི་གཏམ་ངན་ཞ་ལུ་ཕུའི་བསམ་གཏན་སྒང་དུ་བྱུང་འཕྲལ་རི་ཕུག་ཏུ་ཕེབས་ནས་མཆོད་འབུལ་བ་རྫོང་བདའ་མཛད། ཚེས་གཉིས་ལ་འདར་དུ་རྡོ་རྗེ་འཆང་དགྱེས་མཛད་རྡོ་རྗེའི་ཐུགས་ཀར་བསྡུས་པའི་གནས་ཚུལ་དང་བཅས་ཞབས་དྲུང་དབོན་རིན་པོ་ཆེའི་ཕྱག་ཐམ་ཐུགས་དམ་གསལ་འདེབས་སྐྱེལ་མི་འབྱོར་གཤིས་བཀའ་དྲིན་ཆེ་ཤོས་ཀྱི་བླ་མ་གཉིས་ཀ་གཤེགས་པས། བཀའ་ལས། བླ་མ་གཉིས་ཀ་དང་བྲལ་བས་སྡུག་པ་ལ་ཚོད་མ་བྱུང་གསུང་། དེ་འཕྲལ་ནོར་གླིང་ནས་ཆིབས་དྲེལ་གཡར་ངོས་ཨེ་ཝཾ་ཆོས་ལྡན་དུ་ཁྱབ་བདག་བླ་མ་དམ་པའི་སྐུ་གདུང་རིན་པོ་ཆེ་མཇལ་བ་དང་གདུང་འབུལ་ཕུལ་ནས་རྩོལ་ཁྱད་ཀྱིས་འདར་ལ་ཕེབས་སྐབས་རྒྱང་གཟིགས་ནས་འཇའ་དཀར་པོ་སྣམ་བུ་བརྐྱང་པ་ལྟ་བུ་གྲང་མོ་ཆེའི་གདུང་གི་ཐད་དུ་ཟུག །གདུང་འབུལ་འབུལ་བ་གནང་ཞིང་བཞུགས་རིང་གདུང་ཡིད་བཞིན་གྱི་ནོར་བུའི་དྲུང་དུ་སྟན་ཆགས་ནས་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་བདག་ཉིད་ལ་མཆོད་འབུལ་གསོལ་འདེབས་དབང་བཞི་ལེན་པ་སོགས་རྒྱས་པར་གནང་། ཐུགས་ངལ་ཤིན་ཏུ་ཆེ་བར་ཁྱབ་བདག་བཀའ་འགྱུར་བ་ཆེན་པོས་(༢༢བ)


GLG009_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་བྲེལ་ཆེ་བཞག་ཆུང་བཤོལ་གྱི་སྒོ་ནས་རྭ་པོད་ཀྱི་ལྗགས་ལུང་སོགས་ཐུགས་གསོ་ཐབས་ཅི་ཡང་གནང་གསུང་། དཔོན་སློབ་གཉིས་ཚོམས་ཆེན་གྱི་ཉི་མཐོང་ལ་གསོལ་ཚིགས་སྐབས་མེ་ཏོག་གི་ཆར་ཁ་བ་ལྟ་བུ་བབས་པ་གཟིགས། ཚུར་ལམ་ངོར་དུ་ཕེབས་པ་དང་ཤར་ཆེན་ཤེས་འབྱུང་པས་སྒྲུབ་ཁང་དུ་པུར་ཁང་ཞལ་འབྱེད་མཛད་པ་དང་འགྲིག་བྱིན་རླབས་གདུང་སྐལ་ཞུ་བ་དང་པུར་ཚ་འདེབས་པའི་ཕྱག་ཕྱི་མཛད་ངོས་རང་གི་བསྟི་གནས་སུ་ཕེབས། ལྕགས་ལུག་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་ལུང་བསྟན་གནང་བ་ཐོག་ཏུ་བབས་པ་ལྟར། མེ་བྱིའི་སྟོན་རྣམ་ཐར་སྙིམ་པའི་མེ་ཏོག་ལས། ཡོན་ཏན་ཅན་གྱི་མི་བྱུང་ན་ཞིང་དཀྱིལ་གྱི་ཕ་བོང་ལྟར་མཇའ་ཕྱོགས་བཞི་ནས་བཙུགས་ནས་འདོན་ཞེས་པའི་དོན་བཞིན་ལོ་འདིའི་སྟོད་ཞ་ལུའི་གྲ་པ་མི་སྲུན་པ་འགའ་ཞིག་གིས་རང་བསྟན་སེང་གེའི་ཁོག་པ་འཇིག་པ་ལ་དཔའ་བའི་ཐེས་བསྡུས་སོགས་འཚུབ་ལྷོངས་སྣ་ཚོགས་ཀྱིས་ཐུགས་སྲུན་དབྱུང་བར་སྒྲུབ་ཁང་དུ་རིན་པོ་ཆེར་བསླབ་སྟོན་ཞུ་བ་མཛད་པར་བལ་མོ་ཡ་གཅིག་ལ་སྒྲ་མི་འབྱུང་བས་ཚུར་ཕེབས་སྒོ་མ་བྱུང་བར་སྡེ་སྲིད་ལ་ཞུ་སྔ་མཛད་གསུང་བ་བཞིན་རེ་ཞིག་རིན་ལྡིང་པ་སོགས་གྲ་རིས་དང་ཁང་དམར་ནས་ཀྱིས་གཙོས་པའི་སྐུ་ཉེ་རྣམས་ལ་བརྟེན་ཕལ་ཆེར་སེ་རག་སྒྲུབ་སྡེར་བཞུགས་པའི་འབྲུག་པ་སྤྲུལ་པའི་སྐུའི་མགྲོན་གཉེར་ཁང་དམར་རྗེ་དྲུང་མཁྱེན་བརྩེས་སྐར་རྩིས་ཀྱི་རི་མོ་ཕུལ། མེ་གླང་འབྲུམ་ཐག་ཆོད་ནས་གཞིས་ཀ་རྩེར་འབོད་མི་བཀའ་ཤོག་གནང་བ་བཞིན་བྱོན། མི་སྣར་བདེ་འབྱོར་བྱང་པ་ཡོངས་པའི་ལྟེ་བོ་རྣམས་གན་དུང་གིས་གནས་ནས་དབྱུང་གནང་སྦྱིན་བཟང་པོ་དང་བཅས་ཚོགས་སུ་བཀའ་ཁྲིམས་(༢༣ན)


GLG009_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲགས་ཤིང་དབུ་མཛད་བསྐྱར་བསྒོ་མཛད།དེ་ནས་གྲ་པ་ཧྲགས་བསྡུས་ལ་གཞུང་ནས་ཕོགས་སོགས་མཐུན་རྐྱེན་གནང་སྟེ་བྱ་ཚོར་ཟླ་གཅིག་གི་བར་ས་གར་མཆོད་གར་རྣམས་ལ་སྦྱོང་དར་གྱི་དོ་དམ་གནང་། གྲུབ་བསྟུན་སྒྲུབ་མཆོད་དང་རྣམ་སྲས་མཆོད་པ་རྣམས་ཀྱི་གཟིགས་མོར་སྡེ་སྲིད་ཀྱང་ཕེབས་པའི་གྲ་འགྲིག་བྱུང་བའི་ལེགས་སོར་པ་རྣམ་ཚོ་བོ་གཞིས་ཀ་མཆོད་ཐེབས་སུ་སྦྱོར་འཇགས་བྱུང་། སྔར་གཞིས་རྩེར་བཀའ་འགྱུར་གྱི་ཞུ་དག་ལ་བྱོན་སྐབས་ནས་ཆོས་འབྲེལ་གསན་འདུག་པ་དང་བཅས་དཔོན་སློབ་པཎ་ཆེན་རིན་པོ་ཆེར་བུ་སྟོན་རིན་པོ་ཆེས་མཛད་པའི་མདོ་ཕྱོགས་ཀྱི་གསུང་རབ་བཀའི་ལུང་གསན། དེ་ནས་ཨེ་ཝཾ་ཆོས་ལྡན་དུ་ཕེབས་མཁན་ཆེན་ཐར་པ་རྩེ་པ་ནམ་མཁའ་སངས་རྒྱས་ལ་ས་པཎ་དང་འཕགས་པ་རིན་པོ་ཆེའི་བཀའ་འབུམ་གྱི་ལུང་སོགས་ཆོས་དུ་མ་གསན། བཞུགས་མཚེར་སྒྲུབ་ཁང་དུ་ཡོད་པར་ཐོ་རེངས་ཤིག་མནལ་ལམ་དུ་གུ་རུ་དྲག་པོའི་སྐུ་བརྙན་ཤིན་ཏུ་གསལ་བ་ཞིག་བྱུང་བ་ནམ་ལངས་ཚེ་ཐར་པ་རྩེར་དབང་ལ་བྱོན་གསུང་བའི་འཕྲོས་བྱུང་བ་ན་ཅི་ཡིན་ནམ་དགོངས་ཚེ་དབང་དེ་གཏེར་ཁ་གོང་མའི་དྲག་པོ་མེའི་སྤུ་གྲིའི་དབང་ཡིན་འདུག་གསུང་བ་དྲག་པོའི་སྐུ་དེ་ཡང་ཞལ་གཟིགས་མ་ལྟ་བུ་ཞིག་ཡིན་ནམ་སྙམ། འདི་ལོ་ཞ་ལུའི་མཁན་ཐོག་ཏུ་རིན་པོ་ཆེ་ཤར་པ་བྱོན་ནས་མི་རིང་བར་ངོར་ཚོགས་ཆེན་ལ་འཕྲེང་བ་ཞེ་ལྔ་མའི་དབང་གནང་བ་དང་དེར་མ་ཟད་དབང་ཆོས་ཀྱི་རིགས་རྒྱས་པར་གསན། ཡོ་ག་མ་ལས་བུ་དགའ་བ་དབང་ལྡན་ཆོས་འཁོར་དུ་མཁས་མཆོག་བསྟན་པའི་སྒྲོན་མེས་གདན་དྲངས་དཔལ་མཆོག་རིགས་བསྡུས་ཀྱི་དབང་(༢༣བ)


GLG009_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་བཞི་པོ་དབང་ཆ་ཉེར་ལྔར་བཅད་པ་ཚར་བཞི། གཏུམ་པོ་སྤྱི་གཟུགས་ཀྱི་དབང་སོགས་དབང་རྗེས་གནང་ལུང་རྒྱ་ཆེར་གནང་། མར་ཕེབས་ནས་རི་ཕུག་ཏུ་རི་ཁྲོད་དགའ་ལྡན་སློབ་དཔོན་ལ་བུ་སྟོན་བཀའ་འབུམ་གྱི་ལུང་སྩལ། ས་སྟག་རིན་ལྡིང་གྲ་ཚང་གིས་ཆོས་ལུང་འདུ་ཁང་ཞིག་གསོས་གྲུབ་པར་བཀྲ་ཤིས་རྒྱས་བྱེད་ཀྱི་ཡི་གེ་དང་བརྒྱུད་པའི་ཕྱག་ལེན་ནས་རབ་ཏུ་གནས་པའི་བཀྲ་ཤིས་ཀྱི་དགའ་སྟོན་ཉིན་གཉིས་མ་རྒྱས་པ་རེ་གནང་། པན་ཉ་རིར་རྩ་ཁུ་ནས་ཀྱིས་འབུམ་བཞེངས་པའི་རབ་གནས་ཀྱང་གོང་བཞིན་སྦྱིན་བདག་གི་རེ་བ་ཡོངས་སུ་འགེང་བར་མཛད། རི་ཕུག་ཏུ་ཕེབས་བསྟུན་ཁང་རྙིང་གྲ་ཚང་པ་རྣམས་ཀྱིས་རྩོལ་བ་ལ་བརྟེན་ཚོགས་ཆེན་དུ་རྡོར་དབྱིངས་ཀྱི་དབང་ཆ་ཉི་ཤུ་རྩ་ལྔའི་སྒོ་ནས་ཕྱོགས་དེའི་གདུལ་བྱ་རྣམས་སྨིན་གྲོལ་ལ་བཀོད། འཇམ་དཔལ་དྲག་པོར་ཁྲོས་པ་འཇིགས་མཛད་རྡོ་རྗེར་རྭ་ཀྱོ་ཞང་མལ་གཉོས་ཏེ་ལོ་ཙཱ་བ་ལྔ་དང་། རྒ་ལོ་ཡབ་སྲས། ཀུན་མཁྱེན་བུ། རྒྱལ་བ་ཙོང་ཁ་པ། ངོར་རྫོང་སོགས་མཁས་པ་མང་པོའི་བཞེད་སྲོལ་ཁུངས་བཙུན་མཐའ་ཡས་པའི་ནང་ནས་རྭ་ཆེན་ལོ་ཙཱ་པ་རྡོ་རྗེ་གྲགས་ཀྱི་ཕྱག་ལེན་བསྲེ་བསླད་དང་བྲལ་བ་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་སྒྲུབ་ཐབས་བདུད་ལས་རྣམ་པར་རྒྱལ་བ་དང་། རྭ་འཁྲིད་མཁའ་འགྲོ་སྙན་བརྒྱུད་གཉིས་སྦྱར་ཏེ་མ་ཧེ་མཆོད་པར་དམིགས་པའི་ལྗགས་བསྙེན་སྔོན་འགྲོ་རྒྱས་པ་དང་བཅས་གྲུབ་མཚམས་བྱ་ཡུལ་ནས་འབྲུག་པ་སྤྲུལ་སྐུ་རིན་པོ་ཆེ་དཔག་བསམ་དབང་པོ་འབྲོང་རྩེ་རྒྱལ་བྱེད་ཚལ་དུ་ཕེབས་པར་ཆེད་བསྟན་ཞབས་འགྲུལ་གྱིས་བྱོན། ཕྱག་ཆེན་གྱི་སྔོན་འགྲོར་ཚོགས་གསོག་ཏུ་ཕྱག་མང་པོ་དགོས་ཀྱི་ཡོད་འདུག་པ་རྗེ་ཉིད་ཀྱི་སྐུ་གཟུགས་(༢༤ན)


GLG009_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཅུང་མ་ལྕོགས་པའི་ཉིན་རེ་ཕྱག་སྟོང་ཕྲག་གཉིས་རེ་དང་དེ་འཕྲོས་ཡིག་བརྒྱའི་ཞལ་འདོན་གནང་། གཙོ་བོ་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཉམས་འཁྲིད་དང་བླ་སྒྲུབ་ཀྱི་འཁྲིད་བཟབས་རྒྱས། གཞན་ཡང་ནཱ་རོ་ཆོས་དྲུག །ཨོ་རྒྱན་བསྙེན་སྒྲུབ། བདེ་མཆོག་བཅུ་གསུམ་མའི་དབང་སོགས་ཆོས་བཀའ་དུ་མ་གསན། སྔ་དྲོ་ཞིག་ཕྱག་དབང་ལ་ཕེབས་དུས་དབུ་ལ་པུས་འཁྱུད་བཞག་ནས་རིན་པོ་ཆེ་ལ་བྱ་བྲལ་གྱི་བསྐོ་འཇའ་ཡིན་ནོ་གསུང་། ཉིན་གཅིག་སྐུ་ལ་བཞེས་བཞིན་པའི་སྐུ་གཟན་དང་སྐུ་ཆོས་སྦྲགས་མ་གཟིམས་དཔོན་གྱིས་རྗེ་ཉིད་ཀྱི་སྐུ་རྒྱབ་ལ་བསྐོན་ནས་གནང་སྟེ། རྗེ་རྡོ་རྗེ་འཆང་ཆེན་མི་གཟུགས་ཅན། །ཕ་མཚན་ལྡན་བླ་མར་གུས་པས་འདུད། །སྤང་གཉེན་དབྱེར་མེད་ཀྱི་ཉམས་ལེན་འདི། ཁས་ལེན་བྲལ་བའི་ལྟ་བ་ཡིན། །ཆེད་དུ་མི་བསྒོམ་པའི་རང་བབས་འདི། །སྒོམ་མེད་ཡེངས་མེད་ཅེས་སྒོམ་པའི་མཆོག །གཉིས་འཛིན་དང་བྲལ་བའི་རང་གྲོལ་འདི། །ཨ་བ་དྷཱུ་ཏི་པའི་སྤྱོད་པར་གསུངས། །གཞན་ཕན་གྱི་སེམས་བསྐྱེད་རྒྱ་ཆེན་པོས། །སྡིག་སྤོང་དགེ་སྒྲུབ་ཀྱི་ལས་འབྲས་བརྩི། །དགེ་ཚོགས་སེམས་ཅན་གྱི་དོན་དུ་བསྔོ། །དེ་བཀའ་བརྒྱུད་གོང་མའི་གདམས་པ་ལགས། །ཞེས་པ་འདི་ཞ་ལུའི་གདན་ས་བ་རིན་པོ་ཆེ་བསོད་ནམས་མཆོག་གྲུབ་ལ་དཔལ་འབྲུག་པ་དཔག་བསམ་དབང་པོས་གདམས་པའོ། །ཞེས་པའི་ཞལ་གདམས་དང་སང་ཞ་ལུར་ཐེགས་རྒྱུའི་དེ་རིང་དེ་གསུང་མགུར་མང་དུ་འཐེན་པའི་རྗེས་སུ་རྗེ་ཡི་སྙན་ལ་གཟན་ལགས་ཀྱང་། སྤྲང་ལ་སྣང་བ་འདི་ལས་མེད་ཁྱེད་དཔོན་སློབ་སང་ཐེགས་རྒྱུའི་བློ་འཕུལ་ཡིན། རྟེན་འབྲེལ་གྱི་བྱེད་པ་ཞིག་ཡོད་(༢༤བ)


GLG009_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ནས་གསོལ་ཇ་བཞེས་ཅན་གང་གསོལ་རས་སུ་གནང་། ཐུགས་དམ་གང་འཕེལ་གྱི་ངང་ནས་ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་བསྟན་པ་ལ་གང་ཕན་ཡོང་བ་མཛོད། དེ་ལྟར་མཛད་ན་ངེད་ཀྱི་ཕྱག་ཕྱི་བྱས་པར་ཡང་འགྲོ། ཞ་ལུ་མ་ན་གྲ་པ་ཁ་ཅིག་རྟོགས་ལྡན་ཡིན་ཟེར་ནས་ཞ་ལུ་རང་གི་ཆོ་ག་མི་བྱེད་པར་འབྲུག་ལུགས་ཀྱི་བླ་མ་མཆོད་པ་བྱེད་ཀྱི་ཡོད་ཟེར་བ་དེ་འདྲ་ལ་ཡེར་ནི་མི་དགྱེས། ཀུན་མཁྱེན་བུ་སྟོན་རིན་པོ་ཆེས་ཆོ་ག་རྒྱས་པར་དགའ་ན་རྒྱས་པ། བསྡུས་པར་དགའ་ན་བསྡུས་པ་མང་པོ་མཛད་འདུག་པ་དེས་མ་འཐུས་པ་ཅི་ཡོད། རིན་པོ་ཆེ་གཡེང་བ་རང་ལ་མ་འབྱམས་པར་མཐར་ཐུགས་དམ་རྩེ་གཅིག་མཛད་དགོས་སོ་གསུངས། དམ་པ་ཉིད་སྐུ་ཞབས་པ་རྣམས་ཀྱིས་སྐྱེལ་མ་མཛད་ནས་བཞུགས་སྒར་གྱི་མཐའ་ཙམ་དུ་ཕེབས་པ་དང་སྐུ་ཞབས་ལ་འབོད་མཁན་བྱུང་བ་ལྟར་ཐེགས་པར་སྐུ་ཕྲག་གི་བྱིན་རླབས་ཁུག་མག་ཤོག་བུའི་ཁུད་དུ་ཐམས་ཅད་སྤྲུགས་ནས་གནང་། སང་ངེད་རང་དཔོན་སློབ་ཐེགས་དུས་རྒྱབ་གྱེས་རང་མ་བྱུང་བ་མཛོད་གསུངས། ཞ་ལུར་ཕེབས་ནས་ས་ཡོས་མ་ཧེ་མཆོད་པའི་གྲ་སྒྲིག་གྲུབ་རྗེས་སྐུ་མཚམས་ཤིན་ཏུ་དམ་པས་ལས་གཤིན་གྱི་ལྗགས་བསྙེན་དང་། དེ་ཟིན་ནས་བསྐང་གསོ་དང་དྲུག་ཅུ་པ་སོགས་རྒྱབ་ཆོས་ཀྱི་སྐུ་རིམ་རྣམས་སྨིན་རྒྱས་སུ་མཛད། མ་ཧེ་མཆོད་པའི་དུས་དྲུག་ཅུ་པ་དང་ལས་གཤིན་གྱི་གཏོར་མ་གཉིས་ཀ་རྒྱག་པ་གནང་། རིམ་གྱིས་རྣམ་སྲས་མཆོད་པ་སོགས་སྔར་རྒྱུན་བཞིན་གྲུབ་ནས་ལྕགས་འབྲུག་ནང་དུ་སྒྲུབ་མཆོད་དབྱར་དགུན་གྱི་དུས་ཆོས་སོགས་སྔར་བཞིན་ཆག་མེད་ངོས་དཔལ་འཁོར་ཆོས་སྡེའི་དུས་འཁོར་གྲ་ཚང་ཤར་བྱང་གཉིས་དང་གཞི་གྲ་བཅས་པའི་དོན་(༢༥ན)


GLG009_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་ཅན་བརྒྱར་ལོངས་པར་དཔལ་དུས་ཀྱི་འཁོར་ལོའི་བདག་པོ་ཆེན་པོའི་བར་གྱི་ཡོངས་རྫོགས་དབང་ཆ་བཞི་གནང་། ལྕགས་སྦྲུལ་ཟླ་བ་ལྔ་པར་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་དཔུང་ཆེན་གཞིས་ཀ་རྩེར་འབྱོར་བའི་དབུས་གཙང་ཐམས་ཅད་དུས་གཅིག་ཏུ་མི་བདེ་བའི་བདེ་གཟར་ཆེན་པོ་ལངས། སྟོན་ཀ་ས་སྐྱོང་བསོད་ནམས་རབ་བརྟན་ཀྱང་དཔུང་ཐོག་ཏུ་ཕེབས། རྒྱལ་བ་ཙོང་ཁ་པ་ཆེན་པོའི་སྔགས་ཆོས་གསན་ས་ཕལ་ཆེར་བུ་སྟོན་ཐམས་ཅད་མཁྱེན་པའི་ཞལ་སློབ་རྣམས་ཡིན་པའི་གྲགས་པ་དང་། སྡེ་སྲིད་ཀྱི་ཞབས་ཕྱིར་བཞུགས་སྐབས་སྐུ་དྲུང་ཤག་ལྷུན་པ་སོགས་དང་བཅས་ཐུགས་འདྲིས་ཀྱང་ཡོད་ཚད་ཀྱིས་ལྟ་གྲུབ་མི་གཅིག་པའི་ཁྲོད་ནས་གཟིགས་ཕྱོགས་ལེགས་པ་འདྲ་ཞིག་འདུག་པ་བཞིན་རྗེ་ཉིད་ཀྱིས་གཙོས་པའི་རི་མཐིལ་གྱི་ཆེན་སློབ་རྣམས་མཇལ་བར་ཕེབས་པར་ཐུགས་མཉེས་མཉེས་དང་སྤྱི་སྒེར་དུ་བསླབ་སྟོན་གནང་། མི་རིང་བར་དཔོན་སློབ་པཎ་ཆེན་རིན་པོ་ཆེ་ཞ་ལུའི་མཁན་ཐོག་ཏུ་གདན་དྲངས་ཆོག་པ་སྙན་བཅགས་ཕུལ། བདེ་གཟར་ཐག་ཆོད་ནས་སྤྱི་སོའི་ཞུ་ཡིག་འབུལ་བ་དང་བཅས་མཁན་པོའི་སྐོར་གྱི་སྙན་འབུལ་ཞུ་བར་སྡེ་པ་བསོད་ནམས་བརྟན་གྱི་སྐུ་ཞབས་སུ་བྱོན་པར་དོན་རིས་འདི་ལ་སྟེར་བྱ་ཅི་ལ་དགོས་པས་ཕྱིར་སློག་ཡོད། ཁྱེད་རང་རྣམས་ཀྱིས་ཀྱང་དཔོན་སློབ་ཞབས་དྲུང་རིན་པོ་ཆེར་གསོལ་བ་ཐོབ། འདི་ནས་ཀྱང་སྙན་འབུལ་ཞུས་པའི་བསྐོ་བཞག་དུས་ཐོག་ཏུ་བྱེད་གནང་བ་བཞིན་ཞ་ལུ་ཆེན་སློབ་དང་གཞུང་གི་མི་སྣ་བཅས་བཀྲ་ཤིས་ལྷུན་པོར་སྙན་འབུལ་ཕུལ་བས། པཎ་ཅེན་ཆོས་ཀྱི་རྒྱལ་པོའི་བཀའ་ལས། ངེད་ན་སོ་འདི་ལས་གཞོན་པ་ཞིག་ཡིན་ན་ཀུན་(༢༥བ)


GLG009_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་བུའི་བཞུགས་ཁྲི་ལ་འཛེག་པ་ཤིན་ཏུ་སྤྲོ། ད་ཆ་ལོ་མཐོས་པས་ཕན་ཐོགས་དཀའ་ནའང་ནང་སེའི་དྲུང་གི་ཕེབས་ནན་ཆགས་པ་དང་བཅས་རེ་ཞིག་དེ་ག་བྱེད་དེ་ཞེས་ཞལ་བཞེས་བྱུང་བས་ཐམས་ཅད་སྤྲོ་བ་འཕེལ། ཧོར་ཟླ་དྲུག་པའི་ཚེས་གསུམ་གྱི་ཉིན་གཟའ་སྐར་དུས་ཚེས་དགེ་བར་རི་མཐིལ་གཉིས་ཀའི་ཆོས་ཀྱི་ཁྲི་ལ་ཞབས་ཟུང་གི་པདྨ་རྣམ་པར་བཀོད། ཁྲི་སྟོན་གྱི་མང་འགྱེད་སོགས་ཤིན་ཏུ་དཔངས་མཐོ་ཞིང་གྱ་ནོམ་པ་སྩལ་བས་ཕྱོགས་དེའི་སྐྱེ་རྒུ་རྣམས་རྣམ་ཐོས་ཀྱི་བུའི་གན་མཛོད་དུ་ཆུད་པ་ལྟ་བུས་དབུལ་བའི་གདུང་བ་མཐའ་དག་རྣམ་པར་བྲལ་ཏེ་དད་པ་དང་གུས་པ་ཕན་ཚུན་འགྲན་པའི་ལུས་ཀྱི་བ་སྤུ་གཡོ་བ་དང་མིག་ནས་མཆི་མ་འཁྲུག་པ་སོགས་དགའ་སྤྲོའི་རྩེ་དགའ་ཁོང་ནས་རྒོད་པའི་རྣམ་འགྱུ་ཅི་ཡང་སྟོན་པར་སྣང་། ཆུ་ལུག་སྒྲུབ་མཆོད་ཆེན་མོའི་དུས་བཀྲ་ཤིས་ལྷུན་པོ་ནས་ཆིབས་ཀྱི་ཁ་ལོ་བསྐྱོད་ཆོག་གར་དབྱངས་སོགས་ལ་ཐུགས་དགྱེས་རྩེར་སོན་པའི་རྗེ་འདི་ཉིད་ལ་གཟེངས་བསྟོད་ཀྱི་བཀའ་མཆིད་མང་དུ་སྩལ། དྲུང་ཆེན་སངས་རྒྱས་བསྟན་འཛིན་ཞེས་ཕྱི་ནང་ཚང་མ་ཐུགས་བློས་བཀལ་ནས་རྗེ་བླ་མ་ཉིད་ཆོས་ལྡན་གྱི་བྱ་བ་འབའ་ཞིག་ལ་ཚིག་དྲིལ་གནང་ཆོག་པའི་ཕྱག་གཡོག་ཏུ་འགྱུར་པ་དེ་ཤིང་སྤྲེལ་དུས་ཀྱི་ཆོས་ཉིད་དུ་སོང་བའི་སྐབས། རྡོ་རྗེ་འཆང་བཀའ་འགྱུར་བ་ཆེན་པོ་བཅད་རྒྱ་ལོ་གསུམ་མ་མཛད་པ་འགྲིག་གཤིས་སྒྲིབ་སྦྱོང་གནང་བའི་དུས་ཤིག་རྡོ་རྗེ་འཆང་བཀའ་འགྱུར་བའི་ཕྱག་བྲིས་གནང་བར་ད་ནང་ཐོ་རེངས་བདག་གི་རྨི་ལམ་ལ་རྡོ་རྗེ་འཆང་དེ་གསལ་པོར་ཕེབས་ནས་བྲའུ་བ་དེ་ད་ཆ་མི་ལུས་བཟུང་ཚར་བས་ཁྱེད་ཚོ་དེ་ཙམ་རང་བྱེད་མི་དགོས་གསུང་བ་གསལ་པོ་བྱུང་བ་ལར་རྨི་ལམ་བདེན་པ་རང་དཀའ་ནའང་ད་ལམ་དང་བླ་མའི་ཐུགས་རྗེ་དང་དགེ་བ་རྒྱ་ཆེ་(༢༦ན)


GLG009_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མྱུར་བ་སོགས་ཀྱི་ནུས་པ་ཡིན་འདུག་པས་ཐུགས་ལས་ཅི་ཡང་མི་གནང་བ་རང་ཞུ་གསུང་བ་བྱུང་ཞིང་། ཐུན་བར་དུ་གསོལ་འདེབས་པད་དཀར་བཞད་པའི་ཆུན་པོར། ལྟེ་བའི་པདྨར་རླུང་ལྔའི་ཏི་ལ་ཀ །རྩེ་གཅིག་བསྒོམས་པས་ཁ་སྦྱོར་རྣལ་འབྱོར་གྱིས། །ལུས་སེམས་རྩ་ལ་དྲི་བཞོན་ཞུགས་གྱུར་ནས། །བདེ་བ་མཆོག་གིས་བདག་རྒྱུད་ཚིམ་པར་ཤོག །ཅེས་པའི་རྗེ་བཙུན་ཡབ་དང་ཐུན་མོང་པའི་རྩ་དབུ་མའི་ཉམས་འཁྲིད་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བ་དེ་དང་། མཆོག་གི་སྤྲུལ་སྐུ་རིགས་འཛིན་མངའ་རིས་པ་ལེགས་ལྡན་རྡོ་རྗེས་ཆུ་བོ་རི་ནས་གདན་དྲངས་པའི་བླ་མ་སྐུ་གསུམ་གྱི་ཉམས་འཁྲིད་ཟབ་མོ་འབུལ་བ་གནང་བའི་སྐུ་ཁམས་འདུས་པ་ལ་ཤིན་ཏུ་ཕན་པ་བྱུང་། ལྗགས་བསྙེན་སྔ་མ་རྫོགས་ཤིང་ཕྱི་མ་མ་ཚུགས་པའི་བར་རྗེ་བཀའ་འགྱུར་བར་དབང་ལུང་གི་རིགས་དུ་མ་འབུལ་བ་གནང་། དྲུང་ཆེན་འདས་པོའི་དགེ་སྒྲུབ་ཏུ་དཀོན་མཆོག་ལ་མཆོད་པ། སྒྲུབ་མཆོད། མི་འཁྲུགས་པའི་སྐུ་འབུམ་ཕྲག་གསུམ། སཱཙྪ་ཀཾ་ཀ་ནིའི་གཟུངས་བཞུགས་པ་འབུམ་ཕྲག་གཅིག །སྐུའི་རྟེན་དུ་བུ་སྟོན་ཐམས་ཅད་མཁྱེན་པ་དགའ་ལྡན་དུ་བཞུགས་པའི་ཞིང་བཀོད་བཞེངས་ནས་རིན་ལྡིང་གྲ་ཚང་དུ་སྦྱར། གསུང་གི་རྟེན་དུ་འཕགས་པ་བརྒྱད་སྟོང་པ་བཞེངས་ནས་རྗེ་བཙུན་བཀའ་འགྱུར་བ་ཆེན་པོར་ཕུལ། ཐུགས་ཀྱི་རྟེན་དུ་འོད་ཟེར་དྲི་མེད་དང་གཙུག་ཏོར་དྲི་མེད་ཀྱི་ལྗགས་བསྙེན་སྔོན་དུ་འགྲོ་བས་བྱང་ཆུབ་ཆེན་པོའི་མཆོད་རྟེན་ཕལ་ཐོག་གསུམ་ཙམ་ལ་དྲི་མེད་ཀྱི་སྲོག་ཤིང་འཛུགས་པའི་ཆོ་ག་གཟུངས་འབུལ་རབ་གནས་རྒྱས་པར་གནང་བས་བླ་མ་དམ་པ་ཉིད་ཀྱི་མི་འཕྲོག་(༢༦བ)


GLG009_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐུགས་རྗེ་ཆེན་པོའི་མཐུས་མི་འཁྲུགས་པའི་སྐུ་པར་གནང་སྐབས་ཕྱོགས་ནུབ་བྱང་ནས་བྱ་རྒོད་ཅིག་འཕུར་བའི་རྗེས་ལ་འཇའ་དཀར་པོ་ཞིག་ཏལ་གྱི་ཟུག་པ་དང་སྲོག་ཤིང་འཛུགས་ཉིན་འཇའ་ཁ་དོག་ལྔ་ལྡན་སྲོག་ཤིང་ལ་གདུགས་ལྟར་ཕུབ་པ་དྲི་མེད་ཀྱི་དཀྱིལ་འཁོར་ལ་ཞལ་ཁེབས་བཏང་ན་མི་གསལ་ཞིང་ཕྱེ་ན་གསལ་བ་སོགས་ངོ་མཚར་བའི་ལྟས་ཁྱད་པར་ཅན་དང་། རྗེ་བཙུན་བཀའ་འགྱུར་བའི་མནལ་ལམ་གཉིས་གང་ལ་དཔགས་ཀྱང་དྲུང་ཆེན་མངོན་མཐོའི་སྐས་ལ་འཛེགས་ནས་མཐོ་རིས་ཀྱི་གྲོང་དུ་རིང་པོར་མི་ཐོགས་པར་འཇུག་པའང་། ཇི་སྐད་དུ། གང་ཞིག་གསེར་གྱི་རི་ལ་གནས་བཅས་པའི། །དེའི་འདབ་ཆགས་རྣམས་ཀྱང་གསེར་དུ་འགྱུར། །ཞེས་པ་ལྟར་དམ་པའི་ཞབས་ཡུན་དུ་བསྙེན་པའི་ཕན་ཡོན་དུ་མངོན། སྐབས་ཤིག་རྨང་ལམ་དུ་རྒྱན་གོང་གི་གཙུག་ལག་ཁང་དུ་བྱོན་ཟེར་བ་ཞིག་བྱུང་བ་ལྟར་ཕྱིན་པས་ལྷ་མོའི་གཙང་ཁང་དུ་སླེབས་པ་དང་བུད་མེད་ཀྱི་དཀོན་གཉེར་བྱས་ནས་ལྷ་མོའི་སྐུ་དེ་རྣམ་པ་ཙམ་ཡིན། ལྷ་མོ་རང་འདིའི་རྒྱབ་ཀྱི་སྒོ་ཆུང་འདིའི་ནང་ལ་ཡོད་ཟེར་རང་ལ་སྟོད་དང་གསུངས་པས་ད་ལྟའི་སྐུ་འདྲའི་རྒྱབ་ན་སྒོ་ཆུང་འདུག་པ་ཕྱེ་སྟེ་དེ་ནང་དུ་ཁྲིད་ནས་འདི་ཡིན་ཟེར་རྡོ་རྗེ་སེམས་དཔའི་གསེར་སྐུ་མི་ཚད་ཙམ་ལེགས་པོ་ཞིག་བསྟན་བྱུང་། སླར་ལྷ་མོའི་སྐུ་མདུན་དུ་ཕེབས་པ་ན་ངེད་རྒྱན་གོང་པ་རྣམས་འདི་རང་འདོན་ཞེས་ཤློ་ཀ་གཅིག་ཤར་ཏེ་བཏོན་བྱུང་བ་དེང་ལ་སློབས་དང་གསུངས་པས། གཞི་ལ་དམིགས་པའི་ངང་ཉིད་ལས། །དང་པོ་རེ་ཕྱར་གྱོན་པར་བྱ། །སྨྱུག་ནག་མ་ཆེན་འཁོར་གྱི་འབུམ། །ཚིག་གཅིག་ཐུགས་ཀྱིས་བསྙེལ། ད་དུང་མཇལ་ལམ་ཟེར་ནས་གཡབས་(༢༧ན)


GLG009_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ཞིག་ཏུ་གདན་དྲངས་པ་དེ་ན་མི་དཀར་པོ་བལ་གྱི་ཐོད་གྱོན་ཅིང་རྔ་བརྡུང་གིན་ཀྵིཾ་ཀ་ར་ལ། མིང་པོ་ཀླུ་ཆེན་ཐོད་དཀར་ཀྵིཾ་ཀ་ར་ལ། ཀྵིཾ་ཀྵིཾ་ཀྵིཾ་ཟེར། དེ་ནས་དགོན་ཆུང་ཞིག་ཏུ་བྱོན་ཟེར་ནས་དེའི་འདུ་ཁང་གི་ཕྱི་ཟུར་ན་རྫའི་ཆོས་འབྱུང་འདྲ་མང་པོ་འདུག །རྗེས་སོར་མངའ་བདག་པའི་ཤུལ་གྱི་དགོན་པ་previous hit བྱམསགླིང next hit་དཔོན་སློབ་ཞབས་དྲུང་གིས་རྗེ་ཉིད་ལ་གནང་བ་རྫ་གྲུ་གསུམ་སོགས་མནལ་ལམ་ཇི་ལྟ་བར་བྱུང་སྣང་། བུ་སྟོན་ཐམས་ཅད་མཁྱེན་པའི་ཡུམ་གྱི་དགོངས་རྫོགས་ལ་དམིགས་པའི་དྲི་མེད་མཆོད་རྟེན་རྡོའི་གདུགས་ལྷུང་བར་ཉེ་བ་བཀྲ་ཤིས་ལྷུན་པོ་ནས་ཐུགས་ཁུར་བཞེས་པའི་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་སྐོར་ལ་ཞིག་གསོས་ཀྱི་འགོ་ཚུགས། དེ་བཞིན་གཤེགས་པ་ཤཱཀྱའི་རྒྱལ་པོའི་མཆོད་རྟེན་ལ་བྱ་བ་བྱས་ན་མ་འོངས་བྱམས་པའི་བསྟན་པ་ལ་འབྲས་བུ་འབྱུང་བ་སོགས་མདོ་རྒྱུད་དུ་མ་ནས་རྒྱ་ཆེར་བསྔགས་པ་ལྟར་གདུགས་གསེར་ཟངས་ཀྱིས་གཏུམ་པའི་ཡ་ཐོག་གི་ཟངས་རྣམས་རྗེ་བླ་མ་འདི་ཉིད་ཀྱིས་འབུལ་བ་མཛད་དྲིལ་བུ་མེ་ལོང་སོགས་རྒྱན་ཆ་དུ་མས་མཛེས་ཤིང་གདུགས་ཟ་ར་ཚགས་བཀོད་པས་ཁྱད་དུ་འཕགས་པའི་ཡིད་འཕྲོག་འགྲུབ་ཏུ་ཉེ་བ་ན་སིལ་སྙན་ལྟ་བུའི་སྒྲ་དང་མེ་ཏོག་གི་ཆར་འཇའ་འོད་ཀྱི་གུར་སོགས་ལྟས་ཡ་མཚན་པར་བྱུང་། ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ལ་དཔོན་སློབ་ཞབས་དྲུང་རིན་པོ་ཆེ་ཚོགས་ཀྱི་མགོན་པོར་ཕེབས། རྡོ་རྗེའི་སློབ་དཔོན་གྱི་ཕྱག་ལེན་རྣམས་ཐུགས་རྒྱུས་ཁོག་ནས་རྗེ་འདི་ཉིད་ཀྱིས་མཛད་དེ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་རབ་གནས་བཀྲ་ཤིས་རྒྱས་བྱེད་ཀྱི་ཕྱག་ལེན་བཞིན་ཞ་ལུའི་དགེ་འདུན་རགས་རིམ་གྱིས་གསུང་རམ་བཏེག་ནས་(༢༧བ)


GLG009_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གནས་སྦྱིན་སྲེག་མཆོད་གར་དང་བཅས་པ་རྒྱས་པར་གནང་བས། དཔོན་སློབ་པཎ་ཆེན་རིན་པོ་ཆེའི་བཀའ་ལས། རབ་གནས་རང་ད་ལམ་ལས་རྒྱས་པ་བྱས་པ་མེད་དམ་ཞེས་གསུངས་ཤིང་ཐུགས་ཤིན་ཏུ་དགྱེས་པར་གནང་། ཤིང་བྱ་ལོ་རྡོར་དབྱིངས་རྩ་ལུགས་ཀྱི་བསྙེན་པ་འབྲིང་པོ་བསྙེན་པའི་དཀྱིལ་འཁོར་ལ་བརྟན་པ་དང་ཐུགས་སྲས་སེམས་དཔའ་ཆེན་པོའི་གསར་འགྱུར་གྱི་ཡིག་ཆ་བཞིན་དབྱངས་ཅན་མའི་ལྗགས་བསྙེན་གྲངས་ཚང་མཛད། སྟོན་མཇུག་རྒྱལ་པོ་མཆོད་ཡོན་གཉིས་ཀ་གཙང་ཕྱོགས་སུ་ཆིབས་ཁ་བསྐྱོད་བསམ་དོན་ལྷུན་གྱིས་གྲུབ་པའི་རྩེ་མོར་བཞུགས་ཐོག་རྗེ་འདི་ཉིད་ཀྱིས་ཕྱག་འབུལ་ལ་ཕེབས་ཏེ་བུ་སྟོན་ཐམས་ཅད་མཁྱེན་པ་ཆེན་པོས་འདུལ་བ་ལ་གཅེས་པའི་གཞུང་བརྒྱད་ལ་སོགས་པ་གསུང་རྩོམ་མཛད། ཞ་ལུ་འདིར་གཞི་གསུམ་གྱི་ཕྱག་ལེན་སོགས་བསྟན་པའི་འབྱུང་ཁུངས་ཡིན་ནའང་དེང་སང་འཕེལ་འགྲིབ་ཀྱིས་མིང་གི་ལྷག་མ་ལྟ་བུར་སོང་བ། གང་ན་གཞི་གསུམ་ལ་སོགས་པ་ལས་ཀྱི་ཆོ་ག་ཡོད་པར་ཐུབ་པའི་བསྟན་པ་ཡོད་པར་གསུངས་པས་དོན་གྱིས་བསྟན་པ་ཉམས་པ་གསོས་པའི་བཀའ་དྲིན་བླ་ན་མེད་པར་འགྲོ་བ་འདུག་གཤིས་བདག་གིས་ཁུར་ལེན་ཞུས་གཞི་གསུམ་གྱི་ཆོ་ག་འཛུགས་པར་གཞི་རྟེན་དུ་སྔར་སྡེ་སྲིད་ཀརྨ་ཕུན་ཚོགས་རྣམ་རྒྱལ་གྱི་དགོངས་རྫོགས་ལ་གནང་བའི་ལྕགས་རི་སྟོད་དང་ལྷུན་རྩེ་བདེ་སྐྱིད་གླིང་གཉིས་བཞེས་པ་དེ་སྦྱོར་འཇགས་ཙམ་ཞུས་ན་ཇི་ལྟར་ཡོང་གི་རྒྱུ་མཚན་འཇེབས་ཆགས་པ་འབུལ་བ་གནང་བར་ས་སྐྱོང་བསོད་ནམས་རབ་བརྟན་གྱིས་ཞལ་གྱིས་བཞེས་པར་བརྟེན་བཀྲ་ཤིས་ལྷུན་པོ་ནས་བདོག་པ་གྱ་ནོམ་པའི་ཞུ་རྟེན་བསྟར་བར་སྡེ་པས་གཏན་ཚིགས་གཙང་(༢༨ན)


GLG009_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་གནང་། དེ་འཕྲལ་གཞི་གསུམ་ཆོ་ག་འཕྱུགས་མེད་འཛུགས་དགོས་པའི་བཅའ་ཡིག་དཔོན་སློབ་པཎ་ཆེན་རིན་པོ་ཆེའི་ཕྱག་ཐམ་གྱིས་མནན་པ་ཞུ་བ་མཛད། ཕྱག་ལེན་སྤྱན་འཁྲིད་ལ་ཐོན་རྒྱལ་བྱེད་ཚལ་པའི་སློབ་དཔོན་དོན་གྲུབ་དཔལ་བ་བླ་བྲང་རྒྱལ་མཚན་མཐོན་པོ་ནས་རྫོང་བདའ་གནང་སྟེ་དབྱར་གནས་གསོ་སྦྱོང་དགག་དབྱེ་རྣམས་ལེགས་པར་ཚུགས་སོ། །རྡོ་རྗེ་འཆང་དངོས་དཔལ་ལྡན་བླ་མ་གཉིས། །མཁའ་སྤྱོད་ཞིང་དུ་གཤེགས་ཀྱང་དམ་པ་ཁྱོད། །བྱང་ཆེན་དེ་སྲིད་རྗེས་འཛིན་ནང་རྟགས་ཕྱིར། །སྟོན་པའི་སྐལ་བཟང་འདི་ལ་སུ་མི་སྨོན། །ལྔ་བདོའི་སྣང་ཚུལ་རྩུབ་མོའི་ཚེར་མལ་ལ། །སྙིང་སྟོབས་བཟོད་པའི་ཡ་ལད་བཙན་པོ་ཡིས། །བུ་སྟོན་རིང་ལུགས་སྲིད་མཐར་སྤེལ་བའི་ཁུར། །འདེགས་ལ་མི་ངལ་རྒྱལ་སྲས་རྣམ་པར་ཐར། །གར་ཐིག་དབྱངས་ཀྱི་ཕྱག་ལེན་རྒྱ་ཆེར་སྤེལ། །རྣལ་འབྱོར་རྒྱུད་སྡེའི་སྨིན་བྱེད་སྒོ་འཕར་ཕྱེ། །རིན་ཆེན་གྲུབ་ཀྱི་གསུང་རབ་སྲོག་གི་ཟུངས། །འདི་ཀོ་དགའ་ལྡན་གནས་ནས་བྱོན་ཏམ་ཅི། །གཏིང་མཐའ་མི་མངོན་གསན་བསམ་ཆུ་གཏེར་གནང་། །རྒྱུ་ཡང་ངོམ་མེད་ཚོར་པའི་གསེར་སྦལ་དེའི། །སྙན་པའི་གྲགས་པ་ཐོས་ན་དེང་དུས་ཀྱི། །བསྟན་འཛིན་ཁྲོན་པའི་འཕར་འགྲོ་དོན་སྙིང་འགས། །ལོག་པར་འཁུ་བའི་དགྲ་བགེགས་བྲག་གི་རི། །མ་ཧེའི་ཞལ་ཅན་མཐུ་སྟོབས་རྡོ་རྗེའི་ཐོག །འབེབས་དང་ལྷན་ཅིག་དྲུག་ཅུ་རྩ་བཞིའི་དཔལ། །འཕེན་ཁྱོད་རྡོར་འཛིན་བྱེ་བའི་གཙུག་གི་རྒྱན། །གཡུ་འབྲུག་ཕྱག་རྒྱའི་མཁར་འཁྲིགས་སྒྲ་སྙན་པོ། །སྒྲོག་ཚེ་མི་ཆོས་ཆར་གྱིས་མྱུ་གུ་བསྲིངས། །གསེར་གཞོང་མར་ཁུས་བཀང་བའི་(༢༨བ)


GLG009_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་སློབ་ཀྱི། །རྟེན་འབྲེལ་ཞོ་ལ་ཕུག་རོན་སྡེར་རྗེས་གསལ། །སྔོན་གོམས་ཀུན་འབྱུང་ས་བོན་བསྐྱེད་པའི་ལོང་། །མེད་པར་ངེས་ལེགས་ཞིང་དུ་རིམ་གྲོ་པ། །དྲངས་ཚེ་འཇའ་རིས་ལས་ཀྱི་མེ་ལོང་ལ། །ཤར་བས་དགེ་སྡིག་འབྲས་བུ་གཅིག་ཏུ་མཚུངས། །བསྟན་སྐྱོང་མ་མོ་དགྱེས་པའི་རྣམ་འགྱུར་གྱི། །ཡ་མཚན་ཆོ་འཕྲུལ་འོད་གསལ་ངང་དུ་ཤར། །རྒྱལ་བའི་མཆོད་རྟེན་ཆེད་དུ་སྲི་ཞུའི་ལྗིད། ཁུར་ལ་མི་མངོན་རུས་སྦལ་གཟུགས་སུ་སྤྲུལ། །བསྡུ་དངོས་བཞི་དང་ཡོངས་འབྲེལ་ཉི་ཟེར་གྱིས། །ས་སྤྱོད་སྙན་གྱི་པད་དཀར་འདབ་སྟོང་བཞད། །འདོད་ཡོན་སྦྲང་རྩིས་མྱོས་པའི་རྐང་དྲུག་རྣམས། །གཞི་གསུམ་ཆོ་གའི་གླུ་དབྱངས་མགྲིན་པར་ལེན། །མེ་ཁྱི་ལོ་རིན་ལྡིང་གྲ་ཚང་དང་ཞ་ལུ་བཞི་གྲྭའི་དོན་གཉེར་ཅན་མང་པོར་རྩེ་མོ་རིགས་བསྡུས་ཀྱི་དབང་ཆ་གཉིས་མ། རྡོར་དབྱིངས་མི་འཁྲུགས་པ་འཆི་མེད་རྔ་སྒྲའི་སྨིན་བྱེད་སྩལ། ཟླ་བ་བཅུ་པའི་ཚེས་བཅུ་བདུན་ལ་ཡུམ་གཤེགས་གདོང་མགུལ་ག་ནས་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་ཚེམས་བཏོན་པའི་རྐེད་པ་ཆག་པའི་ནང་ངོས་རིང་བསྲེལ་ཤིན་ཏུ་ཚེར་བ་གཉིས་ཕེབས་པ་ང་རང་ལ་རྗེ་བླ་མས་ཐུགས་རྗེས་གཟིགས་པ་ཡིན་འདུག་པས་བསླང་གསུངས་ནས་འཕྲལ་དུ་གསོལ། རྗེ་ཉིད་ཀྱིས་ཐུགས་ཁྲལ་མ་གནང་ཕྱག་གཡོག་གང་དྲག་ཞུ་གསུངས་པར་དེ་འདྲ་མི་དགོས་ཁྱེད་རང་གཤེགས་དུས་ངེད་གདན་འདྲེན་ལ་ཡོད་གསུང་བ་ཡེ་ཤེས་ཀྱི་ཌཱ་ཀི་མ་སྦས་ཚུལ་ཅན་དུ་གོར་མ་ཆག་ཅིང་གནས་སྐབས་སུའང་ཡི་གེ་དྲུག་པ་དུང་ཕྱུར་བཞི་ཙམ་སོང་བའི་ཐུགས་དམ་སྨིན་ལས་རི་བོ་གྲུ་འཛིན་ནས་ལག་ན་པདྨས་རྗེས་སུ་བཟུང་སྟེ་འཇའ་འོད་ཀྱི་གུར་དང་བཅས་ཞིང་ཁམས་འཕོས། རྟེན་(༢༩ན)


GLG009_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

བཞེང་གི་ཐེབས་སུ་གསེར་སྤྱི་གཅིག་མ་གཏོགས་ཡུམ་གྱི་ཕྱག་རྫས་གང་ཡོད་སྟེང་རྗེ་ཉིད་ཀྱི་དམ་ཚིག་རྡོར་དྲིལ་ཆོས་གོས་རྣམ་གསུམ་སོགས་མེད་ཁ་མེད་འདྲ་ལས་གཞན་པའི་ཕྱག་རྫས་ཡོད་དགུ་ཀུན་ཁྱབ་བདག་བཀའ་འགྱུར་བས་གཙོས་པའི་བླ་མ་རྣམས་ལ་བསྔོ་རྟེན། དཀྱིལ་འཁོར་གྱི་ཆོ་ག །གསུང་སྒྲོག་སྨོན་ལམ་སོགས་ཀྱི་རྒྱུར་དགོངས་རྫོགས་ལ་གནང་། ཕྱག་རྫས་རྣམས་འཛངས་གཤིས་རྗེ་ཉིད་ཀྱིས་ཡུམ་ལ་དམིགས་ཤཱཀྱ་མུ་ནིའི་ཕོ་བྲང་འཁྲུལ་སྣང་སྤྲུལ་པའི་གཙུག་ལག་ཁང་ལ་ཞབས་བསྐོར་གནང་བཞེད་ཀྱི་སྤོས་ཁང་དུ་ཕེབས། མཁན་པོ་ཁང་དམར་ནས་ཀྱིས་ན་བཟའ་གསོལ་ཆས་ཆིབས་པ་དང་བཅས་མཐུན་རྐྱེན་སྦྱར་ཏེ་ཕྱག་མངས་སུ་ཕེབས་པའི་ནུབ་ཀྱི་མནལ་ལམ་དུ་གསེར་གྱི་རྒྱ་ཕིབས་དང་བཅས་པ་ལྷ་ས་ཡོངས་སུ་རྫོགས་པ་གསལ་ལམ་གྱིས་གཟིགས། མི་ཞིག་ན་རེ་སྔར་བྱས་ལ་འགྱོད་སེམས་དང་ཕྱིན་ཆད་ལ་སྡོམ་སེམས་ཀྱིས་སོགས་མང་པོ་ཟེར་བྱུང་ཡང་བརྗེད་ནས་མི་འདུག་གསུང་བ་སྒྲ་ཇི་བཞིན་པ་རང་མིན་པ་འདྲ། རྔོག་གིས་ཇོ་བོ་ཆེན་པོ་ལྷ་སར་སྤྱན་དྲངས་ཏེ་བསུ་བའི་ཚེ་ཐུགས་རྗེ་ཆེན་པོས་ཀྱང་བསུ་བ་མཛད་པའི་མི་ཧྲེང་སྐྱ་བོ་ཞིག་བྱུང་ནས་མཧཱ་པཎྜི་ཏ་བྱོན་པ་ལེགས་སོ་རྒྱལ་བར་གྱུར་ཅིག་གསུངས་ནས་བཞུད་པས་ཇོ་བོས་ཆིབས་པ་ལས་བབས་ཏེ་བརྒྱུགས་པས་མ་ཟིན་པའི་ལོ་རྒྱུས་དང་། ཁུ་སྟོན་ཡེར་པར་བྱོན་དུས་ཉ་མགོ་གྲུའི་མཉན་པ་ལྟ་བུའི་རྣམ་ཐར་ཡིན་ནམ་སྙམ། དེ་ནས་རིམ་གྱིས་གནས་འགག་གོང་དུ་ཕེབས་འབྲུག་པ་སྤྲུལ་སྐུ་རིན་པོ་ཆེ་མཇལ་བ་གནང་། ཕྱག་མཛོད་མངའ་རིས་པ་དང་སྔར་ནས་ཐུགས་འདྲིས་ཡོད་གཤིས་ལྷ་ས་བར་གྱི་ཆིབས་ཁལ། ཞབས་སྐོར་རིང་(༢༩བ)


GLG009_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

གི་གསོལ་མར་དང་བཞུགས་ཤིང་ཕུལ།མེ་ཕག་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་བསྟན་པའི་བདག་པོ་ཇོ་ཤཱཀྱ་རྣམ་གཉིས། རང་བྱོན་ལྔ་ལྡན། བྱམས་པ་ཆོས་འཁོར་སོགས་རྟེན་རྣམས་ཞིབ་མཇལ་ངོས་བསྟན་འགྲོའི་ལེགས་ཚོགས་སྤེལ་བའི་སྨོན་ལམ་རྒྱ་ཆེར་མཛད། རིམ་གྱིས་ཞབས་སྐོར་བཙུགས། ས་བྱི་ཧོར་ཟླ་དང་པོ་ཉིས་བརྩེགས་ཀྱི་སྔ་མར་ཆོ་འཕྲུལ་མཆོད་པའི་སྨོན་ལམ་ཆེན་མོ་ཚུགས་པའི་ངེད་འབྲས་སྤུངས་ནས་ཚོགས་དབུར་ལྷ་སར་སླེབས། ཆུ་རྟ་ཚོང་འདུས་ལྕང་ར་སྟོད་དུ་ཞ་ལུ་བའི་ཆེན་སློབ་རྣམས་ཕྲད་པར་བྱུང་བ་དེ་དུས་གྲལ་འགོ་མ་དེས་སྐྱེས་བུ་དམ་པ་དང་མཇལ་བ་ནི་དཀོན་པས་བླ་མའི་རྣལ་འབྱོར་ཞིག་བཀའ་དྲིན་སྐྱོང་དགོས་ཞེས་ངོས་ཀྱི་རྒྱུ་མཚན་བྱུང་བ་ལྟར་འཕྲལ་དུ་ཕུལ་གསུང་འཕྲོས་མཛད་མཁན་དེ་རྗེ་བླ་མ་ཡིན་པར་སྣང་། དེ་སྐབས་སྒེར་དུ་ཞལ་འཚོ་བ་མེད། དེ་སྐབས་ངོས་ཕྲད་ཀྱི་ཐུགས་རེ་བསྐྱུངས་ནའང་ཁེ་གསུམ་ནས་ལྕམ་ཡུམ་སྲས་བྱོན་པ་འགྲིག་པའི་བཞུགས་མཚེར་གཅིག་པ་གདོང་དགའ་བ་དང་བདེ་རྒྱས་པ་གཉེན་ལམ་དུ་སོང་བའི་གདོང་དགའ་མས་གཞོན་པས་བན་རྩེའི་སྣེ་སྦྱོར་ཡོང་ཚུལ་འདུག་པ་བཞིན་འདིར་རྒྱུ་མཚན་གླེང་བར་བརྟེན་དགོངས་མོའི་སྨོན་ལམ་ལ་འགྲོ་ཁར་ཇ་གྲལ་ཞིག་ཐོག་ངོས་མཇལ་ཞུས། དེ་བར་རི་ཕུག་གི་དབུ་མཛད་ཡིན་ཟེར་པ་ལས་རྒྱུ་མཚན་ཞིབ་པ་མ་ངེས་པ་གསུང་བགྲོས་ལ་གཞིགས་པ་ན་ཚར་ལུགས་པ་ཞིག་ཡིན་པ་འདྲ་སྙམ་སང་གུང་ཚིགས་གྲོལ་འཕྲལ་གདན་དྲངས། ཇ་སྦྱོར་གསུམ་ཙམ་གྱི་ཡུན་གསུང་གླེང་འཕེལ་བར་བྱུང་ཞིང་ཟུར་གསོས་ཕུལ། བྱམས་པ་གདན་འདྲེན་གྱི་སང་ཉིན་ཀ་བརྒྱད་སྦུག་ཏུ་གུང་ཚིགས་ཀྱི་མགྲོན་ལ་ཕྱིན་དུས་(༣༠ན)


GLG009_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་འདི་ཉིད་ཀྱང་ལྷན་ཅིག་པར་བྱོན། རྒྱུད་སྡེ་སྤྱི་ལ་ས་ཞལ་གྱི་ཕྱག་བཞེས་འདྲ་མི་འདྲའི་དབྱེ་བ་དང་བྱེ་བྲག་ཁའུ་བྲག་རྫོང་པའི་སྐོར་ལ་ཞིབ་ཆ་ཤིན་ཏུ་ཆེ་བ་གསུང་གིན་འདུག་པས་འདི་ལྟ་བུའི་མཁས་གྲུབ་ཆེན་པོ་སྙམ་སྙིང་ནས་མོས་པ་ཟབ། ཚར་ལུགས་ཀྱི་ཆོས་བཀའ་འདྲ་ལུས་ན་སྙམ་པ་ཤར་ཡང་སྡེ་པ་བསོད་ནམས་རབ་བརྟན་གྱི་དགོངས་མདངས་མ་བྱེད་པས་ལག་ཐོག་ཏུ་འགེལ་མ་བདེ། དེ་སྐབས་གཙང་དང་ས་ཁད་འགྱངས་ཤིང་ཉེ་སྐོར་དུ་ངོ་མཁྱེན་པའི་རིགས་ཆེ་བ་མེད་གཤིས་གསོལ་ཆས་རེ་དཀོན་བྱུང་ཚོད་ནས། བཀའ་ལས། བཀའ་བརྒྱད་སྨད་པས་སྤྱན་འདྲེན་ཞུས་པའི་ཕྱགས་ཕྱིར་ཤོག་གསུངས་ནས་ཕྱིན་སྡེར་ཁ་མང་པོ་འདུག་པས་རྣམ་རྟོག་ལ་འདི་རྣམས་ནང་དུ་སླེབས་ན་དབུལ་བ་སེལ་བ་འདུག་སྟེ་སུས་ཁྱེར་འདིས་ཁྱེར་མེད་པ་ལ་འགྲོའམ་བསམ་པ་ལ་རྡོར་ལེགས་ཕྲུག་གུ་ཆུང་ངུ་ཡིན་ཀྱང་ཧུར་དྲགས་ཐམས་ཅད་གཟན་ཁྱོགས་བྱས་ཁྱེར་ནས་ནང་དུ་སླེབས། བླ་མ་ཐུགས་རྗེ་ཅན་གྱི་བཀའ་དྲིན་གྱིས་དེ་སྐབས་ཀྱང་མུ་གེ་དང་བྲལ་ཞེས་གསུང་། ངེད་འབྲས་སྤུངས་སུ་འགྲོ་ཁར་རྗེ་ཉིད་ལ་བདོག་པའི་སྐྱེས་དང་གསོལ་ཆས་ཕུལ། གཤོལ་བཏོན་པའི་ཟླ་བ་གཉིས་པར་ཡར་ཀླུངས་བཀྲ་ཤིས་རྩེ་ནས་ཆིབས་བསུ་བྱུང་བ་བཅས་ཡེར་པ་ལྷ་རི་སྙིང་པོའི་གནས་ཡོངས་རྫོགས་དང་། དཔལ་བསམ་ཡས་ཀྱི་དབུ་རྩེ་རིགས་གསུམ་མཇལ་བ་གནང་ནས་ཡར་ཀླུངས་སུ་ཁྱབ་བདག་གནས་གསར་བ་ཆེན་པོ་དང་གདན་འཛོམ། ཞག་བཅོ་ལྔའི་རིང་བཞུགས་ཏེ་ཕར་བུ་ལུགས་དུས་འཁོར་གྱི་ཡིག་ཆ་རྣམས་དང་། ཚུར་བདེ་མཆོག་བདེ་ཆེན་རལ་གཅིག་གི་གླེགས་བམ་གྱི་ལུང་རྣམས་(༣༠བ)


GLG009_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

གསན་ལེན་མཛད། ཆོས་སྡེ་ནས་ཆིབས་ཁལ་གཡར་པོ་དང་བཅས་གོང་དཀར་རྡོ་རྗེ་གདན་དུ་ཕེབས། རྗེ་ཉི་མ་གླིང་པ་དང་མཇལ་འཛོམ་མཛད་པ་སྔར་ནས་དཔོན་སློབ་ཐུགས་འདྲེས་པ་ལྟ་བུའི་ཐུགས་ནང་གཙང་བ་བྱུང་། ཚུར་སྒྲོལ་དཀར་གྱི་རྗེས་གནང་དང་ཕར་བུ་སྟོན་རིན་པོ་ཆེའི་གསོལ་འདེབས་ཚོགས་གཉིས་མ་དང་རྣམ་རྒྱལ་གྱི་གཟུངས་ཀྱི་ལུང་འབུལ་བ་མཛད། རབ་འབྱམས་ཆོས་རྗེ་རིན་ཆེན་རྒྱ་མཚོས་སྣེ་ཤན་དང་རྩེའི་མི་སྣ་བཅས་ཕྱི་ནང་གི་རྟེན་ཚང་མ་ཞིབ་གཟིགས་ངོས་གསུང་ངག་ལམ་འབྲས་གསན་པའི་སྙན་གསན་ཕུལ་ནས་རི་ཕུག་ཏུ་ཕེབས། དབུས་ཕྱོགས་ནས་ཕྱག་ཏུ་འབྱོར་པའི་རྙེད་པ་དང་རིན་ལྡིང་སྤྱི་སོའི་འབུལ་བ་ཁང་དྲག་ནས་ཀྱི་མའི་གོས་སྣ་ཐིག་སོགས་ཕྱག་རྫས་གསར་འབྱོར་གྱི་སྟེང་སྔར་གྱི་གསེར་སྤྱི་དང་བཅས་previous hit བྱམསགླིང next hit་གི་དགོན་པར་ཡུམ་གྱི་དགོངས་རྫོགས་སུ་བཟོ་གྲ་བཙུགས་ཏེ། སྐུའི་རྟེན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱའི་རྒྱལ་པོའི་གསེར་སྐུ། ཐམས་ཅད་མཁྱེན་པ་བུ་སྟོན་ཡབ་སྲས་ཀྱི་སྨན་སྐུ། གསུང་གི་རྟེན་དུ་མཁས་པ་ཙནྡྲ་ཤྲཱི་དང་ཤར་ཆེན་ཡེ་ཤེས་རྒྱ་མཚོའི་གསུང་འབུམ་པོ་ཏི་གསུམ། ཐུགས་ཀྱི་རྟེན་དུ་དངུལ་དཀར་གྱི་མཆོད་རྟེན་མདའ་གང་པ་དྲི་མེད་ཀྱི་སྲོག་ཤིང་འཛུགས་པའི་ཆོ་ག་སོགས་རྟེན་རྣམས་ལ་གཟུངས་འབུལ་དང་རབ་ཏུ་གནས་པའི་རིམ་པ་ཤིན་ཏུ་དངོས་གཙང་བ་བྱིན་རླབས་ཀྱི་གཟི་འོད་འཕྲོ་བ་གནང་། སྐུ་གཟུགས་མཆོད་རྟེན་གཉིས་རི་ཕུག་གི་གཟིམས་མལ་སྐུ་འདྲ་རིན་པོ་ཆེའི་སྐུ་མདུན་དུ་བསྒྲིགས། ཡུམ་གྱི་གདུང་རུས་རྣམས་རུས་ཆོག་མཛད་པར་བུ་སྟོན་རིན་པོ་ཆེའི་ཕྱག་པར་གྱིས་སཱཙྪ་བཏབ་སྟེ་རི་རྩེ་དང་ཆུ་བོ་ཆེན་པོར་གདན་དྲངས་(༣༡ན)


GLG009_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ཅུང་ཟད་བསྙུན་པར་ཕྱག་རྫས་ལྷག་རྣམས་སྐུ་རིམ་དུ་བཏང་བས་སྐུ་ཆས་དཀོན་གཤིས་ཤི་གསོན་གྱི་དོན་དུ་གྲོང་ཆོག་གི་སྒོ་ནས་གཞན་ཕན་རྒྱ་ཆེར་མཛད། ཞ་ལུ་མོ་ཡན་རྣམས་ཀྱི་དོ་དམ་བྱས་ནས་གཞི་བྱེས་ཀྱིས་དབང་གཞི་བཙུགས་པའི་འབུལ་བར་ནས་ཁལ་སུམ་བརྒྱ་ཙམ་དང་། རྡོར་ལགས་བཀྲ་ཤིས་ལྷུན་པོ་དང་ངོར་གཉིས་སུ་མེ་ཏོག་འབུལ་བར་རྫོང་བདའ་གནང་བའི་སྐྱེས་སོགས་ཀྱིས་གསོལ་ཐབ་ཚུགས་པ་བྱུང་། ས་གླང་དབང་ལྡན་ཆོས་འཁོར་བས་གདན་དྲངས་ཚོགས་པ་ལ་གསུང་ཆོས་མང་པོ་འབུལ་བ་མཛད། གྲ་རྐྱང་སོ་སོས་ཀྱང་ཐབ་གདན་ཆོས་སོགས་ཉེར་མཁོའི་རྙེད་པ་བཏབ། རི་ཕུག་ཏུ་ཕེབས་སྐབས་ཁང་དྲག་ནས་ཀྱིས་ཤར་ཆེན་དུ་གདན་དྲངས། དེ་ཞོར་རྩེ་ཆེན་སྒྲོལ་མ་མཇལ་ཏེ་ཁྲུས་གསོལ་རྒྱས་པར་གནང་ནས་ཁྲུས་ཆུ་བུམ་པ་གང་བསྣམས་ཏེ་པ་རྣམ་དགའ་གདོང་རྒྱབ་རིར་སྨན་ཆུ་གྲང་ཚན་ཞིག་ཡོད་འདུག་པར་ཕེབས། དེའི་སྔོན་སྡེ་པ་ནོར་བུ་དཔོན་གཡོག་གིས་གྲང་ཚན་བརྒྱབ་ནས་ལོག་རྗེས་རྫིང་ཆུ་ཕྲན་བུ་མ་གཏོགས་བསྐམས་འདུག་པ་སྟོན་པ་སངས་རྒྱས་ཀྱི་སྐུ་ལ་སྒྲོལ་མའི་ཁྲུས་ཆུས་སྐུ་ཁྲུས་གསོལ་བའི་ཆུ་རྒྱུན་རྫིང་ནང་དུ་འབབ་པ་བྱས། གསེར་ཆོས་ཀྱི་མན་ངག་ལྟར་རྗེ་བཙུན་ཀུ་རུ་ཀུ་ལླེ་ལ་གསོལ་འདེབས་དང་གཏོར་མ་གནང་བས་རྫིང་མེར་གྱིས་སྐད་ཅིག་ཉིད་ལ་ཁེངས་ཏེ་རྫིང་གི་ཕྱིར་ལུད་འགྲོ་བ་བྱུང་། གྲང་ཚན་བསྟེན་པས་ཞབས་ཡབ་ནང་དུ་མི་ཤོང་པའི་སྙུང་རོ་དེ་ཡང་ཞག་གཅིག་གཉིས་ལ་གཞི་མེད་དུ་སོང་། ལྕགས་སྟག་ལོ་ངེད་རང་གི་རིང་འཚོའི་རྟེན་འབྱུང་གི་ཆེད་དུ་གཟིམས་མལ་སྐུ་འདྲའི་སྐུ་མདུན་དུ་རྣལ་འབྱོར་རྒྱུད་ཀྱི་བཤད་རྒྱུད་རྡོ་(༣༡བ)


GLG009_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རྩེ་མོའི་ཆོ་ག་རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེས་དབང་ལྡན་ཆོས་འཁོར་དུ་བཙུགས་པའི་ཕྱག་ལེན་ཇི་ལྟ་བ། སྒོ་བཞིའི་དབྱངས་ཆོས་སྐྱོང་ཆེན་པོའི་བསྟོད་རེ་སོགས་ཞག་བཅོ་བརྒྱད་བསྒྲུབས་པའི་མཆོད་གཞིས་སྔ་སོར་རྗེ་ཉིད་ལ་གཙང་སྡེ་སྲིད་ཀྱིས་གནང་བ་གཞུང་ནས་དེ་ལམ་དུ་འཇགས་པའི་དར་རྒྱས་གཞིས་ཀ་སྦྱོར་བ་མཛད། སྒྲ་དབྱངས་ལྷ་མོའི་རྗེས་གནང་སྤྱི་འགྲོའི་གཞོགས་དྲུང་ལས་སྒྲ་ཚད་པ་ནས་བརྒྱུད་པའི་ཁུངས་བཙུན་དེ་ཤིན་ཏུ་དཀོན་པ་དང་འཇིགས་བྱེད་རོ་ལངས་བརྒྱད་སྐོར་གྱི་དབང་གཉིས་ངོར་དུ་མཁན་ཆེན་ཤེས་རབ་འབྱུང་གནས་ལ་གསན། དཔོན་སློབ་པཎ་ཆེན་རིན་པོ་ཆེ་སྲད་ལ་ཕེབས་འཕྲོས་འདུག་པ་མཇལ་བ་ལེགས་ཚུལ་སྙན་འབུལ་མཛད་པ་བཞིན་ངོར་མཁན་པོས་བྱོན་པར། པཎ་ཆེན་རིན་པོ་ཆེས་གདན་བཞེངས་ཕྱག་བབས་སོགས་ལེགས་པོ་གནང་བས་བཀའ་གྲོས་ཐོན་པའི་ཚད་དུ་ཕྱིན། མ་ཧེ་མཆོད་པར་དམིགས་པའི་བུ་ལུགས་གཤེད་དམར་ལྷ་ལྔ་དང་ཚར་ལུགས་རྡོ་རྗེ་འཇིགས་བྱེད་ལས་གཤིན་དང་བཅས་པའི་ལྗགས་བསྙེན་གནང་། མ་ཧེའི་བཀའ་བསྒོར་བཀྲ་ཤིས་ལྷུན་པོ་ནས་དཔོན་སློབ་ཞབས་དྲུང་ཕེབས་པས་གྲ་སྒྲིག་གིས་ཞ་ལུའི་གྲ་ཚང་བཞིའི་གྲ་པས་མ་ཁོམ་པར་རི་ཕུག་དབུ་མཛད་ཀྱིས་དྲུག་ཅུ་པ་མཛད་སྲོལ་ཡོད་པ་ལྟར་རྗེ་འདི་ཉིད་ཀྱིས་གཤེད་དམར་དྲུག་ཅུ་པའི་རྡོ་རྗེ་སློབ་དཔོན་གནང་བའི་ཆོག་གྲྭར་རིན་ལྡིང་གྲ་ཚང་ནས་གྲ་པ་བཅོ་ལྔ་བཟབས་མཆོར་དང་བཅས་འོངས་པར་གཤེད་དམར་ལྷ་ལྔའི་དབང་བསྐུར་རྒྱས་པར་མཛད། དབང་ལྡན་ཆོས་འཁོར་ནས་གསེར་རྔ་ཞེ་གཅིག་བརྙན་པོ་དང་བཅས་དྲུག་ཅུ་པ་སོགས་སྨིན་རྒྱས་ཀྱི་ཐུགས་ཁུར་བཞེས་པས་དཔོན་སློབ་པཎ་ཆེན་རིན་པོ་ཆེའི་དགོངས་(༣༢ན)


GLG009_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤིན་ཏུ་བདེ་བར་བྱུང་། ཤིང་རྟ་པཎ་ཆེན་རིན་པོ་ཆེ་སྐུ་ན་སྨིན་པས་དབུས་ཕྱོགས་སུ་ཕེབས་འགུལ་ཐུབ་རིས་མིན་འདུག་པ་ནས་ངེད་དང་མཆོད་ཡོན་གཉིས་གཙང་ཕྱོགས་སུ་བཏེག །བཀྲ་ཤིས་ལྷུན་པོའི་རྟ་བསུ་བའི་སློབ་དཔོན་རྣམས་ཀྱི་ཁྲོད་དུ་རྗེ་བླ་མ་འདི་ཉིད་བྱོན་ཞིང་། སེར་སྦྲེང་བའི་ཟླར་ཞ་ལུའི་གར་པ་མང་ཧྲགས་བཟབས་མཆོར་མཆིས། ཞ་ལུའི་དབྱར་བདག་གནང་གི་ཡོད་འདུག་གཤིས་སང་ཉིན་བླ་བྲང་རྒྱལ་མཚན་མཐོན་པོར་ཇ་སྦྱོར་སྦྲེལ་ཞིག་ལ་གསུང་འཕྲོས་ཕྲན་བུ་ལས་བརླིང་བ་མ་བྱུང་། ངེད་རང་གིས་ཀུན་མཁྱེན་བུའི་སྐུ་བསྟོད་དག་པ་དོན་དམ་མར་གྲགས་པ་བརྩམས་པ་ཚོགས་སུ་འཛུགས་པའི་ཁུར་བཞེས་གནང་། རྒྱལ་པོ་སྐུ་ལྟེམ་ནས་ཕེབས་མ་ཐུབ་རུང་ངེད་དང་སྡེ་པ་སོགས་ཀྱིས་ཞ་ལུ་རི་མཐིལ་གྱི་གནས་མཇལ་རྒྱས་པར་བྱས་པའི་གནས་བཤད་ཀྱི་ཕྱག་ཆེན་ཚང་མ་རྗེ་བླ་མས་གནང་། བུ་སྟོན་རིན་པོ་ཆེའི་གསོལ་འདེབས། དཔོན་སློབ་ཞབས་དྲུང་གི་བརྟན་བཞུགས་ངེད་རང་གི་རིང་འཚོའི་ཚིགས་བཅད་གསུམ་ཚོགས་ཆེན་ལ་གྱིས་གསུང་བ་བཞིན་བཀླགས་ལུང་ཕུལ། ཟླ་བ་བཅུ་གཉིས་པའི་ནང་དུ་རྗེ་བླ་མ་དབུས་སུ་ཕེབས་འབྲས་སྤུངས་སུ་ཞག་ཤས་བཞུགས་དགོས་ཚུལ་ཕེབས་པ་ལྟར་ཚེ་དཔག་མེད་གྲུབ་རྒྱལ་ལུགས་དང་སྙིང་པོ་དོན་གསུམ་གྱི་ཉམས་འཁྲིད་སོགས་ཕུལ། སྔར་ནས་འདི་རིགས་ཀྱི་འཇུག་མེད་པར་བརྟེན་ཞིབ་དཔྱོད་ཀྱི་དོ་གལ་མ་ཤར་བ་འདི་ལོ་བསྟན་འཛིན་ཆོས་རྒྱལ་གཤེགས་པའི་པུར་སྦྱོང་བཞིན་མ་ངེས་པའི་དགོངས་པ་བྱུང་ན་སྙམ་ཕུང་པོ་སྲེག་སྦྱང་གི་སྐོར་དང་རིམ་གྱིས་རབ་གནས་སྦྱིན་སྲེག་སོགས་དོགས་གཅོད་(༣༢བ)


GLG009_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་ཞུས། གསོལ་ཕོགས་ཀྱི་འཛིན་དང་བཅས་གོང་དཀར་ཆོས་སྡེར་ཕེབས། ཤིང་ལུག་ལོ་ཉི་མ་གླིང་དུ་རྡོ་རྗེ་འཛིན་པ་ཆེན་པོ་ཚུལ་ཁྲིམས་བཀྲ་ཤིས་པའི་དྲུང་དུ་དཔལ་ལྡན་ས་སྐྱ་པའི་ཟབ་ཆོས་གསུང་ངག་རིན་པོ་ཆེར་ངོར་རྫོང་ཆོས་སྡེ་བ་སྟེ་ཐུན་མོང་བའི་ལུགས་གསུམ། ཐུན་མོང་མ་ཡིན་པ་སློབ་བཤད་དང་བཞིར་ཡོད་པའི་སྲིད་གསུམ་འགྲན་ཟླ་བྲལ་བ་ཆོས་རྗེ་བླ་མ་དམ་པའི་གསུང་རབ་པོད་ནག་གཞིར་བཞག་པའི་དབང་འཁྲིད་བྱིན་རླབས་གཞུང་བཤད་ལུང་མན་ངག་སྒྲུབ་པ་ལུང་སྦྱིན་གྱི་པར། རྫོང་ལུགས་ཀྱི་གེགས་སེལ་གྱི་ཡི་གེ་གཅིག་མ་གཏོགས་བླ་མ་རིན་པོ་ཆེས་གང་གསན་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་ཐུགས་ཀྱི་ཟ་མ་ཏོག་གཏམས། བླ་མ་ཀུན་བཟང་རྩེ་པཎ་ཆེན་བསོད་ནམས་མཆོག་ལྡན་ལ་ཡོ་ག་ཁམས་གསུམ་རྣམ་རྒྱལ་དང་ཆོས་དབྱིངས་གསུང་དབང་གི་དབང་སོགས་ཆོས་བཀའ་དུ་མ་གསན། དེ་ནས་འབྲས་སྤུངས་སུ་ཕེབས་ཞག་ཁ་ཤས་བཞུགས་ཡར་ཀླུངས་བཀྲ་ཤིས་རྩེ་ཆོས་སྡེར་གསུང་ཆོས་གསན་རིང་ཕོགས་ཡིག་གི་འཛིན་ཕུལ། ཧོར་ཟླ་ལྔ་པའི་ནང་དུ་བཀྲ་ཤིས་ཆོས་སྡེར་ཕེབས་ཉིན་རོལ་ཆ་སེར་སྦྲེང་སོགས་ཕེབས་བསུའི་བཀོད་པ་རྒྱ་ཆེན་པོས་མདུན་བདར་ཏེ་རྡོ་རྗེ་འཆང་བཀའ་འགྱུར་བ་ཆེན་པོ་དང་གདན་འཛོམ་བཀའ་འགྱུར་བཞེང་བའི་ཐུགས་བྲེལ་མ་ཆོད་རིང་གསར་མའི་རྒྱུད་འབུམ་སྒྲུབ་ཐབས་བརྒྱ་རྩ། གཤེད་དམར་སྤྲོས་མེད་ཀྱི་འཁྲིད་སོགས་ཆོས་བཀའ་མང་དུ་གསན་ཞིང་འཁོར་ལོ་སྡོམ་ཆེན་གྱིས་གཙོས་པའི་དབང་ཆོས་དུ་མ་འབུལ་བ་གནང་། སྨིན་དྲུག་ཟླ་བའི་ཚེས་ཉི་ཤུ་ནས་ཀུན་མཁྱེན་ཀླུ་སྒྲུབ་རྗེས། ཚོགས་པར་བཤད་པའི་དྲང་དོན་ཟ་ཟིའི་གཏམ། །རྣམ་པར་སྤངས་(༣༣ན)


GLG009_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་སློབ་བུ་མཆོག་དག་ལ། །གཅེས་པར་གདམས་པ་ངེས་དོན་སྙིང་པོའི་ཆོས། །ཟབ་མོ་སློབ་བཤད་འཁྱོངས་པར་བྱིན་གྱིས་རློབས། །ཞེས་ཚོགས་བཤད་ཚིག་གི་ན་ཡམས་ཙམ་མ་ཡིན་པར་སྣང་གསུམ་གྱི་དུས་སྲིད་འབྱོར་ཀུན་སྐྱུག་ནད་ཅན་ལ་ཟན་བཞིན་བློ་ལྡོག་པ་དང་འཁོར་འདས་དབྱེར་མེད་ཀྱི་སྐབས་ཀུན་རྫོབ་ཆོས་ཀྱི་རང་མཚང་མངོན་སུམ་དུ་རྡེབ་ཅིང་བུམ་དབང་མན་ཆད་ལ་སོ་སོའི་དམིགས་པ་རྡོ་རུས་ཐུག་པར་མ་ཟད་ཚེ་འདིར་གྲུབ་མཐའ་མ་སྙོགས་ན་བར་དོ་སོགས་ལམ་གྱི་ཚོད་འཛིན་རྣམས་ཉམས་འོག་ཏུ་ཆུད་ངེས་པའི་གནད་ཀྱིས་ཚར་ཆེན་གྱི་གསུང་མགུར་ལས། བདག་དབང་པོ་བརྟུལ་ཞིང་བརྩོན་འགྲུས་ཞན། །དོན་གནས་ལུགས་ཚེ་འདིར་མ་ཐོབ་ན། །འཕྲང་སྲིད་པ་བར་དོའི་གནས་སྐབས་སུ། །ལམ་དྲན་པ་རྣམ་གསུམ་གྱི་གདམས་པ་བསྒོམ། །རྗེ་བར་དོ་འཕྲང་སྒྲོལ་གྱི་རྡོ་རིང་པ། །སེམས་རང་བྱུང་རྟོགས་པར་བྱིན་གྱིས་རློབས། །ལམ་དེ་དག་གི་ཉམས་ཚོད་འཛིན་པའི་ཕྱིར། །ཐབས་སྒྱུ་མ་རྨི་ལམ་གྱི་གདམས་ངག་གིས། །དུས་ཉིན་མཚན་གྱི་སྣང་བ་གཅིག་ཏུ་བསྲེས། །སྒོམ་ཁོར་ཡུག་གི་ངང་ལ་ཉམས་སུ་ལེན། །རྗེ་སྒྱུ་མ་ངོ་སྤྲོད་ཀྱི་རྡོ་རིང་པ། །ལམ་རྨི་ལམ་འབྱོངས་པར་བྱིན་གྱིས་རློབས། །ཞེས་ས་སྐྱ་ཚད་ཀྱི་རྣ་བར་མ་གྲགས་པའི་མ་དང་མཁའ་འགྲོའི་ཁ་རླངས་མངར་པོར་འཐུལ་བ་གསུང་ངག་སློབ་བཤད་ཀྱི་ཉམས་འཁྲིད་ཟབ་མོའི་དབུ་བཙུགས། མེ་སྤྲེལ་དབོ་ཟླའི་དཀར་ཕྱོགས་རྒྱལ་བ་གཉིས་པའི་ཚེས་ལ་གེགས་མེད་དུ་ལེགས་པར་གྲུབ་པའི་ཆོས་ཡོན་རྒྱས་པ་དང་བཀའ་འགྱུར་རིན་པོ་ཆེ་བཞེང་བ་གནང་བའི་ལེགས་བྱར་སྔར་ལོ་གསུམ་མ་གནང་སའི་རི་ཕུག་གི་(༣༣བ)


GLG009_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

གཟིམས་ཁང་རྣམ་གྲོལ་ཡང་རྩེ་རྩ་བ་ནས་འབུལ་བ་མཛད་པས་ཐུགས་དགྱེས་པའི་རྩེ་མོར་ཕྱིན། ཁྱབ་བདག་བཀའ་འགྱུར་བས་མཁན་པོ། རྗེ་འདི་ཉིད་ཀྱིས་ལས་སློབ་མཛད་ནས་བརྟུལ་ཞུགས་སྤྱོད་པའི་ཧེ་རུ་ཀཿཀོང་སྨོན་རྫོགས་ཆེན་པ་ནམ་མཁའ་འཇིགས་མེད་ཀྱི་གྲ་སློབ་ཤེལ་བྲག་ཏུ་སྡོད་མཁན་འགའ་ཞིག་རབ་བྱུང་བསྙེན་རྫོགས་སུ་སྒྲུབ་པ་མཛད། ཕོ་བྲང་ཆེན་པོ་སྣེའུ་སྡོང་རྩེར་ལྷ་གཟིགས་ཕག་མོ་གྲུ་པ་མི་ཕམ་བསོད་ནམས་དབང་ཕྱུག་གྲགས་པ་རྣམ་རྒྱལ་དཔལ་བཟང་པོ་མཇལ་བར་ཕེབས་པ་ངེད་ཞ་ལུ་པའི་སྦྱིན་བདག་གི་རྩ་བ་ཡིན་ཞེས་དགྱེས་དགྱེས་དང་བསྙེན་བཀུར་གཟེངས་བསྟོད་གནང་། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་གྱི་བསྟི་གནས་རྩེས་དང་བསམ་གླིང་བདེ་བ་ཆེན་པོའི་གཙུག་ལག་ཁང་མཇལ་བར་ཕེབས། སྐུ་འདྲ་ཚུལ་ཁྲིམས་མ་སོགས་ལ་སྨོན་ལམ་རྡོ་རྗེའི་ཆོས་སྐྱོང་རྣམས་ལ་བཀའ་བསྒོ་གཉེར་གཏད་མཛད། སྒེར་པ་གཞིས་ཀར་ཕེབས་ཞལ་ངོ་རྣམས་ཀྱིས་བསུ་ཕྱག་སོགས་གུས་པས་བཏུད། གྲུབ་ཐོབ་ཆེན་པོའི་སྐུ་བརྙན་གྱིས་གཙོས་ཕྱི་ནང་གི་རྟེན་རྣམས་ཞིབ་མཇལ་གནང་སྐབས་ད་ལྟའི་རྗེ་དྲུང་ངག་དབང་བསྟན་འཛིན་ཕུན་ཚོགས་དགུང་ལོ་བཞི་ཙམ་འགྲོ་བ་དེས་གྲུབ་ཐོབ་ཆེན་པོའི་སྐུ་བརྙན་ཕྱག་ནས་མའི་སྐུ་མདུན་ནས་དཔེ་ཆ་ཤོག་གཅིག་མ་ཞིག་བསྣམས་ནས་གཞན་སུ་ལའང་མ་སྤྲད་པར་ཕུལ་བ་སྒྲ་མི་སྙན་པའི་ཚེ་སྒྲུབ་ཡིན་སྣང་། ཚུར་ལམ་ཕན་བདེའི་འབྱུང་གནས་ཟན་གཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་དབུ་རྩེ་རིགས་གསུམ། གླིང་བཞི་གླིང་ཕྲན་ཇོ་མོ་གླིང་གསུམ་དང་(༣༤ན)


GLG009_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་གནས་མཇལ་མཆོད་འབུལ་རྒྱས་པར་མཛད་ནས་དཔལ་ལྡན་འབྲས་སྤུངས་སུ་ཕེབས་གསུང་གླེང་ཞིབ་མོལ་ངོས་རིམ་གྱིས་གོང་དཀར་ཆོས་སྡེར་ཆིབས་ཁ་བསྐྱོད་པའི་ཉི་མ་གླིང་དུས་འཁོར་དང་ཡོ་ག་རྡོར་དབྱིངས་ཀྱི་དབང་། སྒྲ་མི་སྙན་པའི་ཚེ་སྒྲུབ་ཀྱི་ལུང་། རིན་པོ་ཆེ་ཀུན་བཟང་རྩེ་པར་རྩེ་མོ་རིགས་བསྡུས་ཀྱི་དབང་དང་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་ལུང་། རབ་འབྱམས་ཆོས་རྗེ་རིན་ཆེན་རྒྱ་མཚོའི་ཆོས་སྒོའི་འཕྲིན་ལས་དང་པོར་འབྱེད་བའི་རྟེན་འབྲེལ་དུ་འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་གསན། མཚུངས་མེད་ཉི་མ་གླིང་པའི་གསུང་བཞིན་རྗེ་དཔལ་ལྡན་ཚུལ་ཁྲིམས་ཀུན་བཟང་རྩེ་པ། མདོ་པ་ཆོས་རྗེ། རབ་འབྱམས་ཆོས་རྗེ་སོགས་དབང་ཆ་གཉིས་ལ་དཔལ་མཆོག་རྡོར་སེམས་དང་མི་འཁྲུགས་པ་ལྷ་བཅུ་གསུམ་གྱི་དབང་སྦྱོར་དྲུག་གི་སྔོན་འགྲོ་ཡན་ཕུལ་བའི་དཀྱིལ་འཁོར་ཞ་ལུ་ནས་བྲིས་པ་མཁས་པ་གཉིས་ཀྱིས་བཞེངས་པས་རྗེ་ཉི་མ་གླིང་པའི་གསུང་ལས། ངའི་མ་དགོན་ཞ་ལུ་དེ་བརླག་པ་མེད་པ་འདུག་གསུངས་དགྱེས་སྐད། གྲ་དམངས་ལ་ཡོག་འཁྲིད་སོགས་ལུང་ཁ་ཤས་སྩལ། ཉི་མ་གླིང་པ་དང་དཔོན་སློབ་གཉིས་བརྟན་བཞུགས་འབུལ་རེས་དང་ཕན་ཚུན་ཐུགས་འཕྲེང་བཞིན་པའི་ངང་ནས་བླ་མ་རབ་འབྱམས་པ་དང་དཔོན་ཚང་འཇམ་དབྱངས་གཉིས་ཕྱག་ཕྱིར་འཁྲིད་ཡར་ལམ་དཔལ་འཁོར་ཆོས་སྡེར་རབ་བྱུང་བསྙེན་རྫོགས་ཁ་ཡར་སྒྲུབ་པ་གནང་ནས་རི་ཕུག་ཏུ་རབ་འབྱམས་ཆོས་རྗེར་རྗེ་བཙུན་གོང་མ་གསུམ་གྱི་བཀའ་འབུམ་གྱི་ལུང་གསན། ཕར་ཡང་འགའ་ཞིག་གནང་། དབང་ལྡན་ཆོས་འཁོར་བ་དང་གཞི་(༣༤བ)


GLG009_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

གྲ་མང་ཞིག་ལ་རབ་བྱུང་བསྙེན་རྫོགས་སྩལ། བཀྲ་ཤིས་ལྷུན་པོར་དཔོན་སློབ་པཎ་ཆེན་རིན་པོ་ཆེ་མཇལ་བར་ཕེབས་པའི་ཇ་གྲལ་གྱི་སར་བླ་མ་རབ་འབྱམས་པར་བཀའ་འགྱུར་གྱི་ལུང་ཡོད་ཚུལ་སྙན་འབུལ་མཛད་པར་ཀརྨ་པ་རང་བྱུང་རྡོ་རྗེས་གཡག་སྡེ་པཎ་ཆེན་ལ་དབྱངས་གསལ་གྱི་རྗེས་གནང་བསྐུར་ནས་དེས་ཆོས་ཐམས་ཅད་ཐོབ་པར་འགྲོ་གསུངས་པར་གཞོགས་དྲུང་ནས་ཀར་ལུགས་པ་རྣམས་ཀྱིས་ལུང་མཛད་པ་ཡིན། བཀླགས་ལུང་ཁུངས་མ་དེང་སང་བོད་ན་མེད་ཚུལ་སོགས་བཀའ་ཕེབས་རྒྱས་པར་སྩལ། previous hit བྱམསགླིང next hit་དུ་ཆོས་དབར་བཏེག་ཀུན་མཁྱེན་བུའི་ཉེ་གནས་བསོད་ནམས་གྲུབ་ཀྱིས་མཛད་པའི་གར་ཡིག་སྟེང་ནས་དུས་འཁོར་གྱིས་གར་དཔོན་ཚང་འཇམ་དབྱངས་ཀྱིས་ཕུལ་བ་བཞིན་སྦྱོང་བདར་དཔྱིས་ཕྱིན་པ་གནང་། ལྷོ་བོད་ཀྱི་བདེ་གཟར་ཆེན་པོ་དེ་ལངས་པའི་ས་སྐྱོང་བསོད་ནམས་རབ་བརྟན་དཔུང་ཐོག་ཏུ་རྒྱལ་རྩེར་ཕེབས་པ་མཇལ་བར་བྱོན། རི་ཕུག་གི་དུས་འཁོར་སྒྲུབ་མཆོད་ལ་ས་གར་སྦྱིན་སྲེག་མཆོད་གར་སོགས་ཀྱི་གར་དཔོན་དང་ཆོག་དཔོན་རྗེ་བླ་མ་འདི་ཉིད་ཀྱིས་གནང་། དཀྱིལ་འཁོར་དེའི་སྟེང་སྙེ་མོ་རུའི་བླ་མ་སོགས་ཉེར་ལྔ་ལ་བདག་པོ་ཆེན་པོས་མཐའ་བརྟེན་པའི་དབང་རྫོགས་པར་སྩལ་ལོ། །རྒྱུད་སྡེ་རྣམ་བཞིའི་སྨིན་བྱེད་དབང་གི་སྒོ། །སྒོ་འཕར་བརྒྱ་ཕྲག་ཕྱེ་ཚེ་གདན་གཞུམ་ཀུན། །ཀུན་ནས་ཚང་བའི་མགོན་ཁྱོད་འོག་མིན་ཞིང་། །ཞིང་ཁམས་རྒྱ་མཚོའི་གཙོ་བོར་ད་གདོད་འཁུམས། །སྦས་པའི་རྣལ་འབྱོར་མ་དངོས་གྲུབ་འཛིན་དུ། །གཤེགས་ལ་བལྟོས་པ་མིན་ཀྱང་རྗེས་འཇུག་རྣམས། །ཚོགས་ཆེན་གསོག་ལ་བསྐུལ་འདིས་ཐམས་ཅད་སྒྲོལ། །སྦྱིན་པའི་ཕ་(༣༥ན)


GLG009_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཕྱིན་པ་མིང་དུ་ཟད། །འོད་གསལ་ལམ་ནས་ལྷ་ལྡན་གནྡྷོ་ལ། །མ་སྒྲིབས་ཤར་བ་ཇི་བཞིན་མངོན་སུམ་དུ། །གཟིགས་ཚེ་བླ་ནས་བླར་འཕེལ་དད་པ་ཡིས། །རྒྱལ་ཀུན་བྱིན་རླབས་ཐུགས་ཀྱི་དཔལ་བེར་གཏམས། ཁྲུས་གསོལ་བཅོམ་ལྡན་རིག་བྱེད་ལྷ་མོའི་མཐུས། །སྡིག་ཏོའི་དྲི་མ་འཁྲུད་པའི་རྫིང་བུ་རུ། །གྱེན་འཕྱུང་སྨན་གྱི་ཆུ་བོ་ཨོ་ག་སྟྱས། །གཞན་སྣང་ཟུག་རྔུའི་དུག་ཀུན་དྲུང་ནས་ཕྱུང་། །རང་བྱུང་ཐུགས་རྗེ་ཆེས་སོགས་རི་མཐིལ་གྱི། །གནས་རྟེན་མིག་གི་བདུད་རྩིར་བསྟེན་པའི་ཚེ། །དད་སྤེལ་ལོ་རྒྱུས་ཏམ་བཱུ་ར་ཡི་རྒྱུད། ཁྱབ་བདག་བླ་མའི་རྣམ་དཔྱོད་སོར་མོས་བསྐུལ། །ཐུ་སྟོན་འཇིགས་མེད་དཔའ་བོའི་ཆོས་ཀྱི་སྡེར། །ཐུབ་གཞུང་ལུས་ཀུན་རྫོགས་པའི་གསུང་ངག་ཆོས། །མཁས་གྲུབ་རྡོ་རྗེའི་སློབ་དཔོན་ཉི་གླིང་རྗེ། །སེ་སྟོན་ངུར་སྨྲིག་ཟོལ་གྱིས་འོངས་པ་བཞིན། །ཐུན་མོང་ལམ་གྱི་ཀུནྡ་བཞད་ནུས་པའི། །བསྟན་འཛིན་འབུམ་ཕྲག་ཟླ་བས་འབྱེད་མིན་གནད། །སློབ་བཤད་པད་དཀར་ཟེའུ་འབྲུའི་སྦྲང་རྩིའི་བཅུད། །འཐུང་བའི་སྐལ་བཟང་བུང་བ་ཁྱོད་ཉིད་ཙམ། །འཆི་མེད་གྲུབ་པའི་མགོན་པོ་ལྕགས་ཟམ་པས། །ཚེ་བྱིན་བརླབས་པའི་རྟེན་འབྲེལ་ལྷུན་གྱིས་གྲུབ། །འཇམ་མགོན་གོང་མའི་ལེགས་བཤད་ལྷ་ལམ་གྱི། །མཐའ་འཇལ་གཤོག་རྫོགས་མཁའ་ལྡིང་གཉིས་གཞན་མེད། །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་གཞལ་ཡས་ཁང་། །འགྲོ་ལ་མངོན་སུམ་སྟོན་པའི་ཟླ་བ་བཟང་། །རིན་ཆེན་མཛེས་པའི་དོ་ཤལ་ཉེར་དོར་ནས། །ཕྱག་དར་ཁྲོད་པའི་གོས་ཀྱིས་ཀླུབས་འདི་ཅི། །ས་ཁྱི་གནམ་སའི་དབང་ཕྱུག་བསྟན་(༣༥བ)


GLG009_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ད་ཡན་རྒྱལ་པོའི་ཁྲི་འདོན་ལ་ཕེབས་ཞོར་གོང་དཀར་དུ་ཁྱབ་བདག་ཉི་མ་གླིང་པ་དག་ཞིང་དུ་གཤེགས་ཟིན་འདུག་པའི་གདུང་མཇལ་མཛད། དེ་སྐབས་ཁྲི་འབུལ་བའི་མི་ཚོགས་ཧ་ཅང་ཆེས་པས་ངེད་དང་མཇལ་གླེང་ཞིབ་པར་མ་བྱུང་། ས་སྐྱོང་བསོད་ནམས་རབ་བརྟན་ལ་ཞ་ལུ་མཐིལ་བཅད་དགོན་གྱི་བཀའ་ཁྱབ་དགོས་ཚུལ་ཞུ་གནང་ལྟར་སྡེ་པ་ནོར་བུར་བསླབ་སྟོན་ཕེབས། གཙང་དུ་བྱོན་ནས་རྗེ་ཉི་མ་གླིང་པའི་འདྲ་སྐུ་ལེགས་པ་ཞིག་བཞེངས་པ་དང་ལྷན་དུ་དངུལ་ཐེབས་སུ་སྲང་བཅུ་གསུམ་འབུལ་བ་གནང་དགོས་ཚུལ་ཕེབས་པའི་བོགས་ཞིང་སྦྱར་བར་བརྟེན་ལོ་ལོ་བཞིན་དུས་ཇ་ཆག་མེད་ཚུགས་པའི་ཐུགས་ཁུར་ཆེད་དུ་བཞེས། བཀྲ་ཤིས་ལྷུན་པོར་གཙང་དགོན་སྐོར་གྱི་རྒྱུ་མཚན་འབུལ་བ་མཛད་པའི་བཅའ་ཡིག་བུ་སྟོན་རིན་པོ་ཆེའི་དུས་སོར་བཞག་ལ་ཡུལ་དུས་ཀྱི་དམིགས་བསལ་དགོས་པ་རྣམས་རྗེ་ཉིད་ཀྱིས་དབྲི་སྣོན་མཛད་ནས་དབོན་སློབ་ཞབས་དྲུང་གི་སྤྱན་ལམ་དུ་ཕབ་པས་རིན་པོ་ཆེ་བཀའ་དྲིན་བསྐྱངས་འདི་འདྲ་ཞིག་རང་དགོས་གསུངས་དགྱེས་པའི་གསུང་དང་བཅས་མཇུག་ཏུ་བུ་སྟོན་རིན་པོ་ཆེར་ཧོར་རྒྱལ་པོས་གནང་བའི་ཤེལ་ཐམ་གྱིས་མནན། ཀུན་མཁྱེན་བུ་སྟོན་རིན་པོ་ཆེར་གསོལ་འདེབས་དང་བསྟན་པ་ཡུན་རིང་གནས་པའི་སྨོན་ལམ་གསུང་རྩོམ་གནང་། སྐུ་ཞབས་པ་ཁ་ཅིག་ལ་རིན་པོ་ཆེ་ལྟ་བུ་ཐམས་ཅད་ཀྱིས་བྱས་ན་རང་ལུགས་ཀྱི་བསྟན་པ་ལ་དགའ་མོ་ཡོང་བར་གདའ་སྟེ་གསུངས་སྐད། གཞིས་ཀ་རྩེ་ནས་མི་སྣའི་ཚ་འཇུན་དང་བཅས་འཇོལ་ཉོག་ཏུ་སྤྱོད་པ་རྣམས་ཉིན་གཅིག་ལ་ཕྱི་རོལ་ཏུ་དབྱུང་ནས་ཁྲིམས་ལེགས་པར་བསྡམས་ཏེ་ད་ལྟའི་བར་དུ་གནས་པ་དམ་པ་འདིའི་བཀའ་དྲིན་ནི་ཞ་(༣༦ན)


GLG009_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

ལུ་བ་རྣམས་ཀྱིས་གཞལ་དཀའ། ཁམས་མངའ་རིས་ཀྱིས་གཙོས་པའི་ཕྱོགས་མཐའི་གྲ་རྒྱུན་ཡོང་སྲོལ་མི་འདུག་ཅིང་ཚོང་འདུས་སོགས་ཉེ་སྐོར་རྣམས་ཀྱང་འགགས་པས་གྲ་རྒྱུན་ཤིན་ཏུ་དཀོན་པར་རྗེ་འདི་ཉིད་ཀྱིས་ཕེབས་སྒོ་བྱུང་བ་བཞིན་ཞ་ལུ་མི་སྡེའི་མི་གྲ་ཡངས་པ་དང་དགེ་འཁོར་བུ་གསུམ་བར་མའི་གྲ་ཁྲལ་སྦྱོར་འཇགས་བྱས། གོང་དཀར་ནས་ཀུན་བཟང་རྩེ་པ་དཔལ་ལྡན་ཚུལ་ཁྲིམས་རི་ཕུག་ཏུ་གདན་འདྲེན་གནང་། ས་ཕུར་སྟོད་ལས་སྨད་ལས་ཀྱི་དབང་སོགས་ཆོས་བཀའ་མང་དུ་གསན། ཕར་སྒྲོལ་མ་ལུས་དཀྱིལ་གྱི་དབང་སོགས་ཁ་ཤས་ཕུལ། བླ་མ་ཕྱིར་ཐེགས་ནས་བསྙེན་ཆེན་བར་ཆད་སེལ་བྱེད་དུ་སྒྲོལ་མ་བཅུ་བདུན་མའི་ལྗགས་བསྙེན་གྱི་རྗེས་སུ་དེ་བ་པི་ཙུའི་སྐབས་སྐུ་ཁམས་ཤིན་ཏུ་འདུས་ཆེ་བར་མནལ་ལམ་དུ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ཕེབས་ནས་དེ་བ་པི་ཙུའི་སྔགས་ཕྲེང་ཞལ་ནས་འཁོར་བཞིན་པ་དེ་ཕྱག་གིས་བཟུང་སྟེ་ཁྱོད་ལ་མི་དགོས་ན་བཏོན་གཏོང་གསུང་བ་དང་། ཡང་ནུབ་ཅིག་རྨང་ལམ་དུ་རྣ་བར་བརྒྱུད་ལྡན་གྱི་བླ་མ་དམ་པ་ལ་བཅུད་ལྡན་གྱི་གདམས་ངག་ཞུས་ནས་དབེན་པའི་གནས་སུ་ཉམས་སུ་ལེན་པར་ཁྱེད་གང་ལ་སྡུག་ཟེར་བ་དང་། ནུབ་ཅིག་ཕྱག་གཡོན་པའི་སྐུ་རུས་མ་གཏོགས་ཤ་པགས་བཅད་པ་ལས་སྐུ་མཚལ་མང་པོ་ཟེགས་ཡོང་གི་འདུག་པ་མི་ཞིག་ན་རེ་སྡུག་སྲན་ཆུང་རང་དྲགས་པས་ད་རེས་ཁྲག་གི་ལྷག་མ་མ་ལུས་ན་ཡོང་བ་འདུག་སྟེ་ལྷག་དུམ་པ་ལུས་སོང་ཟེར་བ་བྱུང་བ་ནི་སྔོན་རྣལ་འབྱོར་དབང་ཕྱུག་ཀྱང་གྲུབ་པ་བརྙེས་ཁར་ཁམས་འདུས་ཀྱི་འཕྲེང་བགེགས་ཀྱིས་མནལ་ལམ་དུ་ལྟས་མི་སྡུག་པ་མང་དུ་བྱུང་བ་འཕྲེང་བ་ཆབ་ཁང་(༣༦བ)


GLG009_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བོར་ནས་ཅི་བདེར་བཞུགས་པ་ན་བདག་མེད་མ་བུད་མེད་ཐ་མལ་པའི་ཚུལ་གྱིས་གྲུབ་པ་ཐོབ་ཁར་དམ་ཚིག་ཉམས་སམ་ཞེས་ལུང་བསྟན་པ་བཞིན་སླར་བསྐྱར་ནས་སྒྲུབ་པ་མཛད་པས་བདག་མེད་ལྷ་མོ་བཅོ་ལྔས་རྗེས་སུ་བཟུང་བའི་ལོ་རྒྱུས་དང་ཕྱོགས་མཚུངས་ཤིང་། སྐུ་མཚལ་གྱི་ལྷག་ལུས་པའང་བསྙེན་ཆེན་རྫོགས་པར་གྲུབ་ན་སྔོན་བསགས་ཀྱི་སྡིག་སྒྲིབ་མཐའ་དག་ལྷག་མེད་དུ་བྱང་ངོ་ཞེས་པའི་བརྡ་ཡིན་ནམ་སྙམ། གོང་དཀར་དུ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོར་གནས་ཚུལ་འབུལ་བ་གནང་བར་ཞིབ་པ་སླར་འབུལ་ཚུལ་གྱི་ཞུ་ལན་བྱུང་། འོན་ཀྱང་སྐུ་གེགས་ཀྱི་རྣམ་པས་སྐུ་མཚམས་འཕྲོར་ལུས། ཧོར་ཟླ་བཅུ་པའི་ཚེས་པ་བཅུའི་ཉིན་རྡོ་རྗེ་འཆང་གནས་གསར་བ་ཆེན་པོ་ལངྐའི་རྒྱལ་ཁབ་པདྨ་འོད་ཀྱི་ཞིང་ཁམས་སུ་གཤེགས་པའི་དུས་མནལ་ལམ་བྱུང་ཚུལ་བཀའ་ལས་རི་ཕུག་བྱང་གླིང་དུ་རྗེ་བཀའ་འགྱུར་བ་དགྱེས་མདོག་རྣམ་པོ་བྱས་བདག་གི་རྩར་ཕེབས་ནས་ཕྱག་འཕྲེང་རཀྴ་དེ་འདི་དང་ལ་མི་དགོས་པ་འདུག་ཐུགས་བཅག་མཛོད་ཅིག་གསུངས་ནས་བདག་ལ་གནང་། སྐུ་མདུན་ཚུར་བསྟན་རྒྱབ་འགྲོས་ཀྱིས་སྒོ་ནང་ནས་ཞལ་འཛུམ་པ་མཛད་ནས་ཐེགས་སོང་ཞེས་གསུང་། དེ་ཡང་རྗེ་བཀའ་འགྱུར་བ་གོང་དཀར་དུ་མེ་ཏོག་འཐོར་བའི་ཞུགས་འབུལ་ལ་རྗེ་འདི་ཉིད་ཕེབས་དགོས་ཚུལ་གྱི་ངེད་རང་ནས་ཡི་གེ་ཕུལ། གོང་དུ་སླར་ཞིབ་ཆ་འབུལ་གསུང་བའི་ང་འདི་ལ་དགོངས་པར་སྣང་། དེ་སྐབས་གད་སྒོ་ཞང་ཚན་དང་བཀྲས་སྒང་ནས་སོགས་ལག་སྤྲེལ་གྱི་བདེ་གཟར་ལངས་པའི་སྐབས་ཡིན་རུང་པ་རྣམ་མན་ལ་སྐྱ་ལངས་མེད་གཤིས་ཁྱབ་བདག་ཞ་ལུ་པ་ཆེན་པོ་ཤར་རྒྱག་ཆོས་སྡེར་ཕེབས། བླ་མ་རྡོ་རྗེ་འཆང་གི་(༣༧ན)


GLG009_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གདུང་རིན་པོ་ཆེ་འཇམ་དཔལ་དབྱངས་དམར་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་གཙོ་བོར་བཞེངས་པ་ལ་སྲེག་རྫས་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་རྒྱ་ཆེར་སྤྲོ་བར་མཛད་པའི་ཚེ་ཞུགས་རྩོལ་པ་ལ་མ་བལྟོས་པར་རང་འབར་ལྟ་བུ་དང་དེའི་སང་ཉིན་མེ་ཏོག་གི་ཆར་འདྲ་བ་ཉི་མའི་འོག་ནས་འོད་སྐྱ་སིམ་སིམ་གདུང་ཁང་ལ་ཉེ་བར་མང་དུ་བབས་པའི་ངོ་མཚར་ཅན་བྱུང་། ཐུགས་བྲལ་ཆོད་ནས་རྗེ་བླ་མ་པོ་ཏ་ལར་ཕེབས། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་བཤད་པ་བཞིན་ངེད་རང་ཡང་འཇིག་རྟེན་ཁུར་ལེན་དང་ཁྱད་པར་བདེ་གཟར་གྱི་གཡེང་བས་བདག་ཆེན་སྔགས་འཆང་ཆེན་པོ་དང་འབྲུག་པ་པདྨ་དཀར་པོ་གཉིས་ལ་འགྲན་བཟོད་པའི་བན་ལིང་གིས་བློ་ཁ་རྫོགས་པའི་ཞིབ་ཆ་ཞུ་མ་ཐུབ་རུང་ད་ལྟའི་བཞུགས་གནས་གྲང་ཁང་ཆོས་འཁོར་ཤར་ཆེན་དང་ཁང་རྙིང་པའི་མཆོད་གཞིས་བཀྲ་ཤིས་ལྷུན་པོའི་གཟིམས་དཔོན་སོག་པོ་བློ་བཟང་ཆོས་འཕེལ་གྱིས་ཕྲོགས་པ་ལྕགས་ཡོས་ས་སྐྱོང་བསོད་ནམས་རབ་བརྟན་གྱི་དགོངས་ཁྲེལ་ལ་བརྟེན་ཚང་མ་ཤོར་བའི་གཞུང་ཁོངས་སུ་ཡོད་པ་དགོངས་བཞེད་ལྟས་ཕྱིར་འབུལ་ཞུས་པ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོའི་དགོངས་རྫོགས་ལ་དམིགས་ནས་གསང་འདུས་སྒྲུབ་མཆོད་ཉིན་བཞི་སྤར་བ་གནང་། ལྕགས་ཁྱིའི་སྟོན་ས་སྐྱོང་འཕྲིན་ལས་རྒྱ་མཚོའི་ཁྲི་འབུལ་ལ་ཕེབས། དེ་སྐབས་རྗེ་འདི་ཉིད་དང་ལྷན་དུ་ངོར་མཁན་ཆེན་དཔལ་གླིང་པ་གྲ་ཐང་མཁན་པོ་སངས་རྒྱས་དཔལ་བཟང་སོགས་ཁ་ཤས་ལ་ཆག་ལུགས་ཚེ་དཔག་མེད་ཀྱི་རྗེས་གནང་། གྲུབ་རྒྱལ་དང་རྟ་མགྲིན་གསང་སྒྲུབ་ཀྱི་བྱིན་རླབས། ཐིག་ལེ་བཅུ་དྲུག་གི་དབང་། བཀའ་གདམས་(༣༧བ)


GLG009_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་ཆོས་བུ་ཆོས། སྤྱོད་འཇུག་གི་ལུང་དང་ངོར་མཁན་པོ་བྱོན་རྗེས་སླར་དཔོན་སློབ་རྣམས་ལ་དམར་ཆུང་སྐོར་གསུམ་དང་བེག་ཙེའི་རྗེས་གནང་རྣམས་ཕུལ། ཐིག་ལེ་བཅུ་དྲུག་གི་ཉིན་འཇའ་སྤྲིན་བྱུང་ཕེབས་པ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་རྣམ་ཐར་བཞིན་ཆོས་ཀྱི་ཆེ་བར་མངོན། ཞ་ལུར་མཆོད་གཞིས་དགོས་ཚུལ་མཛད་པ་བཞིན་པ་རྣམ་ལ་ཕྱི་གཞིས་ཀའི་མི་གྲ་ཡོང་འབབ་རྣམས་སྦྱོར་འཇགས་ཞུས་པས་དུས་མཆོད་ཆེན་མོའི་ཉི་མ་བཞི་འཕར་བ་དང་། ཞིང་ཡན་འབུལ་མཁན་རྣམས་དང་བཅས་དེང་སང་དཔལ་མཆོག་དང་རྩེ་མོ་གཉིས་ཞག་བཅུ་གཉིས་ཀྱི་བར་ཚུགས་པའི་ཆོ་ག་ཡོངས་རྫོགས་རེ་འགྲོ་གི་ཡོད་པར་སྣང་། གསོལ་ཕོགས་ཕུལ་ནས་དགའ་ལྡན་ཁང་གསར་གྱི་ལྕོག་ཏུ་ཁྱབ་བདག་ཞ་ལུ་པ་ཉིད་ཀྱིས་ཟླ་གཅིག་བར་རྟ་མགྲིན་ཞབས་བརྒྱད་པའི་ལྗགས་བསྙེན་གནང་། དེ་གྲུབ་ནས་པོ་ཏ་ལར་རྒྱང་ཙམ་བཞུགས། ངེད་ཀྱིས་ཁྱབ་བདག་བཀའ་འགྱུར་བ་ཆེན་པོས་ཐུགས་རྩོམ་མཛད་པའི་རྣམ་སྲས་ལྔ་ཕྲག་ལྔའི་རྗེས་གནང་གི་ཡིག་ཆའི་ལུང་ཞུས་པ་ཆོས་འབྲེལ་གྱི་ཐོག་མ་ཡིན། དེ་སྔ་ཞིག་མནལ་ལམ་བཟུང་ནས་ངེད་ལ་དུས་འཁོར་གྱི་དབང་གནང་རྒྱུའི་ལུགས་ཀྱིས་འཕུར་ནས་པོ་ཏ་ལར་ཕེབས་པའི་གཟིམས་ཆུང་དེ་ད་ལྟའི་འདི་ག་སྒྲ་ཇི་བཞིན་པར་འདུག་གསུང་། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་དང་ཉམས་འཁྲིད་ཡང་བསྐྱར་ཞལ་གྱི་སྤུ་གྲི་སོ་བསྡེབས་ཀྱི་འཁྲིད། རིགས་འཛིན་ཆེན་པོའི་དག་སྣང་རླུང་སྦྱོར་ཚེ་སྒྲུབ། གཤེད་དམར་བསྐྱེད་རིམ་སོགས་འཇམ་དབྱངས་མཁྱེན་བརྩེའི་གསུང་པོད་ལོངས་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་གསུང་འབུམ་ཐོར་བུ། དབྱངས་ཅན་དཀར་མོའི་རྗེས་གནང་ཁྱད་པར་ཅན་(༣༨ན)


GLG009_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྒྲུབ་སྐོར། རྩེ་མོའི་ཁ་འབར་མ་སོགས་བླ་མ་སྣ་ཚོགས་ཀྱིས་མཛད་པའི་སྒྲུབ་སྐོར་རྗེས་གནང་གི་ཡི་གེ །ཉི་མ་མདུང་གང་མའི་སྒོམ་ལུང་སོགས་དང་རྗེ་ཉིད་ཀྱི་ཐུགས་རྩོམ་པོད་ལོངས་ཙམ་ཡོད་ཚོད་ནས་རབ་གནས་ཕུན་ཚོགས་དཔལ་འབར་གྱིས་གཙོས་ཟབ་ཆོས་མང་དུ་ཞུས། ཁྱབ་བདག་གནས་གསར་བ་ཆེན་པོ་དག་ཞིང་དུ་གཤེགས་རྗེས་ཚར་ཆེན་རྡོ་རྗེ་འཆང་གི་རིང་ལུགས་འཛིན་པར་རྗེ་འདི་ཉིད་ལས་ལྷག་པ་ཞིག་མི་འདུག་པ་དང་ས་ཞལ་གྱི་རབ་འབྱམས་རྒྱུད་སྡེ་ཀུན་ལ་མཁྱེན་རབ་ཟླ་བྲལ་བར་དབང་རྣོན་ཆོས་རྗེས་འབྲང་བའི་དད་པ་ལྷག་པར་ཐོབ། ཆོས་ལྡན་གྱི་བྱ་བ་རྒྱ་ཆེ་བ་རེ་མཛད་རེས་ཀྱི་སྨོན་ལམ་ལོག་པའི་འཚུབ་ལྟོངས་རེ་ཡོང་གི་ཡོད་འདུག་པས་བརྟག་ཐབས་བཞིན་དཔལ་འབྲི་གུང་ཟུར་པ་རིན་པོ་ཆེ་གནམ་ལྕགས་མེ་འབར་གྱི་གཏེར་གསར་ཧཱུྃ་སྒྲུབ་རྡོ་རྗེ་གྲོ་ལོད་ཀྱི་དབང་ལུང་ཕུལ། གོང་དཀར་ཆོས་སྡེར་ཨཥྚའི་བསྙེན་ཆེན་གྱི་རིང་རྩེ་ནས་གསོལ་ཕོགས་ཀྱི་འཛིན་དང་བཅས་ཕྱིར་ཕེབས་སྐབས་ཞལ་གནད་དབབ་མགོན་པོའི་རྗེས་གནང་དེ་ཆད་པར་ཉེ་འདུག་པ་ཁྱབ་བདག་ཞ་ལུ་པར་འབུལ་དགོས་པའི་མཚམས་སྦྱོར་གྱི་ཡི་གེ་བསྣམས་ནས་ལྕགས་ཟམ་དུ་ཕེབས་པ་དཔོན་སློབ་ཐུགས་ནང་གཙང་ཞིང་དགྱེས་པའི་སྒོ་ནས་རྟ་མགྲིན་ཞབས་བརྒྱད་པའི་བྱིན་རླབས་དང་ལུང་གནང་དབབ་མགོན་པོའི་རྗེས་གནང་བྱུང་ཞིང་རྗེས་སུའང་དབང་ཆོས་མང་དུ་གསན། བཀའ་ལས། བདག་གིས་ཚེ་འདི་ལ་མཇལ་ཁ་དུས་ལ་མ་ཐོས་ན་ཕྱི་མ་མྱུར་དུ་མཇལ་བ་དགོས་ཞུས་པས་དེ་ག་བྱེད་ཕེབས་བྱུང་བ་སྤྲུལ་པའི་སྐུ་འདི་དང་མྱུར་དུ་མཇལ་བ་ལ་དགོངས་པ་ཡིན་པ་འདྲ་ལ། གསུང་(༣༨བ)


GLG009_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ད་ཆ་མཚམས་ཇི་ལྟར་དམ་ཡང་སྒེར་པའི་ཞལ་ངོ་རྣམས་དང་རིན་པོ་ཆེ་རང་ནམ་ཡིན་ལ་མཚམས་འོག་ཏུ་ཕེབས་ཆོག་གནང་བ་སོགས་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས། དངུལ་གདུང་བཞེངས་དུས་སྐུ་རྒྱུར་ཕན་པའི་སྲང་བཅུ་གཅིག་ཕུལ་ཞེས་གསུང་། གོང་དཀར་སྣེའུ་ཁང་གསར་དུ་བཞུགས་སྐབས་མནལ་ལམ་དུ་རྗེ་ཉིད་ལྕགས་ཟམ་གྱི་ཀཀྞི་ངོས་ནས་ཞལ་ཤར་དུ་གཟིགས་ནས་ཕེབས་པ་དང་ཤར་ནས་འཕྲེང་དེ་ལ་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་མི་ལྤགས་ཀྱི་ན་བཟའ་གྱོན་པ་ཞིག་བྱོན། ཁྲུག་རྩོད་བཞུགས་ནས་གཡང་གཞི་དེ་ཐེངས་གསུམ་བརྡབས་སོང་བར་རྗེ་བླ་མས་དྲི་བ་ཞུས་པ་ན་ལྕགས་ཟམ་པ་དང་ཁོང་ལ་སྡང་བའི་དགྲ་ཞིག་བསྒྲལ་བ་ཡིན་གསུང་། ད་ཅི་དྲག་ཞུས་པས་ངན་སོང་སྡུག་བསྔལ་མ་མྱོང་སོགས་སྨོན་ལམ་ཐོབ་གཞན་བྱེད་རྒྱུ་ཅི་ཡོད་གསུང་། དེ་ནས་མི་ཞིག་གིས་ཁྱེད་ཀྱིས་ལྕགས་ཟམ་ལ་རབ་གནས་གྱིས་ཟེར། གཅིག་ན་རེ་ལྕགས་ལ་འགྲོ་མི་ནུས་ཟེར་བ་ལ་ང་ལྕགས་ཟམ་པའི་བུ་ཆེན་ལྕགས་ལ་འགྲོ་མི་ནུས་པ་ཨེ་ཡིན་གསུངས་ལྕགས་ཟམ་གྱི་སྟེང་གི་ནམ་མཁའ་ལ་འཕུར་ནས་ལྕགས་ཟམ་དང་དགོན་པ་ལ་རབ་གནས་གནང་བ་བྱུང་བར་གདའ། ལྕགས་གླང་ཟླ་བ་དང་པོ་ནས་བཟུང་གོང་དཀར་རྡོ་རྗེ་གདན་དུ་ཐོག་མར་གེགས་སེལ་ལ་ཧཱུྃ་སྒྲུབ་ཅིག་གནང་རྗེས་ཨཥྚའི་བསྙེན་ཆེན་བཅུ་ཆའི་སྦྱིན་སྲེག་དང་བཅས་པ་ཧོར་ཟླ་བཅུ་གཅིག་པ་ཚུན་ལ་གེགས་མེད་དུ་ལེགས་པར་གྲུབ་པ་ནི་སྙན་བརྒྱུད་མ་བཞི་ལྡན་གྱི་བསྟན་པའི་རྩ་བ་ཚུགས་པ་ལྟ་བུར་སོང་། དཔོན་སློབ་པཎ་ཆེན་རིན་པོ་ཆེ་སྐུ་ན་མཐོན་པོར་ཕེབས་པའི་ཕྱོགས་འབྱོན་མ་ཐུབ་གཤིས་ཀུན་སྤངས་གནང་(༣༩ན)


GLG009_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དགོངས་པ་བསྟད། མཁན་པོ་འོས་མི་འོས་སྣ་ཚོགས་པའི་ཁྲོད་ནས་འདྲེ་དང་གླུད་ཀྱི་དཔེ་བཞིན་ཆོས་རྗེ་ཐམས་ཅད་མཁྱེན་པའི་བསྟན་པར་ཁ་ཕྱོགས་མ་ལོག་པ་ཞིག་གལ་ཆེ་གཤིས་རྗེ་ཉིད་སྐུ་མཚམས་ལ་བཞུགས་ཐོག་ས་སྐྱོང་འཕྲིན་ལས་རྒྱ་མཚོས་ཕྱག་ཐམ་མཛད་པ་བཞིན་འདི་ནས་ཀྱང་ད་ལམ་སྐུ་མཚམས་ཀྱི་ཐོག་སྙན་གསན་བྱུང་བ་རྒྱལ་བ་གཉིས་པ་བུ་སྟོན་རིན་པོ་ཆེའི་བཞུགས་ཁྲི་ཆོས་ཕྱོགས་སུ་མ་ཟད་འཇིག་རྟེན་ཕྱོགས་ནས་ཀྱང་ཤར་རྒྱལ་པོས་ཤེལ་ཐམ་གནང་བ་སོགས་འགངས་ཆེ་བས་དངོས་གྲུབ་ཀྱི་སྒོ་བྱེ་བ་ལྟ་བུར་འདུག་པས་ཞལ་ལེན་གནང་བ་འགབ་ཚུལ་ཞུས་ཧོར་ཟླ་བཅུ་གཅིག་པའི་ནང་དུ་ཁྱབ་བདག་ཞ་ལུ་པ་ཆེན་པོ་པོ་ཏ་ལར་ཕེབས་རྡོར་དབྱིངས་ཀྱི་དབང་། ལམ་འབྲས་པོད་ནག །ཛམ་དམར་སྲོག་སྒྲུབ་ཀྱི་རྗེས་གནང་མན་ངག་སྐོར། སྐྱེར་སྒང་པའི་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ། བ་རི་ལུགས་ཀྱི་རྣམ་འཇོམས། སེང་གེ་སྒྲའི་རྗེས་གནང་དང་ངག་བསྲུང་འགྲོལ། དུར་ཁྲོད་བདག་པོའི་ལས་ཚོགས་ཀྱི་ལུང་སོགས་ཞུས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི་འདུལ་བའི་བསླབ་བྱའི་ལུང་ཕུལ། ཕེབས་རྫོང་དང་བསྐོ་འཇའི་ཚན་གྲངས་ཚོགས་ཆེན་ལ་འབྲུ་འགྱེད། གཞི་རྩེར་སྡེ་པའི་ཕྱག་ཐམ་དང་བཅས་ཆིབས་ཁ་གཙང་དུ་བསྐྱོད། །ཆུ་བོ་སྟག་གི་ལོ་ཆོ་འཕྲུལ་མཆོད་པའི་དུས་ཆེན་ཚེས་དྲུག་གི་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཚེ་གངས་ཅན་གྱི་ལྗོངས་འདིར་གནས་ལྔ་རིག་པ་སྨྲ་བ་ལ་ཟླ་མེད་པའི་པཎྜི་ཏ་ཆེན་པོ་བུ་སྟོན་རིན་ཅེན་གྲུབ་ཅེས་མ་བྱོན་སངས་རྒྱས་གསུམ་པ་རབ་གསལ་གྱི་རྣམ་པར་སྤྲུལ་པའི་གདན་ས་དཔལ་(༣༩བ)


GLG009_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

ཞ་ལུ་གསེར་བཀང་དང་རི་ཕུག་གི་ཆོས་ཀྱི་ཁྲིར་ཞབས་ཟུང་གི་པདྨ་རྣམ་པར་བཀོད་པར་གཞིས་ཀ་རྩེ་ནས་ཞིང་མོ་ཆེ་བ་མི་སྣར་མངགས་པའི་གཞུང་གི་ཚན་གྲངས་དང་གྲ་རིགས་སྦྱིན་བདག་སོགས་ཀྱི་ལེགས་འབུལ་བཅས་ཕུན་སུམ་ཚོགས་པའི་བཀྲ་ཤིས་དང་དགའ་སྟོན་རྒྱ་ཆེར་སྤེལ་ཏེ་ཆོས་རྗེ་ཐམས་ཅད་མཁྱེན་པའི་རིང་ལུགས་དྲི་མ་མེད་པའི་མེ་རོ་སླར་ཡང་གསོ་བའི་སྒོ་འཕར་ཕྱེ། ཞིང་མོ་ཆེ་བས་ཕྱི་ནང་གི་རྩིས་སྤྲོད་ཞིབ་པར་ཕུལ། བུ་སྟོན་རིན་པོ་ཆེའི་ཞལ་གདམས་དབུ་སྔས་འགོར་བཞག་ནས་ཡང་ཡང་གཟིགས་ཏེ་དབྱར་དགུན་གྱི་དུས་ཆོས། གར་ཐིག་དབྱངས་སོགས་གཙོ་བོར་གྱུར་པའི་སྒྲུབ་མཆོད། དབང་བྱིན་རླབས། རྗེས་གནང་། ལུང་ཉམས་འཁྲིད་སོགས་ཀུན་མཁྱེན་མཁྱེན་བརྩེའི་ཞབས་གཤེགས་པ་ནས་བཟུང་མིང་གི་ལྷག་མར་གྱུར་པ་རི་མོ་རྙིང་པ་གབ་པ་སླར་ཡང་གསལ་བའི་ཚུལ་དུ་བསྟན་པའི་བྱི་དོར་མཛད། ཚོགས་བྱི་རྫིང་མཁན་པོ་སངས་རྒྱས་དཔལ་བཟང་གིས་འབད་པ་ཆེན་པོས་གསོལ་བ་བཏབ་པ་ལྟར་མཁན་པོའི་ཞར་བྱུང་དུ་དབོན་མཁྱེན་རབ་རྣམ་རྒྱལ་སོགས་དོན་གཉེར་ཅན་དུ་མ་ལ་གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱི་ཉམས་འཁྲིད་རྒྱས་པར་སྩལ། ཟབ་ཆོས་འདི་ཉིད་གཉན་དྲགས་པའི་ཚུབ་ལྷོངས་ཀྱི་རྣམ་པས་ཀུན་སློང་སྐྱོན་ཅན་གྱིས་ཐུགས་སུན་དབྱུང་བ་འདྲ་བྱུང་བའང་རིང་པོར་མི་ཐོགས་པར་ཟླ་བ་གཟའ་ལས་གྲོལ་བ་བཞིན་འཇམ་ཆགས་སུ་གྱུར། མཁན་པོར་སྒེར་དུ་རྡོ་རྗེ་བྲག་རྫོང་མའི་ཉམས་འཁྲིད། སྙན་བརྒྱུད་པོ་ཏི་དང་ཁ་སྐོང་པོ་ཏི་ཕལ་ཆེར་གྱི་ལྗགས་ལུང་། རྡོར་དབྱིངས་ཀྱི་དབང་། སམྦུ་ཊའི་ཊཱིཀ་ཆེན་སོགས་ཆོས་བཀའ་མང་དུ་སྩལ། དབུས་སུ་ཕེབས་པའི་ཉེ་(༤༠ན)


GLG009_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་ལ་རྡོར་ལེགས་རྫོངས་བདའ་མཛད་ནས་གྲུབ་པའི་འཁོར་ལོས་སྒྱུར་བ་བིརཱུ་བའི་བཞེད་གཞུང་འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་གཙོ་བོ་ལ་བཞི་འབུམ་དང་འཁོར་ལ་བཞི་ཁྲིའི་ལྗགས་བསྙེན་ཤིན་ཏུ་དམ་པ་གནང་།ཆུ་ཡོས་ཧོར་ཟླ་དགུ་པའི་ཚེས་འགོར་པོ་ཏ་ལར་ཕེབས་རྭ་ལུགས་ཀྱི་དམར་པོ་མདའ་གཞུ་འགོང་བའི་དུག་དབང་དང་། གུར་ལས་བྱུང་ཕྱག་རྡོར་འབྱུང་འདུལ། སྙེ་མདོ་སྔགས་འཆང་ཤཱཀྱ་དཔལ་བའི་དག་སྣང་གི་མེ་དབང་། གཙུག་ཏོར་འབར་མ་སོགས་ཆོས་བཀའ་འགའ་ཞིག་ཞུས་ཤིང་འཇིགས་བྱེད་ཀྱི་སྔགས་བཏུའི་རྗེས་གནང་དང་ཚེ་དབང་འཆི་མེད་དཔལ་སྟེར་ཕུལ། མ་ཧེ་མཆོད་པའི་བཀའ་བསྒོ་གནང་རྩིས་འདུག་པ་འཇམ་དཔལ་རྡོ་རྗེ་དངོས་དང་དབྱེར་མ་མཆིས་པའི་འཁོར་ལོའི་མགོན་པོས་མཛད་ཐུབ་པ་གཞིར་བཅས་ཀྱང་དམ་ཚིག་མི་གཙང་བའི་ས་ནས་མང་ཇ་སོགས་ཟབ་འབྲེལ་བྱུང་ན་འཚུབ་ལྷོངས་མི་ཡོང་བའི་ངེས་པ་མེད་ཅིང་། དེ་རིགས་ལ་འཛེམ་ཆའང་གནང་དཀའ་བ་ནས་ད་ལམ་རེས་མ་གནང་བ་འགབ་ཚུལ་ནན་ཏར་གསོལ། ཞ་ལུར་ཕེབས་ནས་མ་ཧེ་མཆོད་པ་མ་གྲུབ་བར་འཇིགས་མཛད་རྡོ་རྗེའི་སྒྲུབ་མཆོད་དང་འབྲེལ་བའི་ལྗགས་བསྙེན། ལས་གཤིན་ལ་བསྐང་བ་འཕྲིན་བཅོལ། དྲུག་ཅུ་པ་སོགས་སྐུ་མཚམས་ཁོག་ནས་སྟར་ཆགས་སུ་གནང་། ཤིང་འབྲུག་ལོ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཕེབས་ཉིན་ག་ར་གཞུང་དུ་ལས་སྣེ་དྲག་པ་ལྔ་ཆིབས་བསུར་བྱུང་། བཞི་ཐོག་ཏུ་ཕེབས་སྐབས་དྲུང་འཁོར་སྐྱ་སེར་རྣམས་ཀྱིས་བླ་བྲང་མདོར་ཕེབས་བསུར་འོངས་ནས་མཇལ་དར་དང་། གཟིམས་ཆུང་འགག་ཏུ་ཕྱག་མཛོད་པས་མཇལ་(༤༠བ)


GLG009_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

དར་དང་ཕྱག་ཕུལ། བདག་ཆེན་རིན་པོ་ཆེ་ཡབ་སྲས་གཉིས་ཀྱིས་བཞུགས་ཁྲིའི་སྟེང་ནས་དབུ་ཞྭ་ཕུད་དེ་བཞེང་བ་དང་མཇལ་དར་བཞུགས་གདན་བཟོས་སྒོ་སོགས་བདག་ཉིད་ཆེན་པོ་བཟང་པོ་དཔལ་བའི་དུས་ཞ་ལུ་མཁན་པོར་གང་གནང་གའུ་ལེའི་ནང་བཞིན་གཟེངས་བསྟོད། ཞབས་དྲུང་ཆེན་མོར་བདེ་མཆོག་ནག་པོ་པའི་དབང་། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་དང་ཉམས་འཁྲིད། རྣམ་སྲས་ཀྱི་བེའུ་བུམ་པོ་ཏི་གཉིས། བསམ་གཏན་གླིང་པའི་ཨ་ཏི་སོགས་གསུང་ཆོས་རྒྱ་ཆེར་གསན་ཞིང་ལུགས་གཉིས་ནས་བདག་རྐྱེན་ཕུལ་དུ་བྱུང་བས་དཔོན་སློབ་ཐུགས་ཡིད་གཅིག་འདྲེས་ལྟ་བུར་གྱུར། སློབ་བཤད་ཀྱི་བསྟན་འཛིན་ཆེན་པོ་ཡངས་ཅན་མཁན་པོ་གཟིམས་ཤག་པ་ངག་དབང་རྣམ་རྒྱལ་ལ་ནི་གུ་ཡོངས་རྫོགས་གསན་རྩིས་གཟིམས་ཤག་ཆོས་རྗེའི་སྐུ་ཁམས་ཀྱིས་མ་ལྕོགས་པར་བརྒྱུད་པ་རིན་ཆེན་སྣ་བདུན་གྱི་རྣམ་ཐར་སོགས་ཐོར་བུ་དང་འཇམ་མགོན་ས་སྐྱ་པའི་ལྕམ་སྲིང་ཞབས་དྲུང་རྗེ་བཙུན་དྲུང་ལའང་ལྗགས་ལུང་གི་རིགས་གསན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རབ་ཏུ་གནས་པའི་བསེ་མགོན་ཡེ་ཤེས་སེམས་དཔའ་དངོས་སུ་བཞུགས་པས་གཙོས་མགོན་ཁང་དང་མཆོད་ཁང་རྣམ་གྲངས་ཆེས་མང་བ། དམ་ཅན་སྲུང་མ་སྤྲིན་བཞིན་དུ་འདུ་བའི་ཞིང་སྐྱོང་དབང་པོའི་ཕོ་བྲང་ཚར་ལུགས་ཞེས་གྲུབ་མཐའ་འབུར་དུ་དོད་པའི་རྡོ་རྗེ་གདན་ཁའུ་སྐྱེས་ལྷས། མཁས་གྲུབ་མང་པོས་གྲུབ་མཐའ་སྙོགས་པའི་དབེན་གནས་བྱ་འགྱུར་སོགས་ཀྱི་རྟེན་བརྟེན་པ་རྣམས་ཞིབ་མཇལ་མཛད་ནས་བསྟན་འགྲོའི་ཕན་བདེ་རྒྱས་པའི་སྨོན་ལམ་རླབས་ཆེན་དང་། རྡོ་རྗེ་ཆོས་སྐྱོང་རྣམས་ལ་བཀའ་བསྒོ་གཉེར་དུ་གཏང་། བྱ་འགྱུར་(༤༡ན)


GLG009_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བྲག་ལོགས་ཤིག་ཏུ་རྣལ་འབྱོར་དབང་ཕྱུག་བིརྭ་བ་པ་གཟིགས་པ་སྤྱན་འཁྲུལ་ལམ་དགོངས་ཏེ་ཞབས་འབྲིང་བ་རྣམས་ལ་ཁྱོད་ཚོས་མཐོང་ངམ་གསུངས་པ་ལ་གང་ཡང་མི་འདུག་ཞུས་སྐད། དེ་ནི་ལམ་འབྲས་བུ་དང་བཅས་པའི་གདམས་པ་ཡོངས་སུ་རྫོགས་པ་པདྨའི་སྐུད་པ་ལྟར་ཕྲ་བ་རྡོ་རྗེའི་རང་བཞིན་དུ་མཛད་དེ་བསྟན་པ་ཉིན་མོ་ལྟར་གསལ་བའི་རྟེན་འབྲེལ་དུ་མངོན། །ཞ་ལུར་ཕེབས་ནས་དངུལ་དང་གོས་དར་སོགས་ཀྱི་ཚོང་བསྒྱུར་ལ་བརྟེན་འདུ་ཁང་ཆེན་མོར་གསེར་ཤོག་ཤིན་ཏུ་ཕྱུག་པའི་ཤིང་རྩི་ལེགས་པར་བསྐྲུན་ཏེ་རབ་གནས་རྒྱས་པར་མཛད་དོ། །མང་བཀུར་རྒྱལ་པོར་གསོལ་བའི་དགའ་སྟོན་ཞར། །མི་དབང་བཀའ་རྟགས་ལུང་གི་ལྕིད་ཆེན་པོས། །གསེར་བཀང་དྭངས་མཚོར་ཁྲིམས་ལྡན་ངུར་པའི་ཁྱུ། །ཐོས་བསམ་སྐད་སྙན་ཁྲོལ་བའི་ཆོ་ག་བསྟར། །རྡོར་འཛིན་དྲིལ་ཅན་བླ་མ་རྣམ་གཉིས་ཀྱི། །ཐུགས་དགོངས་ཆོས་དབྱིངས་ཀློང་དུ་ཉེར་རྫོགས་པར། །གཅིག་ཏུ་བརྩོན་འདི་བཤེས་གཉེན་བསྟེན་ཚུལ་ལ། །རྟག་ཏུ་ངུ་ཡི་རྣམ་པར་ཐར་བ་བཞིན། །གསར་པའི་ལེགས་བཤད་དངོས་གྲུབ་འདོད་འཇོའི་གཏེར། །ནཱ་རོ་ཏ་པའི་སྙན་བརྒྱུད་གསང་ལམ་མཆོག །མགོན་ཁྱོད་ཞལ་ལུང་རོ་བདའ་བདུད་རྩིའི་བཅུད། །ངོམས་མེད་འཐུང་བའི་ཐོག་མའི་སྐལ་བཟང་རྙེད། ཁམས་འདུས་འཕྲང་གི་དབང་དུ་མ་གཏོང་ཞེས། ཁྱབ་བདག་བླ་མས་མནལ་ལམ་ལུང་བསྟན་མཐུས། །དགྱེས་མཛད་རྡོ་རྗེ་ལོངས་བསྙེན་གྲུབ་མཚན་གྱིས། །ས་དྲུག་མངོན་གྱུར་དཔལ་ལྡན་ཆོས་སྐྱོང་བཞིན། །བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་ཐང་སྟོང་བས། །ལོག་འདྲེན་ཕྱེ་མར་འཐག་པའི་སྟང་སྟབས་མཛད། །(༤༡བ)


GLG009_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་འདབ་ཆགས་ལྟར་འཕུར་སྤྲུལ་བསྒྱུར་གྱི། །འོད་གསལ་གཅིག་གིས་ཁོར་ཡུག་འབྱམས་སུ་ཀླས། །ཀུན་མཁྱེན་བུ་སྟོན་ཞབས་དེའི་སེང་གེའི་ཁྲིར། །མགོན་ཁྱོད་རྒྱལ་ཚབ་དམ་པར་དབང་བསྐུར་བས། །ཆེར་སྙིགས་བསྟན་པའི་མེ་ཏོག་ལྡུམ་ར་ལ། །རྣམ་གསུམ་འཁོར་ལོའི་ཆུ་བོ་འདྲེན་པར་བསྐུལ། །འཁོན་རིགས་འཇམ་དཔལ་དཔའ་བོས་རྗེས་སུ་བཟུང་། །རྣལ་འབྱོར་དབང་ཕྱུག་དགྱེས་ཞལ་མངོན་སུམ་བསྟན། །རྡོ་རྗེའི་ཆོས་སྲུང་རྣམས་ཀྱིས་འཕྲིན་ལས་ཀུན། །འབད་མེད་སྒྲུབ་པའི་རྟེན་འབྱུང་ལྷུག་པར་འགྲིག །ཀུན་དགའ་ར་བའི་ཁོ་ར་ཁོར་ཡུག་རྣམས། །གསེར་གྱི་བ་གམ་ལྟ་བུའི་འོད་ཟེར་འཕྲོ། །དམ་ཚིག་ཡེ་ཤེས་གཉིས་མེད་རབ་གནས་པའི། །དགའ་སྟོན་དཔྱིད་ཀྱི་ཕོ་ཉའི་གླུ་བཞིན་སྙན། །ཤིང་སྦྲུལ་གྱི་སྟོན་རྗེ་ཉིད་པོ་ཏ་ལར་ཕེབས་ཧོར་ཟླ་བཅུ་པའི་ཚེས་དྲུག་ནས་ཞག་ཤས་ཀྱི་བར་ཀླུ་སྒྲུབ་རྗེས་མཛད་པའི་ལམ་འབྲས་ཀྱི་འཁྲིད། །ཛམ་ལྷ་འབྲུག་ཞོན་མའི་རྗེས་གནང་སྒྲུབ་སྐོར། །ཇོ་བོ་ཨ་ཏི་ཤ་ལུགས་ཀྱི་རྟ་མགྲིན་གཤོག་པ་ཅན་དང་ཤྭ་ན་བཞི་སྐོར་གྱི་རྗེས་གནང་། །བསམ་གཏན་གླིང་པའི་ཨ་ཏི། །རྣམ་སྲས་ཀྱི་བེའུ་བུམ། །བུ་སྟོན་རིན་པོ་ཆེས་མཛད་པའི་ལས་ཆོག་གི་ལུང་སོགས་གསུང་ཆོས་མང་དུ་ནོས་རྟེན་འབྲེལ་གྱི་ཁྱད་ནས་འཕྲང་འགོ་གཏེར་སྟོན་གྱི་ཚེ་རྟ་ཕུལ་ཞིང་བྱད་རྦོད་ཀྱི་ཐུགས་རྟོག་དང་བཅས་སྐུ་ཧ་ཅང་བདེ་བ་མི་འདུག་པས་བྱད་འགྲོལ་ཞུས། །དགུན་གྲང་རིང་གོང་དཀར་ཆོས་སྡེར་སྐུ་མཚམས་ལ་ཕེབས་པའི་གསོལ་ཆས་ཕུལ །སྐུ་མཚམས་མ་ཚུགས་གོང་དུ་སློབ་དཔོན་རྣམ་མཁྱེན་གྲོང་པ་སོགས་ཆོས་སྡེའི་གྲ་སློབ་ཁ་ཤས་དང་གནས་གསར་འཇམ་དབྱངས་བསྟན་འཛིན་(༤༢ན)


GLG009_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བུ་སྟོན་ཆོས་འབྱུང་དང་བསམ་གཏན་གླིང་པའི་ཨ་ཏིའི་ལུང་གནང་། །མདོ་པ་ཆོས་རྗེ་མཚུངས་མེད་དགེ་བའི་དབང་པོར་འཇིགས་བྱེད་རོ་ལངས་བརྒྱད་སྐོར་གྱི་དབང་དང་རས་ཆེན་དཔལ་འབྱོར་བཟང་པོ་ནས་བརྒྱུད་པའི་ཚེ་དབང་མདའ་འཕེལ་མ་གསན། མེ་རྟ་ཆོ་འཕྲུལ་ཆེན་མོའི་ཐོག་དམར་པོ་རིར་ཕེབས་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་རྒྱུ་ལམ་གྱི་དབང་། །ལམ་ཟབ་བིར་སྲུང་། ནཱ་རོ་མཁའ་སྦྱོད། སྔར་མ་བྱུང་བའི་གུར་ཞལ་གྱི་བེའུ་བུམ་ཁ་སྐོང་གི་ཡིག་ཆ་དུ་མ། དགས་ལྗོན་སྐོར་གསུམ་ཐུབ་པ་དགོངས་གསལ། བུ་སྟོན་ཆོས་འབྱུང་། ལམ་འབྲས་པོད་དམར་དང་པོད་ཁྲའི་སྟོད་ཆ། སྨན་བླའི་མདོ་ཆོག །མཁན་ངག་དབང་ཆོས་གྲགས་ཀྱི་རྣམ་སྲས་ལྔ་ཕྲག་ལྔའི་རྗེས་གནང་ཡི་གེ་མ་ཏི་ལུགས་ཀྱི་འཇམ་དཀར། སྣ་ཚོགས་ཡུམ། ལས་གཤིན་དཔའ་གཅིག །བཅུ་བདུན་མ། །བསེ་བྱ་བཞིས་བསྐོར། ཁྲག་མདོག་དམར་པོ། ཏྲག་ཤད། གདུགས་དཀར། ལེགས་ལྡན་མཆེད་ཀྱི་རྗེས་གནང་སོགས་དབང་ལུང་ཟབ་ཆོས་མང་པོ། མན་ངག་དབང་རྗེས་གནང་གི་ཕྱག་ལེན་དང་། གཞུང་དོན་གྱི་རིགས་ལ་ཐེ་ཚོམ་པ་དུ་མར་དོགས་གཅོད་ཞུས་པས། མདོ་ལས། གང་ཞིག་ཟས་དང་གོས་ཀྱི་གཏམ་ཙམ་ནི། །དེ་ནི་རབ་དང་མཆོག་ཅེས་སེམས་མ་ཡིན། །མི་ཡི་རྙེད་པ་རབ་མཆོག་རྙེད་ནས་ནི། །གཅིག་ལ་གཅིག་གིས་ཆོས་ཀྱི་གཏམ་ཡང་བྱ། །ཞེས་ཟས་གོས་སོགས་གནས་སྐབས་གྱི་འདུ་འཛིའི་གླེང་མོ་ནི་སྐྱེ་བོ་ཕལ་བ་དག་གི་ངང་ཚུལ་ཡིན་ལ། རྙེད་པ་མཆོག་ནི་དམ་པའི་ཆོས་ཀྱི་ལེགས་བཤད་ཡིན་པར་གསུངས་ཤིང་། མགོན་པོ་ཀླུ་སྒྲུབ་ཀྱིས། །སྨྲ་ན་ཡིད་ཕེབས་འབྲེལ་བ་དང་། །དོན་(༤༢བ)


GLG009_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཡིད་དུ་འོང་བ་དང་། །ཆགས་སྡང་ཞེ་སྡང་སྤང་བ་དང་། །འཇམ་ཞིང་རན་པར་སྨྲ་བར་བྱ། །ཞེས་བརྗོད་བྱའི་དོན་ཁུངས་དང་འབྲེལ་ཞིང་ཚིག་དོན་རྣམས་མ་འདྲེས་པར་སོ་སོར་གསལ་ལ་སྙན་པར་སྨྲ་བས་ཡིད་ལ་འཇེབས་པ། །རང་ཕྱོགས་ལ་ཆགས་པ་དང་གཞན་ཕྱོགས་ལ་སྡང་བ་མེད་པ་གཟུ་བོའི་ཚིག་གིས་གདུལ་བྱའི་བློ་མཆོག་དམན་དང་བསྟུན་ཏེ་རན་པར་སྨྲ་བའི་ཡོན་ཏན་མཐའ་དག་བླ་མ་དམ་པ་འདི་ཉིད་ལ་ཚང་བས་རྒྱལ་པའི་གསུང་རབ་སྤྱི་དང་ཁྱད་པར་རྡོ་རྗེ་ཐེག་པ་ལ་མཁས་པའི་ཡང་རྩེར་སོན། སོ་སོར་ཐར་པའི་བཅས་པ་ཕྲ་མོ་ལའང་མི་འདའ་བའི་བཙུན་པའི་མཆོག་ཏུ་གྱུར། བདག་གཞན་མཉམ་པར་བརྗེ་བའི་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་ཐུགས་རྒྱུད་ལ་མངའ་བས་བཟང་པོའི་ཚད་དུ་ཕྱིན། བསྐྱེད་པ་དང་རྫོགས་པའི་རྡོ་རྗེའི་རྣལ་འབྱོར་མཆོག་ལ་བརྟེན་ནས་རྟོགས་པའི་བདག་ཉིད་ཆེན་པོར་གྱུར། ཁྱད་པར་ཀུན་མཁྱེན་བུ་དང་རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་རིང་ལུགས་ཐུགས་ཀྱི་དཔལ་བེའུར་བཅངས་པའི་བསྟན་འཛིན་སྐྱེས་བུ་ཟླ་མེད་པར་མཐོང་ནས་གཅམ་བུ་ཙམ་མ་ཡིན་པར་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་ཡིད་ཆེས་ཀྱིས་མོས་པ་ཐོབ། སེ་སྟོན་ཆེན་པོའི་དབང་ཆོག་ངེས་དོན་བདེ་འཇུག་གི་སྟེང་ནས་འཇམ་དཔལ་གཤིན་རྗེ་གཤེད་ཕྱག་རྒྱ་ཟིལ་གནོན་གྱི་དབང་བཞི་ཡོངས་རྫོགས་དང་བྱད་འགྲོལ་ཕུལ། སྐྱི་གཙང་གི་ཆུ་བཟང་བས་སྐུ་ཁམས་ཀྱང་ཤིན་ཏུ་དྭངས། ནཱ་རོ་མཁའ་སྤྱོད་དང་འཆི་མེད་དཔལ་སྟེར་གཉིས་ཀྱི་བརྒྱུད་འདེབས། གཤེད་དམར་གྱི་བརྒྱུད་འདེབས་ཐུགས་སྲས་ལོ་ཙཱ་བས་མཛད་པའི་འཕྲོ་འཐུད་རྣམས་བཞེད་པ་བཞིན་བརྩམས། ཆོས་(༤༣ན)


GLG009_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་གྱི་མཎྜལ་རྒྱས་པར་བཏེག་ནས་གཙང་ཕྱོགས་སུ་ཐེགས། རེ་ཞིག་ཞ་ལུར་སྐུ་ངལ་གསོས་ནས་གདན་ས་གོང་དུ་ཕེབས་བདག་ཆེན་འཇམ་དཔལ་དབྱངས་ངག་དབང་བསོད་ནམས་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་ཞབས་དྲུང་དུ་དབུ་སེམས་ལུགས་ཀྱི་སེམས་བསྐྱེད། ལམ་ཟབ་ནང་མ་སོགས་དབང་ལུང་བྱིན་རླབས་མང་དུ་གསན། འཇམ་མགོན་ས་སྐྱ་པ་ཆེན་པོ་ཡབ་སྲས་ལ་དགོངས་བཞེད་དང་བསྟུན་པའི་བཀའ་ཆོས་ཅི་རིགས་འབུལ་བ་གནང་། ལོ་ཕུ་མཁན་ཆེན་བྱམས་པ་ངག་དབང་དཔལ་བཟང་ལ་ཀྱེ་རྡོར་འཇིགས་བྱེད། རྡོ་རྗེ་ཁྱུང་ཁྲ་བོ་སོགས་ཀྱི་ཟབ་ཆོས་མང་དུ་གསན། བླ་མ་འདི་རྫོང་ལུགས་ཀྱི་བསྟན་འཛིན་ཟླ་མེད་པ་ཞིག་འདུག་ཅེས་བསྔགས་བརྗོད་ཀྱང་མཛད།ས་སྤྲེལ་ལོ་འགོར་གཙང་ནས་ཤར་རྒྱག་པོ་ཏ་ལར་སྐོར་ཙམ་ཕེབས་ནས་མི་འགྱངས་པར་ཆོས་སྡེར་བཞུགས་མུར་ཞ་ལུའི་མཁན་པོར་ཁྲོལ་ཆ་དགོས་ཚུལ་ལ་རྡོར་ལེགས་པ་འབྱོར། ནག་པ་ཟླ་བར་སླར་གོང་དཀར་ནས་པོ་ཏ་ལར་ཕེབས་འཁོར་ལོ་སྡོམ་པ་དྲིལ་བུ་ལུས་དཀྱིལ། གསང་འདུས་མི་བསྐྱོད་པ། ཀྱེ་རྡོར་ནག་པོ་མཚོ་སྐྱེས་ཌོམ་བྷི་གསུམ། གཙུག་ཏོར་དྲི་མེད་དང་འོད་ཟེར་དྲི་མེད་རྣམས་ཀྱི་དབང་། གཤེད་དམར་གྱི་སྤྲོས་མེད། འོད་གསལ། བདུད་རྩི་གསུམ་གྱི་བྱིན་རླབས་དང་ཆོས་སྐོར། ལམ་ཟབ་ནང་མ་སོགས་ལམ་འབྲས་དང་འབྲེལ་བའི་བྱིན་རླབས་བཅོ་ལྔ་སྐོར་ལམ་འབྲས་པོད་ཁྲའི་སྨད་ཆ། ཁྱུང་ཁྲའི་བྱིན་རླབས་ལས་ཚོགས་ཀླུ་དབང་གི་རྒྱལ་པོ་ཁྲོ་མོ་སྨེ་བརྩེགས་ཀྱི་རྗེས་གནང་། རྭ་པོད་ཀྱི་ཁ་སྐོང་དང་ཞལ་(༤༣བ)


GLG009_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྫོང་པོད། དབུ་སེམས་ལུགས་ཀྱི་སེམས་བསྐྱེད་གཉིས། སེམས་ཉིད་ངལ་གསོའི་འཁྲིད་སོགས་དབང་ཆོས་མང་དུ་ཞུས། ས་སྐྱོང་འཕྲིན་ལས་རྒྱ་མཚོའི་དགོངས་རྫོགས་ཀྱི་སངས་རྒྱས་སུམ་ཅུ་སོ་ལྔའི་གསེར་ཐང་ལ་རྡོ་རྗེ་དབྱིངས་ཀྱི་གསུང་དབང་གི་སྒོ་ནས་རབ་ཏུ་གནས་པ་མཛད་པས་སྡེ་པ་དེ་ཉིད་སྐུ་བསོད་ཆེ་སྙམ་པ་ཤར། ཞ་ལུའི་ཆེན་སློབ་འགའ་འབྱོར་བའི་མཁན་པོ་རེ་ཞིག་ངང་བསྲིང་གནང་བའི་ངོ་ཆེན་དགོས་ཚུལ་ལྟར་རྒྱུ་མཚན་གསོལ་བས་ལོ་གཅིག་གི་ཞལ་ལེན་མཛད། རྐྱེན་སེལ་གྱི་ཚེ་དབང་སོགས་ཕུལ་ཏེ་གཙང་དུ་ཆིབས་ཁ་སྒྱུར། པ་རྣམ་བསམ་སྡིངས་ན་བུ་སྟོན་རིན་པོ་ཆེའི་བཀའ་འབུམ་གྱི་པར་གཏོས་ཆེ་བ་དང་སྐུ་པར་ཡོད་འདུག་པ་རྣམས་དགོངས་བཞེད་ལྟར་ཞ་ལུར་ཕུལ། གྲ་གཞོན་རྣམས་ཀྱིས་གདན་དྲངས་པའི་ཚེ་མཁན་རིན་པོ་ཆེ་ཉིད་ཀྱིས་སྤོས་སྣ་དང་ཚོགས་པས་སེར་སྦྲེང་རྒྱས་པར་བསྟར། གཙུག་ལག་ཁང་གི་ལྡེབས་རིས་དང་གནམ་རྒྱན་སོགས་ཀྱང་ཕལ་ཆེར་གྲུབ། འཕྱོང་རྒྱས་སྒེེམ་བུ་བར་འབྲོང་རྩེ་བྱུང་བའི་ཁ་སྤྲོར་གདན་དྲངས་ལེགས་བྱའི་སྐྱེས་དང་རབ་གནས་རྒྱས་པར་གནང་། ཞ་ལུར་བཞུགས་པའི་མཆོད་གཞིས་ཀྱི་དོན་སྐོར་ལ་རྡོར་ལེགས་པ་རྫོང་བདའ་མཛད། ས་སྐྱོང་བློ་བཟང་མཐུ་སྟོབས་མཆོད་དཔོན་གྱི་ལས་སྣེའི་སྐབས་ཡིན་པ་བརྒྱུད་ཕེབས་སྒོ་བྱུང་བ་བཞིན་པ་རྣམ་སྒང་གི་མི་གྲ་ཡོངས་འབབ་རྣམས་སྦྱོར་འཇགས་ཞུས། སྣར་ཐང་འབག་སྣ་ས་སྐྱོང་བསོད་ནམས་རབ་བརྟན་གྱིས་ཞ་ལུ་བར་གནང་པ་རིན་ཅེན་རྩེ་བ་ལྷ་བསངས་དྲན་འཕྲུལ་ཆེ་ཞིང་བསྐྱོད་ཐབས་འདྲ་ལ་བརྟེན་པའི་ཕྲོགས་པ་ཁ་མཆུ་མ་ཆོད་པའི་མུར་འདུག་པ་རིན་ཅེན་རྩེ་བས་སྣུམ་གྱི་དཀར་འདོན་མ་ནུས་པར་(༤༤ན)


GLG009_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནོར་བདག་པོར་སྤྲད། ཐུགས་རྗེ་ཆེན་པོ་དོན་ཡོད་ཞགས་པའི་སྒྲུབ་མཆོད་ཞ་ལུ་ས་ལ་བཏིང་བ་ནས་ཟླ་བ་དང་པོ་བྱུང་རེས་ལ་ཚུགས་པ་བར་སྐབས་སུ་ཆག་ནའང་འདི་ལོ་འབག་སྣའི་ས་རིས་ལ་བརྟེན་ནས་སྔར་ལུགས་སུ་ཚུགས་ས་བྱ་ལོ་ཞ་ལུར་བཞུགས་པའི་དཔྱིད་ལྷོའི་ཇུས་རིམ་ལ་དམིགས་པའི་ཞ་ལུ་སྤྱི་སོས་ལས་གཤིན་གྱི་གཏོར་བཟློག་བཙུགས་སྐབས་གློ་བུར་དུ་སྐུ་ལྟེམ་པའི་ཞམ་རིང་པ་རྣམས་བློ་འཁོལ་པའི་དུས་གཟིགས་སྣང་དུ་བེང་གི་འཆམ་སྐུ་ཞལ་འཛུམ་པ་ནས་སྐྱོན་མི་འདུག་གསུང་བ་ལྟར་འཕྲལ་དུ་སྐུ་དྭངས། དབྱར་སྐུ་ཤིན་ཏུ་བསྙུན་པའི་བརྟག་པ་དགོས་ཚུལ་དང་བཅས་ཕྱག་བྲིས་བྱུང་འཕྲལ་བརྟན་བཞུགས་ཀྱི་ཚིགས་བཅད་སྐུ་བེར་བཞུགས་འདིང་སོགས་ཕུལ། བརྟག་པར་ཤར་བའི་སྐུ་རིམ་རྣམས་མཛད་པའི་དུས། འོད་གསལ་དུ་མགོན་པོ་གུར་མི་ཚད་ཙམ་དུ་ཤར་ཞིང་། བྲག་རྫོང་མ་ལ་ཉམས་ལེན་མཛད་པས་སྐུ་བདེ་རུ་སོང་། འཇིགས་བྱེད་བུ་ལུགས་མ་བྱེད་པར་ཚར་ལུགས་གྱིས་ཟེར་བ་བཞིན་ཉམས་བཞེས་གནང་བས་ཀྱང་བོགས་ཤིན་ཏུ་ཆེ། དེ་ནས་ཉང་སྟོད་དུ་མཁའ་དྲག་ནས་ཀྱི་གཞིས་ཀར་དཔོན་ཚང་མཐོང་སྨོན་རྒྱས་པས་བཅོས་ཀ་མང་དུ་ཕུལ་བས་དྭངས་རྒྱུའི་ཁུལ་གྱིས་ཞ་ལུར་ཚུར་ཕེབས་ནས་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱི་ཁྲི་འདོན་ལ་བཏེག །བྱད་རྦོད་ཀྱི་རྟགས་དང་སྙུང་གཞི་ཡང་ཇེ་མཐོར་སོང་ནས་སྐྱི་གཤོངས་སུ་བཞུགས་རྡོར་ལེགས་ཁྲི་འབུལ་ལ་རྫོང་བདའ་གནང་། གྲོང་གསེབ་ཏུ་བཞུགས་པ་མ་འགབ་པས་རིན་ལྡིང་བའི་དགོན་ལག་ཆོས་ལུང་དུ་བསྒྲིལ། དཔོན་ཚང་སྐྱིད་དཔེ་བ་ངག་དབང་བཟོད་པས་ཐང་ཆེན་ཉེར་ལྔ་དང་བསྣོལ་རྩར་གཏར་(༤༤བ)


GLG009_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་སྨན་དཔྱད་ཀྱི་འཕྲོད་བསྟེན་མང་དུ་ཞུས་པས་སྐྱེད་བླངས། སྐུ་གེགས་ལ་དམིགས་པའི་སྲུང་འཁོར་བཞེས་ཡིག །བདེན་པ་བརྗོད་པའི་ཚིགས་བཅད་ཚན་གྲངས་དང་བཅས་འབུལ་མི་མངགས། དལ་འགྲོས་ཀྱིས་པོ་ཏ་ལ་ར་ས་བྱའི་མཇུག་ཏུ་ཕེབས། ངེད་ལག་པ་ན་བ་དང་ཐུག་པའི་རྗེས་གནང་འབུལ་མ་ཐུབ་རུང་དེ་བཞིན་གཤེགས་པའི་འཕེལ་གདུང་དང་ཨྱོན་ཆེན་པོའི་གཏེར་སྐུ་མང་པོའི་བྱིན་རླབས་ཕུལ། སྐུ་ཁམས་དུབ་པར་འདུག་པས་ཆོས་ཞུ་བའི་སྤྲོས་པ་མ་བྱུང་། གསོལ་ཕོགས་དང་བཅས་སྐུའི་འཕྲོད་བསྟེན་ལ་གོང་དཀར་ཆོས་སྡེར་བཞུགས། ལྕགས་ཁྱི་ཟླ་བ་གཉིས་པའི་ཚེས་འགོ་ལ་ཡར་བྱོན་ལོག་ཏྲིའི་རིག་གཏད་ཕུལ་པས་རྒྱ་མཐོངས་ཁ་ཕྱེ་བ་ལྟ་བུའི་སྙུན་གཞི་ལ་ཁྱད་མངའ་ཆེ་བ་བྱུང་གསུང་། ཀུན་མཁྱེན་བུ་དང་བྱང་སེམས་བསོད་གྲགས་པ་ཞལ་སྤྲོད་ཀྱི་བྲིས་ཐང་བྱིན་ཅན་ཞིག་གནང་། ཞལ་འདོན་ཚིགས་བཅད་མ་དགོས་ཕེབས་པ་ངེད་རང་ལ་ནུས་མཐུ་གང་ཡང་མེད་མོད་འོན་ཀྱང་འབྲོག་མིའི་གསུང་འགྲོས་རྡོ་རིང་རིན་ཆེའི་རྣམ་ཐར་དུ་དྲངས་འདུག་པ་བཞིན། ཚེ་མཐའ་ཡས་དངོས་དབང་དྲག་པདྨ་ཡི། །འཁོར་ལོའི་མགོན་པོ་ངག་དབང་བློ་གྲོས་གཏེར། །སྐལ་བཟང་རྒྱ་མཚོར་ངེས་པས་གསོལ་འདེབས་ན། །བར་ཆད་བདུད་ལས་རྒྱལ་བར་བདག་བྱིན་རློབས། །ཞེས་པ་བྲིས་ནས་ཕུལ། མཚན་སྒྱུར་གནང་རྒྱུ་ཡིན་ཕེབས་པར་ཚེ་དབང་ལྷུན་གྲུབ་རབ་བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་གསོལ། འཕྲེང་བ་ཞེ་ལྔ་མའི་དཀྱིལ་ཐང་བཞེང་བའི་འགོ་ཚུགས་དང་འགྲིག་པའི་རྒྱ་བོད་ཀྱི་གཞུང་དང་རྡོ་རྗེ་གདན་པའི་ཐུགས་དམ་ཐང་ཁ་བསྟུན་པའི་ཞུ་དག་གནང་། གཙང་(༤༥ན)


GLG009_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཤར་རྒྱག་ཐེགས་རྩིས་ལ་གོང་དཀར་དུ་ཆུ་འབམ་གྱིས་བསྙུན་པར་སྐྱིད་དཔེ་ནས་ཀྱིས་ཆབ་ནད་གཞི་མེད་དུ་བཏང་ཡང་ཞབས་ནད་ལ་དྲུང་འཚོ་སུམ་དགའ་རྫོང་བདའ་བྱས་པས་འགྱངས་མེད་དུ་བདེ། དབྱར་ཐོག་གསོལ་ཆས་ཕུལ་ནས་ཆོས་སྡེར་བཞུགས། སྐུ་ཁམས་མ་གཞི་ཡང་དྭངས་སྐྱེད་ཤིན་ཏུ་ཆེ་བས་ཆོས་སྡེའི་གྲ་པ་ཕྱེད་སུམ་བརྒྱ་ཙམ་ལ་དབང་ཆ་བཅུ་ལྷག་ཏུ་བཅད་པའི་གདུགས་དཀར་ལྷ་མང་གི་དབང་དང་ལེགས་ལྡན་མཆེད་གསུམ་གྱི་རྗེས་གནང་སྩལ། མང་ཐོས་འཕྲིན་ལས་རྣམ་རྒྱལ་ལ་བཀའ་གདམས་གླེགས་བམ་དང་གྲུབ་ཐོབ་བརྒྱད་ཅུའི་བྱིན་རླབས་སོགས་ཆོས་བཀའ་མང་དུ་གསན། ཧོར་ཟླ་ལྔ་པའི་ནང་དུ་དམར་པོ་རིར་ཕེབས་ཞལ་དཀར་པོའི་རྗེས་གནང་ཐུན་མོང་མ་ཡིན་པ། ཚོགས་བདག་གི་རྗེས་གནང་ཁྱད་པར་བ་དང་ཐུན་མོང་མ་ཡིན་པ། །འཆི་མེད་རྡོ་རྗེའི་ལྷ་མོའི་རྗེས་གནང་། བཀའ་གདམས་ལྷ་བཞིའི་འཁྲིད། དཔལ་ཡོའི་བློ་སྦྱོང་ཆེན་མོའི་འཁྲིད། ཡང་དག་གི་དབང་སོགས་ཆོས་བཀའ་འགའ་ཞེས་ཞུས་ཤིང་། རིམ་གྱིས་གཙང་དུ་ཐེགས་མཁན་པོ་ཀུན་སྤངས་མཛད་པའི་སྒོ་དོད་ནས་སྤྲོད་དཔང་དུ་གཞིས་རྩེ་ནས་ཞིང་མོ་ཆེ་པ་རྫོང་བདའ་བྱས་པའི་ཐོག་མར་གསེར་སྐུ་མདའ་གང་ཙམ་གཅིག །གཟིམས་མལ་སྐུ་འདྲ་རིན་པོ་ཆེར་དབུ་པཎ། རྣམ་སྦྱར། དབུ་ཐོག་ཏུ་བླ་བྲེ་ཤམ་ལྡན། མཆོད་ཁང་གི་ལྕམ་གླིང་གཅིག་ལ་གནམ་རྒྱན། སྐུ་མདུན་དུ་དངུལ་གྱི་མཎྜལ་ཆེ་བ། ལྗངས་གསེར་གྱི་མཎྜལ། ལི་ཏིང་འགག་གཟུགས་བདུན་ཚར། བུམ་པ་གྲས་མཚུངས་བཅུ། མཆོད་ཀོང་། །རྟེན་ཁྲི་(༤༥བ)


GLG009_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

དམར་འཇམ་ལེགས་པ་མི་ཚད་ཙམ། བླ་བྲེ་ཤམ་ལྡན། རྔ་བོ་ཆེ་ཐོག་ཚད། གསོལ་ཅོག་རྣམས་རེ། གོས་སྙེལ་གཉིས། སྦ་ལྟིར། རྩིད་ཕྱིང་གྲུ་བཞི་གསུམ། གོས་གདན་ཁ་གང་མ། བཞུགས་འདིང་། འཇག་གདན་རིང་བ་ཆ་བཞི་གར་དཔོན་ལ་གོས་གདན་ཁ་གང་བཞི་རྣམས་དང་། བླ་བྲང་གཉེར་ཚང་དུ་རྩམ་ཁལ་བརྒྱད་ཅུ། ཚ་ཁལ་བཞི་བཅུ། ནས་ཁལ་སྟོང་ཚོ་གཅིག །ལུག་ཁོག་བརྒྱ། ཆག་བུབས་བཞི། མར་ཁལ་བཞི་བཅུ། འབྲས་ཁལ་དྲུག །སྣུམ་མཁར་ཁལ་བཞི། ཕྱུར་བ་ཁལ་ཕྱེད་གཉིས་སོགས་སྤྲོད་འཕར་རྒྱ་ཆེར་གནང་། ལྕགས་ཕག་ཟླ་བ་དང་པོར་རྗེ་བླ་མའི་ཞབས་ཕྱིར་ཞ་ལུའི་ཆེན་སློབ་སོགས་དཔོན་སློབ་ཉི་ཤུ་སྐོར་གྱིས་ཚེས་བཅུ་གཉིས་ཀྱི་ཉིན་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་བཞེད་སྲོལ་གྱི་ཚེ་ཆོག་ལ་བརྟེན་ནས་མཎྜལ་གྱི་ཚན་གྲངས་བཟབ་རྒྱས་དང་བཅས་ངེད་དང་སྡེ་པ་ཐུན་མོང་དུ་རིང་འཚོའི་རྟེན་འབྱུང་མཛད། མཁན་རིན་པོ་ཆེའི་ཞབས་ཕྱི་བསྒུགས་སྡོད་ཆེན་སློབ་གྲ་རིགས་རྣམས་ཀྱིས་ཞོལ་དུ་ཚེ་ཆོག་བཙུགས། ངེད་ཀྱི་རྗེ་བླ་མའི་དྲུང་དུ་ས་སྐྱ་བཀའ་འབུམ། སེམས་དཔའ་ཆེན་པོས་བསྒྲིགས་པའི་བློ་སྦྱོང་བེའུ་བུམ། སྒྲུབ་ཐབས་བརྒྱ་རྩ། བདེ་མཆོག་ལྷ་ལྔའི་དབང་། རྭ་རྩེ་སེམས་འཛིན། གཏུམ་མོ་ཞག་བདུན་མའི་འཁྲིད་སོགས་ཟབ་ཆོས་མང་དུ་ཞུས། ཁྱབ་བདག་བླ་མར་པཎ་ཆེན་ནགས་རིན་ནས་བརྒྱུད་པའི་ཚེ་དབང་ཁྱད་འཕགས་ཕུལ་ཞིང་ཆེན་སློབ་ཚོར་རིང་འཚོའི་རྟེན་འབྱུང་གི་ལུང་བཀླགས། ཞ་ལུ་སྐུ་ཞང་ལ་མཁན་པོའི་བསྐོ་འཇའ་ཕྱག་ཐམ་སོགས་སྡེ་པས་མཛད། རྗེ་བླ་མར་བདོག་པ། (༤༦ན)


GLG009_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་གྱི་ཚུལ་དུ་བཏེག་ཉེར་ལྔ་ལ་དཔོན་སློབ་རྣམས་གཙང་དུ་ཐེགས། སྒྲུབ་མཆོད་ཆེན་མོའི་ཐོག་དབང་ཆ་གཅིག་ལ་འཆི་བདག་འཇོམས་པའི་དབང་གནང་། སྐུ་ཞང་མཁན་ཐོག་ཏུ་བྱོན་ཟིན་པའི་ཐུགས་གཡེང་བོར་ནས་ངོར་མཁན་ཆེན་སྒྲུབ་ཁང་པ་དཔལ་མཆོག་རྒྱལ་མཚན་གདན་དྲངས་སམྦུ་ཊིའི་དབང་དང་ལམ་འབྲས་བོད་དམར་གྱི་ལུང་སོགས་ཆོས་མང་དུ་གསན། ཁྱབ་བདག་ཞ་ལུ་པ་ཆེན་པོས། ངོར་མཁན་ཆེན། གནས་གསར་ཞབས་དྲུང་དཔོན་ནམ་མཁའ་བསོད་ནམས་དབང་གི་རྒྱལ་པོ། ཞ་ལུའི་ཆེན་སློབ་སོགས་ལ་དབང་ལུང་མང་དུ་མཛད་གདན་ས་གོང་དུ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་མཇལ་བ་གནང་ཞིང་ཟབ་ཆོས་མང་དུ་གསན། ཚར་ལུགས་ཀྱི་བསྟན་འཛིན་རྒྱལ་རྩེ་ཞབས་དྲུང་བྱམས་པ་ངག་དབང་བསོད་ནམས་རྒྱལ་མཚན་ལ་ཚེ་དཔག་མེད་གྲུབ་རྒྱལ་མ་ལྷ་སོ་གསུམ་གྱི་དབང་སོགས་ཆོས་བཀའ་ཁ་ཡར་གསན། ཕྱིར་བྱོན་ནས་དབུས་སུ་བཏེག་པའི་ལམ་དུ་རླུང་འཚུབ་ཤིན་ཏུ་ཆེ་བ་བྱུང་བས་བཤོལ་ནས་ཞ་ལུར་སྐུ་མཚམས་བསྡམས་པའི་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་བསྙེན་སྒྲུབ་གནང་། ཆུ་བྱི་ཟླ་བ་དང་པོ་ནས་གོང་དཀར་ཆོས་སྡེར་བཞུགས་གདན་འཇགས་རིང་དཔོན་པོ་ལོ་ཙཱ་བ་གསོལ་ཕོགས་ཀྱི་རྒྱུ་མཚན་ལ་བྱུང་བ་བཞིན་འཛིན་ཕུལ། ཟླ་བ་ལྔ་པ་ཕྱི་མའི་ནང་དུ་པོ་ཏ་ལར་ཕེབས། ཆག་མེད་བཞི་ཡང་སྐྱོར་དང་ཕྱག་རྡོར་འཆི་བདག་འཇོམས་པ། མི་འཁྲུགས་པ་ལྷ་བཅུ་གསུམ་གྱི་དབང་། རྟ་མགྲིན་ཤངས་ལུགས་ཀྱི་བྱིན་རླབས། ཕྱག་བཞི་པ་དང་སེང་གདོང་མ་དམར་མོའི་(༤༦བ)


GLG009_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་གནང་། གསང་འདུས་འགྲེལ་ཆེན་སོགས་ཀུན་མཁྱེན་བུའི་གསུང་རབ་དུ་མའི་ལུང་དང་རྣལ་འབྱོར་རྒྱུད་ཀྱི་ཕྱག་རྒྱ་འཆིང་ཚུལ་མཁྱེན་རབ་རྗེ་དང་དཀོན་ཅོག་ལྷུན་གྲུབ་གཉིས་ཀྱི་ལམ་འབྲས་ཀྱི་འཁྲིད། ངོར་ཆེན་དང་རྡོ་རྗེ་གདན་པ་གཉིས་ཀྱི་ཀྱེ་རྡོར་གྱི་བསྐྱེད་རིམ་རྣམ་བཤད། བླ་མ་དམ་པའི་ཕུར་པའི་སྐོར། སྤྱན་རས་གཟིགས་ཆེམ་བུ་ལུགས་དམར་འཁྲིད་ཀྱི་ཡི་གེ །འདུལ་བ་མེ་ཏོག་འཕྲེང་རྒྱུས་སོགས་ཞིབ་རྒྱས་ཞུས། ཧོར་ཟླ་དྲུག་པའི་ཚེས་བཅུ་དྲུག་ནས་བརྩམས་ཏེ་ཁྱབ་བདག་ཞ་ལུ་ཆེན་པོས་དགོས་ཚུལ་ཕེབས་པའི་ཞར་ལ་ཆོས་རྒྱལ་གཏེར་བདག་གླིང་པ་སོགས་ཉི་ཤུ་སྐོར་ལ་གཡུ་ཐོག་སྙིང་ཐིག་གི་དབང་བཞི། ཚེ་དབང་། ལུང་ཡོངས་རྫོགས། རྡོ་རྗེ་འཇིགས་བྱེད་ཀྱི་འཁྲུལ་འཁོར་གྱི་ལུང་དང་ཕྱག་འཁྲིད་ཕུལ། སློབ་དཔོན་བཻ་རོ་ཙ་ནའི་སྐུའི་རྣམ་སྤྲུལ་རིགས་འཛིན་གཏེར་བདག་གླིང་བར་ཆོས་རྒྱལ་རཏྣ་གླིང་པའི་དྲག་དམར་ཡོངས་རྫོགས་དང་གཏེར་གསར་གྱི་སྐོར་གསན། གཏེར་སྟོན་རིན་པོ་ཆེར་མཁའ་སྤྱོད་མའི་བྱིན་རླབས་དང་ཉམས་འཁྲིད་འབུལ་བ་གནང་། ཧོར་ཟླ་བདུན་པའི་ནང་གཙང་ཕྱོགས་ལ་ཐེགས་ཞ་ལུར་ཞག་གཉིས་གསུམ་ཞིག་སྐུ་ངལ་གསོས་ནས་དཔལ་ལྡན་ས་སྐྱར་ཕེབས། ངེད་ལ་བསྐུལ་མ་གནང་བའི་བརྟན་བཞུགས་ཚིགས་བཅད་ལེ་ཚན་དང་བཅས་བདག་ཆེན་ཡབ་སྲས་གཉིས་ཀར་བརྟན་བཞུགས་རྒྱས་པ་དང་དཀར་པོ་རྒྱང་གྲགས་བུས་པའི་ཚོགས་ཆེན་ལ་མང་ཇ་ཞུ་པ་གནང་། དབང་རྗེས་གནང་སོགས་ཆོས་མང་དུ་གསན་ཞིང་དེ་མཚུངས་ཕར་ཡང་འབུལ་བ་མཛད། རིམ་བཞིན་བསྟི་གནས་སུ་ཕེབས་བྱམས་པའི་(༤༧ན)


GLG009_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྤྲུལ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱི་དགོངས་པ་བཞིན་དཔལ་འཁོར་ཆོས་སྡེའི་ས་ག་ཟླ་བར་དགེ་རྩ་ཆེན་མོར་གྲགས་པའི་དཀྱིལ་འཁོར་བཞི་བཅུ་ཞེ་ལྔའི་སྒྲུབ་མཆོད་ཡོད་པའང་ཕྱིས་སྐོར་དབང་མ་ཐོབ་པར་བྱུང་རྒྱལ་དུ་སྤྱོད་པའི་ཡ་ང་བ་ཞིག་ཡོང་སྣང་བས། འདི་ལོ་ཁྱབ་བདག་ཞ་ལུ་པ་ཆེན་པོས་ངེད་ལ་ཁྱབ་ཆ་དགོས་ཚུལ་དང་གཏེར་སྟོན་རིན་པོ་ཆེར་ཡང་དེ་ཀའི་བསྐུལ་མ་དགོས་པའི་ཕེབས་སྒོ་བཞིན་མཁན་པོ་དང་རྫོང་སྡོད་ལ་ཡིག་རྒྱ་ཞིབ་འཐེམས་བྱས་པ་ལྟར་བུ་ལུགས་པ་རྣམས་ཀྱི་དབང་མཁན་ཆེན་ཀུན་སྤངས་པ་ཆེན་པོ་དང་། ཞ་ལུའི་ཆེན་སློབ་ཆོས་འཆད་གསུམ་བཅས་པས་གཙུག་དགུ་དང་འོད་ཟེར་ཅན་མ་གཏོགས་སམྦུཊི་དང་གསང་འདུས་འཇིག་རྟེན་དབང་ཕྱུག་ངོར་པའི་ལྷག་ས་ལུགས་དབང་བཀའ་རྣམས་འཇམ་མགོན་ས་སྐྱ་པ་ཆེན་པོས་གསོས། ས་སྐྱ་ནས་མ་གསན་གཤིས་སྒྲོལ་མ་བཅུ་བདུན་མ་གུར་པར་རྗེ་ཉིད་ཀྱིས་གནང་། ཞ་ལུ་པ་ཚོར་ཀླུ་སྒྲུབ་ལུགས་ཀྱི་སྤྱན་རས་གཟིགས་ཆོས་རྗེ་བཅོ་བརྒྱད་པ་དང་། རྡོ་རྗེ་གདན་བཞི་རབ་འབྱམས་པ་ཆོས་རྗེ་རིན་ཅེན་རྒྱ་མཆོས་མཛད་པས། ཕྱག་ཆེན་ཐིག་ལེར། དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ལ་མར་མེད་བཞིན། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་སྐྱེ། །ཞེས་པའི་འཇིགས་པ་ལས་གྲོལ་ཞིང་དེང་སང་བསྟན་པ་རྨ་མེད་དུ་གསོས་པའང་ཁྱབ་བདག་ཞ་ལུ་པ་ཆེན་པོའི་བཀའ་དྲིན་ནོ། །སླར་ས་སྐྱར་ཕེབས་ཆོས་བཀའ་ཕར་འབུལ་(༤༧བ)


GLG009_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

ཚུར་ཞུ་དུ་མ་མཛད། སྔར་ཨེ་ཝཾ་ཆོས་ལྡན་དུ་ཉེས་མེད་ཕུན་ཚོགས་ལྡན་དུ་ཉེས་མེད་ཕུན་ཚོགས་ཐོན་ནའང་ཆོས་རྗེ་ཐམས་ཅད་མཁྱེན་པ་ནས་བརྒྱུད་པའི་རི་བོང་ཅལ་སྒྲོག་གིས་སྨིག་རྒྱུས་བསླད་པ་སེལ་ཕྱིར་གོང་དཀར་དུ་མཚུངས་མེད་དགེ་པའི་དབང་པོར་ཚར་གཅིག་གསན་མོད་ལྷ་ཁང་ཆེན་མོའི་མཁན་པོར་ཀུན་མཁྱེན་ཀླུ་སྒྲུབ་རྒྱ་མཚོ་ནས་བརྒྱུད་པ་ཞིག་ཡོད་འདུག་པར་བརྟེན་དགེ་བསྙེན་ནས་བཟུང་པ་སྙེན་རྫོགས་ཀྱི་བར་བསྒྲུབ་པ་གནང་། ཆུ་གླང་ཞ་ལུར་ཕེབས་ཏེ་རིང་ཞིག་ནས་དབུས་སུ་ཆིབས་ཁ་བསྐྱོད་ཚོང་དཔོན་བསོད་ནམས་མགོན་པོ་ལ་སྐོར་གཅིག་གོང་དཀར་དུ་ཕེབས་པ་འགབ་ཚུལ་གྱི་ཡི་གེ་ཕུལ་བ་དཀྱིལ་དུ་འབྱོར་བའི་ཐོག་ཆོས་སྡེར་བཞུགས། ཞག་ཤས་ནས་སྐུ་བད་སོགས་བསྙུན་རོ་སྣ་ཚོགས་ལངས་པའི་འཕྲོད་བསྟེན་གྱི་སྐབས་མཆོད་དཔོན་ངག་དབང་ཤེས་རབ་རྒན་གྲའི་ཆུ་ཚན་ལ་ཕྱིན་པའི་ལམ་ཞོར་ཕྱག་འབུལ་ལ་ཡོངས་སྐབས་ཕེབས་བཞེད་ཡོད་ཚུལ་གྱི་གསུང་གླེང་མཛད་འདུག་པ་ལྟར་འགྱངས་མེད་ཡར་ཕེབས་པ་ལྕགས་ཟམ་དུ་ཞབས་འབམ་ལངས་འཕྲོད་བསྟེན་དུ་དྲུང་འཚོ་བ་སུམ་དགའ་བཏང་བ་སྐུ་ལ་འཕྲོད་ངོ་ཆེ་བར་བྱུང་། དེ་བར་ལྕགས་ཟམ་རྗེ་དྲུང་ལ་ལྗགས་ལུང་མང་དུ་སྩལ་ཞིང་ཕར་ཡང་པདྨ་བཀའ་ཐང་དང་གྲུབ་ཐོབ་ཆེན་པོའི་རྣམ་ཐར་སོགས་གསན། ཧོར་ཟླ་བཅུ་པའི་ཚེས་བཅུ་ལ་ཁྱབ་བདག་ཞ་ལུ་པ་ཆེན་པོ་ཆུ་བོ་རི་ནས་ཕེབས། ཞག་ཤས་རྫོང་དུ་བཞུགས་གསེར་གྱི་ཁུ་བས་བྲིས་པའི་འཕགས་པ་བརྒྱད་སྟོང་པའི་གླེགས་བམ་ལོ་སྔོན་མ་ཚོ་ཕྱག་མཛོད་བསོད་ནམས་རིན་ཅེན་གྱིས་དོ་དམ་བྱས་གསར་དུ་བཞེངས་པ་ངེད་ལ་སྟེར་བ་གནང་དགེ་བ་བསྔོ་བའི་སྨོན་ལམ་རྩོམས་ཤིག་ཅེས་བཀའ་སྩལ་བའང་བྲིས། ཉང་གི་བྲག་དམར་རྡོ་རྗེ་སྤྱི་བླུགས། (༤༨ན)


GLG009_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་དབང་དང་ཐང་ལྷའི་རིགས་གཏད་གཏེར་སྟོན་རིན་པོ་ཆེ་དང་ལྷན་དུ་ཕུལ། སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་མཛད་པའི་དྲུག་ཅུ་པ་ལྕགས་མཁར་དགུ་པའི་ལུང་ཕྱག་ལེན་ཞིབ་འཁྲིད། དེས་མཛད་པའི་དྲག་པོའི་སྤྱིན་སྲེག་པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ལྷག་བསམ་རབ་དཀར་གྱི་དྲི་ལན་རྣམས་ཀྱི་ལུང་ཞུས། ངེད་རང་དང་སྡེ་པ་ཕྱོགས་མཐུན་དུ་ཚེ་མཐའ་ཡས་པའི་ཆོ་ག་ལ་བརྟེན་ནས་རིང་འཚོའི་རྟེན་འབྱུང་མཛད། སྐུའི་འཕྲོད་བསྟེན་དུ་འོལ་དགའི་ཆབ་ཚན་ལ་ཕེབས་པའི་དགོས་ཆ་རྣམས་གྲ་བསྒྲིགས། ཆབ་ཚན་སྐུ་ལ་ཤིན་ཏུ་འཇུག་པའི་ཞར་བྱུང་རྫིང་ཕྱིའི་བྱམས་པ་མཇལ་བ་གནང་ནས་ཚུར་ཕེབས་པ་དང་སྡེ་པ་ཤིན་ཏུ་བསྙུན་པ་གཉིས་འགྲིག་པར་བྱང་གཏེར་ལྕགས་སྡོང་མའི་ཚེ་དབང་བརྒྱ་རྩ་སྩལ་བ་བྱིན་རླབས་ཀྱི་རྟེན་འབྲེལ་འགྲིག །དགུན་དཔྱིད་ཀྱི་རིང་དཔལ་གྲོ་གཞིས་ཁར་སྟན་ཆགས། རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ། ཆོས་རྗེ་བཅོ་བརྒྱད་པ། གཏེར་སྟོན་རིགས་འཛིན་ཆེན་པོ་རྣམས་ལ་ཚེ་དབང་གི་རིམ་པ་གསན། དེ་ཕྱིན་སྐུ་མཚམས་ངོས་འཇིགས་བྱེད་ར་ལུགས་ཀྱི་སྒྲུབ་མཆོད་དང་མཐུན་པར་ཚོར་དྲིལ་བུ་ལྷ་ལྔའི་མངོན་དཀྱིལ་གྱི་ཐུགས་རྩོམ་གནང་། ཆུ་སྟག་སོས་ནས་ཆར་ཆུ་ཆེ་བ་བྱུང་ན་གཟིམས་ཁང་ཐང་ཁྱད་ནས་ལྷོ་མོས་སུ་སྤོ་པ་མཛད།ཧོར་ཟླ་བདུན་པའི་ནང་དུ་ཆོས་རྗེ་བཅོ་བརྒྱད་པ། གནས་གསར་དཔོན་རིན་པོ་ཆེ། འདར་པ་ཆོས་མཛད་བློ་གསལ་བསྟན་འཛིན་སོགས་དོན་གཉེར་ཅན་འགའ་ཞིག་ལ་བྲག་རྫོང་མ་ཕྱི་ནང་གསང་གསུམ། རྩ་གསུམ་འཁོར་ལོ་བཞི་ལ་བརྟེན་པའི་གསང་འཁྲིད་མགོན་པོ་ཞལ་གྱི་ཕྱི་ནང་གི་འཁྲིད། རྣམ་སྲས་ལྔ་ཕྲག་ལྔའི་རྗེས་གནང་། གུར་ཞལ་དང་རྣམ་སྲས་(༤༨བ)


GLG009_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བེའུ་བུམ་རགས་རིམ་གྱི་ལུང་སོགས་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བའི་ཚེ་གནས་གསར་དཔོན་དང་འདར་པ་ཆོས་མཛད་ལ་ཕོགས། ཆོས་རྗེ་བཅོ་བརྒྱད་པར་ཟུར་གསོས། དབང་ཆོས་གནང་བའི་ཕྱག་དཔེ་སོགས་དགོས་ཆ་མཐུན་རྐྱེན་ཐམས་ཅད་བསྒྲིགས། མཁྱེན་རབ་ཀྱི་དབང་ཕྱུག་བཅོ་བརྒྱད་ཆོས་རྗེར་ཀླུ་སྒྲུབ་ལུགས་ཀྱི་བཅུ་གཅིག་ཞལ་གྱི་དབང་། ཀུན་མཁྱེན་རོང་པོ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སངས་རྒྱས་རིན་ཅེན་གསུམ་གྱི་བཀའ་འབུམ་གྱི་ལུང་གསན། ཞབས་དྲུང་དཔོན་ལ་ཆིག་བརྒྱུད་ཧ་ལ་ནག་པོའང་ཆོས་ཀྱི་བདག་པོར་དགོངས་ཏེ་རྫོགས་པར་སྩལ། ཞབས་པད་བརྟན་པའི་རྟེན་འབྱུང་དུ་བདེན་བརྗོད་ཀྱི་ཚིགས་བཅད། དབུ་ཞྭ་ནས་བཞུགས་འདིང་བར་གྱི་ན་བཟའ་ཡོངས་རྫོགས། བཀྲ་ཤིས་པའི་དར་དཀར་དང་བཅས་ཕུལ། སྐྱིད་དཔེ་ནས་དང་དར་མོ་ནས་སྒོ་བསྟུན་གྱིས་རྩ་ལྟོ་སྦྲགས་མའི་སྐུ་སྦྱོངས་ཕུལ་བས་བསྙུན་རོ་གཞི་མེད་ལྟ་བུར་གདངས། ངེད་རང་གིས་གསར་བསྒྲིགས་བདེ་མཆོག་ལ་ཞུ་དག་ཞིབ་ཏུ་མཛད། ཧོར་ཟླ་བཅུ་གཅིག་པའི་ནང་དུ་གདན་ས་གོང་ནས་བདག་ཆེན་རིན་པོ་ཆེ་ཡབ་སྲས་ཕེབས་སྐབས་རྗེ་ཉིད་པོ་ཏ་ལར་སྟན་ཆགས། ཡབ་སྲས་གཉིས་དང་ཕྱོགས་མཚུངས་སུ་ལོ་ཆེན་རིན་བཟང་གིས་སྤྱན་དྲངས་པའི་མགོན་པོ་ཤིང་དྲུང་མ་དང་གནམ་ལྕགས་རྡོ་རྗེ། རྗེ་བཙུན་རིན་པོ་ཆེ་གྲགས་པ་དང་འཕགས་པ་རིན་པོ་ཆེ་གཉིས་ཀྱི་དབུ་ཐོད། ས་པཎ་གྱི་ཞུན་ཐིགས་འཇམ་དབྱངས་སེང་ཞོན། སློབ་དཔོན་པདྨའི་ཕྱག་གི་པད་ཕུར་ཁམས་གསུམ་རྣམ་རྒྱལ་དང་བསྙེན་ཕུར་ཆུ་བོ་གྱེན་བཟློག །མཁར་ཆེན་བཟའི་ཕྱག་རྡོར་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་སྐུ་ཤམ་ལ་འདྲ་སྐུ་བྲིས་པ་(༤༩ན)


GLG009_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་མཇལ་ཁ་ཕུལ། བདག་ཆེན་ཡབ་སྲས་བསམ་ཡས་སུ་ཆིབས་ཁ་བསྒྱུར་ནས་ངེད་རང་གིས་འཇིགས་བྱེད་རྭ་ལུགས་ལྷ་བཅུ་གསུམ་མ་དང་། ཀླུ་སྒྲུབ་ལུགས་ཀྱི་བཅུ་གཅིག་ཞལ་གྱི་དབང་སོགས་ཆོས་བཀའ་ཁ་ཡར་ཞུས། ཁྱབ་བདག་བླ་མ་གཙང་ལ་ཕེབས། ཚར་པ་སྣའི་ལམ་དོག་སར་རྟ་རྒྱག་པོ་ཞིག་ཁལ་བསྐྱུར་ནས་འུར་བ་དཔོན་སློབ་ཚོའི་སྟེང་དུ་མཆོངས་སྟབས་སུ་འོངས་པ་སྒ་འགྱུར་པའི་བུག་པ་ལ་ལག་པ་གཉིས་འགྱུས་ཏེ་བཀྱིག་པ་ལྟར་གྱུར། དེ་མིན་ཆག་གྲུམས་ཆེན་པོ་ཡོང་ཉེན་པ་བཟློག་པའང་རྗེ་ཉིད་ཀྱི་ཐུགས་རྗེ་དང་རྡོ་རྗེའི་ཆོས་སྲུང་རྣམས་ཀྱི་ནུས་མཐུའོ། །དཔལ་འཁོར་ཆོས་སྡེར་ཕེབས་ཉིན་ས་ཞལ་གྱི་གྲ་གཙང་རྣམས་ཀྱིས་ཆིབས་བསུ་རིན་ལྡིང་པ་སྒེར་གྱིས་ཐབས་སུ་ཞ་ལུའི་མཁན་པོ་རྣམས་ཀྱི་སོལ་རྒྱུན་བཞིན་གླིང་གསེབ་ཏུ་ཆིབས་མ་གཞོལ་བར་གུར་ཁང་དུ་ཕེབས་ནས་གཞིས་ལེན་བཟབས། སྐུ་མཚམས་ཤིན་ཏུ་དམ་པས་རྡོ་རྗེ་འཇིགས་བྱེད་ཀྱི་ལྗགས་བསྙེན་བཙུགས། འདི་ནས་བརྟག་པ་ཕུལ་བའི་དོན་བཞིན་རིན་ལྡིང་གྲ་ཚང་དུ་ཚེ་ཆོག་བརྒྱ་རྩ་དང་འཆི་བླུ་ཚར་ལྔ་བཅུ། ཆོས་སྡེ་སྤྱི་དང་སྒེར་དུ་གུར་པ་རིན་ལྡིང་པ་གཉིས་ལ་མང་ཇ་རྣམ་གཞག་རྒྱས་པར་མཛད། བཀའ་ལས། ས་སྐྱ་ཞབས་དྲུང་ཕེབས་པའི་རྣམ་གཡེང་ཙམ་མ་གཏོགས་བླ་མ་ཐུགས་རྗེ་ཅན་གྱི་བཀའ་དྲིན་ལ་གནས་ཁང་སྐྱིད་པ་ཆུ་འཕྲོད་པ་ཐུགས་དམ་འཕེལ་བ། ཁམས་བཟང་བ་བདེ་ཞིང་སྐྱིད་པ་བྱུང་ལགས། ས་སྐྱ་ཞབས་དྲུང་གི་ཕེབས་སྒོར་ངེད་ཚོ་ཡོངས་པས་ཐུགས་དམ་ལ་ཐུགས་སུན་མ་བྱུང་ངམ་གསུང་བ་འཇིགས་བྱེད་ལ་བསྙེན་པ་བྱས་པས་འཇམ་དབྱངས་སྤྲུལ་པ་དང་མཇལ་བ་བསྙེན་རྟགས་སུ་འགྲོ་མོད་ཞུས་ཞེས་གསུངས། གདན་ས་གོང་གི་ཞབས་དྲུང་རིན་པོ་ཆེ་(༤༩བ)


GLG009_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དང་མི་འདྲ་བའི་གསན་རྒྱ་འདུག་ནའང་གསུང་ངག་སློབ་བཤད་ཀྱི་འཁྲིད་ལུང་ཙམ་ལས་མ་བྱུང་འདུག་པ་བསྟན་རྒྱུན་ལ་དགོངས་ནས་གསན་དགོས་པའི་སྙན་འབུལ་ཕུལ་བ་བླ་ཆེན་སྤྱི་རིགས་ཀྱི་བཟང་བརྫུ་འུག་པ་སྦོས་པ་ལྟ་བུའི་སྟོང་ལྡིར་མི་གནང་པར་དགོངས་པར་བསྟད་སོང་བ་བཞིན་དཔོན་སློབ་གཉིས་ལ་ལེགས་སོའི་ཞུ་མཆིད་དང་མགོན་ཁང་ཚོར་འཕྲིན་བཅོལ་གྱི་སྙན་དར་སོགས་སྐད་གཉིས་སྨྲ་བར་ཕུལ་བ། བཀའ་ལས། དབོན་པོ་ལོ་ཙཱ་བ་ལ་ཐུགས་དམ་བཀའ་ཤོག་རིན་པོ་ཆེ་བྱི་བ་ལ་གླང་ཆེན་སྦྲང་བུ་ལ་མཁའ་ལྡིང་། ཕྱུག་པོའི་བུ་ལ་རྣམ་ཐོས་སྲས་སུ་བསྔགས་པ་ལྟ་བུའི་གསུང་རྡོ་རྗེའི་ཚིག་གནང་སྦྱིན་གྱ་ནོམ་པ་དང་བཅས་སྤྱི་བོར་ཕེབས་པ་དང་ལྷན་དུ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱའི་མགོན་ཁང་སོ་སོར་སྙན་དར་འཕྲིན་བཅོལ། རིགས་ལྡན་འཇམ་པའི་རྡོ་རྗེ་གོང་བཞུགས་རིན་པོ་ཆེར་ཡང་བསྔགས་བརྗོད་གནང་ཆ་དང་བཅས་ཕེབས་པ་བཞིན་ཟླ་བ་དྲུག་པའི་ཚེས་བཅུ་གཅིག་ལ་ཤབ་ལ་ཕྱིན་ཞེས་གསུང་བ་ལྟར་གདན་ས་བར་དགེ་སྡིངས་བཀྲ་ཤིས་བསམ་གྲུབ་ཏུ་འཇམ་མགོན་ས་སྐྱ་པ་ཆེན་པོའི་ཞབས་ཕྱིར་གནས་གསར་ཞབས་དྲུང་དབོན་སོགས་དོན་གཉེར་ཅན་དུ་མ་ལ་གསུང་ངག་རིན་པོ་ཆེ་སློབ་བཤད་བཙུགས་པ་སྣང་གསུམ་གྲོལ་མཚམས་བདག་ཆེན་རིན་པོ་ཆེ་ཕུར་སྒྲུབ་ལ་ཆིབས་ཁ་སྒྱུར། རྗེ་ཉིད་ལྗགས་བསྙེན་ཁ་གསོའི་སྐབས་བདུད་རིགས་ཀྱི་འཚུབ་ལྷོངས་ཀྱིས་སྐུ་ལྟེམ་བབས་ཤིན་ཏུ་ལྕི་བ་བྱུང་བའི་ཚེ་ནུབ་ཀྱི་མནལ་ལམ་དུ་བུད་མེད་ལུས་ཐོག་ཚད་གང་ཙམ་པ་གཙང་མོའི་གོས་རྒྱན་ལམ་ཙམ་བྱས་པ་བརྗིད་ཆགས་པ་དེའི་གཡས་དཔོན་ས་རྒྱལ་མཚན་པ། དཔོན་ས་ཚེ་བརྟན་པ། །བུད་མེད་གཞན་ཞིག་དང་(༥༠ན)


GLG009_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འགའ་འདུག་པས་ཕྱག་འཚལ་ཞིང་དཔོན་ས་རྒྱལ་མཚན་པས་དར་དཀར་པོ་འབུལ་ཚད་ཚད་བྱེད་པ་བྱུང་བར་བསྟན་སྲུང་མ་ཆེན་མོའི་ཆོ་འཕྲུལ་དུ་དགོངས། རེ་ཞིག་ཆོས་མཚམས་མི་གནང་ཀ་མེད་ནས་ཞ་ལུར་ཕེབས་གནས་ཚུལ་སྐྱེལ་བར་དཔོན་པོ་ལོ་ཙཱ་བ་བྱུང་བར་སྐུ་རིམ་གྱི་བརྟག་བབས་སོགས་རྒྱུ་མཚན་གྱི་ཞིབ་ཆ་ཕུལ། དཔོན་ཚང་སྐྱིད་དཔེ་བས་ཞལ་སྐྱུགས་ཐེངས་གཉིས་དྲངས་པས་བདེ་སྐྱིད་ཆེ་ངེས་བྱུང་། བསམ་ཡས་སུ་གསོལ་མཆོད་གནང་དགོས་གདན་ས་གོང་གི་སྣེ་སྦྱོར་བཀའ་ཤོག་དང་བཅས་རྡོར་ལེགས་པ་ཟླ་བ་བདུན་པའི་མཇུག་ཏུ་འབྱོར། བསམ་ཡས་སུ་ཆོས་རྗེ་རྐན་ཕུ་བ་རྫོང་བདའ་བྱེད་ཁ་དང་འགྲིག་པས་གསོལ་ཆས་བཀའ་ཤོག་སོགས་བསྐུར་ནས་རྡོར་ལེགས་པས་འདི་ཁར་ཁྲི་ཕེབས་ཁྱད་ནས་བསྡད། སྐུ་རིམ་ཐེབས་སུ་ནས་ཁལ་ཉིས་བརྒྱ་དངུལ་སྲང་བཅོ་ལྔ་དང་རེ་ཞིག་དབུས་ལ་ཕེབས་པ་བར་ཆད་ཆུང་ངོ་ཤར་བ་སྐུ་ཁམས་ཀྱི་ནམ་ལྕོགས་ལ་བྱོན་ནས་འགབ་པའི་ཕེབས་ལན་ངག་མ་བཅས་རྡོར་ལེགས་བརྫངས། ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་ལ་ཁྱབ་བདག་ཞ་ལུ་པ་ཆེན་པོ་ཕེབས་ཞག་བཞིའི་བར་རྫོང་དུ་བཞུགས། དེ་ནས་ལྷོ་མོས་སུ་བཅད་རྒྱ་དམ་པར་གནང་། དེ་ཡང་ཚལ་པ་སི་ཏུ་དགེ་བའི་བློ་གྲོས་ཀྱིས། མཁས་པའི་ཡུལ་སར་མཁས་པའི་གཏམ་གྱིས་དགའ་བ་བསྐྱེད། །ཆེན་པོའི་མདུན་སར་ཆེན་པོའི་གཏམ་གྱིས་དགའ་བ་བསྐྱེད། །བླུན་པོའི་མདུན་སར་གྲོང་པའི་ཚིག་གིས་དགའ་བ་བསྐྱེད། ཨེ་མ་རྨོངས་པའི་མདུན་སར་ཆལ་ཆོལ་གཏམ་གྱིས་དགའ་བ་བསྐྱེད། །ཅེས་གང་ཟག་སོ་སོའི་བློ་དང་མཐུན་པར་འཇུག་པ་ཞིག་མ་གཏོགས་བརྗོད་པ་མཐའ་དག་རྣ་བར་མི་(༥༠བ)


GLG009_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

འབབ་པའོ། །ཚོགས་བཤད་ཟ་ཟིའི་སྦྱོར་བ་དང་མདོ་སྔགས་ཀྱི་འཁྲིད་ཕྱོགས་རེ་ཙམ་དོན་དུ་གཉེར་པའི་སྐྱེ་བོ་རྣམས་ཀྱི་བློར་ཆུད་དཀའ་བས། འཇམ་དབྱངས་ས་སྐྱ་པཎྜི་ཏས། ལུང་བཟང་འདབ་མའི་ཁུར་གྱིས་ལྕི་གྱུར་ཅིང་། །དྲི་མེད་རིག་པའི་ཟེའུ་འབྲུ་མཛེས་པ་ཅན། །དོན་བཟང་སྦྲང་རྩིའི་བཅུད་ཀྱི་ཟ་མ་ཏོག །བློ་གསར་བུང་བ་འདུ་བའི་དགའ་སྟོན་ཡིན། །ཞེས་རིན་པོ་ཆེ་ལྟ་བུའི་གདུལ་བྱ་མཆོག་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པའང་ཇི་སྐད་དུ། །ཡོན་ཏན་ལྡན་པ་ཡོན་ཏན་ལ་དགའ་ཞིང་། །ཡོན་ཏན་མེད་པ་ཡོན་ཏན་ལ་མི་དགའ། །ནགས་ཀྱི་བུང་བ་མཚོ་ཡི་པདྨ་དགའ། །སྦལ་པ་ལྷན་ཅིག་གནས་ཀྱང་དེ་ལྟ་མིན། །ཞེས་སྦལ་པ་པདྨ་དང་བསྐལ་བར་འགྲོགས་ཀྱང་དགའ་བར་མི་སེམས་ཤིང་བུང་བ་ནགས་ཀླུང་དུ་སྡོད་ཀྱང་། །པདྨའི་བཅུད་མྱང་བ་ལ་བརྩོན་པ་ལྟར་ནཱ་ལནྡ་ནས་རྒྱུད་སྡེ་རྒྱ་མཚོར་མཁྱེན་པའི་སྤྱན་ཡངས་བཅོ་བརྒྱད་ཆོས་རྗེ་བྱམས་པ་ངག་དབང་ལྷུན་གྲུབ། ཁྱབ་བདག་བཀའ་འགྱུར་བའི་དཔོན་གནས་གསར་ཞབས་དྲུང་ནམ་མཁའ་བསོད་ནམས་དབང་གི་རྒྱལ་པོ། ལྕགས་ཟམ་ཆོས་རྗེ་ངག་དབང་བསྟན་འཛིན་ཕུན་སུམ་ཚོགས། འདར་པ་རྗེ་དྲུང་བློ་གསལ་བསྟན་འཛིན། དྲུང་ཡིག་འཇམ་དབྱངས་བསྟན་འཛིན། མཆོད་དཔོན་རིན་ཅེན་འཇམ་དཔལ་སོགས་དོན་གཉེར་ཅན་ཉི་ཤུ་སྐོར་ལ་ཧོར་ཟླ་གཉིས་པའི་ཉེར་ལྔ་ནས་ཆོས་འཁོར་བསྐོར་བའང་ཚར་ཆེན་གྱི་གསུང་མགུར་ལས། ཉམས་ལེན་གདམས་པའི་གཙོ་བོ་ནི། །རྒྱལ་ཡུམ་བདག་མེད་མཁའ་འགྲོ་ལ། །པཎ་གྲུབ་དབང་པོ་བི་རཱུ་པས། །ནོས་པ་ནས་བཟུང་ད་ལྟའི་བར། །རྩ་བའི་བླ་མ་ཡན་ཆོད་དུ། །དབང་བཞིའི་ཆུ་བོ་མ་ནུས་པའི། །བླ་མའི་གསུང་ངག་བདུད་རྩིའི་རྒྱུན། །ཚད་མ་བཞི་ལྡན་དབང་བཞིའི་(༥༡ན)


GLG009_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

ལམ། །རྡོ་རྗེ་ཐེག་པའི་སྙིང་པོ་ཡིན། །ཞེས་བདག་མེད་རྡོ་རྗེ་བཙུན་མོས་མཁས་གྲུབ་ཀྱི་གཙུག་རྒྱན་དཔལ་ལྡན་ཆོས་སྐྱོང་ལ་གནང་བ་ནས་བཟུང་ཟབ་ཆོས་དབང་གི་ཆུ་བོ་མ་ནུབ་ཅིང་སྙན་བརྒྱུད་མཁའ་འགྲོའི་ཁ་རླངས་གདུང་བརྒྱུད་རིམ་པར་ཆིག་བརྒྱུད་དུ་བྱིན་པ་གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱི་དབང་འཁྲིད་ལུང་བྱིན་རླབས་རྣམས་གེགས་མེད་དུ་ཤིན་ཏུ་སྨིན་པར་སྩལ་བའི་རྒྱུན་ནུབ་པ་མེད་པའི་རྟེན་འབྲེལ་གྱི་སྒོ་ཕུན་སུམ་ཚོགས་པ་ནི་དཔལ་མགོན་སྟོབས་འཕྲོག་དབང་པོ་དང་ལས་མགོན་པུ་ཏྲ་ཆེན་པོ་གཉིས་ཀྱིས་འཕྲིན་ལས་བསྒྲུབས་པར་གོར་མ་ཆག །ཆོས་ཞུ་བ་རྣམས་ཀྱིས་སྒྲོལ་དཀར་གྱི་ཚེ་ཆོག་འཆི་བླུ་དང་འབྲེལ་བའི་བརྟན་བཞུགས་ཕུལ་ཞིང་དཔོན་སློབ་སོ་སོ་ནས་ཆོས་སྐྱོང་རྣམས་ལ་གཏང་རག་དང་ཚོགས་མཆོད་རྒྱས་པར་མཛད་དོ། །རྩ་ཆེན་བླ་མའི་སྙན་བརྒྱུད་བདུད་རྩི་སོགས། །སྨིན་གྲོལ་ལུང་གི་བགྲངས་ཡས་སྒོ་ཕྱེ་ཚེ། ཁྱབ་བདག་རྡོ་རྗེ་སེམས་དངོས་ཞ་ལུ་པར། །ངེས་རྙེད་གཞན་དུ་འཚོལ་བའི་སྤྲོས་པ་བཅད། །འཁོན་སྟོན་འཇམ་དཔལ་རྡོ་རྗེ་ཡབ་སྲས་ནས། །རིགས་ཀྱི་བདག་པོར་བཀུར་པའི་ཆེ་ཆུགས་གཞུ། །དམན་འགྲོར་རྗེས་བརྩེའི་རྒྱུད་ཀྱིས་རབ་བཀུག་པའོ། །ལྷག་བསམ་མར་མེ་མཛད་དཔལ་ཚུལ་ལ་འགྲན། །མདོ་རྒྱུད་གདམས་པའི་ཚོང་ཟོང་རིན་ཅེན་དཔྱ། །རིས་མེད་གཞན་ལ་གཏོང་དང་རང་ཉིད་ཀྱིས། །བླངས་ནས་ལུང་རྟོགས་ནོར་བུའི་བློ་གྲོས་མཛོད། །ཡོངས་སུ་གང་བྱེད་དེད་དཔོན་གཞན་ན་ཅི། །ཐུབ་བསྟན་སྲོག་ཟུངས་འཛིན་ཁྱོད་ཟིལ་མངར་བཅུད། །ཕྲོག་བདུད་སྔ་ཕྱིར་ལངས་པའི་སྒྲ་གཅན་མགྲིན། །མཆོག་གསུམ་ཐུགས་རྗེ་བསྐུལ་དང་དྲང་སྲོང་གི །དམོད་དབལ་རྡོ་རྗེ་སྲིན་པོའི་(༥༡བ)


GLG009_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོས་བཅད། །སྦྱོར་ངན་ཡུན་དུ་ཞེན་པའི་བསྙུན་གྱི་དྲི། །མ་དག་ཟུག་རྔུ་འབྱིན་པའི་མཐོ་རིས་ཆུ། །འདྲེན་པའི་རོ་ནུས་སྦྱོར་སྡེ་འཕྲུལ་པོ་ཆེ། །བྱེད་པོ་ལྷ་ཡི་སྨན་པ་ཐ་སྐར་སྐྱེས། །བློ་གྲོས་རབ་ཡངས་རྐྱེན་གྱིས་མི་གཡོ་བརྟན། །ཀུན་བཟང་མཆོད་པ་མཐའ་ཀླས་དཀྱིལ་འཁོར་ལ། །སྤྲོ་བའི་དབང་གི་རྒྱུན་ཉམས་སླར་གསོ་བ། །བསྟན་ལ་གཅིག་ཏུ་ཆེ་བའི་མཛད་པའི་ཕུལ། །མ་དང་མཁའ་འགོའི་ཁ་རླངས་ཀཏྤུ་རའི། །གཟེགས་མ་ཕྱོགས་བརྒྱར་འཕྲོ་བ་གསར་པའི་གཏེར། །མི་བསུན་འབྱུང་པའི་ཚ་ངད་ཡོངས་བཅིལ་བ། །གན་ཇག་ཐང་ཏའི་རྣམ་པར་སྤྲུལ་ལས་བཞས། །ཆས་དཀོན་ཟབ་དོན་སྣོད་དུ་རིགས་སད་པར། །སྙན་བརྒྱུད་ཚད་མ་བཞི་ལྡན་གསུངས་པའི་མོད། །དཀྱིལ་འཁོར་ལྷ་ཚོགས་དགྱེས་པའི་བདེན་ཚིག་གླུ། །ལེན་ཞིང་སྲིད་མཐར་འཕེལ་བའི་ཤིས་པ་བརྗོད།།དེ་ལྟར་རྗེ་འདི་ཉིད་ཀྱིས་དམ་པའི་ཆོས་གསན་པ་དང་གར་ཐིག་དབྱངས་སྐར་རྩིས་སོགས་གནས་ཀྱི་སློབ་དཔོན་རགས་རིམ་གོང་དུ་གསལ་བ་བཞིན་དང་། གཞན་ཡང་རྩེ་གདོང་ཁྲི་ཆེན་ཀུན་དགའ་བསོད་རྣམས་ལྷུན་གྲུབ་བཀྲ་ཤིས་གྲགས་པ་རྒྱལ་མཚན། ས་སྐྱ་སྒར་ཆེན་མཐུ་སྟོབས་དབང་ཕྱུག །འབྲུག་པ་ཞབས་དྲུང་བསྟན་པའི་ཉི་མ། འབྲུག་པ་སྤྲུལ་སྐུ་རིན་པོ་ཆེ་བློ་བཟང་མི་ཕམ་དབང་ཕྱུག །ངམ་རིང་མཁན་ཆེན་ཀླུ་སྒྲུབ་ཆོས་ཀྱི་རྒྱལ་མཚན། ཞ་ལུ་མཁན་པོ་ནམ་མཁའ་ཆོས་ལྡན། ཆོས་ལུང་མཁན་ཆེན་ཐུག་པོ་པ་ལུང་རིགས་ཀུན་དགའ་རྒྱ་མཚོ། བཟང་ལྡན་མཁན་པོ་རྒྱལ་རྩེ་བ་ཀུན་དགའ་བསོད་ནམས་གྲགས་པ། བསམ་སྡིངས་སྤྲུལ་སྐུ་བདེ་ཆེན་མཚོ་མོ། ལྕོག་གྲ་སྤྲུལ་སྐུ་ངག་དབང་སྙན་གྲགས་བཟང་པོ། །(༥༢ན)


GLG009_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་སྨན་ལུང་པ་བློ་མཆོག་རིག་པའི་རྡོ་རྗེ། ཆོས་རྗེ་དཀོན་གཉེར་དཔོན་དགེ་སྟེང་པ་བྱམས་པ་ཀུན་དགའ་འབྱུང་གནས། མངའ་རིས་འོད་གསལ་མཆོག །དགོན་པ་སྒྱི་ལུང་བ་སྔགས་འཆང་སྐྱོ་སྟོན་དཔལ་འབྱོར་ཚེ་བརྟན་ཁང་རྙིང་སློབ་དཔོན་དགེ་སློང་བསམ་གཏན། སྡེ་པ་གནས་གསར་པ་ནམ་མཁའི་མཚན་ཅན། ཀུན་མཁྱེན་དཔལ་བཟང་དབང་པོ། །བླ་ཆེན་སདྒྷ་ཤྲཱི། ཞ་ལུ་བླ་ཆེན་རིན་ཅེན་འོད་ཟེར། རས་ཆེན་ཀུན་དགའ་ལྷ་དབང་། ཁྲོ་ཕུ་དུས་ཞབས་པ་དཔལ་རྒྱས་དབང་པོ། ཁང་རྙིང་སློབ་དཔོན་རིན་ཅེན་ཚུལ་ཁྲིམས། རྩེ་ཆེན་དུས་འཁོར་སློབ་དཔོན་ཆོས་ཀྱི་རྗེ་བཀྲ་ཤིས་རྒྱལ་མཚན། སྣར་ཐང་པཎ་ཆེན་གྲགས་པ་དཔལ་འབྱོར། མངའ་རིས་རྒྱལ་ཚབ་པ་བརྩོན་འགྲུས་རྒྱལ་མཚན། ལྷོ་སྟོད་སྡེ་པ་དབྱངས་ཅན་སྤོབས་པ་བཟང་པོ། རི་ཁྲོད་དབུ་མཛད་བསམ་གྲུབ་རྒྱལ་མཚན། གྲུབ་ཆེན་བཀྲ་ཤིས་དོན་གྲུབ། བླ་མ་རིན་པོ་ཆེ་བསམ་གྲུབ་རྒྱལ་མཚན། མངའ་རིས་ཕྱག་རྡོར་བ་སོགས་མང་དུ་སྣང་། དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་པའི་སློབ་མའི་གྲངས་ཆེས་མང་ནའང་རགས་རིམ་ཙམ་བརྗོད་ན་རྗེ་བཙུན་ས་སྐྱ་བ་ངག་དབང་བསོད་ནམས་དབང་ཕྱུག་ཡབ་སྲས། ཁྱབ་བདག་བཀའ་འགྱུར་བ་ཆེན་པོ། གླང་ཕུ་ཆོས་རྗེ་རིན་པོ་ཆེ། རྒྱལ་རྩེ་ཞབས་དྲུང་བྱམས་པ་ངག་དབང་བསོད་ནམས་རྒྱལ་མཚན། བཟང་ལྡན་མཁན་པོ་རྒྱལ་རྩེ་ཀུན་དགའ་བསོད་ནམས་གྲགས་པ། ཚོགས་བྱེ་རྫིང་མཁན་པོ་སངས་རྒྱས་བཟང་པོ། ལྕགས་ཟམ་སྤྲུལ་སྐུ། ལྷ་ཁང་མཁན་ཆེན། ལོ་ཕུ་མཁན་ཆེན་བྱམས་པ་ངག་དབང་(༥༢བ)


GLG009_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བཟང་། བཅོ་བརྒྱད་ཆོས་རྗེ་བྱམས་པ་ངག་དབང་ལྷུན་གྲུབ་ཁུ་དཔོན། གནས་གསར་ཞབས་དྲུང་དབོན་ནམ་མཁའ་བསོད་ནམས་དབང་གི་རྒྱལ་པོ། ཁྱབ་བདག་ཁྲ་ཚང་བ་ཆེན་པོ། ཆོས་རྒྱལ་གཏེར་བདག་གླིང་པ། མཚན་སྒྲོག་མཁན་པོ་ངག་དབང་འཕྲིན་ལས། སྒེར་པ་རྗེ་དྲུང་ངག་དབང་བསྟན་འཛིན་ཕུན་ཚོགས། ཆོས་རྗེ་དཀོན་གཉེར་དཔོན་དགེ་སྟེང་པ་previous hit བྱམས་ཀུན་དགའ་འབྱུང་གནས། ངོར་ནས་མཁན་སྒྲུབ་ཁང་་དཔལ་མཆོག་རྒྱལ་མཚན། མཁན་དཔལ་གླིང next hit་པ་བསོད་ནམས་རྒྱལ་མཚན། མཁན་ཐར་རྩེ་པ། ཤར་པ་ཀླུ་སྡིངས་ཡེ་ཤེས་པ། སྒྲུབ་ཁང་དཔོན་པོ་ཤཱཀྱ་དོན་གྲུབ། ཐར་རྩེ་དབོན་པོ། ཞ་ལུ་ནས་མཁན་པོ་སྐུ་ཞང་། སློབ་དཔོན་རིན་ཅེན་ཚུལ་ཁྲིམས། བླ་ཆེན་དགེ་འདུན་དཔལ་བཟང་། དུས་འཁོར་སློབ་དཔོན་བཀྲ་ཤིས་རྒྱལ་མཚན། དཀར་པོ་སློབ་དཔོན་ཀླུ་སྒྲུབ་རྒྱལ་མཚན། རི་ཕུག་དབུ་མཛད་སངས་རྒྱས་འོད་ཟེར། ཁང་རྙིང་སློབ་དཔོན་མཁྱེན་རབ་རབ་བརྟན། རབ་རྒྱས་སློབ་དཔོན་རིན་ཅེན་ཆོས་འཕེལ། གྲང་ཆེན་སློབ་དཔོན་བློ་བཟང་བཀྲ་ཤིས། དཀར་པོ་སློབ་དཔོན་མཁྱེན་རབ་དར་རྒྱས། བླ་ཆེན་རིན་ཅེན་ཕུན་ཚོགས། བླ་མ་བསོད་ནམས་རྒྱ་མཚོ། དབྱེ་དམར་བླ་མ་སངས་རྒྱས་ཆོས་འཕེལ། གོང་དཀར་ཆོས་སྡེ་ནས། གྲ་ཐང་མཁན་པོ་འཕྲང་འགོ་སྡེ་པ་ཆོས་རྗེ། སློབ་དཔོན་རྣམ་མཁྱེན་གྲོང་པ། ནམ་མཁའ་མཛོད་པ། མཚུངས་མེད་ཉི་མ་གླིང་པ། ཀུན་བཟང་རྩེ་པ་དཔལ་ལྡན་ཚུལ་ཁྲིམས། མཁས་གྲུབ་དགེ་བའི་དབང་པོ། བླ་མ་རབ་འབྱམས་པ་རིན་ཅེན་རྒྱ་མཚོ། མཁས་པའི་དབང་པོ་དགེ་སློང་འཕྲིན་ལས་པ། དཔོན་སློབ་རིག་པ་རྣམ་(༥༣ན)


GLG009_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ། བླ་མ་རྣམ་རྒྱལ་བཀྲ་ཤིས། ཐེག་མཆོག་གླིང་པ་དགེ་སློང་འཇམ་དབྱངས་སོགས་ཆོས་འཆད་པ། དཔལ་འཁོར་ཆོས་སྡེ་ནས། ལྷ་བོ་སློབ་དཔོན་བཀྲ་ཤིས་རྒྱ་མཚོ། གསེར་བཀང་སློབ་དཔོན་དགའ་བདེ་ནས། ཆོས་འཁོར་སློབ་དཔོན་མཁས་མཆོག་བསྟན་པའི་སྒྲོན་མེ། རིན་ལྡིང་སློ་དཔོན་ཀུན་དགའ་བྱམས་པ་དང་རིན་ཅེན་བཟང་པོ། previous hit བྱམས་ཆེན་སློབ་དཔོན། གུར་་སློབ་དཔོན་རྣམས་དང་། གཞན་ཡང་དགའ་ལྡན་གསུང་རབ་གླིང ་སློབ་དཔོན་གནས་ལྔ་རིག་པ་གུང་ཐང་པ་བཤེས་གཉེན་རྣམ་རྒྱལ། སྐྱེད་ཚལ་འོག་མཁན་པོ་ཁྱུང་། འཛམ་གླིང་ཆོས་འཁོར་གྱི་བླ་མ། འབའ་ར་སྤྲུལ་སྐུ། གཡུ་མཚོ་སྐུ་སྐྱེ། དབྱེ་ཁང་བླ་མ་མངའ་བདག་པ། འདར་པ་རྗེ་དྲུང་བློ་གསལ་བསྟན་འཛིན། སྙེ་མོ་རུའི་མཁན་པོ་རྒྱལ་མ་པ། ཁྲོ་ཕུ་དུས་ཞབས་པ། རྒྱལ་བྱེད་ཚལ་བཤད་གྲྭའི་བླ་མ། ལྷོ་སྟོད་པ་དབྱངས་ཅན་སྤོབས་པ་བཟང་པོ། མངའ་རིས་ཕྱག་རྡོར་པ། དབུ་མཛད་བློ་བཟང་ཡོན་ཏན། མཆོད་དཔོན་ངག་དབང་ཤེས་རབ། དགེ་སློང་འཇམ་དབྱངས་གྲགས་པ། དཔལ་གྲོང་སྔགས་རམས་པ། དཔོན་ཚང་དར་མོ་བ། དྲུང་ཡིག་འཇམ་དབྱངས་བསྟན་འཛིན། འབྲས་སྤུངས་བསམ་བློ་རབ་འབྱམས་པ་སྤྱིན་པ། དགེ་སློང་བཀྲ་ཤིས་དོན་གྲུབ། མ་ཎི་བ་རིན་ཅེན་དགའ་ལྡན་སོགས་ཆེས་མང་། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་གཟིམས་ཆུང་དང་སྦྲགས་པའི་རི་ཕུག་གི་ཐང་ཁ་ཆོས་ཁྲི་ལ་གསེར་གྱི་རྒྱ་ཕིབས་དགོས་ཚུལ་ཕེབས་ནན་བཞིན་རྒྱུག་མཐོ་བཅོ་བརྒྱད་ཀྱི་ཁྱོན་ཚད་གྲུབ་པར་ཉེ་སྐབས་དང་། སྡོམ་གསུམ་དུ། སོ་སོ་ཐར་པའི་བསྟན་པ་ནི། །ནུབ་ཀྱང་གཟུགས་(༥༣བ)


GLG009_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་ཙམ་ཞིག་སྣང་། །རྡོ་རྗེ་ཐེག་པའི་བསྟན་པ་ནི། །གཟུགས་བརྙན་ཙམ་ཡང་མི་སྣང་ངོ་། །ཞེས་དེང་སང་རྒྱུད་སྡེ་བཞིའི་སྨིན་གྲོལ་མཚན་ཉིད་དང་ལྡན་པ་ནི་ཤིན་ཏུ་དཀོན་ཞིང་བསྟན་པ་ཕྱི་དར་གྱི་འགོར་འཇིག་རྟེན་གྱི་མིག་གཅིག་པུ་རིན་ཅེན་བཟང་པོ་སོགས་ཀྱི་བཀའ་དྲིན་ལས་རྣལ་འབྱོར་རྒྱུད་དར་རྒྱས་ཆེ་བ་རིམ་གྱིས་འགྲིབ་པར་ཉེ་བ་ན། ཀུན་མཁྱེན་བུ་སྟོན་གྱིས་བསྟན་པ་གསོ་བར་བཞེད་ནས་ཡིག་འཇོག་དང་ཕྱག་ལེན་གཙོ་བོར་མཛད་ཅིང་། མཁྱེན་རབ་ཆོས་རྗེས་ང་དགའ་ལྡན་ནས་རྒྱལ་བ་བུ་སྟོན་ཆོས་རྗེས་རྣལ་འབྱོར་རྒྱུད་ཀྱི་བསྟན་པ་སྤེལ་བར་བཏང་པ་ཡིན་ཏེ་ལག་རྗེས་བློ་ཁ་རྫོགས་པ་ཞིག་མ་བྱུང་། ཆོས་རྗེས་དྲུང་དུ་རྣལ་འབྱོར་རྒྱུད་ལ་བྱ་བ་བྱས་ཚུལ་ཞུར་འགྲོ་དགོས་པ་ཡོད་ནའང་། ངོ་གནོང་བ་ལས་མེད་གསུང་བ་རྣམ་ཐར་དུ་གསལ་ཞིང་། ཁྱབ་བདག་བཀའ་འགྱུར་པ་ཆེན་པོས། རྣལ་འབྱོར་རྒྱུད་འདི་ཕྱག་ལེན་དཀའ་ལ་དཀོན་པ་འདུག་པས་དར་ཞིང་རྒྱས་པ་ཞིག་བྱུང་ན་བསམས་གོང་དཀར་ཆོས་སྡེར་ཡོ་ག་སྒྲུབ་མཆོད་ཉིན་གཅིག་སྤར་ཐུབ། ད་ཞ་ལུར་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གསུམ་པོ་སྒོ་བཞིའི་ཕྱག་ལེན་གར་དབྱངས་རྒྱས་པ་ཞིག་ཚུགས་ལ་རེ་ཡིན་ཞེས་རྗེ་འདི་ཉིད་ལ་གསུང་གླེང་བྱུང་བ་སོགས་ལ་བརྟེན་བསྟན་པའི་འཕེལ་རྒྱས་དང་བླ་མ་རྣམས་ཀྱི་བཞེད་པ་སྐོང་བྱེད་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གསུམ་པོ་ཁྲོ་སྤྲོ་གར་དབྱངས་སོགས་ཆ་ཚང་བའི་སྟེང་འཇིགས་བྱེད་དང་གནས་བཅུ་མཆོད་པ་གཉིས་བསྣན་ཏེ་ཁག་བཅོ་ལྔ་ཉིན་བཅོ་ལྔའི་བར་གྱི་སྒྲུབ་མཆོད་རྡོ་རྗེ་འཆང་གནས་གསར་བ་ཁུ་དབོན་དང་མཁས་གྲུབ་དཔལ་ལྡན་དོན་གྲུབ་ཀྱི་དགོངས་རྫོགས། དམ་པ་ཉིད་ཀྱིས་ལམ་གྱི་བོགས་འདོན་པའི་ཚོགས་གསོག་ལ་དགོངས་ཏེ་(༥༤ན)


GLG009_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲས་བཏགས། རྣམ་རྒྱལ་གྱི་མཆོད་རྟེན། སྐུ་བེར་ལེགས་པ། ཁ་ཐི་དམར་སེར་དང་རྒྱན་བཞི་སོགས་གོས་ཡུག་ལྔ། མཎྜལ་མདོང་མོ་ལྔ་བཅུ་མ་བཅས་ཁྱོན་བསྡོམས་དངུལ་སྲང་སུམ་བརྒྱ། རྟ་ལྔ། དྲེའུ་གཉིས། རས་དཀར་ཡུག་རྣམས་ཀྱི་རྟེན་སྤམས་མཐོ་བ་དང་བཅས་བཀའ་ནན་ལྕི་བ་ས་འབྱེད་ཀྱི་སྒོ་དོད་པས་ཡོ་གའི་བསྟན་པ་ལ་ལོ་ཙཱ་བ་ཆེན་པོ་རིན་ཅེན་བཟང་པོ་སླར་ཡང་བྱོན་པ་ལྟ་བུར་སྣང་། གསུང་ངག་རིན་པོ་ཆེ་གྲུབ་ནས་དེང་སང་སྐུ་ངལ་གསོ་བ་དང་སྦྲགས་གསན་ཡིག་བསྒྲིགས་པ་གནང་སྐབས་ཡིན་ཞིང་། རྡོ་རྗེའི་ཁྲི་ལ་གཡོ་བ་མེད་པར་བཞུགས་ཏེ་དམ་པའི་ཆོས་ཀྱི་འཕྲིན་ལས་གདུལ་བྱའི་རྒྱུད་ལ་ཆད་པ་མེད་པར་འཇུག་པ་ཕུན་སུམ་ཚོགས་པའི་རྟེན་འབྲེལ་ལྷུན་གྱིས་གྲུབ་བཞིན་པ་འདི་ལྟར་ལགས་སོ། །ཨ་ཧོ་དམ་པའི་ཡོན་ཏན་ནམ་མཁའི་ཚད། །འཇལ་བའི་དཀའ་ཐུབ་མེས་པོས་བསྐལ་བ་བརྒྱར། །བླངས་ཀྱང་ཕ་མཐའ་མ་རྙེད་ཟག་བཅས་ཀྱི། །གཉིས་ལ་གཡུར་ན་བདག་བློ་ཕྲ་མོས་ཅི། །ངོ་མཚར་མཛད་པ་མང་པོའི་ཚིག་ཚོགས་ཀྱི། །ཕང་ཕུང་ལོ་མས་དོན་གྱི་ཟེའུ་འབྲུ་སྒྲིབ། །ཐུན་མོང་འགྲོ་ངོར་སྨིན་པའི་འབྲས་བུའི་བཅུད། །མྱངས་ན་གཟུར་གནས་ལྗགས་ཀྱི་དབང་པོ་ཚིམ། །སངས་རྒྱས་སྲས་བཅས་ཕྱོགས་དེར་བསྔགས་པ་ཡི། །བསོད་ནམས་ཕུང་པོ་ཟད་མཐའ་གྲངས་ཡས་ན། །གདན་གསུམ་ཚང་བའི་སྡེ་དཔོན་རྟོགས་བརྗོད་གླུ། །བླངས་འདིས་བསྐལ་གསུམ་ཚོགས་རྣམས་དང་འདུམས་སྙམ། །མ་དག་འཁོར་བ་མཐའ་བྲལ་ཚང་ཚིང་ནགས། །མི་དགེ་རྣམ་སྨིན་གཅན་གཟན་རྒྱུ་བའི་སྲང་། །མུ་མེད་ལས་སྒྲོལ་བཤེས་གཉེན་བཀའ་དྲིན་གྱིས། །མེ་ཏོག་མདའ་ཅན་གཡུལ་དེ་གཅིག་ཏུ་ཕམ། །གདྒཱའི་རྡུལ་གྱིས་མཚོན་མིན་(༥༤བ)


GLG009_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་བའི་ལུས། པུས་པོའི་ལྷ་ང་སར་བཙུགས་གུས་ཕྱག་འཚལ། །ཕྱི་ནང་གསང་མཆོད་བློ་འདས་རང་སེམས་ངོར། །ཡོངས་འཕྲོད་ནམ་མཁའ་མཛོད་ཀྱི་སྒོ་འཕར་དབྱེ། །སྡིག་ལྟུང་མཚན་གྱི་སྨག་རུམ་སྟོབས་བཞི་ཡི། །གསར་པའི་སྐྱ་རེངས་ཀྱིས་བསངས་སྙིང་ནས་བཤགས། །ཐེག་གསུམ་སྐྱེ་འཕགས་ཡོངས་ཀྱིས་བྱས་སོ་ཅོག། སྟོན་ཟླའི་མདངས་འཛིན་དགེ་ལ་ལྷག་པར་རངས། །བགྲང་ཡས་རྒྱུད་སྡེ་རྒྱ་མཚོའི་ཆོས་འཁོར་ཀུན། །ཐུབ་བསྟན་དེ་སྲིད་བར་དུ་བསྐོར་བར་བསྐུལ། །མགོན་ཁྱོད་ངེས་པ་ལྔ་ལྡན་ལོངས་སྐུ་བཞིན། །བསྐལ་བརྒྱར་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །འདིས་མཚོན་རྣམ་སྨིན་དཀར་པོར་བསགས་པའི་ལས། མ་ལུས་མུ་མཐའ་ཡས་པའི་སེམས་ཅན་ཚོགས། །བྱང་ཆུབ་འགོད་ཆེད་རྡོ་རྗེའི་སློབ་དཔོན་ཞབས། །གཡུང་དྲུང་ལྟ་བུར་མི་གཡོའི་རྒྱུ་རུ་བསྔོ། །དཔྱད་གསུམ་ཀུན་ནས་དག་པས་ཡིད་ཆེས་གནས། །གནས་ལུགས་གསོང་པོར་བརྗོད་པ་འཁྲུལ་བྲལ་ཚིག །ཚིག་དོན་ལུང་རིགས་འབྲེལ་འདི་བློ་ལྡན་ཚོགས། །ཚོགས་ཀྱི་དབུས་སུ་དགའ་བའི་གཏམ་དུ་ལོང་། །ཟབ་ཟབ་རྟོགས་པར་དཀའ་བའི་རྣམ་པར་ཐར། །སྙན་སྙན་བརླིང་པོའི་སྡེབ་སྦྱོར་ཉེར་སྤངས་ཏེ །ཡང་ཡང་རང་གི་ཡིད་ལ་གོམས་པ་ཙམ །གསལ་གསལ་མཆོག་དམན་ཡོངས་ལ་ཕན་ཕྱིར་བཀོད། །ལེགས་བྱས་ཕུང་པོར་སྤུངས་འདིས་ཡང་སྲིད་ཀུན། །དགེ་བའི་བཤེས་གཉེན་མུ་ཐི་ལ་ཡི་ཆར། །རྟག་ཏུ་བབས་ནས་གཏན་མདུན་ཟླ་བཞིན་མ། །འགྲུབ་པའི་བསྐལ་བ་བཟང་པོར་འགྱུར་བར་ཤོག །ཅེས་གདན་གསུམ་ཚང་བའི་རྡོ་རྗེའི་སློབ་དཔོན་མཁན་ཆེན་ཞ་ལུ་པ་ཚེ་དབང་ལྷུན་གྲུབ་རབ་བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དཔྱོད་ལྡན་ཡིད་(༥༥ན)


GLG009_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

དབང་འགུགས་པའི་ལྕགས་ཀྱུ་འདི་ནི་མཁྱེན་རབ་ཀྱི་དབང་ཕྱུག་བཅོ་བརྒྱད་ཆོས་རྗེ་བྱམས་པ་ངག་དབང་ལྷུན་གྲུབ་ལྷ་རིགས་འ་ཞའི་རྡོ་རྗེ་འཛིན་པ་ནམ་མཁའ་བསོད་ནམས་དབང་གི་རྒྱལ་པོ། ལྕགས་ཟམ་ཆོས་རྗེ་ངག་དབང་བསྟན་འཛིན་ཕུན་ཚོགས་གསུམ་གྱིས་གསུང་ངག་བརྒྱུད་པའི་ཁ་སྐོང་ལ་རྩོམས་ཤིག་པར་བསྐུལ་མ་མཛད་པས་མཚམས་སྦྱར་རང་ཉིད་ཀྱང་མཆོག་ཏུ་དད་པའི་སྤྲོ་བ་ཆེན་པོས་ཀུན་ནས་བསླངས་ཏེ་རྗེ་བླ་མས་རེག་ཟིག་ཏུ་མཛད་པ་ལ་གཞི་བྱས་འཕགས་པའི་ཡུལ་དུ་ཨཱ་ན་ལ་ཞེས་མེ་དང་། མང་བཀུར་རྒྱལ་པོའི་ཁབ་ཏུ་བིང་ཤིང་ཞེས་གཡུ་འབྲུག་གོས་དམར་ཅན་གྱི་ལོ་ཆུ་སྟོད་ཟླ་བའི་ཤེས་རབ་ཀྱི་ཆའི་བཟང་པོ་གཉིས་པ་པ་སངས་ནམ་གྲུའི་འགྲུབ་སྦྱོར་གྱི་དུས་དགེ་བར་ཟ་ཧོར་གྱི་རིགས་ལས་ལོ་རྒྱུས་སྨྲ་བའི་བཙུན་པ་འཇམ་དབྱངས་དགའ་བའི་བཤེས་གཉེན་དུ་འབོད་པས་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་སྤུན་བདུན་པ་ལྷུན་གྲུབ་རྒྱ་མཚོས་བགྱིས་པ་ཕྱོགས་དུས་གནས་སྐབས་ཀུན་ཏུ་ལ་ཀྵྨཱ་བྷ་ཝནྟུ། །མངྒ་ལཾ།། །།


previousདུས་གསུམ་གྱི་བདེ་བར་གཤེགས་པ་མ་ལུས་བའི་ངོ་བོ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དཔྱོད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ།no next