Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

8 occurrences of བྲག་ཡེར་པ་
[Clear Hits]


  
 
ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་གྱི་རྣམ་ཐར་ཐེག་མཆོག་བསྟན་པའི་ཤིང་རྟ།
  
  
  
  


8 occurrences of བྲག་ཡེར་པ་
[Clear Hits]

 
previousཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་གྱི་རྣམ་ཐར་ཐེག་མཆོག་བསྟན་པའི་ཤིང་རྟ།next

ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་གྱི་རྣམ་ཐར་ཐེག་མཆོག་བསྟན་པའི་ཤིང་རྟ།


GLG009_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་གྱི་རྣམ་ཐར་ཐེག་མཆོག་བསྟན་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།


GLG009_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤྲཱི་མཏྟྲཻ་མཱལཱ་ཡ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་རང་གཟུགས་རབ་འབྱམས་ཞི་ཁྲོའི་དཀྱིལ་འཁོར་རྒྱ་མཚོ་སྤྲོ་ཞིང་སྡུད་པའི་ཁྱབ་བདག་ཀུན་བཟང་ཧེ་རུ་ཀཿ རིག་སྔགས་འཆང་བའི་འཁོར་ལོས་སྒྱུར་བའི་ཟློས་གར་མཁན་ཟུར་ཆེན་ཐམས་ཅད་མཁྱེན་པ་ཆོས་ཀུན་ཀ་དག་དབྱིངས་ནས་རང་སར་གྲོལ་བ་དཔལ་འབྱོར་འཕྲིན་ལས་རབ་རྒྱས་ཀྱི་རྣམ་པར་ཐར་པ་ཐེག་མཆོག་བསྟན་པའི་ཤིང་རྟ་ཞེས་བྱ་བ་བཀའ་དྲིན་མཉམ་མེད་དཔལ་ལྡན་བླ་མ་དམ་པར་ཕྱག་འཚལ་ཞིང་སྐྱབས་སུ་མཆི་ན་ཞབས་ཟུང་འཁོར་ལོའི་རི་མོ་རང་རིག་གདོད་མའི་རང་ཞལ་མངོན་གྱུར་དེ་སྲིད་འབྲལ་བ་མེད་པར་བརྩེ་བས་རྗེས་སུ་བཟུང་དུ་གསོལ། སྤྲོས་པའི་མཚན་མ་ཡོངས་དང་ཉེར་བྲལ་ངོ་བོ་ཆོས་སྐུའི་མཁའ་ཀློང་ལས། །རང་བཞིན་ལྷུན་གྲུབ་གསལ་འགྲིབ་མེད་པ་ལོངས་སྤྱོད་རྫོགས་སྐུ་ཉིན་མོར་བྱེད། །སྐུ་དང་ཡེ་ཤེས་རང་གདངས་འགགས་མེད་སྣ་ཚོགས་སྤྲུལ་སྐུའི་ཐར་འཕྲེང་ཅན། །རྒྱལ་ཀུན་སྤྱི་གཟུགས་ཆོས་དབྱིངས་རང་སར་གྲོལ་བའི་(༢ན)


GLG009_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་དེས་དགེ་ལེགས་སྩོལ། །མདོ་རྒྱུད་གཙུག་ལག་དཔལ་གྱི་འབྱོར་བ་ལ། །མངའ་སྒྱུར་མཆོག་དམན་གདུལ་བྱ་མ་ལུས་པར། །ཆད་མེད་འཇུག་པའི་ཆེས་དཀར་འཕྲིན་ལས་རྒྱུན། །རབ་རྒྱས་རྡོ་རྗེ་འཛིན་ཁྱོད་ཕྱག་གི་གནས། །ངག་དབང་འཇམ་མགོན་གྲུབ་པས་ཐོག་མཐའ་བར། །བཀྲ་ཤིས་རྣམ་གསུམ་འཁོར་ལོའི་མཛད་བཟང་ནོར། །ཀུན་ནས་ཡིད་དགའི་འདོད་པ་འཇོ་བའི་གཏེར། །དམ་པའི་ངོ་མཚར་རྟོགས་བརྗོད་གླེང་བའི་གཞི། །རྒྱ་གར་རིགས་འཛིན་བརྒྱད་ཀྱི་ཡོན་ཏན་ཆ། །རབ་གང་རྗེ་འབངས་ཉེར་ལྔའི་ནུས་མཐུའི་ཐེར། །བྱིན་རླབས་ག་བུར་གཟེགས་མ་འབུམ་འཛག་པ། །གདུང་མུན་སེལ་ལ་ཟླ་མེད་ཟླ་བའི་མཆེད། །འཁོར་འདས་ཀུན་ལ་ཡ་ང་བྲལ་བའི་རྩལ། །རྫོགས་ཆེན་འདུས་མ་བྱས་པར་ལྷུན་གྲུབ་པ། །ཤཱཀྱ་སེང་གེ་གཟུགས་གཞན་ཡོངས་བསྒྱུར་བའི། །མངལ་སྐྱེས་པདྨཱ་ཀ་ར་བྱོན་ཏམ་ཅི། །ཐ་དད་འཆར་སྒོའི་འབུམ་ཕྲག་ཆུ་ནང་དུ། །ཤར་ཟླ་རང་གི་ངོ་བོ་མི་གཏོང་ཞིང་། །འཇིག་རྟེན་ཁམས་རྡུལ་གྲངས་ཀྱི་དཔོགས་མིན་(༢བ)


GLG009_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

པ། །འདྲེན་པའི་ཁྱད་པར་དབྱེ་ནུས་རྣམ་མཁྱེན་ཙམ། །འོན་ཏེ་ཤེལ་དཀར་ཁ་དོག་གཅིག་པུ་ལ། །བརྒྱ་ཕྲག་ཚོན་གྱི་མདངས་འོད་འཆར་བ་ལྟར། །གདུལ་བྱའི་དབང་པོར་འཚམ་པ་སྒྱུ་མའི་གར། །སྐྱེ་བ་མེད་ལས་སྐྱེ་བའི་ཆོ་འཕྲུལ་ཤར། །ལྔ་རིག་ཤེས་བྱའི་ཐང་ཕུང་ལོ་མའི་ཁུར། །འཐིབས་པོར་ལྕི་ཡང་མདོ་སྒྱུ་སེམས་ཕྱོགས་ཀྱི། །དོན་བཟང་རོ་བརྒྱའི་འབྲས་བུས་ཡོངས་དུད་པ། །བཤེས་གཉེན་དཔག་བསམ་ལྗོན་པའི་ཁྱད་པར་ཆོས། །འགྲོ་ཀུན་དུབ་པའི་སྨིན་ལེགས་འཁྱོག་ཟུར་གྱིས། །གཞན་ཕན་ཐུགས་བསྐྱེད་གཞོན་ནུ་ཉེར་ཁྲིད་ཀྱང་། །མི་དགེའི་ནུ་འབུར་རེག་བྱར་རྗེས་ཆགས་བློ། །བག་ཡོད་རྣམ་གསུམ་ཁྲིམས་ཀྱིས་རིང་དུ་བཏང་། །གསར་རྙིང་ཆོས་ཀྱི་བཀའ་རྣམས་གངས་ལྗོངས་འདིར། །སྡུག་པོ་ལག་ན་རྡོ་རྗེ་མི་ཡི་གཟུགས། །བསྒྱུར་བའི་སྐུ་གསུང་ཐུགས་ཀྱི་མཛད་པའི་ཚད། །ཆུ་གཏེར་གཏིང་བཞིན་བདག་འདྲས་ག་ལ་རྙེད། །མཁའ་མཐའ་ཟད་ནས་ལྡོག་མིན་རང་ནུས་ཙམ། །ཚད་དུ་བྱེད་པའི་འདབ་ཆགས་རྗེས་འགྲོ་བར། །རང་བློས་གང་དཔོགས་དད་པའི་སོར་མོ་ཡིས། །རྟོགས་བརྗོད་རྒྱུད་མངས་ལས་དྲངས་གླུ་དབྱངས་ལེན། །དེ་ཡང་ཐམས་ཅད་མཁྱེན་པ་ཆོས་སྐྱོང་བཟང་པོའི་གསུང་ལས། གང་གི་གསུང་ཟེར་ཆ་ཙམ་གྱིས་ཀྱང་སེང་གེ་འཕྲོག་བྱེད་ནོར་གྱི་གཉེན་སོགས་ཀྱི། །གཞུང་ལུགས་ཀུན་དའི་ཚལ་རྣམས་ཟུམ་མཛད་གསེར་མངལ་ཅན་དང་དཔལ་མགྲིན་ལ་སོགས་པ། །འཇིག་རྟེན་འདི་ན་ཆེ་བར་རབ་གྲགས་ལྷ་མཆོག་ཀུན་གྱིས་གང་གི་ཞབས་པད་ལ། །གུས་པས་བཏུད་པའི་ལྷ་མིའི་བླ་མ་ཟས་གཙང་སྲས་པོས་རྟག་ཏུ་དགེ་ལེགས་མཛོད། །ཅེས་ཡུལ་རྣམ་པ་ལ་ཆེད་དུ་བརྗོད་པའི་སྒོ་ནས་ཤིས་པ་བརྗོད་པ་དང་། འཇམ་དབྱངས་ས་པཎ་གྱི་(༣ན)


GLG009_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

སྡེབ་སྦྱོར་མེ་ཏོག་ཆུན་པོ་ལས། གང་གིས་སྲིད་དང་རྣམ་གྲོལ་རྣམ་གསུམ་གྱི། །ཐེ་ཚོམ་དྲ་བ་ཀུན་ནས་འབྲེལ་མཛད་པ། །དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །འཇམ་མགོན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །ཞེས་ཡུལ་ཁྱད་པར་ཅན་ལ་ཕྱག་བྱ་བ། མཁས་པའི་དབང་པོ་སྟག་ཚང་ལོ་ཙཱ་བས། རྒྱལ་བའི་གསུང་རབ་མཐའ་དག་གསུངས་དང་ནི། །ཏིང་གི་མཐའ་ཅན་ལེགས་སྦྱར་ལྷ་ཡི་སྐད། །བྱིངས་དང་རྣམ་འགྱུར་རྐྱེན་གྱི་རང་བཞིན་དུ། །གནས་ཕྱིར་འཕགས་ཡུལ་མཁས་རྣམས་ཚུལ་འདིར་རོལ། །ཞེས་བརྡ་སྤྲོད་ཀྱི་བརྗོད་བྱའི་གཙོ་བོ་དངོས་པོ་ངེས་པར་བསྟན་པ་ལྟ་བུས་མཚོན་ཏེ་སྔོན་བྱོན་གྱི་མཁས་པ་རྣམས་བསྟན་བཅོས་ཀྱི་ཐོག་མར་གསུམ་པའམ་གང་རུང་རེ་མཛད་པའི་རྗེས་སུ་འབྲངས་ཏེ་ཚིགས་སུ་བཅད་པ་སྔོན་དུ་བཏང་ནས་གླེང་བར་བྱ་བ་ནི། རིག་སྔགས་འཆང་བའི་འཁོར་ལོས་བསྒྱུར་བ་ཁྱབ་བདག་རྡོ་རྗེ་སེམས་དངོས་ཆོས་དབྱིངས་རང་གྲོལ་གྱི་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ།(༣བ)


GLG009_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གདམས་གླེགས་བམ་རིན་པོ་ཆེ་ལས། ང་སྙིང་རྗེ་ཆེ་བས་ཞིང་ཁམས་དག །ང་སྣ་ཚོགས་སྤྲུལ་པ་སྟོན་ན་ཡང་། །རྒྱུད་མ་དག་རྣམས་ལ་ཅི་ཆ་ཡོད། །ང་བུ་མེད་རྣམས་ལ་བུར་སྟོན་ཡང་། །མ་སྙིང་མེད་མ་ལ་ཅི་ཆ་ཡོད། །མི་དབུལ་པོ་དག་ལ་ནོར་སྟོན་ཡང་། ཁོང་མངོན་ཤེས་མེད་ལ་ཅི་ཆ་ཡོད། །ཐང་སྐམ་པོ་དག་ལ་ཆུར་འབྱིན་ཀྱང་། །མི་མངོན་ཤེས་མེད་ལ་ཅི་ཆ་ཡོད། །མི་ནད་ཀྱིས་གདུངས་ལ་སྨན་སྟོན་ཡང་། །ནད་སྒྲིབ་པས་གཡོགས་ལ་ཅི་ཆ་ཡོད། །ང་ཁྲིམས་ལྡན་མཁན་པོའི་སྐུར་སྟོན་ཀྱང་། །ང་ཐུགས་རྗེ་ཆེན་པོར་ང་ཡིས་ཤེས། །ང་གནས་ལྔ་མཁྱེན་པའི་པཎྜི་ཏ། །རྒྱུད་གང་ལ་གང་ཕན་སྟོན་གྱུར་ཀྱང་། །མི་མཁས་པར་རློམ་ལ་ཅི་ཆ་ཡོད། །ཅེས་པ་ལྟར་སངས་རྒྱས་སྲས་དང་བཅས་པ་རྣམས་ནི་གདུལ་བྱའི་མོས་པ་སྣ་ཚོགས་པའི་དབང་ལས། མཁས་པ། གྲུབ་པ། བརྟུལ་ཞུགས་སྤྱོད་པ། སྦས་ཚུལ་ཅན། འཁོར་ལོས་བསྒྱུར་བའི་རྒྱལ་པོ། རྒྱལ་ཕྲན། བློན་པོ། སྣ་བོ། ཁྱིམ་བདག །བུད་མེད། བྱ། རི་དྭགས། གྲུ་ཟམ། ཟས་གོས་གནས་མལ་སོགས་སྤྲུལ་པ་སྣ་ཚོགས་བསྟན་ནས་སེམས་ཅན་གྱི་དོན་མཛད་པའི་ཚད་ནི་སྤྱན་དང་མངོན་པར་ཤེས་པ་མངའ་བ་མ་གཏོགས་ཚུར་མཐོང་བྱིས་པའི་བློ་ཅན་རྣམས་ཀྱིས་བརྗོད་པའི་ཡུལ་མིན་ནའང་། སྐུའི་སྐྱེས་རབས་དང་ཐུགས་རྒྱུད་གཅིག་པས་འགྲོ་དོན་མཛད་ཚུལ་རགས་པ་ཙམ་རྡོ་རྗེའི་གསུང་དྲི་མ་མེད་པ་འདི་ལྟ་སྟེ། གུ་རུ་པདྨ་སིདྡྷི་ཧཱུྃ། འདིར་སྐྱེས་རབས་ཤིག་དགོས་གསུངས་པ་ལ་མགོན་པོ་འབྲི་གུང་པ་དང་རྒྱལ་བ་གཡུང་གི་གསུང་ལས་སློབ་མ་དད་པ་ཆེས་ན་སློབ་དཔོན་ཟོག་པོར་གཏོང་གསུང་བ་བཞིན། ཐོག་མེད་ནས་རྣམ་སྨིན་གྱི་ལུས་བླངས་པ་ལ་ཐུག་པ་མེད་མོད། དེའི་ནང་ནས་(༤ན)


GLG009_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལུས་ཆོས་ལྡན་བར་མ་ཆད་ཀྱི་སྐྱེ་བ་བླངས་པ་ནི་སྲིད་མཐའ་ཙམ། ངན་འགྲོར་སྐྱེས་པའི་རབས་ནི་བརྗོད་ཀྱང་དགོས་རྒྱུ་ཆུང་། བླ་མ་དང་ལྷག་པའི་ལྷས་རྗེས་སུ་བཟུང་སྟེ་འགྲོ་དོན་ནུས་པ་ནི་ཁ་ཡར་བླངས། འོན་ཀྱང་འདི་ནས་འདིར་སྐྱེས་ཞེས་པའི་སྐྱེས་རབས་སྟོན་མཁན་ནི་མ་མཆིས། རང་གིས་ཤེས་པ་ལ་ནི་མཁྱེན་གཉིས་ཀྱི་སྤྱན་མེད་པའི་སྟེང་ཉམས་གྲིབ་དང་དད་ཟས་ཀྱི་སྒྲིབ་པས་མོག་མོག་པོར་སོང་བས་ཤེས་པར་དཀའ། འོན་ཀྱང་སྐབས་འགར་གསལ་སྣང་ཙམ་དང་ལུང་གི་ཟིན་ཚུལ་ཙམ་བྱེ་མ་ལ་མར་ནག་གི་དཔེ་ལྟར་དམ་ཚིག་གཙང་ཕྱིར་ཞུ་ན། དེ་ཡང་གྲང་སོ་གཏེར་སྟོན་རིགས་འཛིན་སྟོབས་ལྡན་དཔའ་བོའི་གཏེར་བྱང་ལས། ཀུ་མཱ་ར་ཡི་སྤྲུལ་པ་ཞིག །དགའ་བའི་ཚུལ་སྟོན་བར་ཆོད་སེལ། །ཞེས་ཆོས་བདག་ཏུ་ངོས་འཛིན་གནང་བ་དང་། དེ་དང་མཐུན་པར་རིགས་འཛིན་སྲོག་སྒྲུབ་ཀྱི་ཆོས་བདག་ལུང་བསྟན་དུ། དབང་ཆེན་ཆེ་མཆོག་བྱིན་བརླབས་པའི། །བྱང་སེམས་འགྲོ་འདུལ་མཐུ་སྟོབས་བདག །རིགས་འཛིན་ཀུ་མཱའི་ཡང་སྤྲུལ་གྱིས། །ཟབ་གནད་གདམས་པའི་བཀའ་བབས་ཐོབ། །གང་བརྩམས་ལས་སྦྱོར་མྱུར་རྟགས་ཐོན། །ཞེས་དང་། འདི་དང་སྔོན་ཚེ་ཆེ་མཆོག་སྤྲུལ། །ཞི་དུལ་སྒོ་ནས་དྲག་པོ་རུ། ཁྲོས་ནས་མ་རུངས་ཀུན་འཇོམས་པ། །མཐུ་ཡིས་འཛམ་གླིང་དུས་གནས་བདེ། །ཞེས་གསུངས་པས་དུས་གསུམ་མཁྱེན་པ་སློབ་དཔོན་ཆེན་པོའི་སྤྱན་སྟར་གཉགས་བན་དུ་ངོས་བཟུང་ཞིང་། དེ་རྗེས་གོ་རིམ་ངེས་མེད་འགྲོ་དོན་ནུས་ཙམ་དུ་སྐྱེས་པ་ནི། ལ་སྟོད་དམ་པ་དམར་པོར་སྐྱེས། ཡེར་པ་ནས་ཆོས་རྒྱལ་སྲོང་བཙན་གྱིས་སྦས་པའི་གཏེར་ཁ་ཁ་ཡར་བླངས་པའི་གསལ་སྣང་ཙམ་བྱུང་། དེ་རྗེས་ཟུར་མོ་དགེ་འདུན་(༤བ)


GLG009_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་དུ་སྐྱེས་པ་ཞིག་དྲན་ཞིང་ད་ལྟ་སྔ་འགྱུར་གྱི་བསྟན་འཛིན་ཕལ་མོ་ཆེའི་ཐུགས་སྲས་སུ་འགྱུར་བའི་རྒྱུ་མཚན་དེ་ལྟར་ལགས་དེ་ནས་བར་སྐབས་མལ་ཡེར་པ་བའི་གཏོར་གཤོམ་བཙུན་མར་སྐྱེས་པའི་འབགས་པ་ཤོར་བས་སྐྱེ་བ་དེའི་འོག་སྤོས་དང་དབུས་སུ་རིའི་བྱིའུ་ཞིག་ཏུ་སྐྱེས་པ་གསལ་པོར་དྲན་ཀྱང་མ་དག་པའི་སྐྱེ་བ་བརྗོད་ཀྱིས་མ་ལང་། སླར་ཡབ་སྲས་གཉིས་ཀས་རྗེས་སུ་བཟུང་བའི་བག་ཆགས་ཀྱིས་ཞང་གཡུ་བྲག་པའི་ཞབས་ཟིན་ཙམ་དུ་གང་ནས་སངས་རྒྱས་འབུམ་ཞེས་པར་སྐྱེས། སྒོམ་སྡེའི་ཁྲི་དང་ཕུག་རོན་གྱི་བརྒྱ་དཔོན་གྱི་ཁྲལ་འཇལ་ཙམ་མ་གཏོགས་བསྟན་པའི་བྱ་བ་རླབས་ཆེན་མི་ཡོང་བའི་རྒྱུ་མཚན་དེ་ཡིན། དེ་རྗེས་སྨན་ལུང་པའི་སྲས་སུ་སྐྱེས། ཁྲ་ཚང་དགོན་པའི་ནགས་ཁྲོད་དུ་བསྡད་པ་གསལ་པོར་དྲན། བསྟན་པ་ལ་ཕན་ཐོགས་ཇི་ལྟར་བྱུང་མ་ཤེས་འདི་མཚམས་གསང་ཕུ་གླིང་སྟོད་དུ་བླ་བྲང་པ་ཆོས་དཔལ་བཟང་པོ་ཞེས་པར་གྱུར། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་སོགས་དགེ་བའི་བཤེས་གཉེན་མང་པོའི་སློབ་དཔོན་བྱས་པ་ཆོས་སྐྱོང་གི་ཉིང་འཁྲུལ་དུ་བསྟན་ནོ། །དེ་ནས་སྟག་མགོ་ཆོས་རྗེ་ཡོན་ཏན་དཔལ་བར་གྱུར། རིགས་འཛིན་རཏྣ་གླིང་པས་རྗེས་སུ་བཟུང་། རྗེ་བཙུན་ཙོང་ཁ་པ་ལ་བསྙེན་པར་རྫོགས་ད་ལྟ་དེ་གའི་བག་ཆགས་ལགས། དེ་རྗེས་རྒྱ་མ་གོག་ཅེས་པར་རྒྱ་མ་ཁྲི་དཔོན་གྱི་རིགས་སུ་གཏོགས་ཙམ་གྲུབ་པའི་དབང་ཕྱུག་ནོར་བུའི་འཕྲེང་བ་ལྟར་བྱོན་པའི་སྲས་ཆེ་འོག་ཏུ་སྐྱེས། མིང་དཀོན་ཅོག་རིན་ཅེན་དུ་གྲགས། ཟིང་པ་སྟག་མགོ་དང་སྣང་གསལ་སོགས་ཀྱི་གདན་ས་ལོ་ཁ་ཤས་བྱས། དེ་ནས་འབྲོམ་ཆུ་རིས་ཀྱི་སྣོད་དུ་ཟུར་གྱི་གདུང་ལས་མིའི་སྲིད་པ་བཟུང་བའི་གནས་ཚུལ་ནི་ད་ལྟའི་འདི་གའོ། །རང་དོན་མ་འགྲུབ་པའི་བསྟན་པ་ལ་ཕན་པའི་རྒྱུ་མཚན་ནི། (༥ན)


GLG009_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་འདུས་ཀྱི་ལུང་བསྟན་བཀའ་རྒྱ་ལས་གསལ་ལོ། །དེ་ནས་གཞན་རིགས་འཛིན་གཏེར་སྟོན་མང་པོའི་ཡོན་བདག་དང་ལས་རྒྱ་དང་། ཆིབས་པ་སོགས་སུ་སྐྱེས་པའི་ཚད་མང་པོ་འདུག་ཀྱང་གང་གསལ་རྣམས་བྲིས་པ་ལགས་པས་རང་བཞིན་གྱི་སྒྲོ་སྐུར་གྱི་གནས་སུ་འགྱུར་བས་གཞན་ལ་མི་སྟོན་པ་མཁྱེན་མཁྱེན། ཞེས་རིགས་འཛིན་གུ་གུ་ཡང་ཝང་གི་རིགས་དབོན་རིག་སྔགས་འཆང་བ་དོན་གྲུབ་བཀྲ་ཤིས་ཀྱིས་ལོ་མང་པོར་ནན་ཏན་གྱིས་ཕེབས་པའི་བཀའ་མ་ཆོགས་པར་བྲིས་པ་ལགས་སོ། །ཞེས་བྱུང་ཞིང་སྤུས་སྲང་ལྷ་རྗེ་བློ་བཟང་ནོར་བུས་དྲི་བ་ཞུས་པར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་ཞང་བློན་སྣ་ཆེན་པོར་འཁྲུངས་ཤིང་ཆོས་རྒྱལ་སྤྲུལ་པ་ལྷ་རྗེ་དགེ་བ་འབུམ་གྱིས་ར་ས་ལ་ཞབས་ཏོག་མཛད་དུས་ངེད་གདན་ས་བ་སངས་རྒྱས་འབུམ་དུ་གྱུར་པས་སྔོན་གྱི་ལས་འཕྲོས་མཐུན་གྲོགས་བྱས་སོགས་མང་པོ་ཞིག་གསུང་བའི་འགོ་བརྩམས་མུར་ཨ་ཁུ་དང་དབོན་པོ་ཆོས་བརྒྱད་བྱུང་བའི་རྐྱེན་བྱས་ཐུགས་བསྙེལ་བའི་ཚུལ་གྱིས་ད་མི་དྲན་པ་འདུག་ཅེས་གསུང་། མ་ཉན་ནན་གྱིས་གསོལ་བས་ཁྱེད་རང་ཡང་ལྷ་སའི་གཙུག་ལག་ཁང་བརྩིགས་དུས་ལས་བསྐུལ་བར་ཡོད་པ་འདྲ་ཞིག་འདུག་པ་སླར་གསལ་པོ་དྲན་བྱུང་ན་རིམ་གྱིས་རྒྱུ་མཚན་བྱེད་ཅིང་ཐེངས་ཤིག་ཡང་བསམ་གྲུབ་གླིང་གི་རྟེན་མཁར་གྱི་རྩ་བར་བུད་མེད་མཆེ་བ་གཙིགས་པ་རལ་པ་སར་ཉིལ་བ་ཞིག་གིས་གཉགས་བན་གཉགས་བན་ཁྱོད་དྲང་སྨན་སྤྱིལ་ཆོས་རྗེ། ལྷ་རྗེ་བློ་བཟང་ནོར་བུ་གསུམ་སྐྱེ་བ་སྔ་མ་སྤུན་ཡིན་པས་ད་ལམ་ཡང་སྙིང་ཏིག་གི་གདམས་པ་ཤོད་ཟེར་བས་སྒྲ་ལྷང་ངེ་བ་གསན་ཚུལ། ཡང་མི་ཞིག་གིས་ཁྱོད་སྒྲོལ་མ་སྐྱབས་ཀྱི་སྐྱེ་བ་ཡིན་ཟེར་བ་དེ་སུ་ཡིན་དྲི་བ་མཛད་པར་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་(༥བ)


GLG009_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་གནས་ང་ཡིན་ཟེར་བྱུང་སོགས་ཁ་ཡར་གསུངས་པས་ཞང་བློན། ཉེ་གནས་སྒྲོལ་མ་བ་གཙང་དུ་ཕེབས་ཚེ་སྤུན་དུ་ཐུགས་དྲན་གསོས་པའི་ལྷ་རྗེ་ཟུར་བུ་ཆེ་ཤཱཀྱ་འབྱུང་གནས་སུ་འཁྲུངས་པ་ཞལ་གྱིས་འཆེས་ནའང་འདིར་མི་གསལ་ལ་ཟུར་མོ་དགེ་འདུན་འབུམ་ལྔ་རྟིང་གཉིས་ཙམ་བྱུང་འདུག་པས་ཤཱཀྱ་འབྱུང་ཕྱི་མའི་ལྕམ་སྲིང་མ་དེ་ཡིན་པར་མཆིས་སྨན་ལུང་པའི་རིགས་སུ་འཁྲུངས་པ་ནི་ཉང་ཆོས་ལྡན་མགོན་པོ་ཡིན་ནམ་སྙམ། གཞན་མའི་ཞིབ་ཆ་ནི་རང་ཉིད་འཆི་བ་མ་དྲན་པའི་བློ་ངན་གཞན་འགེབས་ཀྱི་རྣམ་པས་རྗེ་བླ་མ་དེ་ཡུན་རིང་པོར་བཞུགས་པ་གཞིར་བཅས་ཀྱིས་སླར་ཞུ་ལོང་ཡོང་བའི་ཕྱི་གཤོལ་གྱིས་ཞིབ་པར་མ་འཚལ། དགོངས་འདུས་ཀྱི་ལུང་བསྟན་པ་བཀའ་རྒྱར་གསལ་གསུང་བ་ནི། དེ་དུས་གཉགས་སྟོན་ཡེ་ཤེས་ཀུ་མཱ་ར། །ལས་ཀྱི་གྲངས་ཟད་ལྷ་དང་ཞལ་མི་གཉིས། །རྗེ་ཡི་ཆབ་སྲིད་ང་དང་ལས་ཀྱིས་འབྲེལ། །མ་འོངས་འཇུག་པ་དུས་ཀྱི་མཐར་ལྷུངས་ཚེ། ཁྱོད་ནི་བྱང་ཁམས་སྐྱོང་བའི་རྣལ་འབྱོར་བ། །མི་ཡི་སེང་གེ་ཤེས་རབ་སྟོབས་དང་ལྡན། །ཆ་ལུགས་མ་ངེས་ཅིར་ཡང་སྟོན་བྱེད་ཅིང་། །བསྟན་པའི་སྲོོལ་འཛིན་རྒྱལ་གྱི་མིང་ཅན་ཞིག །གདུག་པ་འདུལ་ཅིང་འགྲོ་བ་དཔག་མེད་འདྲེན། །དེ་དང་དེ་ཚུལ་བསྟན་པའི་མཐར་ཐུག་པར། །ངེས་པར་བསྟན་པའི་མེ་རོ་ཡང་ཡང་སློང་། །དེ་ཕྱིར་བསམ་པའི་གོ་ཆ་བརྟན་པོར་བཟུང་། །ཞེས་གསང་མཚན་པདྨ་དབང་རྒྱལ་དུ་གྲགས་ཤིང་བྱང་ཁམས་ཀྱི་མཐར་ཐུག་པར་མཐུ་སྟོབས་ཀྱི་སྒོ་ནས་བསྟན་པ་འཕེལ་གསང་སྔགས་གསར་རྙིང་གི་ཆོས་རྒྱུན་ཆད་པར་ཉེ་བ་མང་པོའང་གསོ་བ་མཛད། འཕྲལ་ཐུགས་ཆུང་བ་ལྟར་ལ་དོན་འཁོར་འདས་གང་ལའང་ཉམ་ང་མེད་པ་སེང་གེ་ལྟ་བུའི་སྤྱོད་པ་དང་ཐུགས་རབ་ཀྱི་རྩལ་སོགས་གང་ས་ནས་ལུང་བསྟན་ཤིན་ཏུ་(༦ན)


GLG009_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིག་པར་སྣང་ངོ་། །འགྲོ་ལ་རྗེས་བརྩེའི་ཤར་རིའི་ཕྲག་པ་ནས། །སྐྱེས་རབས་ཟླ་བའི་འཕྲེང་བ་མཛད་མེད་དུ། །བསྟན་འགྲོའི་ཀུནྡ་བཞད་པའི་གྲངས་འཛིན་ན། །སྨྲ་བོ་ཐོག་མར་སྤྱན་སྔ་མངོན་ཤེས་སྒྲུབས། །འོན་ཏེ་ཞིང་འདིར་ཡེ་ཤེས་སྒྱུ་མའི་གར། །ཆ་ཙམ་སྐལ་ལྡན་གདུལ་བྱའི་ཨཱ་དཪྴར། །རབ་གསལ་ཀེ་ཏ་ཀས་བགྲུངས་དྭངས་མཚོའི་སྤུན། །ཐེ་ཚོམ་རྙོག་མའི་དྲི་མ་རྒྱང་དུ་བསྲིངས། །ཞི་ཁྲོ་ཀུན་འདུས་ཆེ་མཆོག་ཧེ་རུ་ཀའི། །བཀའ་བབས་གཉགས་བན་ཛྙཱ་ན་ཀུ་མཱ་ར། །བཀའ་གཏེར་བསྟན་པའི་སྲོག་གི་ཟུང་ཆེན་བེར། །སླར་བྱོན་པདྨ་ཐོད་འཕྲེང་གཉིས་པ་བཞིན། །དེ་ཡང་དཔལ་དུས་ཀྱི་འཁོར་ལོ་དང་བདེ་མཆོག་མཁའ་འགྲོ་རྒྱ་མཚོ་སོགས་ལས་གླིང་བཞི་གླིང་ཕྲན་དང་བཅས་པ་ལས་ཀྱི་ས་པར་གསུངས་པའི་བཞེད་ཚུལ་ཡོད་ནའང་ཆོས་མངོན་པར། སྒྲ་མི་སྙན་སྒྲིབ་གསུམ་དུ་འདོད། །ཅེས་དང་། སྡོམ་གསུམ་དུ། གླིང་གསུམ་སྐྱེས་པ་བུད་མེད་ལས། །འགྲོ་བ་གཞན་ལ་སྡོམ་པ་བཀག །ཅེས་སོ་སོ་ཐར་པའི་སྡོམ་པ་སྐྱེ་བ་སོགས་ནས་འདུལ་མངོན་པའི་དགོངས་པའི་ཤུགས་ལ་གླིང་འདི་ཉིད་ལས་ཀྱི་ས་པར་བསྟན་ལ། བདེ་མཆོག་སྡོམ་འབྱུང་དུ། ཤར་གྱི་ལུས་འཕགས་བ་ལང་སྤྱོད། །དེ་བཞིན་བྱང་གི་སྒྲ་མི་སྙན། །གླིང་གསུམ་པོ་ཡི་མི་རྣམས་ནི། །ལོངས་སྤྱོད་ཆེན་པོས་ཡང་དག་འཚོ། །རྣམ་རྟོག་མེད་ཅིང་རྟོག་དཔྱོད་མེད། །བླུན་རྨོངས་བྱེ་བྲག་མི་ཕྱེད་པའོ། །འཛམ་བུ་གླིང་དུ་ལེགས་སྐྱེས་པ། །ལས་ཀྱི་ས་པར་རབ་ཏུ་གྲགས། །ལེགས་བྱས་ཉེས་པར་བྱས་པའི་ལས། །མཆོག་དང་འབྲིང་དང་ཐ་མ་ཡི། །སྐྱེ་བ་སྔོན་མའི་རྣམ་སྨིན་འདིར། །སྐྱེ་བོ་ཀུན་ལ་མཐོང་བར་འགྱུར། །ཞེས་འཛམ་བུ་གླིང་པ་ཉིད་ལས་ཀྱི་ས་པ་དང་ཁྱད་པར་བླང་དོར་གྱི་ལས་ལ་མ་རྨོངས་ཤིང་དབང་པོ་རྣོ་བ་(༦བ)


GLG009_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཤེས་རབ་ཆེ་བས་སློབ་དཔོན་ཀླུ་བྱང་གིས། འོན་ཀྱང་འགོ་སྨོས་པས་གོ་བ་དང་དབང་པོ་རྣོ་ཞིང་གྲིམས་པ་སྟེ། དེས་ན་བྱང་ཆུབ་སེམས་དཔའ་རྣམས་འཛམ་བུའི་གླིང་གི་སྐྱེ་བོའི་གནས་ཀྱི་དབུས་སུ་འཁྲུངས་ཤིང་ཆོས་སྟོན་པར་འགྱུར་རོ། །ཞེས་མཆོག་གི་སྤྲུལ་སྐུའི་ཚུལ་བསྟན་ནས་ཆོས་གསུང་བའི་ས་ཡང་གླིང་འདི་ཉིད་ཡིན་པར་གསུངས་ལ། རི་ཀི་ཨ་ར་ལེའི་རྒྱུད་ལས། གནས་ནི་ཤར་གྱི་ལུས་འཕགས་པོ། །དེ་བཞིན་དུ་ནི་བ་ལང་སྤྱོད། །གནས་ནི་བྱང་གི་སྒྲ་མི་སྙན། །གནས་ནི་དེ་བཞིན་འཛམ་བུ་གླིང་། །གླིང་བཞིར་ལྷ་མོ་བཞི་དང་ནི། །རི་རབ་སྤྱི་བོར་རི་ཀི་བཞུགས། །ཞེས་བཅུ་གསུམ་རྡོ་རྗེ་འཛིན་པ་ཆེན་པོ་འགྲུབ་བྱེད་ས་བཅུ་གསུམ་པ་མངོན་དུ་བྱེད་པ་ལ་ནང་དུ་སྦས་པའི་རྩ་ལྔའི་རླུང་སེམས་དབུ་མར་ཆུད། ཕྱིའི་ཡུལ་ཆེན་ལྔར་བརྟུལ་ཞུགས་སྤྱོད་པས་དེའི་མཁའ་འགྲོ་དབང་དུ་བསྡུས་ས་བཅུ་གསུམ་གྱི་རྟོགས་པ་བསྐྱེད་དོ། །དེའི་རྟོགས་པ་བསྐྱེད་པའི་ཕྱིར་ཡུལ་ཆེན་ལྷག་མ་ལྔར་བསྟན་པ་གླིང་བཞི་དང་རི་རབ་ལ་ངོས་འཛིན་ཏེ། ནང་གི་སྦས་པའི་རྩ་ལྔ་དང་། །ཕྱི་རུ་ཡུལ་ཆེན་ལྷག་མ་ལྔ། །འདུས་པས་བཅུ་གསུམ་ས་བསྐྱེད་པར། །རྣལ་འབྱོར་ཆེན་པོའི་རྒྱན་ལས་གསུངས། །ཞེས་གསུངས་ཤིང་བདེ་མཆོག་ལ་ས་བཅུ་གཉིས་ལས་མ་བཤད་དབང་བདེ་ཆེན་འཁོར་ལོ་ལྷ་ལྔ་པོ་དེ་རང་ལུས་ལ་འགོད་པ་ན་སྙིང་གའི་ནང་གི་འཁོར་ལོ་རྩ་འདབ་བཞི་དབུས་དང་བཅས་པར་བཀོད་ནས་དོན་གྱི་ས་བཅུ་གསུམ་པ་དང་སྤྱོད་པར་མཛད། ཆོས་མངོན་པ་ནས་བཛྲཱ་ས་ར་ཞེས་བོད་སྐད་དུ་རྡོ་རྗེ་གདན་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཁྱོད་དང་འབྱོན་འགྱུར་གྱི་གནས་མཆོག་ལྟེ་བར་བྱས་པའི་བྱང་ངོས་རི་ནག་པོ་བརྒྱུད་དགུ་འདས་པའི་ཕ་རོལ་དུ་གངས་རི་དཔལ་དང་ལྡན་པའང་རི་བོ་སྤོས་ངད་ལྡན་པ་གཉིས་(༧ན)


GLG009_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བར་ན་མཚོ་མ་དྲོས་པ་ཡན་ལག་བརྒྱད་དང་ལྡན་པ། དེའི་ཕྱོགས་བཞིའམ་བྲག་ནས་ཆུ་བོ་ཆེན་པོ་བཞི་ལ་བདུན་རེ་གཡས་ཕྱོགས་སུ་བསྐོར་ནས་ཕྱོགས་སོ་སོར་འབབ། སྤོས་ངད་ལྡན་གྱི་བྱང་དཔག་ཚད་ཉི་ཤུ་ན་བྲག་གསེར་གྱི་བྱ་སྐྱེབས་ཅན་ལྷ་མ་ཡིན་གྱི་ངོས་ཞེས་བྱ་བ། དེ་ནས་རིམ་གྱིས་དཔག་ཚད་ཉི་ཤུ་ན་ཤིང་སཱ་ལ་རྒྱལ་པོ་རབ་བརྟན། དེའི་ཤར་ཕྱོགས་དཔག་ཚད་ཉི་ཤུ་ན་རྫིང་བུ་དལ་གྱིས་འབབ་པ། བརྒྱ་བྱིན་གྱི་གླང་པོ་ཆེ་རབ་བརྟན་བྲག་ཞིང་རྫིང་བུ་གསུམ་ལ་དགུན་དཔྱིད་སྟོན་གསུམ་གྱི་ཟླ་བ་བཞི་སོ་སོར་རྒྱུ་བ། མ་དྲོས་པའི་མཚོར་ཛམྦུའི་ཤིང་འབྲས་བུ་དམར་པོ་རྫ་མ་ཙམ་ཡོད་པ་ཆུའི་ནང་དུ་ལྷུངས་པའི་སྒྲར་བརྟེན་ནས་ལྷོ་གླིང་འདི་ལ་འཛམ་བུའི་གླིང་ཞེས་མིང་ཆགས་པའི་གླིང་འདི་ཉིད་ལ། དུས་འཁོར་ལས། འཕགས་ཡུལ་བོད་ལི་རྒྱ་ནག་དང་། །ཀེ་ལ་ཤ་དང་གངས་ཅན་ཆེ། །ཞེས་ཡུལ་དྲུག་ཏུ་གསུངས་པའི་བོད་ནི། ཇོ་བོ་སྤྱན་འདྲེན་གྱི་ཆེད་དུ་རྒྱལ་བ་འབྲོམ་གྱིས་བོད་སྟོན་རྣམས་ལ་བརྫངས་པའི་འཕྲིན་ཡིག་ཏུ། །ཤིང་རྟའི་དབྱིབས་འདྲ་འཛམ་གླིང་གི །བྱེ་བྲག་བརྗིད་ལྡན་གངས་རིའི་བྱང་། །ལོ་ཧ་ཏེ་འགྲམ་རིན་ཆེན་ཁུངས། ཁ་བ་ཅན་ཞེས་མིང་གྲགས་ན། །བློ་ཆེན་སྟོབས་ལྡན་མི་སྲུན་པ། །བོད་ཅེས་བྱ་བ་གནས་པའི་ཕྱིར། །ཞེས་པའི་རྒྱལ་ཁམས་འདི་ཉིད་ཀྱང་། །འཇམ་དཔལ་རྩ་རྒྱུད་ལས། ང་ཡི་དུས་ནས་ལོ་བརྒྱ་ན། ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་ཁ་བ་ཅན་གྱི་ཡུལ་མཚོས་གང་བ་རིམ་གྱིས་བྲི་ནས་སཱ་ལའི་ལྗོངས་བྱུང་ཞིང་། རྒྱ་གར་གྱི་རྒྱལ་པོ་རཱུ་པ་ཏི་དཔུང་བཅས་གཡུལ་ཕམ་སྟེ་བུད་མེད་ཀྱི་ཆས་སུ་ཞུགས་ནས་འོངས་པ་ལས་རིམ་གྱིས་མིའི་འགྲོ་བ་འཕེལ་བར་བཤད་པ་དང་། གཙོ་བོར་ལག་ན་པདྨའི་སྤྲུལ་པ་སྤྲེའུ་བྱང་(༧བ)


GLG009_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་དང་། འཕགས་མ་སྒྲོལ་མས་བྱིན་གྱིས་བརླབས་པའི་བྲག་སྲིན་མོ་འདུས་པ་ལས་གདོང་དམར་ཤ་ཟན་གྱི་ཕྲུག་གུ་མང་དུ་འཕེལ་ཏེ་བོད་མིའི་རྒྱལ་ཁམས་སུ་གྱུར་པར་འབངས་སྤྱི་ལ་དབང་བའི་རྒྱལ་པོར་འཕགས་པ་རིགས་གསུམ་གྱི་མགོན་པོའི་རྣམ་པར་སྤྲུལ་པ་རིམ་པར་བྱུང་བའི་ཐོག་མར་རྗེ་གཉའ་ཁྲི་བཙན་པོ་བྱོན། དེ་ནས་ལྷ་མོ་དྲི་མ་མེད་པར་ལུང་བསྟན་པའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། །ཞེས་པ་ཐོག་ཏུ་བབས་ཏེ་ཀུན་ཏུ་བཟང་པོའི་རྣམ་སྤྲུལ་ལྷ་ཐོ་ཐོ་རི་སྙན་ཤལ་གྱིས་ཕོ་བྲང་ཡུམ་བུ་བླ་སྒང་དུ་བསྟན་པའི་དབུ་བརྙེས། དེ་ནས་གདུང་རབས་ལྔ་ན་ཕྱག་ན་པདྨའི་སྤྲུལ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོས་མཐའ་འདུལ་ཡང་འདུལ་རུ་གནོན་གྱི་གཙུག་ལག་ཁང་རྣམས་སྔོན་དུ་འགྲོ་བའི་འཕྲུལ་སྣང་དང་ར་མོ་ཆེའི་གནྡྷོ་ལ་བཞེངས། ཇོ་བོ་རྣམ་གཉིས་གདན་འདྲེན་པ་སོགས་བསྟན་པའི་སྲོལ་གཏོད། དེ་ནས་མི་རབས་ལྔ་ན་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གིས་མཁན་སློབ་རྣམ་གཉིས་ཀྱིས་གཙོས་ལོ་པཎ་རྣམས་བླའི་མཆོད་གནས་སུ་བཀུར། ཟན་གཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བརྩིགས། དགེ་འདུན་གྱི་སྡེ་དང་འཆད་ཉན་སྒོམ་སྒྲུབ་ཀྱི་གྲ་བཙུགས་ནས་བསྟན་པ་དར་རྒྱས་སུ་མཛད། རྒྱལ་རབས་གཉིས་ན་ཕྱག་ན་རྡོ་རྗེའི་སྤྲུལ་པ་ལྷ་ཁྲི་ལྡེ་སྲོང་བཙན་གྱིས་ཡབ་མེས་ཀྱི་གསུང་རབ་དགོངས་འགྲེལ་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། རྨ་གཉགས་གནུབས་ཉང་སོགས་ཀྱི་བརྒྱུད་པ་རིམ་པར་བྱོན་པས་མདོ་སྒྱུ་སེམས་སོགས་སྔགས་རྙིང་མའི་བསྟན་པ་རྒྱ་ཆེར་སྤེལ། བསྟན་པ་ཕྱི་དར་ལ་ཇོ་བོ་སྨྲི་ཏི། དཔལ་མར་མེ་མཛད། ཁ་ཆེའི་བསོད་(༨ན)


GLG009_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་པ་ཆེན་པོ་སོགས་ཚད་ཐུབ་ཀྱི་པཎ་ཆེན་དང་། རིན་བཟང་། འབྲོག་མི་སོགས་འཇིག་རྟེན་གྱི་མིག་གཅིག་པུ་ཆེས་མང་བ་རྗེས་འབྲང་དང་བཅས་པས་མདོ་སྔགས་ཀྱི་བསྟན་པ་ཤིན་ཏུ་དར་བར་མཛད་པས་ན། ཁྲོ་ཕུ་ལོ་ཙཱ་བས་པཎྜི་ཏ་ཛ་ཡ་ཤྲཱི་ཅན་མངགས་ནས་བཻ་ཌཱུཪྻའི་ཚོང་འདུས་སུ་ཁ་ཆེ་པཎ་ཆེན་ལ་ཞུ་འཕྲིན་ཕུལ་བར། མ་ག་དྷ་སོགས་རིགས་འབྱུང་གནས་ཀྱང་སྡིག་ཏོ་ཡི། །དམག་ཚོགས་ཀྱིས་བཅོམས་ཨོ་རྒྱན་ཁ་ཆེ་བལ་ཡུལ་ཡང་། །ལོག་སྤྱོད་ཀྱིས་ཁེངས་དེང་སང་བསྟན་སྲོག་ལེགས་གནས་ནི། །བོད་ཡུལ་འདིར་ཟད་སྐྱེས་ཆེན་བྱང་ཕྱོགས་ཞབས་བསྐྱོད་ཞུ། །ཞེས་དཔལ་ལྡན་ཤཱཀྱ་སེང་གེའི་རིང་ལུགས་ཆེས་ཆེར་དར་བ་བོད་ཡུལ་འདིར་རྗེ་བླ་མ་འདི་ཉིད་བསྟན་འགྲོའི་ཆེད་དུ་ཡང་སྲིད་བཟུང་བའི་རིགས་རུས་ཆོ་འབྲང་ནི། མཁན་ཆེན་ལས་ཀྱི་རྡོ་རྗེའི་རྣམ་ཐར་དུ། མི་བརྒྱུད་ལྷ་ནས་ཆད་པ་དང་། ཆུ་བརྒྱུད་གངས་ལས་བྱུང་བ་དགོས་ཚུལ་གསུངས་པ་ལྟར་ཁུངས་བཙུན་པའི་གདུང་རབས་ནི། འོག་མིན་རིག་པ་རང་གསལ་ལྷུན་གྱིས་གྲུབ་པའི་ཞིང་ཁམས་ནས་རང་རིག་གདོད་མའི་སྟོན་པ་ཀུན་ཏུ་བཟང་པོའི་ཐུགས་རྗེ་གཟུགས་ཁམས་བསམ་གཏན་གཉིས་པའི་རྩེ་མོ་འོད་གསལ་ལྷའི་གནས་སུ་འགྲོས་ནས་ལྷ་དབང་པོ་སྨེ་བའི་གཙུག་ཏོར་ཅན་དུ་སྤྲུལ་བས་འོད་གསལ་ལྷ་དབང་གཞོན་ནུ་གཙུག་ཏོར་ཅན་དུ་གྲགས་ཤིང་། ལྷ་རྣམས་ཀྱིས་སྲི་ཞུ་རྒྱ་ཆེར་བསྐྲུན། གདུལ་བྱའི་ཞིང་འཛམ་བུ་གླིང་དུ་ཡོད་པར་དགོངས་ནས་གནས་གོང་མ་རྣམས་ལས་རིམ་གྱིས་བབས་ཏེ་བརྒྱ་བྱིན་གྱི་ཕོ་བྲང་རྣམ་པར་རྒྱལ་བའི་ཁང་བཟང་གི་རྩེ་མོར་བྱོན། རང་འོད་ཀྱི་གུར་ཁྱིམ་དུ་བཞུགས་པར་བརྒྱ་བྱིན་འཁོར་བཅས་ཀྱིས་བསྙེན་བཀུར་ཞིང་མཚན་བདེ་བྱེད་གཞོན་ནུར་གྲགས། དེའི་ཚེ་ལྷ་མིན་གྱི་དབང་པོ་སྒྲ་(༨བ)


GLG009_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། མགུལ་ཕྲེང་། རབ་གནོན། ཐག་བཟང་རིས་བཞིས་གཙོ་བོ་བྱས་པའི་ལྷ་མ་ཡིན་གྱི་གཡུལ་བཤམས་པ་ན། བརྒྱ་བྱིན་གྱིས་ལྷ་གྲགས་ལྡན་མཆོག་སྐྱོང་ལ་ཐབས་ཞུས་པས་བདེ་བྱེད་གཞོན་ནུས་འདུལ་བར་ལུང་བསྟན་པ་བཞིན་གསོལ་བ་བཏབ་པས་ཁང་བཟང་གི་རྩིག་པའི་ཟུར་ལས་བབས་ཏེ་ཕྱི་རོལ་ཏུ་བྱོན། ལེགས་ལྡན་ཚོགས་བདག་ནག་པོ་ལ་བཀའ་བསྒོས་པས་ཙན་དན་གྱི་བེང་ཆེན་པོའི་ནང་ནས་བདུད་འདུལ་གྱི་དམག་དཔུང་། བེང་སྟོད་ནས་ལྷ་དམག་བྱེ་བ་དུང་ཕྱུར། བེང་རྐེད་ནས་བཙན་དམག་བྱེ་བ་དུང་ཕྱུར། བེང་སྨད་ནས་བདུད་དམག་བྱེ་བ་དུང་ཕྱུར་སྤྲོས་ནས་ལྷ་མིན་གྱི་དཔུང་ཚོགས་བཅོམས་པས་མཚན་ལྷ་རྗེ་དཔའ་བོ་གཡུལ་ལས་རྒྱལ་བར་གསོལ། རི་རབ་ཀྱི་ལྷོ་ཕྱོགས་ནས་བབས་ཏེ་མ་ག་དྷ་སོགས་རྒྱ་གར་གྱི་གནས་རྣམས་སུ་བཞུགས་ནས་སྒོམ་སྒྲུབ་འཆད་ཉན་མཛད་པས་སྙན་པའི་གྲགས་པ་ས་སྟེང་ཀུན་ཏུ་ཁྱབ་པས་འོད་གསལ་ལྷའི་རིགས་ཡིན་ཞིང་། རྣམ་རྒྱལ་ཁང་བཟང་གི་རྩིག་པའི་ཟུར་ལས་བབས་པས་ཟུར་ཞེས་བོད་སྐད་དུ་སྒྲ་བཤད་པའང་སྣང་། འདི་ཉིད་ཀྱིས་བསྟན་འགྲོའི་སྨན་ཡོན་དུ་མ་གྱུར་བར་དགོངས་ནས་མཚན་ལྡན་གྱི་བུ་མོ་ཞིག་ཕྱག་རྒྱར་བསྟེན་པས་སྲས་ཟུར་སྤྱང་ཞུ་ཅན་འཁྲུངས་པ་བོད་དུ་བྱོན། མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་དུས་གནུབས་ནམ་མཁའི་སྙིང་པོ། འབྲེ་རྒྱལ་བ་བློ་གྲོས། རོ་གོང་བིདྱ་རཱ་ཛཱ། དྲུ་བུ་ཨུ་པེ་ཤ རླངས་དཔལ་གྱི་སེང་གེ ལྕེ་ཀུ་ཀུ་རཱ་ཛཱ་ལ་སོགས་པས་ལོ་ཙཱ་མཛད་ནས་གསང་སྔགས་ཀྱི་རྒྱུད་སྡེ་མང་དུ་བསྒྱུར། ཨོ་རྒྱན་སངས་རྒྱས་གཉིས་པས་གཉགས་གནུབས་འཁོན་སྭོ་ཟུར་སོགས་སྔགས་འཆང་གྲུབ་བརྙེས་མང་པོ་སྨིན་པར་མཛད་པས་བོད་དུ་ཟུར་གྱི་ཐོག་མ་ཡིན་ངེས་མདོ་ཁམས་ཀྱི་སོག་(༩ན)


GLG009_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྒང་དུ་བྱོན་ནས་སྲས་བསྐྲུན་པར་ཟུར་རྒྱལ་བ་གསུམ་བསྒྲགས་བྱུང་། དེ་སྲས་ཟུར་བཤེས་གཉེན་རྟག་སྤྲ་ཅན། དེ་སྲས་ཟུར་དབང་ཕྱུག་རྒྱལ་བ། དེ་སྲས་ཟུར་རིན་ཆེན་རྒྱ་མཚོ། དེ་སྲས་ཟུར་འཚོ་བཟང་མིག་པོ་ཆེ་ལྔ་པོ་ནི་མདོ་ཁམས་སུ་བྱོན། དེའི་སྲས་ཟུར་ཨཱ་ཙཪྻ་ཆེན་པོ། ཟུར་ཁ་ཅན་ལག་ཅན། ཟུར་བཟང་ཤེས་རབ་འབྱུང་གནས་གསུམ་འཁྲུངས་པའི་ཨཱ་ཙཪྻས་རྒྱ་གར་དུ་ཐེངས་གསུམ་བྱོན། རྒྱལ་རིགས་ཟླ་བའི་དབང་མོ་ཕྱག་རྒྱར་བསྟེན་པས་སྲས་ཉི་མའི་སྙིང་པོ་འཁྲུངས། དེ་ནས་རྒྱ་གར་དུ་རིགས་བརྒྱུད་མང་པོ་འཕེལ་སྐད། ཟུར་ཁ་ཅན་ལག་ཅན་རིགས་པའི་གནས་ལྔ་ལ་མཁས་ཤིང་ཉིས་ཐོག་གི་ཀ་བ་འདེགས་པའི་གྱད་ཀྱི་རྩལ་དང་ལྡན། གཙང་དུ་བྱོན་པས་སྲས་མོ་འཁྲུལ་ཞིག་རྗེ་བཙུན་ཞེས་པ་བྱུང་བས་པ་ཚབ་ཀྱི་ཡངས་པ་ཆེན་པོར་བཞུགས། བསྐྱེད་རྫོགས་གསུམ་ལ་མཁས་ཤིང་རྒྱུད་བཤད་མན་ངག་མང་དུ་གསུངས་ཟུར་མོ་བྱོན་པའི་ཐོག་མ་འདི་ཡིན་ཞིང་སྐུ་འབུམ་ལ་མི་མ་ཡིན་གྱིས་སྐོར་བ་བྱས་པས་ལམ་དོད། དེ་འོག་ཟུར་མོ་དཀར་རྒྱན། དེ་འོག་ཟུར་མོ་དགེ་འདུན་འབུམ་སྲས་གཉིས་དང་བཅས་བྱུང་ཡང་གདུང་ནི་མ་འཕེལ་ཟུར་བཟང་ཤེས་འབྱུང་ནི་ཆུང་ངུ་ནས་མཁྱེན་པ་ཆེ། བསྐྱེད་རྫོགས་རྒྱུད་མན་ངག་འཚོལ་བར་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་དགུང་ལོ་བརྒྱ་དང་སུམ་ཅུར་ཉེ་བ་བསྒྲགས་ཡང་རྫོང་དུ་བཞུགས་པ་དང་མཇལ་ནས་ཟབ་ཆོས་རྣམས་ཞུས། སྭོ་ཡེ་ཤེས་དབང་ཕྱུག །གནུབས་བླ་ཆེན་བྱང་སྙིང་གསུམ་མཆེད་གྲོགས་མཛད་པས་སྭོ་ཟུར་གནུབས་གསུམ་ཞེས་གྲགས། འདི་ལས་སྲས་བཞི་བྱུང་བའི་ཆེ་བ་ལྷ་རྗེ་ཟུར་བུ་ཆེ་ཤཱཀྱ་འབྱུང་ཟུར་བླ་མ་ཟུར་སྒོམ་ཆེན་རྡོ་རྗེ་འབྱུང་གནས། ཟུར་སྒོམ་ཆུང་དང་བཞི་བྱུང་བའི་ཡབ་ལ་ངོས་འཛིན་མི་མཐུན་(༩བ)


GLG009_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

པ་འགའ་སྣང་ཡང་ཁུངས་བཙུན་པ་མདོ་ཁམས་ནས་ལུང་པ་རིལ་པོ་རྗོང་དུ་སོང་བ་གཡང་མོ་བྱ་བར་ཡབ་གོང་དུ་སྨོས་པ་དང་ཡུམ་པདྨ་གསལ་ལེ་གཉིས་ཀྱི་སྲས་སུ་འཁྲུངས་པའི་ཚེ་ཡབ་ཀྱི་མནལ་ལམ་དུ་གསེར་གྱི་འཁོར་ལོ་རྩིབས་སྟོང་ཅན་ཡུམ་གྱི་ཕྱག་ཏུ་བབས་པ་དང་མནལ་སད་ནས། ཉི་མ་ཤར་བ་འགྲིག་པ་སོགས་ཡབ་ཡུམ་གཉིས་ཀ་ལ་ལྟས་ཡ་མཚན་པ་མང་དུ་བྱུང་། སྐུ་བལྟམས་ནས་མེས་རིན་ཅེན་རྒྱལ་མཚན་གྱིས་མཚན་ཤཱཀ་འབྱུང་དུ་བཏགས། གཞོན་ནུ་ནས་ཡིག་ཀློག་བྱང་ཞིང་ཡབ་མེས་སོགས་སྔགས་རྙིང་མའི་བླ་མ་དུ་མར་དབང་གདམས་པ་མང་དུ་གསན། བླ་ཆེན་དགོངས་པ་རབ་གསལ་གྱི་དྲུང་དུ་ཚིག་རྫོགས་མཛད་པས་སྤྲུལ་སྐུར་འདུག་ཅེས་མཚན་མ་སྤོས། ཁམས་སུ་བཞུགས་རིང་མེས་རིན་ཅེན་རྒྱ་མཚོ་ལ་མདོ་སྔགས་ཀྱི་ཐོས་བསམ་མང་དུ་མཛད། འགྲོ་དོན་དབུས་གཙང་དུ་ཡོད་པར་དགོངས་ནས་ཡར་ཀླུངས་ན་མོ་ལུང་དུ་ཕེབས། ཀྲི་ཡོག་སྡེ་གསུམ་ལ་སྒྲུབ་པ་མཛད་ཀྱང་བོགས་ཆེ་བར་མ་བྱུང་བས་ལུང་བསྟན་བཞིན་རྫོགས་ཆེན་ཞུ་བར་གཙང་ལ་བྱོན། ཆོས་ལུང་གི་ཉང་ཡེ་ཤེས་འབྱུང་གནས་ལ་སྒྱུ་འཕྲུལ་དང་སེམས་ཕྱོགས། གེ་གོང་གི་ལྕེ་ཤཱཀྱ་མཆོག་ལ་བདུད་རྩི། ཡུལ་གསར་གྱི་གཉན་ནག་དབང་གྲགས་ལ་དབང་དང་ཐབས་ལམ། ཐོ་དཀར་ནམ་མཁའ་ལྡེ་ལ་མདོ་ལྔ་ཐེམས་དང་འགྲེལ་པར་བྱེད་པ་པར་ཁབ། ཉང་སྟོད་ཀྱི་འབྲེ་ཁྲོ་ཆུང་པ་ལ་ཀ་དག་དང་ལྷུན་གྲུབ། རྩ་ཤོད་ལྡན་མ་ཤེར་ཚུལ་ལ་ཡང་དག །བཀའ་སྡོད་ཡེ་ཤེས་སྙིང་པོ་ལ་མདོ་སོགས་མདོར་ན་བླ་མ་བརྒྱ་རྩ་ལྷག་ཙམ་བསྟེན་ནས་ཆོས་མཐའ་དག་ལ་སྒྲོ་འདོགས་བཅད་དེ་མཁས་པའི་ཕུལ་དུ་ཕྱིན་ཀྱང་ཚེ་གཅིག་ལ་རིགས་འཛིན་གྱི་སར་བགྲོད་པ་ཞིག་བྱེད་དགོངས་པའི་ཚེ། མཁའ་འགྲོའི་ལུང་བསྟན་བཞིན་དགོན་པ་མེད་ཀྱང་ད་ལྟའི་འུག་(༡༠ན)


GLG009_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལུང་གི་ཆོས་ཁྲིའི་གཡས་ལོགས་ཀྱི་ཕུག་པར་བཞུགས་ནས་སྒྲུབ་པ་མཛད་པས་ས་ལམ་གྱི་རྟོགས་པ་མཐོན་པོར་སོན། ཨ་རའི་སློབ་མ་དྲུ་བུ་ཀློག་འབྱུང་ལ་སྦན་དུ་རྫོགས་ཆེན་གསན། བྲག་དུམ་ཕུག་པ། སྤང་པོ་ཆེའི་བྲག་སྒོམ་ཆེན། བྲག་དམར་ཆང་ལྡིང་སོགས་དབེན་པ་མང་དུ་བསྟེན་ནས་སྒྲུབ་པ་མཐར་ཕྱིན། སློབ་མ་ལྟ་དགོངས་ཀྱི་རྩེ་མོ་ཟུར་ཆུང་བ། སྒྱུ་འཕྲུལ་གྱི་རྩེ་མོ་མི་ཉག་འབྱུང་གྲགས། མཁྱེན་བརྩེའི་རྩེ་མོ་ཞང་འགོས་ཆུང་བ། སྒོམ་སྒྲུབ་ཀྱི་རྩེ་མོ་བཟང་སྒོམ་ཤེར་རྒྱལ་ཏེ་རྩེ་མོ་བཞི། རྩེ་ལྐོག་བརྒྱད་ནི། ལོ་རོག །ལོ་ཐུང་། རྟ་རོག །ཙག་བླ་མ། སུམ་པ་དབང་ཚུལ། སུམ་པ་བློ་རྒྱལ། འོལ་སྒོམ། ཕུག་སྟོན་ནམ་མཁའ་འོད། གཞན་ཡང་སྒོམ་ཆེན་བརྒྱ་རྩ་བརྒྱད་སོགས་སློབ་མ་མང་དུ་བྱུང་བའི་ཟུར་ཆུང་པ་ཤེས་རབ་གྲགས་ནི་ཟུར་ཨཱ་ཙཪྻ་བོད་དུ་བྱོན་ནས་ཐག་ཏུ་བཞུགས་པའི་སྲས་ཐག་པ་སྒོམ་ཆེན་དང་ཇོ་མོ་ཤེས་རབ་སྐྱིད་གཉིས་ཀྱི་སྲས་སུ་རྒྱན་འཕར་གདོང་དུ་འཁྲུངས་ཁར་ཡུམ་ལ་ཉི་ཟླ་ཤར་ནས་འཇིག་རྟེན་གྱི་མུན་པ་བསལ་བ་སོགས་མནལ་ལྟས་ཡ་མཚན་པ་ལྔ་བྱུང་། ཐུགས་རབ་ཤིན་ཏུ་ཆེ་བས་འབྲི་ཀློག་དང་ཆོ་ག་ཆོས་སྤྱོད་བརྡ་བསྟན་པ་ཙམ་གྱིས་མཁྱེན། དགུང་ལོ་བཅུ་གཅིག་པ་ལ་ཇོ་མོ་ཞིག་བླངས་པ་ཞིང་གི་ཤཱ་འོད་རྒྱུག་སར་དོར་མ་གསར་པ་ཞིག་གསོལ་བ་ཆུས་སྦངས་པ་ལ་ཇོ་མོས་ཁྲོས་པའི་རྐྱེན་གྱིས་བེར་དང་སྤྱང་ཐུལ་ཞིག་ཡོད་པ་བསྣམས་ནས་ཟུར་པོ་ཆེའི་དྲུང་དུ་ཆས་བྲོས་ལ་བྱོན་པ་དུས་མཚུངས་སུ་ཁྲབ། ཟངས་ཞུ། གཡུ་ཁྱེར་བའི་ཆོས་ཞུ་བ་གསུམ་ཡང་འཛོམ། ཟུར་ཆུང་པ་འབྱོར་རྒྱུའི་གོང་དུ་བླ་མ་ལ་སྐུ་ཕྲག་སྟེང་དུ་སེང་འབྲུག །འཁྲབ་པ་སོགས་མཚན་ལྟས་ཁྱད་པར་ཅན་བྱུང་ནས་དྲུང་དུ་ཤར་མར་བཏང་། ཁོང་བཞི་པོར་སྦང་ཟན་དང་ལོ་(༡༠བ)


GLG009_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་གནང་བ་ཟུར་ཆུང་པ་མ་གཏོགས་གཞན་གསུམ་གྱིས་ཟར་མ་ཉན་པར་རྟེན་འབྲེལ་འཕྱུགས་ཏེ་ཁོང་གསུམ་གྱི་ཕྱག་རྟེན་མ་བཞེས་པས་བླ་མ་དང་ཆོས་གཞན་ནས་རྙེད་འོང་ཞེས་ཕྱིར་ལྡོག་པའི་གཅིག་འགོས་ཁུག་པ་ལྷས་བཙས་ཡིན་པ་ཁོང་རྒྱ་གར་ནས་ཕྱིར་བྱོན་རྗེས་སྔར་གྱི་དེ་ལ་སྙིང་ནད་བྱས་ནས་གསང་སྔགས་རྙིང་མ་ཆོས་ལོག་ཡིན་ཞེས་དྲིལ་བསྒྲགས་སྐད། ཟུར་ཆུང་པས་བོན་པོའི་ཡས་ཟན་དང་ལོ་ཚོད་སོགས་དཀའ་ཐུབ་ལ་བརྟེན་ནས་ཐོས་བསམ་ལ་བརྩོན་འགྲུས་ཆེར་མཛད། ཉིན་ཞིག་ལྷ་རྗེ་ཆེན་པོས་བསེའི་གའུ་ཕུལ་དགུ་ཙམ་འགྲོ་བ་ཞིག་བསྣམས་ནས་ཁྱོད་ལ་སྐོམ་སྟེར་རྒྱུ་མེད་དམ་གསུང་བ་ཡས་ཀྱི་ཟན་ཆང་ཡོད་ཞུས་པ་ཁྱེར་ཤོག་གསུངས་ནས་སྣོད་དོ་གསོལ། དེ་ནས་ཀྱང་ཡོད་ན་ཁྱེད་ཤོག་གསུངས་ནས་ལན་གཉིས་གསོལ། ད་འདུག་གམ་གསུང་བར་བྲེ་གང་ཙམ་འདུག་ཞུས་པར་ད་མི་ཡོག་པ་འདུག་ཡོག་ན་ཁྱོད་བསོད་ནམས་བོད་དུ་མི་ཤོང་བ་ཞིག་འོང་ད་དུང་ཡང་བསོད་ནམས་ཆེན་པོ་འོང་གསུངས་ནས་ནས་ཁལ་གསུམ་གནང་། འདི་ཟད་རྗེས་ཡོ་བྱད་ཡོང་བར་ལུང་བསྟན་པ་བཞིན་དེ་ཁོ་ན་ལྟར་བྱུང་། དབང་ཞུ་བ་དང་དཔེ་འབྲི་བ་སོགས་ཀྱི་མཐུན་རྐྱེན་དུ་སྤར་གྱི་མཁར་སྔོན་ན་གཡུ་མོ་བྱ་བ་ཕྱུག་མོ་མ་སྨད་གཉིས་ཡོད་པའི་བདག་གིས་གསུང་བ་ལྟར་བཀའ་བཞིན་བསྒྲུབས། དེ་གཉིས་ཀྱི་ཀ་ཅ་ལ་བརྟེན་ནས་དཔེ་འབྲི་བ་སོགས་ཆོས་ཀྱི་མཐུན་རྐྱེན་མཛད། རིང་ཞིག་ན་ཁྱོད་ཀྱིས་བསྟན་པའི་དོན་རྒྱ་ཆེན་པོ་སྒྲུབ་དགོས་པ་ཡོད་པས་ལོགས་སུ་སྡོད་གསུང་བ་ལྟར་མཛད་ནས་ལྷ་རྗེའི་དྲུང་དུ་བཞུགས་པའི་ཚེ་བྱེ་སྟོང་ནས་ཆང་འདྲེན་པ་དང་། རི་རྩེ་ཞལ་ཟས་འབུལ་བ་སོགས་གང་ལའང་ཐོགས་པ་མེད་པའི་དངོས་གྲུབ་བརྙེས། ལྷ་རྗེ་ཟུར་བུ་ཆེས་ཟུར་ཆུང་པས་གཙོས་སློབ་མ་རྣམས་ལ་སྒྱུ་འཕྲུལ་གྱི་ཆོས་མང་དུ་གསུངས། ཡང་(༡༡ན)


GLG009_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

དབེན་དུ་སྒྲུབ་པ་མཛད་པའི་ཚེ་རྣལ་འབྱོར་པ་ཞིག་གཏོར་མ་སློང་བའི་བརྡ་ཐབས་ལ་བརྟེན་བཟང་གོང་ཤེས་རབ་རྒྱལ་པོ་བསམ་ཡས་མཆིམས་ཕུར་རོག་ཤཱཀ་འབྱུང་གི་སང་ཆོས་ཞུ་བར་བཏང་བས་གདམས་པ་ཤིན་ཏུ་མང་བ་གནང་སྟེ་ཚང་བ་བླ་མ་ལ་ཕུལ། ཆོས་ཀྱི་རྗེས་སུ་ཚངས་པ་དུང་ཐོད་ཅན་འབྲངས་པས་ཟུར་པའི་ཕོ་ལྷ་ཆེན་པོར་མངའ་གསོལ། ལྷ་རྗེས་མཆིམས་ཕུའི་ཆོས་ཀྱི་ཁྲོད་ནས་ཡང་དག་བདག་དོན་གྲུབ་པ་ལ་ཉམས་ལེན་མཛད་པའི་ཚེ་ཆུ་མར་ཁུར་གྱུར་པ་དང་། ཆང་འཚོད་གཅིག་གིས་མི་ཉི་ཤུ་ཙམ་ལ་ཟླ་གཅིག་ལྡངས་པ་སོགས་གྲུབ་རྟགས་མང་དུ་བསྟན། བླ་ཆེན་འབྲོག་མིས་པཎྜི་ཏར་གསེར་འབུལ་བའི་ཁ་ལོང་འཁྱེར་ཤོག་གསུངས་པ་ལྟར་མི་མ་ཡིན་གྱི་བྱུང་བའི་གསེར་སྲང་བརྒྱ་ཕུལ་ནས་ལམ་སྒོར་བརྒྱད་ཀྱི་ནང་ཚན་བསམ་མི་ཁྱབ་གསན་པའི་རྫོགས་ཆེན་ལ་བོགས་ཐོན། ཆོས་ཀྱི་འགྲོ་དོན་ཆེ་སྒང་ལ་བོ་དོང་མངའ་བདག་བྲག་གི་ཕུག་ཏུ་ཡང་དག་མར་མེ་གཅིག་པའི་སྒྲུབ་པ་མཛད་ཀྱིན་བཞུགས་པའི་ཚེ་ཟུར་ཆུང་པས་གཙོས་སློབ་མ་རྣམས་ཀྱང་འདུས་པས་དཔོན་སློབ་ཐམས་ཅད་ཀྱིས་སྒྲུབ་པ་མཛད། མཁའ་འགྲོའི་ལུང་བསྟན་ལྟར་རྟ་ནག་གི་མདའ་གྲོག་པོ་ཁ་ལྷོར་བསྟན་པའི་མདོ་ན་ཕུག་པ་ཤར་བསྟན་ཞིག་རྙེད་པ་དེར་སྒྲུབ་པ་མཛད་པས་ཡང་དག་ལྷ་དགུའི་ཞལ་གཟིགས། ཉེ་སྐོར་གྱི་གྲོག་པོའི་ལོགས་ལ་འུག་པའི་ཚང་ཡོད་པས་དེ་ནས་བཟུང་བླ་མ་འུག་པར་གྲགས། ཕྲག་པ་རའི་ཟི་རི་སེ་ཅན་ཟེར་བའི་བཙན་རྒོད་དེས་འཕྲིན་ལས་བསྒྲུབས་ཤིང་ཟུར་པའི་ཆོས་སྐྱོང་གི་གྲལ་དུ་མཛད། ཕྱོགས་དེར་འདུ་འཛི་ཆེ་དྲགས་པས་ཕྱིར་བྱོན་ཚེ་གཞི་བདག་ཇོ་བོ་སྣང་མར་གྱིས་སྲོག་སྙིང་ཕུལ། བྲག་རྒྱ་བོར་ཕེབས་ནས་སྒྲུབ་པ་མཛད་པའི་ཚེ་མཁའ་འགྲོ་མ་གསུམ་གྱིས་(༡༡བ)


GLG009_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཤངས་ཀྱི་མདའ་ན་ལུང་པ་ཟླ་གམ་ལྷོ་ནུབ་ཏུ་སྒོ་བསྟན་པ་སོགས་ཚེ་གཅིག་ལ་བྱང་ཆུབ་ཐོབ་པའི་གནས་ཁྱད་པར་ཅན་ཡོད་པ་ཚོལ་ཟེར་བའི་ལུང་བསྟན་ལྟར་དཔོན་སློབ་རྣམས་ཀྱིས་གདོང་པོ་ཐང་ཁ་ནས་ཤངས་ཀྱི་ལུང་པའི་དཔྱད་ལ་གཟིགས་ཏེ་རྒྱུད་ནས་བཤད་པའི་གནས་དེར་ཕེབས་ཞང་མོ་ཡོན་ཏན་རྒྱན་གྱིས་ས་ཕུག་ཕུལ། ཟུར་ཆུང་པ་སོགས་འཁོར་རྣམས་ཀྱང་རང་ཤོང་གི་ཁང་པ་བརྩིགས་ནས་སྒྲུབ་པ་མཛད་པར་ཡུལ་མི་ཀུན་དད་དེ་རྙེད་བཀུར་བསྟབ། སློབ་མ་རྣམས་ལ་ཡང་དག་གི་དབང་གནང་བའི་དུས་ཟུར་ཆུང་པས་བླ་མས་ཇི་ལྟར་གཟིགས་པ་བཞིན་བདག་ཅག་རྣམས་ལ་སྟོན་པར་ཞུས་པས་སྙིགས་དུས་འབྱུང་པོ་སྟོབས་ཆེ་སྐབས་འདིར་དེ་འདུལ་བའི་ཕྱིར་དུ་ཧེ་རུ་ཀའི་སྐུ་ཞིག་བཞེངས་པས་དེ་དུས་བསྟན་གྱིས་གསུང་། ཟུར་ཆུང་པས་ཟབ་ཆོས་ཤིག་ཞུས་པས། ང་ནི་ནམ་མཁའི་སྙིང་པོ་སྟེ། །སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ། །འདའ་དང་མི་འདའ་ཡོངས་མི་མངའ། །འགྲོ་དོན་མཐར་ཕྱིན་རྫོགས་དབང་བྱིན། །སྐལ་ལྡན་ཁྱོད་ལ་སྨིན་པར་ཤོག །ཅེས་བྱིན་གྱིས་བརླབས་པས་རྟོགས་པ་ཕུལ་དུ་ཕྱིན་པ་བརྙེས། ཁྱད་པར་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ལྷ་དངོས་སུ་གཟིགས་ཤིང་མི་དང་མི་ལབ་པ་བཞིན་གསུང་གླེང་མཛད་པ་བྱུང་། དེ་ནས་འུག་པ་ལུང་སྔར་གནས་རྙིང་པ་ཡིན་པ་དང་རྒྱུད་མན་ངག་ལས་བྱུང་བའི་ཡོན་ཏན་རྣམས་ཚང་བར་དགོངས་པའི་དེར་ཕེབས། རྔའམ་དྲེའུ་ལ་ཤིང་བཀལ་ནས་བརྟན་པ་མཛད་པའང་ཤིང་ཆུ་མིག་འོད་མའི་མདོག་ཅན་གྱི་སར་ཕབ་པས་ཀླུ་དེ་ཡང་སྲུང་མར་འགྱུར་བར་དགོངས་ཏེ་སྨན་དང་རྫས་ལ་བརྟེན་ནས་ཀླུ་བཅོས་ཟངས་ལུང་དགུ་པ་ཞིག་གིས་ཁ་བཅད། དབུ་རྩེ་བ་ནོར་ཁང་སྟེང་འོག་ཁྱམས་སྟོད་སྨད་དང་བཅས་པའི་འགྲམ་པ་བཏིང་བའི་རྒྱ་རྩིས་གནས་གསར་(༡༢ན)


GLG009_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཉམ་པ་མཛད་རྒྱུར་རྡོ་བཟོ་བས་ཅུང་ཟད་བསྐུམས་ཟེར། དབུ་རྩེའི་ཀ་བ་གཅིག་གིས་མ་སྙོབས་དེ་ལྷ་རྗེའི་ཞབས་ཀྱིས་བསྒྲིལ་བས་སྙོབས་པར་གྱུར་ཅིང་ཤིང་འཁྱོག་པོ་རྣམས་མདའ་ལྟར་སྲོང་བ་སོགས་རྫུ་འཕྲུལ་བསྟན་པས་ཤིང་བཟོ་བ་དད་དེ་སྔར་ཤིང་གྲོན་ཆེན་པོ་བཅུག་པའི་འགྱོད་མཚང་ལ་རྩིག་པ་མེད་པའི་ཀ་བཞི་མ་ཕུག་ནས་ཕུལ་བར་མགོན་ཁང་མཛད། ལྷ་ཁང་གྲུབ་ནས་དབུ་རྩེ་ན་ཡོ་གའི་ལྷ་སོགས་བརྟེན་པ་ལྷའི་ཚོགས་རྣམས་བཞེངས། ལྷ་ཁང་ལེགས་པོ་བྱུང་བས་འདིའི་ཉེ་སྐོར་གྱི་ཐང་རྣམས་ཀྱང་གསེར་དུ་འབྱུག་པ་འབྲོམ་རི་ཚུར་ཟུར་ནས་གསེར་འདོན་པར་དགོངས་པ་ན་དེའི་བཙན་གྱིས་ནམ་ཕྱེད་ཙམ་ལ་འོངས་ཏེ་དེ་ལྟར་མཛད་ན་ངའི་གསེར་ཐམས་ཅད་ཟད་འགྲོ་བས་ལྷ་ཚོགས་ལ་འབྱུག་རྒྱུའི་གསེར་འབུལ་བས་ལེན་པར་ཐོང་གསོལ་བ་བཞིན་རྟེན་གྱི་སྐུ་ཤ་ཐམས་ཅད་གསེར་ཆུས་བྱུགས། གསེར་རའི་མཆིན་པ་ཙམ་ཞིག་ལྷ་ཁང་ཞིག་གསོས་ཀྱི་ཐེབས་ལ་གཏེར་དུ་སྦས་པར་གྲགས། རབ་གནས་ཀྱི་ཚེ་ཟུར་ཆེ་ཆུང་གིས་རྣམ་སྣང་གི་དབུ་གཙུག་ནས་ཞུགས་ཐུགས་ཀར་ཐོན། ཐུགས་ག་ནས་ཞུགས་པ་སྤྱི་གཙུག་ཏུ་ཐོན་པ་ཀུན་གྱིས་མཐོང་བ་སོགས་ངོ་མཚར་གྱི་ཆོ་འཕྲུལ་ལ་བརྟེན་བཟོ་བོ་རྣམས་དད་དེ་ལྷ་ཁང་གི་རྒྱབ་ཏུ་བཀྲ་ཤིས་སྒོ་མང་གི་མཆོད་རྟེན་བཞེངས། བླ་མའི་མཚན་གནས་ལ་ཐོགས་ཏེ་དཔལ་འུག་པ་ལུང་དུ་གྲགས། རྩེ་མོ་བཞི་ལ་གོ་ཚོད་ཀྱི་དྲི་བ་མཛད་པར་ལན་ཕུལ་པས་ལྷ་རྗེ་དགྱེས་ནས་ཁྱེད་རྣམ་པའི་སྙིང་གཏམ་འདི་ཉོན་ཞིག །དམ་པའི་ལྷ་ཆོས་བྱེད་པ་ལ། ལམ་ལྟ་སྒོམ་སྤྱོད་པ་གསུམ་དུ་གདའ་ཞེས་སོགས་ཀྱི་ཞལ་གདམས་གསུངས། ལྷ་རྗེས་ཚོགས་པ་བསྐྱངས་ཤིང་ཟུར་ཆུང་པས་ཡང་དབེན་དུ་རུ་ལུའི་སྒྲུབ་པ་མཛད་(༡༢བ)


GLG009_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཤངས་ཀྱི་སྒྲུབ་ཁང་གདོང་ལ་རྒྱུའི་ཧེ་རུ་ཀཿཞལ་གཅིག་ཕྱག་གཉིས་པ་ཞིག་ཕྲེང་ངེ་འདུག་པ་གཟིགས་ཏེ་བླ་མར་ཞུས་པས་ཁྱོད་ཀྱིས་དཔལ་ཆེན་པོའི་གྲུབ་པ་ཐོབ་པར་འདུག་པས་འུ་ཅག་རྣམས་འདེངས་གསུངས་ནས་ཤངས་ཀྱི་སྒྲུབ་ཁང་གདོང་དུ་ཕེབས། དེར་ལྷ་ཁང་བརྩིག་པར་ཐག་བཅད་ནས་ས་འདུལ་མཛད་པས་བླ་མ་དཔལ་ཆེན་དུ་མཐོང་བ་མང་པོ་བྱུང་། གྲ་པ་ཀུན་གྱིས་རྡོ་རེ་བསྐྱལ་ནས་ཟུར་ཆུང་པས་གྱད་རྡོ་ཞིག་བཞག་ཡོད་གླེངས་པས་མང་མ་ཚ་བ་ལ་སོང་ཤུལ་བདེ་གཤེགས་རྒྱ་བོས་ཕ་བོང་བསྒུལ་མ་ཐུབ་པ་རེ་ཕྱོགས་བཞི་མཚམས་བཞིར་བཞག་པས་གཞན་རྣམས་ཆགས་སྡང་དང་བྲལ་ཏེ་གུས་པར་གྱུར། འོག་ཁང་གི་ཀ་བ་འཁྱོག་པོ་བཞི་ཡང་མདའ་ལྟར་བསྲངས། ལྷ་རྗེས་གནུབས་ནམ་མཁའི་སྙིང་པོའི་ལུང་བསྟན་བཞིན་དཔལ་ཆེན་པོའི་སྐུ་བཞེང་བའི་སྟ་གོན་གྱི་ཚེ་ཏིང་ངེ་འཛིན་གྱིས་བཀུག་པས་ལྷ་བཟོ་མཁས་པ་འདྲ་ཆོས་ཞུ་བར་འོངས་པ་ཡིན་ཟེར་འབྱོར་བར་ཆོས་ཅི་འདོད་ཡོང་བས་དུས་ཀྱི་སྙིགས་མར་ནག་ཕྱོགས་རྣམས་འདུལ་བའི་དཔལ་ཆེན་པོའི་སྐུ་ཞིག་འགྲུབ་ན་འགྲོ་དོན་ཆེ་བས་གྲོགས་གྱིས་གསུང་བ་བཞིན་ཁས་བླངས། དམ་རྫས་དང་ས་སྣ་རྡོ་སྣ་སོགས་སྐུ་རྒྱུ་དང་བསྲེས་པའི་ཐོ་ཚད་ཅིག་བཞེང་བའི་ཞལ་བཀོད་མཛད། བཟོ་གང་ལེགས་བྱས་ཀྱང་ཞལ་གཟིགས་དང་མ་མཐུན་པས་སང་ང་ལ་བལྟས་ནས་བཞེངས་ན་ཡོང་བས་ཤོག་གསུངས་དེ་ཉིན་ཟུར་ཆུང་བ་དང་བཟོ་བོ་སོགས་འདུས་པར་བླ་མ་དཔལ་ཆེན་ཕྱག་གཉིས་པ། ཞབས་གཡས་འུག་པ་ལུང་གི་བྲག་གདོང་དང་། གཡོན་བཙད་པོ་པུར་ཁང་ཞེས་པའི་རི་རྩེར་བཞག་པས་བཟོ་བོ་རྣམས་རེ་ཞིག་དྲན་མེད་དུ་སོང་། དྲན་གསོས་ནས་སྐུའི་ལྟེ་བ་མན་ཆད་ཙམ་ལས་མི་དྲན་པ་འདུག་ད་ཞལ་གསུམ་(༡༣ན)


GLG009_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་དྲུག་པ་ཞིག་སྟོན་པར་ཞུས་པས་དེ་འདྲ་མི་དགོས་ཞལ་གཅིག་ཕྱག་གཉིས་པ་ཞིག་བཞེངས་པས་ཡོང་གསུངས་པའི་ལྟེ་བ་མན་ཆད་བླ་མ་དཔལ་ཆེན་གྱི་སྐུར་བཞེངས་པ་ཇི་ལྟ་བ་ལ་སྐུ་སྟོད་ཚུལ་ལྡན་མ་བྱུང་བས། ཁྱེད་ཚོ་ལས་མ་དག་པའི་སྐྱོན་ཡིན་པས་སྐུ་རྒྱུའི་རྫས་རྣམས་སྦྱར་ནས་འདི་གར་ཞོག་ཁྱེད་རང་ཚོ་སྒྲུབ་ཆུ་ལ་ཁྲུས་དང་ལྷ་ཁང་ལ་སྐོར་བ་བདུན་བྱས་ནས་ཤོག །དེ་བར་ངས་ལྷ་ལ་གསོལ་འདེབས་བྱ་ཡི་གསུངས་པ་ལྟར་ནང་དུ་འོངས་ཙ་ན་སྐུ་སྟོད་རང་བྱོན་དུ་ཕེབས། ལྷ་རྗེས། ང་ཉིད་ལྟ་བུའི་གང་ཟག་ལ། །ང་ཉིད་ལྟ་བུའི་རྟེན་ཞིག་བྱུང་། །སྙིགས་མའི་དུས་སུ་འགྲོ་བ་འདྲེན། །ནད་དང་གདོན་གྱི་གཉེན་པོར་འགྱུར། །སྔར་ཡང་ཧེ་རུ་ཀཿ ཉིད་ལ་བརྟེན་ནས་ཧེ་རུ་ཀཿཉིད་བྱུང་བ་ཡིན་ལ། ད་ཡང་ཧེ་རུ་ཀཿ ཉིད་ལ་ཧེ་རུ་ཀཿཐིམ་པར་འགྱུར། ཞེས་མ་འོངས་པའི་ལུང་བསྟན་མཛད། རྒྱུད་ལུང་དང་མཐུན་པའི་ཁྲོ་མོ་བརྒྱད་དང་། ལྡེབས་རིས་ལ་མདོ་སྒྱུའི་ལྷ་ཚོགས་སོགས་རྒྱ་ཆེར་བྲིས། རབ་གནས་མངའ་གསོལ་གྱི་ཆས་དགོན་པར་ཟུར་ཆུང་པས་འོག་གདོང་བྲག་གི་ཀླུ་མིང་སྲིང་བཀུག་སྟེ་རྫ་མར་བཅུག །དེ་སྟེང་ནས་དཀར་མོ་གཙང་མས་བཀང་ལྷ་རྗེའི་སྐུ་ཕོད་བཀག །རྡོ་རྗེ་མདུད་པའི་རྒྱས་བཏབ་པས་ཆང་ལོ་ཟླར་མི་མཛད་པ་བྱུང་། ཕད་སྣོད་མང་པོ་གཡར་བར་རྩམ་པ་ཁྱོར་བ་རེ་བླུག་བླ་མས་གཏོར་མ་མཛད་པས་ནང་པར་སྣོད་ཐམས་ཅད་ཕྱེས་གང་། སྲམ་ས་བོན་གྲོང་པར་གླང་མང་པོ་གཡར་ནས་ཤ་ལ་ལོངས་སྤྱོད་སླར་གླང་རྣམས་ཕྱིར་གཏད་པས་ཤ་ཆང་ཟན་རྣམས་འཛད་པ་མེད་པའི་རྫུ་འཕྲུལ་བསྟན། བླ་མས་ལྡེར་སྐུ་ལ་མ་འོངས་འགྲོ་དོན་མཛད་འཚལ་ཞུས་པས་སྐུ་སྟོད་འགྱིང་ཞིང་ཧེ་ཧེ་གསུངས་པས་ད་ལྟ་བཞད་ཞལ་དུ་ཡོད། (༡༣བ)


GLG009_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་རྟགས་བསྟན་པའི་ཤ་ཆང་ཟན་སོགས་ཀྱི་ལྷག་ཡོད་པས་དཔོན་སློབ་རྣམས་ཀྱིས་ལོ་གཅིག་གི་བར་སྒྲུབ་པ་བཙུགས། རྩེ་མོ་བཞི་དགོངས་པ་འགྲན་བཅུག་པས་གཞན་གསུམ་རི་བོ་ལྟར་མི་གཡོ་བར་བྱུང་ཡང་ཟུར་ཆུང་པ་ཏཱ་ལ་གང་ཙམ་འཕགས་ནས་བཞུགས། ཟུར་ཆུང་པའི་འཛབ་སྒྲ་སྒྲུབ་ཁང་། ཕྱི་རོལ། རི་སྣ་གསུམ་ནས་ཉན་པ་སོགས་ལ་ཆེ་ཆུང་མ་བྱུང་བས། ལྷ་རྗེའི་ཞལ་ནས། མཆེད་གྲོགས་མཉམ་པོ་ཡིན་ཡང་ཁྱེད་གསུམ་གྱིས་ཟུར་ཆུང་པ་ལ་འགྲན་པར་མི་ནུས་པའི་གཟེངས་བསྟོད། དཔོན་སློབ་རྣམས་གྲོག་པོའི་སུམ་མདོར་བྱོན་ནས་གཟིགས་རྟེན་བརྟེན་པ་རྣམས་ལེགས་པོ་བྱུང་ཞེས་བྲག་སྟེང་དུ་ཞབས་བྲོ་མཛད་པས་ལོང་བུ་མན་ཆད་འདམ་ལ་རྒྱབ་པ་ལྟར་སོང་། ཟུར་ཆུང་པས་ཞབས་རྗེས་ལ་བྱིན་རླབས་ཞུས་པས་རལ་པའི་ཐོར་ཚུགས་ནས་སྙན་ཆ་ཡན་འཇིམ་པ་ལ་བཅུག་པ་ལྟར་ཤུལ་ལམ་མེ་གསལ། འུག་པ་ལུང་དུ་འབྲས་བུ་དཔལ་ཆེན་པོ་ཞལ་གསུམ་ཕྱག་དྲུག་པའི་ལྷ་ཁང་བཞེང་བར་བྱོན་པའི་ཚེ་ཟུར་ཆུང་པ་མཁའ་ལ་འཕུར་ནས་བྲག་རྒྱ་བོར་བཞུད། ལྷ་རྗེ་ཞབས་ཆུ་ལ་མ་རེག་པར་བྱོན་པའི་རྗེས་སུ་ཉེ་གནས་ཀྱི་བླ་མ་ལ་འཇུས་ནས་འོང་མ་ནུས་པས་གཙང་པོ་ཕ་རིར་ལུས། ཀོ་བ་སྒུག་རིང་ཁ་སྐོམ་ཏེ་ཆང་བཙགས་ནས་བཏུང་པ་ཆང་བཙོས་ནས་ལོ་གཅིག་དང་ཟླ་བ་བཞི་སོང་བས་འདིར་གཅིག་བཅུག་ཡོད་པ་འདུག་བསམ་བལྟས་པས་སྦྲུལ་གཉིས་ཕྱིར་ཐོན། དེ་ནས་ཆང་མ་བྱུང་བས་རྟེན་འབྲེལ་འཕྱུགས་ཏེ་ལྷ་ཁང་མ་འགྲུབ། ལྷ་རྗེ་ཆེན་པོར་སྐུ་བསོད་རྒྱས་པའི་སྐབས་ཉ་རིན་མ་མ་གཡུང་དྲུང་བཀྲ་ཤིས་བཟའ་མི་གཉིས་དགེ་བ་བྱ་འདོད་ནས་མཆོད་གནས་སུ་བཟང་དྲིས་པས་བན་སྔགས་བོན་གསུམ་ལ་ཁ་མ་འཆམ་པས་གསུམ་ག་གདན་དྲངས་ནས་ཚོགས་གསོག་བྱས། ལྷ་(༡༤ན)


GLG009_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་བཞེང་བའི་ཡོན་སྦྱར་ནའང་རྟེན་གྱི་གཙོ་བོ་ལ་མཆོད་གནས་གསུམ་མ་དད་པས་སོ་སོར་བརྩིགས། འུག་པ་ལུང་པས་བོན་པོ་དང་བསྡེབས་ནས་བརྩིག་པར་བརྩམས་པའི་ཚེ་བན་བོན་ལྷ་བསྲེས་ན་མི་ལེགས་པར་དགོངས་ཏེ་རྩིགས་པས་བོན་པོར་བྱིན་ནས་སྒྲོ་ཕུག་ཏུ་བརྩིགས་པ་ན་སྒྲོ་ཕུག་གི་རྒྱབ་རི་ལྷ་རི་གདོང་དང་ཐང་གི་ཡང་གདོང་གཉིས་ལ་རི་སྦུབས་སུ་བཅུག་པའི་གསེར་འབུམ་རེ་བྱེད་གསུངས་པས་ལྷ་རི་གདོང་གི་གཞི་བདག་དང་རྟ་ནག་འབྲོང་རི་ཚུགས་པོ་གཉིས་འོངས་ནས་གསེར་འབུམ་མོ་བཞེང་བ་དང་གསེར་ཅི་འདོད་འབུལ་བར་ཁས་བླངས། ལྷ་རྗེས་ལེན་པར་བྱོན་པར་ཕ་བོང་ཁ་ཕྱེ་བའི་ནང་ནས་གསེར་ཀ་པཱ་ལ་གང་བསྣམས། འབྲོང་རིར་རྣལ་འབྱོར་ལྔ་བཏང་བ་རྡོ་དཀར་ཞིག་བཏེག་པའི་འོག་ནས་གསེར་བྱུང་བ་གསུམ་གྱིས་བླ་མའི་བཀའ་བཞིན་སྲོག་ཆགས་ཀྱི་གཟུགས་བྱུང་བ་དང་འཕྲོ་བཅད་ནས་འོངས། གཉིས་ཀྱིས་སྲེད་པ་བྱས་པས་གསེར་ཁུང་རྡིབ་པའི་འོག་ཏུ་ཤི །གསེར་གྱི་ཁྲོད་དུ་མནལ་ལམ་དང་མཐུན་པའི་གསེར་རའི་མཆིན་པ་ཙམ་ཡང་བྱུང་། རྟེན་གྱི་རྒྱུ་ཆར་སོང་བའི་ལྷག་མ་བྲེ་གསུམ་ཙམ་ལྷ་ཁང་ཞིག་གསོས་ཀྱི་ཐེབས་སུ་གཏེར་དུ་སྦས། བླ་མའི་གསུང་བཞིན་ཟུར་ཆུང་བས་མདོ་དགོངས་འདུས་བཤད་པས་དུས་གཅིག་ལ་དཔེ་འགྲེམས་སུམ་བརྒྱ་ཙམ་བྱེད། རིམ་གྱིས་གཡས་རུ་ཁང་ཁྲིའི་ལྷ་ཁང་དུ་འཆད་ཉན་སྐྱོང་བའི་དུས་གོ་མ་ཆོད་མི་གསུམ་ལ་གྲ་པ་རྣམས་གཏད་ནས་བྲག་རྒྱ་བོའི་དབྱིབས་དཔལ་ཆེན་པོ་གཽ་རཱ་མ་བརྒྱད་ཀྱིས་བསྐོར་བའི་རྣམ་པར་ཡོད་པས་བྲག་རྒྱ་བོ་དགུ་འདུས་སུ་གྲགས་པར་བྱོན་ནས་སྒྲུབ་པ་མཛད་པའི་ཚེ་སྲོག་ཆགས་སྡིག་པ་རེའུ་ཙམ་པ་དང་གཞན་ཡང་གྲངས་མེད་པ་དངོས་སུ་བྱུང་ཞིང་། མནལ་ལམ་དུ་མི་ནག་པོ་(༡༤བ)


GLG009_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གིས་ཐག་གི་ཐང་ལ་བསྐྱུར་བ་མནལ་སད་ཙ་ན་ཐང་དེ་གར་བྱོན་འདུག་པ་ཡང་མེད་པར་གནས་དེ་ཉིད་དུ་སྒྲུབ་པ་མཛད་དེ་སྒྱུ་འཕྲུལ་ལས་བྱུང་བའི་རྡོར་སེམས་ལ་བསྒྲུབས་པས་ཞལ་གཟིགས་ཤིང་ཐག་གི་ལུང་པ་ཐམས་ཅད་རྡོ་རྗེ་སེམས་དཔས་གང་བ་བྱུང་བ་བསམ་གཏན་གྱི་མཐུ་ཙམ་ལས་དོན་དམ་པར་ཅི་ཡང་མེད་སྙམ་དུ་རྒྱུན་བསྐྱངས་པས་རྫོགས་པ་ཆེན་པོ་རང་སྣང་རིག་མེད་ཀྱི་དགོངས་པ་ཤར་ཏེ་རྡོས་བཅས་ཀྱི་དངོས་པོ་གང་ལའང་མི་ཐོགས་པར་བྱུང་། དེ་ཚེ་སྦ་དགེ་མཐོང་བྱ་བ་མཚན་ཉིད་པའི་སློབ་དཔོན་ཞིག་གི་གྲ་པ་འདྲ་འདས་ནས་ཀ་བ་ཆོས་ཅན་དུ་བཟུང་ནས་ཐལ་འགྱུར་འཕངས་པ་ན་ངེད་རྫོགས་ཆེན་པ་རང་སྣང་རིག་མེད་ལ་ཀ་བ་མི་གདའ་ཞེས་ཀ་བ་ལ་ཕྱག་དབྱུག་དབྱུག་མཛད་པས་ཐོགས་མེད་སོང་བས་དད་པ་ཐོབ་ནས་སློབ་མར་གྱུར་པ་མ་ཐོགས་བྱང་འབར་དུ་གྲགས། གནས་དེར་ལོ་བཅུ་བཞིའི་ངོ་མཐོང་སྒྲུབ་པ་མཛད་དེ་དགོན་པར་འབྱོན་རྐྱེན་སྔར་སློབ་དཔོན་དུ་བསྐོས་པའི་མགོ་བྱ་ཆས་གསང་སྙིང་འདི་ལ་ཐབས་ལམ་གྱི་དུས་རྒྱབ་ཆོས་སུམ་རྒྱུད་དགོས་ཟེར་ནས་འགོས་ལ་དགྱེས་རྡོར་ཉན་པར་ཕྱིན། མིག་ཆུང་དབང་སེང་གིས་སྒྱུ་འཕྲུལ་གྱི་དཀྱིལ་འཁོར་ཕྱིར་འདོན་པའི་དུས་སུ་ཡོ་ག་དགོས་ཟེར་ནས་སུམ་པ་ཡེ་འབར་ལ་ཡོ་ག་ཉན་དུ་ཕྱིན། འོག་ཆུང་དབང་ངེས་སྒྱུ་འཕྲུལ་འདི་ལ་གྲུབ་མཐའ་འཛིན་པར་ཚད་མ་དགོས་པ་འདུག་ཟེར་ནས་སྤང་ཁ་དར་ཆུང་པའི་སར་ཚད་མ་ཉན་དུ་ཕྱིན་ཏེ་གོ་མ་ཆོད་གསུམ་གྱི་བསྟན་པ་མ་ཟིན་པ་དང་། ལྷ་རྗེ་ཆེན་པོའི་སྒོ་ཕུག་གི་གཙུག་ལག་ཁང་བརྩིགས་པའི་ཕྱག་རྗེས་ཀྱི་འཇུག་སྐྱོང་མཛད་དགོས་པར་བྱུང་སྟེ་བླ་མ་གཤེགས་པའི་གོང་དུ་བྲག་རྒྱ་བོ་ནས་བོས་ཏེ་གདན་སར་བསྐོས། ཟུར་ཆུང་པས་ཀྱང་ང་བཞིན་སློབ་མ་སྐྱོངས། རྗེས་འཇུག་(༡༥ན)


GLG009_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཀྱང་བཀུར་དགོས་པའི་ཞལ་ཏ་མཛད། ལྷ་རྗེ་སྲམ་སྒྲུབ་ཁང་དུ་ཕེབས། ཞོགས་པ་ཞིག་ཉི་མ་རྩེར་ཤར་ལ་ཉེ་གནས་ཀྱིས་ཕྱིན་ཙ་ན་བླ་མ་སྐུ་ཚགས་མཛད་ཟིན་འདུག་པར་གང་ལ་ཐེགས་དྲིས་པར། ང་བདེ་བ་ཅན་དུ་འགྲོ་ཞེས་ཕྱག་གཉིས་ཀྱིས་རྡོར་དྲིལ་བཟུང་འོད་ཀྱི་རང་བཞིན་དུ་གྱུར་ནས་དཔལ་ཆེན་པོའི་ཐུགས་ཀར་འོད་ཟེར་ཁ་དོག་ལྔ་ལྡན་ཤིན་ཏུ་འཚེར་བ་ཞིག་འཕྲོ་འདུ་ལན་གསུམ་བྱས་ནས་རྡོས་བཅས་ཀྱི་དངོས་པོ་རྣམས་ཆོས་ཉིད་ཟད་སར་འཁྱོལ་ཏེ་ཆོས་སྐུའི་ཀློང་དུ་ཐིམ་ནའང་ལས་མ་དག་པའི་ངོར་ཡང་དབེན་དུ་ཁམས་པ་ཞིག་ལ་གསང་དབང་དངོས་སུ་བསྐུར་བ་ལ་ལོག་ལྟས་དབང་མ་ཞུས་པར་སོང་བ་བསྒྲལ་ཞིང་དུ་དགོངས་ཏེ་མངོན་སྤྱོད་མཛད་པས་སྟག་གྲུ་ཁར་ཤི་བ་གནས་སྤར། སློབ་མ་དམ་ཉམས་པའི་རྐྱེན་གྱིས་བླ་མའང་རིགས་འཛིན་གྱི་གྲལ་དུ་གཤེགས་པའི་ཡང་དབེན་གྱི་མར་གདོང་ན་པུར་སྦྱངས་པའི་མཆོད་རྟེན་ཞིག་བཤུལ་དང་པུར་སོལ་ཡོད་སྐད་དོ། །ལྷ་རྗེ་ཟུར་བུ་ཆེ་གཤེགས་པའི་དགོངས་རྫོགས་སུ་སྒྲོ་ཕུག་གི་ལྷ་ཁང་མཇུག་སྐྱོང་དང་རབ་གནས་མཛད། འཆད་ཉན་ཤིན་ཏུ་འཕེལ་བས་སློབ་མ་མང་དུ་འདུས་པའི་ཀ་བ་བཞི་ནི་ཁྱུང་པོ་གྲགས་སེང་གིས་ལྷ་རྗེ་འུག་པ་ལུང་པ་སུན་འབྱིན་པར་གྲ་པ་མཁས་པ་བཞི་བཏང་བའི་སྐྱོ་སྟོན་ཤཱཀ་ཡེས་ཁྱེད་རྫོགས་ཆེན་པའི་ལུགས་ཀྱི་སྒྲུབ་པ་ཁོ་ན་མཛད་དམ་དྲིས་པར་ང་དམིགས་པ་གང་ལ་བསྟད་འདུག་གསུངས། འོ་ན་མི་སྒོམ་པ་ལགས་སམ་ཞེས་པས་ང་གང་ལ་གཡེངས་འདུག་གསུངས་པས་སྤོབས་པ་ཞུམ། དེ་རྗེས་གླན་ཤཱཀ་བཟང་གིས་ཁྱེད་སྒྱུ་འཕྲུལ་བ་སྣང་བ་ཐམས་ཅད་ལྷ་དང་ལྷ་མོར་འདོད་དམ་དྲིས་པར་ཡུལ་བེམ་པོ་རང་རྒྱུད་དུ་སྣང་བ་མངོན་སུམ་གྱི་ཚད་མ་སུས་འགབས་གསུངས། འོ་ན་(༡༥བ)


GLG009_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདོད་དམ་བྱས་པས་སེམས་ཅན་རྣམས་ཀྱི་མ་དག་པའི་འཁྲུལ་སྣང་རང་རྒྱུད་པ་སྤྱོད་པར་བྱེད་པའི་ཆེད་དུ་བཀའ་མདོ་རྒྱུད་དུ་མ་ལས་འབྱུང་བ་དང་སུས་འགལ་བར་ནུས་གསུངས་པས་ལན་མེད་དུ་གྱུར་པ་ན་ཁོང་བཞི་པོས་བླ་མ་ཁྱད་པར་ཅན་འདི་འདྲ་རྙེད་པར་དཀའ་བས་བླ་མ་ཁྱུང་པོ་དང་ཐབས་ཀྱིས་བྲལ་ནས་དྲུང་དུ་འོང་བའི་བྲོ་བོར། ཁྱུང་པོ་གྲགས་སེང་གིས་སུན་དབྱུང་ངམ་དྲིས་པར་མ་ནུས་ཚུལ་བརྗོད་པས་ལྟ་ལོག་མཁན་དེ་འདྲ་བསད་ན་སངས་རྒྱས་ཐོབ་གསུངས་པ་གསན་པས་ལྷ་རྗེ་རྒྱ་བོར་ཆོས་ཁྲིའི་ཁར་ཕེབས་པའི་ཚེ་སྦྱོར་སྒྲོལ་གྱིས་འཚང་རྒྱ་བ་སྔགས་ལུགས་མ་གཏོགས་མེད་སྙམ་ཡང་ཁྱུང་པོ་གྲགས་སེང་ལྟ་བུའི་མཚན་ཉིད་པའང་བློ་ཕུགས་ངའི་ཆོས་ལ་གཏོད་པར་འདུག་གསུངས་བཞད་སྐད། མཚན་ཉིད་པ་བཞི་པོ་སློབ་མར་གྱུར་པ་ནི་སེམས་ཕྱོགས་ཀྱི་ཀ་བ་གུང་བུའི་སྐྱོ་སྟོན་ཤཱཀ་ཡེ། མདོའི་ཀ་བ་སྐྱེད་ལུང་གི་ཡང་ཁེན་བླ་མ། སྒྱུ་འཕྲུལ་གྱི་ཀ་བ་ཆུ་བར་གྱི་གླན་ཤཱཀྱ་བཟང་པོ། འཕྲིན་སྒྲུབ་ཀྱི་ཀ་བ་ནག་མོ་རིའི་མདའ་ཏིི་ཆོས་ཤཱཀ་བཞི། གདུང་བརྒྱད་ནི། མ་ཐོག་པ། སྐྱ་སྟོན་ཆོས་སེང་། གླན་ཤཱཀྱ་བྱང་ཆུབ། ཅཀ་ཤཱཀ་རིན། གནུབས་སྟོན་བག་མ། དབུས་པ་ས་འཐོར། ཤུ་སྟོན་ཟླ་གྲགས། རྩེ་ཁྲམ་བྱང་དཔལ་དང་བརྒྱད། སྒོམ་ཆེན་གཉིས་ནི། འབའ་སྒོམ་དིག་མ། བོན་སྒོམ་དོ་བོ། ཡུས་བོ་ཆེ་ནི། ལ་སྟོད་ཀྱི་ཟི་སྟོན་བསོད་རྒྱལ། ལྕམ་བཅུ་དྲུག །དྲལ་མ་སུམ་ཅུ་རྩ་གཉིས། དཀྱུས་མ་མི་གཉིས། སྟ་ཀུ་ར་མི་གཉིས། གོ་མ་ཆོད་མི་གསུམ་ལ་སོགས་པ་མང་དུ་བྱུང་། ལྷ་རྗེ་འདི་ཉིད་ཀྱིས་འུག་པ་ལུང་དུ་སྔ་ཆོས། སྒོ་ཕུག་ཏུ་གུང་ཆོས། བྲག་རྒྱ་བོར་དགོངས་ཆོས་གསུངས། ལྷ་རྗེ་རྒྱ་བོ་ལ་སྔགས་རྙིང་མ་བའི་ཁྲོད་ནས་མི་འདུད་པ་མེད་པ་ཙམ་ཡོད་པར། འགོས་ལྷས་(༡༦ན)


GLG009_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

བཙས་ཀྱིས་གསར་མ་བ་རྣམས་ལྷ་རྗེ་འུག་པ་ལུང་པ་ལ་ཕྱག་མི་འཚལ་བའི་ཁྲིམས་བཅས་པའི་སྐབས་ཤིག་ཤངས་སུ་སྟོན་མོ་ཞིག་གི་གྲལ་དབུར་ལྷ་རྗེ་བཞུགས་པ་དང་འགོས་དཔོན་སློབ་བྱོན་པ་འགྲིག་ནས་འགོས་ཀྱིས་ཕྱག་མཛད་པ་ན་གྲ་པ་རྣམས་ཀྱིས་ཅི་ཡིན་དྲིས་པས་ཁོའི་སར་སླེབས་ན་དཔལ་ཆེན་པོའམ་དེ་ཡིན་སྙམ་པ་ལས་འདུ་ཤེས་གཞན་མི་འཆར་གསུངས་སྐད། རྒྱ་བོར་བཞུགས་དུས་ནམ་ཕྱེད་ལ་རྟ་པ་དཀར་པོ་ཞིག་བྱུང་ནས་ཤར་རི་དཔལ་གྱི་རྩེ་ལ་བྱོན་ཟེར་བ་ལྟར་ཕེབས་པའི་རྫིས་ར་ཞིག་ཏུ་དྲོ་བསྟབ། ལྷ་ཟེ་མོའི་རྩེར་མཁའ་འགྲོ་མ་རྣམས་ཀྱིས་བྲོ་འཁྲབས་པའི་རྗེས་སུ་བཞེས་པ་མཛད་དགོངས་པར་ཆས་རྣམས་རྫིས་རར་ལུས་པས་ཕྱིར་བྱོན་པ་དེར་གསོལ་ཟན་གྱི་ལྷག་མ་ལ་ཙན་དན་དཀར་པོའི་མྱུ་གུ་ཞིག་སྐྱེས་པ་རྙིང་མའི་བསྟན་པ་རྒྱས་པའི་རྟེན་འབྲེལ་དུ་དགོངས་ཏེ་ལྷ་ཁང་ཀ་དགུ་མ་ཞིག་བཞེངས་པ་ཉིན་མོ་མི་ལས་མཚན་མོ་མཁའ་འགྲོས་བརྩིགས་པ་འོལ་ཆེ་བར་བྱུང་བས་མཁའ་འགྲོ་ལྷ་ཁང་དུ་གྲགས། ལེགས་ལྡན་ཚོགས་ཀྱི་མགོན་པོ་རྙིང་བསྟན་སྤྱི་དང་ཁྱད་པར་ཟུར་པའི་བསྟན་པ་བསྲུང་བར་དམ་བསྒྲགས། ཀ་བ་དགུ་ལ་ཡང་དག་ལྷ་དགུ་བཞེང་བའི་དགོངས་པ་ཡོད་པ་དེ་དང་ཉེ་བའི་སྒྲུབ་ཁང་གདོང་དུ་སྐུ་སྙེས་མཛད། སྒྲོ་ཕུག་གི་ལྷ་རི་གདོང་ལ་ཞབས་གཡས་བརྐྱང་། སྒྲུབ་ཁང་གདོང་དུ་གཡོན་བརྐྱང་བའི་འབྲས་བུ་ཧེ་རུ་ཀཿཞིག་གཟིགས་པས་ཞབས་གཡོན་པའི་ཐད་དུ་ཧེ་རུ་ཀཿཞལ་གསུམ་ཕྱག་དྲུག་པའི་ལྷ་ཁང་བཞེངས། འགྲོ་དོན་རྒྱ་ཆེ་བའི་ངང་ནས་དགུང་ལོ་དྲུག་ཅུ་རེ་གཅིག་གི་དུས་བྲག་རྒྱ་བོ་ནས་ཨོ་རྒྱན་མཁའ་འགྲོའི་གླིང་དུ་གཤེགས། གདུང་ཞུགས་འབུལ་གྱི་ཚེ་མེ་ཏོག་གི་ཆར། འཇའ་འོད་ཀྱི་གུར། དྲི་ངད་བཟང་པོ་སྒྲ་སྙན་པ་སོགས་ཀུན་གྱི་(༡༦བ)


GLG009_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཡུལ་དུ་གྱུར་ཅིང་ལས་དག་པ་འགས་ལྷའི་གདུགས་རྒྱལ་མཚན་བ་དན་ཡང་མཐོང་སྐད། པུར་དུད་བྲག་ལ་ཆགས་པར་མཆོད་རྟེན་རང་བྱོན་བྱུང་། གདུང་རིང་བསྲེལ་ཕལ་ཆེར་མཁའ་འགྲོས་གདན་དྲངས། སྔར་བྲག་རྒྱ་བོར་ལོ་བཅུ་བཞི་ཙམ་བཞུགས་དུས་སྤྱན་དང་ཞལ་ལ་སྡོམ་གྱི་བ་ཐག་ཆགས་པ་ཉེ་གནས་ཀྱིས་ཆུས་ཤིང་འཐེན་པས་སྤྱན་ཧུར་གྱིས་གཟིགས་ནས་ང་དེ་གར་བཞག་ན་ཐོད་པ་མགོ་ལ་མི་འགེབས་པ་ཞིག་ཡོང་རྒྱུར་ད་སྐྱེ་བ་ཞིག་ལེན་དགོས་པ་འདུག་གསུངས་པ་རྗེ་བཙུན་ས་པཎྜི་ཏ་ཡིན་པར་སྣང་ངོ་། །ལྷ་རྗེ་ཟུར་ཆུང་པའི་ཇོ་མོར་བཙད་མོ་དར་མ་བོ་དྷི་བྱོན་པར་སྲས་ཇོ་བཙུན་རྡོ་རྗེ་འབར་དང་སྲས་མོ་ཤཱཀྱ་ལྕམ་མོ་གཉིས་འཁྲུངས་འདི་ནས་མང་དུ་མཆེད་པའི་སྲས་སྔ་ཚར་ཟེར་ཆོས་ཞུ་བ་འཁྲིད་ནས་རིམ་གྱིས་ཐུགས་མཐུན་པའི་གསང་ཡུམ་མདའ་ཏི་ཇོ་ཤཱཀ་གི་ལྕམ་མདའ་མོ་གཙུག་ཏོར་ལྕམ་བྱ་བ་ཁབ་བཞེས་མིན་པར་བརྟེན་གྲ་པ་རྣམས་ཀྱིས་སྡང་བར་བྱས་པ་ན་སྐྱོ་སྟོན་ཤཱཀ་ཡེ་ལ་འདིའི་སྲིན་ལག་ལ་བསྟན་པའི་གཙོ་བོ་ཞིག་འདུག་པ། གླན་ལ་ཇོ་མོའི་ལུས་ལ་སངས་རྒྱས་ཀྱི་སྐུ་ཐིམ་པ། མདའ་ཏི་ཇོ་ཤཱཀ་ལ་སྤྱི་གཙུག་ནས་གསེར་གྱི་རྡོ་རྗེ་ཐིམ་པ་སྟེ་སློབ་མ་གསུམ་གྱིས་མནལ་ལམ་དང་ལྷ་རྗེའི་ཞལ་ནས་འདིའི་ལུས་ལ་ཕྱག་རྡོར་གྱི་སྐུ་ཞིག་ཐིམ་པས་བདེ་བར་ཞོག་གསུངས་པ་ལྟར་རིང་ཞིག་ནས་སྲས་བལྟམས་པར་མནལ་ལྟས་དང་བསྟུན་ནས་ཡབ་ཀྱིས་ཤཱཀྱ་སེང་གེར་བཏགས། སྤྱན་རྩ་གྲུང་བས་ཡུམ་གྱིས་ཧོར་པོ་ཞང་པོ་ནས་གྲས་ཏེ་མདའ་ཚ་ཧོར་པོ། ཕྱིས་སྒྲོ་ཕུག་ཏུ་བསྟན་པ་བསྐྱངས་པས་གསང་བདག་སྒྲོ་ཕུག་པར་གྲགས། དེའི་ཚེ་ཡབ་ཀྱིས་སྤོང་དག་མཛད་པ་དང་ཐུག་ནའང་བཙུན་མ་ཞིག་གིས་ནས་བོང་རྒྱབ་བརྒྱ་དང་མར་ཁལ་བརྒྱ་ཙམ་ཕུལ་པས་རྐན་མར་ཐོགས་མེད་དུ་(༡༧ན)


GLG009_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། དུས་དེར་མདོ་ཁམས་ནས་ཇ་དང་གསེར་གྱི་འབུལ་པ་གཏོས་ཆེན་བྱུང་བར་གྲགས། ཡབ་སྔ་མ་ནས་གཤེགས་ཀྱང་ཡུམ་དང་ཞང་པོས་བསྐྱངས། དགུང་ལོ་བཅོ་ལྔ་ཚུན་མདའ་ཕུར་བཞུགས་ནས་ཡིག་ཆོས་དང་སྒྲུབ་འཕྲིན་བསླབས། དེ་ནས་གླན་དང་ཁྱེད་ཀྱི་སར་བྱོན་ནས་ཡབ་ཆོས་ཀྱི་རྒྱུད་ལུང་མན་ངག་ལ་སྦྱངས། དགུང་ལོ་བཅུ་དགུ་པ་ལ་གདན་སར་ཕེབས་པ་སྐུ་བསོད་ཆེ་བས་སྐྱོའི་སར་ལོ་གཅིག་ཙམ་མ་གཏོགས་ཆོས་འཚོལ་བར་འབྱོན་མ་ཐུབ་པས་ཚུར་གདན་དྲངས་ཏེ་ཀ་བ་བཞི་ལ་མདོ་སྒྱུ་འཕྲུལ་སེམས་ཕྱོགས་གསུམ་གྱི་རྒྱུད་མན་ངག་འཕྲིན་སྒྲུབ་དབང་། གླན་ལ་རྫོགས་ཆེན་སྐོར་ལུགས། ལྷ་རྗེ་ཤངས་པ་ནག་པོ་ལ་རྫོགས་ཆེན་པ་རྒྱུད་པ་ཐ་མའི་སྐོར་རྒྱུད་གདམས་ངག་དང་བཅས་པས་མཚོན་ཏེ་བླ་མ་མང་དུ་བསྟེན་ནས་མཁས་པའི་མཐར་སོན་པས་ཟུར་ཐམས་ཅད་མཁྱེན་པར་གྲགས། འགྲོ་ཕན་ཤིན་ཏུ་ཆེ་བས་སློབ་མ་གདུགས་ཐོགས་པ་སྟོང་། པོ་ཏིའི་ཁ་ཕྱེ་བའི་ཤོབ་སྒྲས་ཉ་རི་ལུང་པའི་ལུག་གི་ཁྱུ་འདྲོགས་པ་ལྟ་བུ་བྱུང་། ཆོས་གྲྭར་ཆོས་ཉན་པའི་གོ་ས་དགའ་མི་དགའ་ལ་གསེར་ཐང་ནས་ཁལ་ཉི་ཤུ་རྩ་བཞི་མའི་དུས་ཀྱིས་ཞོ་རེའི་འཇལ་ལེན་བྱེད་པ་བྱུང་། དེ་དག་ནས་ཐུགས་ཟིན་པའི་སློབ་མ་བཞི་གསུམ་བཅུ་གཉིས་ཀྱི་ནག་པོ་བཞི་ནི་ཟུར་ནག་འཁོར་ལོ། རྒྱ་ནག་སྐྱི་མཁར་པ། ཉང་ནག་རྡོ་པོ། ལྕེ་ནག་དཔལ་སེང་། སྟོན་པ་བཞི་ནི། ཉེ་སྟོན། ཞང་སྟོན། གྱབས་སྟོན། རྒྱ་སྟོན། མེས་བཞི་ནི། གཙང་པ་ཁྱི་སྟོན། གཡུང་སྟོན་ཧོར་པོ། སྤོང་སྟོན་ལྕགས་ཀྱུ། དབུས་པ་ཆོས་སེང་རྣམས་ཡིན་ལ་དེའི་ནང་ནས་རྒྱ་ནག་སྐྱི་མཁར་བས་རྒྱ་བརྩོན་སེང་སུན་དབྱུང་བ་སོགས་ལ་བླ་མ་དགྱེས་ཏེ་མན་ངག་ཕྲ་མོ་ཚུན་ཆད་གནང་བས་སློབ་མ་གཞན་ལས་གདམས་པ་ཆེ། སྐབས་(༡༧བ)


GLG009_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་སྟོན་པ་བཞི་པོར་ཚོགས་ཆས་ཁྱེར་ཤོག་གསུངས། ལྷ་རྗེས་ཀྱང་བསྣམས་ཏེ་དཔོན་སློབ་ཐམས་ཅད་ལྷ་རི་གདོང་གི་རྩེར་བྱོན་ཚོགས་འཁོར་མཛད། ཁྱེད་རྣམས་ང་མེད་པ་ལ་མྱ་ངན་མ་བྱེད་ཅེས་གདམས་ནས་གསུང་མགུར་རེ་དང་སྦྲགས་ནམ་མཁའ་ལ་འཕུར་ཏེ་མི་མཐོང་བ་ཙམ་དུ་གཤེགས་པ་ན་སློབ་མ་རྣམས་ཀྱིས་སྡུག་བསྔལ་གྱི་རྣམ་འགྱུར་མང་པོ་དང་བཅས་མཚན་ནས་བོས་པས་བླ་མ་མར་བྱོན་ནས་ངས་ཁ་བརྡ་བཅག་པ་ལ་མི་ཉན་པ་བརྒྱུད་པ་ལ་ཤིས་པ་བག་མི་ཡོང་གསུངས། ལོ་ཕྱི་མ་ལ་མྱ་ངན་ལས་འདས་ཏེ་པུར་སྦྱོང་བའི་ཚེ་སྔགས་གཞོན་ཆས་མཛེས་ཤིག་གིས་རྟ་ངང་པ་བཟང་པོར་དུང་གི་སྒ་རང་གུག་ལེགས་པོ་ཞིག་གཏད་ནས་ཕུལ་བ་རྩད་མ་ཆོད་པ་ལྷས་གདུང་འབུལ་བྱས་པར་གྲགས། གཞན་ཡང་ཀླུ་དང་གནོད་སྦྱིན་སོགས་ཀྱིས་ནོར་བུ་མང་པོ་ཕུལ། མདོར་ན་ལྷ་རྗེ་འདི་ཉིད་གསང་བདག་མིའི་སྲིད་པ་བཟུང་བའི་སྔ་འགྱུར་གྱི་བསྟན་པའི་ཉི་མ་ཆེན་པོ་ཞིག་གོ །འདི་ཉིད་ལ་སྲས་རྡོ་རྗེ་གྲགས་དེ་ནས་མང་དུ་འཕེལ་བ་ལ་ཕྱི་ཚར་དུ་གླེང་མོད་ཡོངས་གྲགས་སྒྲོ་ཕུག་པ་ཆེན་པོ་ཚངས་པར་སྤྱོད་པས་སྲས་མེད་པར་གྲགས། ལྷ་རྗེ་ཟུར་པོ་ཆེའི་གཅུང་སྒོམ་ཆེན་རྡོ་རྗེ་འབྱུང་གནས་ཀྱི་སྲས་ཟུར་རལ་པ་ཅན་ཞེས་ཆོས་སྐྱོང་བྲན་དུ་འཁོལ་ཞིང་སྦྱོར་སྒྲོལ་མཐར་ཕྱིན་པས་སྔགས་ནག་ཅིག་བྱུང་། དེའི་སྲས་ཟུར་ཤཱཀྱ་མུ་དྲ། དེའི་སྲས་རྡོ་རྗེ་དབང་ཕྱུག་དང་ཟུར་བཟང་སྒོམ་གཉིས་བྱུང་བ་ཟུར་ལུགས་ཀྱི་འཕྲིན་སྒྲུབ་བརྒྱ་ལུགས་སོགས་ལ་མཁས་པར་གྲགས། རྡོ་རྗེ་དབང་ཕྱུག་ལ་སྲས་ཟུར་ཨ་མེས་ཤེས་རབ་བློ་གྲོས། ཟུར་སྟོན་བླ་མ། ཟུར་ཨ་མེས་ཤེས་རབ་འབྱུང་གནས་གསུམ། ཨ་མེས་ཤེས་རབ་བློ་གྲོས་ལ་སྲས་ཟུར་རྡོ་བཙུན་ཤེས་རབ་བཟང་པོ། ཟུར་ལྷ་རྗེ་རྡོ་ཁམ། ཟུར་ལྷ་རྗེ་དབང་(༡༨ན)


GLG009_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ངེ་། ཟུར་དཔལ་ལེ་དང་བཞིའི་ཤེས་རབ་བཟང་པོ་ནི་བདུད་རྩི་སྨན་སྒྲུབ། ཐུན་མོང་ཚེ་སྒྲུབ། དངོས་གྲུབ་བམ་སྒྲུབ། མཆོག་གི་ཡང་དག་སྒྲུབ་པ་བཞི་ལ་ཤིན་ཏུ་མཁས། ཨ་མེས་ཤེར་བློ་ནས་གདུང་ཐོར་བུ་འཕེལ། ཟུར་ཤེར་བཟང་གིས་སྲས་ཟུར་ཧེ་རུ་ཀས་ནག་ཆང་ཤར། ཀ་ཚ་གོང་འོག །འུག་པ་ལུང་གི་བླ་བྲང་རྣམས་བཞེངས་ཤིང་དགོངས་མཁྱེན་མཐོ་བར་གྲགས། དེའི་སྲས་ཟུར་འོད་པ་ནི་ཤོང་པའི་བླ་མ་ཉང་གི་གདུང་བརྒྱུད་དུ་འཁྲུངས་པའི་ཚེ་སྐྱེ་བ་ཕྱི་མ་འུག་པ་ལུང་དུ་འབྱོན་པ་དང་སྐུ་ཚེ་འདི་ལ་སྔོན་གནས་གསང་བ་དྲན་པས་སྐུ་སྐྱེ་སྔ་ཕྱིའི་སློབ་མ་མཐའ་དག་སྐྱོང་བར་མཛད། ཇོ་མོ་མ་གཅིག་དཔལ་དགེ་ལ་སྲས་མོ་ལྔ་བཏུད་ནས་བྱུང་བས་ཐུགས་ཆད་དེ་ཡོད་པའི་ཚེ་ཁ་ཆེ་པཎ་ཆེན་ཕེབས་པ་གདན་དྲངས་པས་པཎ་ཆེན་གྱིས་གནས་འདིའི་བྱ་རི་དྭགས་ཀྱང་འཕགས་པའི་སྤྲུལ་པ། བྱང་ལ་ངོས་བསྟན་པའི་རི་འདི་དག་རིགས་ལྔའི་ཚུལ། བྱ་རི་ལ་གྲས་པའི་ལུང་ཆུང་འདི་དག་ཀྱང་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་རྣམ་པར་ཡོད་པའི་གནས་འདིར་གསང་སྔགས་སྟོན་པའི་དགེ་བའི་བཤེས་གཉེན་བར་མ་ཆད་དུ་འབྱུང་ཞིང་སླར་སྲས་པོ་གཉིས་ཡོང་བར་ངའི་མིང་ནས་གྲས་པ་ཐོགས། སྲས་མོ་རྣམས་ཀྱིས་ཀྱང་གཞན་ཕན་ཡོང་བས་སྡང་པོ་མ་མཛད་ཅེས་ལུང་བསྟན་གནང་། སྲས་མོ་ལྔའི་ཆེ་བ་ཟུར་མོ་འོད་འབུམ་མཁའ་ལ་འཕུར་བ་སོགས་རྫུ་འཕྲུལ་ཆེ། ཟུར་མོ་སྒོམ་ཆེན་གྱིས་མགོན་པོ་བྲན་དུ་འཁོལ་ཏེ་མཐུ་ཆེ་བས་ཕ་མེས་ཀྱི་དགྲ་རྣམས་བརླག་པར་མཛད། ཟུར་མོ་གཡང་དཔལ་མི་མ་ཡིན་ལ་ཆོས་སྟོན་པ། ཟུར་མོ་གཡང་འབུམ་ཁྱིམ་ལ་བྱོན་ཞིང་ཟུར་མོ་དཀར་རུ་ཆུང་ངུ་ནས་ཞིང་ཁམས་གཞན་དུ་འཕོས། སྲས་ཟུར་ཤཱཀྱ་མགོན་པོ་དང་པ་ཤི་ཤཱཀ་འོད་གཉིས་བྱུང་བའི་(༡༨བ)


GLG009_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

གཅེན་ནི་མངོན་ཤེས་མངའ་བས་སྐྱེ་འཆི་དང་བར་དོ་གཟིགས་པ་བརྟུལ་ཞུགས་ཤིན་ཏུ་ཆེ། གཅུང་པ་ཤི་ཤཱཀ་འོད་ཀྱིས་བྲག་རྡོ་རྗེ་ཚེ་བརྟན་ནས་ཚེ་ཆུ་མུ་མེན་གྱི་ཀ་པཱ་ལ་གང་དང་སློབ་དཔོན་ཆེན་པོའི་དབང་གི་ཕྱག་ཕུར་རིན་པོ་ཆེ་ཟེ་ཁྱིམ་ལས་གྲུབ་པ་སྤྱན་དྲངས། མཁས་གྲུབ་ཀྱི་སྙན་པ་ཆེ་བས་སེ་ཆེན་རྒྱལ་པོས་གོང་དུ་ཡོང་དགོས་པའི་ལུང་བྱུང་བར་སློབ་དཔོན་ཁྲོ་བོ་སྐུ་ཚབ་ལ་མངགས། ཚེ་ཆུ་ཕུལ་བ་བཞེས་པས་གོང་མ་སེ་ཆེན་དགུང་ལོ་བརྒྱད་ཅུ་ཐུབ་པ་དེའི་བྱིན་རླབས་ཡིན་ཟེར། ཕུར་པ་འུག་པ་ལུང་ནས་རིན་པོ་ཆེ་ཀུན་བཟང་རྩེ་བའི་ཕྱག་ཏུ་འབྱོར་བ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་ལ་ཐེགས་ཁར་སྐུ་སྲུང་ལ་ཕུལ་བའི་མཚན་པད་ཕུར་ཁམས་གསུམ་རྣམ་རྒྱལ་དུ་གྲགས། གོང་ནས་གནང་སྦྱིན་གྱ་ནོམ་པ་དང་སྦན་ཧོར་དུད་ཞེ་ལྔའི་སའི་འཇའ་ས་བྱུང་། ཀླུའི་ཆོ་འཕྲུལ་གྱིས་རྒྱ་རྒན་གྱི་མཚོ་བསྐམས་བཅུག་ནས་ཕུལ་བའི་སར་སྔགས་སྡེ་ཆེན་པོ་བཏབ། ཕྱག་བཟོ་མཛད་པའི་ལེགས་ལྡན་གྱི་སྐུ་དེ་ཁྱུང་ཚང་ནས་སྤྱན་དྲངས་པའི་དུས་དགུན་ཐོག་སེར་སོགས་འཚུབ་ལྷོངས་ཆེ། ཀ་ཅ་སོགས་གནས་གཞི་འགའ་བྱ་རོག་ཚང་ལ་གཤོར་བ་ཚུར་བླངས། སྣང་སྲིད་ལྷ་འདྲེ་ལ་བསྡོས་ནས་སྦན་ལ་རྐ་ཆུ་དྲངས། ཚེ་ཆུའི་གཏེར་ཡིག་ལས། རྡོ་རྗེ་བྲག་གི་ལྟེ་བ་ལཿ བྱང་ཆུབ་སྒྲུབ་པའི་སྒྲུབ་གནས་འབྱུང༔ ཞེས་པ་ལྟར་སྐུ་ཚེའི་སྨད་ལ་མཁར་བྲག་རྡོ་རྗེ་བྲག་གི་ལྟེ་བ་ལ་སྒྲུབ་པ་མཛད། མི་མ་ཡིན་དམ་ལ་བཏགས་དགུང་ལོ་དྲུག་ཅུ་རྩ་གསུམ་པ་ལ་དག་ཞིང་དུ་གཤེགས། བླ་མ་འདི་ལ་ཡུམ་མི་གཅིག་པའི་སྲས་ཟུར་ཉི་མ་སེང་གེ །ཟུར་ཤཱཀྱ་སེང་གེ །ཟུར་དཔལ་ལྡན་མགོན་པོ་གསུམ་གྱི་དང་པོ་ནི་ཁྲོ་ཕུ་ལོ་ཙཱ་བས་ཉི་མ་སེང་གེ་ཞེས་པའི་མཚན་བཏགས། མཁན་ཆེན་བསོད་ནམས་སེང་གེའི་(༡༩ན)


GLG009_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་དུ་རབ་ཏུ་བྱུང་། ཡབ་ཀྱི་དགོངས་རྫོགས་རྒྱས་པར་བསྐྲུན་ཞིང་ཟུར་ཚོའི་གདན་ས་ལོ་བཅུ་གཅིག་ཙམ་མཛད། ཞ་ལུ་ཨ་མེས་ཀྱི་ལག་ནས་ཡབ་ཀྱིས་བཅོལ་བའི་འཇའ་ས་བླངས། རྒྱ་རྒན་བར་སྒོ་ཕྱིན་ཆད་ཀྱི་ལྕགས་རི་སྦྱངས་སྐུ་བསོད་རྒྱས་པས་ཟུར་ཚོའི་ལྷ་སྡེ་མི་སྡེ་འབྲོག་དང་བཅས་པ་སྟོང་སྐོར་གསུམ་དུ་ཕྱེ། ས་སྐྱའི་ནང་ཆེན་གྱིས་གོང་དུ་ཞུ་ལོག་ཕུལ་ནས་བྱ་རོག་ཚང་དུ་དཔོན་ཆེན་ཀུན་བཟང་པ་བཀྲོངས་པའི་དུས་རྒྱའི་དམག་དཔོན་མི་ཆེན་སངྒྷས་བླ་མར་གསེར་ཀ་ཊོ་ར་གང་ཕུལ་བ་མ་བཞེས་པར་དེ་ཚབ་ཏུ་འགྲོ་བ་མང་པོའི་སྲོག་བསྐྱབས་དེ་རྣམས་ཀྱིས་ཟུར་པའི་བཟའ་ཁྲལ་གཞལ། བར་དགའ་ལྷ་ཁང་ཁྱམས་དང་བཅས་པ་བཞེངས་སྐུ་རིམ་སྒྲུབ་པའི་སྔགས་པ་ཁྲལ་མེད་མང་པོ་གཞིས་འཇགས་སུ་བཅུག །ཁྲོ་ཕུར་འབུམ་མོ་ཆེ་བའི་བརྩིག་སྐབས་ཆུ་དཀོན་པར་ཕུད་གཏེར་བདེན་པ་བདར་སྐུ་ཆོས་བརྡབས་པས་ཆར་ཆེན་པོ་བབས། གོང་གི་སྐུ་རིམ་དུ་རྒྱ་རྒན་སྤའུ་སྲོག་མཁར་དགེ་ལེབ་ཏུ་སྔགས་བཞིའི་མཚམས་ལ་བཅུག །འབྲི་གུང་པས་སྟོད་ཧོར་གྱི་དམག་དྲངས་པའི་ཚེ་རྒྱ་ནག་གི་དམག་དཔོན་ཐི་མུར་བྷེ་ཁ་དང་དཔོན་ཆེན་ཨང་ལེན་གྱིས་གཙོས་པའི་ས་སྐྱའི་དམག་གིས་དཔལ་མོ་དཔལ་ཐང་དུ་གདོང་བསུ་བཏང་བའི་ཚེ་གོང་སོ་སྒོམ་ཆེན་གྱིས་འགོ་བྱས་གཤིན་རྗེའི་སྒྲུབ་པ་དང་རླུང་ནག་བསྐོར་བས་སྟོད་ཧོར་གྱི་གཡུལ་ཕམ་ནས་མང་དུ་བསད་ཅིང་ཁྲི་ཆེ་གསུམ་ཙམ་བྲོས་པ་གངས་འུར་གྱིས་མནན་ནས་ཤི །སྟོད་ཧོར་གྱི་དམག་དཔོན་རྒྱལ་བུ་རིན་ཆེན་དང་འབྲི་གུང་གི་སྒོམ་པ་བཙོན་དུ་ཟིན་པས་ས་སྐྱ་བའི་བསྟན་པའི་སྲོག་རྩ་བཟུང་། ར་ཙ་པའི་བུ་སྲིང་ཕྱུག་མོ་བྱིན་རླབས་ཁབ་ཏུ་བཞེས་པའི་སྲས་ཟུར་བྱམས་པ་སེང་གེ །སློབ་དཔོན་མགོན་པོ་དར། བདེ་བྱེད་(༡༩བ)


GLG009_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་དཔལ་གསུམ་དང་། ཡུམ་མི་གཅིག་པའི་སྲས་མོ་གཡང་འབུམ་དང་བཞི་བྱུང་བའི་ཐམས་ཅད་མཁྱེན་པ་བྱམས་པ་སེང་གེ་ནི་ཆུང་ངུ་ནས་འབྲི་ཀློག་འབད་རྩོལ་ལ་མ་བལྟོས་པར་མཁྱེན། ཡབ་ཀྱི་དྲུང་དུ་དོང་སྤྲུག་དང་ཡང་ཕུར་ཆ་གསུམ་གྱི་སྒྲུབ་དབང་གསན། འཕྲིན་ལས་ཀྱི་སྐོར་རྣམས་སློབ་དཔོན་སངས་རྒྱས་མགོན་ལ་ཞུས། ཁྲོ་ཕུར་མཁན་ཆེན་བསོད་ནམས་སེང་གེ་ལ་དགེ་ཚུལ་བསྒྲུབས་པའི་མཚན་བྱམས་པ་སེང་གེར་བཏགས། མཚན་ཉིད་ཀྱི་ཆོས་ལ་སྦྱངས་ནས་བཅུ་བཞི་ལ་གྲལ་སྐོར་མཛད་པས་མཁས་གྲགས་ཐོན། མཁན་པོས་སེམས་བསྐྱེད་གསུམ་པའི་བཞུགས་ཁྲིའི་སྟེང་ནས་ཚོགས་པ་ལ་མངོན་པ་བཤད། ཟུར་ཤཱཀ་སེང་ལ་ཡང་དག་དང་སྒྱུ་འཕྲུལ་ཚེ་སྒྲུབ། མདའ་ཤཱཀ་འཕེལ་ལ་གསང་སྙིང་། ལྕེ་སྟོན་སྒྲུབ་པ་འབུམ་ལ་སྒྱུ་འཕྲུལ་དང་རྫོགས་ཆེན། བླ་མ་སྦ་སྟོན་ལ་སྒྱུ་འཕྲུལ་ཟུར་ལུགས་དང་དགོངས་འདུས་རྩ་ཕུང་། ཟོ་ལུང་པ་བླ་མ་བཤེས་གཉེན་ལ་མདོ་དབང་དང་སེ་ལུགས་ཀྱི་ཞི་ཁྲོ། ཐ་ལོ་ལ་སྒྲ་ཚད། ཁྲོ་ཕུ་དཔལ་མཆོག་ལ་རྡོར་ཕྲེང་། བསམ་སྡིངས་འགྲུབ་པ་དཔལ་ལ་ལམ་འབྲས། བླ་མ་ཡོན་ཏན་མགོན་པོ་ལ་མདོ་ལུགས་ཀྱི་ཕྱག་རྡོར་དང་རྣམ་འཇོམས། དཔོན་དཔལ་མགོན་ལ་བསྟན་སྲུང་། སྨན་རྩིས་གཡུལ་རྒྱལ་སྐོར། གངས་པ་ཤཱཀ་འབུམ་ལ་རྫོགས་ཆེན་ཀློང་སྡེ་དང་གཤིན་རྗེ་དམར་ནག །བླ་མ་ཞབ་པ་སྲས་འཛོམ་དང་མགོན་སར་གྱི་བླ་མ་ལྷ་རྗེ་སོགས་ལ་གདམ་ངག་མང་དུ་གསན་ཏེ་ཐོས་བསམ་མཐར་ཕྱིན། གནས་ཤར་རྩེ་རྒྱལ། འུག་པ་ལུང་། ཉ་རི་སྒྲུབ་ཕུག་སོགས་སུ་སྒོམ་སྒྲུབ་ལྷུར་བླངས་ནས་སྐྱེད་རྫོགས་རྫོགས་པ་ཆེན་པོ་ལ་ནང་བྱན་ཆུད། ཡི་དམ་གྱི་ལྷའི་ཞལ་གཟིགས། དམ་ཅན་བྲན་དུ་འཁོལ་བའི་སྔགས་འཆང་ཆེན་(༢༠ན)


GLG009_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདི་ལ་སློབ་མ་སྔ་ཚར་གཡུང་སྟོན་རྡོ་རྗེ་དཔལ། སྦན་གསུམ་གྲོང་ཀརྨ་རྒྱལ་མཚན། ཤངས་རི་པའི་སྡོམ་པ་ལྷ་རྗེ་བཟང་། དཔེ་པོ་ཆེ་བ་ཡོན་ཏན་གྲུབ། སློབ་དཔོན་མགོན་སེང་། ཉང་སྟོད་སྟག་ཚལ་བ་སློབ་དཔོན་དགའ་རབ། ལ་སྟོད་སྦ་སྟོན་གཟི་བརྗིད་བྱམས་པ་དཔལ། ཕྱི་ཚར་ནི་རྟ་ནག་སྒྲོལ་མ་སྦུག་པ་འཇམ་དབྱངས་བསམ་གྲུབ་རྡོ་རྗེ། ར་ཐུང་གྲགས་བཟང་། སྙེ་མོ་ཉི་ཟླ། ཤངས་ཕུའི་བླ་མ་རིན་ཅེན་རྡོ་རྗེ། ལ་སྟོད་པ་རྡོར་སེང་། ཐུགས་རྗེ་བྱིན་རླབས་གཉིས། ཁ་རེག་པ་གཞོན་ནུ་མགོན། རྒྱ་རྒན་པའི་ཇོ་བོ་མགོན་གྲུབ་སོགས་ཁྱད་པར་ཅན་གྱི་སློབ་མ་དང་གཞན་ཡང་རྗེས་འཇུག་རྒོད་པོའི་ཉིན་ལམ་གྱིས་ཁྱབ་པ་ལྟ་བུ་རྣམས་འཁོར་ལོ་རྣམ་པ་གསུམ་གྱི་ལས་ལ་བཀོད། སྔར་གངས་པ་ཤཱཀ་འབུམ་ལ་ལྷ་རྗེ་བྱམས་སེང་དང་གཡུང་སྟོན་པ་དཔོན་སློབ་གཉིས་ཀྱིས་ཚེ་བདག་སྡིག་པ་སྙིང་འཛིངས་ཀྱི་འཁྲུལ་འཁོར་ལ་མཁས་པར་སྦྱངས་པས་དཔོན་སློབ་གསུམ་གྱི་སྟེང་དུ་ཞ་ག་སྲས་འཛོམ་སྟེ་བཞིས་འུག་པ་ལུང་དུ་བཅས་ཆོག་མཆོད་རྟེན་བཞེངས། གཡུང་སྟོན་པས་ཐོད་པ་ཞལ་དབྱེ་བསྒྲུབས་པའི་བཀའ་ཤིན་ཏུ་གཉན་ཆ་ཆེ་བ་ཞིག་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་ཕྱག་ཏུ་འབྱོར། ལྷ་ཁུད་ཀྱི་བྱོན་སྡེའི་མཛོ་རོ་དངོས་གྲུབ་ཀྱིས་ལྷ་རྗེ་ལ་ཟས་ངན་དྲངས་ནས་དགུང་ལོ་སོ་དྲུག་ལ་གཤེགས་པར་གཡུང་སྟོན་པས་གཤིན་རྗེ་ཚུ་བུང་གི་འཁོར་ལོ་བསྐོར་ནས་བོན་གྲོང་མི་ནོར་དང་བཅས་པ་གཙང་པོས་ཁྱེར་ནས་ཤུལ་མེད་དུ་སྟོངས་པས། བླ་མའི་སྐུ་དགྲ་ཐུག་ལ་ཁོ་བོ་ཙམ། ཞེས་སོགས་ཀྱི་ཞལ་པོའང་མཛད། གཅུང་བདེ་བྱེད་མགོན་པོ་རྒྱུད་བཤད་དང་འཕྲིན་སྒྲུབ་ལ་མངའ་བརྙེས། ཕུར་སྲུང་བྲན་དུ་འཁོལ། གཡང་འབུམ་ནི་ལྕེ་སྟོན་སྒྲུབ་པ་བ་ལ་ཐུག་ནས་ལོ་བཞི་བཅུའི་བར་(༢༠བ)


GLG009_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་མཛད་པས་སྒྲུབ་སྐྲ་ཐོག་གིས་མི་འགྱོངས་པ་བྱུང་། བདེ་བྱེད་མགོན་པོ་སོགས་ནས་བརྒྱུད་པ་མང་དུ་འཕེལ། པ་ཤི་ཤཱཀ་འོད་དང་ཡུམ་མི་གཅིག་ཁྱེད་འདྲེན་དཔལ་གཉིས་ཀྱི་སྲས་ཟུར་ཤཱཀྱ་སེང་གེ་ཆུང་དུས་ལྗགས་མི་བདེ་བར་དབྱངས་ཅན་མ་བསྒྲུབས་པས་སྨྲ་བའི་སེང་གེར་གྱུར། འཕགས་པ་རིན་པོ་ཆེར་དགེ་བསྙེན་ཞུས་ཤིང་མཚན་ཡང་འཕགས་པས་བཏགས། ཁྲོ་ཕུ་བསོད་སེང་ལ་དགེ་ཚུལ་གསན། སློབ་དཔོན་ལྕོག་རོ་རྡོ་རྗེ་ལ་ཡང་ཕུར་ཚེ་གསུམ་སོགས་འཕྲིན་སྒྲུབ་མཁས་པར་སྦྱངས། སྣ་བཞི་རྡོ་ལྷུན་ལ་གདངས་དབྱངས། གཡུང་སྟོན་ཡེ་ཤེས་པ་ལ་གསང་སྙིང་། བླ་མ་མདོ་སྡེ་པར་ཡང་དག །ལྕེ་སྟོན་ལ་རྫོགས་ཆེན་གཤིན་རྗེ་ཕུར་པ། བླ་མ་ཡོན་ཏན་མགོན་པོ་སོགས་ལ་ཆོས་དང་གདམས་པ་མང་དུ་གསན། ཡབ་ཀྱི་གཤེགས་རྫོང་གྲུབ་ནས་གདན་སར་བྱོན། གོང་ནས་གོ་ལུག་རྒྱལ་པོས། གསེར་བྲེ་ཆེན་བཞི། དངུལ་བྲེ་ཆེན་ཉི་ཤུ། གོས་ཡུག་ཉིས་བརྒྱ་སོགས་ཀྱི་གནང་སྦྱིན་བྱུང་བར་བརྟེན་དགོན་པ་རྣམས་ཀྱི་ཆོས་གཞིས་དང་མི་སྡེ་འཇགས་པའི་ཆེད་དུ་བཏང་། གོང་ནས་དབུས་གཙང་མངའ་རིས་ཀྱི་སྔགས་པ་ཐམས་ཅད་ཀྱི་མགོན་དུ་བསྐོས་པའི་འཇའ་ས་ལ་ས་སྐྱ་ནས་བླ་མ་བདག་ཉིད་ཆེན་པོས་རྒྱབ་གནོན་མཛད། འཆད་ཉན་དང་བསྟན་སྲིད་ཀྱི་སྐུ་རིམ་ལ་བརྩོན་ཞིང་ལུགས་གཉིས་ནས་མངོན་པར་མཐོ་བའི་མཛད་པ་རྒྱ་ཆེ། པ་ཤིའི་སྲས་ཆུང་བ་དཔལ་ལྡན་མགོན་པོ་ནི་བླ་མ་སྒྲུབ་པ་བ་དང་བླ་མ་མདོ་སྡེ་པ། གཡུང་སྟོན་ཡེ་ཤེས། རྒྱལ་སྲས་མི་ཏྲི་སེང་ཧ། ཟུར་སངས་རྒྱས་མགོན་པོ་རྣམས་བསྟེན་ནས་ཡོ་ག་གསུམ་གྱི་ཆོས་ལ་མཁས་པར་སྦྱངས། འདི་ནས་མཆེད་པའི་བརྒྱུད་པའང་མང་། ཟུར་ཤཱཀྱ་སེང་གེ་དང་ཇོ་མོ་དོན་གྲུབ་དཔལ་གཉིས་ཀྱི་སྲས་སུ་ཟུར་བཟང་པོ་དཔལ། (༢༡ན)


GLG009_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་སེང་གེ་བཟང་པོ། ཟུར་ཤཱཀྱ་བཟང་པོ་དང་གསུམ་བྱུང་བའི་གཅེན་ནི། བླ་མ་བྱམས་པ་སེང་གེ །སློབ་དཔོན་རྡོ་རྗེ་མགོན་པོ། ཇོ་བོ་རྡོ་རྗེ་འབུམ་རྣམས་ལ་རྒྱུད་བཤད་དང་འཕྲིན་སྒྲུབ་ཞུས། ས་སྐྱ་རིན་ཆེན་སྒང་དུ་འཇམ་དབྱངས་དོན་ཡོད་རྒྱལ་མཚན་དཔལ་བཟང་པོར་དགེ་བསྙེན་བསྒྲུབས་པའི་མཚན་བཟང་པོ་དཔལ་དུ་བཏགས། གོང་མ་སྤུ་ཡན་ཐོ་གན་གྱི་གནང་སྦྱིན་བཟང་པོ་བསྩལ་ཞིང་གོང་དུ་ལན་གཉིས་བྱོན་པའི་སྔོན་མར་ཆར་འབེབས། ངོ་ལོག་པར་ཐོག་སེར་བཏང་བས་གོང་མ་མཉེས། ཕོ་བྲང་སྟེང་དུ་སྤྲིན་ནག་སྡིག་པའི་གཟུགས་ཅན་སུས་ཀྱང་བཤིག་པར་མ་ནུས་པར་མ་མོ་ཕང་ཁབ་ཀྱི་མདོས་དར་ཁང་བཅོ་བརྒྱད་ཀྱིས་བཅིངས་པ་བཏང་བས་སྤྲིན་ནག་འཐོར། གོང་མ་ལ་ཡང་དག་གི་དབང་ཕུལ། ཕོ་བྲང་ཤངས་མདོར་མཚམས་ཚུགས་པའི་ལས་བཞིའི་ཕུར་པ་ཡོད་སྐད། རྒྱལ་པོར་དགེ་བསྐུལ་ཞུས་ནས་འགྲེལ་པ་པར་ཁབ་སོགས་རྙིང་མའི་ཆོས་སྡེ་ཉི་ཤུ་རྩ་བརྒྱད་པར་དུ་བརྐོས། རྟ་ཁལ་དྲུག་ཅུའི་གསུང་རབ་བོད་དུ་གདན་དྲངས། གོང་མ་སྐུ་གཤེགས་རྗེས་བླ་མ་ཚད་པའི་སྙུན་གྱིས་གྲོངས་པར་ཐུག་པར་མཁའ་འགྲོ་མ་སྔོན་མའི་རྣམ་པ་ཅན་གྱིས་བུམ་ཆུ་དང་། ཆོས་སྐྱོང་གི་སྤྲུལ་པའི་སྔགས་པ་ནག་པོས་ཐུགས་ཀར་ཆུ་གཏོར་བས་སྙུན་ལས་གྲོལ། བཙུན་མོ་ཐ་འུས་དངུལ་བྲེ་བཅུ་ཕུལ་བར་རྡོ་རྗེ་སེམས་དཔའི་སྐུ་དང་། ལྕམ་དྲལ་གྱི་འཆམས་སྐུ་བཞེངས་པའི་འཆམས་སྐུས་བོད་ལ་གོམ་པ་བདུན་སྤོས་པས་བསེ་འབག་གོམ་བདུན་མར་གྲགས། བོད་དུ་བྱོན་ནས་བཞི་ཐོག་ཏུ་བླ་མ་བདག་ཉིད་ཆེན་པོར་འབུལ་བ་སོགས་མཆོག་དམན་མཐའ་དག་ཆོས་དང་ཟང་ཟིང་གིས་ཚིམ་པར་མཛད། སླར་གོང་དུ་བྱོན་ནས་དགུང་ལོ་སོ་བརྒྱད་པ་ལ་རྒྱ་ཡུལ་དུ་སྐུ་གཤེགས། ཟུར་བཟང་(༢༡བ)


GLG009_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དཔལ་དང་ཡོན་བདག་མོ་ཨ་འཛིན་གཉིས་ལ་སྲས་ཟུར་ཤཱཀ་འབྱུང་ཕྱི་མ་བླ་མ་ཆོས་རྒྱལ་བ། དཔལ་ལྡན་འོད་འཚམ་གསུམ་འཁྲུངས། གཅེན་གྱིས་དགུང་ལོ་ལྔ་ལ་རྩ་རྒྱུད་གསང་བ་སྙིང་པོར་བཤད་པ་མཛད། དགུང་ལོ་བདུན་ནས་བཤད་གྲ་བསྐྱངས། བླ་མ་ཀུན་སྤངས་པ་ལ་དགེ་ཚུལ་དང་བྱང་སེམས་བསོད་གྲགས་པའི་དྲུང་དུ་བསྙེན་པར་རྫོགས་པའི་མཚན་ཤཱཀྱ་འབྱུང་གནས་སུ་གསོལ་དཔལ་ལྡན་བླ་མ་དམ་པ། ཟུར་ཤཱཀ་སེང་། ས་བཟང་ལོ་ཆེན། སྒྲོལ་མ་པ་འཇམ་དབྱངས་བསམ་གྲུབ་རྡོ་རྗེ། གཡུང་སྟོན་པ་མཁས་བཙུན་སངས་རྒྱས་སོགས་བླ་མ་མང་དུ་བསྟེན་ནས་གསང་སྔགས་རྙིང་མ་གཙོར་གྱུར་པའི་མདོ་རྒྱུད་བསྟན་བཅོས་ལ་ཐོས་བསམ་རྒྱ་ཆེར་མཛད། མཁས་གྲུབ་ཀྱི་སྙན་པས་ས་སྟེང་ཁྱབ་གཞན་དོན་རྒྱ་ཆེ་བའི་ངང་དུ་དགུང་ལོ་སོ་བརྒྱད་པ་ལ་གཤེགས། གཅུང་ལྷ་ཆོས་མི་ཆོས་ལ་མཁྱེན་པ་ཆེ་བ་དེ་ཕོ་བྲང་ཏའི་ཏུར་དགུང་ལོ་ཉེར་ལྔ་པ་ལ་གཤེགས། ལྕམ་སྲིང་མ་མི་ཆོས་མཛད་པའི་མཚན་ཟུར་མོ་དགེ་འདུན་འབུམ་ཞེས་རྡོ་རྗེ་མཁའ་འགྲོའི་སྤྲུལ་པར་བྱེད། ཤཱཀ་འབྱུང་ཕྱི་མ་འདི་ཉིད་ནས་ཡང་དབེན་དང་ཡངས་པའི་གསང་སྔགས་གླིང་སོགས་ཀྱི་བརྒྱུད་པ་འཕེལ། འབྲིང་པོ་ཟུར་སེང་གེ་བཟང་པོ་ནི་ཡབ་ལ་སྔགས་རྙིང་མའི་ཆོས་ཕལ་ཆེར་གསན། སྒྲོལ་ཆེན་ལ་གསང་སྙིང་དང་ལམ་རིམ་ཞུས། དགུང་ལོ་བཅུའི་སྟེང་དུ་རྒྱུད་ལ་བཤད་པ་མཛད། བླ་ཆེན་ཏི་ཤྲི་ཀུན་དགའ་རྒྱལ་མཚན་གྱི་དྲུང་དུ་རབ་ཏུ་བྱུང་། གླན་བསོད་ནམས་མགོན་པོ་དང་བསོད་ནམས་འབུམ་པ་གཉིས་ལ་མདོ་དང་འཕྲིན་སྒྲུབ་སོགས་མང་བར་སྦྱངས། གདན་སར་བྱོན་རྗེས་བླ་མ་ཤེས་རབ་རྒྱ་མཚོ་སོགས་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་པོར་ཐོས་བསམ་མཛད། གོང་མ་དོ་གོན་(༢༢ན)


GLG009_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

གན་གྱིས་དངུལ་ཐམ་གནང་བའི་ཕུད་ཆོས་རྗེ་སྒྲོལ་མ་བར་ཕུལ། བཤད་ཉན་སྒོམ་སྒྲུབ་སྤྱི་རིམ་མདོས་གཏོར་སོགས་སྔར་གྱི་སྲོལ་རྒྱུན་རྣམས་ཇེ་བཟང་དུ་བཏང་། དགུང་ལོ་དོན་གཉིས་པ་ལ་འུག་པ་ལུང་དུ་གཤེགས། གཅུང་ཟུར་ཤཱཀྱ་བཟང་པོ་ཐོག་མར་གདན་ས་མཛད་ཅིང་དེ་རྗེས་གོང་གི་བླ་མཆོད་དུ་ལན་གཉིས་ཙམ་བྱོན། ལྕམ་སྲིང་མ་ཡང་དག་འབུམ་དགུང་ལོ་བཅུ་གསུམ་ལ་གྲོངས་པའི་ཤ་རཱི་རམ་བདུན་ཙམ་དང་དེ་ནས་མང་དུ་འཕེལ། ཟུར་སེང་གེ་བཟང་པོ་དང་དབོན་མོ་འབུམ་མེ་གཉིས་ཀྱི་སྲས་ཆ་ཧོ་ཏ་ཧུ་ན་གང་དུ་བྱོན་པའི་མཚན་ད་ར་ཁ་ཆེར་བཏགས། གོང་མའི་ལུང་གིས་ཆ་ཧོ་ཏ་ཧུའི་ལས་ཀ་བཟུང་། བླ་མ་དམ་པའི་དྲུང་དུ་དགེ་བསྙེན་ཞུས་མཚན་བསོད་ནམས་འབུམ་དུ་བཏགས། ཟབ་ཆོས་མང་དུ་གསན་ཞིང་གདན་ས་ཡུན་རིང་བསྐྱངས་འདིའི་བརྒྱུད་པ་རྒྱ་རྒན་སྤན་དུ་འཕེལ། སེང་གེ་བཟང་པོའི་ཕྱི་ཚར་ཡུམ་ཕྱུག་མོ་ཁྱེད་འདྲེན་འབུམ་ལ་ཟུར་རི་རྒྱལ་ལྷུན་པོ་འཁྲུངས་པ་ཆུང་ངུ་ནས་གཤེགས་པའི་གཅུང་ཟུར་རྡོ་རྗེ་རྒྱལ་མཚན་ནི་བླ་མ་ལེགས་ལྡན་པ་ལ་ཡབ་ཆོས་རྣམས་གསན། ལྷ་ཆོས་མི་ཆོས་གཉིས་ཀའི་སྒོ་ནས་བསྟན་པ་བསྐྱངས། དེའི་གཅུང་བླ་མ་གྲགས་ཆེན་པ། དེའི་སྲས་དཔལ་ཆེན་མགོན་པོ། གཅུང་སངས་རྒྱས་རྡོ་རྗེ་ནི་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་སྤྲུལ་པར་གྲགས་དགུང་ལོ་བཅུ་བཞིར་འུག་བྱ་ལུང་གི་གདན་སར་བྱོན། ཐུགས་སྲས་བསོད་ནམས་རྒྱལ་མཚན་སོགས་བླ་མ་དུ་མ་བསྟེན་ནས་ཐོས་བསམ་མཛད། འཁོར་ལོ་གསུམ་གྱི་བྱ་བ་ལ་མཆོག་ཏུ་བརྩོན། པ་རྣམ་བདེ་བ་སྒང་དུ་བླ་མའི་ཁྲི་ཁར་དཔལ་རྟ་མགྲིན་བཞུགས་པ་ལས་དག་མང་པོས་མཐོང་བ་སོགས་རྫུ་འཕྲུལ་གྱི་བཀོད་པ་རྒྱ་ཆེར་བསྟན། (༢༢བ)


GLG009_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་མགོ་དངོས་སུ་དཀྱིལ་འཁོར་གྱི་སྟེང་དུ་སྲུང་མས་བསྐྱལ་བས་མཚོན་མཐུ་སྟོབས་ཀྱི་སྙན་གྲགས་ཆེ། སྣེའུ་རྫོང་རྩེ་ནས་བདག་པོ་གྲགས་པ་འབྱུང་གནས་ཀྱིས་ཅ་ཧུ་སོགས་བདག་རྐྱེན་ཆེར་མཛད། ལྷ་ས་བསམ་ཡས་སོགས་གནས་ཆེན་རྣམས་མཇལ་ཞིང་ཆེ་དགུ་ཀུན་གྱིས་བཏུད་དེ་ཟང་ཟིང་གི་འཕྲིན་ལས་རྒྱས་པར་གྱུར། སྔར་དྲུང་ཆེན་རིན་པོ་ཆེས་ས་སྐྱའི་མངའ་ཐང་བསྡུས་པའི་ཞར་ལ་འུག་པ་ལུང་པའི་སྟོང་སྐོར་གྱི་སྡེ་རྣམས་ཀྱང་གཤོར་ཞིང་ཞལ་ངོ་འདི་གཉིས་ཀྱི་ཐོག་ཁག་གསུམ་དུ་གྱེས་པའི་འཇིག་རྟེན་གྱི་འཁྱེར་ཁ་ཆེར་མ་བྱུང་ཟེར། ཡབ་སངས་རྒྱས་རྡོ་རྗེ་དང་ཡུམ་རྡོ་རྗེ་དཔལ་བ་གཉིས་ཀྱི་སྲས་སུ་ཟུར་ཁྲག་འཐུང་ཚེ་དཔལ་མགོན་པོ་འཁྲུངས། ཟུར་བུ་ཆེ་ཤཱཀྱ་འབྱུང་གནས་ཀྱི་སྐུའི་སྐྱེ་བ་ཡིན། ཀ་བཞི་གདུང་བརྒྱད་ཀྱི་མཁས་པ་སོགས་བླ་མ་མང་དུ་བསྟེན་ནས་ཡབ་ཆོས་ཀྱིས་གཙོས་སྔགས་གསར་རྙིང་མང་དུ་སྦྱངས། རྗེ་སྒྲོལ་མ་པ་སངས་རྒྱས་རིན་པོ་ཆེ་ལ་སྒྱུ་འཕྲུལ་ཚེ་བདག་གཤེད་དམར་ཞུས་ཤིང་སྒྲོལ་མ་བའི་འཕྲེང་སྐོར་བཅོ་ལྔ་ལ་མཁས་པར་གྱུར། ཙགས་བླ་མ་དང་གཉགས་བསོད་ནམས་བཟང་པོ་ལ་ཡང་དག་གི་སྐོར་གསན། རྗེ་བཙུན་མ་དོན་གྲུབ་བཟང་མོ་ལ་བཀའ་གཏེར་གྱི་ཆོས་མཐའ་ཡས་པ་ཞུས་ཤིང་ཁྱད་པར་འོད་གསལ་སྒྲོལ་མ་དྲུག་པའི་ཆོས་བདག་ཏུ་དགོངས་ཏེ། གཡུང་སྟོན་སངས་རྒྱས་ཀྱི་རྡོ་རྗེ་སེམས་པའི་ཐུགས་ཀྱི་མེ་ལོང་། རྒྱལ་སྲས་ཆོས་རྗེའི་མཎྜལ་ཆེན་མོ། རྗེ་བཙུན་མ་ཉིད་རང་གི་འཁྲིད། དབང་ངོ་སྤྲོད་ཀྱི་ཆས་ཚང་མ་གནང་ནས་ཐིག་ལེ་གསང་སྐོར་གྱི་བདག་པོར་བསྐོས། གདན་སར་བཞུགས་ནས་བསྟན་པ་དར་རྒྱས་སུ་མཛད། འབྱུང་པོ་སྐད་ངན་ཙེར་རེ་འདུལ་བ་དང་དགྲ་བོ་བསྟན་སྲུང་གི་ཞལ་དུ་དམར་སྟོབ་མཛད་པའམ་མངོན་སྤྱོད་(༢༣ན)


GLG009_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནང་བྱན་ཆུད། པཎ་ཆེན་སྐུ་མཆེད་ཀྱི་ཡབ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་སོགས་མཁས་གྲུབ་ཀྱི་སློབ་མ་མང་དུ་བྱུང་། བླ་མ་འདིའི་གཅུང་རྡོ་རྗེ་ཚེ་དཔལ་ནི། གཞོན་ནུའི་དུས་ཀློག་ཡིག་རང་ཤུགས་ཀྱིས་མཁྱེན་ནའང་རི་དྭགས་རྔོན་པ་སོགས་ཐུགས་སྤྱོད་རྩིངས་པར་ཡབ་ཀྱིས་ཞི་དྲག་གི་ཐབས་དུ་མས་དཀའ་སྤྱད་ལ་བཅུར་བས་སྡིག་སྒྲིབ་རྣམས་བྱང་སྟེ་ཐུགས་བློ་ལས་སུ་རུང་ཞིང་འཁྲིད་ཁང་དུ་རྫོགས་ཆེན་གསང་སྐོར་གྱི་བླ་མ་རྣམས་ཞལ་གཟིགས་ཤིང་ཨེ་ཀ་ཛ་ཊི་སོགས་ཀྱིས་འཕྲིན་ལས་སྒྲུབ་པར་ཁས་བླངས། རང་བྱུང་གི་རྟོགས་པ་ནང་ནས་བརྡོལ་བ་བླ་མའི་བཀའ་དྲིན་དུ་མཁྱེན་པས་གཞན་དོན་གྱི་སྐབས་མ་གཏོགས་ཚེ་དང་སྒྲུབ་པ་མཉམ་པའི་དམ་བཅའ་མཛད། རྫོགས་ཆེན་གྱི་སྒོ་ནས་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད་ཅིང་ཁྱད་པར་གཤིན་རྗེའི་བསྙེན་པ་འབུམ་ཕྲག་སུམ་ཅུ་ཙམ་མཛད་པས་མཐུ་སྟོབས་ཀྱི་སྙན་པ་ཆེ། དྲུག་ཅུ་རྩ་གཅིག་པ་ལ་གཤེགས་པའི་དུས་མེ་ཏོག་གི་ཆར། འཇའ་འོད་ཀྱི་གུར། རྩིབས་ཤར་གྱེན་བསྒྲེང་སོགས་ཀུན་གྱིས་མཐོང་བ་དང་ལས་དག་གི་སྣང་ངོར་སངས་རྒྱས་བྱང་སེམས་ལྷའི་བུ་བུ་མོ་མང་པོས་བསྐོར་ནས་མངོན་དགའི་ཞིང་དུ་གཤེགས་པ་མཐོང་། མི་མ་ཡིན་རྣམས་ཀྱིས་ཟླ་གཅིག་གསོལ་བ་བཏབ་པས་གཟུགས་མེད་པའི་སྒྲར་བླ་མ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཟེར་བ་བྱུང་། བླ་མ་འདི་དང་བྱང་སེམས་ཆོས་སྐྱོང་དམ་པ་ལ་སྲས་ཟུར་ཤཱཀྱ་དཔལ་འབྱོར། ཟུར་མཁྱེན་མཆོག་སིདྡྷི་ཕ་ལ། ཟུར་ཨཱཪྻ་རཏྣ་གསུམ་འཁྲུངས་པའི་གཅེན་ནི་གཞོན་ནུའི་དུས་ནས་ཀློག་ཡིག་དཀའ་ཚེགས་མེད་པར་མཁྱེན་སྔགས་འཆང་ཧོར་མགོན་ལ་ཉེར་མཁོའི་ཆོས་སྐོར་དང་ཟུར་ཧྭ་མ་ཡབ་སྲས་ལ་ཡབ་ཆོས་རྣམས་གསན། ན་(༢༣བ)


GLG009_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་ཕྱིང་པ་ནག་པོ་ཞིག་གསོལ་བ་དང་ཁ་མཆུ་མང་དུ་ལངས་པས་ཡུལ་མི་རྣམས་ཀྱིས་ཁ་མཆུ་ནག་པོར་བཏགས། རིན་སྤུངས་ནས་བཀའ་བཀྱོན་གྱི་རྣམ་པ་བྱུང་བ་རྐྱེན་ངན་གྲོགས་ཤར་གྱི་ཚེ་བདག་མཆོད་རྟེན་གྱི་སྒྲུབ་པ་དང་ཕུར་པ་ལོ་གསུམ་དུ་བསྒྲུབས་པས་ཞལ་གཟིགས། གཤིན་རྗེ་དང་ཕུར་པའི་ནུས་མཐུ་ལ་མངའ་བརྙེས་པས། །ཨེ་མ་ལོ་གསུམ་བར་དུ་སྒྲུབ་ཁང་ཞྭ་བཞིན་གྱོན། །བསྙེན་སྒྲུབ་རྣམ་བཞི་ཆུ་བོའི་གཞུང་བཞིན་བསྲངས། །ཚོགས་འཁོར་བསྟོད་བསྐུལ་མ་ནོར་གཞུང་བཞིན་བྱས། །དེ་ཡི་འབྲས་བུ་བསྐྱར་རྟོགས་ཟུང་འབྲེལ་ཐོབ། །འདི་ཕྱིའི་སྐྱབས་གནས་བློ་གཏད་སུས་ཞུས་ལ། །མཐུ་དབང་སྟེར་བའི་རྡོར་གཞན་ང་ཡིན་སྙམ། །ལོག་ལྟའི་དགྲ་བགེགས་རྩད་ནས་གཅོད་པའི་དུས། །སྒྲོལ་བྱེད་བཤན་པའི་སྔགས་ནག་ང་ཡིན་སྙམ། །ཚེ་ལུང་ཁྲུས་ལུང་རྣམ་ཤེས་རྡོ་རྗེར་གསལ། །སྦྱོར་བའི་དུས་སུ་སངས་རྒྱས་ང་ཡིན་སྙམ། །ཞེས་གསུངས་པའང་དོན་ལ་གནས། །འགྲོ་དོན་འཕྲིན་ལས་ཤིན་ཏུ་འཕེལ་ཕ་རྒོད་བསོད་ནམས་བཟང་པོ་དང་ཆག་ལོ་རིན་ཆེན་ཆོས་རྒྱལ་སོགས་ལ་སྔགས་གསར་རྙིང་གི་ཆོས་མང་དུ་གསན། རིན་པོ་ཆེ་ཟི་སྣ་ཀུན་བཟང་རྩེ་བ་ཆོས་ཀྱི་འབྱུང་གནས། སྟོན་པ་ཤཱཀ་རྡོར། ཁྲ་རི་རིན་པོ་ཆེ། གཅུང་གཉིས་སོགས་ཞལ་སློབ་མཁས་གྲུབ་མང་དུ་ཐོན། ཁྱད་པར་གཅུང་གཉིས་དང་སྲས་ཤཱཀྱ་རཏྣ་ལྕམ་སྲིང་ལ་ཡབ་ཆོས་མཐའ་དག་ཤིན་ཏུ་འགྲུས་པ་གཏད་རྒྱའི་བར་དུ་མཛད། རིན་སྤུངས་དོན་ཡོད་རྡོ་རྗེའི་ཞབས་ཕྱིར་ཡར་ཀླུངས་ལ་བྱོན་དུས་སྣེ་གདོང་གོང་མ་ཆེན་པོ་སྐུ་ལྟེམ་པར་ཕུར་དབང་ཕུལ་བས་དཔོན་ས་སྡེ་སྲིད་ཀྱི་ཏི་ཤྲི་ཡིན་ཞེས་སྡེ་དཔོན་ཀུན་གྱི་བླ་མར་གྱུར། ངོ་མཚར་པའི་ལྟས་དུ་མ་དང་བཅས་ཏེ་འོག་མིན་དུ་གཤེགས། གཅུང་(༢༤ན)


GLG009_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་བ་མཁྱེན་མཆོག་སིདྡྷི་ཕ་ལ་ནི། རྒྱ་གར་གྱི་པཎྜི་ཏའི་བག་ཆགས་སད་པས་སཾ་སྐྲྀ་ཏའི་སྐད་སོགས་རིག་གནས་ལ་ཐོགས་པ་མི་མངའ། འུག་པ་ལུང་པ་ཉག་ཕྲ་སྐབས་སླར་འདི་གར་འོང་ཞེས་ཞལ་གྱིས་བཞེས་པར་གྲགས། གཅུང་ཨཱཪྻ་རཏྣ་ནི། སྐུ་ཚེ་སྨད་ལ་གསང་སྐོར་སོགས་རྫོགས་ཆེན་ལ་ཉམས་ལེན་ཆིག་དྲིལ་མཛད། འགྲོ་དོན་འཕྲིན་ལས་རྒྱ་ཆེ་ཞིང་གཤེགས་པའི་དུས་པུར་ལས་མར་ཁུ་བབས་པ་མཚོ་ལྟར་འཁྱིལ་ཞིང་ལྷའི་བདུད་རྩིའི་རོ་བྲོ་བ་བྱུང་སྐད། ཟུར་ཤཱཀྱ་དཔལ་འབྱོར་གྱི་སྲས་ཟུར་ཤཱཀྱ་རཏྣ་ནི་གདུང་བརྒྱུད་ཉག་ཕྲ་བར་བྱུང་བས་བུ་སློབ་ཐམས་ཅད་ཀྱིས་དགའ་སྟོན་རྒྱ་ཆེར་མཛད། བླ་མ་ཤཱཀ་རྡོར་གྱི་དྲུང་དུ་སློབ་སྦྱང་། ཡབ་དང་ཟུར་ཨཱཪྻ་ལ་ཡབ་ཆོས་རྫོགས་པར་གསན། འཇིག་རྟེན་གྱི་ཚུགས་ཀ་ངན་པར་གཙང་ཆེན་དོན་ཡོད་རྡོ་རྗེའི་མངའ་ཐང་སྒང་ལ་རྒྱབ་པའི་གཏན་ཚིགས་ལོན་པས་གོ་བཅད། བླ་མ་རཏྣའི་མཚན་ཅན་ལ་རྫོགས་ཆེན་གསང་སྐོར། རིགས་འཛིན་རྒོད་ལྡེམ། སངས་རྒྱས་གླིང་པ། རཏྣ་གླིང་པ། མངའ་རིས་མཐོ་ལྡིང་གི་གཟའ་རྒོད་སོགས་གཏེར་ཆོས་མང་པོ་དང་། གཞན་ཡང་གནུབས་ཆེན་རཏྣ་ཤྲཱི། གནུབས་རོལ་དཔལ་རྡོ་རྗེ། དཀར་ཆེན་ཀུན་དགའ་གྲགས་པ། བྲག་དཀར་སེམས་དཔའ་ཆེན་པོ་སོགས་བསྟེན་ནས་གསར་རྙིང་གི་ཆོས་མང་དུ་གསན། འགྲོ་དོན་ཆེ་ཞིང་ཁྱད་པར་རིན་སྤུངས་པའི་སྲུང་འཁོར་བའི་གཙོ་བོ་མཛད། ཤཱཀྱ་རཏྣ་དང་ཡུམ་རིན་ཅེན་རྒྱལ་མོ་གཉིས་ལ་འཇམ་དབྱངས་རྒྱལ་བའི་སྲས་པོ་དང་གསང་བདག་ནོར་བུ་གཉིས་འཁྲུངས་པའི་གཅེན་མཚན་ཤཱཀྱ་རྡོ་རྗེ་ཉི་མ་དཔལ་བཟང་པོར་བཏགས། ཆུང་ངུའི་དུས་ནས་འཆམས་དབྱངས་ཆོ་ག་ཕྱག་ལེན་ལ་ཤིན་ཏུ་བྱང་། (༢༤བ)


GLG009_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་མདོག་ཅན་གྱི་ལྕང་ར་པཎ་ཆེན་བློ་གྲོས་བཟང་པོ་ལ་དགེ་བསྙེན་དང་ཆོས་ཁ་ཡར་ཞུས། ཡང་ཟུར་ཧྭ་མ་ཤཱཀྱ་རཏྣ། སློབ་དཔོན་ཚེ་རིང་མགར་ལེགས། སྒྲོོལ་མ་བ་རྣམ་རྒྱལ་རཏྣ། ལོ་སྟོན་སོགས་མང་དུ་བསྟེན་ནས་སྔགས་རྙིང་མ་བཀའ་གཏེར་གྱི་ཕྱོགས་ལ་མཁས་པར་སྦྱངས། གཞིས་ཀ་རིན་སྤུངས་སུ་མཁས་མང་འཚོགས་སར་མཁྱེན་པ་ཆེ་བའི་གྲགས་པ་ཐོན། ཡབ་ཡུམ་གྱི་སྐུ་དགྲ་གདུག་པ་ཆེན་པོ་ཞིག་མངོན་སྤྱོད་ཀྱིས་བསྒྲལ། ལྷ་ས་བསམ་ཡས་སོགས་བོད་ཀྱི་གནས་ཆེན་རྣམས་མཇལ་བར་ཕྱིན། གདན་སའི་འཛིན་སྐྱོང་ལ་བརྩོན་ཞིང་འཕྲིན་ལས་ཆེ། གཅུང་གསང་བདག་ནོར་བུ་ནི་ཆུང་ངུའི་དུས་ནས་བྱང་སེམས་ཆོས་སྐྱོང་དཔལ་མོའི་བག་ཆགས་སད་དེ་མཁྱེན་པ་ཡངས། གཟུངས་སྟོན་གྲགས་པ་ལ་ཆོ་ག་ཕྱག་ལེན་གར་འཆམས་སོགས་སྦྱངས། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ལྷ་བཙུན་ལེགས་ལྡན་བདུད་འཇོམས་རྡོ་རྗེ། གཅེན་དང་ཟུར་མོ་ཐུབ་ཆེན་མས་གཙོས་བླ་མ་མང་དུ་བསྟེན་ནས་གསང་སྔགས་རྙིང་མ་ལ་མཁས་པར་གྱུར། རིན་སྤུངས་ཞལ་ངོ་ནང་མཚམས་ཀྱི་དགེ་སྐྱོན་ལ་བརྟེན་ཞབས་དྲུང་ངག་དབང་འཇིགས་གྲགས་གཟིགས་ཕྱོགས་མ་ལེགས་པས་དྲུང་འཁོར་མ་རུངས་པས་བརྙས་པར་ཆོས་སྐྱོང་གི་རྟགས་མཚན་བསྟན། འབྲུག་པ་པདྨ་དཀར་པོས་འབྲོང་རྩེ་རྒྱལ་བྱེད་ཚལ་འདེབས་པའི་ས་འདུལ་བ་མཛད། རྗེ་པདྨ་དཀར་པོར་མོས་པ་ཆེན་པོ་ཐོབ་པས་འབྲུག་ལུགས་ཀྱི་ཆོས་མང་དུ་གསན། དུར་ཁྲོད་བས་མཐའ་སོགས་དབེན་པ་བསྟེན་ནས་དྲག་དམར་གྱི་གྲུབ་པ་བརྙེས། བརྟུལ་ཞུགས་ཀྱི་སྤྱོད་པ་སྐྱོང་བའི་རྣལ་འབྱོར་པ་མཛད་བཞེད་ཀྱང་གཙང་སྟོད་སྡེ་པ་ཀརྨ་མཐུ་སྟོབས་པའི་བླ་མཆོད་སྲུང་འཁོར་ལ་བསམ་གྲུབ་རྩེར་བཞུགས། །(༢༥ན)


GLG009_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ས་ཡར་རྒྱབ་མར་སྲིང་འབེབས་མཛད་པས་ཀརྨ་ཕུན་ཚོགས་རྣམ་རྒྱལ་འཁྲུངས། དེ་མཚུངས་མཆོག་དམན་ཀུན་ལ་འགྲོ་ཕན་གྱི་འཕྲིན་ལས་རྒྱ་ཆེ་གཤེགས་ཁར་ཟུར་བསྟན་འཛིན་རྡོ་རྗེར་རིག་པ་གཙིགས་བཟུང་ལ་ཨོ་རྒྱན་སྒོམས་ཤིག་ཟེར་བའི་གསལ་འདེབས་ཀྱིས་གསུང་བ་ལྟར་དགུང་ལོ་དོན་ལྔ་པ་ལ་ཟངས་མདོག་དཔལ་རིར་བྱོན། མཆེད་གཉིས་ཀྱི་ཇོ་མོ་རྡོ་རྗེ་རྒྱལ་མོ་ལ་སྲས་ཟུར་དབང་ཕྱུག་རྡོ་རྗེ། ཟུར་དོན་ཡོད་རྡོ་རྗེ། ཟུར་རྡོ་རྗེ་རྒྱལ་མཚན། ཟུར་དཔལ་མགོན་རྡོ་རྗེ། ཟུར་ཤཱཀྱ་གྲགས་པ། ཟུར་པདྨ་རྒྱལ་པོ་སྟེ་མཆེད་དྲུག་བྱུང་པའི་དང་པོ་ནི། ཐུགས་རབ་ཆེ་ཞིང་ཡིག་ཆོས་ཆོ་ག་ཕྱག་ལེན་རྣམས་ཚེགས་ཆུང་ངུས་མཁྱེན། དགུང་ལོ་བཅུ་གསུམ་ལ་བསམ་གྲུབ་རྩེར་འཆམས་བཤད་བྱང་བ་དང་འཆམས་མཁས་པའི་གྲགས་པ་ཐོན། རྒྱས་བའི་སྲས་པོ་ལ་ཡབ་ཆོས་རྣམས་གསན་བཻ་རོ་སྒྲུབ་ཕུག་ཏུ་ལོ་གསུམ་གྱི་རིང་མཚམས་བཅད། བདག་ཆེན་ངག་གི་དབང་ཕྱུག་ལ་ཕུར་དབང་གསན། རིགས་འཛིན་བདུད་འཇོམས་རྡོ་རྗེ་ཆུ་བོ་རིར་བཞུགས་པའི་དུས་བྱོན་ནས་ཡུན་རིང་པོའི་བར་ཞབས་འབྲིང་དུ་བཅར་ཏེ་གདམས་པ་མཐའ་ཡས་པ་དང་བྱང་ཐེག་མཆོག་གླིང་དུ་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་ལ་དབང་ཆོས་མང་དུ་གསན། གཞན་ཡང་བླ་མ་མཁས་གྲུབ་དུ་མ་བསྟན། ཀོང་པོར་བྱོན་སྐབས་ཆོས་འཁོར་རྒྱལ་དུ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོར་ཕུར་པའི་དབང་ཕུལ། དྭགས་ཀོང་ཚོར་འགྲོ་དོན་རྒྱ་ཆེ་བའི་ངང་ནས་ཤངས་རྡོ་རྗེ་གླིང་དུ་ཐུགས་ཁུར་བཞེས་ནས་བཟུང་དཔལ་མགོན། བྲམ་བྱམས་མགོ་བ། དགེས་ལུང་པ། རི་སྦུག་པ། དགོན་སར་བ། གླན་ཉ་ཚལ་བ། རྩེགས་པ་དགོས་སྐྱེས་ལ་སོགས་པ་སྔགས་འཆང་མང་དུ་འདུས་པར་མཆོག་(༢༥བ)


GLG009_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་ལེགས་ལྡན་རྡོ་རྗེས་འདུས་པ་མདོ་དབང་ཆེན་མོ་གནང་བས་བསྟན་པའི་ཉི་འོད་བརྡལ། རང་ཉིད་ཀྱིས་སྒོམ་སྒྲུབ་དང་སློབ་མ་རྣམས་ལ་འཆད་ཉན་གྱི་འགྲོ་དོན་ཆེ། སློབ་མའང་ཀྱི་སྟོན་ཚེ་རིང་དབང་པོ། ཟུར་བསྟན་འཛིན་རྡོ་རྗེ། དཔལ་མགོན་དབང་ཕྱུག་སོགས་གཞན་ཕན་ནུས་པ་མང་དུ་བྱུང་། ཟུར་རྡོ་རྗེ་རྒྱལ་མཚན་ཡི་དམ་ལྷས་རྗེས་སུ་བཟུང་ནས་མཚན་མ་ཁྱད་པར་ཅན་བརྙེས། ཟུར་དཔལ་མགོན་རྡོ་རྗེ་ནི་མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ་དང་ཡབ་སོགས་བླ་མ་མང་དུ་བསྟེན་ནས་མཁས་གྲུབ་ཏུ་གྱུར་ཅིང་གདན་ས་བསྐྱངས། རྡོ་རྗེ་རྒྱལ་མཚན་གྱི་སྲས་ཟུར་བསྟན་འཛིན་རྡོ་རྗེ་ནི་གསུང་རབ་སྤྱི་དང་ཐ་སྙད་རིག་པ་སོགས་ལའང་མཁྱེན་པ་ཡངས། སྔགས་རྙིང་མ་བཀའ་གཏེར་གྱི་དབང་ལུང་འཁྲིད་མན་ངག་སྒྲུབ་པ་འཕྲིན་ལས་ལ་ནང་བྱན་ཆུད། ཁྱད་པར་ཀྱི་སྟོན་ཚེ་རིང་དབང་པོ་ལ་རིགས་འཛིན་ཆེན་པོ་ནས་བརྒྱུད་པའི་མདོ་དབང་གསན་པའི་ཕྱག་ཕྱིར་བླ་ཆེན་ཆོས་རྒྱལ་རྡོ་རྗེ་ཡོད་པས་དེ་ལ་ཁྱབ་བདག་ཁྲ་ཚང་པ་ཆེན་པོས་གསན། དེས་མཆོག་སྤྲུལ་པདྨ་འཕྲིན་ལས་ལ་ཕུལ་བས་དེ་ལ་བརྟེན་ནས་དབུས་གཙང་ཁམས་གསུམ་དུ་རྣམ་པར་དག་པའི་དབང་རྒྱུན་གྱིས་ཁྱབ། བར་སྐབས་སུ་སྤྱན་འགྲིབ་པ་ཟབ་ཕུར་བྱོན་དུས་མི་དཀར་པོ་ཞིག་གིས་རས་ཀྱིས་ཞལ་ཁྱིམ་ཕྱིས་པ་ཞིག་མནལ་ལམ་དུ་བྱུང་བ་དེ་ནས་ཞག་ཤས་སོང་ཚེ་རང་བྱེར་སོང་བ་སློབ་དཔོན་ཆེན་པོའི་བྱིན་རླབས་སུ་ཐུགས་ངེས་མཛད། ཤིང་ཕག་སོག་པོ་ཨར་ས་ལང་གི་དམག་ཡར་འབྲོག་ལ་བརྒྱགས་སྐབས་རིགས་འཛིན་ཡོལ་མོ་པ་ཆེན་པོ་པ་རྣམ་དུ་སོག་བཟློག་མཛད་པའི་དཀྱིལ་འཁོར་གྱི་མཐར་སྔགས་པ་འུག་པ་ལུང་པས་དབང་ཕྱུག་མ་ཉེར་བརྒྱད་བཏང་བ་ཡིན་ཟེར་ནས་མི་མགོ་མང་པོ་སྤུངས་པ་གཟིགས་པས་སྐུ་རིམ་དོ་དམ་(༢༦ན)


GLG009_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་འབྱོར་བྱང་པ་འཕེལ་འཕེལ་ལ་ལྟས་འདི་བཞིན་བྱུང་བས་སོག་པོ་དེ་བས་གནོད་པར་མི་ནུས་པའི་རྒྱུ་མཚན་གསུངས་པ་སོགས་དམ་ཅན་ལས་སུ་འཁོལ་བའི་མཐུ་རྩལ་ཆེ་བར་གྲགས། དེ་སྲས་ཟུར་ཚེ་དཔལ་ཉི་མ་བཟང་པོ། ཟུར་ཡང་ཕུར་ཚེ་བདག་རྡོ་རྗེ། ཟུར་ཤཱཀྱ་ཤེས་རབ་གསང་བདག་བསྟན་འཛིན་དབང་པོ་དང་གསུམ་བྱོན་ཟུར་ཤཱཀྱ་ཤེས་རབ་ཀྱི་སྲས་ཟུར་ཚེ་དབང་བསྟན་འཛིན་ཉི་མ་བཟང་པོ་དང་ཟུར་མཐུ་སྟོབས་དབང་པོ་མཆེད་གཉིས། དེ་གཉིས་ཀྱི་སྲས་ཟུར་ཤཱཀྱ་བསྟན་འཛིན་བསོད་ནམས་དཔལ་འབྱོར་བཟང་པོ་སོགས་ཉ་རི་འུག་པ་ལུང་པ་དང་ཡངས་པའི་གསང་སྔགས་གླིང་གཉིས་ཀའི་གདུང་བརྒྱུད་གཞུང་མ་ཆོས་སྲིད་གཉིས་ལྡན་དུ་ཡོད་ཅིང་མཁྱེན་མཆོག་ཤཱཀྱ་འབྱུང་གནས་ཀྱི་སྲས་བླ་མ་ཕ་ལ་སྐུ་མཆེད་ནས་ཡང་དབེན་དང་གསང་སྔགས་གླིང་སོགས་སུ་འཕེལ་ཞིང་དེ་དག་ལས་འཕྲོས་པའི་གདུང་བརྒྱུད་ལ་ལ་དབེན་པ་བསྟེན་པ་དང་གནས་ངེས་མེད་དུ་བྱོན་པ་ནས་ལ་སྟོད་ལྷོ་བྲག་དང་སྐྱིད་ཤོད་ཚོར་མཆེད་པའི་ལ་སྟོད་དུ་སྤང་བདེ་ལེགས་རྒྱལ་མཚན་ཞེས་མཁས་གྲུབ་འགྲན་ཟླ་དང་བྲལ་བ་དེ་ནས་གདུང་འཕེལ། ལྷོ་བྲག་ཏུ་ཟུར་དྭངས་མ་བ་བསྟན་འཛིན་འགྱུར་མེད་ཀྱིས་མངའ་རིས་རིགས་འཛིན་ཆེན་པོ་དང་རླུངས་ནོར་བུ་དབང་རྒྱལ་སོགས་དམ་པ་དུ་མ་བསྟེན་ནས་རྙིང་མ་བཀའ་གཏེར་ཕྱོགས་ལ་དཔྱིས་ཕྱིན་པར་སྦྱངས། ཁྱད་པར་མངོན་སྤྱོད་ཀྱི་སྐོར་ལ་རྩལ་དུ་ཐོན་པས་རླུངས་རིགས་རབ་བརྟན་དབང་པོ་དང་གུང་རུ་དབྱངས་དཔོན་པ་སོགས་ཞལ་སློབ་མཐུ་སྟོབས་ཅན་མང་དུ་བྱུང་། སྐྱིད་ཤོད་ཕྱོགས་སུ་མཆེད་པ་ནི་གདུང་བརྒྱུད་གཅིག་དབུས་ཀྱི་གནས་རྣམས་མཇལ་བར་བྱོན་པའི་བསམ་ཡས་སུ་བཞུགས་སྐབས་སྐྱིད་ཤོད་དུ་དགོན་གནས་བཏབ་ན་འགྲོ་དོན་ཡོང་(༢༦བ)


GLG009_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཁའ་འགྲོའི་ལུང་བསྟན་བཞིན་རྒོད་དཀར་ལ་ཐོག་ནས་གཟིགས་པས་སྐྱིད་ཤོད་ཐང་པའི་མདའ་དེ་ལུང་བསྟན་གྱི་གནས་ཡིན་པར་མཁྱེན་ཀྲི་ལུང་དགོན་བཏབ་ནས་བཞུགས་པས་བླ་མ་ཀྲི་ལུང་པར་གྲགས། བུ་སློབ་མང་དུ་འདུས་པར་སྒྱུ་འཕྲུལ་ཡང་ཕུར་གཤིན་རྗེ་སོགས་རྙིང་མ་བཀའ་གཏེར་གྱི་ཆོས་རྒྱ་ཆེར་གསུངས་གཞན་ཕན་གྱི་འགྲོ་དོན་ཆེ་བར་བྱུང་། དེ་ལ་སྲས་རིགས་འཛིན་ཐང་པ་འཁྲུངས་གཞོན་ནུའི་དུས་ཡིག་ཆོས་སྒྲུབ་འཕྲིན་སྦྱོང་བ་དང་ཡབ་ཀྱི་ཆོས་རྣམས་བུམ་པ་གང་བྱོ་ལྟ་བུར་གནང་། རྒྱལ་སྔོན་ལྕགས་ཞུ་སོགས་ཀྱི་སེར་སྲུང་དང་གྲོང་ཆོག་གི་འཕྲིན་ལས་ཆེ་བར་བྱུང་། གཟིམས་ཁང་གསར་དུ་བརྩིགས་ནས་ཕུར་སྒྲུབ་མཛད་པས་གྲུབ་རྟགས་མང་དུ་ཐོན། ཁྱད་པར་རྐང་མགྱོགས་ཀྱི་དངོས་གྲུབ་བརྙེས་པས་འཕན་ཡུལ་ཟིང་པ་སྟག་མགོ་ནས་གཟིམས་ཁང་གི་བར་དུ་ཉིན་འཁོར་བཏང་བའི་ཀུན་ཡ་མཚན་གྱི་གནས་སུ་འཛིན། གཟིམས་ཁང་ལ་ཕུར་སྒྲུབ་ཁང་དུ་གྲགས་དེའི་སྲས་ཟུར་དྷི་ངམ་གྱིས་ཡང་ཕུར་གཤིན་རྗེ་སོགས་ཆོས་བཀའ་རྣམས་ཡབ་ལ་གསན། དགུན་ཕུར་སྒྲུབ་ཁང་དང་དབྱར་འབྲོམ་ཆུ་རིགས་བརྒྱུད་ཀྱི་སེར་བ་བསྲུངས། ལོ་ལོ་བཞིན་ཕུར་སྒྲུབ་མཛད་པར་གཤེགས་རྒྱུའི་ལོ་སེར་བསྲུང་ལ་ཕེབས་གདོང་ཕུར་ཆུ་རྣམས་ལ་གསོལ་འདེབས་སྨོན་ལམ་མཛད་ནས་ཕྱིར་བྱོན་པའི་རྗེས་སུ་སྲས་ཕུར་ཞིག་ལྷུངས་བྱུང་བ་ན་བཟའ་ལ་འཁྲིལ་བ་ཡིན་ནམ་སྙམ་ཡར་སྐྱལ་བར་ཆས་པ་ན་ད་ལོ་འབྲོམ་སྟོད་ལ་འགྲོ་དགོས་ཡོད་ཅེས་ཕུར་པས་གསུང་བྱོན་པས་གདན་དྲངས། ཕུར་པ་གསུང་འབྱོན་མ་ད་ལྟའང་ཡོད། ཇོ་མོ་སྐྱིད་དཔལ་ཟེར་བ་ལ་སྲས་ཟུར་ལྷུན་གྲུབ་རྡོ་རྗེ་འཁྲུངས། ཆུང་ངུ་ནས་ཡབ་གཤེགས་པས་སེར་སྲུང་ཡུམ་གྱིས་མཛད། སྲས་དགུང་ལོ་བརྒྱད་པའི་(༢༧ན)


GLG009_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

དུས་འབྲི་གུང་པའི་ཏི་སེའི་རི་ལ་འགྲོ་མཁན་དང་སྦྲགས་ནས་ས་སྐྱར་ཕུར་པའི་དབང་ཞུ་བར་བྱོན་པ། བདག་ཆེན་ངག་གི་དབང་ཕྱུག་གདན་སར་ཕུར་སྒྲུབ་མཛད་པའི་རྒྱལ་མོ་བསྡམས་པ་དང་དེར་ཕེབས་པ་འགྲིག །སླར་ཡང་ཤེས་པས་རྟེན་འབྲེལ་ལེགས་ཞེས་ཞལ་གྱིས་བཞེས་ནས་ཕུར་པའི་དབང་དང་འབྲེལ་བའི་ཡིག་ཆའི་ལུང་གནང་། རི་པ་ལོག་མི་དང་འགྲོགས་ནས་འུག་བྱ་ལུང་དུ་བྱོན། ཡབ་ཆོས་ཅི་རིགས་གསན། གནས་རྣམས་ཞིབ་པར་མཇལ་ཏེ་འབྲོམ་སྟོད་དུ་ཕེབས། དུར་ཁྲོད་ཀླུ་མོས་རྒྱལ་དུ་ལོ་གསུམ་གྱི་བར་ཕུར་པ་ཆིག་དྲིལ་དུ་བསྒྲུབས་ལོ་གསུམ་རྫོགས་པར་ཉེ་བའི་ནུབ་ཅིག་སྒོའི་ཐད་དུ་འོད་དམར་ལམ་མེ་བ་ཞིག་བྱུང་བ་ཅི་ཡིན་ནམ་སྙམ་གཟིགས་ཙ་ན་མེ་དཔུང་ཆེན་པོའི་དབུས་ན་དཔལ་རྡོ་རྗེ་གཞོན་ནུ་ཞལ་ཕྱག་ཡོངས་སུ་རྫོགས་པ་ཁྲ་ལམ་གྱིས་གཟིགས་པའི་མུས་ལ་འུར་སྒྲ་དང་བཅས་ནམ་མཁའི་མཐོངས་སུ་གཤེགས་སོང་བས་རབ་དངོས་སུ་ཞལ་སྟོན་པའི་བསྙེན་རྟགས་མཆོག་ཏུ་གྱུར་ཅིང་ཡི་དམ་ལྷས་རྗེས་སུ་བཟུང་བས་མཐུ་སྟོབས་ནུས་པ་ཤིན་ཏུ་ཆེ། སྒྲུབ་འཕྲིན་གྱི་ལས་གང་མཛད་ཐོག་ཁོ་ནར་འགྲོ་བའི་ཆུ་ལྷོ་བྱང་གི་ཁེངས་རློམས་ཅན་རྣམས་ཀྱང་སྤོ་བོས་མཐུ་བྱེད་དུ་འོང་ཟེར་ནས་བརྙས་བཅོས་བྱེད་མི་ནུས། རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ་ཀྱི་གསུང་ལས་ཀྱང་སྤོ་བོ་དེ་རི་མོ་སོགས་ཕྱག་བདེ་བ་ཞིག་མི་འདུག །ནུས་མཐུ་ཟུར་པའི་གདུང་བརྒྱུད་ཕྱིས་བྱུང་བ་ནི་ཤས་ཆེ་ཞེས་བསྔགས་བརྗོད་ཁོ་ན་མཛད། ཟིང་པ་སྟག་མགོའི་གདན་སར་སྣང་གསལ་ནས་རྒྱལ་མོ་གཡུ་སྒྲ་སྙིང་པོའི་རྣམ་སྤྲུལ་ཀུན་དགའ་ཆེ་མཆོག་ཕེབས་པ་དང་འགྲིག་སྟེ་མཇལ་བར་བྱོན། རིན་པོ་ཆེ་རྙིང་མ་གཏེར་མའི་སྐོར་ལ་མཁས་གྲུབ་ཤིན་ཏུ་ཆེ་བས་ཡུན་(༢༧བ)


GLG009_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

རིང་པོར་བསྟེན་ནས་བཀའ་བརྒྱད་བདེ་འདུས། གཏེར་ཁ་གོང་འོག་གི་ལོག་ཏྲི།ནཱ་ག་རཀྴ། འཆར་ཀཚེ་བདག་མེའི་སྤུ་གྲི། ཁྲོ་ཆུ་སོགས་གནུབས་ལུགས་སྐོར། མཁའ་འགྲོ་སྙིང་ཏིག་དང་ཡང་ཏིག་ཁྱབ་འཇུག་སྐོར། རཏྣ་གླིང་པའི་ཕུར་པ། རྟ་ནག །མ་ནིང་། དྲི་མེད་ལྷུན་པོའི་རླུང་དམར། པདྨ་གླིང་པའི་གུ་རུ་ཞི་དྲག །ཀརྨ་གླིང་པའི་ཐོས་གྲོལ། འབྲི་གུང་པའི་གཏེར་གསར་དགོངས་པ་ཡང་ཟབ་སོགས་དབང་ལུང་འཁྲིད་རྒྱ་ཆེར་གསན། ཡི་དམ་གྱི་ལྷ་རྣམས་ལ་བསྙེན་སྒྲུབ་མང་དུ་མཛད། ཁྱད་པར་ནཱ་ག་རཀྴའི་སྒོ་ནས་ཕྱག་རྒྱ་ཐེངས་གསུམ་སྤོས་པས་ཐུགས་རུས་ཆེ་བའི་ཚད་དུ་ཕྱིན། སྐུ་ཆས་བཀྲེན་པར་རཏྣ་གླིང་པའི་རྣམ་སྲས་མདུང་དམར་ཅན་གྱི་སྒྲུབ་པ་མཛད་པས་ཞལ་དངོས་སུ་བསྟན་ནས་སྦྱིན་པ་ཕྱོགས་མེད་དུ་ཐོངས་ལོངས་སྤྱོད་ཡོང་གསུངས་པ་བཞིན་གྲོང་ཆོག་ལ་བྱོན་པའི་འབུལ་བ་དང་སྐྱོས་མ་ཀུན་དབུལ་པོའི་རིས་ལ་འཕངས་མེད་དུ་བཏང་བས་འབྱོར་པ་ཆེ་བར་བྱུང་། ཡེར་པ་ཟླ་བ་ཕུག་ཏུ་མཚམས་མཛད་ཚེ་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གནས་གཟིགས་པ་ལ་ཕེབས་པའི་གནས་འབྲེལ་གྱི་དུས་སྤོ་བོས་རྡོར་སེམས་སྙིང་ཏིག་གི་གསོལ་འདེབས་གསུངས་པ་གསན་ནས་ཁྱོད་ཀྱིས་ཐེག་པའི་ཡང་བཅུད་ཐོབ་པ་ཨེ་ཡིན་དྲི་བ་གནང་བར་མ་ཐོབ་ཞུས་པར་ཁྱོད་ཀྱིས་འདོན་པའི་གསོལ་འདེབས་དེ་གང་གི་ཡིན་གསུངས་པར་རྡོར་སེམས་སྙིང་ཏིག་གི་ཡིན་ཞུས་པར་འོ་མང་པོ་ཁྱོད་ཀྱིས་མིང་གི་རྣམ་གྲངས་མ་ཤེས་འདུག །བླ་མ་སུ་ལ་ཞུས་གསུང་བར་རྒོད་ཕྲུག་སྙན་བརྒྱུད་རས་པར་ཐོས་ཚུལ་ཞུས་པས་དགོས་ཕེབས་པ་བཞིན་སྐུ་མཚམས་ཁོག་ནས་དབང་ལུང་འཁྲིད་རྣམས་ཕུལ། ཞབས་དྲུང་རིན་པོ་ཆེར་ཡང་ཆོས་འབྲེལ་གསན། སྐུ་དགྲའི་རིས་ལ་རླུང་འཁོར་དང་མནན་(༢༨ན)


GLG009_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་སོགས་ལས་སྦྱོར་གྱི་སྒོ་ནས་ཚར་བཅད་པའི་ཕྱག་རྗེས་ཀྱང་མང་དུ་སྣང་། དགོངས་འདུས་ལུང་བསྟན་བཀའ་རྒྱར། རྣལ་འབྱོར་རྦ་གསལ་ཡེ་ཤེས་དབྱངས་ཁྱོད་ཀྱང་༔ སྔ་མའི་ལས་བཟང་འདི་ལ་སྤྱོད་བྱེད་ཅིང་༔ འདི་ཡི་སྨོན་ལམ་མཐུ་ལ་བརྟེན་ནས་ཀྱང་༔ ཡང་ཅིག་སྐྱེ་འགའ་བརྒྱུད་པའི་ཡང་ཕྱི་ལ༔ འགྲོ་བའི་དོན་རྩ་འབྲོམ་ཞེས་བྱ་བའི་ཡུལ༔ མི་འགྱུར་རྡོ་རྗེ་ཡེ་ཤེས་དབྱངས་ཀྱི་མཚན༔ ངང་ཚུལ་བཟང་པོ་ལེགས་པའི་བློ་དང་ལྡན༔ གཙུག་ལག་ཁང་སྐྱོང་དེ་ལ་བརྟེན་ནས་ཀྱང་༔ རླབས་ཆེན་སྤྱོད་པས་འགྲོ་བ་འདྲེན་ཐབས་སྟོན༔ ཡཀྴ་མེ་དཔལ་རླུང་གི་འཁོར་ལོ་སྒྱུར༔ རྫུ་འཕྲུལ་སྟོན་བྱེད་བསྟན་པ་སྐྱོང་བ་འབྱུང་༔ དེ་ཕྱིར་རྒྱུད་མར་རིམ་བཞིན་འགྲོ་བ་འདྲེན༔ ཞེས་ཡུལ་མཚན་མཛད་པ་སོགས་ཀྱིས་ཡིད་ཆེས་པའི་ལུང་བསྟན་གྱིས་ཟིན་པར་སྣང་། འདི་ཉིད་ལ་སྲས་ལྔ་བྱོན་པའི་ཆེ་བ་ཟུར་ཆེན་གཞོན་ནུ་དོན་གྲུབ་ནི་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་རིགས་འཛིན་ཀུ་མཱ་རཱ་ཛའི་སྐྱེ་བ་ཡིན་ཞེས་ལུང་བསྟན། ཆུང་ངུ་ནས་ཡི་གེ་འདྲི་ཀློག་མཁས་པར་མཁྱེན། ཐུགས་གཉེར་གྱི་ཚེ་ལྷ་གདོང་སྔགས་འཆང་ཚེས་གཅིག་དཔལ་འབྱོར་གྱིས་བརྙས་བཅོས་སེ་བ་བྱེད་འདུག་པས་ལྷ་གདོང་པ་མཚམས་ཀྱི་ཚེ་རྨི་ལམ་དུ་བུད་མེད་ཅིག་གིས་ཤེལ་གྱི་སམ་ཊ་ཞིག་བསྟན་ནས་ཁྱོད་ཀྱིས་སློབ་དཔོན་གྱི་སྲས་ལ་བརྙས་པ་བྱེད་པ་ཞིག་འདུག་པ་མི་རིགས་ཟེར་བར་སམ་ཊར་བལྟས་པས་ཁྲི་སྲོང་ལྡེ་བཙན་གྱིས་སྲས་མོ་ལྷ་ལྕམ་པདྨ་གསལ་གྱི་ཞལ་ཟླ་མ་དཔལ་མཚོ། དེ་ནས་ཡེར་པར་རིགས་འཛིན་ཀུ་མཱ་རཱ་ཛ་སོགས་ཡིན་ཚུལ་འདུག་པས་དེ་ནས་བཟུང་དད་མོས་ཆེ་བར་བྱེད། རྩིས་དཀར་ནག་དང་ལྷ་རིས་ཕུལ་དུ་ཕྱིན་པ་སྦྱངས། ཡབ་ལ་ཉེར་མཁོའི་ཆོས་དང་གདམས་པ་ཞུས། སྣང་(༢༨བ)


GLG009_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་རིན་པོ་ཆེ་ཀུན་དགའ་ཚེ་མཆོག་ལ་གཏེར་ཁ་གོང་འོག །རྒྱ་ཞང་ཁྲོམ། ཨོ་རྒྱན་གླིང་པ། ལས་འབྲེལ་རྩལ། སངས་རྒྱས་གླིང་པ། རཏྣ་གླིང་པ། པདྨ་གླིང་པ། ཀརྨ་གླིང་པ། རྗེ་འབྲི་གུང་པ་གནམ་ལྕགས་མེ་འབར་གྱི་གཏེར་ཆོས་སོགས་གཏེར་ཁ་མང་པོ་དང་། ཀློང་ཆེན་པའི་དགོངས་གཏེར་གྱི་དབང་འཁྲིད་ལུང་མན་ངག་ཕྱག་ལེན་མཐའ་དག་ཞིབ་པར་གསན། ལྷ་སྲས་རྒྱལ་པོའི་རྣམ་སྤྲུལ་འབྲི་གུང་ཞབས་དྲུང་ཆོས་རྒྱལ་ཕུན་ཚོགས། བྱང་བདག་རིགས་འཛིན་ཆེན་པོ། རྗེ་བཙུན་བོན་མཁར་བ་མཻཏྲི་བྱམས་པ་དོན་གྲུབ་རྒྱལ་མཚན། སྡེ་པ་སྣང་རྩེ་བ་ནམ་མཁའ་ཚེ་བརྟན་རྒྱལ་པོ། སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་སོགས་རིས་མེད་ཀྱི་བླ་མ་མང་པོར་གསང་སྔགས་གསར་རྙིང་གི་ཆོས་དུ་མ་དང་ཁྱད་པར་བཻ་རོ་ཙ་ནའི་རྣམ་སྤྲུལ་འཕྲང་མགོ་གཏེར་སྟོན་ཤེས་རབ་འོད་ཟེར་གྱི་གྲོལ་ཏིག་གི་ཆོས་བདག་ཏུ་ངོས་བཟུང་གཏེར་གསར་གྱི་སྐོར་རྫོགས་པར་གནང་། དེའི་ཚེ་གཏེར་སྲུང་གི་ལྷོངས་ཀྱིས་གློ་བུར་དུ་བསྙུན་ཞིང་མཚན་མོ་དངོས་ཉམས་འདྲེས་པར་ཁྲག་གི་རྦ་ཀློང་དུ་སྐུ་གཟུགས་གཡེངས་པ་ལྟ་བུའི་ཆོ་འཕྲུལ་བྱུང་བར་གཏེར་སྟོན་གྱིས་གཏོར་བསྔོས་དང་གཏེར་སྲུང་གི་སྲོག་གཏད་མཛད་པས་རང་ཞིར་སོང་། འཚུབ་དེ་ཡང་བསྟན་སྐྱོང་རྡོ་རྗེ་གཤོག་རྒོད་མའི་ཞལ་གཟིགས་པའི་སྔོན་འགྲོར་འདུག །རིན་པོ་ཆེ་ཀུན་དགའ་ཚེ་ཆོག་གི་ཞབས་འབྲིང་དུ་ལོ་མང་བཅར་བའི་ཆོས་ལྷག་མ་རྣམས་ཀྱང་བུམ་པ་གང་བྱོར་གསན་པའི་རྩ་བའི་བླ་མ་ཡིན་ཞིང་ཐུགས་དམ་ཐང་ཁ་འབྲི་བ་སོགས་སྤྱོད་ལམ་གྱི་སྒོ་ནས་ཀྱང་བླ་མ་མཉེས་པར་མཛད། གཙོ་བོ་ཐོས་བསམ་སྒོམ་གསུམ་ལ་བརྩོན་པས་ཐུགས་སྲས་སུ་བྱུང་། རིན་པོ་ཆེ་སྐུ་བཤེགས་(༢༩ན)


GLG009_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གདུང་ལ་སྐུ་འདྲ་དང་རིང་བསྲེལ་དཔག་མེད་བྱུང་བའི་གཙོ་བོ་དབུ་ཐོད་བམ་རིལ་ལ་ཨྱོན་རིན་པོ་ཆེ། ཚེ་ཆོག །ཐུགས་རྗེ་ཆེན་པོ་སོགས་རང་བྱོན་ཕེབས་པའི་བཞུགས་གནས་གསེར་གདུང་རིན་པོ་ཆེ་བཞེང་བས་མཚོན་གཤེགས་རྫོང་རྒྱས་པར་སྒྲུབ་པའི་དོ་དམ་མཛད། གུང་རུ་དབྱངས་དཔོན་པ་དཔལ་ལྡན་གྲགས་པ་སྡེ་པ་ཡུག་སྔགས་འཆང་དང་ཟུར་དར་མ་བ་བསྟན་འཛིན་འགྱུར་མེད་གཉིས་ནས་བརྒྱུད་པའི་སྡེབ་གཤོར་རླུང་གསུམ་གཟའ་གདོང་དམར་ནག་གཏད་སེལ་དབྱེ་བསྐྲད་སོགས་མངོན་སྤྱོད་ཀྱི་ལས་མཐའ་མང་པོའི་དབང་ལུང་ཕྱག་ཁྲིད་ལ་ཞིབ་པར་སྦྱངས་པས་དུས་ཐོག་དེར་དབུས་གཙང་གི་ལྗོངས་སུ་ཟླ་མེད་ཀྱི་སྔགས་འཆང་དུ་གྱུར། ཡར་གཙང་སྐུར་གསུམ་མངའ་ཐང་སྒང་ལ་རྒྱབ་པའི་སྐྱིད་ཤོད་ལུང་པ་ཕལ་ཆེར་ཡང་བཟུང་བའི་ཤུགས་ཀྱིས་དགེ་ལུགས་ཡོན་མཆོད་མཛད་དཀའི་ཚེ་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོས་ཐུགས་ཁུར་བཞེས་ཏེ་བསྟན་པའི་སྤྱི་རིམ་མང་དུ་མཛད་སྐབས་རབ་འབྱམས་པ་བསོད་གྲགས་པ་སོགས་ཟ་ཟིའི་ཁྲོམ་འདུལ་གྱི་སྔགས་རློམ་དུ་མ་ཡོད་ན་ཡང་གུང་རུ་དབྱངས་དཔོན་པ་ཁྲག་འཐུང་ཡེ་ཤེས་རྡོ་རྗེ་དང་ཆབས་གཅིག་པར་འཁྲུལ་མེད་ཀྱི་ལས་སྦྱོར་གནད་དུ་བསྣུན་ཏེ་ཡར་རྒྱབ་པ་དཔོན་བློན་ལ་རྟགས་མཚན་འགྱངས་མེད་དུ་བསྟན་པའི་ཞལ་པོ་དང་ལག་ལེན་འཕྲུགས་པར་བརྟེན་བདག་རྐྱེན་ཆེ་བ་དང་མཚན་རིགས་འཛིན་འཁོར་ལོའི་དབང་ཕྱུག་ཏུ་གསོལ། སྐུ་ཡོན་དང་མཐུ་སྟོབས་ཕན་ཚུན་འགྲན་བཞིན་པས་སྟོད་སྨད་ཀུན་གྱི་བླའི་མཆོད་གནས་སུ་བཀུར། དགུང་ལོ་དོན་དགུ་པ་ལ་རིགས་འཛིན་གྱི་གྲལ་དུ་གཤེགས་སོ། །ཀུན་བཟང་ཐུགས་རྗེའི་འོད་ཟེར་ལྷ་ཡི་བུར། །ཡོངས་ཤར་(༢༩བ)


GLG009_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ལྔའི་ལམ་ལས་ཉེར་བབས་ཏེ། །གྲགས་པའི་མུ་ཁྱུད་ཉེ་དབང་ཚོགས་བཅས་ཀྱི། །བསོད་ནམས་ཞིང་དུ་རྣམ་རྒྱལ་ཁང་རྩེར་བྱོན། །ཕྱོགས་ལྷུང་གདོན་གྱིས་སྙིང་བཏབ་ལྷ་མིན་དཔུང་། །ལེགས་ལྡན་ནག་པོ་ཁྲོས་པའི་གཡུལ་ངོ་རུ། །སྲོག་སོགས་མགོ་ལུས་གཏུབས་པའི་ཁྲག་གི་རྒྱུན། །གངྒཱའི་ཀླུང་ཆེན་དེས་ཀྱང་བསྒྲུན་ནུས་མིན། །འཕགས་བོད་འཛིན་མར་འོད་གསལ་ལྷ་ཡི་གདུང་། །ཟུར་རིགས་སྔགས་འཆང་མུ་ཐི་ལ་ཡི་འཕྲེང་། །རིམ་བྱོན་རྣམ་དག་བརྗོད་པའི་སྲད་བུ་ལ། །བརྒྱུས་འདི་བློ་ལྡན་མགྲིན་པའི་རྒྱན་དུ་ལོངས། །དམ་པ་འདི་ཉིད་ནི་ཆོས་རྒྱལ་མེས་དབོན་གྱི་དུས་དབུས་གཙང་རུ་བཞིར་གྲགས་པའི་དབུ་རུའི་སའི་ཆ་ས་ཧོར་མཆོད་ཡོན་གྱི་དུས་ཁྲི་སྐོར་བཅུ་གསུམ་དུ་ཕྱེ་བའི་ཚེ་ཧོར་དགའ་བདེ་བཟང་པོ་དང་སི་ཏུ་སྨོན་ལམ་རྡོ་རྗེ་ཁུ་དབོན་གྱིས་བདག་མཛད་པའི། ཚལ་པ་ཁྲི་སྐོར་གྱི་ཆར་གཏོགས་ཤིང་དེའི་ནང་གསེས་ས་སྐྱོང་བཀྲ་ཤིས་རབ་བརྟན་གྱིས་བྲག་དཀར་འདམ་ར་མན་ཆད་སྐྱིད་ཤོད་དུ་ངོས་བཟུང་བའི་དགེ་བཅུ་ཚང་བའི་ཡུལ་གྲུ་དེ་ཡང་། འཇམ་དཔལ་རྩ་བའི་རྒྱུད་ལས། དེ་བཞིན་གཤེགས་པའི་བསྟན་འདི་ལ། །རྣམ་པ་སྣ་ཚོགས་བྱ་བ་བྱེད། །བྱང་གི་ཕྱོགས་ལ་བརྟེན་ནས་ནི། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་དེ་ཡི་ནང་གནས་པའི། །རྒྱལ་པོ་མི་ཡི་ལྷ་ཞེས་པ། །ལི་ཙ་བྱི་རྣམས་རིགས་སུ་འབྱུང་། །དེ་ཡང་སྔགས་ཀྱི་དོན་བསྒྲུབས་ཏེ། །ལོངས་སྤྱོད་ཚེ་དང་ལྡན་པར་འགྱུར། །རིག་པ་ལོངས་སྤྱོད་ལྡན་ཞེས་བྱ། །མི་ཡི་བདག་པོ་དེ་ཡང་འགྲུབ། །ལོ་ནི་བརྒྱད་ཅུར་རྒྱལ་སྲིད་བྱ། །ཞེས་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ཡུལ་འདིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྲོལ་གཏོད་པའི་ཚེ། ལྷ་ལྡན་སྤྲུལ་(༣༠ན)


GLG009_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཙུག་ལག་ཁང་དང་ར་མོ་ཆེ་གཉིས་ཀྱི་གནྡྷོ་ལ་ཤཱཀྱའི་རྒྱལ་པོའི་ཕོ་བྲང་ཆེན་པོ་བཞེངས་པའི་ས་ཡུལ་ཕྱོགས་འདིར་མཛད་པའང་། །བཀའ་གདམས་གླེགས་བམ་རིན་པོ་ཆེར། མི་ཁོ་ལ་ཉོན་མོངས་མི་མངའ་ཡང་། །ང་འཇིག་རྟེན་སྒྲོལ་མ་ཟག་མེད་ལ། །མི་ཁོ་ཡི་བཙུན་མོ་བྱེད་དོ་སྐད། །རྒྱ་ནག་པོའི་མཆོད་གནས་བོད་དུ་འདྲེན། །བོད་ཡུལ་གྱི་དབུས་སུ་བྱེད་དོ་སྐད། །ས་པདྨ་འདབ་བརྒྱད་ཡུལ་གྱི་དབུས། །གནམ་འཁོར་ལོ་རྩིབས་བརྒྱད་ཕུབ་པའི་འོག །ཕྱོགས་བཀྲ་ཤིས་རྟགས་བརྒྱད་ཡོད་པའི་ས། །གནས་ཕུན་སུམ་ཚོགས་པ་དམ་པའི་ཡུལ། །མི་ཁྱོད་ཀྱི་ཞིང་ཁམས་དམ་པ་ཡིན། །གནས་དེ་རུ་ལས་ཅན་དཔག་མེད་འདུ། །ཆོས་བདེ་སྟོང་རོལ་པའི་གླུ་ལེན་ཅིང་། །ཉམས་བཀྲ་ཤིས་བདེ་བར་སྐྱོང་ངོ་ཞེས། །ཞེས་གསུངས་པའི་དོན་ལྟར་ལྷ་ས་ལྟེ་བར་བྱས་པའི་སྟེང་གནམ་འཁོར་ལོ་རྩིབས་བརྒྱད། །འོག་ས་པདྨ་འདབ་བརྒྱད། ལོགས་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་མངོན་པར་གསལ་བ་ཕུན་ཚོགས་དགེ་མཚན་དང་ལྡན་པའི་ནོར་འཛིན་གྱི་ཆ་འབྲོམ་ཆུ་རིགས་ཀྱི་བརྒྱུད་དུ་ཡང་སྲིད་བཟུང་བའང་གོང་དུ་འཁྲུངས་རབས་ཀྱི་རིམ་པ་སྨོས་པའི་རྗེས་མ་དྲུང་པ་དཀོན་མཆོག་རིན་ཅེན་ཞེས་རྒྱ་མ་ཁྲི་དཔོན་པའི་རིགས་ལས་གཏེར་སྟོན་ཀུན་དགའ་དཔལ་བཟང་གི་གདུང་བརྒྱུད་ཀུན་དགའ་ཚེ་མཆོག་གི་གཅུང་དུ་གྱུར་པ་དེས་ཟིང་པ་དང་སྣང་གསལ་གྱི་གདན་ས་ལོ་ཤས་མཛད་ཅིང་གདུང་བརྒྱུད་སྤེལ། རིགས་འཛིན་རཏྣ་གླིང་པའི་ཆོས་རྒྱུན་འཛིན་པ་རྗེ་པདྨ་གར་དབང་འབྲི་གུང་དུ་བཀའ་ཆོས་ཞུ་བར་བྱོན་པའི་རྫོང་གསར་གྱི་མདུན་དུ་སྒར་མཛད་བཞུགས་པའི་སར་རཏྣ་གླིང་པའི་གཏེར་ཆོས་རྣམས་གསན་པར་བྱོན་པའི་ཚེ་ཟངས་ཀྱི་དབང་ཕྱུག་མི་(༣༠བ)


GLG009_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ཙམ་ཁུར་བ་རྫོང་ནས་དཔལ་འབྲི་གུང་གི་ཆོས་རྒྱལ་ཕུན་ཚོགས་ཀྱི་གཟིགས་སྣང་ལ་ཤར་བས་མི་མ་གིས་འདི་འདྲ་ཞིག་ཁུར་ཞེས་ཉེ་འཁོར་བ་རྣམས་ལ་གསུངས། པདྨ་གར་དབང་གིས་དྲུང་པར་དབང་ལུང་མང་པོ་དང་ཁྱད་པར་ལྷ་ཆེན་གྱི་སྐོར་རྫོགས་པར་གནང་། རཏྣའི་ཕྱག་ནས་ཀྱི་དབང་རྟེན་བྱིན་རླབས་སུ་སྩལ་བར་བརྟེན་གདུལ་བྱའི་འུར་ལངས། ལྷ་ས་བསམ་ཡས་རྭ་སྒྲེང་འབྲི་གུང་མཐིལ་སོགས་སུ་དཀར་མེ་སྐོར་ཆེན་གྱི་མཆོད་སྤྲིན་མང་དུ་མཛད་པའི་རྗེས་མ་ལྷ་སར་ཕེབས་དུས་ཡར་ལམ་མར་ལམ་གཉིས་ཀ་འབྲོམ་སྟོད་དུ་བཞུགས་ནས་གཏེར་ཆོས་དུ་མ་དང་། ཁྱད་པར་རིགས་འཛིན་རཏྣ་གླིང་པའི་རླུང་ཞགས་ཀྱི་དབང་ལུང་ཚང་བར་གནང་བས་དེང་སང་བརྒྱུད་པའི་གཙོ་བོའང་འདི་སྐོར་འདྲེན། རིགས་འཛིན་ལྷུན་གྲུབ་རྡོ་རྗེ་ལ་རཏྣའི་ཕྱག་ནས་མའི་དབང་བརྟེན་གནང་ནས་འདི་ངའི་སྐྱེ་བ་རྗེས་མ་ལ་སྤྲོད་རྒྱུ་ཨེ་ཡོང་ལྟོས་གསུངས། ཁྱེད་ཀྱི་སྲས་པོའི་ཇོ་མོ་འདི་མཁའ་འགྲོའི་མཚན་རྟགས་དང་ལྡན་པར་འདུག་ཅེས་མཉེས་མཉེས་དང་བཅས་མཛོ་མོ་ཞིག་གི་གནང་སྦྱིན་མཛད། ཞལ་ངོ་རྣམས་ཀྱིས་ཕེབས་སྐྱེལ་ཞུས་སྐབས་ངེད་རང་རྣམས་མྱུར་དུ་ཐུག་པའི་སྨོན་ལམ་བྱེད་ཅེས་དོན་གྱིས་སྐུ་སྐྱེ་བཞེས་པའི་ལུང་བསྟན། ཡར་བྱོན་ནས་དམ་སེལ་ཞིག་གིས་སྐུ་གཤེགས་པ་སྐྱེ་བ་གཞན་གྱིས་བར་མ་ཆོད་པར་ཡང་སྲིད་འཛིན་པར་སྔོན་དུ་ཕྱོགས་པའི་ཚེ་ཡུམ་གྱི་མནལ་ལམ་དུ། ཉི་ཟླ་ཤར་བ་མཁའ་ལ་འཕུར་བ། ལོ་ཏོག་དང་ཤིང་ཏོག་རྒྱས་པ། ལུས་སེམས་ལ་སྔར་མེད་པའི་དགའ་བདེ་ཁྱད་པར་ཅན་བྱུང་བ་དང་མཐུན་པར་ཡབ་ཟུར་གཞོན་ནུ་དོན་གྲུབ་དང་། ཡུམ་མཁའ་འགྲོའི་མཚན་ལྡན་ཡིད་འཛིན་གཉིས་ཀྱི་སྲས་སུ་ཁྲོ་མོ་ཞེས་པ་ཤིང་ཕོ་འབྲུག་(༣༡ན)


GLG009_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལོར་ཡུམ་ལ་བསྙུན་པ་སོགས་མི་བདེ་བ་མེད་པའི་ངང་ནས་སྐུ་བལྟམས། ཞབས་གོམ་འདེབས་མཁྱེན་པ་དང་གསུང་འབྱོན་པའི་འགོ་བརྩམས་པ་ནས་སྔོན་གྱི་བག་ཆགས་སད་དེ་ང་འབྲི་གུང་དུ་འགྲོ་ཞེས་གསུངས་པར་བརྟེན་རྒྱབ་ཏུ་གདན་དྲངས་ནས་ཤར་ཕྱོགས་སུ་རྒྱང་ཙམ་རེ་འབྱོན་པའི་སྟང་ཀ་བྱེད་དགོས་པ་བྱུང་། ཡབ་ཀྱིས་མཚན་ཆོས་རྗེ་ནོར་བུར་གསོལ། མེ་ལུག་དགུང་ལོ་བཞི་པའི་དུས་མེས་རིགས་འཛིན་ལྷུན་གྲུབ་རྡོ་རྗེ་སྐུ་གཤེགས་པའི་དགོངས་རྫོགས་ལ་སྣང་གསལ་ནས་རིན་པོ་ཆེ་ངག་དབང་ཡེ་ཤེས་གྲུབ་པ་གདན་དྲངས་པའི་ཚེ་སྔོན་ཆད་ཐུགས་རྒྱུས་མེད་ཀྱང་ཐུགས་འཚེར་སྣང་ཡེ་མེད་པར་རིན་པོ་ཆེའི་སྐུ་པང་དུ་ཡང་ཡང་བྱོན། ཕྱག་དྲིལ་ལ་འཇུས་ནས་འདི་ངའི་དྲིལ་བུ་ཡིན་གསུངས་པས་ཁོང་དཔོན་སློབ་ཐུགས་རྟོག་ཟོས་ནས་དྲིལ་མངས་དང་བསྲེས་ཏེ་ཁྱེད་རང་གི་དྲིལ་བུ་ལོང་གསུངས་པ་ན་འཁྲུལ་མེད་དུ་ངོས་བཟུང་ནས་ང་རང་གི་འདི་ཡིན་ཞེས་བདག་འཛིན་གྱི་ཚུལ་མཛད་པ་ན་ཐུགས་ཡིད་ཆེས་ཏེ་དྲུང་པ་དཀོན་མཆོག་པའི་སྐུ་སྐྱེར་ངོས་འཛིན་མཛད། ཚེ་དབང་ཧྲིཿ གཅིག་མ་དང་བླ་མ་ཞི་དྲག་གི་དབང་སོགས་ཅི་རིགས་གནང་། དྲིལ་བུ་སྩལ་བ་དེ་ལ་རྒྱ་དྲིལ་ཁ་ཆག་གི་མིང་ཐོགས། གཞན་ཡང་སྣང་གསལ་དང་ལྷང་ལྷིང་གི་གནས་ཚུལ། སྔོན་གནས་སད་པའི་ཡིད་ཆེས་མང་དུ་གསུངས་པས་སྐུ་སྐྱེ་ཡིན་མིན་གྱི་བརྟག་དྲིལ་སོགས་མ་དགོས། དེ་ནས་རིམ་གྱིས་ཕྱག་བྲིས་འབྲི་ཀློག་རྣམས་བརྡ་བསྟན་པ་ཙམ་གྱིས་མཁྱེན་པར་མ་ཟད་སྔགས་ལུང་རྗེས་སུ་བྲེལ་པོ་མ་ཡིན་པའི་ཉན་པ་པོའི་རྣ་བར་ལྷོན་པ་ལ་པོ་ཏི་ཚད་མ་ཙམ་ཉིན་རེ་འདྲིལ་བ་ལ་ཧ་ཅང་གིས་གྲུལ་པ་མི་དགོས་ཤིང་ལཱཉྪ་ཝརྟུ། ཀསྨི་ར། ནཱ་ག་ར། རྒྱ་མཚོ་མཐས་མཚོན་རྒྱ་(༣༡བ)


GLG009_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ལུས་འགྱུར་མི་འདྲ་བ་བཅུ་གསུམ་ཙམ། ཧོར་ཡིག་གསར་རྙིང་། བོད་ཀྱི་གཟབ་ཤུར། ཨོ་རྒྱན་ཟི་ཆེན་ཟི་ཆུང་སོགས་གཏེར་ཁ་དུ་མའི་བརྡ་ཡིག་གིས་མཚོན་པའི་ཡིག་རིགས་རྣམས་གཟུགས་ལེགས་ཤིང་བརྡ་དག་ཕུལ་དུ་ཕྱིན། ཡབ་ཀྱིས་འཕྲལ་དུ་ཉེར་མཁོའི་སྒྲུབ་འཕྲིན་གྱི་ལུང་གནང་། བླ་མ་ཞི་དྲག །ཞི་ཁྲོ། བཀའ་བརྒྱད། ཡང་ཟབ། ཁྲོ་ཆུ་སོགས་ཆོག་འཕྲིན་ཆོས་སྤྱོད་ཀྱི་རིས་འཕྲལ་གྱི་ཉེར་མཁོ་མཐའ་དག་བྱང་ཆུབ། ཐུན་མོང་ཞེས་པ་ལྕགས་ཕོ་ཁྱིའི་ལོ་སྣང་གསལ་དུ་རིགས་འཛིན་ཆེན་པོ་ངག་དབང་ཡེ་ཤེས་གྲུབ་པར་དབུ་སྐྲ་གཙུག་ཕུད་ཕུལ་བའི་མཚན་ངག་དབང་བཀྲ་ཤིས་ཀུན་དགར་གསོལ། དབང་རྗེས་གནང་དང་ལྗགས་ལུང་ཉེར་མཁོ་སྩལ། ལྷང་ལྷིང་མོར་ཕེབས་དུས་མཆོད་གཤོམ་འོག་ཏུ་ངའི་ལྷམ་ཡོད་གསུངས་པར་བཙལ་བ་ཞབས་ཕྱག་ལ་ཐར་པོ་ཞིག་རྙེད་པས་ཐམས་ཅད་ཡིད་ཆེས། ཡང་གཏོར་སྒམ་འོག་ཏུ་སྔར་སྦྲུལ་ཞིག་ཡོད་པ་ད་ཨེ་ཡོད་དམ་གསུངས་ནས་བསྔོགས་པས་སྦྲུལ་དཀར་པོ་ཞིག་དོན་ནས་སྐུ་པང་དུ་སྡོད། སྐུ་གོང་མའི་གསང་ཡུམ་གྱི་པང་དུའང་སྔ་མོའི་དུས་བཞིན་བསྡད་སོང་བས་དེར་འཁོད་རྣམས་བླ་མ་དྲན་པའི་དད་དུངས་ཀྱིས་མཆི་མ་འདོན་པ་དང་ལུས་ཀྱི་བ་སྤུ་ཆེས་ཆེར་ལྡང་བར་གྱུར། ཆུ་བྱི་ལོ་ཞང་སྣ་ནམ་པ་རྡོ་རྗེ་བདུད་འཇོམས་ཀྱི་སྤྲུལ་པའི་ཟློས་གར་བྱེད་པ་རིགས་འཛིན་ངག་གི་དབང་པོ་རྒྱ་ཧ་ཀ་ལིང་ཙེ་བར་གྱི་རྒྱལ་ཁམས་ཕྱོགས་མེད་ཀྱི་གདུལ་བྱའི་འགྲོ་དོན་ལ་བཞུགས་སྒར་བཏེག་ནས་ཕེབས་པའི་མཁའ་རོག་ཤན་ཁར་ཡབ་སྲས་ལྷན་རྒྱས་སུ་མཇལ་བར་བྱོན་པས་རིགས་འཛིན་ཆེན་པོ་རྒོད་ལྡེམ་གྱི་དག་སྣང་ཚེ་གུར་སྦྲགས་མའི་བཀའ་དབང་གནང་། སྐུ་སྐྱེ་འདི་གསང་སྔགས་རྙིང་མའི་བསྟན་པ་ལ་ཕན་ཐོགས་ཆེན་པོ་ཞིག་ཡོད་(༣༢ན)


GLG009_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

པས་གཙང་སྦྲ་དང་དོ་དམ་ཆེན་པོ་གྱིས་ཞེས་ཡབ་ལ་བསླབ་བྱ་དང་བཀའ་བསྒོ་ཕྱག་མདུད་དམ་རྫས་སོགས་རྒྱས་པར་བསྩལ། དགུང་ལོ་ལྔ་དྲུག་ནས་གཟུགས་འགྲོས་འབྲི་བའི་ཚེ་རི་མོའི་རིས་རང་ཤུགས་ཀྱིས་མཁྱེན་པའི་ཀློང་བརྡོལ་བ་ལྟར་དགུང་ལོ་དགུ་བཅུ་ནས་ཡབ་ཀྱིས་ཐིག་རྩར་བཅུར་བའི་ལྷ་བྲིས་ཕུལ་བ་ཚེགས་ཆུང་ངུས་མཁྱེན་ཅིང་། རྗེས་སུ་ཆོས་ཀྱི་འཕྲིན་ལས་ཆེ་དྲགས་པའི་གནང་ལོང་མི་ཡོང་བ་མ་གཏོགས་ཞི་ཁྲོའི་སྐུ་གང་ལའང་ལྷོངས་ཤིན་ཏུ་ཆེ་ཞིང་ཞིང་བཀོད་སོགས་ཆེ་ཕྲ་ཚང་མར་ཉམས་དོད་པས་ལྷ་བྲིས་ཆོས་དབྱིངས་སུ་གྲགས་པའི་ཁེངས་པ་ཅན་གྱིས་ཀྱང་ཁོང་གི་བླ་མ་མ་མཛད་པར་ངེད་ཚོ་ལྟར་རི་མོ་ཉག་བསྐྱངས་ན་སྨན་ཐང་འཇམ་དབྱངས་ལྟ་བུའི་འགྲན་ཟླ་དང་བྲལ་བ་ཁོ་ན་ཡོང་རྒྱུར་འདུག་ཅེས་གླེང་། ཁམས་པ་ཀུན་དགའ་རྩེ་མོ་དང་འབྲི་གུང་ཕྱོགས་ནས་དར་བའི་བྱེད་སྒྲུབ་ཀྱི་ལྔ་བསྡུས་སྒྲ་གཅན། ལོ་འཕོ་ཟླ་འཕོ། མགྱོགས་རྩིས། རྒྱ་ནག་གི་སྤོར་ཐང་གི་རྡེལ་འགྲེམས་སོགས་ཀྱང་ཡབ་ཀྱི་དྲུང་དུ་གསན། ཤིང་ཡོས་མཐུ་སྟོབས་ཀྱི་དབང་ཕྱུག་གུང་རུ་དབྱངས་དཔོན་པ་ཁྲག་འཐུང་ཡེ་ཤེས་རྡོ་རྗེའི་དྲུང་དུ་ཆོས་དབང་གི་རླུང་ལས་བྱེད། རཏྣའི་སྟོབས་ལྡན་རླུང་འཁོར། བྲམ་ཟེ་སྡོམ་པ་བཟང་པོའི་རླུང་འཁོར། ཀླུ་སྒྲུབ་ཀྱི་བྱང་ཆུབ་རླུང་འཁོར། དྲི་མེད་ལྷུན་པོའི་རླུང་དམར། བཻ་རོའི་ཉེ་འབྱེད་རླུང་འཁོར། འབྲོ་ལོའི་རླུང་ནག །རྟ་མགྲིན་གསང་འདུས་ཀྱི་མངོན་སྤྱོད་སྐོར། སྔགས་སྡེབ་སྙིང་གཟེར་ནག་པོ། རྒྱས་སྡེབ་སྙིང་གི་མེ་ལོང་། དྲེགས་པ་ཉི་ཤུ། ཁྲ་མོ་བྲག་གི་གཟའ་གདོང་དམར་ནག་སོགས་དྲག་སྔགས་ཀྱི་རིགས་མང་དུ་གསན། ཤིང་ཡོས་དགུང་ལོ་བཅུ་གཉིས་ཙམ་ནས་རིན་པོ་ཆེ་ངག་དབང་ཡེ་ཤེས་གྲུབ་པའི་ཞབས་(༣༢བ)


GLG009_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་དུ་བཅར་ཏེ་ཟིམ་པ། སྣང་གསལ། བྱི་ཕྱི་ལུང་པ། ཟུར་དུ་བྲག་དཀར་སོགས་སུ་བླ་མ་མངའ་བདག་ཆེན་པོའི་གཏེར་བྱོན་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆེན་དང་འབྲེལ་བའི་དབང་། རྒྱུད་ལུང་ཉི་ཤུ། འཕྲིན་ལས་ཆེ་འབྲིང་། ཁྲོ་བོ་རོལ་པའི་སྐོར་སོགས་རྒྱབ་བརྟེན་གྱི་ལུང་། གཞན་ཡང་ལས་འབྲེལ་རྩལ་གྱི་མཁའ་འགྲོའི་སྙིང་ཏིག །ཀློང་ཆེན་པའི་ཡང་ཏིག །པད་གླིང་པའི་བླ་མ་ནོར་བུ་རྒྱ་མཚོ། བླ་མེད་བདུན། བཀའ་སྲུང་། དྲག་དམར། ཚེ་དཔག་མེད་རྡོ་རྗེ་འཕྲེང་བ། ཀརྨ་གླིང་པའི་ཞི་ཁྲོ་དགོངས་པ་རང་གྲོལ། གཏེར་སྒྲོམ་ནས་ཆོས་རྒྱལ་རིན་ཅེན་ཕུན་ཚོགས་ཀྱི་གདན་དྲངས་པའི་ཡང་ཟབ་ཀྱི་དབང་ཆེན་དབང་ཕྲན་སོགས་ཕལ་ཆེར་སྒྲུབ་ཆེན་དང་འབྲེལ་བ། སྒྲུབ་སྐོར་གྱི་ལུང་། རྫོགས་ཆེན་གྱི་ཉམས་འཁྲིད། གཞན་ཡང་ཚེ་བདག་མེའི་སྤུ་གྲི། གཤིན་རྗེ་ཁྲོ་ཆུ། ཕྱག་རྡོར་དྲེགས་འདུལ། འཆར་ཀ་ཉང་ལུགས། གཏེར་མགོན་ཕྱག་བཞི་པ། གཤིན་རྗེ་ཤ་ཟན་འབར་མ། རཏྣ་གླིང་པའི་དཔལ་མགོན་མ་ནིང་སོགས་གཏེར་ཁ་སྣ་ཚོགས་ཀྱི་དབང་ལུང་མན་ངག་མང་དུ་གསན། བདེ་འདུས་ཀྱི་མེ་ཏོག་དབུས་ཆེ་མཆོག་ལ་བབས། བླ་མ་དང་ཚེ་དཔག་མེད་སོགས་ནུབ་ཕྱོགས་སུ་བབས་པས་གསང་མཚན་པདྨ་དབང་རྒྱལ་དང་། དབང་གི་གྲོང་ཁྱེར། ཐོས་གྲོལ་གྱི་གསང་མཚན་ཆོས་དབྱིངས་རང་གྲོལ་སོགས་མཚན་མང་དུ་སྣང་། ཕྱག་ཆེན་ལྔ་ལྡན། གཅོད་ཀྱི་དབང་འཁྲིད་དང་། ཆོས་བཀའ་གཞན་ཡང་འགའ་ཞིག་གསན། སྣང་གསལ་ལུགས་ཀྱི་ཆོ་ག་ཕྱག་ལེན་གར་ཐིག་དབྱངས་སོགས་དཔྱིས་ཕྱིན་པར་སྦྱོང་བར་མཛད། སྣང་གསལ་བའི་རྒྱུན་ལ་ལོ་གསུམ་མ་གཏོང་སྲོལ་ཡོད་པས་རྐྱེན་བྱས་གཙོ་བོར་ནང་དོན་དང་བསྙེན་སྒྲུབ་ཕུགས་གཞོལ་བས་ཟིང་པ་སྟག་མགོར་ལོ་གསུམ་(༣༣ན)


GLG009_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གསུམ་གནང་བ་ལོ་གཅིག་གི་བར་ཐོག་མར་ཐུན་མོང་གི་སེམས་འཛིན་སོགས་ཕྱག་ཆེན་གྱི་ཉམས་བཞེས་ཅུང་ཟད་དང་གཙོ་བོར་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་གི་ཐུགས་ཀྱི་ཉིང་ཁུ་ཇོ་མོ་མཁར་ཆེན་བཟའ་ལ་གནང་བའི་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཏིག་གི་ཀ་དག་ལྷུན་གྲུབ་ཀྱི་སྐོར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་པའི་ཡང་ཏིག་གི་དགོངས་པ་ལྟར་ཐུགས་ཉམས་སུ་བཞེས་པས་ཀུན་རྫོབ་ཀྱི་ཆོས་མ་ལུས་པའི་རྫུན་ཕུག་རྡིབ་སྟེ་རང་རིག་གདོད་ནས་དག་པའི་ཀུན་ཏུ་བཟང་པོ་གཅིག་མཐོང་དུ་ཐུགས་སུ་ངོ་འཕྲོད། འོད་གསལ་ལོངས་སྐུའི་ཞིང་ཁམས་ལ་ཁོར་ཡུག་ཏུ་འབྱམས་པས་སྔོན་གཉགས་བན་གྱིས་གླིང་དུ་གྱུར་པ་སླར་ཡང་མེ་དང་སྤྲ་བའི་ཚུལ་དུ་བོགས་ཆེན་ཐོན། སྙིང་ཏིག་དང་ཐོས་གྲོལ་གྱིས་བར་དོ་ཐུགས་ཉམས་འོག་ཏུ་ཆུད་པས། པཎ་ཆེན་ཤུལ་དུ་ཐ་མལ་འབྱུང་གཟུགས་ནི། །བཞག་པ་མང་མཐོང་དུཿཁས་ཡིད་སྐྲག་ནས། །ལམ་འདིའི་ས་བཅད་འབྲིང་པོ་རྩལ་དུ་གཏོན། ཁོ་བོའི་བླ་མ་བར་དོ་རྣམ་དྲུག་ཡིན། །ཞེས་གདེངས་ཁེལ་གྱི་གསུང་ཡང་བསྩལ། པད་གླིང་པའི་བླ་མ་ཞི་དྲག་ཕྱག་རྡོར་དྲེགས་འདུལ་བདེ་འདུས་ཀྱི་བཀའ་བརྒྱད་དྲིལ་སྒྲུབ་སོགས་ཀྱི་ལྗགས་བསྙེན་ཚད་ཐེམས་དང་། ནཱ་ག་རཀྴའི་བསྙེན་པའི་ཚེ་ཞག་བདུན་ཐོག་ཏུ་ཕྱག་རྒྱ་ཐེབས་ནས་དེ་ལས་ཡང་བ་མཛད་མ་དགོས། ཁྱབ་འཇུག་གི་བསྙེན་པའི་དུས་རྭ་གཞོབ་ཀྱི་དྲི་ཆིལ་བྱུང་བའི་མེ་རླུང་དམར་ནག་གི་ཁྲོད་ན་གཟའ་བདུད་ཆེན་པོ་ཁྲ་ལམ་གྱིས་བསྟན་ནས་ཁྱོད་ཀྱི་སྐྱེ་རབས་ཀྱི་ཆོས་སྐྱོང་ང་ཡིན་ཟེར་བས་ལུས་ཟི་བུན་བ་ཞིག་བྱུང་། གཡུ་སྒྲོན་མའི་སྒྲུབ་པ་མཛད་པ་འཁོར་བའི་རྟགས་གསལ་ཞིང་ལྷན་ཅིག་ཕྱག་གཡོག་གིས་སྣོད་ལུས་ནས་གཏོར་མ་གཤོམ་མ་ཐུབ་(༣༣བ)


GLG009_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

པས་དེ་ནུབ་མནལ་ལམ་དུ་གཏོར་མ་མ་ཆག་པར་དགོས་པའི་བརྡ་སྟོན་དང་། གཞན་ཡང་སང་ཉིན་མི་འདི་འདྲ་འོང་སོགས་འབྱུང་འགྱུར་ལུང་མང་དུ་བསྟན། བསྙེན་སྒྲུབ་ཀྱི་དུས་རྩ་བ་གསུམ་གྱི་དངོས་ཉམས་སུ་ཞལ་གཟིགས་ལུང་བསྟན་ཆོས་འཆད་བྱུང་བ་རྣམས་སྦས་ཚུལ་གྱི་རེག་ཟིག་དང་གཞན་ལ་འཕྲོས་ཆར་མ་མཛེས་པས་དེས་ཁུངས་འདྲི་བའི་རྔོ་མ་ཐོགས། རྗེ་ངག་དབང་ཡེ་ཤེས་གྲུབ་པའི་ཞབས་ཕྱི་གནང་ནས་རྩ་བ་བཞིས་ཀར་ནཱ་རོ་ཏ་པའི་རྣམ་སྤྲུལ་འབྲི་གུང་ཞབས་དྲུང་བཀྲ་ཤིས་ཕུན་ཚོགས་ལ་ལོག་ཏྲིའི་རིག་གཏད་དང་འབྲི་གུང་དགོངས་གཅིག་གི་ལུང་ཐོར་བུ་གསན། ཟིང་པར་བཞུགས་སྐབས་རིན་པོ་ཆེ་པའི་སྦྱིན་བདག་གཅིག་གིས་སྐུ་དགྲ་བྱས་པར་བླ་མའི་ཕྱག་གཡོག་མཛད་ནས་དཔོན་སློབ་བདུན་གྱིས་གཤིན་རྗེ་ཤ་ཟན་འབར་མའི་ལས་ཚོགས་མཛད་པས་རྟགས་མྱུར་དུ་ཐོན། ཞྭ་དམར་མཆོག་གི་སྤྲུལ་སྐུ་ཟ་དམ་ནས་འབྲི་གུང་ལ་ཕེབས་རྩིས་ཀྱིས་ཡུང་ཐང་དུ་བཞུགས་སྒར་གནང་སར་ཕྱག་དབང་ལ་ཕེབས་པས་ཁྱོད་སྐུ་སྐྱེ་ཡིན་ན་ཡོན་ཏན་ལ་སྦྱངས་པ་བྱེད་དགོས་ད་དུང་བསླབ་གཉེར་ཞིག་བྱས་ན་ཡོང་བའི་བཀའ་འཕྲོས་དངོས་སུ་ཕེབས་འདུག་པ་ཟ་དམ་གྱི་ཆོས་གྲ་འགྲིམས་ན་དགོངས་པའི་མདངས་ཡིན་པ་འདྲ། སྒར་པ་གནང་སྐྱོང་བཟང་བས་གནང་སྦྱིན་དང་བདག་རྐྱེན་ཆེ་བར་མཛད། དྲུང་པ་ཕུན་ཚོགས་པ་ལ་དབང་ལུང་དང་གདམས་པ་ཁ་ཡར་དང་ཡབ་འཁོར་ལོའི་དབང་ཕྱུག་ལ་མ་ཎི་བཀའ་འབུམ། ཚེ་དཔག་རྡོར་འཕྲེང་། དྲེགས་འདུལ། ཙ་རིི་ཞིང་སྐྱོང་། ཟབ་ཆོས་ཕྱག་བཞེས་དམར་འཁྲིད་ཀྱི་མཐའ་རྒྱས་བཅད་དོ། །ཡང་དབེན་དཀར་མོའི་མངལ་དུ་མ་སྒྲུབས་ཀྱང་། །འཕྱུགས་མེད་རིགས་ཀྱི་གངྒཱས་བསྲིངས་པའི་བསྐྱེད། །བློ་(༣༤ན)


GLG009_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས་གདོང་དྲུག་སྔ་འགྱུར་སྨིག་ཚལ་དུ། །ན་ཚོད་གཞོན་ནུའི་ཁྱེའུ་རྩེད་འཇོར་རོལ། །ས་ལམ་ཡོན་ཏན་ཆ་གང་ཆུ་ཤེལ་དབང་། །དམ་པའི་སྤྱོད་ཚུལ་རི་དྭགས་རབ་བཀྲའི་ཞར། །སྣ་ཚོགས་རིག་བྱེད་ས་མོས་ཁ་འབྱེད་པའི། །མཁྱེན་ཡངས་ཟེར་འཕྲེང་འགྱེད་ལ་མི་ངལ་སྤྲོ། །རྣམ་གསུམ་ཡོ་གའི་ཆུ་ཀླུང་མགོན་ཁྱོད་ཞབས། །བསིལ་བའི་རྒྱལ་མཚན་ཏོག་ཏུ་ལྷ་སྔགས་ཀུན། །སྣང་བཞིར་འབྱམས་ཀླས་གཞན་སྡེ་སྦྱིན་སྐྱེས་ལ། །དོགས་བྲལ་རང་བསྟན་འཆི་མེད་དགའ་སྟོན་དཔྱིད། །ལྕགས་སྤྲེལ་ལོ་དཔོན་ས་སྟག་ལུང་མ་གཤེགས་པའི་དགོངས་རྫོགས་ལ་ཕ་བོང་ཁ་ནས་རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ་གདན་དྲངས། ཡབ་ཟུར་ཆེན་འཁོར་ལོའི་དབང་ཕྱུག་ཕྱི་རྟེན་གྱི་བྲིས་སྐུ་བཞེང་བར་བྱོན་པ་གདན་འཛོམ། སྔོན་ནས་དཔོན་སློབ་ཐུགས་འདྲིས་ཡོད་པའི་གསུང་གླེང་ཞིབ་མོལ་མང་པོར་བྱུང་བའི་མུས་ནས་ཁྱེད་ཀྱི་སྲས་པོ་སྣང་གསལ་དྲུང་པའི་སྐུ་སྐྱེ་དེ་ཆུང་ངུ་ནས་སྒོམ་ལ་དྲིལ་ན་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེ་བ་དཀའ་ཞིང་ལྷག་ཏུ་སྒྱུ་འཕྲུལ་གསང་སྙིང་འདི་ལ་བཤད་རྒྱུན་ཉག་ཕྲ་བར་འདུག་པས་རྒྱུད་བཤད་ཀྱི་བླ་སྐོར་ཞིག་མཛད་ན་བསྟན་པའི་མིག་རྒྱན་ལ་ཕན་པ་ཡོང་བས་རེ་ཞིག་ངེད་ཀྱི་སར་བསླབ་གཉེར་ལ་ཐོང་། དེར་མ་ཟད་སྔགས་གསར་རྙིང་གྲུབ་མཐའ་རིས་མེད་ཀྱི་ཆོས་གང་དགོས་བྱེད་པར་སྤྲོ། ཆོས་ལ་ཕྱོགས་རིས་ཆེ་ན་བླ་མ་བཟང་བ་དཀའ་ལས་ཆེ་ཕེབས་པ། དེ་ཡང་རྡོ་རྗེ་འཆང་ཕ་བོང་ཁ་བ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་རྗེ་འདི་ཉིད་གཉགས་ལོ་ཙཱ་བར་འཁྲུངས་པའི་དུས་རྗེ་འབངས་ཉེར་ལྔའི་ནང་ཚན་དུ་གྱུར་པའི་རྡོ་རྗེའི་མཆེད་པོ་དང་། གཞན་ཡང་སྐུ་ཚེ་མང་པོར་དཔོན་སློབ་ཏུ་འབྲེལ་ཞིང་རྗེ་ཕ་བོང་ཁ་པར་ལྐོག་གྱུར་གྱི་ཆོས་རྣམས་(༣༤བ)


GLG009_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

འཆགས་ཐོགས་མི་མངའ་བའི་མངོན་པར་མཁྱེན་པས་དམ་པ་འདི་ཉིད་རིས་མེད་ཀྱི་གྲུབ་པའི་མཐའ་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་སོན་ཏེ་བསྟན་པ་སྤྱི་བྱེ་བྲག་གི་རྒྱུན་བཟང་པོ་སྤེལ་བར་དགོངས་པར་མཆིས། ཡབ་ཀྱི་ཐུགས་ལ་ཤིན་ཏུ་འཐད་པ་བཞིན་རྗེ་ཉིད་འདི་གསུང་གླེང་མཛད་པར་བླ་མ་ལ་དད་པ་དང་གསན་སྦྱོང་ལ་སྤྲོ་བ་ཕན་ཚུན་འགྲན་བཞིན་པའི་ཡབ་སྲས་བཀའ་གྲོས་མཐུན་ཏེ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡབ་ཡུམ་གསུམ་གྱིས་བོད་ཀྱི་ས་འདུལ་བའི་ཐོག་མར་སྒྲུབ་པ་མཛད་པས་རིགས་གསུམ་མགོན་པོ་ཞལ་གཟིགས་པའི་གནས་ཕོ་བྲང་མ་རུའམ་ཕ་བོང་ཁ་བྱང་ཆུབ་ཤིང་གི་ནགས་ཁྲོད་དུ་དུས་གསུམ་གྱི་རྒྱལ་བའི་སྤྱི་གཟུགས་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་འཁོན་སྟོན་ཆོས་ཀྱི་རྒྱལ་པོ་དཔལ་འབྱོར་ལྷུན་གྲུབ་ཀྱི་ཞབས་དྲུང་དུ་ཕེབས། ཞལ་མཇལ་བ་ཙམ་གྱིས་མི་ཕྱེད་པའི་དད་པ་ཐུགས་རྒྱུད་ལ་འཁྲུངས། དགེ་བསྙེན་དང་བར་མ་རབ་བྱུང་གི་སྡོམ་པ་བཞེས་མཚན་དཔལ་འབྱོར་འཕྲིན་ལས་རབ་རྒྱས་སུ་གསོལ། རི་ཁྲོད་པའི་དགེ་སློང་འགའ་ཞིག་གིས་སྐུ་སྐྱེ་སྐུ་གཞོན་ཞིང་ཐུགས་རབ་ཆེ་བར་འདུག་པས་སེ་ར་བྱེས་ལྟ་བུར་མཚན་ཉིད་ཀྱི་ཐུགས་གཉེར་དང་གྲུབ་མཐའ་དགེ་ལུགས་པ་ཁ་གཙང་བ་འགབ་ཚུལ་བྱུང་བ། ཀུན་མཁྱེན་ཀློང་ཆེན་པ། ཡབ་འཇམ་དབྱངས་རྒྱལ་མཚན་སྲས་མངའ་རིས་པཎ་ཆེན་སོགས་སྔོན་གྱི་རྙིང་མའི་བླ་མ་དུ་མས་མདོ་ཕྱོགས་ཀྱི་ཐུགས་གཉེར་མཛད་ཅིང་ཤེས་བྱའི་མཐའ་རྒྱ་གཅོད་པ་ལའང་གུ་ཡངས་ཉམས་ཆེ་བས་ཐུགས་ལ་མི་འཐད་པ་རང་མ་བྱུང་རུང་ཡབ་ཟུར་ཆེན་འཁོར་ལོའི་དབང་ཕྱུག་མཚན་ཉིད་ལ་བཞེད་པ་ཆེ་བ་རང་མེད་འདུག་ཅིང་། རྗེ་རྡོ་རྗེ་འཆང་ལ་སྙན་འབུལ་མཛད་པར། བཀའ་ལས་ཁྱེད་ཀྱི་ཐུགས་རབ་དང་དགུང་ལོ་སོགས་སྒོ་དུ་མ་ནས་མདོ་(༣༥ན)


GLG009_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་གྲར་ཞུགས་ན་ཤོགས་ཆེ་ངེས་ཡོང་རུང་། གདུང་རུས་དང་སྐྱེ་བརྒྱུད་མཐའ་དག་རྙིང་མ་བར་སོང་བས་རྟེན་འབྲེལ་གྱི་དབང་གིས་སྔོན་གྱི་སྔ་འགྱུར་བའི་བཤེས་གཉེན་མདོ་ཕྱོགས་ལ་མཁས་པ་འགའ་ཞིག་བྱུང་ཡང་ཕྱོགས་རེ་ལ་བརྟེན་པའི་འཕྲིན་ལས་རྒྱ་ཆེར་མ་འཕེལ། ཁོ་བོས་བསླབ་སྦྱངས་མཐར་ཕྱིན་བྱས་པ་ཡིན་རུང་ཉི་མ་ཐང་དང་བྱེས་ཀྱི་འཆད་ཉན་ཁྱུག་ཙམ་ཞིག་བྱས་པ་མ་གཏོགས་བསྟན་པའི་བྱ་བ་བློ་ཁ་ཁེངས་པའི་རྒྱ་ཆེ་བ་ཞིག་མ་འགྲུབ། རྗེས་སོར་བྱང་རྩེ་སོགས་གདན་ས་ཆེན་པོའི་རིས་ལ་ཤོག་ཟེར་ཡང་དེ་ལས་གནས་འདིར་སྒྲུབ་སྡེ་ཞིག་ཚུགས་ན་བོད་སྤྱིའི་བདེ་ཐབས་ལ་ཕན་པའི་ལུང་བསྟན་དང་ལོ་རྒྱུས་དུ་མ་མཐོང་བས་ལྷག་བསམ་རྣམ་དག་གིས་ཀུན་ནས་བསླངས་ཏེ་ནང་དོན་ལ་དྲིལ་ནས་བསྡད་པ་ཡིན། ཉིད་ཀྱང་སྒྱུ་འཕྲུལ་ལ་བསླབ་གཉེར་ཞིབ་པ་ཞིག་མཛད་ནས་རྩེས་དང་དུ་བསྟན་པའི་རྣམ་གཞག་ཅིག་མཛོད། དེ་རྗེས་ངེད་ཀྱིས་ཐོབ་པའི་མདོ་སྔགས་ཀྱི་ཆོས་རྣམས་གསན་ན་ཕུགས་བསྟན་པ་སྤྱི་སྒོས་ཐམས་ཅད་ལ་ཕན་པ་ཡོང་བའི་བསླབ་སྟོན་ཕེབས་པ་དོན་ལུང་བསྟན་དུ་འདུག་ཅིང་དེ་དོན་ཁོ་ན་དང་ལེན་གནང་། གནས་ཚུལ་དེ་ཐོས་པས་གྲ་ཁྲོད་ནས་རྗེ་བླ་མ་ལ་འཁང་རའི་རྣམ་པས་སྐུར་ཞུས་བྱེད་པ་བྱུང་། འོན་ཀྱང་དྲུང་དུ་བཅར་བཞུགས་ཀྱི་ངོས་ཐུགས་དམ་གཏོར་བཞེངས་དང་དྲུང་ཡིག་སྐུ་བརྙན་འབྲི་བ་སོགས་ཕྱག་གཡོག་འཕྲལ་སེལ་གནང་། འདི་ནས་བཟུང་དག་ཞིང་དུ་མ་གཤེགས་བར་སྐུ་ཚེའི་རྟེན་འབྲེལ་དུ་ཚེ་དཔག་མེད་དང་སྒྲོལ་དཀར་གྱི་བརྒྱ་ཐང་ལོ་ལོ་བཞིན་ཕྱག་བསྟར་ནས་བཞེངས། གཙོ་བོར་གནང་རྒྱུའི་ཆོས་ཀྱང་རྡོ་རྗེ་འཆང་ཟུར་སྒྲོ་ཕུག་པ་ཤཱཀྱ་(༣༥བ)


GLG009_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གེའི་བག་ཆགས་སད་པར་མ་ཟད་ཡབ་འཁོན་ཚེ་དབང་ནོར་རྒྱས་ཀྱི་བར་དུ་རྒྱུད་བཤད་ཟམ་མ་ཆད་པར་ཡོད་གཤིས་རྩལ་བཤད་ལ་མ་ལྟོས་པར་རིགས་འཛིན་རིམ་པའི་གསུང་རྒྱུན་དང་མཁྱེན་པའི་ཀློང་ནས་རྡོལ་བ་ཟུང་དུ་འཇུག་པའི་གསང་སྙིང་གི་བརྩི་བཞག་ཆོས་ཐུན་གཉིས་རེ་གནང་བ་འཛིན་གྲ་སོགས་མེད་པའི་སྐྱོན་གྱིས་ཐུགས་འཛིན་དཀའ་ཙམ་བྱུང་བ་ཟིན་བྲིས་རྒྱབ་ཨེ་ཆོག་ཞུ་བ་མཛད་པར་ཤོག་བུ་སུམ་ཅུ་ཙམ་ལ་མ་སླེབས་པར་ཟིན་བྲིས་མཛད་ན་འཇགས་ཆེན་པོ་མི་ཡོང་བས་ངེད་ཀྱིས་ཚོད་བྱེད་གསུངས། སྐབས་ཤིག་དེ་ཙམ་རན་ཚོད་ཡིན་པས་ཚིག་ཟུར་དག་མ་དག་སོགས་ལྟ་ཁྱད་ཀྱིས་ཐོག་ཁའི་གནམ་ཡེངས་ཀྱི་ཟུར་ནས་དགོངས་མོ་སྐྱོར་མཛོད་ཕེབས་པ་བཞིན་གཟིམས་ཆུང་སྟེང་ནས་བཤར་སྦྱང་གནང་བས་ད་ཆ་ཟིན་བྲིས་སུ་ཕོབ་ཕེབས་པ་བཞིན་ལེའུ་ལྔ་པ་ཡན་ལ་ཟིན་བྲིས་ཤིག་ཀྱང་མཛད། རྒྱུད་ཡོངས་རྫོགས་ཀྱི་ཊཱི་ཀ་སོང་ཡང་དེ་མན་གྱི་རེག་ཟིག་འཕྲོ་ཅན་དུ་ལུས། ཕྱོགས་ནས་དབང་ཆོས་ཞུ་མཁན་བྱུང་ཚད་ཀྱི་གྲྭར་མཆོད་དཔོན་གྱི་ཕྱག་གཡོག་དང་སྦྲགས་ནས་གསན་ཞིང་དབང་རྗེས་གནང་གི་ཕྱག་ལེན་ལ་ཟིན་བྲིས་བཏབ་སྟེ་སྤྱན་ལམ་དུ་ཕེབས་པ་འདི་འདྲ་ཡིན་ན་བརྩི་བཞག་ཀྱང་ཐེངས་རེས་ཆོག་པ་འདུག་ཅེས་དགྱེས་པའི་རྩེར་སོན། འདི་སྐབས་བསྙེན་རྫོགས་མ་གྲུབ་པ་དང་མ་ནས་ཕ་བོང་ཁར་བསླབ་གྲལ་མ་གཏོགས་སློབ་མི་འདུག་རུང་རྡོ་རྗེ་འཆང་འབྲས་སྤུངས་ཚོར་ཕེབས་པའི་སྐབས་རྗེ་འདི་ཉིད་ཚད་མའི་གྲལ་འགོར་འཇོག་པ་དང་རྒྱུན་དུ་ཕྱག་གཡོག་གཅིག་ལ་ཕོགས་སོགས་བདག་རྐྱེན་གཟེངས་བསྟོད་པ་མཛད། མཁན་པོ་ཤཱཀ་གཞོན་དང་སློབ་དཔོན་ཡེ་བརྩོན་གཉིས་ཀྱིས་(༣༦ན)


GLG009_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འབྲོག་མི་དང་སྟག་ལོ་གཉིས་རྒྱ་གར་དུ་བརྫངས་སྐབས་བསྟན་པའི་གཞི་མ་ཡིན་པས་འདུལ་བ་ཉོན། །བསྟན་པའི་སྙིང་པོ་ཡིན་པས་ཤེར་ཕྱིར་ཉོན། །བསྟན་པའི་ཉིང་ཁུ་ཡིན་པས་གསང་སྔགས་ཉོན། །ཞེས་བསླབ་བྱ་མཛད་པ་དང་། དེབ་སྔོན་དུ། དེ་ལྟར་བོད་ཡུལ་འདིར་འདུལ་བའི་བསྟན་པ་ལ་འཕེལ་འགྲིབ་ཆེར་བྱུང་མོད་ཀྱིས་ཐེག་པ་ཆེན་པོ་གསང་སྔགས་ནི་དེང་སང་གི་བར་དུ་ནུབ་མ་མྱོང་ཞིང་ཞེས་པའང་བསྟན་པ་དར་ནུབ་བྱུང་ཞེས་པ་འདུལ་བ་ལ་ངོས་བཟུང་པས་བསྟན་པའི་རྩ་བར་དགོངས་ཏེ་རྗེ་བླ་མའི་ཞབས་དྲུང་དུ། མངལ་བཤོལ་བརྩིས་པའི་དགུང་ལོ་ཉི་ཤུའི་དབང་དུ་བཏང་སྟེ་རྔ་ཆེན་ཞེས་པ་ཆུ་ཕོ་ཁྱིའི་ལོ་ཡང་བསྐྱར་གྱི་ཚུལ་དུ་དགེ་བསྙེན་ནས་བཟུང་བསྙེན་རྫོགས་ཀྱི་བར་དགེ་འདུན་གྲངས་ཚང་བའི་དབུས་སུ་རབ་བྱུང་ཞུ་བ་ནས་གསོལ་བཞིའི་ལས་ཀྱི་བར་བསྒྲུབ་བྱ་གསུམ་ཁོ་ནར་བཅད་པའི་གདན་ས་ཆེན་པོ་རི་བོ་དགའ་ལྡན་གྱི་ཕྱག་ལེན་འཁྲུལ་བ་མེད་པའི་སྟེང་ནས་སྒྲུབ་པ་མཛད། བླ་མ་དམ་པའི་སྤྱན་ལྟོས་ཀྱིས་བྱིན་ལེན་དང་རུང་ཆུ་སོགས་བཅས་པ་ཕྲ་མོས་མཐའ་བརྟེན་པའི་བསླབ་པ་ལ་གུས་ཤིང་ཐུགས་རྒྱུད་དུལ། འཕྲལ་གྱི་སྤྱོད་ལམ་ཙམ་གྱིས་ཀྱང་བསྟན་རྒྱུན་ལ་ཕན་པའི་བག་ཡོད་ཁོ་ན་ལྷུར་བཞེས་པས་གཞན་དག་ཀྱང་ངེད་ཀྱི་བཙུན་པ་འདི་ཟིང་པ་སྐུ་སྐྱེ་འདྲ་བ་ཞིག་བྱུང་ན་ཞེས་ཚད་དུ་བཟུང་སྟེ་ཡིད་སྨོན་དུ་བྱེད། གསང་སྙིང་གི་ཊཱི་ཀ་རྫོགས་ནས་འགྲེལ་པ་པར་ཁབ། ཀློང་ཆེན་པའི་ཕྱོགས་བཅུ་མུན་སེལ་ལ་གཟིགས་འཇུག་དང་སྔགས་གསར་མའི་གསང་འདུས་རྩ་རྒྱུད་དང་སྒྲོན་གསལ་ལ་ས་བཅད་མཆན་བུ་མཐའ་གཅོད་སྦྱར་བའི་(༣༦བ)


GLG009_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པ་བཞི་སྦྲགས་སུ་གྲགས་པ་རྒྱལ་བ་བཙོང་ཁ་པ་ཆེན་པོའི་བཞེད་སྲོལ་དྲི་མ་མེད་པ་དང་། རིམ་ལྔ་གསལ་སྒྲོན། བདེ་མཆོག་སྦས་དོན་ཀུན་གསལ། མཁས་གྲུབ་ནོར་བཟང་རྒྱ་མཚོས་མཛད་པའི་དུས་འཁོར་སྤྱི་དོན་དྲི་མེད་འོད་རྒྱན་རྣམས་ཀྱི་ལྗགས་ལུང་དང་སྦྲགས་པའི་ཞིབ་བཤད་གསན།མཁས་གྲུབ་ནོར་བཟང་པས་མཛད་པའི་གསང་འདུས་བསྐྱེད་རྫོགས། གསང་འདུས་ཀྱི་ཊཱི་ཀའི་ཟིན་བྲིས་རགས་རིམ་ཐུགས་བློར་བཟུང་། རྩེས་དང་གི་གྲ་སྐོར་ལ་ལས་ཆེན་པ་ཚོས་བསྟན་པ་རིས་མེད་ནས། དྲི་བ་སྣ་ཚོགས་ཡོང་གི་ཡོད་འདུག་པར་བརྟེན་རྡོ་རྗེ་འཆང་གིས་ཐུགས་རྒྱུས་ཁོག་ནས་དེབ་ཐེར་སྔོན་པོ། ཚལ་པའི་དེབ་དམར། བུ་སྟོན་ཆོས་འབྱུང་སོགས་རྒྱ་བོད་ཀྱི་མཁས་གྲུབ་དུ་མའི་རྣམ་ཐར་ཡིག་ཚང་། ཆོས་མངོན་པ། ཕ་རོལ་ཏུ་ཕྱིན་པའི་ས་ལམ་གྱི་རྣམ་གཞག །བོད་དུ་ཆེན་པོ་རྣམ་གསུམ་དུ་གྲགས་པའི་ལྟ་བའི་ཁྱད་པར། རིག་གནས་ལྔའི་སྤྱི་བཤད། རླངས་ཀྱི་པོ་ཏི་བསེ་རུ་དང་ཆོས་འབྱུང་མིག་འབྱེད་འོད་སྟོང་སོགས་ནས་བསྡུས་པའི་ཕག་མོ་གྲུ་པའི་སྡེ་སྲིད་བྱུང་ཚུལ་སྔགས་ལེགས་སུན་འབྱིན་དུ་གྲགས་པའི་རྙིང་མ་གཙོ་བོར་གྱུར་པ་ལ་ཞར་བྱུང་གསར་མའི་ཕྱོགས་ལའང་འཇམས་ཡིག་དང་དེ་ལན་གྱི་རྩོད་སྤོང་སོགས་སྣ་སྒོར་མ་ནས་གཟིགས་རྟོག་མཛོད་གསུང་བ་བཞིན། ཕྱག་དཔེ་མང་པོར་གཟིགས་རྟོག་དང་རྡོ་རྗེ་འཆང་གི་གསུང་རྒྱུན་ཟིན་བྲིས་ཀྱི་རིས་ཁ་ཡར་ཐུགས་སུ་ཆུད་པར་མཛད་ནས་འཕྲལ་འཕྲལ་དོགས་གཅོད་གནང་བར་བརྟེན་མདོ་རྒྱུད་ཀྱི་ཆོས་ཐམས་ཅད་ལ་མཁྱེན་པའི་ཀློང་རྡོལ་བ་ལྟ་བུར་གྱུར། ཤིང་ཕོ་བྱི་བའི་ལོ་ཆོས་གྲ་ཆེན་པོ་དཔལ་གྱི་རྩེས་དང་གི་དགུན་ཆོས་ཐོག་གྲ་སྐོར་(༣༧ན)


GLG009_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕེབས། ཐུགས་གཉེར་གནང་སའི་སྟོབས་ཀྱིས་ལྔ་མཆོད་བར་བབས། གནས་ཚང་གིས་བཤད་པ་གནང་སའི་ཀ་བ་དེ་ལ་རྡོ་རྗེ་གཡུ་སྒྲོན་མ་གནས་པས་གསོལ་མཆོད་གནང་བ་འགབ་ཚུལ་ཞུས་པ་ལྟར་མཆོད་མཇལ་དང་སྦྲགས་གསོལ་མཆོད་བཟབས་རྒྱས་མཛད་པས་མཆོད་ཁང་ནང་དུ་ཕེབས་དུས་སྟེང་གི་དར་ལྕོག་དང་སྙན་ཤལ་རྣམས་གཡོ་ཞིང་དབུ་ཐོག་ཏུ་སྙན་དར་ཞིག་བབས་པ་སྲུང་མ་དགྱེས་པའི་མཚན་མར་འདུག་ཅེས་དཀོན་གཉེར་གླེང་། དེ་ཡང་གཡུ་སྒྲོན་མ་འདི་བསྟན་མ་བཅུ་གཉིས་ཀྱི་ནང་ཚན་རྡོ་རྗེ་གཡའ་མ་སྐྱོང་ཡིན་ཞིང་གཉན་ཆེན་པོ་ཐང་ལྷ་ཟུར་ཕུད་ལྔ་པའི་གསང་ཡུམ་གནམ་མཚོའི་རྒྱལ་མོར་ཡང་གྲགས། གྲོལ་ཏིག་གི་གཏེར་སྲུང་རྡོ་རྗེ་གཤོག་རྒོད་མ་དང་ཞི་ཁྲོའི་ཁྱད་མ་གཏོགས་ཐུགས་རྒྱུད་གཅིག་པས་དམ་པ་འདི་ཉིད་ལ་ཤིན་ཏུ་འགོ་བ་ཞིག་ཡིན་པར་སྣང་། སྣེའུ་སྡོང་རྩེ་དང་རྩེས་དང་གཙང་གཞུང་ནས་བཟུང་བའི་སྐབས་རྩེས་དང་འོང་གསེབ་ཏུ་ཆ་ཁ་པའི་གནོད་པ་བྱུང་བ་སྔར་ཆོས་རྒྱལ་བྱང་བས་འབག་པ་གེའི་ཞབས་འདྲེན་ཞུ་མི་རྣམས་ལ་ཐ་ན་སྐྱེལ་གནང་བའི་སྣོད་རྒྱ་མཚོ་སྦུག་ཏུ་ཆག་ནས་འཕེལ་བ་ཡིན་པས་གཞན་གྱིས་བཟློག་མི་ནུས་ཞེས་རྫོང་དཔོན་དྲུང་འཚོ་བློ་རྣམ་པས་རྡོ་རྗེ་བྲག་ནས་བྱང་བདག་རིགས་འཛིན་བླ་མ་རིན་པོ་ཆེ་གདན་དྲངས་པ་དང་འགྲིག་པས་སྔར་སྐུ་ན་ཕྲ་དུས་སྤྱན་ལམ་དུ་ཐོགས་ཙམ་ལས་ཐུགས་འདྲིས་ཆེ་བ་མེད་ནའང་དེ་སྐབས་ཕྱག་འབུལ་ལ་ཆེད་བསྟད་ཕེབས་ཏེ་རྒྱུ་མཚན་སྙན་དབང་དུ་གསོལ་བར། སྔར་རྙིང་མ་ཕྱོགས་ལ་རྒྱུད་བཤད་ཀྱི་དར་རྒྱས་ཆེའང་དུས་ཀྱིས་བསྟན་པ་མར་འགྲིབ་ལྟ་བུར་འདུག་པ་ཁྱེད་ཀྱིས་གསང་(༣༦བ)


GLG009_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ལ་བཤད་པ་མཛད་པ་ཤིན་ཏུ་ལེགས་ཞེས་དགྱེས་པར་བྱུང་། སྔར་ཨེ་བྲག་སྣ་རབ་འབྱམས་པ་ལའང་རྩོད་པ་བྱུང་འདུག་པས་ད་ལམ་ཡང་དེ་རིས་མི་ཡོང་བའི་ངེས་པ་མེད་པས་ཟོན་སྐྱོར་མཛོད་གསུང་བའི་བསླབ་སྟོན་དང་། དྲུང་འཁོར་ཕྱགས་ཕྱི་བ་རྣམས་ལ་དེ་རིང་བར་པ་འདྲ་ཡང་མི་དགོས་པའི་ངེས་པ་མེད་པས་བཤད་པའི་སར་ལྟད་མོར་རྒྱུག་ཅེས་ཕྱག་གཡོག་འཕྲལ་སེལ་མ་གཏོགས་རྫོང་བདའ་མཛད་པ་མངོན་མཁྱེན་དུ་ཤར་བར་མཆིས། གསུང་བཤད་ཚུགས་གདོང་དེ་སྔོན་ཆོས་སྡེ་བ་རྣམས་ཀྱིས་ས་ཀར་རྙིང་གསུམ་ཕྱོགས་མཐུན་པ་ཡིན་པས་ས་ཀར་གང་རུང་ལ་འབབ་དགོས་རྒྱུ་མ་བབས་པའི་ཉེས་ཆད་ལྟ་བུར་ལས་ཆེན་པོ་ཚོར་ཕྱག་ཆོས་ཞེས་རྩོད་པ་བཏང་བར། ལྔ་མཆོད་པ་རྣམས་ཀྱིས་དེ་ལན་འཇལ་རྩིས་བྱས་པར་རྗེ་ཉིད་ཀྱིས་དགེ་འདུན་གྱི་དབྱེན་དུ་གྱུར་ན་སྐབས་སུ་མི་བབས། ཁོ་བོ་ཕྱག་འཚལ་བ་ལ་མི་འཚེར་གསུངས་ནས་ཕྱག་མཛད་པས་རྩོད་པ་ཆོས་ཐོག་ཏུ་ཞི། གསུང་བཤད་བརྗོད་བྱའི་དོན་བཟང་ཞིང་རྗོད་བྱེད་ཀྱི་ཚིག་སྦྱོར་འཇེབས་པ་ལས་ཚན་པ་རྣམས་ཀྱིས་མདོ་སྔགས་ཐ་སྙད་གང་ལ་དྲི་བ་ཞུས་ཀྱང་ལན་ཐོགས་མེད་དུ་འབྲེལ་ཆགས་ཁོ་ན་མཛད་པས་སྐུ་ཡོན་དང་མཁྱེན་རབ་ཀྱི་གྲགས་པ་ཐོན། ཕྱག་ཕྲེང་གི་ཐག་པ་ཆད་པ་འདི་འདྲའི་རིས་ལ་འཕྲིན་ལས་ཆེ་བའི་རྟེན་འབྲེལ་ཡོང་ཞེས་གླེང་། ལྔ་མཆོད་པའི་ལས་ཆེན་པས་གསུང་བཤད་ཤིན་ཏུ་ལེགས་པ་བྱུང་བ་རྗེས་ཀྱི་དཔེ་ལ་ཞོག་ཅེས་གཟེངས་བསྟོད། དེ་སྔོན་ཆོས་སྡེ་བ་ཕྱོགས་ནས་ལྔ་མཆོད་པ་ཚོར་སྔགས་བོན་འདྲ་ལ་བྱེད་དུ་བཅུག་ནས་ངན་གཏད་ཡོད་དམ་ཞེས་སོམ་ཉི་ཆེ་བར་ང་ལ་སྲུང་(༣༨ན)


GLG009_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་གི་ཐབས་དགོས་ཚུལ་གསོལ་བ་ལྟར་སྤྱི་སོའི་སྐུ་རིམ་མངོན་བྱུང་གི་སྒོ་ནས་གནང་། བྱང་པ་རིགས་འཛིན་ཆེན་པོ་རྩེས་དང་ཟ་ར་བས་གདན་དྲངས་པའི་ཞབས་ཕྱིར་ཕེབས་གསུང་གླེང་ཞིབ་མོལ་དང་བསྟན་པའི་རྣམ་གཞག་མཛད་པར་ལེགས་སྐྱེས་སྩལ། གཏེར་ཁ་གོང་མའི་བྲག་དམར་འབྲིང་ཕོ་མོའི་སྤུ་གྲིའི་དབང་ཞུ་བ་གནང་། དཔལ་རི་སྒྲུབ་སྡེར་ཕེབས་ནས་རིགས་འཛིན་ཤེས་རབ་འོད་ཟེར་གྱིས་གཏེར་རྫས་སོགས་རྟེན་རྣམས་ཞིབ་པར་མཇལ་ཞིང་རྒྱལ་སྲས་ཀརྨ་ཀུན་བཟང་ལ་ཆོས་འབྲེལ་གསན།ཐང་ཡིག་ལས། ཁྱད་པར་ཡར་ལུང་ཤེལ་གྱི་བྲག་ཕུག་འདིཿ བདུད་རྩི་སྨན་སྒྲུབ་བྱས་པའི་གནས་ཡིན་པསཿ གསང་སྔགས་མཐར་ཕྱིན་ཨྱོ་རྒྱན་ཡུལ་ལྟ་བུཿ ཡ་མཚན་སྒྲུབ་ཁང་བྲག་ཕུག་ཁྱད་འཕགས་ཡོདཿ ཞི་ཁྲོ་སོགས་ཀྱི་གཞལ་ཡས་ཁང་མང་བཞུགསཿ བོད་འབངས་དགའ་དང་སྤྲོ་བར་གྱུར་བའི་བྲགཿ ཡོན་ཏན་བརྒྱད་ལྡན་བསམ་ལས་འདས་པར་བརྗོདཿ དེ་ལ་གནས་ཚད་ཏུ་རུ་ཥྐས་མི་ཕེབསཿ གངས་དཀར་ཏི་སི་རྩ་རི་ཟབ་བུ་ལུངཿ གནས་གཞན་ལ་ཡང་ཡོན་ཏན་ཡོད་མོད་ཀྱང་ཿ བསམ་གྲུབ་ཤེལ་གྱི་བྲག་ཕུག་ཆར་མི་ཉེཿ ཨྱོ་རྒྱན་ཧེ་རུ་ཀཿདང་མཚུངས་དཔེར་བཞགཿ འབྲིང་དང་ཐ་མས་སྦས་ཡུལ་གངས་ལ་བསྒྲུབཿ སྒྲུབ་གངས་རི་བྲག་མང་པོ་བསམ་འདས་ཀྱངཿ སྒྲུབ་གནས་གཙུག་ལག་ཁང་དང་ཟུང་འབྲེལ་བཿ འདི་གསུམ་དགེ་བ་བརྒྱ་འགྱུར་འཐོབ་པའི་གནསཿ ཚོགས་འཁོར་བྱས་ཚད་ཆུད་ཟོས་སོང་རེ་སྐནཿ ཞེས་སློབ་དཔོན་ཆེན་པོའི་སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི་གནས་ལྔ་དང་ཆོས་འཁོར་གསུམ་དང་ཟུང་འབྲེལ་གྱི་གནས་གསུམ་དུ་གསུངས་པ་(༣༨བ)


GLG009_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་ནང་ནས་འགྲན་ཟླ་དང་བྲལ་བ་ཡར་ཀླུངས་ཤེལ་གྱི་བྲག་ཕུག་མཇལ་བར་ཕེབས། གནས་འདི་ཨོ་རྒྱན་ཆེན་པོས་སྨན་སྒྲུབ་མཛད་པ་ཡིན་ཞིང་གཉགས་ཛྙཱ་ན་ཀུ་མཱ་ར་ཆེ་མཆོག་ཡོན་ཏན་གྲུབ་པའི་བཀའ་བབས་པས་གནས་ཞག་གནང་སྐབས་རྩ་བ་གསུམ་གྱི་ཞལ་གཟིགས་དང་སྔོན་གནས་རྗེས་དྲན་གསལ་བར་བྱུང་། པདྨ་གསང་ཕུག་དང་མཚོ་རྒྱལ་ཕུག་སོགས་གནས་གཟིགས་ཞིབ་པ་དང་བསྟན་འགྲོར་བདེ་སྐྱིད་འབྱུང་བའི་སྨོན་ལམ་རླབས་པོ་ཆེ་མཛད། ཚུར་ལམ་རྡོ་རྗེ་བྲག་ཏུ་སྤྲུལ་སྐུ་རིགས་འཛིན་ཆེན་པོར་དྲག་པོ་རྩལ་གྱི་བྱིན་རླབས་ཐུགས་དབང་ཨེ་ཀ་ཛཱ་ཊིའི་བཀའ་གཏད་ལྗགས་ལུང་ཐོར་བུ་གསན། འབྲོམ་སྟོད་གཟིགས་ཁང་དུ་རྒྱང་ཙམ་གཞུགས་ནས་ཕ་བོང་ཁར་ཕེབས། འདི་ནས་བཟུང་ཕྱོགས་ཕེབས་ཁ་ཡར་མ་གཏོགས་ལོ་བདུན་ཙམ་གྱི་བར་བཅར་བཞུགས་མཛད་ནས་བཀའ་གདམས་གླེགས་བམ། བསྟན་རིམ་ཆེན་མོ། བེའུ་བུམ་སྔོན་པོ། དཔེ་ཆོས་སྐོར་གསུམ། བཀའ་གདམས་ཐོར་བུ། བློ་སྦྱོང་ལེགས་བཤད་ཀུན་འདུས། དཔལ་ཡེ་མ། མཚོན་ཆ་འཁོར་ལོ་རྨ་བྱ་དུག་འཇོམས་ཀྱིས་མཚོན་པའི་བློ་སྦྱོང་གི་ཡིག་སྣ་མང་པོ། མདོ་སྡེ་མཛངས་བླུན་དང་མདོ་ཕྲན་གྱི་རིས་ཁ་ཤས། སྐྱེས་ཚོམས། བསླབ་སྤྱོད། ས་རྒྱན་ཏེ་བཀའ་གདམས་གཞུང་དྲུག །བྱམས་ཆོས་སྡེ་ལྔ། དབུ་མ་རིགས་ཚོགས་དྲུག་སོགས་རྒྱ་བོད་ཀྱི་གཞུང་མང་པོ། གསང་སྔགས་ལམ་རིམ་གྱིས་ཐོག་དྲངས་རྒྱལ་བ་ཙོང་ཁ་པ་ཆེན་པོས་མཛད་པའི་གསང་འདུས། གཤེད་སྐོར། བདེ་དགྱེས་དུས་འཁོར་སོགས་ཀྱི་མངོན་དཀྱིལ། བསྐྱེད་རྫོགས། གཞུང་འགྲེལ། ཟིན་བྲིས་ཕལ་མོ་ཆེ་(༣༩ན)


GLG009_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ལམ་རིམ་ཆེ་ཆུང་། རྩ་འཇུག་གི་རྣམ་བཤད། ཚུལ་ཁྲིམས་ལེའུའི་རྣམ་བཤད་སོགས་མདོ་ཕྱོགས་དང་འབྲེལ་བའི་གསུང་རབ་དུ་མ། གསུང་འབུམ་ཐོར་བུ། འདུལ་འཛིན་པའི་གླེང་འབུམ། བསླབ་བྱ་ཆེ་ཆུང་ཀུན་རིག་ཊཱིཀ་ཆེན་གྱིས་གཙོས་རྒྱལ་ཚབ་མཁས་གྲུབ་སོགས་རྗེས་འབྲངས་ཀྱི་ཡིག་ཆ་དུ་མ། ཡང་དགོན་པའི་རི་ཆོས། རྒྱལ་སྲས་བཀའ་འབུམ། སྤྱན་སྔ་ལྷ་གཟུགས་རས་པའི་ཆོས་དྲུག་སོགས་གྲུབ་མཐའ་མི་གཅིག་པ་སྣ་ཚོགས་ཀྱི་ལུང་མང་དུ་གསན། གསང་འདུས་རིམ་ལྔ། འཕོ་འཁྲིད་གསེར་གྱི་སྒོ་འབྱེད། རྒྱལ་སྲས་ཐོགས་མེད་པའི་ཡིག་ཆའི་སྟེང་ནས་བློ་སྦྱོང་དོན་བདུན་མ། ཐམས་ཅད་མཁྱེན་པ་བསོད་རྣམས་རྒྱ་མཚོའི་བདུད་རྩི་གསེར་ཞུན་གྱི་སྟེང་ནས་བྱང་ཆུབ་ལམ་རིམ། རྗེ་རྡོ་རྗེ་འཆང་གིས་མཛད་པའི་ལྟ་བ་སྤྱི་ཁྱབ་རྣམས་ཉམས་འཁྲིད་དུ་གསན། དམར་འཁྲིད་ཀྱི་རྟགས་རྣམས་གོ་རིམ་མ་ལོག་པར་གསལ་བར་བྱུང་བ་སྙན་དུ་ཕུལ་བས་སྐྱེ་བ་གོང་མ་ཞིག་གོམས་པའི་ལས་འཕྲོ་སད་པ་ཡིན་ཞེས་དགྱེས། དཔང་ལོས་མཛད་པའི་མེ་ལོང་མའི་འགྲེལ་པའི་སྟེང་ནས་སྙན་ངག་གི་གསུང་བཤད་རྫོགས་པར་གནང་། ལེའུ་ཕྱི་མ་གཉིས་ལ་རྩོམ་རྒྱུགས་ཕུལ་ཞིང་ཐུགས་རྩོམ་དམ་ལྷོད་ཅི་འདྲ་ཞིག་མཛད་ཀྱང་སྒྲ་དོན་རྒྱན་དང་འགྲེལ་བའི་ཉམས་འགྱུར་ཅན་ཤ་སྟག་འོང་། སྒྲ་པ་ཀུན་དགའ་ཆོས་འབྱོར་གྱི་ཡི་གེའི་སྟེང་ནས་མཚམས་སྦྱོར་ལྔ་པའི་རི་མོ། སྡེབ་སྦྱོར་པྲྀཏྟའི་སྐོར་སོགས་ཐ་སྙད་ཀྱི་གཙུག་ལག་ཀྱང་མང་དུ་སྦྱོང་དར་མཛད། རིགས་འཛིན་རཏྣ་གླིང་པས་བྲག་དམར་རི་མོ་ཅན་ནས་གདན་དྲངས་པའི་རྫོགས་པ་ཆེན་པོ་ཀློང་གསལ་སྙིང་ཏིག་གི་དབང་། དབང་ཕྲན་(༣༩བ)


GLG009_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་འཁྲིད་རྣམས་རྫོགས་པར་གསན་ཞིང་ཀ་དག་ལྷུན་གྲུབ་ཀྱི་འཁྲིད་བསྐྱངས་པ་སྔར་རྗེ་ངག་དབང་ཡེ་ཤེས་གྲུབ་པ་ལ་མཁའ་འགྲོ་སྙིང་ཏིག་གསན་པ་གཅིག་གྲོགས་གཅིག་ཏུ་སོང་བའི་སྐུ་ཚེ་འདི་ག་ལ་ཆོས་ཉིད་རང་སར་འཁྱོལ་བ་འདྲ་དགོངས་པ་ཙམ་གྱི་ཉམས་རྟོགས་ཆེས་ཆེར་འཁྲུངས། ར་སའི་གཙང་ཁང་བྱང་ནས་སྤྲུལ་སྐུ་དྲི་མེད་ལྷུན་པོས་གདན་དྲངས་པའི་རྫོགས་པ་ཆེན་པོ་དོན་ཏིག་འགྲོ་བ་ཀུན་སྒྲོལ་གྱི་དབང་ལུང་སོགས་སྔགས་རྙིང་མའི་སྐོར་ཡང་མང་དུ་གསན། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་ཁམས་གསུམ་རྣམ་རྒྱལ་གྱི་སྟེང་ནས་རྡོ་རྗེ་འཇིགས་བྱེད་ཀྱི་འཕྲིན་ལས་རྣམ་བཞིའི་འཁྲུལ་འཁོར། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་བེའུ་བུམ་ཡོངས་རྫོགས། གཏོར་ཆེན་གཏོར་སྒྲུབ་འཁོར་ལོའི་ལས་རིམ་སོགས་ཤོག་དྲིལ་བཅུ་གསུམ་གྱི་ཕྱག་བཞེས་དམར་འཁྲིད་གནོད་སྦྱིན་བེག་ཙེའི་རྗེས་གནང་ལས་ཚོགས་མན་ངག་དང་བཅས་པ་གསན། རྗེ་འདི་ཉིད་གྲུབ་མཐའི་གདོད་སྔགས་རྙིང་མ་བ་ཡིན་ཡང་གསར་མ་སྤྱི་དང་བྱེ་བྲག་བཀའ་གདམས་དང་དགེ་ལུགས་ཀྱི་ཆོས་ལ་ཤིན་ཏུ་མཁས། བྱི་ལོའི་དགུན་བྱང་ཕྱོགས་ཧོར་གྱི་རྒྱལ་ཁམས་ནས་ཞབས་དྲུང་བྱམས་པ་དགེ་འདུན་དཔལ་བཟང་རྒྱ་མཚོ་བླ་མ་སེར་མོ་བ་བརྒྱ་ཕྲག་མང་པོའི་འཁོར་དང་བཅས་པའི་སྒར་པ་གཏོས་ཆེ་བ་དབུས་ཕྱོགས་སུ་བྱོན་པའི་བླ་མ་སེར་པོ་པའི་ཁྲོད་ནས་རྗེ་རྡོ་རྗེ་འཆང་གི་དྲུང་དུ་དབང་རྗེས་གནང་ལུང་མན་ངག་ཙམ་ལན་མང་བ་མཐའ་དག་དང་ཆབས་ཅིག་པར་གསན། ཉེ་གནས་དཀའ་བཅུ་འཕྲིན་ལས་ཕུན་ཚོགས་ཀྱིས་འགྲུལ་པའི་ཐང་དོམ་བླངས་ནས་སྐུ་སྐྱེས་སྲུབས་དབར་ཚོར་ཕྱག་བྲིས་མཛོད། (༤༠ན)


GLG009_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་མཛོད་དང་གཉེར་ཚང་གི་གསོས་ལ་ཕན་པ་འདུག་ཚུལ་བྱུང་བ་གླུ་མའི་ཞབས་ཏོག་ཏུ་དགོངས་ཏེ་འབད་ནས་མཛད་པས་ཕྱག་བྲིས་ཀྱང་ཞག་སྐྱེད་ཉིན་སྐྱེད་ཀྱིས་ཐོན། ཤིང་གླང་ལོ་སོག་པོ་ཚོ་ཆེན་བཞི་བཅུའི་གུར་དཀར་པོའི་བདག་པོ་ཇི་ནོར་རྒྱལ་པོའི་གཅུང་ཐུབ་པ་ཐལ་སུན་ཧུང་ཐའི་ཇི་མདུན་ན་འདོན་མི་བཟང་སོགས་དཔུང་ཆེན་པོའི་རྟ་རྨིག་གི་རྡུལ་གྱིས་ནམ་མཁའི་ཁམས་གང་བར་བྱེད་པ་ལྟ་བུས་གཙོས་ཏའི་ཆིང་ཆོས་རྗེ། གྲ་གཙང་རྗེ། སེ་ཆེན་ཆོས་རྗེ། པཎྜི་ཏ་ཀླུའི་རྒྱལ་མཚན་སོགས་སེར་མོ་བ་བརྒྱ་ཕྲག་ལྷག་པའི་བྱང་འགྲུལ་གཏོས་ཤིན་ཏུ་ཆེ་བ་འབྱོར། ཞྭ་ཆང་ཆོས་རྗེ་དང་པཎྜི་ཏ་གཉིས་ཀྱིས་ཐོག་དྲངས་སེར་མོ་བ་ཕལ་ཆེར་གྱིས་སྦྱིན་བདག་བྱས་ཏེ་རྡོ་རྗེ་འཆང་གདན་དྲངས་ནས་ལྷ་སར་ཟླ་བ་ཕྱེད་གཉིས་ཙམ་བཞུགས་རིང་། བྲག་དགོན་སྤྱན་སྔ་ནས་བརྒྱུད་པའི་ཕྲེང་བ་ཞེ་ལྔ་མའི་དབང་ཤིན་ཏུ་དངོས་གཙང་བ། ཟུར་བཀའ་གསང་འདུས་མི་བསྐྱོད་པ་བདེ་མཆོག་ལོ་དྲིལ། འཇིགས་བྱེད། གཤེད་དམར། ཕྱག་རྡོར་འཁོར་ཆེན། ཀུན་རིག་མི་འཁྲུགས་པ། ཚེ་དཔག་མེད་སོགས་གསར་མའི་དབང་དུ་མ། བཀའ་བརྒྱད། ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ། རྟ་མགྲིན་ཡང་གསང་གིས་མཚོན་པའི་རྙིང་མའི་དབང་འགའ་ཞིག་སྤྱི་བཀའི་རྗེས་གནང་སྒྲུབ་ཐབས་རྒྱ་མཚོ། རྣམ་རྒྱལ་འཇོམས་ཀྱིས་མཚོན་པའི་ཟུར་བཀའ་རྗེས་གནང་སོགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བའི་དུས་ཕྱག་ལས་དང་བསྲེ་མ་དགོས་ན་དབང་དོན་འཕྲོད་པར་དགོངས་ནས་དེ་བར་གྱི་མཆོད་དཔོན་དགོངས་པ་ཞུས་ནས་དབང་གྲལ་དུ་བཞུགས། མཆོད་དཔོན་གྱི་ཕྱག་གཡོག་དབོན་པོ་ལྷོ་བྲག་པས་ཞུས། དབང་རྗེས་(༤༡བ)


GLG009_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གནང་གི་ཕྱག་ལེན་མི་མཐུན་པའི་ཁྱད་ཆོས་མཐའ་དག་ཟིན་བྲིས་སུ་བཏབ་ནས་སྤྱན་ལམ་དུ་ཕབ།སླར་ཕ་བོང་ཁར་ཕེབས་ནས་ཀྱང་བྱང་འགྲུལ་དང་དབུས་གཙང་གི་ཆོས་ཞུ་བ་དུ་མར་ཚེ་དཔག་མེད་གྲུབ་རྒྱལ་ལུགས། རྟ་མགྲིན་སྐྱེར་སྒང་། ལྕགས་རལ་ཅན། སྒྲོལ་མ་ཉེར་གཅིག །སྣར་ཐང་བརྒྱ་རྩ། མགོན་པོ་བཅུ་གསུམ། རིགས་གསུམ་མགོན་པོ་ལུགས་མི་གཅིག་པ་དུ་མ། སྒྲོལ་དཀར། དབྱངས་ཅན་མ་དཀར་དམར། དམག་ཟོར་མ། གུར་ཞལ་རྣམ་སྲས། ཞང་བློན། དཔལ་ལྷ་སོགས་ཡི་དམ་ཆོས་སྐྱོང་གི་བྱིན་རླབས་རྗེས་གནང་མཐའ་ཀླས་པ་གནང་བ་དང་སྡེབས་སུ་གསན། མེ་སྟག་རྒྱ་བཏབ་ར་མོ་ཆེའི་སྨོན་ལམ་གྱི་ཚོགས་དབུར་ས་སྐྱོང་བསོད་ནམས་རབ་བརྟན་གྱིས་རྡོ་རྗེ་འཆང་གདན་དྲངས་པའི་སྐབས་གཞིས་ཀ་ཤར་དུ་འགྲུལ་པའི་ཐང་མངས་འདྲི་བའི་ཕྱག་ལས་ལ་ཕེབས་པ་བཤོལ་ནས་མཆོད་དཔོན་མཛད་པར་ཕེབས་ནའང་ཚོགས་དབུ་འཕྲིན་ལས་ཆེན་པོ་འུར་ལངས་ཀྱི་སྐྱོན་གྱིས་ཀླུངས་སུ་མ་བརྒྱུགས་པས་རྗེ་བླ་མ་སེ་རར་ཕེབས་པའི་ཞབས་སྐྱེལ་མཛད། གཞིས་ཀ་ཤར་ནས་རྗེ་ཉིད་ཀྱི་གཅེན་ལགས་ཀུན་དགས་དོ་དམ་བྱས་ཏེ་ཚེས་བཅུ་ཤར་མ་བ་རྣམས་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་པདྨ་གླིང་པའི་རྫོགས་ཆེན་དབང་གི་ཕྲེང་བའི་དབང་བཞི་ཡོངས་རྫོགས་དང་མཐའ་བརྟེན་དུ་རས་ཆུང་རྣམ་སྤྲུལ་བཀྲ་ཤིས་རྒྱ་མཚོ་ལ་དག་སྣང་དུ་བྱུང་བའི་ཚེ་དབང་ཧྲཱིཿགཅིག་མའི་དབང་གནང་བ་ཆོས་སྒོ་ཕྱེ་བའི་ཐོག་མ་ཡིན་ཞིང་། དེ་ནས་ལོ་གནངས་ཆགས་ལྟ་བུར་ལྷ་སའི་ཚེས་བཅུ་བ་ཚོར་སྤྱི་དབང་རྒྱས་པ་རེ་མཛད། རྡོ་རྗེ་འཆང་སྐུ་ན་སྨིན་པའི་ཕེབས་འགྲུལ་མ་རྟག་གཤིས་ར་མ་རྩེ་མཉེས་ཐང་མཁར་རྔ་སོགས་སྦྱིན་བདག་མང་པོའི་སར་རྐྱེན་སེལ་གྱི་(༤༡ན)


GLG009_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བྱབ་ཁྲུས་གནང་བའི་སྐུ་ཚབ་ཏུ་རྫོང་བདའ་མཛད། མཁར་རྔར་ཐོག་མར་ཕེབས་པའི་ནུབ། ནུབ་བྱང་གི་ཟུར་དུ་ཐུགས་དམ་ལ་བཞུགས་པས་མནལ་ཐུམ་ཞིག་སད་པའི་སྲོད་འཁོར་ལ་མུན་ནག་གི་དབུས་ནས་མེ་མཐེ་བོང་ཙམ་ཞིག་འདུག་པ་ཇེ་ཉེར་འགྲོ་བ་བྱུང་བས་བར་གཅོད་ཀྱིས་མཐོ་འཚམ་པ་ཞིག་ཡིན་འདྲ་དགོངས་ནས་མགོ་འཁོར་དང་ཚར་ཚད་མི་ཡོང་བའི་ཕུང་པོ་ཟན་སྐྱུར་གྱི་སྤྱན་དམིགས་གནང་བ་སླར་འོད་གསལ་གྱི་ངང་ལ་སྐུ་དཔུང་གཡས་པའི་འོག་ཏུ་བཙུན་པ་ཞིག་ཁ་སྦུབ་ཏུ་ཆུད་ནས་མ་ཐོན་པར་ཞུ་འབུལ་བྱེད་པ་ཞིག་ཤར་བ་དེ་གའི་རྒྱལ་ཕྲན་དེ་དམ་ལ་ཐོགས་པའི་ཉམས་ཀྱིས་སང་ནུབ་ནས་འཚུབ་ཀྱི་ཐུགས་དོགས་ཙམ་ཡང་མ་བྱུང་བར་སྣང་། ནང་སོ་དར་རྒྱས་ལ་ལྷ་ཆེན་གྱི་དབང་གནང་བའི་དུས་ཁོང་གི་སྤྱི་གཙུག་ཏུ་ཐོག་མཚམས་ནས་བདུད་རྩིའི་ཐིག་པ་ལྔ་བབས་པ་དབང་རྟགས་ཀྱི་རྟེན་འབྲེལ་ལེགས་པར་མངོན།ལྷ་སྲས་མུ་ཏིག་བཙན་པོའི་ཡང་སྲིད་དཔལ་འབྲི་གུང་པ་ཆོས་ཀྱི་གྲགས་པས་ཆོས་རྗེ་བྱ་ཁྱུང་པ་མཁས་གྲུབ་པདྨ་བསྟན་འཛིན་གདན་དྲངས་ཏེ་དགོངས་འདུས་གཙོ་བོར་གྱུར་པའི་སངས་རྒྱས་གླིང་པའི་གཏེར་ཆོས་རྣམས་གསན་པའི་ཞབས་ཕྱིར་དཔལ་རི་ནས་རྒྱལ་སྲས་དཀོན་མཆོག་ཆོས་དབང་གྲགས་པ་བྱོན། དེ་ཞོར་ཟིང་པ་སྟག་མགོར་རྗེ་ངག་དབང་ཡེ་ཤེས་གྲུབ་པར་ཐོས་གྲོལ་སོགས་མང་དུ་གསན་པའི་སྐབས་རྗེ་འདི་ཉིད་ཀྱིས་གསོལ་འདེབས་གནང་བར་བརྟེན་ཆོས་རྗེ་རྒྱལ་སྲས་པས་གྲོལ་ཏིག་གི་སྒྲུབ་ཆེན་བཙུགས་པའི་ཐུགས་རྗེ་ཆེན་པོ། རྟ་མགྲིན་སོགས་དབང་ཕྲན་རྣམས་དང་། ཉམས་འཁྲིད་ལུང་ཡོངས་རྫོགས། གཤིན་རྗེ་ནག་པོ་སུམ་དྲིལ་ཏེ་རྗེ་པྲཛྙཱ་ར་སྨིའི་གཏེར་ཆོས་ཡོངས་(༤༡བ)


GLG009_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས། སངས་རྒྱས་གླིང་པའི་འཇམ་དཔལ་ཞི་དྲག་ཕྱེད་མ། རྣམ་སྲས་སྐོར་སོགས་གསན། ཆོས་རྗེ་རྒྱལ་སྲས་ཕ་བོང་ཁར་ཐུགས་དད་དང་ངེད་ལ་དཔོན་ཞེན་གྱི་ཕྲད་པར་འབྱོན་བཞེད་པའི་རྗེ་ཉིད་ལ་དགེ་རྒན་གནང་དགོས་ཚུལ་གསུངས་ནའང་སླར་གྲ་པ་འདྲས་བསྒྱུར་བ་ཡིན་ནམ་ཐུགས་དོགས་ཅི་འདྲ་ཞིག་ཤར་རུང་ད་ལམ་ལོང་མི་འདུག་ཅེས་ལྷ་ས་ནས་འཕྱོང་རྒྱས་སུ་ཤར་མར་བྱོན་སྐད། དགེ་འབྲི་གཉིས་འགྲས་ཆེས་པའི་རྗེ་ཀུན་དགའ་རིན་ཅེན་ཡན་ལ་འབྲི་གུང་ཕྱོགས་ནས་བདེ་གཟར་ཡང་མང་དུ་བསླང་། དགོན་པ་བཅུ་གསུམ་ཙམ་གྱི་ཞྭ་ཐབས་བསྒྱུར། ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ནས་བཟུང་མངོན་སྤྱོད་ཀྱི་ལས་སྦྱོར་མཛད་ཅིང་ཞྭ་ལྷ་ཁང་དུ་ཁྱབ་འཇུག་གི་སྒྲུབ་པ་སོགས་ལ་བརྟེན་ཁྲི་རིན་པོ་ཆེ་བདེ་བ་ཅན་པ་མན་ཆད་སྟེང་གྲིབ་ཀྱིས་སྐྱོན་པ་མང་བས་འདི་ལོ་འཇམ་དཔལ་དབྱངས་དཀོན་མཆོག་ཆོས་འཕེལ་ཁྲི་ཐོག་ཏུ་ཕེབས་པའི་སྐུའི་དོགས་སེལ་གྱི་སྲུང་འཁོར་བཞེང་བར་དགའ་ལྡན་དུ་གདན་འདྲེན་གནང་། ལྟོ་འཁོར་སོགས་སྐུ་སྲུང་ཟབ་ཁྱད་ཅན་ཁ་ཤས་འབྲེལ་བ་དང་རྒྱ་ལམ་གཅོད་པར་མཛད། ལོ་བཞི་ཙམ་སོང་དུས་བྲག་དཀར་སྟོན་ཆེན་གྱིས་བཅུ་གསུམ་འཁོར་རྩིས་བཏབ་པར་ཁྲི་རིན་པོ་ཆེར་སྐུ་གྲིབ་ཀྱི་སྙུན་གཞི་ཡོང་བའི་མོ་ཟུར་ལ་ཤར་ཡང་དེ་ནས་དག་ཞིང་དུ་གཤེགས་པར་ལོ་བཅོ་བརྒྱད་ཙམ་སོང་རུང་མཉེལ་བབས་དེ་རིས་ཀྱི་ཐུགས་དོགས་ཙམ་ཡང་མ་བྱུང་བས་ཐུགས་ངེས་ཤིན་ཏུ་ཆེ་བར་མཛད། རྒྱུན་གཅོད་ཀྱི་འཁོར་ལོ་མ་ཉམས་པའི་སྟབས་ཀྱིས་ཁྲི་རིན་པོ་ཆེ་ཀོང་པོ་བསྟན་འཛིན་ལེགས་བཤད་ཀྱང་ཟེར་ཁའི་རིས་ཀྱིས་མ་བསྙུན་པའི་བར་དུ་སོང་དགའ་ལྡན་དུ་བཞུགས་རིང་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་གྱི་ཞབས་(༤༢ན)


GLG009_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་པ་མཁར་གྲོང་ཆོས་མཛད་ལ་ཕུག་ལུགས་ཚེས་སྤྱོད་ཉིན་ཞག་གི་གཟའ་ལྔ་རྩ་སྒྲུབ། མཁས་གྲུབ་ནོར་བཟང་པའི་མགྱོགས་རྩིས། དུས་སྦྱོར་དུམ་དྲུག་ཏཏྐཱལ་དང་བཅས་པ། ཉི་ལྡོག་འཁོར་ལོ། ཞག་གསུམ་རྣམ་དབྱེ། སྟོང་འཇུག་དབྱངས་འཆར་སོགས་ལ་སྦྱོང་དར་མཛད། སྐབས་ཤིག་བྲག་ཁར་བྱང་བདག་རིགས་འཛིན་ཆེན་པོས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་དྲག་པོའི་སྦྱིན་སྲེག་གི་སྒོ་ནས་འབྱུང་བའི་འཚུབ་ལྷོངས་ཚར་བཅད་ནས་ཐུབ་བསྟན་རྡོ་རྗེ་བྲག་ཏུ་ཕེབས་པའི་དྲུང་དུ་བྱོན། དཔལ་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་ཆབ་མདོ་རྗེ་དྲུང་རིན་པོ་ཆེ་བསྟན་པ་རྒྱ་མཚོ། ཀློང་ཆེན་རབ་འབྱམས་གསུམ་པ་ཤ་ཟུག་པ་ངག་དབང་བཀྲ་ཤིས་རྣམ་རྒྱལ་གྱིས་ཐོག་དྲངས་ཕྱོགས་འདུས་དང་གཉུག་མར་གནས་པའི་དོན་གཉེར་དུ་མ་དང་ལྷན་ཅིག་པར་རིགས་འཛིན་གདུང་སྒྲུབ་ཀྱི་རབ་འབྱམས་བཀའི་དབང་། ཟླུམ་པོ་བཞི་དབང་། ཆོས་སྐོར་གཡུ་ཐོག་སྙིང་ཏིག་གི་དབང་བཞི་ཚེ་དབང་ཆོས་སྐོར། ཀི་ཀང་རླུང་སྒྲུབ། ལས་འབྲེལ་རྩལ། ཀློང་ཆེན་པ་སོགས་གཏེར་ཁ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡོམས་པའི་གཟའ་པོད་ཡོངས་རྫོགས། གཟའ་དབང་སོགས་ཟབ་ཆོས་མང་དུ་གསན། ཐུགས་བྲེལ་ཆེ་སྐབས་དང་མ་འགྲིག་ཚེ་ཆོས་ཐུན་གཉིས་རེ་ཆག་མེད་དུ་སྩལ། ཆབ་མདོ་རྗེ་དྲུང་རིན་པོ་ཆེར་སྔགས་གསར་རྙིང་གི་ཆོས་སྐྱོང་དུ་མའི་རྗེས་གནང་ལུང་མན་ངག་མང་དུ་གསན། ཆོས་རྗེ་ཤ་གཟུག་པར་དུས་སྦྱོར་དུམ་དྲུག་གི་དོགས་གཅོད་ཀྱང་གནང་། ཞབས་དྲུང་རིན་པོ་ཆེའི་དབུ་ཞྭ་བཞེས་འཕྲོ་བཅས་བྱིན་རླབས་རྟེན་སོགས་བདག་རྐྱེན་རྒྱས་པར་མཛད་ངོས་ཕ་བོང་ཁར་ཕེབས།ཆོས་རྗེ་སྐུ་སྐྱེ་ངག་དབང་བསྟན་པའི་ཉི་མ་དབྱངས་ཅན་དགྱེས་པའི་ལང་ཚོར་གྲགས་པས་བཟང་སྡིངས་དགོན་པར་གདན་དྲངས། (༤༢བ)


GLG009_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྗེ་རྫིང་ཁ་བའི་ཁྲི་སྟེང་ནས་སྒྲུབ་པ་ཕོ་མོ་ལ་སྤྱན་སྔ་ལྷ་གཟིགས་རས་པའི་ཆོས་དྲུག་གི་ལུང་དང་། ཆོས་རྗེ་སྐུ་སྐྱེར་སྦེར་དུ་པདྨ་གླིང་པའི་གུ་རུ་ཞི་དྲག་སོགས་དབང་ལུང་མང་དུ་གནང་། ཚུར་འབྲུག་པ་སྤྲུལ་སྐུ་པདྨ་དཀར་པོས་མཛད་པའི་ཕྱག་ཆེན་ཆོས་དྲུག་བསེ་འཕོ་སོགས་ཀྱི་ཡིག་ཆའི་ལུང་ཡང་གསན་ཞིང་དཔོན་སློབ་གཉིས་ཀ་ཐ་སྙད་རིག་པ་ལ་བྱང་བས་མཁས་པ་མཁས་པའི་མདུན་སར་མཛེས་པའི་དཔེ་ལྟར་ཐུགས་ཁ་འགྲེ་བར་བྱུང་། རྟིང་སོར་ཆོས་རྗེ་སྐུ་སྐྱེས་བཟང་སྡིངས་སུ་ཆོས་ཁྲིམས་བསྡམས་པས་ཆོས་བཟང་རྒྱལ་པོ་སོགས་རྟོགས་ལྡན་རྒན་པོ་ཐམས་ཅད་མགྲིན་གཅིག་དབྱངས་གཅིག་གིས་བླ་མ་བཀྲོང་བར་ཐག་བཅད་པ་སོགས་ཁ་མཆུ་ཆེར་ལངས་བདེ་ཆེན་རྫོང་དཔོན་རྟ་ནག་འོ་རློན་པར་བླ་མས། དཔལ་གངས་ཅན་འཛིན་མའི་དབང་པོ་དང་། ཁྱོད་ཕུར་བུའི་བློ་ལྡན་མདུན་ན་འདོན། །བདག་ཅི་བརྟོལ་གྱི་ཡུས་ཁ་མ་ལགས་ཀྱང་། །རང་ཆོས་བཞིན་དུ་བགྱིད་པའི་མགོ་འདོན་ཞུ། །ཞེས་དང་། གཤིན་རྗེ་རྣམས་ལོག་སྒྲུབ་རིགས་མཐུན་ཁྱུ། །ད་ཆགས་སྡང་གི་ཚེར་དོང་དུ་ཅུང་མ་ཚུགས། །ཞེས་སོགས་ཀྱི་འཕྲིན་ཡིག་དང་ཞུ་ཁྲ་སྦྲགས་མ་བསྐུར་ཞིང་། བདེ་ཆེན་ཆོས་འཁོར་དུ། ཐོས་བསམ་སྒོམ་པའི་སྤྱོད་ཚུལ་མི་དམན་ཀྱང་། །ཟས་གོས་གཉེན་གྱིས་ཕོངས་པའི་དཱ་རི་ད། །འདུག་ཚུལ་གཤིན་རྗེའི་འཇིག་རྟེན་ལ་འཁུ་བ། འདི་འདྲ་ཐུགས་ཀྱིས་བཟོད་ན་སེམས་དཔའ་མིན། །ཞེས་སོགས་ཀྱི་འཕྲིན་གསོལ་ནའང་ཡས་མས་ཚང་མ་ནས་ཤོགས་མ་ཐོན་པར་བྱ་ཡུལ་ཏུ་འབྲུག་པ་སྤྲུལ་སྐུ་རིན་པོ་ཆེའི་སྐུ་ཞབས་སུ་བྲོས་པའི་ཚེ་གཞིས་ཀ་གོང་དཀར་གྱི་ཐད་དུ་རྟོགས་ལྡན་གྱི་རྗེས་བསྙེགས་སླེབས་ཀྱང་རྗེ་འདི་ཉིད་ཀྱིས་ཇག་ཆིངས་ར་རུ་མ་བསྐུར་བ་གནང་བའི་མཐུས་མ་མཐོང་བས་སྐྱོན་དུ་མ་གྱུར་པ་གཅིག་པུའི་བཀའ་དྲིན་ཡང་བསམ་ལས་འདས། (༤༣ན)


GLG009_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྦྲུལ་ལོ་བཀྲ་ཤིས་ལྷུན་པོ་ནས་དཔོན་སློབ་པཎ་ཆེན་རིན་པོ་ཆེའི་ཞབས་དྲུང་གདན་ས་ཆེན་པོ་རི་བོ་དགའ་ལྡན་གྱི་གསེར་ཐོག་བཞེང་བར་ཕེབས་པའི་འདི་ལོ་དགུང་སྐག་སྔ་བསུ་དང་མོ་རྩིས་དང་སྤྱན་ལྟས་ལའང་འཚུབ་ལྷོངས་ཀྱི་ཐུགས་རྟོག་ཆེ་བའི་བླ་མ་གོང་མ་ཞིག་གིས་པུས་འཁྱུད་དྲ་མིག་མ་སོགས་བྱིན་རྟེན་མང་པོ་སྐུ་ལ་བཅངས་འདུག་ཅིང་། རྒྱུ་མཚན་མ་གོ་བའི་སེར་འབྲས་ཀྱི་གྲ་པ་འདྲས་དཔོན་སློབ་རིན་པོ་ཆེར་སྒོམ་ཞྭ་བཞེས་པའི་ཁར་ད་ནི་སྒོམ་ཐག་དང་བཅས་དགེ་ལུགས་པའི་བླ་མ་མི་འདྲ་པ་འདུག་ཅེས་གླེང་བའང་བྱུང་། ལྷ་སར་ཕེབས་ནས་རྗེ་ཉིད་གདན་འདྲེན་གནང་སྟེ་གསང་བདག་ལྟོ་འཁོར་སོགས་ཁྱབ་འཇུག་གི་སྐུ་བསྲུང་དགོས་ཕེབས་པ་དྲི་བ་མཛད་ནས་སྤྱན་ལམ་དུ་ཕབ། རབ་གནས་འདི་ག་ནས་གནང་། བདག་གིས་ཆིངས་སོགས་བྱེད་ཞུས་པས་བཀའ་ལས། ཁྱེད་ཀྱི་སྲུང་བ་བཏགས་པ་དེ་སྐྱབས་འོག་ཏུ་བཅུག་པ་ཡིན་པས་རབ་གནས་ཀྱང་ཉིད་ཀྱིས་མཛོད་ཅིག་གསུང་བ་བཞིན་ཕྱག་གཡོག་གང་དགོས་དང་། ལྷ་སའི་གཉེར་པ་རབ་འབྱམས་པ་ཆོས་དཔལ་སྟེང་གྲིབ་ཀྱི་དོགས་གཞིས་ན་བར་སྲུང་བཅོས་མཛད་པས་གཞི་མེད་དུ་སོང་། དཔོན་སློབ་ཞབས་དྲུང་གི་ཕེབས་སྒོར་ཁྲི་རིན་པོ་ཆེ་ན་རིམ་ལ་འབྲི་གུང་ཕྱོགས་ནས་གཟའ་མཐུའི་དོགས་གཞིའི་བསྙུན་མཁན་མང་བར་འདུག་པར་དེ་ལ་ཕན་པའི་རིས་གསེར་ཐིག་གི་གཉྫི་རར་འཇུག་རྒྱུ་དགོས་གནང་བ་བཀའ་བཞིན་བསྒྲུབས་ཏེ་དགའ་ལྡན་དུ་བཞུགས་སྐབས་འབུལ་པར་ཕེབས། དཔོན་སློབ་པཎ་ཆེན་རིན་པོ་ཆེ་དགའ་ལྡན་ནས་ལྷ་སར་ཕེབས་སྐབས་ཡང་དགོན་སྤྱན་སྔ་སྐལ་ལྡན་རྒྱ་མཚོ་སོགས་ཆོས་ཞུ་བ་ཁ་ཤས་དང་ལྷན་དུ་བདེ་མཆོག་ལོ་ཨི་པའི་དབང་དང་། ཕྱག་བཞི་བའི་བུམ་དབང་བཅུ་བཞི་པ་སོགས་གསན། སྟོན་མཇུག་རྡོ་རྗེ་འཆང་གིས་ཤེས་(༤༣བ)


GLG009_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ནས་ངེད་ཕ་བོང་ཁར་ཡོང་སྐབས་རྗེ་ཉིད་ཞབས་ཕྱིར་བཞུགས་པའི་སྒེར་གྱིས་ངོས་འཕྲད་ལ་བྱོན། དེ་སྔ་ཕན་སྤྱན་འདྲིས་ཙམ་ལས་མེད་ཀྱང་འདི་སྐབས་ནས་ཐུགས་འདྲིས་པའི་འགོ་ཚུགས། འོན་ཀྱང་ངེད་རང་ན་ཕྲ་གཤིས་ངོས་ཀྱི་གསུང་གླེང་སོགས་ནི་མ་བྱུང་། ས་སྐྱོང་བསོད་ནམས་རབ་བརྟན་དང་ཚ་བ་དཀའ་བཅུ་བ་སོགས་ཀྱིས་ཟིང་པ་སྐུ་སྐྱེ་འདི་སྤྱོད་ལམ་ཞི་དུལ་ཆེ་ཞིང་ཡོན་ཏན་ཅན་ཞིག་འདུག་ཅེས་གསུང་འཕྲོས་མཛད་ཀྱི་འདུག་ནའང་ངེད་རང་མཚན་ཉིད་པའི་ཉམས་ཀྱིས་དག་སྣང་ཆུང་བས་འགངས་ཆེ་སྙམ་པའི་ཉམས་སྣང་མ་བྱུང་། སྐྱིད་ཤོད་སྟོད་སྨད་ཀྱི་སྔགས་སྲིད་ཀྱི་མགོན་ལ་སྤོ་བོ་དཔལ་ལྡན་རིན་ཆེན་གྱི་ཁང་པར་ཕེབས། སྒྲུབ་ཞག་དང་འབྲེལ་བའི་གཏོར་བཟློག་གྲོལ་རྗེས་འབྲོམ་སྟོད་མན་ནས་གླང་ར་ཡན། ཐང་པ་རྒྱལ་སྔོན་སོགས་ཀྱི་ཁྲོམ་སྟོང་ཕྲག་བརྒལ་བར་ཚེ་དབང་གནང་། ལྕགས་ལུག་ལོ་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་གྱིས་ཟིང་པ་སྐུ་སྐྱེའི་སྲུང་བ་འདི་རྣམས་ཟབ་པ་ཞིག་འདུག་པས་དཔོན་སློབ་ཚོ་ད་ལོ་ཨེ་རི་སྒོ་ཕྱོགས་ལ་ཕེབས་པ་དང་བཅས་སྲུང་འཁོར་བཞེངས་ན་ཡོང་ཞེས་ས་སྐྱོང་བསོད་ནམས་རབ་བརྟན་ལ་ཕེབས་སྒོ་གནང་བ་ལྟར་རྗེ་ཉིད་འབྲས་སྤུངས་སུ་གདན་དྲངས། ཉི་འོད་རྩེར་ཞག་ཤས་བཞུགས་ནས་སྲུང་འཁོར་རྣམས་བཞེངས། འཁོར་ལོ་ལུས་ལ་བཅང་བའི་བླང་དོར་གྱི་རིམ་པ་གནང་བར་གསུང་འཕྲོས་བརྗོད་པ་དག་པོ་ཞིག་འདུག་སྙམ་པ་ལས་རྟོག་གེ་པའི་བློ་ངན་གྱིས་བསྒྲིབས་ནས་དག་སྣང་གང་ཡང་མ་བྱུང་། འདི་ལ་ཡུམ་ཡིད་འཛིན་མ་ཆབ་བསགས་ཀྱིས་སྐུ་ལྟེམ་པར་ཕ་བོང་ཁ་ནས་འབྲོམ་སྟོད་དུ་ཕེབས་སྙུན་གཡོག་སོགས་སྲི་ཞུ་འབད་པ་ཆེན་པོས་གནང་ཡང་ཟླ་བ་བརྒྱད་པའི་ནང་དུ་སྐུ་གཤེགས་པ་རྗེ་ཉིད་ཀྱིས་རྡོ་རྗེ་སློབ་དཔོན་མཛད་ནས་ཟིང་པའི་གྲ་པ་རགས་བསྡུས་ཀྱིས་ཞི་ཁྲོ་གཞན་ཕན་(༤༤ན)


GLG009_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱི་འཁོར་ལོའི་གདུང་ཆོག་བཙུགས་པའི་སྟོང་རྩ་དང་། རྗེ་ངག་དབང་ཡེ་ཤེས་གྲུབ་པ་དཔོན་སློབ་སུམ་ཅུ་སྐོར་གྱིས་ཞག་གསུམ་གྱི་བར་གསུང་ཆོག་དང་རྗེས་སུ་སྲེག་སྦྱང་མཛད་དགོན་སྡེ་མང་པོར་མང་ཇ། བླ་མ་དུ་མར་བསྔོ་རྟེན། དཔལ་ལྡན་སྟོད་རྒྱུད་གྲ་ཚང་དུ་ཚ་ར། བྲིས་འབུར་གྱི་རྟེན་བཞེངས་སོགས་དགོངས་པ་རྫོགས་ཐབས་རྒྱས་པར་མཛད། ཐུགས་བྲེལ་རྣམས་ཆོད་ནས་ལོ་ཙཱ་བ་ཆེན་པོ་གཉན་དར་མ་གྲགས་ཀྱི་བསྟི་གནས་གཉན་མགོན་ཕུག་ཏུ་ཟླ་བ་གསུམ་གྱི་བར་སྐུ་མཚམས་དམ་པར་བཅད། དེ་མུས་ནས་ཁ་རུ་སྲང་ནང་པ། གཤེ་མ་མཁར་པ། རིང་མཁར་པ། རྒྱལ་སྔོན་པ་སོགས་ལ་སོ་སོའི་འདོད་ཆོས་དང་རྩིས་དཀར་ནག་གི་ཕྱག་འཁྲིད་བསླབ་སྟོན་སྩལ་ལོ། །འཁོན་སྟོན་འཇམ་དཔལ་ཞལ་ལུང་ཉི་ཟེར་གྱིས། །མཁྱེན་པའི་འདབ་རྒྱ་གྲལ་ལས་ཤེས་བྱ་ཀུན། །གཟིགས་པའི་ལེགས་བཤད་སྦྲང་རྩིའི་བཅུད་མངར་པོས། །མཐོ་རིས་སརྦྦ་ཛྙ་ཡི་ཁེངས་པ་བཏང་། །རྩེས་དང་བློ་གསལ་འདུ་པའི་ཆོས་ཀྱི་གྲྭར། །འཆད་མཁས་གཏམ་གྱི་སྦྱོར་བའི་རྒྱུད་མང་གླུར། །སྔ་འགྱུར་ཆོས་སྒྲ་འདྲེན་པའི་རྣམ་དཔྱོད་ཀྱི། །གདུབ་གསིལ་དབྱངས་ཅན་ཕྱག་སོར་རྗེས་སུ་སྙེགས། །ཚུལ་ལྡན་བག་ཡོད་ལྕགས་ཀྱུ་རྣོན་པོ་ཡིས། །སྒོ་གསུམ་ཉེར་དུལ་མཁས་བཙུན་བཟང་པོའི་གླིང་། །རིས་མེད་ཐུབ་བསྟན་ཤལླི་ཀ་ཡི་ཁྲོད། །ཐོས་བསམ་སྒོམ་པའི་འགྲོས་ཀྱིས་ལྷོད་པོར་རྒྱུ། །ཤར་ཕྱོགས་གུར་པ་པའི་ཕ་འདས་པའི་དགེ་རྩར་ཡེར་པ་སྤོས་དགའ་བ་རྣམས་ཚོགས་ཀྱང་ཁོང་ཚོའི་བླ་མ་སྟོད་རྒྱུད་དབུ་མཛད་འོན་པོ་རབ་འབྱམས་པ་གྲོངས་ནས་བར་གསེང་དང་འགྲིག་པས་རྗེ་ཉིད་བླ་ཚབ་ཏུ་གདན་དྲངས་པ་བཞིན་ཕེབས་པས་སྐུ་གསུང་ཐུགས་ཀྱི་མཛད་པས་ཡིད་ཕྲོགས་ཏེ་བླ་མ་གནང་དགོས་པའི་སྙན་གསན་ཕུལ་བར། ཕ་བོང་ཁར་རྡོ་རྗེ་འཆང་(༤༤བ)


GLG009_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཅི་འགབ་ཀྱི་བསླབ་སྟོན་ཞུ་བ་གནང་བར་ཁྱེད་ལ་དེང་སང་བཞུགས་པའི་པར་བཀབ་ཅིག་མི་འདུག་པས་རེ་ཞིག་ཁོང་ཚོའི་འདོད་པ་དང་བསྟུན་ནས་བླ་མ་མཛད་ན་འཕྲིན་ལས་ཀྱང་ཆེ་ཞིང་ལེགས་པ་འོང་ཚུལ་བསླབ་བྱ་རྒྱས་པར་གནང་། སྔར་སྤོས་དགའ་གསང་སྔགས་མཁར་པའི་དགོན་ལག་ལྟ་བུས་སྔགས་མཁར་ནས་བསྐོ་སྲོལ་ཡོད་པ་ལྟར་དཔོན་སློབ་ཁྲི་རིན་པོ་ཆེ་ནས་ཐུགས་ཁུར་བཞེས་པ་ཞིག་བྱུང་ན་དགོངས་པ་ཤར་ཡང་ཡེར་པ་ཕུ་མདའ་རྣམས་འཕན་ཡུལ་ཟ་དམ་པའི་འོག་ཏུ་སོང་བའི་ཀར་ལུགས་ཤུགས་ཆེ་སྒང་དང་འགྲིག་པས་ཟ་དམ་ནས་སྤོས་དགའི་ཁུར་བཞེས་མཛད་དགོས་པའི་རྒྱུ་མཚན་ཕུལ་བ་ལྟར་ཞལ་གྱིས་བཞེས། ཕ་བོང་ཁ་རི་ཁྲོད་པའི་ཉམས་ཀྱིས་གཟན་པ་མེ་ཤིང་དཀོན་གཤིས་གཞིས་ཀ་ཤར་དུ་བྱོན། དེར་སྤོས་དགའ་བའི་ཕེབས་བསུ་དང་ཉེ་སྐོར་གྱིས་ཕེབས་སྐྱེལ་བ་འཛོམ་པའི་གྲ་འགྲིག་དང་བཅས་གཟའ་སྐར་དུས་སྦྱོར་ལེགས་པའི་ཐོག་སྤོས་དགའི་གདན་སར་ཕེབས། ཕ་བོང་ཁ་ནས་རྡོ་རྗེ་འཆང་། ཨོ་ཀེ་ནས་ཞབས་དྲུང་རྗེ་བཙུན་དྲུང་། ཟ་དམ་སྤྱི་གཉེར་གསུམ་ནས་བསྐོ་འཇའི་ཚན་གྲངས། གྲ་རིགས་སྦྱིན་བདག་སྐུ་ཉེ་སོགས་ཀྱིས་འབུལ་བ་རྒྱས་པར་བསྟར་ཞིང་ཕུན་སུམ་ཚོགས་པའི་དགའ་སྟོན་སྤེལ། སྔོན་མ་ལ་ཡེར་པ་བའི་གཏོར་གཤོག་མཛད་དུས་འབག་བཙོག་གཤོར་བས་བྱེའུར་འཁྲུངས་པའི་ཚེ་བླ་མས་ཆོས་གསུང་བ་གསན་པ་སོགས་སྔོན་གནས་ཐུགས་ཀྱིས་གསལ་བར་དྲན། དགོན་པའི་སྲུང་མ་གཙོ་བོ་དཔལ་ལྡན་ལྷ་མོ་དུང་སྐྱོང་མ་ཡིན་འདུག་པ་དགྱེས་པའི་མཚན་མ་བྱུང་གསུང་བ་ཞལ་གཟིགས་ལུང་བསྟན་འདྲ་བྱུང་ཚོད་དུ་སྣང་། དམ་སྲིའི་རིགས་ཀྱིས་རྒྱལ་སར་ཡོད་སྣང་བ་རྗེ་བླ་མའི་ལྷ་སྔགས་ཡེ་ཤེས་ཀྱི་གཟི་བྱིན་མ་བཟོད་པའི་ཐོག་མར་གྲ་རིས་རྣམས་ལ་བདེ་དོག་གི་འཚུབ་ལྷོངས་ཅི་རིས་བྱུང་ནའང་རིམ་གྱིས་རང་ཞིར་(༤༥ན)


GLG009_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

སོང་། དགོན་བདག་སྟབས་ནས་ཟ་དམ་ཀརྨ་ཐུབ་བསྟན་ཉིན་བྱེད་གླིང་གི་གནས་མཇལ་དང་མང་ཇ་ཞུ་བར་ཕེབས། སློབ་དཔོན་རབ་འབྱམས་པ་སྨན་ཐང་པ་དང་གཉེར་པ་གཉིས་ཀྱིས་བཀུར་བཟོས་མཛེས་མཚོན་ཆེ་བ་བྱས། ཚོགས་ལ་སྒྱུ་འཕྲུལ་གྱི་གསུང་བཤད་མཛད་པར་དཀའ་རབ་འབྱམས་རྣམས་ཀྱིས་ལེགས་གསོའི་ཚིག་གི་མེ་ཏོག་གཏོར། གྲ་ཚང་གི་གྲ་རྒྱུན་ཡེར་པ་བ་ཚོས་ཕྱོགས་དཀར་གྱི་ཇ་ཞུས་བྱས། ཡེར་པ་ཕུ་མདའ་དང་འབྲོམ་ཆུ་རིགས་ཀྱི་སྦྱིན་བདག་དྲག་རིམ་སྔགས་པ་ལྷ་རྗེ་རྣམས་ཀྱིས་དབང་གཞི་བཏེགས་པའི་ཁྲོམ་པ་སྟོང་ཕྲག་ཏུ་ཉེ་བར་ཚེ་དབང་གནང་། བླ་བྲང་དང་མཆོད་ཁང་དགོན་རྙིང་གོག་པའི་ཉམས་ཀྱིས་འཇིག་ཏུ་ཉེ་བར་གསར་དུ་བསྐྲུན་ཞིང་། སྒྲུབ་མཆོད་དང་ཡེར་པ་མདོས་ཆེན་གྱི་རྒྱུན་ཇེ་འགྲིབ་ལ་སོང་བའང་རྒྱས་པར་མཛད། ཟླ་ཤས་སྐུ་མཚམས་བཅད་དེ་རྫོགས་པ་ཆེན་པོ་ཀློང་གསལ་སྙིང་ཏིག་གི་སྣང་བཞིའི་ལམ་ལ་རྩལ་འདོན་གྱི་ཉམས་བཞེས་བསྐྱངས་པས་རིག་པ་ཚད་ཕེབས་ཀྱི་རྟགས་མང་དུ་ཤར་བས་སྐུ་མཚམས་གྲོལ་ནས་ཕ་བོང་ཁར་ཕྱག་དབང་ལ་ཕེབས་དུས་འོད་གསལ་འཆར་ལུགས་ཀྱི་རྒྱུ་མཚན་རྣམས་སྙན་དུ་གསོལ་བའི་ལན་དུ། ཁྱེད་སྟག་མགོ་ཡོན་ཏན་དཔལ་དུ་འཁྲུངས་སྐབས་ཉམས་བཞེས་མཛད་པའི་བག་ཆགས་བཟང་པོ་བག་ལ་ཞ་བ་གསལ་འདེབས་གྱི་ཚུལ་དུ་སོང་བ་ཡིན་ཞེས་དགྱེས་པ་ཆེན་པོས་གཟེངས་བསྟོད།  ཡེརབྲག next hit་གསེབ་ཏུ་ངན་ལམ་རྒྱལ་བ་མཆོག་དབྱངས་བཞུགས་པའི་ཕུག་པར་བླ་མ་སྐུ་གསུམ་གྱི་སྒྲུབ་པ་ཟླ་བ་གསུམ་གནང་བའི་སྐབས་རྡོ་རྗེ་བྲག་ནས་བྱང་བདག་རིགས་འཛིན་ཆེན་པོས་གཡུ་ཐོག་སྙིང་ཏིག་འདི་སྲུང་མའི་བསྟབས་ནས་བཀའ་ཤིན་ཏུ་གཉན་པས་གཞན་ལ་མ་བཤད་གོང་དུ་བླ་སྒྲུབ་ཅིག་མཛད་པ་འགབ་ཚུལ་བྱུང་བ་བཞིན་གནང་བ་སྒྲུབ་པ་མ་གྲོལ་རིང་བྲག་གསེབ་ཀྱི་ནང་དུ་(༤༥བ)


GLG009_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་གྱི་དྲི་ངད་ཡང་ཡང་ལྡང་བས་མི་ཀུན་ཅི་ཡིན་སྙམ་པའི་ཐེ་ཚོམ་ཟ་བ་བྱུང་། ནུབ་ཅིག་གི་མནལ་ལམ་དུ། ཉི་ཐང་ལྷ་རྗེ་བློ་བཟང་རྒྱ་མཚོ་འདི་མཚོ་སྨད་མཁན་ཆེན་གྱི་སྐྱེ་བ་ཡིན་པས་ལུང་ཚར་གཅིག་བསྐྱར་ནས་ཉོན་ཟེར་བ་ཞིག་བྱུང་བར་བརྟེན། སྤོས་དགར་གདན་དྲངས་ནས་གཡུ་ཐོག་སྙིང་ཏིག་དང་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་གྲགས་པའི་ལུང་གསན། འཚོ་བྱེད་ཕུ་ལུང་པ་དང་ཆ་པ་དྲུང་འཚོས་གཙོས་པའི་སྐྱིད་ཤོད་སྟོད་ཁའི་ལྷ་རྗེ་དང་སྔགས་པ་སོགས་དོན་གཉེར་ཅན་མང་པོ་ལ་གཡུ་ཐོག་ཡོན་ཏན་མགོན་པོའི་ཐུགས་ཏིག་རིགས་འདུས་བླ་མ་སྨན་རྒྱལ་གྱི་དཀྱིལ་འཁོར་ཆེན་པོར་དབང་བཞི་མཐའ་བརྟེན་དྲང་སྲོང་བཀའ་སྲུང་གི་རིགས་གཏད། ཚེ་དབང་འཆི་བདག་བདུད་འཇོམས། པོ་ཏི་ཡོངས་རྫོགས་ཀྱི་ལུང་དང་བཅས་རྒྱས་པར་སྩལ། ཨོ་ཀེ་གཞིས་ཀར་སྐྱིད་ཤོད་ཀྱི་ལྕམ་དཔོན་ས་རྗེ་བཙུན་མར་ལོ་ལོ་བཞིན་རྐྱེན་སེལ་གྱི་ཚེ་དབང་བརྒྱ་རྩ་སོགས་བཀའ་དབང་གི་རིས་འབུལ་བ་གནང་། དཔོན་ས་སྐུ་ན་དང་སྐུ་ཆས་ཐམས་ཅད་སྨིན་པའི་མཐར་སོན། ཟ་དམ་པའི་ཕོགས་པ་ལྟ་བུར་སོང་བའི་ཟང་ཟིང་གི་དབང་ཡོན་འབུལ་བ་གནང་མ་བདེ་བས་མཁས་གྲུབ་ནོར་བཟང་རྒྱ་མཚོ་དང་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོའི་དབུ་སྐྲ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་ཕྱག་རྗེས་སོགས་ནང་རྟེན་གྱི་རིགས་མང་དུ་འབུལ་བ་མཛད། རྗེ་ཀུན་དགའ་ཚེ་མཆོག་གི་ཁྲོ་ཆུའི་མདུན་བསྐྱེད་ཞལ་གསུམ་ཕྱག་དྲུག་བཤད་པར་འབྲི་གུང་པ་ཆོས་ཀྱི་གྲགས་པས་རྩོད་པ་ལ་ལུང་རིགས་ཉི་མའི་སྣང་བར་གྲགས་པ་ལྕགས་སྟག་ལོ་མཛད་པ་དངོས་ལན་བཏབ་ན་མ་འགབ་པས་འདི་སྤོ་བོ་བན་གྲོང་པས་ཞབས་དྲུང་ལ་ཁ་གཡར་ནས་བརྩམས་པར་ངོས་བཟུང་སྟེ་རྗེ་ཉིད་ཀྱིས་རྩོད་ལན་ལེགས་བཤད་འཁྲུལ་པའི་མུན་སེལ་ཞེས་ཆུ་སྤྲེལ་ས་ག་ཟླ་བའི་ཚེས་(༤༦ན)


GLG009_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་བཞི་ལ་ཐུགས་རྩོམ་མཛད་པ་ཞབས་དྲུང་རིན་པོ་ཆེའི་སྤྱན་ལམ་དུ་ཕབ། དེ་ལན་རྒྱས་པ་ཞིག་མཛད་རྩིས་ཀྱི་ནུབ་ལྷོ་ཕྱོགས་ནས་མཚོན་ཆའི་ཆར་པ་འབབ་པའི་མནལ་ལྟས་བྱུང་བ་འཇམ་དཔལ་དུག་སྡོང་མ་མཉེས་པའི་ཐུགས་དོགས་ཀྱིས་རིན་པོ་ཆེ་ངག་དབང་ཡེ་ཤེས་གྲུབ་པར་འཇམ་དཔལ་རིགས་གསུམ་འདུས་པའི་དབང་བརྒྱ་ཚར་གསན་ཏེ་ཡང་ལན་མ་གནང་བར་བཞག་སྐད། ཆུ་སྤྲེལ་སྤྲེལ་ཟླའི་མར་ངོའི་ཚེས་བཅུ་ལ་ལྷ་སའི་ཚེས་བཅུ་ཤར་མ་བ་རྣམས་ཀྱིས་ཡེར་པར་དཔལ་ཨོ་རྒྱན་ཆེན་པོའི་མཆོད་པ་རྒྱས་པར་བཏེག་པའི་གྲལ་དབུར་གདན་དྲངས་པར་བླ་མ་ནོར་བུ་རྒྱ་མཚོའི་ཟླུམ་པོ་བཞི་དབང་གནང་། མར་ལམ་ཚེས་བཅུ་བ་རྣམས་ལ་གདབ་ལན་གྱི་ཚུལ་དུ་སྤོས་དགར་གཞིས་ལེན་རྒྱས་པར་མཛད། འདི་ལོ་ཐན་པ་ཆེ་བར་སྟོད་སྨད་ཀུན་ནས་ཆར་འབེབས་ཀྱི་རིགས་བྱེད་མཁན་མང་ཡང་ཐོག་ཏུ་ཡེ་མ་བབས་པའི་ལོ་ཏོག་རྣམས་ཚིག་པར་ཉེ་བར་རྒྱ་ནག་ཆུ་འཁོར་མཇོ་རུ་མ། སྨྱུག་ཚིགས་སོགས་ཀྱི་ལས་སྦྱོར་མཛད་པས་ཞག་བདུན་ཚུན་ལ་རི་ཀླུངས་ཀུན་ཆར་གྱི་རྒྱུན་ཆེན་པོས་བརླན་ཏེ་མི་ཕྱུགས་མཐའ་དག་བདེ་བའི་ངལ་གསོར་བཀོད། ཕྱག་ལེན་གཙང་ཞིང་བྱིན་རླབས་ཆེ་བའི་སྙན་གྲགས་ཀྱི་འུར་ལངས། ཁམས་ཀ་ཐོག་གི་བླ་མ་པདྨ་བློ་གྲོས་བྱོན་ནས་རྗེ་འདི་ལྷ་སར་གདན་དྲངས། གཏེར་ཁ་དུ་མའི་དབང་ལུང་དང་གསང་སྙིང་གི་འགྲེལ་པ་ཕྱོགས་བཅུ་མུན་སེལ་གྱི་བཤད་ལུང་གནང་བ། སྤྲུལ་སྐུ་གསུང་སྤྲུལ་སོགས་ཁམས་བོད་མང་པོར་ཆོས་རྒྱུན་ཁྱབ་ཆེ་བར་བྱུང་། ཚུར་དགོངས་འདུས་ཀྱི་པོ་ཏིའི་ལུང་དང་དབང་སྤྱི་རྒྱུད་སོགས་རྒྱུད་དགུ་བཅད་ཐབས་དང་བཅས་པ། ལས་བྱང་མེ་ཏོག་འཕྲེང་མཛེས། བཀའ་སྲུང་གི་ལས་བྱང་བསྐང་གསོ། ཟོར་ལས་གནམ་ལྕགས་ཐོག་མདའ་སོགས་ལུང་ཁ་ཡར་གསན། བླ་མས་སྦྱིན་བདག་མཛད་ནས་མཚན་བརྒྱད་གྲ་ཚར་(༤༦བ)


GLG009_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དང་སློབ་དཔོན་ཆེན་པོའི་རྣམ་ཐར་ཞིང་བཀོད་ཕྱག་བྲིས་སུ་མཛད། ཁམས་སྟོད་ནས་བླ་མ་དཔལ་འབར་དྲུང་པ་ལྷ་སར་འོངས་ཏེ་ལྟག་སྒོ་བའི་དེར་གནས་ཚང་བྱས། དགོངས་འདུས་གཙོ་བོ་དགུའི་གསེར་སྐུ་དང་བྲིས་ཐང་སོགས་བཞེང་བའི་ཞལ་བཀོད་དང་། གོན་ཇོ་སྐུ་སྐྱེ་ཟར་བས་ཆོས་ལོངས་སྤྲུལ་གསུམ་གྱི་གསེར་སྐུ་ཁྲུ་རེ་ལྷག་ཙམ་བཞེང་བ་སོགས་ཁོང་ཁག་གཉིས་ཀའི་འབུར་སྐུ་རྣམས་ཀྱི་གཟུངས་འབུལ་རབ་གནས་མཛད་ཅིང་འདོད་ཆོས་ཀྱང་ཁ་ཡར་སྩལ། རྟེན་བཞེངས་ཀྱི་འཚུབ་ཡིན་ནམ་ཟེར་གང་ལྟར་བླ་མའི་ནུ་བོ་ལྷ་སར་འདས། ཕུང་པོ་བསམ་ཡས་མཆིམས་ཕུར་བསྐྱལ་བའི་སྲེག་སྦྱངས་ལ་གདན་དྲངས་པ་བཞིན་པུར་སྦྱོང་གནང་བའི་ཐོག་མ་གནས་བཟང་བའི་རྟེན་འབྲེལ་དུ་དགོངས་ཏེ་ཕེབས། མཆིམས་ཕུ་དང་ཟན་གཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་རྟེན་བརྟེན་པ་རྣམས་ཞིབ་མཇལ་སྙན་དར་གསེར་ཆབ་སོགས་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་འབུལ་ངོས་རྒྱལ་བསྟན་འཕེལ་བ་དང་འགྲོ་ལ་བདེ་སྐྱིད་འབྱུང་བའི་སྨོན་ལམ་རྒྱ་ཆེར་མཛད། ཕར་ཚུར་གཉིས་ཀའི་ཕེབས་ལམ་རྒོད་དཀར་བརྒྱུད་ལྷ་སར་ཕེབས། དཔལ་འབར་བླ་མ་དེ་ནུ་བོ་ལ་ཤིན་ཏུ་བརྩེ་བ་ཞིག་ཡོད་འདུག་པས་ཆེད་གཉེར་དུ་ཞུས་པ་བཞིན་ཟླ་གཅིག་གི་བར་རུས་པ་རྣམས་ལ་སྦྱང་བ་གནང་། བླ་མ་གཉིས་ཀྱིས་འབུལ་ཞབས་ཀྱང་རྒྱས་པར་བྱས་ནས་དཔལ་སྡོང་ཞེས་པ་ཆུ་མོ་བྱའི་ལོ་ལྷ་ས་སྡེ་མ་ལག་དང་བཅས་པ་གཙང་སྡེ་སྲིད་ནས་དགའ་ལྡན་ཕོ་བྲང་དུ་སྦྱོར་འཇགས་གནང་བའི་སྨོན་ལམ་ཆེན་མོའི་དུས་ལེགས་བྱ་འབུལ་བར་ཕེབས། སྐྱིད་ཤོད་སྟོད་སྨད་ཀྱི་སྔགས་པ་རྣམས་ཀྱིས་གཙོ་བོར་གསོལ་བ་བཏབ་པའི་ཞར་བྱུང་དུ་ལྷ་སའི་ཚེས་བཅུ་བ་ཐོར་བུ། འཚོ་བྱེད་ཀྱི་རིས། འཕྱོང་རྒྱས་སྲས་པོ་སོགས་དོན་གཉེར་ཅན་དྲུག་ཅུ་སྐོར་ལ་མངའ་བདག་ཆོས་ཀྱི་རྒྱལ་པོའི་གཏེར་བྱོན(༤༧ན)


GLG009_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་བདེ་གཤེགས་འདུས་པ་ལྷ་བདུན་བརྒྱ་ཉེར་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བའི་སྒྲུབ་ཆེན་ཞག་ཉེར་གཅིག་འཛུགས་པ་གནང་བའི་སྨན་སྒྲུབ་ཀྱི་ཚེ། ཁྲོལ་བུའི་སྒྲུབ་པར་འཕེལ་དཀའ་རུང་འདི་སྐབས་མངོན་པ་འཕེལ་ཞིང་ཕྱི་མའི་སྒྲུབ་པའི་ཚེ་སྤོས་དགའི་དགོན་པའི་ནང་སྨན་དྲིས་གང་ཞིང་རླུང་གི་རྒྱུ་ཕྱོགས་ཀྱིས་ཡེར་པ་ཕུ་མདའ་དང་ཉེ་སྐོར་གྱི་གྲོང་གསེབ་ཚོར་ཡང་དྲི་ངད་ལྡང་ཞིང་འཕེལ་ཁ་ཤིན་ཏུ་ཆེ་བས་སྒྲུབ་པའི་རྟགས་མཚན་བླ་ན་མེད་པའི་དམ་རྫས་ཡུངས་འབྲུ་ཙམ་རེ་ཁར་སོང་ཡང་འཁོར་བ་མཐའ་ཅན་དུ་གྱུར་ཏེ་མྱོང་གྲོལ་གྱི་འཕྲིན་ལས་རླབས་པོ་ཆེ་སྤེལ། རྡོ་རྗེ་སྤྱན་མའི་རྨི་ལམ་དུ་འཚུབ་ལྷོངས་ཀྱི་ལྟས་ཤར་ཡང་བཀའ་སྲུང་གི་གསོལ་མཆོད་ལ་གཙོ་འདོན་མཛད་པས་བར་ཆད་ཀྱི་འཚེ་བ་ཅུང་ཟད་ཀྱིས་ཀྱང་མ་ཉེན། ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱི་ཕྱག་ལེན་ཀུན་དགའ་ཚེ་མཆོག་སོགས་ནས་བརྒྱུད་པའི་ལུགས་བཞིན་མཐའ་བརྟེན་དུ་སྦྱིན་སྲེག་དང་གྲོས་མོལ་གནང་ཞིང་། ནང་གི་དངོས་གྲུབ་ལེན་ཆོག་གྲོལ་ནས་ཡར་ཕེབས་པ་དང་ཚེས་བཅུ་བཞིའི་ཟླ་བ་ཤར་བ་འགྲིག་པས་རྟེན་འབྲེལ་གྱི་སྒོ་ལེགས། གྲོལ་དབང་གི་ཉིན་སྟག་རྩེ་ནས་གུང་ཐང་བར་གྱི་ཚེས་བཅུ་པ་སོགས་དོན་གཉེར་ཅན་ལྔ་བརྒྱ་ཙམ་ལ་བཀྲ་ཤིས་ཚེའི་དབང་དང་དངོས་གྲུབ་ལེན་ཆོག་གནང་ཞིང་སྒྲུབ་གཏོར་དང་བདུད་རྩི་ཆོས་སྨན་གྱི་སྐལ་བ་བཀྱེ། རྗེ་ངག་དབང་ཡེ་ཤེས་གྲུབ་པ་ལྷ་སར་ཇོ་མཇལ་ལ་ཕེབས་པའི་ཡར་ལམ་སྤོས་དགར་གདན་འདྲེན་གནང་ནས་གཞིས་ལེན་བདོག་པའི་དངོས་པོ་གྱ་ནོམ་པའི་འབུལ་བ་དཔངས་མཐོ་བར་མཛད། ཧྲཱིཿགཅིག་མའི་ཚེ་དབང་གསན་ཞིང་པད་གླིང་པའི་ཚེ་དཔག་རྡོར་འཕྲེང་ཡང་བསྐྱར་དུ་གསན་པས་སྙན་གསན་ཕུལ་བར་དབང་ཙག་གཅིག་ཕྱག་བྲིས་མཛད་ནས་བསྣམས་འབྱོན་པ་ཞུ་གསུངས་(༤༧བ)


GLG009_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་ཐུགས་དམ་རྟེན་གྱི་ཐང་ཁ་ཞིག་ཀྱང་བཞེངས་ནས་ཟིང་པར་ཕེབས། ཙཀ་ལི་ཕུལ་ནས་ཞལ་ཐང་ལ་ཕྱག་ནས་ཞུས་ཤིང་དབང་རྒྱས་པར་གསན། ངེད་ཧོར་ནང་བརྒྱུད་རྒྱལ་ནས་འབྲས་སྤུངས་སུ་སླེབས་སྐབས་སྙན་ངག་གི་ལམ་ནས་དྲངས་པའི་ཕྱག་ཐམ་སྩལ་བ་ནི། གངས་ཅན་འགྲོ་བ་ཀུན་གྱི་སྐྱབས་གཅིག་པུ། །རྒྱལ་བའི་སྲས་པོ་སེམས་དཔའ་སྐྱབས་སྒྲོལ་མཛད། །ཞིང་འདིར་ངུར་སྨིག་གར་གྱིས་རྣམ་རོལ་པ། །རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞབས་དྲུང་དུ། །ཀུན་རྟོག་ཟིར་གྱིས་འཛིན་མའི་ཁྱོན་མ་ལུས། །ཚར་དུ་དངར་བའི་མཆོད་སྤྲིན་གྱིས་བྲིས་ཤིང་། །སོར་བཅུ་སྙིང་གར་ཟུམ་པའི་འཇོ་སྒེག་དང་། །ལྷན་ཅིག་གུས་པ་ཆེན་པོས་མཆིད་འདི་ཞུ། །ལེགས་བྱས་ཆུ་གཏེར་ལས་འོངས་ལྷ་བཅས་ཀྱི། །མགོན་དུ་གྱུར་པའི་ཡིད་བཞིན་རིན་ཆེན་དབང་། །ཐུབ་བསྟན་རྒྱལ་མཚན་རྩེ་ལ་མཆོད་འོས་པ། །འཚོ་ཞིང་གཞེས་པ་སྲིད་གསུམ་དཔལ་དུ་གྱུར། །གང་འདི་སྒྱུ་འཕྲུལ་སྲས་པོ་སླར་འོངས་སམ། །འོན་ཏེ་མ་ཕམ་མགོན་པོའི་ཟློས་གར་ཉིད། །སྔོན་མེད་ལེགས་བཤད་ཚ་ཟེར་འབུམ་འགྱེད་པའི། །རྩོད་དུས་རྫོགས་ལྡན་ཉིན་བྱེད་ཁྱོད་དུ་ངེས། །འཆད་རྩོད་རྩོམ་པའི་ཚ་ཟེར་རབ་འགྱེད་ཀྱང་། །ཐོས་བསམ་སྒོམ་པའི་ཆ་ཤས་མ་ཡོལ་ཞིང་། །མཁས་བཙུན་འབུམ་ཕྲག་དུ་མའི་རལ་པའི་རྩེར། །གང་གི་ཞབས་སེན་ཟླ་བ་འདི་རྨད་བྱུང་། །ཆོས་འདུལ་སྦྲང་རྩིའི་རྒྱལ་མཚན་ལེགས་བཟུང་ཡང་། །རྩ་གྲོལ་ལྷག་པར་ཆགས་པའི་སྙིང་རྗེ་དང་། །སྣོད་བཅུད་དཀྱིལ་འཁོར་འཁོར་ལོར་ཤར་བའི་རྩལ། །གསུམ་ལྡན་འདི་ཀོ་མགོན་མེད་ཀུན་གྱི་མགོན། །མཁྱེན་པ་ཆོས་ཀུན་གཟིགས་པ་འཇམ་དཔལ་དབྱངས། །འགྲོ་ཀུན་བརྩེ་བས་སྐྱོང་ལ་འཇིག་རྟེན་དབང་། །མ་རུང་བདུད་དཔུང་འདུལ་ལ་མཐུ་ཆེན་ཐོབ། །སྐུ་གསུམ་འབྲས་བུའི་སྙེ་མ་དེང་འདིར་(༤༨ན)


GLG009_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན། །འདི་ན་ཕྱོགས་བྲལ་འགྲིམ་པའི་གུས་ལྡན་པ། །སྒྱུ་ལུས་ལྔ་པའི་མགྲོན་དུ་མ་གཉེར་ཀྱང་། །སྲིད་པའི་ཉེས་བརྒྱ་མཐོང་བས་ཡིད་ཕྱུངས་ཏེ། །འདོད་ཆུང་དབེན་པར་རྒྱུ་ལ་རིང་ཞིག་མཆིས། །ཞུ་མཆིད་སྙིང་པོར་བགྱིས་པ་བཻཌཱུཪྻ། །རྒྱུད་མང་དད་གུས་སྙན་པའི་སྒྲ་དབྱངས་ཅན། །མགོན་ཁྱོད་ལྷ་བཅས་འགྲོ་བའི་ཅོད་པན་དུ། །ཞབས་སེན་ས་འཛིན་སྤོ་ལྟར་ཡུན་རིང་པོར། །བརྟེན་པའི་གདུང་ཤུགས་ཀྱིས་བསྐུལ་འདོད་པའི་སྨྲངས། །གང་གི་རྒྱལ་བའི་མཛད་པ་མཐའ་ཀླས་པ། །དཔག་ནུས་མིན་ཡང་གུས་པས་ཡིད་དྲངས་ཏེ། །ཞལ་དཀྱིལ་མཇལ་འདོད་སྤུ་ལོང་ཆེ་ཆེར་གཡོ། །འོན་ཀྱང་ཟིན་མེད་བྱ་བས་བློ་བྲིད་ཅིང་། །འདབ་གཤོག་རྣམ་གཡེང་གཞན་དབང་གིས་བཅིངས་པས། །ངོས་ཀྱིས་མཇལ་བར་མ་སླེབ་ཡིད་གདུངས་ཏེ། །འཕགས་ནོར་བདུན་གྱི་བདུད་རྩིའི་ཟས་ལྡན་ཡང་། །བདག་ཅག་ལེགས་བྱས་ཞིང་དུ་གྱུར་སླད་དུ། །ལྷ་རྫས་མཆོད་པའི་རིམ་གྲོ་དང་བཅས་ཏེ། །ཆུ་ཤེལ་དབང་པོ་སྨིན་དྲུག་རེས་བབས་པའི། །སྔ་མའི་ཕྱོགས་ཀྱི་བཟང་པོ་གཉིས་པ་ལ། །བཀའ་བརྒྱུད་ཀུན་གྱི་གཙུག་རྒྱན་གཡུ་previous hit བྲག་པའི། །གཙུག་གི་རྒྱན་གྱུར་རྗེ་བཙུན་མལ་ཡེར་གྱི། །གྲུབ་པའི་གནས་མཆོག་དུས་ཀྱིས་བསྐལ་གྱུར་ next hit། །སྡེ་དགོན་གོག་པོའི་གཙུག་ལག་ཁང་ནས་ཕུལ། །ཞེས་པར་དེ་མཚུངས་ཀྱི་ལན་འབུལ་ནི་རྔོ་མ་ཐོགས། སྐུ་ཡོན་སྒོར་མ་ནས་ལེགས་པོ་ཡོད་འདྲ་སྙམ་པ་ཤར། གཞན་ཡང་བིཏྤཱ་ཏ་ཡོད་པའི་ཚིགས་བཅད་ཀྱི་ཕྱག་བྲིས་ངོ་མཚར་བ་རྗེས་སུ་ཁ་ཤས་བྱུང་རུང་མཐའ་དག་བྲིར་མ་ལང་། ད་མཐུན་གྱི་ལན་འགའ་ཞིག་ཀྱང་ཕུལ། སྔགས་འཆང་ལྷ་གདོང་པའི་མཐུ་བྱུང་བ་འདྲ་ཟེར་གང་ལྟར་ནང་པ་གླང་ཁ་བའི་ཕ་བུ་གཉིས་ཀ་འགྱངས་མེད་དུ་འདས་པའི་བསྔོ་རྟེན་ལ་བླ་མ་ཞང་(༤༨བ)


GLG009_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

གི་བཀའ་འབུམ་པོ་ཏི་དང་པོ་འབུལ་མི་སླེབས་གདོང་སྤོས་དགར་རྒྱུན་དུ་སྡོད་པའི་བྱ་རོག་གཉིས་གྲོག་སྐད་སྙན་པོ་སྒྲོག་ཅིང་གཟིམས་ཆུང་གི་ཞལ་དཀར་ནང་དུ་ཡོད་ལ་ཁད་པའི་རྐྱེན་གྱིས་ཐུགས་ལ་སྔར་མེད་པའི་དགྱེས་ཉམས་ཆེ་བ་ཤར། ནུབ་ཅིག་འོད་གསལ་ལ་མི་ནག་པོ་ཞིག་གིས་འདིར་ཤོག་ཟེར་ནས་བྱོན་པའི་མཆོད་ཁང་ཆེན་པོ་ཞིག་གི་ནང་དུ་གདན་དྲངས་བྱུང་པ་བླ་མ་ཞང་ཡིན་ཟེར་བ་ཞིག་དང་མཇལ་བ་ནི་སྔར་གྱི་བྱ་རོག་དང་མི་ནག་པོ་གཉིས་ཀ་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་རྣམ་འཕྲུལ་བསྟན་ནས་གུང་ཐང་གི་བླ་མ་མཛད་དགོས་པར་བསྐུལ་བ་དང་། དེ་ལ་འགྲོ་མགོན་གཡུ་བྲག་པའང་དགྱེས་པའི་སྐུའི་སྣང་བ་བསྟན་པར་གོར་མ་ཆག །མི་རིང་བར་གུང་ཐང་ཆོས་ཁྲི་ལྷོ་ལྕོག་གཉིས་ནས་བླ་མ་མཛད་དགོས་པའི་སྙན་གསན་བྱུང་བ་འགྲོ་མགོན་བརྩོན་འགྲུས་གྲགས་པའི་བསྟན་པ་ལ་ཕན་ཞིང་མགོན་པོ་བྱ་རོག་གདོང་ཅན་གྱིས་འཕྲིན་ལས་སྒྲུབ་པའི་སྔར་བྱུང་བའི་རྟགས་དེ་རྣམས་ཡིན་པར་དགོངས་ཏེ་ཞལ་གྱིས་བཞེས། སྡེ་པ་རྩེ་ཁ་བ། ལོ་པའི་ནང་སོ་གྲགས་པ། ཚེ་རུ། སྤུས་གླིང་། ཞལ་སླར་བརྩམ་པ་སོགས་དྲུང་འཁོར་དང་སྡེ་ཕན་ཚུན་གྱི་ཆེ་བགྲེས་རྣམས་ཀྱིས་ཆིབས་བསུ། གྲ་དམངས་ཀྱི་གདུགས་བ་དན་རོལ་མོ་སོགས་ཕྱག་མཚན་ཐོགས་པའི་སེར་སྦྲེང་དར་བཅས་སྨིན་དྲུག་གིས་ཉ་བའི་གཟའ་སྐར་འཕྲོད་སྦྱོར་དགེ་བའི་དུས་ཆོས་ཁྲིའི་གདན་སར་ཕེབས་པར་བདེ་ཆེན་རྩེ་ནས་སྡེ་པ་རྫོང་ཕྱི་བའི་བསྐོ་འཇའ། གྲ་རིགས་སྦྱིན་བདག་རྣམས་ཀྱིས་ཟང་ཟིང་གི་བདོག་པ་རྒྱ་ཆེར་ཕུལ། དེ་ཉིན་ནམ་མཁའ་དག་པ་ལ་འཇའ་སྤྲིན་པིར་གྱིས་བྲིས་པ་ལྟ་བུ། ཉི་མ་སྔར་ལས་འོད་གསལ་ལ་དགུན་ཡིན་ཀྱང་དབྱར་སོས་འདུ་བའི་ས་ལ་དྲོད་ཆེན་པོ་ཕེབས་པའི་ཡ་མཚན་ཞིང་སྐྱ་སེར་ཚང་མ་བག་དྲོ་བའི་(༤༩ན)


GLG009_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ལྟས་བཟང་བ་ནི་གདན་ས་པ་སངས་རྒྱས་འབུམ་སླར་ཡང་རང་གི་བསྟི་གནས་སུ་ཕེབས་པའི་ལྟས་སུ་སྣང་། དེ་ཉིན་བཙུན་པ་བྱེད་མཁན་བདུན་ཙམ་བྱུང་བའི་སྐྲ་ཕུད་བཞེས་ཤིང་མིང་འདོགས་མཛད། མཆོད་ཁང་ཆེན་མོ་མཇལ་བར་ཕེབས་དུས་སྔོན་ཀ་ནས་རྗེས་དྲན་མང་དུ་ཤར། ཁྱད་པར་མགོན་ཁང་གི་སྒོ་རང་བྱེར་སོང་མགོན་ཁང་ཤིན་ཏུ་མུན་པ་ནག་ཀྱང་མགོན་པོའི་ཞལ་གྱི་ཐད་དུ་འོད་སྒོར་མོ་ཞིག་ཤར་ནས་ཐམས་ཅད་གསལ་བར་གཟིགས་པས་ཀུན་ཡ་མཚན་དུ་བྱེད། སྒོམ་སྡེར་བྱོན་དུས་སྐུ་སྐྱེ་སྔོན་མའི་དུས་ཐུགས་ལ་ཤར་ཞིང་སངས་འབུམ་གྱི་སྐུ་གདུང་གཟིགས་པའི་ཚེ་དེ་དང་རྗེ་ཉིད་དབྱེར་མེད་དུ་སོང་བ་ལྟ་བུའི་ཐུགས་ཉམས་ལ་ཇ་ཕོར་གང་འཐུང་ཡུན་ཙམ་འབྱམས། སྐུ་གདུང་གི་སྲིན་མཛུབ་དེ་བྱིན་རླབས་རྟེན་ལ་བསྣམས། དེ་ནུབ་མནལ་ལམ་དུ་རྒྱལ་པོ་བསེའི་ཁྲབ་ཅན་འོངས་ནས་ཁྱོད་བླ་བྲང་པ་ཆོས་དཔལ་བཟང་པོར་གྱུར་དུས་བསྲུང་མ་ཡིན་གསུང་བ་སོགས་དགྱེས་པའི་རྣམ་འགྱུར་མང་དུ་བསྟན། སྦྱིན་བདག་རྣམས་ཀྱིས་སོ་སོའི་གནས་ཁང་དུ་གདན་འདྲེན་པ་དང་ཚུལ་སྤོམ་འབུལ་གྱིས་མཚོན་པའི་རྙེད་བཀུར་རྒྱ་ཆེར་བཏབ། ཤིང་བྱིའི་ལོ་ཞང་ལྷ་ཚེ་རུ་བ་སྦུས་གྲོང་པ་གསུམ་གྱིས་དོ་དམ་བྱས་ནས་ཁྲོམ་དབང་དང་དྲུང་འཁོར་སོ་སོར་སྒེར་དབང་སྩལ། རྒྱ་མ་བཙོང་གཏུན་རོང་པའི་རབ་འབྱམས་པས་ཐང་ཡིག་ལ་དགག་པ་བཏང་བའི་རྩོད་ཡིག་འབྲི་གུང་རྡོ་རྗེ་བྲག་སྣང་གསལ་གསུམ་དུ་ཕུལ་བའི་ཞུ་ཡིག་ཏུ་དེང་སང་དབུས་ཕྱོགས་སུ་རྙིང་མ་ལ་ཁྱེད་དཔོན་སློབ་གསུམ་མཁས་པ་འདུག་པས་འདི་ལ་ལན་ཞིག་མཛད་དགོས། དྲང་ངེས་ཀྱི་དོན་སོ་སོར་ཕྱེ་སྟེ་ལུང་རིགས་དང་འབྲེལ་བའི་ལན་བྱུང་ན་ཁོ་བོའང་རྙིང་མ་ལ་འདུག །དེ་མིན་རྣམ་དག་མིན་པ་སོགས་ཀྱི་རྒྱུ་མཚན་(༤༩བ)


GLG009_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྣང་བ་འབྲི་གུང་དང་རྡོ་རྗེ་བྲག་གཉིས་ནས་བླ་ཆེན་དབྱིངས་ཆེ་སའི་ལུགས་ཀྱིས་ཞུ་ལན་ཙམ་ཡང་མ་བྱུང་འདུག །ཟིང་པར་རིན་པོ་ཆེ་ངག་དབང་ཡེ་ཤེས་གྲུབ་པས་ཁོས་རྙིང་མའི་བསྟན་པར་ཞུགས་པས་ཕན་རྒྱུ་ཡང་མེད་མ་ཞུགས་པས་གནོད་རྒྱུ་ཡང་མེད་འདི་འདྲའི་ལན་བྱེད་པ་ལས་བྲེལ་བ་གཞན་བཅད་ཆོག་ཚུལ་གྱི་བསྒྱུར་བྱང་འུར་སྡུམ་རྦད་ཀྱི་ལན་ཞིག་བྱུང་ཚོད་དུ་འདུག་པས་ལྷག་པར་ཡི་མ་རངས་པའི་སྔ་འགྱུར་གྱི་རིང་ལུགས་ལ་ངན་སྨྲས་ཀྱི་ཐན་སྐད་ཕྱོགས་བརྒྱར་སྒྲོག་པའི་གནས་ཚུལ་ཕུ་ལུང་ཀྱང་ར་གྲོང་འཚོ་ནས་རྒྱུ་མཚན་རྗེ་ཉིད་ཀྱི་སྙན་དུ་གསོལ་བར་བརྟེན་ལན་གནང་བཞེད་ཀྱིས་རྩོད་ཡིག་རྩད་གཅོད་མཛད་ཀྱང་དུམ་བུ་ཞིག་ལས་ཕྱག་ཏུ་མ་འབྱོར་ཞིང་། དེ་རྡོ་རྗེ་འཆང་ལ་སྤྱན་འབེབས་གནང་འདུག་པ་ངེད་ཀྱིས་ཕ་བོང་ཁར་བཀའ་ཆོས་ཞུ་བར་ཕྱིན་དུས་གསུང་སྒྲོས་ཀྱི་ལྷོངས་ལ་ཐང་ཡིག་གི་ལོ་རྣམས་དབྱར་ལོ་དགུན་ལོ་སྟོན་ལོ་དཔྱིད་ལོ་སོགས་སྣ་ཚོགས་བརྩིས་པས་ལོ་རིལ་པོར་འཇོག་མི་ཐུབ་ཅིང་། འདུལ་བ་ལུང་ནས་བཤད་པའི་རྒྱ་གར་གྱི་ཡུལ་ཆེན་པོ་དྲུག་དང་ཡུལ་ཕྲན་མཐའ་ཡས་པས་སྤྱི་བྱེ་བྲག་གི་དབྱེ་བ་ཕྱེད་པོ་མི་འདུག་པས་རྩོད་པ་དང་འབྲེལ་ཆེ་བར་མ་མཐོང་། དེ་ལས་དཔལ་འཛིན་གྱི་རྩོད་ཡིག་ཚིག་དོན་བཟང་རྒྱ་མཚོ་གླིང་གི་དབང་མོ་ཆེ་སོགས་ཀྱི་རིགས་ལྔ་གདན་དུ་བཏིང་བའི་སྐོར་ལྟ་བུར་གསང་འདུས་ཀྱི་རྒྱུད་དུ། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །ཞེས་སོགས་དང་། དུས་གསུམ་པ་ཡི་སངས་རྒྱས་རྣམས། །དགྲ་བོས་བསད་པར་བསམས་ནས་ནི། །ཞེས་པས་མཚོན་ཏེ་དངོས་ཤུགས་ཀྱི་དགོངས་པ་ལེན་རྒྱུ་མང་པོ་འབྱམས་ཡིག་གི་རིགས་ཚོའི་ལན་ལ་དཀའ་བ་མི་ཡོང་ཡང་བུ་སྟོན་ཐམས་ཅད་མཁྱེན་པས། རང་ཉིད་རྒྱལ་འདོད་ཕ་རོལ་སྨད་བབ་འདོད། །གཡོ་སྒྱུའི་(༥༠ན)


GLG009_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

རྩོད་པ་ཚིག་རྩུབ་ངན་སེམས་ཅན། །ངག་འཆལ་སྣ་ཚོགས་སྨྲ་ཞིང་གཞན་རྒྱུད་བསྲེག །ད་ལྟའི་རྩོད་པ་འདི་ཡང་དམྱལ་བའི་རྒྱུ། །ཞེས་པ་ལྟ་བུའི་རྩོད་ལན་གྱི་གཡེང་བ་ལས་མཉམ་གཞག་ཐུན་གཅིག་བྱེད་པ་དགའ་གསུང་བ་ཐོས་ཤིང་། དུས་ཕྱིས་འབྲས་སྤུངས་སུ་རྗེ་ཉིད་དང་གསུང་གླེང་བྱུང་བའི་རྐྱེན་གྱིས་སླར་སྤུས་སྲང་གསེར་ཁང་པ་བརྒྱུད་རྩད་གཅོད་མཛད་པས་སྤུས་སྲང་པས་བྲག་སྒོ་རབ་འབྱམས་པར་ཡོད་ཚུལ་ཐོས་ནས་གཡར་བ་དགེ་སློང་ཤཱཀྱ་ལ་བཅོལ་བའི་ས་ནས་མ་བྱུང་ཞེས་གཡར་དུ་མ་འདོད། རྩོད་ཡིག་ཚང་བར་མ་འབྱོར་པས་ལན་གནང་མ་ཐུབ་པའི་ངང་ལ་ལུས། དུས་ཕྱིས་བྲག་སྒོ་རབ་འབྱམས་པས་བརྩམས་པ་རྣམས་ཀྱང་རྒྱ་མ་རབ་འབྱམས་པའི་དེ་ག་ནས་ཁོལ་དུ་ཕྱུང་བའི་རིས་སུ་འདུག ། ཇི་སྐད་དུ། ཡོན་ཏན་ལྡན་པ་ཡོན་ཏན་ལ་དགའ་ཞིང་། །ཡོན་ཏན་མེད་པ་ཡོན་ཏན་ལ་མི་དགའ། །ནགས་ཀྱི་བུང་བ་མཚོ་ཡི་པདྨར་དགའ། །སྦལ་པ་ལྷན་ཅིག་གནས་ཀྱང་དེ་ལྟ་མིན། །ཞེས་པ་ལྟར་སྣང་བ་རིགས་ཀྱི་སྨན་པ་གཙང་སྟོད་དཔོན་ཚང་ཚ་རོང་པ་ཚེ་དབང་རིགས་འཛིན་དུ་གྲགས་པའི་དཔྱོད་ལྡན་དེས་དམ་པ་འདི་ཉིད་ཀྱི་སྙན་པའི་གྲགས་པས་ཡིད་དྲངས་ཏེ་ལན་ཅིག་མ་ཡིན་པར་གཙང་ཕྱོགས་སུ་ཕེབས་དགོས་པའི་སྙན་འབུལ་བྱུང་བ་དང་། སྡེ་སྲིད་སྐུ་ཞབས་ཆོས་ཁྲི་བའི་ཞུ་དོན་ཡོད་པ་གཉིས་སྦྲགས་ནས་གཡས་རུ་གཙང་གི་རྒྱལ་ཁམས་སུ་བྱོན་པའི་འུག་པ་ལུང་གི་མདའ་སྤན་གྱི་ཐད་དུ་ཕེབས་པ་ན། ལྷ་རྗེ་ཟུར་བུ་ཆེ་དང་ཟུར་མོ་དགེ་འདུན་འབུམ་དུ་སྐུ་འཁྲུངས་པའི་དུས་ཀྱི་གནས་ཚུལ་དུ་མ་བསྙེལ་གསོས། འུག་བྱ་ལུང་ཕྱོགས་ཀྱི་རྟེན་བཤད་དང་ལོ་རྒྱུས་རྣམས་གསུངས་པས་ཞབས་འབྲིང་པ་(༥༠བ)


GLG009_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཚོ་ངོ་མཚར་དུ་གྱུར། བཀྲ་ཤིས་ལྷུན་པོར་དཔོན་སློབ་པཎ་ཆེན་རིན་པོ་ཆེའི་ཞབས་དྲུང་མཇལ་བར་ཕེབས་པས་བདག་རྐྱེན་ཐུགས་ལ་བཏགས། དགའ་ལྡན་བཀའ་བརྒྱུད་ཀྱི་ཕྱག་ཆེན་རྩ་འགྲེལ་དེ་སྐབས་རང་ཕྱོགས་ལ་གྲགས་ཆེ་བས་ལྗགས་ལུང་གསན། གཞིས་ཀ་རྩེར་ཞུ་དོན་ཡོད་ན་དཔོན་བློན་རྣམས་དབྱིངས་ཆེ་བས་འགོར་གཞི་ཆེན་པོ་ཡོང་བའི་ལུང་བསྟན། ཕོ་བྲང་བསམ་དོན་ལྷུན་གྱིས་གྲུབ་པའི་རྩེ་མོར་ས་སྐྱོང་མིའི་དབང་པོ་མཇལ་བར་ཕེབས་པར་བཞུགས་གྲལ་ལན་མང་གནང་ཞིང་ཟུར་གསོས་གནང་སྦྱིན་དཔངས་མཐོ་བ་ཞུ་དོན་གྱི་ཕེབས་གསལ་སོགས་འཕྲལ་དུ་གནང་། དཔོན་ཚང་ཚ་རོང་པར་གསོ་བ་རིག་པའི་གཞུང་ལུགས་ཀྱི་ཡང་སྙིང་རེགས་འདུས་སྨན་རྒྱལ་གུ་ཎའི་བླ་སྒྲུབ་ཀྱི་དབང་བཞི། དྲང་སྲོང་དང་ཆོས་སྐྱོང་གི་བཀའ་གཏད་ཚེ་དབང་ལུང་མན་ངག་ཐམས་ཅད་རྫོགས་པར་སྩལ་བས་ཁོང་པ་རྒྱུ་མཚན་ཤེས་ནས་དད་པ་ལྷག་པར་ཐོབ། ཕྱིར་ཕེབས་གདོང་གཙང་སྡེ་སྲིད་ནས་སྐྱིད་ཤོད་ཕྱོགས་སུ་རྙིང་ལུགས་ཀྱི་བླ་མ་ཁུངས་ཅན་ཡོད་པ་ཤེས་མ་བྱུང་ཁྱེད་རིགས་རུས་ཡོན་ཏན་ཐམས་ཅད་ནས་ཁུངས་བཙུན་པར་འདུག་པས་སླར་བསྟན་སྲིད་སྤྱིའི་སྐུ་རིམ་བྱེད་དགོས་པ་འདུག་ཚུལ་གྱི་བཀའ་བཀོད་མགྲོན་གཉེར་དཔོན་རྩ་ཁུ་ནས་ཀྱིས་བསྒྱུར། ཚུར་ལམ་ཉང་སྟོད་དཔལ་འཁོར་ཆོས་སྡེའི་དགེ་རྩ་ཚུགས་པའི་སྒྲུབ་མཆོད་ཀྱི་གར་འཆམས་སོགས་གཟིགས་མོ་ཆེ་ཞིང་གཙུག་ལག་ཁང་དང་མཆོད་རྟེན་ཆེན་མོས་གཙོས་པའི་གནས་མཇལ་མཛད། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་དངོས་སློབ་རྒྱ་སྔགས་འཆང་ཆེན་པོ་འཇམ་དཔལ་གསང་བ་སོགས་རིགས་འཛིན་རིམ་པར་བྱོན་པའི་གནས་རྙིང་དང་། (༥༡ན)


GLG009_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱུད་ཀྱི་གདན་སར་ལུང་གིས་མཚོན་པའི་གནས་གཟིགས་གནང་ནས་ལུམ་པའི་གྲུ་བཏོན་ཕྱག་གཡོག་དམངས་མ་གཞུང་ལ་བཏང་སྟེ། དཔོན་སློབ་ཉུང་བསྡུས་ཤིག་གིས་རིགས་འཛིན་ཆེན་པོ་མཇལ་བར་ཕེབས་ནས་རྡོ་རྗེ་བྲག་ཏུ་བཞུགས་ཞག་གཉིས་གནང་རིམ་གྱིས་གུང་ཐང་དུ་བྱོན། གཙང་ལ་ཕེབས་རིང་གྲ་པ་གཞོན་པ་རྣམས་ལ་ཀློག་གྲྭ། བར་ཤར་བ་རྣམས་ལ་ཀུན་རིག་གི་ཕྱག་རྒྱ་འཆིང་ཚུལ་དང་དུང་ཆེན་སྦྱོང་བ་སོགས་ཞལ་བརྡ་གནང་བ་ཚོ་ཚུལ་ལྡན་བྱུང་མ་བྱུང་གི་རྒྱུགས་བཞེས་པར་དེར་རིན་པོ་ཆེ་ངག་དབང་ཡེ་ཤེས་གྲུབ་པ་དག་ཞིང་དུ་གཤེགས་པའི་ཞུགས་འབུལ་སོགས་གྲུབ་ནའང་མཆོད་འབུལ་ལ་སྣང་གསལ་དུ་ཕེབས་རྩིས་ལ་དབུར་སྟོད་ཕྱོགས་སུ་ཧོར་ཡན་གྱི་ཇག་ཆོམ་མང་བར་ཡབ་ཟུར་ཆེན་གྱིས་ཇག་ཆིངས་རྭ་རུ་མ་སྒྲུབ་པ་གནང་བར་མནལ་ལམ་དུ་མུན་པ་འཐིབས་པ་དང་སེར་བ་འབབ་པ་གཉིས་ཀ་བྱུང་བར་ཐུགས་དོགས་ཤར་རུང་བླ་མ་ལ་དད་པའི་གདུང་ཤུགས་ཀྱིས་ཐེ་ཚོམ་མེད་པར་ཕེབས་པས་ཕེབས་ལམ་དུ་ཧོར་རྟ་པ་བདུན་བརྒྱད་ཙམ་ཞིག་དང་མཇལ་ཡང་དྲི་བ་ཞུ་བ་ལས་ཉེར་འཚེ་མ་བྱུང་། བྱ་ཡུལ་མང་རའི་མདོར་རྟ་པ་སུམ་ཅུ་ཙམ་ཁད་ཉེར་འབྱོར་ཀྱང་དཔོན་སློབ་རྣམས་མ་མཐོང་བས་གདམས་པ་དང་མཚན་ལྟས་གཉིས་ཀར་ཐུགས་ཡིད་ཆེས། རིན་པོ་ཆེའི་དབུ་ཐོད་བམ་རིལ་ལག་མཐིལ་གྱི་རྒྱ་ཙམ་གྱི་དབུ་སྐྲ་ཡང་མ་ཚིག་པ་ཐུགས་ལྗགས་སྤྱན་གསུམ་གདུང་ལྕགས་གཅོད་དང་བཅས་པ་རྣམས་ལ་དངོས་བཤམས་ཀྱི་མཆོད་འབུལ་སྙན་དར། བླ་མ་དཀྱིལ་འཁོར་གྱི་གཙོ་བོར་བཞུགས་པ་ལ་གསོལ་འདེབས་དང་ཏིང་ངེ་འཛིན་གྱི་དབང་བཞེས་པ། བསྟན་འགྲོ་ཀུན་ལ་སྨན་ཡོན་དུ་འགྱུར་བའི་སྨོན་ལམ་མཛད། ཞག་ཤས་ཀྱི་(༥༡བ)


GLG009_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཞུགས་ནས་གྲ་རིས་རྣམས་དང་ཁམས་པ་གསར་རྙིང་གི་གསུང་གླེང་ཞིབ་རྒྱས་གནང་། རིན་པོ་ཆེ་ཀུན་དགའ་ཚེ་མཆོག་གི་ཕྱག་ནས་མའི་ཨོ་རྒྱན་རིན་པོ་ཆེའི་རྣམ་ཐར་ཞིང་བཀོད། ཕྱག་དཔེ་ཉེར་མཁོ་ཁ་ཡར། གདུང་སྐལ་གྱི་བྱིན་རྟེན་སོགས་བསྣམས་ལམ་ཞོར་དུ་རྣམ་རྒྱལ་ཆོས་རྫོང་དུ་ཕེབས། རིན་པོ་ཆེ་ངག་དབང་ཡེ་ཤེས་གྲུབ་པ་ཞབས་དྲུང་ཆོས་ཀྱི་གྲགས་པའི་དབུ་ལྷར་སོང་བའི་ཕྱོགས་འཕུལ་གྱིས་མི་མཉེས་པ་ཡོད་འདུག་གཤིས། ཁྱེད་ཚོའི་བླ་མ་སྣང་གསལ་བ་ཟངས་མདོག་དཔལ་རིར་འབྱོན་རྩིས་ཕྱག་མཛོད་པས་རྟ་མ་བསྐུར་བའི་ལམ་ལ་ལུས་པ་ཨེ་ཡིན་དབུ་སྐྲ་མ་ཚིག་པ་བཟང་ངན་ཅི་ཡིན་ཞེས་ཞེ་མ་གཤགས་གསུངས་པར། ཕེབས་ལན་དུ་དག་པ་ཡེ་ཤེས་ཀྱི་སྐུ་ཟངས་མདོག་དཔལ་རིར་འབྱོན་པར་ཆིབས་པའི་དགོས་བྱེད་མེད་པ་འདྲ། དབུ་སྐྲ་མ་ཚིག་པ་དེ་རིས་ཞབས་དྲུང་གོང་མ་རིན་པོ་ཆེ་རྣམ་རྒྱལ་ལའང་བྱུང་འདུག་པས་བཟང་ལས་ཆེ་ཞུས་པར་ཕྱག་མཛོད་པ་ཧོར་ཆེ་བརྒྱུད་ཀྱི་མི་ངོ་ལྦ་བ་ཅན་དེ་མ་དགའ་བའི་རྣམ་འགྱུར་ཆེན་པོ་བྱས་སྐད། འབྲི་གུང་ཞབས་དྲུང་དཀོན་ཅོག་རིན་ཅེན་ཡེར་པ་དང་ལྷ་སའི་གནས་མཇལ་ལ་བྱོན་པའི་ཚེ་ཐུགས་རྒྱུས་ཁོག་ནས་ཕྱག་ཆེན་ལ་ཤོག་གསུང་བ་བཞིན་ཕེབས་པ་པོ་ཏ་ལའི་མཆོད་ཁང་དམར་པོར་ནང་སོ་ནུབ་པ་བར་ཞབས་དྲུང་གིས་ཇོ་བོའི་གཡས་མཇལ་འདི་རང་ལ་དགའ་བ་བྱེད་པའི་རྒྱུ་མཚན་ཅི་ཡིན་དྲི་བ་གནང་བར་ཐུགས་ཀ་གཡས་ན་ཡིད་བཞིན་ནོར་བུ་བཞུགས་པས་ཡིན་པ་འདྲ་ཞུས་པའི་ལན་དུ། ཇོ་བོའི་སྐུ་ལུགས་མ་ཡིན་ན་ལུགས་རྒྱག་དུས་ཡིད་བཞིན་ནོར་བུ་ཐུགས་ཀ་གཡས་ལ་སོང་བ་སུས་མཐོང་སོགས་འབྲེལ་མེད་མང་པོ་གསུང་གི་འདུག་ཟེར་བ་དང་ངེད་དགའ་ལྡན་ཁང་གསར་དུ་བསྡད་ཡོད་པར་གླེང་བརྗོད་(༥༢ན)


GLG009_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་སྣང་། གླང་རའི་བར་ཆིབས་སྐྱེལ་མཛད་པས་བླ་མས་ཕྱོགས་དཀར་དང་རྒྱུས་ཡོད་ཐིགས་བྱུང་ཞེས་མཉེས་མཉེས་མཛད་ཅིང་ཞབས་དྲུང་ལ་ཕྱག་བཞི་པའི་དབང་སོགས་ཆོས་འབྲེལ་ཡང་གསན། སྤོས་དགར་ཟླ་གཅིག་ཙམ་གྱི་རིན་པོ་ཆེ་སྣང་གསལ་བའི་གདུང་རུས་ལ་མཆོད་འབུལ་དང་དྲི་མེད་བཤགས་རྒྱུད་ཀྱི་གསུང་སྒྲོག་ཆག་མེད་དུ་མཛད། དགའ་ལྡན་ཁང་གསར་དུ་ངོས་འཕྲད་ལ་ཕེབས་བྱུང་བར་དཔོན་སློབ་གླིང་སྨད་ཞབས་དྲུང་དང་གསུང་གླེང་ཞིབ་རྒྱས་ངོས་དཔོན་སློབ་རིན་པོ་ཆེས་རིན་སྤུངས་ཞབས་དྲུང་ངག་དབང་འཇིགས་གྲགས་ཀྱིས་མཛད་པའི་འཇིགས་མེད་སེང་གེའི་རྒྱུད་ང་རོ་དེ་བཟངས་སྡིངས་སྐུ་སྐྱེར་ཡོད་འདུག་པས་ཆོས་རྗེའི་དྲུང་གིས་གཡར་ནས་ཕྱག་དཔེ་བཤུ་བའི་མ་དཔེར་ཡོང་བ་མཛོད་ཅེས་ཕེབས་སྒོ་གནང་། དཀར་ཕིབས་ཆེན་མོར་གསོལ་ཚིགས་ཞུ་སར་སྐུ་མདུན་སྨན་ཐང་ནས་བློ་བཟང་རྒྱ་མཚོའི་ཕྱག་བྲིས་མའི་ཆ་འཕྲུལ་གྱི་ཐང་ཁ་བཀྲམ་འདུག་པ་ནས་ཤོག་དཔེ་འགའ་ཞིག་འཕྲལ་དུ་འབྲི་བ་གནང་སོང་བར་གནམ་ཡངས་ནས་ལྟ་མཁན་གྱི་དྲུང་འཁོར་མང་པོས་མཐོང་བས་ཕྱག་བདེ་བ་དག་ཐུགས་རྩོལ་ཆེ་བའི་དཔེར་འཛིན། དེ་ཡང་ཕ་རོལ་ཏུ་ཕྱིན་པ་ལྔའི་མདོ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ཁྱིམ་ན་གནས་ཏེ། འདོད་པའི་ཡོན་ཏན་ལྔ་རྣམས་ལ་བརྟེན་ཅིང་ལོངས་སྤྱོད་ལ། ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ཡང་སེམས་མི་བསྐྱེད་ན། དེ་ཙམ་གྱིས་ནི་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་འཆལ་པ་ཞེས་མི་བརྗོད་དོ། །དེ་ལྟར་འདིས་འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ལྷག་པའི་བསམ་པ་མ་དཀྲུགས་པའི་ཕྱིར་རོ། །ཚེ་དང་ལྡན་པ་གང་པོ་དཔེར་ན། མི་ལ་ལ་(༥༢བ)


GLG009_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཉེས་པ་མེད་པར་བཙོན་རར་བཅུག་སྟེ། དེ་བཙོན་ར་དེར་ལོ་མང་པོ་ལོ་བརྒྱ་ཕྲག་མང་པོ། ལོ་འབུམ་ཕྲག་མང་པོ་བཙོན་རར་བཅུག་ལ། དེའི་ལྷག་པའི་བསམ་པ་ཡང་འཁྲུགས་པར་མ་གྱུར། དེས་རྐུན་པོའི་སེམས་ཀྱང་མ་བསྐྱེད་དུ་ཟིན་ཀྱང་། དེ་བཙོན་རར་བཅུག་ན། དེ་ཙམ་གྱིས་ནི་དེ་རྐུན་པོ་ཞེས་བརྗོད་པ་མ་ཡིན་ནོ། །ཚེ་དང་ལྡན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་ཡང་ཁྱིམ་ན་གནས་ཤིང་འདོད་པའི་ཡོན་ཏན་ལྔ་རྣམས་ལ་ལོངས་སུ་སྤྱོད་པ་དེས། ཚུལ་ཁྲིམས་འཆལ་པ་ཞེས་བྱ་བར་མི་བརྗོད་དོ། །གལ་ཏེ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ཚངས་པར་སྤྱོད་པ་སྤྱོད་ལ། དེ་ཡང་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོ་ཞིང་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལྷག་པའི་བསམ་པ་ཡང་། འཁྲུགས་ན་དེ་ཙམ་གྱིས་ན་དེས་ཚུལ་ཁྲིམས་དང་ལྡན་པ་ཞེས་མི་བྱའོ། །གང་གི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་ཐོས་ཀྱི་ཚུལ་ཁྲིམས་ལ་གནས་ན། དེ་བྱང་ཆུབ་སེམས་དཔའ་ཞེས་མི་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན་འདི་ལྟ་སྟེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འགལ་བའི་ཕྱིར་རོ། །ཞེས་དང་། རིན་པོ་ཆེ་སྡུད་པ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་འདོད་ཡོན་ལྔ་སྤྱོད་ཀྱང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྐྱབས་སོང་སྟེ། །སངས་རྒྱས་འགྲུབ་བྱ་སྙམ་དུ་ཀུན་མཁྱེན་ཡིད་བྱེད་ན། །མཁས་པ་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་རིག་པར་བྱ། །ཞེས་སེམས་ཅན་གྱི་དོན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་བསླབ་པ་རྣམས་ལ་འདོད་ཡོན་རྣམས་གྲོགས་སུ་འགྱུར་བ། འོད་སྲུངས་ཀྱིས་ཞུས་པའི་མདོ་ལས། ཇི་ལྟར་གྲོང་ཁྱེར་སྐྱེ་བོའི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་པའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་(༥༣ན)


GLG009_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་ལུད། །དེ་ནི་སངས་རྒྱས་ཆོས་རྣམས་བསྐྱེད་ལ་ཕན། །ཞེས་གསུངས་པ་དང་མཐུན་པར། མདོ་སྡེ་ལས། བྲམ་ཟེའི་ཁྱེའུ་བླ་མས་ཚོང་དཔོན་གྱི་བུ་མོ་ལ་སྤྱོད་པས་ཚུལ་ཁྲིམས་ཀྱི་ཕར་ཕྱིན་རྫོགས་པ་དང་དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་མདུང་ཐུང་བསད་པས་བསྐལ་པ་གྲངས་མེད་དགུའི་ཚོགས་འདུམས་པར་བཤད་པ་སོགས་ཐུན་མོང་བའི་ཐེག་པའི་སྐབས་སུའང་གནང་བཀག་གི་ཁྱད་པར་ཆེས་མང་ཞིང་། སློབ་དཔོན་སེང་གེ་བཟང་པོས་བརྒྱད་སྟོང་འགྲེལ་ཆེན་དུ། བསྐལ་པ་གྲངས་མེད་པ་གསུམ་མམ་བཅུའམ་སུམ་ཅུ་རྩ་གསུམ་གྱི་བར་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་ཏེ་གདོང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་ཕ་རོལ་ཏུ་ཕྱིན་པ་ལ་ཡུན་རིང་པོར་ཚེགས་ཀྱིས་སངས་རྒྱས་སྒྲུབ་དགོས་ནའང་རྡོ་རྗེ་ཐེག་པའི་ཁྱད་པར་གྱི་ཆོས་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་འཚང་རྒྱ་བར་ནུས་པ། བཤད་རྒྱུད་སམྦུ་ཊི་ལས། །ཚེ་འདི་ཉིད་ལ་སངས་རྒྱས་སམ། །རྡོ་རྗེ་སེམས་དཔའ་ཉིད་ཐོབ་ལ། །ཞེས་དང་། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་ལེའུ་དྲུག་པ་ལས། སྐྱེ་འདིར་སངས་རྒྱས་མཆོག་ཉིད་དུ། །སེམས་བསྒོམས་པས་ནི་སངས་རྒྱས་སོ། །རིན་ཅེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་ཉེ་ལམ་ཁྱད་པར་ཅན་དུ་གསུངས་པའི་ཐབས་ཀྱང་རྩ་རྒྱུད་བརྟག་པ་གཉིས་པ། བཤད་རྒྱུད་སམྦུ་ཊ། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པ་རྣམས་མཐུན་པར། དགོད་དང་ལྟ་དང་ལག་བཅངས་དང་། །གཉིས་གཉིས་འབྱུང་དང་དེ་བཞིན་དུ། །རྒྱུད་ཀྱང་རྣམ་པ་བཞི་རྣམས་ཀྱི། །ཞེས་འདོད་ཆགས་ལམ་དུ་བྱེད་ཚུལ་མི་འདྲ་བ་བཞི་ཙམ་གསུངས་པའི་གཙོ་བོ་རྣལ་(༥༣བ)


GLG009_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་བླ་ན་མེད་པའི་སྨིན་གྲོལ་གྱི་རིམ་པ་ཡིན་པས། སྡོམ་གསུམ་དུ། དེས་ན་སྨིན་བྱེད་དབང་དང་ནི། །རིམ་པ་གཉིས་ལ་འབད་བྱས་ན། །དེ་ནི་ཚེ་འདི་བར་དོའམ། །སྐྱེ་བ་བཅུ་དྲུག་དག་ནས་འགྲུབ། །ཅེས་དབང་པོ་རབ་འབྲིང་ཐ་གསུམ་གྱི་ཁྱད་པར་གསུངས་པའི་ཚེ་གཅིག་གི་ལུས་རྟེན་ལ་གྲོལ་བར་བྱེད་པ་དབང་པོ་གཉིས་སྦྱོར་གྱི་ཕྱག་རྒྱའི་ལམ་ལ་བལྟོས་པས། སྤྱོད་བསྡུས་སྒྲོན་མེར། དེ་ལྟར་ཆ་རྐྱེན་མ་ཚང་བ་མེད་པས་ལེགས་པར་བསླབས་པའི་ཕྱག་རྒྱ་རྣམས་དང་ལྷན་ཅིག་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་སློབ་པར་བྱེད་པ་དག་གི་ཕན་ཡོན་བསྟན་པ་ནི། ཞག་བདུན་ཞེས་པ་ལ་སོགས་པས་གསུངས་ཏེ། དབང་པོ་རབ་ཀྱིས་དངོས་གྲུབ་ཀྱི་དུས་ནི་ཞག་བདུན་ནོ། །དབང་པོ་འབྲིང་གིས་ཟླ་བ་ཕྱེད་དེ་ཞག་བཅོ་ལྔའོ། །དབང་པོ་ཐ་མ་ཡིས་ནི་ཟླ་བ་གཅིག་གམ་ཟླ་བ་ཕྱེད་དང་གཉིས་ཏེ་ཟླ་བ་ཕྱེད་ཀྱིས་ལྷག་པའི་ཟླ་བ་ནི་ཟླ་བ་ཕྱེད་དང་གཉིས་ཏེ་དེས་དབང་པོ་ཐམས་ཅད་འགྲུབ་པར་འགྱུར་རོ། །ཞེས་སེམས་དབེན་གྱི་དཔེའི་འོད་གསལ་སྐབས་ངེས་པར་ལས་རྒྱ་ལ་བརྟེན་ནས་བདེ་ཆེན་གྱི་ཡེ་ཤེས་འདྲེན་དགོས་པ། རིམ་ལྔ་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་འདི་ལས་མཚོན་པར་འགྱུར། །འདོད་ཆགས་ཉིད་དང་ཆགས་བྲལ་དང་། །དེ་ཡི་བར་དོ་གསུམ་པོ་ནི། །དབང་པོ་ཉིད་ནི་མཉམ་སྦྱོར་པའི། །རྡོ་རྗེ་པདྨ་ལུས་ལས་སོ། །ཞེས་དང་། གསང་བ་གྲུབ་པ་ལས། །ལས་ཀྱི་ཕྱག་རྒྱ་མཉམ་ལྡན་པས། རྡོ་རྗེ་པདྨ་མཉམ་སྦྱོར་བ། །བདེན་པ་གསུངས་པས་མངོན་སུམ་དུ། །འདི་འདྲའི་སྒོམ་པ་གང་གསུངས་པ། །དང་པོའི་ལས་ཅན་སེམས་ཅན་ལ། །ལས་(༥༤ན)


GLG009_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱག་རྒྱ་གང་སྤོངས་ནས། །བྱང་ཆུབ་སེམས་ནི་རབ་སྟོན་པ། །གཞན་གྱིས་མཚོན་པས་མི་མཐོང་སྟེ། །དང་པོའི་ལས་ཅན་རིག་པར་བྱ། །ཞེས་མེད་དུ་མི་རུང་བའི་ལམ་ཉམས་སུ་ལེན་པའི་ཕོ་ཉའི་མཚན་ཉིད་ནི། མདོར་བཅས་ལས། དམེ་ཤ་ཅན་གྱི་བདག་ཉིད་ཆེ། །བུ་མོ་ཨུཏྤལ་མཐིང་ཁའི་མདོག །མིག་ཡངས་དམ་པ་རྙེད་ནས་ནི། །མཉམ་པར་བཞག་ཅིང་ལེགས་པར་བསླབས། །སྒྲུབ་པ་པོ་ལ་ཤིན་ཏུ་མོས། །ཞེས་གསུངས་ཤིང་། ཐེག་དགུའི་ཡང་རྩེ་ངེས་དོན་རྫོགས་པ་ཆེན་པོ་ཁྲེག་ཆོད་དང་ཐོད་བརྒལ་གྱི་ལམ་གཉིས་ལ་ལྟ་བ་དང་། སྤྱོད་པས་བོགས་འདོན་པའི་ཕྱི་མའི་སྐབས། ཀློང་གསལ་ཐེམས་ཡིག་ལས། དེ་དག་ཀློང་གསལ་སྙིང་ཁྲག་དྭངས་མའི་སྐོར། །མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས། །ཞེས་པའི་ནང་ཚན་ཟབ་ལམ་ཉི་ཟླ་ཁ་སྦྱོར་ལས། བདེ་བའི་རང་བཞིན་ཆགས་མེད་དབྱིངས་ན་རོལ། །ཀུནྟའི་དཔའ་བོ་རྩ་རླུང་བདེ་བས་ཚིམ། །ཞུ་བདེའི་རང་བཞིན་འཁོར་ལོ་ལྔ་ལ་རྒྱས། །ཞེས་གཞན་ལུས་ཐབས་ལྡན་ལ་བརྟེན་ནས་ཤིན་ཏུ་མྱུར་བའི་གསང་ལམ་ལ་བསླབས་པར་སྔགས་མཁར་ཕྱུག་པོ་གླིང་སྨད་པའི་དགེ་སློང་སོགས་དུ་མས་ཡོ་ག་སྒྲོག་པ་ནི། ནཱ་ལནྡར་རྣལ་འབྱོར་དབང་ཕྱུག་དགེ་འདུན་རྣམས་ཀྱིས་འབྱུང་བ་དང་། གྲུབ་པའི་དབང་ཕྱུག་དྲིལ་བུ་པར་གྲོང་ཁྱེར་བ་རྣམས་ཀྱིས་ཐལ་མོ་བརྡབས་པའི་ཚུལ་དུ་སྣང་ཞིང་། སློབ་དཔོན་དྲིལ་བུ་པས། ཨོཌྜི་བི་ཤའི་ཡུལ་གྱི་རྒྱལ་པོར། དངོས་རྣམས་ཡོངས་སུ་ཤེས་པའི་མཁས་པ་རྣམས་ལ་བརྙས་པར་མི་བྱ་སྟེ། དེ་ནི་རྩ་རྩེ་ཆུང་བ་བས་ཀྱང་ཆུང་བའི་འབྱོར་པ་རྣམས་ལ་ཆགས་པ་མིན། །རྒྱུན་མི་ཆད་པར་ཆང་འཛག་པ་ཡིས་འགྲམ་པ་ནག་པོར་གྱུར་པ་ལ། །གླང་ཆེན་རྣམས་ནི་(༥༤བ)


GLG009_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་སྐུད་པ་ཕྲ་མོས་ཁྱིག་པར་མི་ནུས་བཞིན། །ཞེས་པའི་དོན་དུ་མངོན། ཤིང་ཕག་ཕག་མོ་ལོའི་བཀའ་བརྒྱུད་ཕོ་བྲང་དུ་ཆོས་རྗེ་སྐུ་སྐྱེ་དགེ་བ་གཏེར་ཁའི་ཁྲག་ཞག་མ་ཐེམས་པར་སྦྱིན་བདག་གཅིག་གི་རྟེན་བཞེངས་ལ་རབ་གནས་མཛད་པ་བསྒུལ་བསྐྱོད་དང་། རོལ་མོས་ཉེན་བསླངས་གློ་བུར་ཏུ་གྲོངས་པའི་སྲེག་སྦྱངས་དང་རྟེན་བཞེང་གི་ཐིག་རྩ་ཞལ་བཀོད་གཟུངས་བཞུག་རབ་གནས་གནང་། བསྔོ་ཞུས་འབུལ་མིར་བྱ་ཡུལ་ནས་འབྲུག་པ་སྤྲུལ་སྐུ་དཔག་བསམ་དབང་པོས་དཔེ་ཆ་ཐམས་ཅད་ཐོ་ནང་བཞིན་ཟེགས་འཐོར་མེད་པར་བསྐུར་གསུངས་པར་བརྟེན། དེར་ཕ་བོང་ཁར་བསྡད་ཐོག་རྗེ་ཉིད་ཀྱིས་ཕྱག་བྲིས་དང་བཅས་རིན་སྤུངས་པའི་སྙན་ངག་གི་འགྲེལ་པ་བྱ་ཡུལ་ནས་རྩད་གཅོད་བྱུང་བས་དགོས་ཚུལ་ཕེབས་པ་བཤུས་གྲུབ་མཚམས་དང་འགྲིག་པའི་ཞུས་དག་གཏོང་ལོང་མེད་པར་འབུལ་དགོས་བྱུང་། དབྱར་གྱི་རིང་རྗེ་བླ་མ་འབྲས་སྤུངས་སུ་གདན་དྲངས། ངེད་ཟིལ་གནོན་གྱི་བསྙེན་མཚམས་ཤིག་བྱེད་ཀྱི་ཡོད་པའི་མཚམས་ཁོག་ཏུ་ཕེབས་ནས་གེགས་སེལ་བོགས་འདོན་དང་དམིགས་སྐོར་ལྗགས་ལུང་སོགས་ཆོས་འབྲེལ་ཁ་ཡར་ཞུས། ཕལ་ཆེར་ཉི་འོད་རྩར་བཞུགས་པའི་ཚེ་བདག་གི་ཞལ་ཐང་ཆེ་ཆུང་སོགས་ཕྱག་བྲིས་གནང་། འཇམ་དཔལ་མེའི་སྤུ་གྲིའི་ཕྱག་འཁྲིད་ཞིབ་པར་ཞུས། འཕན་ཡུལ་ཟ་དམ་གྱི་གཉེར་པ་སྟེང་གྲིབ་ཀྱིས་མནར་བའི་བྱིན་རླབས་ལ་བྱང་པ་རིགས་འཛིན་ཆེན་པོ་གདན་དྲངས་པ་མཁའ་རོག་གི་གྲུ་བརྒྱུད་ཕེབས་གཤིས་ཤན་ཁར་གུང་གི་དྲོ་འདེབས་པའི་རྙེད་བཀུར་རྒྱས་པར་གནང་། ཞབས་དྲུང་རིན་པོ་ཆེས་རྗེ་འདི་ཉིད་ཀྱི་སྙན་ལ་ཞལ་སྦྱར་ནས་གསུང་གླེང་མང་དུ་གནང་བས་དེར་འཁོད་རྣམས་དཔོན་སློབ་ཐུགས་ནང་གཙང་ཞེས་གླེང་བ་འཕན་(༥༥ན)


GLG009_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ནས་ཚུར་ལམ་previous hit ཡེརབྲག next hit་གསེབ་ཀྱི་གནས་གཟིགས་གནང་ནས་སྤོས་དགར་གདན་འདྲེན་མཛད། དེ་དགོང་འབྲོམ་སྟོད་གཞུང་གི་ཚེས་བཅུ་བ་ཚོར་ལེའུ་བདུན་མ་དང་བླ་མའི་རྣལ་འབྱོར་གྱི་ལུང་གནང་། མཚན་མོ་རྗེ་ཉིད་ལ་བྲག་སྟག་པའི་མན་ངག་སྒྲོན་མ་དྲུག་པ། ཕག་སྟོན་གྱི་རིན་པོ་ཆེ་འོད་འཕྲོ། སེ་སྟོན་པའི་མཆོད་རྟེན་གསལ་བྱེད་ཀྱི་སྒྲོན་མེ་རྣམས་ཀྱི་ལུང་། མངའ་བདག་ཉང་གི་བླ་མ་རྡོ་རྗེ་འཆང་། བྱང་གཏེར་གྱི་ཕུར་པ་སྲིད་གསུམ་བདུད་འདུལ་དང་སྲས་མཆོག་ཉི་མ་སོགས་སྐུ་ལ་བཅང་བའི་ནང་རྟེན་རྣམས་ཀྱི་མཇལ་ཀ་དང་ཆོས་སྨན་གྱིས་གཙོས་དམ་རྫས་བྱིན་རྟེན་གྱི་རིས་དང་བྱ་མང་ཕུག་གི་གཏེར་མའི་ཨོ་རྒྱན་ཆེན་པོའི་ཐུགས་དམ་སྡིག་པར་ཡང་ཁ་ཤས་བཏབ་ནས་གནང་། ནང་པར་དཔོན་སློབ་སུམ་ཅུ་སྐོར་ལ་ཚེ་གུར་སྦྲགས་མའི་བཀའ་དབང་སྩལ། དཔོན་སློབ་ཐུགས་ཡིད་གཅིག་འདྲེས་ལྟ་བུའི་དགྱེས་པར་གྱུར། ནང་པར་ལྷ་སར་ཆིབས་ཁ་བསྒྱུར་བར་རྒྱང་ཙམ་གྱི་བར་ཕེབས་སྐྱེལ་གནང་། ཟུར་ཆེན་གཞོན་ནུ་དོན་གྲུབ་ཀྱི་སྐུའི་ཚོགས་གསོག་ཏུ་དམིགས་པའི་previous hit ཡེརབྲག next hit་གསེབ། སྤོས་དགའ་བ། གར་ཕུ་དགོན། འབྲོམ་སྟོད་དགོན། སྡིངས་ཕུ་པ། ལྕགས་རྫོང་རྩ་བརྒྱད་པ་སོགས་ཆུ་བྱང་ཁའི་སེར་ཚོགས་ཀྱི་གྲལ་དབུ་བྲག་གསེབ་བླ་མ་གདན་དྲངས། བྱང་བརྒྱུད་ཀྱི་སྐྱེ་བོ་ཕོ་མོ་རྣམས་ལ་སྟོན་མོ་སྦྱིན་གཏོང་གིས་ཚིམ་པར་མཛད། སྤོས་དགའི་ཐུགས་ཁུར་བཞེས་རིང་བྲག་གསེབ་དང་སྤོས་དགའི་སྨན་བླའི་ཆོ་ག་བློ་ལ་གང་ཡོད་རྣམས་ཚོགས་པར་ལོ་ལོ་བཞིན་བདེ་གཤེགས་བརྒྱད་ཀྱི་མཆོད་པ་སྟོང་ཚར་བཙུགས། སྐྱིད་ཤོད་སྟོད་ཀྱི་སྔགས་པ་རྣམས་ཀྱིས་དཔའ་བོའི་བརྟན་བཞུགས་ཕུལ་བ་བརྟན་བཞུགས་ཀྱི་ཐོག་མ་ཡིན་འདུག་ཅིང་སྤོས་(༥༥བ)


GLG009_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

དགར་སྟན་ཆགས་རིང་བཞུགས་གདན་དེ་ག་འདིང་བ་གནང་ངོ་། །རིས་མེད་འགྲོ་བ་བརྒྱ་ཕྲག་ཕན་བདེའི་སྒོ། །ཐོག་མའི་རྟེན་འབྲེལ་འཕྲིན་ལས་ལྡེ་མིག་གིས། །མལ་ཡེར་གཡུ་བྲག་གདན་སར་ལེགས་ཕྱེ་ཚེ། །སྔ་དྲོ་དགོངས་ཁྱད་བཞིན་དུ་སྔོན་བྱུང་གསལ། །སྐུ་གསུམ་བསྙེན་པའི་དངོས་གྲུབ་བྱང་བདག་གིས། །ལུང་བསྟན་རིགས་འདུས་སྙིང་ཏིག་སྒྲུབ་པའི་དུས། །རྩི་སྨན་དྲི་བསུང་མངར་པོས་ཀུན་ཁྱབ་པ། །གཡུ་ཐོག་མགོན་དེ་སླར་ཡང་བྱོན་ཏམ་སྙམ། །དབྱིངས་རིག་དག་པའི་མཁའ་ལ་འོག་མིན་ཤིང་། །མངོན་སུམ་ཞི་ཁྲོར་འབྱམ་ཀླས་སྟག་མགོ་རྗེས། །བསྒོམས་ཉམས་དིང་འདིར་སད་པའི་གཟེངས་བསྟོད་གླུ། །རྗེ་བཙུན་བླ་མའི་མགུར་གྱི་བུམ་པར་བླངས། །ཞི་དང་ཁྲོ་བོ་ཀུན་འདུས་བཀའ་བརྒྱད་ལྷའི། །བགྲང་ཡས་དཀྱིལ་འཁོར་བྱེ་བའི་རིགས་སོ་སོར། །སྐལ་བཟང་གདུལ་བྱ་ཉེར་སྨིན་མཱནྡ་རའི། །ཅོད་པན་དབང་རྟགས་གཙུག་ཏོར་རྒྱན་དུ་མཛེས། །བཅུ་དྲུག་ཕྱེད་ཕྱེད་རྫོགས་པ་དགའ་བ་བཞིའི། །བདེ་ཆེན་ཀ་དག་དབྱིངས་སུ་ཟུང་འཇུག་པས། །བཅུ་གསུམ་ལམ་གྱི་བགྲོད་པའི་རྩེ་མོ་རུ། ཁ་སྦྱོར་བདུན་ལྡན་ལོངས་སྤྱོད་རྫོགས་སྐུར་བཞེངས། །འཐིབས་བུའི་སྒྲིབ་སྲབ་དད་པའི་སྐྱ་རེངས་མས། །རབ་དྲངས་མགོན་ཁྱོད་ཞབས་སེན་ཉི་འོད་ཀྱིས། །བདག་བློའི་པདྨ་ཐོག་མར་ཡོངས་བཞད་པའི། །བསོད་ནམས་བྱས་འབྲས་སྨིན་པའི་རྩེ་དགའ་རྒོད། །འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་སྐོར་དུས་ཕྱིས་དབུས་གཙང་གཉིས་ཀའི་རྙིང་མ་རིགས་རུས་དང་སྐྱེ་བའི་རློམ་སེམས་ཅན་ཕལ་ཆེར་གྱིས་ཆ་ཙམ་ཡང་མ་རྟོགས་ཤིང་ཤེས་པར་ཁས་འཆེ་བ་འདྲ་ཡང་ལོག་རྟོག་གི་ཟང་ཟིང་ལོ་ཁོ་ནར་གྱུར་པར་མཐོང་བས་བྱིན་རླབས་ཀྱི་ཆུ་བོ་མ་ནུབ་ཅིང་མན་ངག་ལ་ནང་བྱན་ཆུད་པ་འབྲི་གུང་ཞབས་(༥༦ན)


GLG009_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་དང་བྱང་བདག་རིགས་འཛིན་གཉིས་པོ་ལས་མེད་འདྲ་བས། དེ་གཉིས་གང་རུང་གི་དྲུང་དུ་ཆོས་བཀའ་རྣམས་གསར་པར་བབས་པ་འགབ་ཚུལ་གྱི་རྒྱུ་མཚན་གསོལ་ཞིང་དགོངས་པར་བསྟད་པའི་འབྲི་གུང་ཞབས་དྲུང་བྱེ་རི་སྟག་རྩེར་བཞུགས་གཤིས་སྐབས་སུ་བབས་པ་ཙམ་འདུག་རུང་འབྲི་སྟག་གཉིས་སྔར་ནས་སྒྲོབ་ཤིན་ཏུ་ཆེ་བའི་ཁར་གཙང་ནས་ལྕམ་ཕེབས་པའི་གཤིས་དྲུང་འཁོར་རྣམས་ཀྱིས་སྐུ་དབྱིངས་ཆེད་དུ་བཅོས་པ་འདྲ་མོའི་སྙན་འབུལ་ཞུ་ཁག་པ་ཙམ་བྱུང་དོགས་ཀྱིས་རྡོ་རྗེ་བྲག་ཏུ་ཕེབས་པར་ཐག་བཅད། སྟོན་གྱི་མེ་ཏོག་གྲུབ་བསྟུན་ཕེབས་རྒྱུར་སོག་པོ་ཨར་ས་ལང་དམག་ཁྲི་ཕྲག་ཙམ་དང་བཅས་འདམ་དུ་འབྱོར་པའི་སྟོད་སྨད་ཐམས་ཅད་གཡང་སྲག་ཆེ་བས་དགོན་ཕན་ཚུན་གྱི་ཉ་ལེན་དང་བཅས་སྐོར་ཅིག་ཕེབས་མ་ཐུབ། དགུན་སྨད་ཆིབས་ཁ་བསྐྱོད་དེ་ཞལ་གྱི་ཕུར་ཕེབས་སྐབས་ཨེར་ཁེ་ཇའི་སང་གིས་གཙོས་པའི་སོག་པོ་གཡས་རུའི་དམག་རྣམས་འབྲི་གུང་ནས་མར་འོངས་དམངས་མ་འཕན་ཡུལ་དུ་བརྫངས། ཉིས་བརྒྱ་ཙམ་ཞིག་ལྷ་ས་དང་འབྲས་སྤུངས་སུ་འོངས་པའི་ག་རེ་འབྲོམ་སྟོད་ཚོར་མེ་རྒྱག་ཤིང་བཤུས་ཚ་དམ་ཆེས་པས་ཡབ་འཁོར་ལོའི་དབང་ཕྱུག་གིས་ཐུགས་བློར་མ་ཆུད་ནས་གདན་འདྲེན་བཏང་བ་ལྟར་ལོག་ཕེབས་པས་རྔ་ཆེན་འཕྲང་དུ་སོག་པོ་དང་མཇལ་རུང་མ་མཐོང་བ་བཞིན་མིན་ནམ་སྐྱོན་དུ་མ་གྱུར། སོག་པོ་དེ་ཀར་སོག་གི་གྲགས་ཆེ་ཞིང་ཁྱད་པར་ཁོང་ཚོའི་བླ་མར་ཞྭ་དམར་རབ་འབྱམས་པ་བཟང་པོ་ཟེར་བ་ཡོད་པའི་སྟབས་ཟ་དམ་ནས་ཡེར་པ་ཕུ་མདའ་ཁྱབ་པའི་ལུགས་བྱས་འདུག་ཀྱང་། རྗེ་ཉིད་ཐུགས་བློས་མ་ཁེལ་བར་དགའ་ལྡན་ཕོ་བྲང་དུ་སྲུང་ཁ་དགོས་ཚུལ་ཞུ་བ་མཛད་པ་ལྟར་དར་ཁན་(༥༦བ)


GLG009_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཨེམ་ཇིའི་གཉེར་པ་ཤེས་རབ་བཀྲ་ཤིས་གནང་བ་དང་། མ་ནས་གཡས་རུའི་དམག་དཔོན་དེ་གྲུབ་མཐའ་དགེ་ལུགས་ཡིན་སྣང་བས་གནོད་པའི་རིགས་མ་བྱས་འདུག །ཨར་ས་ལང་གིས་གཙོས་པའི་སོག་མངས་ཡར་འབྲོག་ཏུ་ཡོད་པ་ཕྱོགས་ག་ལ་འགྲོ་འོན་མ་ཐིངས་པའི་གཤིས་འཐངས་མ་ཕྱེ་བར་སྟན་ཆགས་ངོས་འབྲས་སྤུངས་སུ་ཞག་བཅུ་སྐོར་ཞིག་བཞུགས་སར་ཕེབས། འཇམ་དཔལ་རླུང་སྒྲུབ་དང་འགོང་པོ་ཨར་གཏད་ཀྱི་ལུང་ཕྱག་འཁྲིད་ཞུས། ཧོར་ཟླ་བཅུ་གཉིས་པའི་མཇུག་ཏུ་ཐའི་ཇིས་གཙོས་པའི་དམག་རྣམས་གན་པ་ལ་རྒྱབ་ནས་འོང་སྐབས་སོག་པོ་ཁ་འཐོར་བ་མངས་པའི་སྲུང་ཁ་རྐྱང་པས་ཐུབ་རིས་མི་འདུག་རུང་། གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་དམག་བཟློག་སོགས་ཇག་ཆིངས་སྒྲིབ་ཤིང་གི་རིས་མཛད་པས་སྤོས་དགའ་དགོན་ལ་འབྲོམ་ཆུ་རིགས་ཀྱི་སྐྱེས་ཤིན་ཏུ་ཚན་ཆེའང་གནོད་པའི་རིགས་མ་བྱུང་། དམག་དུམ་ཞིག་གིས་ཐང་པའི་ཕུ་བརྒྱུད་བྲག་གསོབ་ལ་རྒྱབ་ནས་གཤོར་གོད་ཆེ་བར་བྱུང་བས་ཕུ་མདའ་གཡོག་གཤིས་ཡ་མཚན་དུ་འཛིན། མེ་བྱི་ཟླ་བ་དང་པོའི་ནང་དུ་ཆིབས་ཁ་བསྒྱུར་བའི་ཚེ་ཞབས་དྲུང་བླ་མ་རིན་པོ་ཆེ་དཔོན་སློབ་གཙང་ནས་སོག་བཟློག་སྒོ་གང་གཟབ་མཛད་དགོས་ཚུལ་ལ་བརྟེན། མཚམས་ལུང་དབང་ཆེན་དང་ཡང་རྫོང་དུ་གཤིན་རྗེའི་སྒྲུབ་པ་ལ་ཕེབས་པའི་ཡང་རྫོང་དུ་བཞུགས་པ་དང་འགྲིག །གཏེར་གསར་ལུང་བསྟན་དུ། དྲག་པོའི་བུ་མཆོག་དཔྲལ་སྨེ་ཅན༔ གནས་ཆེན་དྲག་པོར་ཟབ་གཏེར་སྦསཿ ཞེས་པའི་ཐོག་མའི་ཆོས་བཀའ་དྲག་པོའི་མཚན་ཉིད་ཚང་བའི་གནས་ཤིག་ཏུ་སྤེལ་དགོས་པ་བྱུང་ནས་དོལ་གྱི་ཕུར་གནམ་ས་གཉིས་ཀ་གྲུ་གསུམ་དུ་ཡོད་པ་ཞིག་ལ་རྗེ་གོང་མ་ཐུགས་ཐེ་ཚོམ་གནང་བའི་ལོ་རྒྱུས་དང་བཅས་ཡང་རྫོང་འདི་སློབ་(༥༧ན)


GLG009_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཆེན་པོའི་སྐུ་འཇམ་དཔལ་གཤིན་རྗེའི་དབེན་གནས། གནུབས་ཆེན་གྱིས་ཉེ་འབྱེད་རླུང་གི་འཁོར་ལོ་བསྐོར་བ་སོགས་མངོན་སྤྱོད་ཀྱི་ལས་སྒྲུབ་ས་ཡིན། ད་ལམ་ཀརྨ་གུ་རུའི་སྒྲུབ་པ་དང་འགྲིག་པ་རྟེན་འབྲེལ་ལེགས། སྐུ་མཚམས་མ་གྲོལ་བར་བཞུགས་གསུང་བ་བཞིན་ཕྱག་དཔེ་འདྲ་འབྲི་བ་དང་ཡང་རྫོང་གི་གནས་རྣམས་མཇལ་བ་མཛད་པས་གནུབས་ཆེན་གྱི་གཟིམས་ཕུག་ཏུ་ཚེ་བདག་གི་ཞལ་རས་རང་བྱོན་གསལ་བར་གཟིགས། བྲག་གི་དབར་ནས་རྡོའི་དུང་དཀར་རང་བྱོན་ཞིག་ཕྱག་ཏུ་འབྱོར། གྲུབ་ཐོབ་མེ་ལོང་རྡོ་རྗེ་དང་ཞང་གི་ཐུན་མོང་གི་གནས་དར་ཕུག་ཏུ་སང་ཕེབས་རྒྱུའི་ནུབ་གནས་བདག་ཀླུ་མོས་དགའ་བའི་རྣམ་འགྱུར་གཟིགས་སྣང་དུ་ཤར། གནས་སུ་ཕེབས་ཚེ་སྔོན་གྱི་བག་ཆགས་འགའ་ཞིག་སད། གྲུབ་ཐོབ་མེ་ལོང་རྡོ་རྗེའི་སྐུ་དང་ཞབས་རྗེས་སྤྱན་ལམ་དུ་ཐོགས་དུས་ཐུགས་མོས་ཤིན་ཏུ་ཆེ་བ་དང་གནས་འདིར་སྒྲུབ་པ་ལ་སྒྲིལ་ན་དགོངས་པ་ཐུན་མོང་མ་ཡིན་པ་ཤར། གནས་སྐོར་གྲུབ་པ་དང་སྐུ་མཚམས་འགྲོལ་གདོང་འགྲིག་པའི་སྒྲུབ་གཏོར་སྟེང་ནས་ཀརྨ་གུ་རུའི་སྲོག་གཏད་ཡོངས་རྫོགས་ལུང་བཅས། གནས་ཀྱི་ཁྱད་ནས་ཚེ་བདག་ལྕགས་འདྲའི་གཉེན་པོ་དོན་རྒྱུད་དང་དྲག་སྔགས་མཚོན་ཆ་ནག་པོའི་རྒྱུད་སོགས་ཆོས་ཚན་ཁ་ཤས་ཀྱི་ལྗགས་ལུང་གི་དབུ་བཙུགས། སང་ཉིན་ཞབས་དྲུང་རིན་པོ་ཆེ་རྡོ་རྗེ་བྲག་ལ་ཐེགས་ཞོར་སྒྲགས་སྔགས་གྲར་ཕེབས་རྩིས་ཀྱིས་གནུབས་ནམ་མཁའི་སྙིང་པོའི་ཐུགས་དམ་རྟེན་ཐུབ་ཆེན་གྱི་སྐུ་ལ་དར་དཀར་ཡུག་འདི་འབུལ་རྒྱུ་ཡིན་པ་ངེད་རང་རྙིང་མ་བ་ལ་མི་ཚོས་མི་ཤེས་པའི་མཐོང་རང་བྱེད་ཀྱི་འདུག་པས་ཁྱེད་ཀྱིས་ཐུགས་རྩོམ་དང་པཎྜི་ཏ་སོགས་མཛོད་གསུང་བ་བཞིན་རྗེ་ཉིད་ཀྱིས་ཕྱག་བྲིས་སུ་བཏབ། སྔགས་(༥༧བ)


GLG009_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

གྲྭར་སྒར་པའི་གཟིམས་ཆུང་དུ་གདན་དྲངས་དུས་ཀརྨ་པའི་བཞུགས་ཁྲིའི་ཆེ་བ་ཡིན་ཟེར་ནས་ཞབས་དྲུང་བླ་མ་རིན་པོ་ཆེར་ཁ་གང་མ་གཅིག་ལས་མ་བཏིང་བས་ཐུགས་དགྱེས་རྒྱུ་མ་བྱུང་ཞིང་ཐུབ་ཆེན་གྱིས་གཙོས་པའི་མཆོད་ཁང་རྣམས་ལ་ཕེབས་དུས་མགོན་ཁང་དུ་རྡོ་ནག་པོ་སྙིང་གི་དབྱིབས་ཅན་ཞིག་མགོན་པོ་བེར་ནག་གི་ཐུགས་ཡིན་ཟེར། མཇལ་ཀར་ཕུལ་ཚེ་སྔགས་འཆང་སྤོས་ཕོར་བས་ཀར་ལུགས་ལ་མཐུ་མི་ཡོང་བ་བདེན་པ་འདུག །ཆོས་སྐྱོང་སྐུ་གཤེགས་འདུག་ཅེས་གཤགས་ཁ་བྱས་སྐད། རྡོ་རྗེ་བྲག་ཏུ་ཟླ་བ་གསུམ་གྱི་བར་ཞབས་ཕྱིར་བཞུགས་ཏེ་ངེས་དོན་བདེ་འཇུག་གི་སྟེང་ནས་བཀའ་གཏེར་གྱི་དབང་གི་ཆུ་བོ་ཐམས་ཅད་གཅིག་ཏུ་འདྲེས་པའི་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་དབང་བཞི་ཡོངས་རྫོགས། ལྕགས་འདྲ་པད་གནུབས་ཀྱི་རིགས་སོ་སོར་མ་འདྲེས་པ། ལྕགས་སྡིག་ཆོས་སྡེ་རྣམས་ཀྱི་ལུང་མན་ངག །ཁྱད་པར་མཆོད་རྟེན་བཅས་ཆོག་གི་ཕྱག་ལེན་དམར་འཁྲིད་དུ་བསྟར། གཞན་ཡང་ཐུགས་སྒྲུབ་དྲག་པོ་རྩལ་གྱི་སྒྲུབ་པ་སྡེ་བརྒྱད་དང་སྡེ་དྲུག་གི་དབང་། ཆོས་ཚན་ཉེར་ལྔ་ཐེམས་ཅན་ཐེམས་མེད། དམར་ནག་གཤིན་རྗེའི་ཡང་སྙིང་མཐུ་སྟོབས་དྲེགས་པའི་རྒྱལ་པོ། གནུབས་ཀྱི་ཤོག་རིལ་དགུ་པ་སོགས་གདམས་པ་ཟབ་དགུ་གནང་འཕྲིན་ལས་ཆེ་ཞིང་ལྗགས་ཀློག་དལ་བ་སོགས་ནས་འཕྲོ་ལུས་དོགས་ནས་གལ་ཆེ་བ་རྣམས་སྐུ་དངོས་དང་གཞན་མ་བླ་མ་ཨཾ་ལྗག་པར་ཞུས་ན་ཇི་ལྟར་ཡོང་སྙན་དུ་གསོལ་བར་ཚང་མ་ངེད་རང་གིས་ཐུབ་པར་བྱེད་པས་གཏན་ནས་མི་འགབ་ཕེབས་པ་དེ་དུས་དོགས་པ་མ་ཤར་ཡང་རྗེས་སུ་སྔགས་འཆང་ངག་དབང་ཕུན་ཚོགས་ཀྱིས་དཔོན་སློབ་བར་དུ་སེལ་ཅུང་ཟད་ཡོད་པ་དེ་ལ་དགོངས་འདྲ་ཟེར། དགོངས་པ་མ་ཁྲོལ་(༥༨ན)


GLG009_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བར་ལྷོ་བྲག་མཁར་ཆུར་འབྱོན་ཉིན་དབུ་ཞྭ་ཡང་བརྡབས་ཞེས་པ་མི་བདེན་ལས་ཆེ། བདེན་ན་མ་ཞུས་པ་སྐབས་སུ་བབས་པ་བྱུང་འདུག་གསུང་། གནམ་ལྕགས་ཨུར་མོའི་དཔེའུ་རིས་གཞུང་གི་ཤུགས་བསྟན་ཟབ་ཁྱད་ཅན་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་ཕྱག་དཔེའི་སྟེང་ནས་ཟུར་རིགས་འཛིན་པས་འབྲི་གུང་རྩེ་བར་ངོས་བཤུས་མཛད་པ་སྤྱན་ལམ་དུ་ཕབ་པས་འདིའི་དཔེ་ཆ་འདིར་ཡོད་པ་དེ་བོར་ནས་མ་རྙེད་པ་ད་ལམ་བུ་ཡིག་བསྣམས་བྱོན་པ་དངོས་གྲུབ་རང་དུ་བྱུང་ཞེས་དགྱེས་པ་ཆེན་པོས་ཚར་གཅིག་བཤུ་བ་གནང་ཞིང་། རིགས་འཛིན་ཆེན་པོ་འཕྲང་འགོ་ཤེལ་གོང་དུ་ཕེབས་པའི་ལམ་དུ་རང་འཐག་ཡ་ཁོད་ཅིག་འདུག་པར་ཆིབས་ཁ་བསྐྱིལ་ནས་སྟེང་འོག་གི་འཁོར་ལོ་སྤྲོད་ལུགས་སོགས་ཀྱི་ངོ་སྤྲོད་ཞིབ་ཏུ་གནང་། འདི་ལོ་གཙང་སྡེ་སྲིད་ནས་བསྐུལ་ལྕག་མཛད་པ་རྣམས་སུ་མ་ཟད་རྙིང་མ་བ་ཐམས་ཅད་དད་བླངས་ཀྱིས་ཧཱུྃ་རུབ་ཕཊ་རུབ་དང་། ལྷག་ཏུ་བྱེད་པ་རིགས་འཛིན་ཆེན་པོས་སོག་པོ་འདི་པས་གཙང་པོ་ལྷོ་ཁར་འདོན་པ་སོགས་སྔར་མ་གྲགས། བོད་ཀྱི་ལྷ་མི་ཐམས་ཅད་ལ་བརྙས་གསུངས་ཤིན་ཏུ་མི་དགྱེས་པའི་དགུ་གཏོར་ཁྱབ་འཇུག་གི་འགྱུ་དུས་ཐམས་ཅད་བྱང་ལ་འཕེན་ཞིང་དབུ་ཞྭ་བརྡབས། གདབ་ལས་ཀྱི་ཚེ་མིང་འབོད་སོགས་ཧོར་བཟློག་ལ་ཤིན་ཏུ་བརྩོན་པར་གནང་། བཀའ་ཆོས་ཀྱི་སྲུབས་དབར་ཚོར་བལ་པོ་རྡོ་བརྐོས་པས་བཞེངས་པའི་རྒྱ་གར་གྱི་རིགས་འཛིན་བརྒྱད། བོད་ཀྱི་གྲུབ་ཆེན་དགུ། གནྡྷོ་ལ་རྣམས་ལ་གསེར་ཆབ་སྒྲོན་པ། ཐུགས་དམ་ཙག་ལི་བཞེང་དགོས་པའི་སྟབས་མཚན་མོ་མར་མེ་ལ་སྒོར་གྱིས་ཕྱག་དཔེ་འབྲི་བ་སོགས་ཀྱིས་སྤྱན་མཉེལ་བར་ཚུར་ཕེབས་གདོང་(༥༨བ)


GLG009_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་འཛིན་ཆེན་པོའི་བཀའ་ལས། བསྟན་པ་ལ་ཨེ་ཕན་དགོངས་པའི་ཐུགས་རུས་ཆེས་ན་ཕུགས་སྤྱན་ལ་སྐྱོན་ཡོང་བས་ཐུགས་ཟོན་མཛོད་གསུང་བའི་བསླབ་སྟོན་དང་། ཉིད་ཞང་གི་གདན་སར་བཞུགས་པ་ལ་མཁོ་ཆེ་བ་ཡོང་བས་བླ་མ་ཞང་གི་སྐུ་མར་པ་ལྷ་སྐལ་མ་གཡས་རུ་བྱང་པའི་རྟེན་གཙོ་འདི་འབུལ་གསུངས་ནས་གནང་། ཚུར་ཕེབས་ནས་སྤོས་དགར་ཡབ་སྲས་གཉིས་དང་རྒྱལ་སྔོན་ཨ་ཁུ་པདྨ་གསུམ་གྱིས་འཁོར་ལོ་རྣམས་ཀྱི་དཔེའུ་རིས་བཞེངས། སྒོ་ཚང་ནང་པ་ལགས་རིགས་འཛིན་སོགས་ཀྱིས་ལྕགས་སྡིག་གི་གླེགས་བམ་བྲིས། དེ་དུས་ངེད་འཕན་ཡུལ་ལྷ་ཁང་ན་བསྡད་ཡོད་པར་རྗེ་ཉིད་ཀྱི་ཕྱག་བྲིས་དང་ལྕགས་འདྲའི་གླེགས་བམ་ཕྱེད་ལྷག་ཙམ་ཞིག་བཤུ་བའི་མ་དཔེར་གནང་། དབྱར་དགེ་འཕེལ་དུ་འབྲུམ་འཛེམ་ལ་ཡོད་ཐོག་ལྕགས་སྡིག་བྱང་པའི་བླ་དཔེ་དང་བུ་ཡིག་གཉིས་ཀ་གུང་ཐང་ནས་སྐྱེལ་མི་གནང་བ་བུ་ཡིག་མ་དཔེར་ཕྱག་ཚགས་དང་མ་དཔེར་ཆོས་རྒྱལ་བྱང་པའི་བླ་དཔེ་ཡིན་པ་གྲས་ཁ་བྲིས་ཤོག་ཚང་མར་གཟིགས་འཇུག་ངོས་ཕྱིར་བསྐུར་གསུང་བར་དགེ་སློང་གཉེར་པས་དཔེ་ཆ་གཅེས་པོ་ཡོད་ན་ཆུ་མོ་འདི་འདྲ་ལ་བསྐུར་ནས་ཆུ་ལ་གཤོར་ན་མི་ལ་སྤྲོད་རྒྱུ་མེད་པར་ཅི་དྲག་གང་དྲག་ཡོང་ཟེར་ཉམས་འཆར་བྱེད་སྣང་། ངེད་རྒྱལ་དུ་འབྲུམ་འཛེམ་ལ་ཟླ་བ་དྲུག་པའི་ནང་དུ་འགྲོ་དགོས་ཤར་བས་རྗེ་བླ་མ་འགྱངས་མེད་ཕེབས་དགོས་པའི་ཞུ་འཕྲིན་ཕུལ། ཧོར་ཟླ་དགུ་པའི་ནང་དུ་དཔོན་སློབ་རྣམས་ཀྱི་ཕྱག་ཕྱིར་དབུ་མཛད་དོན་གྲུབ་བཀྲ་ཤིས་དང་བཅས་ཆོས་འཁོར་རྒྱལ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་ཕེབས། ཟླ་བ་ལྔ་ཙམ་གྱི་བར་བཞུགས། དབང་ལུང་མན་ངག་ཇི་སྙེད་དང་ཁྱད་པར་བཅས་ཆོག་ཆེན་མོའི་ཕྱག་ལེན་དང་དབང་(༥༩ན)


GLG009_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་མན་ངག་མཐའ་དག་ཤིན་ཏུ་ཞིབ་པར་ཞུས། འབྲུག་པ་སྤྲུལ་སྐུས་སྒྲོན་མ་དྲུག་པ་གནམ་ལྕགས་འཕྲུལ་གྱི་ལྡེ་མིག་ཏུ། ཀཀྞི་འདོམ་གང་གྲུ་བཞི་བརྩིག །ཅེས་པ་མ་གཟིགས་པར་ནག་པོ་ཁྲུ་གང་བང་རིམ་བཞི་ཞེས་པའི་ཚོགས་ལ་འཁྲུལ་ནས་སྲོག་ཤིང་ལ་མདའ་ཚད་མི་དགོས་གསུང་བས་མཚོན་རྫ་ཚིག་ལུང་མ་དྲོས་ཚོར་དཔགས་ཀྱང་ཆོས་འདི་ཤེས་པ་རང་གི་སར་གཏུག་པ་གནང་བ་ལེགས་འདུག་བསམ་པ་ཤར། དཔེའུ་རིས་པོ་ཏིར་ལོངས་པའི་ཕྱག་བྲིས་གནང་། ལྷུན་གྲུབ་དགའ་བའི་ཚལ་གྱི་དེ་ཝཱི་ཀོ་ཊིར་དཔལ་ལྡན་དམག་ཟོར་མའི་རྟེན་མདོས་འཛུགས་པ་མཛད། སྐྱིད་ཤོད་དུ་ཕེབས་གདོང་ངེད་ཀྱི་ཟླ་བོ་སྡེ་པ་འཕྲིན་ལས་རྒྱ་མཚོས་བྱས་ནས་བྱེད་རྩིས་ཀྱི་ལྔ་བསྡུས་སྒྲ་གཅན་དང་ནག་རྩིས་རགས་རིམ་ཙམ་ཞུས་བཀའ་གདམས་གླེག་བམ་གྱི་ཞུ་ལན་ནོར་བུའི་འཕྲེང་བའི་ལུང་དགོས་གསུང་བ་ཕུལ། རྒྱལ་ནས་ཕྱིར་ཕེབས་ཞོར་ཆོས་འཕྲོ་དོགས་གཅོད་འདྲ་དང་བཅས་རྡོ་རྗེ་བྲག་ཏུ་ཞག་ཁ་ཤས་བཞུགས་རྩིས་ལ་འཕྲང་འགོ་ཕྱོགས་སུ་འབྲུམ་པ་མཆེད་དག་ཅིང་ཕྱག་གཡོག་རྣམས་ཀྱིས་མཐོང་བ་མ་ཐར་བ་དང་ཨར་ས་ལང་གི་ཕ་ཆོག་ཐུའི་དཔོན་མོ་ཞིག་འདས་པའི་དགེ་རྩ་མོ་རང་གི་ཁ་ཆེམས་བཞིན་གྲུབ་མཐའ་རིས་མེད་ཀྱི་བླ་མ་མང་པོར་འབུལ་རྒྱུ་བསྐུར་འདུག་པ་རྡོ་རྗེ་བྲག་ཏུ་ཕུལ་བ་རྣམས་ཡར་སྟོད་བཀྲས་རབ་ཀྱི་ས་ཆའི་ཞུ་རྟེན་ལ་སོང་བའི་ཐུགས་མཁོ་དང་དྲག་ལས་གནང་བའི་དམ་སེལ་གྱི་ལྕོག་སྒང་བའི་གྲ་པ་མང་པོ་འབྲུམ་མཇུག་སྟེང་གྲིབ་ཀྱིས་བྱས་པའི་ཞབས་དྲུང་རིན་པོ་ཆེ་ཐུགས་ངལ་བ་སོགས་ཕྱོགས་དུས་གནས་སྐབས་ཐམས་ཅད་ནས་མདོར་བསྡུས་པའི་རྒྱུར་བརྟེན་ཞག་གསུམ་ལས་མ་བཞུགས་པར་གོ་བོར་(༥༩བ)


GLG009_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་གུང་ཐང་དུ་ཕེབས། དགུན་ཟླ་གསུམ་གྱི་རིང་འབྲུམ་ནད་མཆེད་སྐབས་སྦྱིན་བདག་གྲ་རིས་ཚོར་ཕན་ཐོགས་མ་བྱུང་ཞེས་རེ་འཁང་ཐོར་བུ་ཞུས་སྣང་། ཆུ་ལྷོ་ཁའི་དགོན་སྡེ་རྣམས་ཀྱི་རེ་འདོད་བསྐང་ནས་སྤོས་དགར་ཕེབས། འབྲོམ་ཆུ་བརྒྱུད་སོགས་བྱང་ཁ་བ་ཚོས་མཇལ། དུས་རྒྱུན་དུ་འཕྲིན་ལས་ཆེ་བའི་ཁར་འདི་དུས་ཐོར་ནད་སྟབས་ནས་གསོན་པོའི་རིམ་གྲོ་སྲུང་བ། གཤིན་པོའི་ཡར་འདྲེན་སོགས་ཀྱི་ཐུགས་བྲེལ་ཤིན་ཏུ་ཆེ་བ་བྱུང་། མེ་གླང་ལོ་འདི་ཆར་ཞོད་ལྷག་པར་ཆེ་བས་བྲག་སྒོ་ཀཀྞི་ཞིག་ཏུ་ཉེ་བར་སྡེ་པ་བསོད་ནམས་རབ་བརྟན་གྱི་ཕེབས་སྒོ་བཞིན་ལྟོ་འཕྱེའི་ཐིག་དང་ས་འདུལ་ལ་ཕེབས། མཆོད་རྟེན་གྱི་ཐིག་རྩ་དང་ཞལ་བཀོད་ཟུར་ཆེན་གཞོན་ནུ་དོན་གྲུབ་ཀྱིས་མཛད། རྡོར་དབྱིངས་ཀྱི་དཀྱིལ་འཁོར་རྗེ་བླ་མའི་ཕྱག་བྲིས་དང་ཕྱོགས་མཚམས་ཀྱི་དཀྱིལ་འཁོར་བརྒྱད་གཞིས་ཀ་ཤར་ནས་ལགས་ཀུན་དགས་བྲིས། གཙང་ནས་སོག་བཟློག་ལ་ལྷ་སར་རྗེ་ཉིད་ཀྱིས་ཁྲོ་རོལ། རྒྱུད་སྟོད་སྨད་ནས་དྲུག་ཅུ་པ། སེར་འབྲས་ནས་དགེ་འདུན་ལྔ་བརྒྱ་ཙམ་གྱིས་རྒྱབ་ཆོས་དང་བཅས་སྐུ་རིམ་གནང་། ཟླ་བ་བརྒྱད་པའི་ཚེས་བཅུ་ལ་ཕ་བོང་ཁར་རྡོ་རྗེ་འཆང་དག་པའི་ཞིང་དུ་གཤེགས་པར་ཉི་ཐང་སློབ་དཔོན་དྲུང་འཚོ་བ་དང་དཀའ་བཅུ་འཕྲིན་ལས་ཕུན་ཚོགས་གཉིས་མོལ་བསྡུར་ངོས་རྗེ་བླ་མ་མ་ཕེབས་པར་གསང་རྩིས་ཀྱིས་དགེ་སློང་འཕྲིན་ལས་ཆོས་རྒྱལ་གདན་འདྲེན་ལ་བཏང་བ་བཞིན་འཕྲལ་དུ་ཕེབས་སྔར་ནས་གསུང་འཕྲོས་ཀྱི་ལྷོངས་ལ་རིག་འཛིན་རཏྣ་གླིང་པའི་ལུང་འདྲེན་དང་བཅས་བྱ་སྤྲེལ་ལྕགས་ཁམས་ཡིན་ཞིང་། ཁྱད་པར་ལྕགས་ཀྱི་བྱ་སྤྲེལ་མེ་ལ་སྲེག་མི་རུང་བས་ཐོག་མར་ནང་བཞུགས་བྱས་ན་ཉེས་པ་སེལ་བའི་ཕེབས་སྒོ་ཡང་ཡང་གནང་བ་ཐུགས་ལ་བཅགས་ཏེ་ཞག་བདུན་(༦༠ན)


GLG009_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་ལ་བཞུགས་རིང་གསུང་ཆོག་དང་མཆོད་འབུལ་མཛད། ཐུགས་དམ་གྲོལ་རྗེས་གཟའ་སྐར་དང་བསྟུན་པའི་ཚེས་ཉི་ཤུའི་དགོང་མོ་སྐུ་གདུང་རིན་པོ་ཆེ་ཆུད་མི་འཛའ་བའི་ཕྱག་ཚགས་དམ་པར་མཛད་ནས་རིན་པོ་ཆེའི་སྒྲོམ་བུ་བཅུག་སྟེ་ནང་བཞུགས་སུ་མངའ་གསོལ། ལོ་མ་གསར་རིང་རྗེ་ཉིད་ནས་གདུང་ཡིད་བཞིན་ནོར་བུའི་དྲུང་དུ་ཉིན་རེ་བཞིན་མཆོད་པ་ལྔ་ཚར་ཆག་མེད། གདུང་ཆོག་པ་ཚོར་ཉིན་འཁྱོངས་ཀྱི་ཞབས་ཏོག་གདུང་འབུལ་རྒྱས་པར་མཛད། ས་སྟག་ཤར་ནས་ཞུགས་འབུལ་མཛད་པའི་སྔོན་དུ་གྲུབ་རྩིས་ཀྱིས་དངུལ་གདུང་བཞེང་བའི་ཐིག་རྩ་བཟོ་བཀོད་གཟུངས་བཞུགས་རབ་གནས་ཀྱི་བར་ཕལ་ཆེར་ཕ་བོང་ཁར་བཅད་བཞུགས་གནང་ནས་ཕྱག་བསྟར། ཆོས་ལུང་མདོ་སྤྱིལ་གྱི་དགོན་པ་དགའ་ལྡན་ཕོ་བྲང་ནས་གནང་བ་ལྟར་རྩིས་བཞེས། ཆོས་ཁྲི་ལྷོ་ལྕོག་གཉིས་ཀར་བླ་བྲང་དང་འདུ་ཁང་བརྟེན་ཐུབ་མེད་ཅིང་གྲ་ཚང་གི་མིང་སོ་སོར་བཏགས་ཀྱང་དོན་ལ་ཤོགས་ཆུང་བས་གཅིག་ཏུ་བསྒྲིལ། བླ་བྲང་འདུ་ཁང་གསར་བཞེང་གི་ཆར་བླ་བྲང་གི་ཕྱག་འདེབས། སྒྲིབ་ཀྱི་ཤས་ཡོང་གྲ་ཚང་གཉིས་རང་གི་གཤས་བོགས་རྣམས་ལོ་སྔ་མ་ཚོ་ནས་ཟུར་དུ་བསགས། རྗེ་ཉིད་ཀྱིས་དགའ་ལྡན་ཞོལ་ཐར་རྒྱས་ནས་སྒྲིབ་ཀྱི་བར་ལ་མེ་ཏོག་མཛད་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིལ་ཏེ་དཔོན་པོ་དགེ་འདུན་བསོད་ནམས་དང་དཀོན་ཅོག་རྒྱ་མཚོ་གཉིས་ལ་རྩིས་སྤྲད་ནས་དོ་དམ་བཅོལ། ཆོས་ཁྲིའི་བླ་བྲང་རྙིང་པའི་སྟེང་ན་སྤྱིལ་བུ་ལྔ་ཙམ་བསྣན་ཏེ་རྒྱ་ཁྱོན་ཆེ་བ་མཛད་རྩིས་ས་སྟག་ཟླ་བ་གཉིས་པའི་ནང་དུ་ཡབ་སྲས་ལྷན་དུ་ཕེབས། སྤོམ་གཏའ་སོགས་རྩིས་དཀར་ནག་ལས་བྱུང་བའི་བཅོས་ཀ་རྒྱས་པར་མཛད་ནས་ཧོར་ཟླ་གསུམ་པའི་གཟའ་སྐར་བཟང་བར་རྩིག་རྨང་ཁྲིད་དེ་ཨར་(༦༠བ)


GLG009_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བཙུགས། མི་རིང་བར་དགའ་ལྡན་ཁང་གསར་དུ་གདན་དྲངས་འབྲས་སྤུངས་མཆོད་ཁང་ཆེན་པོར་བཞུགས་པའི་བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་ཐིག་རྩ་དང་ལྗགས་བཀོད་ལཉྪ་དང་ཇོ་བོ་ཤཱཀྱ་མུ་ནིའི་དབུ་རྒྱན་ཞིག་གསོས་ཀྱིས་ཟོང་འཕུལ་གྱི་ཕྱག་བྲིས་སོགས་གནང་ཞིང་། སྔར་ངེད་རང་དང་སྡེ་པ་འཕྲིན་ལས་རྒྱ་མཚོ་གཉིས་ཀྱིས་རྒྱལ་དུ་བསླབ་སྦྱང་ཞུས་པའི་འཕྲོ་མཐུད་གྲུབ་རྩིས་ཀྱི་ལྔ་བསྡུས། བྱེད་གྲུབ་ཀྱི་མགྱོགས་རྩིས། ལོ་འཕོ་ཟླ་འཕོ། གཟའ་ལྔ་ཚེས་སྤྱོད་དང་ཉིན་ཞག་གི་རྩ་སྒྲུབ། ཉིན་ཞག་མའི་མགྱོགས་རྩིས། དུས་སྦྱོར་དུ་མ་དྲུག །སྟོང་འཇུག །ཞག་གསུམ་རྣམས་དབྱེ། དབྱངས་འཆར། ལྟོ་འཕྱེའི་ཐིག་རྩ་རྣམས་ཞིབ་པར་ཉན། སྟོད་རྒྱུད་ཞལ་སྔ་ནས་བཟང་གྲོང་པ་སོགས་ལྷ་ས་སྐོར་དུ་སྟེང་གྲིབ་ཀྱི་གནོད་པ་སྣ་ཚོགས་བྱུང་བར་སྲུང་བཅོས་བྱིན་རླབས་མང་དུ་གནང་།དབྱར་སོས་ཆོས་ལུང་ཚེས་བཅུ་བ་རྣམས་ཀྱིས་དབང་གཞི་བཏེག་ནས་དགོན་པ་སྟེང་ཤོད་དུ་ཁྲོམ་དབང་སྩལ། གུང་ཐང་མཁར་ལས་གྲ་རིགས་རྣམས་མ་གཏོགས་མི་ལག་ཉུང་པའི་འོལ་ཆུང་བར་བརྟེན་ལས་གཡོར་ཡོང་དུ་རེ་བའི་བྱི་རི་སྟག་རྩེར་འབྲི་གུང་ཞབས་དྲུང་རིན་པོ་ཆེ་ཆོས་ཀྱི་གྲགས་པའི་དྲུང་དུ་ཕེབས་ནས། སྣང་རྩེ་གཏེར་སྟོན་གྱི་ལུང་བསྟན་དུ༔ ཞོ་སྟོད་ནང་ནས་འབྲི་ཡིས་གད་བདར་བྱེདཿ ཚལ་ཐང་རྩེ་ན་མངའ་ཐང་བསྐྱེད་པར་འབྱུངཿ ཟེར་བ་འདི་འབྲི་གུང་ནས་ཐུགས་ཁུར་བཞེས་པའི་ཚལ་གུང་ཕྱོགས་སུ་ཞིག་གསོས་གནང་ན་འབྲི་གུང་པའི་ཆོས་སྲིད་ལ་ཕན་པ་ཡོད་འདྲ་བའི་རྒྱུ་མཚན་འཇེབས་ཆགས་པ་འབུལ་བ་གནང་ཡང་རྫོང་གི་གཞིག་གསོས་སོགས་བྱེད་སྒོ་མངས་པའི་འུ་ལག་གི་མཐུན་རྐྱེན་མི་ཐུབ་ཅེས་ཞལ་གྱིས་མ་བཞེས་པ་ཐུགས་ལ་གནང་མ་འདོད་པ་རང་ཡིན་ཤས་མ་ཁ་རུང་སྟག་རྩེས་(༦༡ན)


GLG009_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གཙོས་པའི་ས་སྨད་རྣམས་གཙང་པའི་ལྕམ་སྐུ་དབང་བཙན་གཤིས་འབྲི་གུང་ནས་དོན་དུ་ཐུགས་དབང་འདུས་པའི་ལས་གཡོར་གནང་ཐབས་ག་ལ་བདེ། མ་ནས་སྔར་ཆོས་རྒྱལ་རིན་ཅེན་ཕུན་ཚོགས་རྒྱ་མ་ཁྲི་ཁང་གི་གྲོ་བོ་ལུང་དུ་མེ་ཏོག་འཐོར་ནས་ལོ་ངོ་གསུམ་བར་གསང་སྒོ་བྱས་དུས་གལ་ལ་ཧོར་དང་ལྕང་འཇིག་པ་སོགས་བློན་པོ་རྣམས་ཀྱིས་མངའ་རིས་རིགས་འཛིན་ཆེན་པོ་དང་སྣང་རྩེ་གཏེར་སྟོན་གཉིས་ལ་ཞབས་དྲུང་སྐུ་བདེ་དོག་གི་བརྟག་པ་ཞུས་པར་རིགས་འཛིན་རྗེས་སྐུ་ཁམས་མཐར་ཐོན་མི་ཡོང་བའི་ཕྱོགས་དང་། སྣང་རྩེ་ནས་སྐུ་རིམ་ཕབ་པའི་སྐུ་ཁམས་བཟང་བ་ཡོང་མ་བྱུང་ན་ང་གཏེར་ཆོས་ལག་ཏུ་མི་ལེན་ཞེས་ལུང་བསྟན། གསང་སྒོ་འགྲོལ་གདོང་སྣང་རྩེ་ནས་བརྟན་བཞུགས་འབུལ་བར་བྱོན་པ་སྐུ་གདུང་ནང་བཞུགས་བྱས་སར་བཏང་ནས་ཡོལ་བ་བསལ་བས་སྡེ་པ་སྣང་རྩེ་བ་ཞལ་སྐྱེངས་ཏེ་ཨོ་རྒྱན་པདྨས་ང་བསླུ་བ་ཞིག་ཡིན་ཞེས་གསུངས་པ་སོགས་ཀྱིས་འབྲི་གུང་ཕྱོགས་སུ་ཁོང་པར་ཡིད་བརྟན་ཆུང་ཞིང་སྣང་རྩེ་ནས་ཕག་མོ་བའི་བླ་མ་ཡིན་གཤིས་ཕྱོགས་འཕུལ་སོགས་གང་ས་ནས་ལུང་བསྟན་དེས་རྦ་ཕིགས་རིས་སུ་མི་སྣང་། འོན་ཀྱང་ཞབས་དྲུང་རིན་པོ་ཆེར་སྒྲོལ་དཀར་ཡིད་བཞིན་ནོར་མཆོག་གི་སྐོར་གསན་ནས་གུང་ཐང་དུ་ཕེབས། རིགས་འཛིན་ཡོལ་མོ་བ་ཆེན་པོ་རྡོ་རྗེ་previous hit བྲག་ནས་ཡེར་པར་སོག་བཟློག་ལ་ཕེབས་ next hit་རྗེ་ཉིད་སྟག་རྩེར་བཞུགས་པ་དང་དུས་འགྲིག་ནས་མཇལ་ཀ་དང་གཞི་ལན་གནང་མ་ཐུབ་པར་ཐུགས་འགྱོད་ཆེར་མཛད། དབུས་གཙང་གི་ཐོར་ཐག་ཕལ་ཆེར་ཆོད་ནས་འབྲི་གུང་ཕྱོགས་སུ་བྱུང་བའི་སྣང་གསལ་དྲུང་པ་ཕུན་ཚོགས་པ་ཐོར་ནད་ཀྱིས་གྲོངས་པའི་ཕྱི་རྟེན་ལ་སློབ་དཔོན་ཆེན་པོའི་རྣམ་(༦༡བ)


GLG009_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྲ་ཚར་ལྔ། བསམ་པ་ལྷུན་གྲུབ་མ་རྣམས་བཞེངས་པའི་རབ་གནས་ལ་ཟིང་པར་ཕེབས། མང་ཇ་བསྔོ་རྟེན་གནང་ཞིང་གྲ་རིས་རྣམས་ཀྱིས་བསྙེན་བཀུར་ནས་ཞག་ལྔ་ཙམ་བཞུགས། ས་ཡོས་ཟླ་བ་དང་པོའི་ནང་དུ་ངེད་ཡེར་པའི་གནས་མཇལ་ལ་ཕྱིན་རི་སྐོར་སོགས་ཚང་མར་རྟེན་བཤད་ལ་རྗེ་ཉིད་ཕེབས་ཏེ་གནས་ཀྱི་ལོ་རྒྱུས་ལས་འཕྲོས་པའི་གསུང་གླེང་ཤིན་ཏུ་རྒྱས་པར་བྱུང་། མཆོད་རྟེན་རྩེ་དགུ་དང་སྲི་གཅོད་འབུམ་པ་སྐོར་སར་གནས་འདི་ལ་ཕྱིས་སྐོར་ཧོར་སོག་གི་གནོད་པ་མང་བས་ཕྱིས་ནས་དེ་རིས་མི་ཡོང་བའི་སྤྱོད་ལམ་གྱིས་ཕེབས་པ་ལྟར་བྱེད་བློ་ཙམ་ཞུས། ཕྱིར་ལམ་སྤོས་དགའི་འཁྲིས་སུ་རྗེ་བླ་མས་དཀར་སྤྲོའི་གཞི་ལེན་གནང་ཞིང་ཟུར་ཆེན་གཞོན་ནུ་དོན་གྲུབ་དང་མོལ་མཆིད་སྨར་བར་བྱུང་། ཞབས་དྲུང་རྗེ་བཙུན་མ་སྐུ་གཤེགས་པའི་གསལ་འདེབས་ནས་བཟུང་ཞག་ཤས་བཞུགས་རིང་བྱང་ཞུ་ལམ་བསྟན་སོགས་མ་ཆག་པ་དང་ཞུགས་འབུལ་གནང་། བྱང་བདག་རིགས་འཛིན་ངག་གི་དབང་པོ་པདྨ་འོད་ཀྱི་ཞིང་ཁམས་སུ་བཤེགས་པའི་གནས་ཚུལ་གསན་འཕྲལ་རྡོ་རྗེ་བྲག་ཏུ་ཕེབས་ཀྱང་སྟོད་ནས་རིགས་འཛིན་ཡོལ་མོ་བ་མ་བྱོན་མེ་མཆོད་འགྱངས་པའི་སྐུ་གདུང་རིན་པོ་ཆེ་ནང་བཞུགས་གྲུབ་པ་དང་འགྲིག་པས་གདུང་ཁང་དྲུང་དུ་བླ་མ་དཀྱིལ་འཁོར་འཁོར་ལོའི་མགོན་པོར་ཤར་བ་ལ་གསོལ་འདེབས་མཆོད་པ་གདུང་འབུལ་གྱིས་མཚོན་པའི་ལེགས་བྱས་ཀྱི་ཚོགས་ཆེན་པོ་བསྐྲུན་ཞིང་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བཞེས། ཞུགས་འབུལ་དུས་འཕྲོས་གཏོང་བའི་ཆ་དན་གནང་སྟེ་ཕྱིར་ཕེབས། ཞེ་དགུའི་སྐུ་ཚིགས་ཐམས་ཅད་ལ་གསུང་ཆོག་མཆོད་འབུལ་དང་ལོ་ལོ་བཞིན་དུས་དྲན་གྱི་མཆོད་པ་མཛད། རྒྱ་མ་བྱེན་ཆེན་གཞིས་ཀ་དང་བཙོང་(༦༢ན)


GLG009_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

གཏུན་རོང་པའི་མི་ངོ་སྐྱེས་རྒྱལ་རྣམས་ལ་ཆད་ལྷག་ཆེ་བར་སྲི་ངན་བཟློག་པའི་རིམ་གྲོར་གདན་དྲངས་པའི་ཞོར་ལ་རི་བོ་མཎྜལ་དང་ཁྲི་ཁང་། ཨོ་རྒྱན་ཆེན་པོའི་སྒྲུབ་གནས་གོག་ཆུང་གསང་བའི་ཕུག་པ་མཇལ་ཏེ་སྒྲུབ་ཕུག་ཏུ་བླ་མ་ལས་བྱང་ཚོགས་མཆོད་དང་བཅས་པ་གནང་ཞིང་ཚོགས་འཁོར་བགོད་འགྲེམ་གྱི་སྐབས་སློབ་དཔོན་ཁང་དམར་བྲག་གུ་རུས་རྗེ་ཉིད་ཀྱི་སྐུ་སྐལ་མ་ཞུས་པར་ཐུགས་རྟོག་ཟོས་ཏེ་ཐུགས་དམ་བརྟག་པ་གནང་བར་ཡུལ་ཕྱོགས་དེ་ག་ལ་གནོད་པ་ཤར་བ་ཨོ་རོད་དུ་རལ་དཔོན་པོའི་དམག་གིས་ལོ་མཇུག་རྒྱ་མ་བཅོམས་པའི་རྟགས་སུ་གནང་། ཧོར་ཟླ་བདུན་པའི་ཚེས་བཅུ་ལ་འབྲོམ་སྟོད་གཞུང་གི་ཚེས་བཅུ་བ་རྣམས་ཀྱིས་ཡེར་པར་གདན་དྲངས། བླ་མ་ནོར་བུ་རྒྱ་མཚོའི་དབང་རྒྱས་པར་སྩལ་ཞིང་སྤོས་དགར་སྦྱིན་བདག་རྣམས་ལ་གཞི་ལེན་བཤམས། རིགས་འཛིན་ཡོལ་མོ་བའི་གཏེར་ལུང་དུ། རི་བོ་དཔལ་འབར་གྱི་ཟབ་གཏེར་ས་ཡོས་ལོ་གདན་འདྲེན་དགོས་པའི་དུས་རྟགས་སུ་སླེབས་ནའང་། ལོ་སྔ་མ་གཙང་དཔུང་ལྷོ་ནང་དུ་བཅུག་པ་དང་འགྲིག་པའི་མདའ་དཔོན་དགོས་ལུང་པས་དབང་ཡོད་ཀྱི་ཕག་རིར་སྐུ་རིམ་ལ་བཞུགས་སུ་བཅུག་པ་དང་། རི་བོ་དཔལ་འབར་གྱི་གཏེར་བྱང་ཡོམ་བུ་ལུང་ནས་སྤྱན་དྲངས་པའི་བརྗོད་དོན་བཞིན་བླ་གཉེར་གྲ་རིགས་ལོག་སྒྲུབ་བྱེད་པའི་ངན་དབང་ཅན་ཚོས་རང་ཐག་ཆོད་བཞིན་དུ་འཁྱགས་པ་ཁའི་མེ་འབུད་ལྟ་བུར་སྤྲུལ་པའི་སྐུ་སྟོད་ནས་གདན་འདྲེན་པ། གལ་ཏེ་འགོང་པོ་སྤུན་དགུ་ཡིས༔ མཐོ་འཚམས་གཏེར་འདི་ཐོན་པ་དཀའ༔ ཞེས་པའི་ཐོག་ཏུ་བབས་ཏེ་རིགས་འཛིན་ཡོལ་མོ་བ་རྡོ་རྗེ་བྲག་ཏུ་ཕེབས། འཕྲོས་བྱུང་བ་ལྟར་རྗེ་ཉིད་ཀྱང་བྱོན་ཞུགས་མི་འབུལ་བའི་ཕྱག་གཡོག་གནང་གསུང་སྐལ་(༦༢བ)


GLG009_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རྟེན་ཞུས་ཤིང་གཏེར་སྟོན་ཡོལ་མོ་བར་བཀའ་ཆོས་ཀྱི་འབྲེལ་བ་གསན། རིགས་འཛིན་རྗེས་དད་ཀྱང་རྟེན་བཞེངས་མ་གྲུབ་བར་སྡོད་རྩིས་ཡོད་པས་བླ་མ་རིན་པོ་ཆེས་སྐུ་རྟེན་བྲིས་སྐུ་བསེ་ཙཀ་ལ་ཆ་བཞག་ཅིག་འབྲི་བ་དང་རྟེན་གྱི་ཞལ་བཀོད་ལ་ཕེབས་དགོས་གསུངས་པ་བཞིན་སླར་མ་འགྱངས་པར་ཆིབས་ཁ་བསྐྱོད། ཐུབ་བསྟན་རྡོ་རྗེ་བྲག་ཏུ་རེ་ཞིག་སྟན་ཆགས་ངོས་རིགས་འཛིན་བརྒྱད་ཀྱི་སྐུ་ཐང་། དུར་ཁྲོད་ཀྱི་བཀོད་པ་བཀའ་བརྒྱད་གསང་རྫོགས་ལས་བྱུང་བའི་བྱིན་ཅན་ངོ་མཚར་མའི་ཞིང་བཀོད་དང་ལྷ་མགྲོན་རྣམས་རིགས་འཛིན་ཉིད་ཀྱིས་ཕྱག་བྲིས་མཛད་པ་སོར་བཞག །ཐུབ་ཆེན་གྱི་ཐིག་རྩ། གདུང་ཚ། ཚེ་དཔག་མེད་ལྕགས་སྡོང་མ། ཨོ་རྒྱན་རིན་པོ་ཆེ། རིགས་འཛིན་ངག་གི་དབང་པོ་དང་བཅས་པའི་སྣང་བརྙན་ཁྲི་ཚོར་བཅར་བར་གསེར་དངུལ་མཚལ་གསུམ་སྒྲོན་པ་ཐུབ་ཆེན་གྱི་བཞུགས་ཁྲིའི་འོག་ཏུ་བོད་འབངས་སྤྱིའི་བདེ་ཐབས་ལ་ཕན་པའི་འགོང་པོ་ཨར་གཏད་དང་སྒོས་ཀྱི་དམ་སྲིར་དམིགས་པའི་ལོག་ཏྲིའི་འཁོར་ལོ་སོགས་འདྲི་བའི་ཕྱག་ལེན་མཛད་ནས་རང་གི་བསྟི་གནས་སུ་ཕེབས། མདོ་སྤྱིལ་དུ་ཨ་ཁུ་ཚེ་དབང་གྲོངས་པའི་སྐུ་གདུང་ཞུགས་འབུལ་དང་ཆོག་མངས་ཀྱི་གྲལ་དབུར་ཡང་དགོན་སྤྱན་སྔ་གདན་དྲངས། ཟླ་བ་བཅུ་པ་འདི་ནག་རྩིས་པའི་ལོ་མཇུག་སྔགས་པ་ཟོར་འཕེན་གྱི་ཟླ་བར་སོང་གཤིས་ཁྲོ་རོལ་སོགས་དུས་རིམ་མང་ཙམ་སྟར་ཆགས་སུ་གནང་བ་ཟིན་ནས་ཕྱིར་ལམ་ལྷ་སར་དཔོན་སློབ་པཎ་ཆེན་རིན་པོ་ཆེ་དང་སྡེ་པ་བསོད་ནམས་རབ་བརྟན་གཉིས་མཇལ་ནས་འབྲས་སྤུངས་སུ་ཞག་གཅིག་བཞུགས། ཚར་ཆེན་ཆོས་ཀྱི་རྒྱལ་པོའི་ཐུགས་དམ་དུང་ཆོས་རིན་པོ་ཆེ་བོད་མཁར་བར་གནང་སྒོ་མོ་དབོན་པོ་བརྒྱུད་ཕྱག་ཏུ་བྱུང་འདུག་ལ་སྟེར་བྱ་མཛད། རྡོ་རྗེ་བྲག་ཏུ་(༦༣ན)


GLG009_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་ནས་ཐུབ་ཆེན་གྱི་ཞལ་གསེར་སྤྱན་འབྱེད་སོགས་རྟེན་བཞེངས་ཀྱི་མཇུག་སྐྱོང་རྣམས་གྲུབ་སྟེ་རྗེ་ཉིད་གཙོ་བོར་གྱུར་པའི་དཔོན་སློབ་གཞི་བྱེས་རྣམས་ཀྱིས་མཆོག་སྤྲུལ་ཞིག་མ་ཕེབས་བར་གྲང་སོ་གཏེར་སྟོན་ཆེན་པོ་རིགས་འཛིན་བླ་མའི་གདན་སར་བཞུགས་དགོས་པའི་གསོལ་འདེབས་གནང་བ་བཞིན་ཞལ་གྱིས་འཆེས། ལྕགས་འབྲུག་གི་ལོ་གསར་ནས་སྔར་རིགས་འཛིན་ཡོལ་མོ་བས་རྒྱང་ཡོན་པོ་ལུང་ནས་གཏེར་གྱི་ཁ་བྱང་བཞེས་པའི་ཤོག་སེར་གྱི་ལྗགས་ལུང་དང་ཆོས་བདག་ལས་ཅན་སྙིང་གི་བུ་བདུན་བྱུང་བའི་གཉགས་ཛྙཱ་ན་ཀུ་མཱ་རའི་སྤྲུལ་པ་དེ་རྗེ་བླ་མར་ངོས་འཛིན་མཛད། བྱང་གཏེར་རྡོ་རྗེ་ཕུར་པ་ལུགས་གསུམ་ལས་འབྲིང་པོ་སྤུ་གྲིའི་དབང་དང་ལུགས་གསུམ་གའི་ཆོས་སྐོར་གྱི་ལུང་། གྲུ་གུ་ཡང་ཝཾ་གི་གཏེར་མའི་འཇོམས་བྱེད་རྩལ་ཆེན་ཉི་ཟླ་ནག་པོའི་བཀའ་གཏད་ལུང་མན་ངག་ཕྱག་ལེན་དང་བཅས་པ་གསན། བདེ་ཆེན་རྫོང་དཔོན་ཆུམས་བདེ་ཡངས་པས་རྫོང་གི་ལྡེབས་སུ་མཁར་ལས་གསར་རྒྱག་བྱས་པས་སྔགས་མཁར་ཀླུ་བདུད་ཀྱི་གནོད་པས་བྱིན་གཞུག་ལ་སྟེའུ་ཐེབས་པར་གཉན་ཁ་འཁྲིས་པའི་ཤིན་ཏུ་ཉེན་པར་སྐུ་རིམ་ལ་གདན་དྲངས་རྒྱལ་པོའི་མདོས་དང་གཏོར་བཟློག་སོགས་གནང་ཞིང་འབྲུག་པ་བཀའ་བརྒྱུད་ཆོས་སྡིངས་བླ་མས་མཚོན་ཐབས་རྟེན་འབྲེལ་ཤེས་སོ་ཅོག །ཡོད་འདུག་རུང་ནད་པར་ཕན་ངོ་མ་ལྟས་ཤིང་ཉི་ཐང་སློབ་དཔོན་དྲུང་འཚོ་བས་ནད་པའི་རྩ་ནི་བསྔོགས་ཚར་ཁྱེད་མདོས་འཆོས་ཀྱི་བཞུགས་རྒྱུ་ཨེ་ཡིན་སོགས་རྗེ་ཉིད་ལ་གསུངས་པ་ཐུགས་བཞེད་ཀྱང་འབྱོན་སྟབས་མ་བདེ། འོན་ཀྱང་ཞང་སྟོན་པའི་བོན་པོས་ཀླུ་བཅོས་པས་ནད་པ་ཤི་མལ་ནས་ལྷོགས། རྫོང་དཔོན་རྒན་པར་ཕན་ཐོགས་(༦༣བ)


GLG009_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་གནང་རྒྱུ་མ་བྱུང་རུང་གསོག་ཁང་ནས་ལ་འདོད་ཆོས་ཁ་ཡར་སྩལ། ནུབ་ཅིག་མནལ་ལམ་དུ་མི་དཀར་པོ་དར་དཀར་གྱི་གོས་རིམ་པ་མང་པོ་བརྩེགས་པ་ཕྱིང་ཞྭ་དཀར་པོ་གྱོན་པ་ཞིག་གིས་རྫོང་ལ་ཕྱིན་ཁ་ལོག་ཏུ་བསྐོར་བ་དང་། ཡང་མི་གཉིས་ཇི་བཤད་ལྟ་བུས་ཚུལ་གྱིས་རྫོང་བདག་མྱུར་དུ་བརྗེས་འགྲོ་ཟེར་བ་གསན་པས་མནལ་སད་དུས་རྫོང་དཔོན་གཉིས་བརྗེ་རྒྱུ་ཨེ་ཡིན་དགོངས་པ་བསམ་མ་བྱུང་རུང་ལ་རྟིང་མ་རྫོང་སྡེ་པ་དགའ་ལྡན་པར་གཤོར་བས་དེའི་ལྟས་དང་མི་དཀར་པོ་དེ་སོག་པོའི་ལྷ་ཡིན་པ་འདྲ་གསུངས། དབྱར་ཁ་ལམ་ཤར་ནུབ་རྣམས་ཀྱིས་སྦྱིན་བདག་ཞུས་ནས་ཁྲོམ་དབང་དང་དེ་གའི་གདབ་ལན་སོགས་དབྱར་གཟིགས་ཀྱི་ཐུགས་སྤྲོ་བར་བྱུང་། རྗེ་ཉིད་ཀྱི་གཅེན་ལགས་ཀུན་དགའ་ལོ་སྔ་མ་སྣ་དཀར་རྩེ་ནས་ཆུ་བོ་རིར་ཁྲི་ལྕམ་དེ་ཉིད་ཀྱི་སྐུ་གདུང་གདན་འདྲེན་པའི་རྩིས་བཤགས་ནས་ཚུར་འཁོར་བ་དང་བསྟུན་སྟེང་གྲིབ་ཀྱི་རྣམ་པས་ཡུན་རིང་མ་བདེ་བར་དབང་བྱིན་རླབས་རིམ་གྲོ་སོགས་ལུང་ཡང་དུ་སྩལ་ཞིང་། ལོ་འདིའི་སྟོན་དུས་ཀྱི་ཆོས་ཉིད་དུ་གྱུར་ཚེ་བདེ་ཆེན་གྱི་ཞིང་དུ་འདྲེན་པ་དང་པུར་སྦྱང་སོགས་རྒྱས་པར་གནང་། དེ་དགའ་ལྡན་ཁང་གསར་དུ་ཙནྡྲ་པའི་རྩ་བ། སྙན་ངག་མེ་ལོང་། གསོ་དཔྱད་ཀྱི་རྒྱུད་ཆུང་གསུམ་འཛིན་པ་སོགས་ཐ་སྙད་ཀྱི་བསླབ་སྦྱངས་བྱེད་སྐབས་ལྷ་ས་ནས་སྡེ་པས་རྒྱལ་པོ་བར་ཁམས་སུ་བཞུགས་པའི་སྐུ་རིམ་ལ་ལས་སྦྱོར་མང་ཙམ་དགོས་པའི་རྒྱུ་མཚན་ཡང་ཡང་བྱུང་བས། སྔར་ལས་སྦྱོར་གྱི་རིས་ལ་སྦྱོང་བདར་བྱས་པ་རྣམས་ཀྱང་བར་སྐབས་སུ་བློས་བཏང་བའི་ངེས་རྒྱུ་རང་མེད་པས་རྗེ་བླ་མ་དགའ་ལྡན་ཁང་གསར་དུ་གདན་དྲངས། གཤིན་རྗེ་དང་རླུང་འཁོར་གྱི་ལག་ལེན་ལ་བརྗེད་གསོས་དང་དོགས་གཅོད་ཞུས། བི་རིར་བདེ་གཟར་ཡུན་རིང་འགོར་ན་(༦༤ན)


GLG009_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྦྱོར་ཚན་ཆེ་བ་དགོས་མདོག་ཁ་བ་ནས་མཆོད་རྟེན་ལ་དགོས་པའི་རྫས་གསོག་པ་སོགས་འོག་བྲབས་གནང་བའི་སྙན་གསན་ཕུལ་ནས་འབྲས་སྤུངས་སུ་ཕྱིན། མ་འགྱངས་པར་འཆི་བདག་ཞལ་དབྱེ་གསར་བསྐྲུན་ཞིག་དང་འཁོར་ལོ་འགའ་ཕྱག་བྲིས་སུ་སྩལ་ནས་གནང་ཞིང་སླར་ཡང་དོགས་མ་ཆོད་པའི་རིས་ལ་སྙན་སུན་ཡང་ཡང་ཞུ་དགོས་བྱུང་། དབོན་པོ་སྦྱིན་པ་རྒྱལ་དུ་རྫོང་བདའ་མཛད་སྐབས་དཔོན་གཡོག་ཐམས་ཅད་ཨརྒྷཾ་གྱིས་མྱོས་ཏེ་ལམ་དུ་བདེ་ཡངས་པའི་གཡོག་པོ་དང་ཐུག་ཕྲད་བྱུང་བར་བརྟེན་རྫོང་དཔོན་གྱི་རྟ་དྲེལ་བརྒྱད་ཅུ་སྐོར་ཕྲོགས། དམག་གིས་ཆོས་ལུང་བཀྲ་ཤིས་སྒང་གི་གཞིས་ཀ་བསྐོར་དུས་རྗེ་བླ་མ་བར་མཚམས་ལ་ཕེབས་པ་རྫོང་དཔོན་གཞོན་པ་གསོག་ཁང་ནས་གནམ་ལྕགས་དྲག་འབེབས་དད་གུས་ཆེ་གཤིས་དམག་ལོག་པ་དང་རྟ་དྲེལ་གྱི་གཏོད་ལེན་སོགས་ངོ་ཚ་སྦས་པ་ལྟ་བུའི་ཞབས་ཏོག་ཏུ་འགྱུར་བ་བྱུང་། ལྕགས་སྦྲུལ་སྨོན་ལམ་ནས་འཁོར་འཕྲལ་རྗེ་བླ་མ་འབྲས་སྤུངས་སུ་ཕེབས། འཇོམས་བྱེད་ཉི་ཟླ་ནག་པོས་གཙོས་པའི་ལུང་མན་ངག་ཁ་ཤས་ཞུས། དེ་མུས་བདག་ཐོར་ཡན་ཞིག་གིས་ན་བར་བྱང་ངོས་ནས་སྐུ་གཞོན་པར་མི་རྣམས་ཀྱིས་མཆུ་འགྲོས་ལས་ཐག་ཆོད་རང་མི་གསུང་འདུག་པ་སྡེ་པ་དང་ཏ་ཞིང་ཆོས་རྗེ་སོགས་ཐུགས་ཉམས་ཅན་རྣམས་ཀྱིས་འབྲུམ་བར་ཐག་བཅད་འཕྲོད་བསྟེན་གྱི་ཚེ་རྗེ་ཉིད་ནས་སྲུང་འཁོར་གེགས་སེལ་གྱི་བྱིན་རླབས་དང་མདོས་གཏོར་གྱི་རིམ་གྲོ་མང་དུ་སྩལ། རབ་གསལ་གྱི་རྟོགས་པ་བརྗོད་པའི་ཡལ་འདབ་ལས་བྱུང་བའི་གླང་པོའི་ལོ་རྒྱུས་ལྟར་སྡེ་པ་གཙང་དུ་དམག་མཛད་པར་ཐུགས་བློ་རྩེ་གཅིག་པའི་ཤུགས་ཀྱིས་རྨ་ཁ་དང་ཁྱི་ཚིལ་གྱི་དཔེ་བཞིན་བཅས་ཆོག་མཆོད་རྟེན་བཞེང་བའི་མཐུན་རྐྱེན་(༦༤བ)


GLG009_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་བཞེད་འདུག་པར་བརྟེན་དུས་གཞན་དུ་དགོས་བྱེད་གྲ་མི་འགྲིག་པར་ངེས་ཏེ་ངེད་རང་ནས་རྗེ་ཉིད་ལ་རྒྱུ་མཚན་གསོལ་བ་ལྟར་ཆོས་ལུང་མདོ་སྤྱིལ་དུ་ཕེབས། སྡེ་པས་གྲོང་སྨད་ནང་སོ་ཨ་བར་བཏང་བའི་ཆོས་ལུང་གཞིས་ཀ་ནས་གསོལ་ཕོགས་སོགས་དགོས་ཆ་རྣམས་ཕུལ། ལྷ་འདྲེ་དྲག་པོ་གནས་ཁྱད་ཀྱི་ཟ་ལུང་འདུ་ཁང་གི་ཤིང་ཆ་ནས་དགོས་འཚམ་དྲངས། ཤིང་བཟོ་བ་སེ་ར་རབ་བརྟན། སྤྲུལ་སྐུ་ལམ་རྙེད། ཆ་ཁར་དཔོན་པོ། ཆོས་ལུང་པ་གཉིས། ལག་གཡོག་གང་དགོས་རྣམས་གཏོང་དགོས་པའི་ངོས་སྦྱོར་ཞུས། སྡེ་པ་བྱང་ནས་ཕེབས་བསྟུན་གྲུབ་པ་དགོས་པའི་ཕེབས་སྒོ་ལ་བརྟེན་ཐུགས་བྲེལ་གཞན་པའི་རིས་བསྐྱུར་ནས་བཅད་རྒྱ་གནང་ཞིང་དཔོན་སློབ་ཚང་མ་ནམ་ལངས་ས་རུབ་ཀྱིས་ཐུགས་རྩོལ་མཛད་ཀྱང་ཕྱི་རྒྱའི་མཚོན་རྩི་སོགས་གྲུབ་ཙམ་དང་ནང་གི་ལྷ་དང་ཞིབ་ཆགས་རྣམས་མ་གྲུབ་པའི་དུས་རྒྱལ་མོ་ཆེ་ཆུང་གིས་གཙོས་པའི་སོག་པོ་སྐྱིད་ཤོད་དུ་སླེབས། བདེ་ཆེན་མངའ་ཁུལ་གྱི་དྲུང་འཁོར་དང་གསང་སྔགས་མཁར་པ་རྣམས་ངོ་ལོག་པར་ཐའི་ཇི་རྡོ་རྗེ་རྣམ་རྒྱལ་དང་དར་ཁན་ནང་སོས་རྒྱལ་མོ་ཆེ་ཆུང་གི་སོག་དམག་ཁྲིད་པ་རྣམས་རྩེ་འཛོམ་དུ་བདེ་ཆེན་རྫོང་ལ་སྐོར་རྒྱག་བཏང་བའི་ཚེ། ཚལ་གུང་གི་བླ་མ་རྣམས་ཀྱིས་སྐྱིད་ཤོད་ཐའི་ཇི་མཇལ་བར་ཕེབས་པའི་སྐབས་ཆུ་གསོར་ཐོངས་ལ་རེས་རྗེ་ཉིད་ལ་ཆུ་བསྒྱུར་ཆར་གཅོད་གནང་དགོས་ཚུལ་ཞུས་པ་འབྲས་སྤུངས་སུ་ཕེབས་པར་གཏུགས་གཤིས་དེ་གའི་ཕྱག་ལེན་རྣམས་གཅུང་ལ་བསླབ་སྟོན་མཛད་དེ་ཧོར་ཟླ་ལྔ་པའི་ཚེས་བཅོ་བརྒྱད་ལ་ཆོས་ལུང་མདའ་ནས་དན་བག་བར་གཞུང་ཀོ་གནང་ནས་འབྲས་སྤུངས་སུ་ཕེབས། ལྷ་ཚོགས་ཀྱི་སྐུ་དང་འཁོར་ལིང་སོགས་ཞིབ་ཆའི་ཕྱག་ལས་དང་ཉེར་ལྔའི་ཉིན་(༦༥ན)


GLG009_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཤུན་གདོང་མཁར་ལ་འཚངས་ཀའི་སྐབས་སྒྱོགས་གཅོག་པ་སོགས་རྩིས་དཀར་ནག་གིས་ལྟོ་བཅོས་དེ་ཉིན་དགོས་པ་རྣམས་ཐུགས་གྲབས་ཚགས་སུ་བཙུད་དེ་བརྩོན་འགྲུས་དཀའ་བཅུ་བར་རྩིས་སྤྲད་ནས་བྱེད་ལུགས་ཀྱི་བསླབ་སྟོན་གནང་། རྫོང་ནང་ནས་སྒྱོགས་གཉིས་ཙམ་ཞིག་བཙུགས་ཡོད་འདུག་པ་ཐབས་བྱས་འཕྲལ་ཆག་པ་སོགས་ངེས་ཤེས་འདྲོངས་པ་མང་དུ་བྱུང་། སྔོན་ཆད་སོག་པོས་གཙང་པར་དམག་བྱས་པ་མཐའ་དག་རླུངས་སུ་མ་བརྒྱུགས་ཤིང་སྡེ་སྲིད་གཙང་པ་མངའ་ཐང་སྒང་ལ་རྒྱབ་དུས་ཡིན་གཤིས་རང་ཕྱོགས་ཀྱི་གྲ་རིས་དེ་ཉིད་མ་གོ་བའི་སྣང་བ་གདོང་ངེད་ཀྱི་རིས་ཐོར་བུ་ལ་ཆ་ཅི་ཡོད་འགངས་ཆེ་ས་ནས་དཔོན་སློབ་པཎ་ཆེན་རིན་པོ་ཆེ་དང་ས་སྐྱོང་བསོད་ནམས་རབ་བརྟན་གཉིས་པོ་མ་གཏོགས་རྐེད་སོ་ཡན་གྱི་རང་ཕྱོགས་པ་ཕལ་ཆེར་ལ་ང་ཞིང་འབག་མགོ་གཉིས་ཀྱི་འཇོལ་འགྲོས་མཁན་མང་བ་འཇིག་རྟེན་གྱི་བྱ་བཞག་འདི་ལ་ལྷུས་ཐིངས་པ་གལ་ཆེ་བ་དོན་ལ་མི་བདེན་རྒྱུ་ཡང་མི་འདུག །ལྷག་ཏུ་རྗེ་འདི་ཉིད་ལྟ་གྲུབ་ཀྱང་གསང་སྔགས་རྙིང་མ་བ་ཡིན་ཞིང་གཙང་པ་ནས་སྐུ་རིམ་པའི་གྲལ་དུ་འཇུག་པའི་བདག་རྐྱེན་སོགས་གང་ས་ནས་གཞོགས་ཕྱེད་གཡང་བསྐྱུར་གྱི་ཐལ་སོང་དེ་འདྲ་གནང་དོན་མི་འདུག་རུང་ཕ་བོང་ཁར་བཞུགས་ཡུན་རིངས་པའི་དགེ་བསྟན་ལ་ཐུགས་ཞེན་དང་སྐྱིད་ཤོད་པའི་དཔོན་ཞེན་ཡིན་འདྲ་བསམ་པ་བྱུང་རུང་། སླར་ཞིབ་ཏུ་དཔྱད་ཚེ་དམ་པ་འདི་ཉིད་ལ་ལྐོག་གྱུར་གྱི་གནས་རྣམས་ཆགས་ཐོགས་མི་མངའ་བར་མངོན་པར་མཁྱེན་པ་ཞིག་སྣང་བས། དགེ་ལུགས་མཆོད་ཡོན་གྱི་བདེ་གཟར་ཚབས་སུ་འགྲོ་བ་ཡེ་ཤེས་གཟིགས་པའི་མེ་ལོང་དུ་ཤར་བ་གོར་མ་ཆག །ལྕགས་འབྲུག་གི་དཔྱིད་གཙང་གི་སྤན་དུ་སྐྱ་(༦༥བ)


GLG009_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་གཉིས་འགྲོ་བའི་རྗེས་ལ་རླུང་ནག་ཆེན་པོ་དུམ་ཆད་རྡེའུ་རྣམས་ཀྱང་ཁྱེར་འགྲོ་བའི་ཐག་སྒྲ་བྱེད་པའི་འཚུབ་མའི་ཁྲོད་དུ་བུད་མེད་ནག་མོ་རལ་པ་རྟིང་པར་སླེབས་ཤིང་དྲེའུ་ལ་ཞོན་པ་ཞིག་གི་རྒྱབ་མདུན་ཀུན་ཏུ་མི་རོ་མང་པོ་བརྩེགས་ནས་ཁུར་བ་ཡུལ་མི་འགས་མཐོང་བས་རྟོག་པ་སྐྱེས་ཏེ། ཨ་གསས་ཕབ་ནས་དྲིས་པར་ལྷ་མོ་དམག་ཟོར་མས་སྡེ་སྲིད་གཙང་པའི་བླ་ཁུར་ཞེས་སྨྲས་པ། གཏམ་དེ་བློར་མ་ཆུད་ནས་ཁ་ཁྲིམས་བསྡམས་པས་ལོ་ཤས་བརྗོད་གླེང་ཆེར་མ་བྱུང་འདུག་རུང་ཕྱི་སྐོར་གཅིག་ནས་གཉིས་སུ་མཆེད་པའི་གནས་ཚུལ་དང་ཡུལ་མི་རྡོར་བསམ་སོགས་ལའང་རྒྱས་འདུག་པ་སྲིད་གསུམ་དབང་མོས་རྗེ་བླ་མར་ལུང་མ་བསྟན་པའི་ངེས་པའང་མེད་དམ་སྙམ། བཅས་ཆོག་གི་རབ་གནས་སྒྲུབ་པ་ལས་སྦྱོར་མཇུག་རློན་གཏད་ཀྱིས་མཐའ་བསྡུ་བའི་བར་མཐའ་དག་ལ་ཞལ་བཀོད་ཀྱིས་ཁྱབ་པར་མཛད། གཏད་པ་ལམ་གྱི་མཚོ་ཁ་རལ་དང་འཁར་ནག་གང་ལ་འགབ་ཀྱི་གསུང་འཕྲོས་བྱུང་བར་མཁར་ནག་ལ་གཏད་ན་མིང་ཡིག་རིགས་རིམ་ལོ་གསུམ་ལས་མི་འགྱངས་པ་འདུག་ཅེས་ལུང་བསྟན་པ་ལྟར་དེ་ཁོ་ནར་སོང་། ཁམས་གསུམ་འཁྲུག་བྱེད་ལས་ཀྱི་རླུང་དམར་དང་གནམ་ལྕགས་ཨུར་མོའི་སྐོར་ཡང་ཕྱག་བསྟར་ནས་བཞེངས། རླུང་འཁོར་ཤུན་གྱི་སྤེལ་ཧྲིལ་དུ་འཛུགས་པར་ཕེབས་པ་མ་འགྱངས་པར་རྫོང་རྒྱབ་ཏུ་གླ་པ་སྒལ་རལ་འོངས་པ་སོགས་རྟགས་སྣ་ཚོགས་བྱུང་། ཐན་རྣམས་ཆོས་སྡེ་གསར་པར་འཁྱོལ་གནས་འཛིན་ཆའི་ནང་ཀུན་གྲ་མི་འགྲིག་པའི་ཉམས་ཆེན་པོ་བྱུང་ཞེས་ངམ་རིང་མཁན་ཆེན་ལོ་ཙཱ་བ་གསུང་འགྲོས་མཛད། ཧོར་སྟོད་པའི་དཔོན་རྣམ་སྲས་ཅན་གྱི་དམག་སྟོང་ཕྲག་ཙམ་ཡས་མས་གང་འོས་སུ་མཐོ་འཚམ་པའི་(༦༦ན)


GLG009_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་འཆབ་ཀྱིས་སྡེ་པས་སྲས་པོ་རབ་བརྟན་བཏང་ནས་དམིགས་བསལ་ཞིག་དགོས་ཚུལ་བྱུང་བ་བཞིན་སྲོག་འཕྱན་པ་ནག་པོའི་རླུང་འཁོར་འཛུགས་པ་གནང་སོང་བ་ཟླ་པ་གཅིག་གི་སྟེང་དུ་དཔོན་རྣམ་སྲས་ཅན་ཁ་ཤས་ཆུ་ཤུར་དུ་སོག་པོས་བསད། དེ་ནས་ལོ་གཅིག་གཉིས་ཀྱི་ཁོངས་སུ་རྣམ་རུ་བ་རྣམས་རྩ་བརླག་ལྟ་བུར་སོང་། སོག་པོའི་རྟ་པ་ཁ་ཤས་ཀྱིས་སྙེ་ཕུ་བརྒྱུད་སླེའུ་ཆུང་དུ་ཕྱིན་པར་ཡུལ་པ་རྣམས་ཀྱིས་རྟ་དེད་པ་སླར་ལྷ་སར་འབུལ་དུ་འོངས་ཀྱང་སྡེ་པའི་དགོངས་པར་ཕོགས་པའི་བཀའ་བཀྱོན་བབས་ལྕི་བ་ཡོང་བའི་སྔོན་འགྲོ་དང་། སྔར་ནས་སོག་བཟློག་པའི་གྲས་སུ་སོང་བ་དང་། ལྕོག་སྒར་བའི་བླ་མ་ཨཾ་ལྗག་གིས་མཆོད་ཡོན་གྱི་ཐོག་ཏུ་སྔགས་བསྡེབས་ཀྱི་རླུང་འཁོར་བཙུགས་པའི་གྲགས་པ་བསམ་ཡས་ཟུར་མཁར་ཕྱོགས་སུ་མཆོད་པ་དགུ་མཛད། མདོ་སྔགས་གླིང་པས་ཁྱེར་ཡོངས་པར་བརྟེན། སྡེ་མགོན་ཆགས་འཇིག་ལ་གྱ་བའི་ཉེས་དམིགས་ཤར་སྐབས་རབ་འབྱམས་པ་ལྦ་བ་དང་སྔགས་འཆང་སྤོས་ཕོར་བ་གཉིས་ཀྱིས་ཡོལ་མོ་སྤྲུལ་པའི་སྐུའི་ཕྱག་ཐམ་ཁྱེར་ནས་རྗེ་ཉིད་ཀྱི་དྲུང་དུ་འོངས་པ་བསྟན་པ་དང་བླ་མའི་དམ་ཚིག་ལ་དགོངས་ཏེ་ཐུགས་ཁུར་ཆེ་བཞེས་གནང་བས་ཨེ་ཝཾ་ལྕོག་སྒར་བའི་རྩ་བ་ཚུགས། སློབ་དཔོན་པའི་རླུང་འཁོར་རྗེས་སུ་འབེབས་པའི་སྤར་བཀབ་མེད་པར་ཐོག་སྟེང་དུ་སྐྱུར་ནས་ཐུམས་རལ་ཏ་རེ་གཉིས་འཁྱར་བ་གྲ་རིས་འདྲས་དཔེ་ལ་ཁྱེར་འདུག་ཅེས་སྙེ་མོ་དགོན་པ་བའི་ནང་ཟན་འདྲ་ལས་འཕྲང་སྒོ་དྲུང་པའི་བུས་ཐོས་པ་རྗེས་སུ་གླེང་བརྗོད་བྱེད་སྣང་། བདེ་ཆེན་རྫོང་སྡེ་པ་དགའ་ལྡན་པས་རྩིས་བཞེས་པར་རྫོང་འོག་གི་སྡེ་དགོན་མཐའ་དག་གི་ལེགས་བྱ་ཕུལ་ཟིན་གཤིས་དབེན་ས་བྱང་སེམས་(༦༦བ)


GLG009_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

མས་འགྲེལ་ཡང་ཡང་མཛད་པ་ཡབ་ཟུར་ཆེན་གྱིས་གསན་པས་གནས་ཚུལ་འདི་བཞིན་འདུག་པས་མགྱོགས་ཙམ་ཕེབས་གསུངས་པ་དང་ཐུགས་བྲེལ་ཡང་ཧ་ལམ་ཆོད་པས་ཡར་ཕེབས་གདོང་ཚེ་དབང་ཞིག་དགོས་གསུང་བ་བཞིན་ཕུལ་དུས་ངེད་ཀྱི་གཟུགས་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོའི་རྣམ་པ་ཕྱི་གསལ་ནང་གསལ་རྒྱབ་ཀྱི་པོ་ཏིའི་རྩིག་པ་སོགས་ཀྱང་མི་སྒྲིབ་པ་ཞིག་ཏུ་གཟིགས་ཏེ་ཙཀ་ལིར་འདྲ་བ་གནང་འདུག་པ། རང་བློ་རང་ལ་ལྐོག་ཏུ་གྱུར་པར་གཞལ་ན་ཡོང་དོན་ག་ལ་ཡོད་ཀྱང་རྗེ་ཉིད་བློ་འདས་བདེ་སྟོང་ཆོས་སྐུའི་ངང་ནས་དམ་པ་རིགས་བརྒྱའི་ཚོམ་བུ་ཁོར་ཡུག་ཏུ་ཤར་བའི་གཟིགས་སྣང་ཡིན་ནམ་སྙམ། ཡབ་སྲས་ལྷན་རྒྱས་སུ་སྐྱིད་ཤོད་ཀྱི་ཞལ་ངོ་ཕྱི་ལྟར་དུ་གཡང་མོ་ཁྱུ་གཅིག་ལ་ནང་ལྟར་དུ་མ་རེ་བུ་རེའི་ཚུལ་གྱི་གསོལ་ཐབ་ཁག་བཞི་ཙམ་ཡོད་སྣང་བར་སོ་སོར་ཐུགས་བདེ་དྭངས་པའི་ལེགས་འབུལ་མཛད། མ་གཅིག་ཐའི་ཇིའི་དཔོན་མོ་དང་ཨོ་པ་ཤི་སོགས་ལ་སྤོས་དགར་ཕེབས་ནས་བཀའ་དབང་གནང་མུས་ལ་ཟུར་འཁོར་ལོའི་དབང་ཕྱུག་གློ་བུར་དུ་བསྙུན་པའི་མདོ་སྤྱིལ་དུ་ཕེབས། སྙུན་གཡོག་སྐུ་རིམ་སྨན་དཔྱད་ཀྱི་སྲི་ཞུ་ཆེར་མཛད་ནའང་དགུང་ལོ་བདུན་ཅུ་དོན་དགུར་ཕེབས་པའི་ཞིང་ཁམས་གཞན་དུ་གཤེགས། ཡང་ཟབ་ཀྱི་འཁྲིད་ཟབ་མོའི་ཐུགས་དམ་དང་སྐུ་ཚེ་སྔོན་མའི་བག་ཆགས་ཀྱིས། འཇམ་གསར་པས། དང་པོར་འཆི་བས་འཇིགས་ནས་ཐོས་པ་བཙལ། །བར་དུ་འཆི་བྲོད་དགོས་སྙམ་སྒོམ་པ་བྱས། །ཐ་མར་འཆི་རྒྱུ་མེད་པས་ཉལ་ནས་བསྡད། །རྒོད་པོ་ང་ཡི་བྱ་བ་ཚར་ནས་གདའ། །ཞེས་པ་ལྟར་ཆོས་པ་རབ་འཆི་བ་ལ་བྲོད་པའི་ཚུལ་མ་གཏོགས་ཆོས་པའི་མལ་སར་ཐ་མལ་པའི་ཕུང་པོ་འཇོག་པ་ཆ་དང་འདྲ་བར་མ་མཆིས། འོན་ཀྱང་རྗེས་འཇུག་རྣམས་ཀྱི་(༦༧ན)


GLG009_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བྱས་ཀྱི་ཆེད་དུ་འབྲི་གུང་དང་ཡོལ་མོ་སྤྲུལ་པའི་སྐུ་སོགས་བླ་མ་རྣམས་ལ་བསྔོ་རྟེན། ཞི་ཁྲོ་དང་ཀུན་རིག་གི་ཆོག་གྲྭ། ཆོག་མང་ལ་ཚལ་གུང་གྲ་དམངས་ཀྱི་མགོན་དུ་ཡང་དགོན་སྤྱན་སྔ་སྐལ་ལྡན་རྒྱ་མཚོ་དང་གྲོལ་སྟོན་ལ་ཆོས་ཁྲི་བའི་ཚོགས་དབུར་ར་བ་སྟོད་ནས་ཞལ་སྔ་ནས་དམ་ཆོས་རྣམ་རྒྱལ་གདན་དྲངས། སྐུ་གདུང་ཞུགས་འབུལ་ཡང་དགོན་སྤྱན་སྔས་མཛད་ཅིང་གདུང་ཐམས་ཅད་ལྕགས་གཅོད་དུ་སོང་དགོངས་རྫོགས་ཀྱི་བདོག་པ་ཀུན་སྤམས་བསྟོད་པས་ལགས་རིགས་འཛིན་སོགས་སྐུ་ཉེ་མཐའ་དག་རྗེས་སུ་ཡི་རང་བར་གྱུར། ཨ་མདོ་ནས་ཞིང་སྐྱོང་པཎྜི་ཏ་ཟེར་བ་རྩིས་དཀར་ནག་དང་ལྷ་བྲིས་ཤེས་པ་དེས་སྔར་ཁྱེད་རྩད་བཅད་ཀྱང་དགེ་རྒན་རྣམས་ཀྱིས་མ་བཤད་པས་མ་བྱུང་། ད་ལམ་མཇལ་དུ་འོངས་པ་ཡིན་ཟེར་ནས་བཀའ་བརྒྱད་བདེ་འདུས་ཀྱི་མགྱོགས་དབང་སོགས་ཆོས་བཀའ་ཁ་ཤས་དང་གོ་ལའི་འཁོར་ལུགས་ཀྱིས་མཚོན་པའི་རྩིས་ཀྱི་དོགས་གཅོད་མང་དུ་ཞུས། དངུལ་གོས་དར་ཇས་གཙོས་པའི་འབུལ་བ་ཕུལ། གསེར་ཐོག་ཆོས་རྗེ་ལོ་སྔ་མ་ཡོངས་པ་ནས་བཟུང་འབྱོར་རེས་ཀྱིས་བཀའ་ཆོས་ཞུས་ཤིང་འབུལ་བ་སོགས་གུས་པ་ལྷུར་ལེན། འདི་ལོ་མི་ཚོགས་ཆེས་པ་དང་དམ་སེལ་གྱི་སྐུ་ཁམས་ཉོག་པ་ཙམ་བྱུང་བར་ཟླ་བ་བརྒྱད་པ་ནས་བཟུང་སྐུ་མཚམས་ཤིན་ཏུ་དམ་པ་རྒྱང་ཙམ་གནང་བའི་ཁྲུས་ཆབ་སོགས་རྟེན་འབྲེལ་གྱི་ཆོ་གས་དམ་གྲིབ་ཀྱི་རིགས་རྣམས་རྗེས་མེད་དུ་བསངས། ཟླ་བ་དགུ་པའི་ཚེས་གསུམ་གྱི་ནུབ་མོ་ལོ་འདི་ག་དང་རྗེས་སུ་རྒྱལ་པོའི་སོག་པོ་དང་ཡོང་ཤེ་ཡེའི་བུ་ནོར་བུ་རིན་ཅེན་འཁྲུགས་ནས་ཕན་ཚུན་བཅོམ་རེས་ཡོང་བ་དང་མ་དམིགས་པའི་ས་ནས་དགྲ་དཔུང་ཡོངས་པ། ཚེས་བཞིའི་དགོངས་དགའ་ལྡན་ཕོ་བྲང་གི་(༦༧བ)


GLG009_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམས་སུ་བླ་མ་མགོ་དཀར་པོ་གཉིས་ཀྱི་རྐང་པ་ལྕགས་སྒྲོག་གིས་བཅིངས་པ་ཚེས་ལྔའི་ནུབ་འོད་གསལ་དུ་རྡོ་རྗེ་འཆང་ཕ་བོང་ཁ་པ་ཕེབས་ནས་སློབ་དཔོན་པདྨའི་སྐུ་སེང་གེ་ལ་བཅིབས་པ་ཞིག་གནང་བ། ཚེས་དྲུག་གི་དགོང་དགའ་ལྡན་ཕོ་བྲང་གི་ལྟག་སྒོ་རྒྱབ་ཏུ་སྡེ་པ་གཅོད་པ་དཔོན་སློབ་ཚང་མ་དང་ཁྱད་པར་མགྲོན་གཉེར་དོན་ཚང་པ་ཤིན་ཏུ་གསལ་བར་གྲོང་སྨད་ནས་ཀྱིས་སྐོར་གཡེང་འགའ་ཞིག་མཛད་མཐར་གཡུ་བདེ་སོགས་སྐུ་ཆས་རྣམས་རིམ་གྱིས་རྩིས་བླངས་པ་ཤར་ཚུལ་གྱི་ཐོ་ཆུང་དང་ཕྱག་ཐམ་དངོས་གཞིར་དམིགས་ལྟས་འདི་ཚོར་དཔགས་ན་བཙུན་པ་ལྕགས་ཀྱིས་བཅིངས་པ་ཨར་ལ་གཏད་པས་རང་ཞིར་འགྲོ་ཉམས་ཀྱིས་གནས་རྙིང་རྒྱལ་པོའི་བར་ཆད་ལ་ཐུགས་དོགས་ཆེ་བ་མ་དགོས་ཤིང་གཙང་པའི་མཚན་དོན་ཡང་མཐའ་ཚེས་པ་ཞིག་ཡོང་བ་མི་འདུག །དགྲ་ངོ་གསར་པ་ཞིག་ལ་ཐུགས་བཅག་དགོས་ཕེབས་པ་རྗེས་སུ་དཔྱད་ཚེ་གཞིས་ཀ་རྩེར་བར་པ་སྐོར་གཡེང་ཡང་གྲོང་སྨད་ནང་སོ་ཨ་བར་ཡན་འདུག་པ་དང་གཞན་མའི་དོགས་གནས་སོགས་ལུང་བསྟན་དུ་ངེས་པ་རྙེད། གུ་རུའི་སྐུ་སེང་གེ་ལ་བཅིབས་པ་ནི་བདེ་གཟར་ལ་བརྟེན་ནས་བོད་ཀྱི་ལྷ་འདྲེ་འཚུབ་མ་ཟིལ་གྱིས་གནོན་པ་དང་། རི་དྭགས་སེང་གེས་གཅན་གཟན་འཇོམས་པ་ལྟར་འཇིགས་པ་མེད་པའི་བརྡ་ཐབས་ཡིན་ནམ་སྙམ། ཞབས་དྲུང་བྱམས་པའི་གཟིམས་དཔོན་སེ་ཆེན་ནོ་མོན་ཧན་གྱི་འདོད་སྦྱར་བཞིན་ལྷ་སར་ཕེབས། ཆོས་ཁ་ཡར་དང་གཟའ་ལྔ་དུས་སྦྱོར་ཕན་བྱེད་མན་ངག་གི་ཕྱག་ལེན་གྱི་རིས་གནང་གོས་དར་གྱི་འབུལ་བ་གྱ་ནོམ་པ་ཕུལ་ཞིང་ཁོང་བྱང་ལ་ཤོན་གདོང་སྤོས་དགར་གཞིས་ལེན་རྫོང་བ་གནང་། ཧོར་ཟླ་བཅུ་གཉིས་པའི་ནང་དུ་རྗེ་བླ་མ་འབྲས་སྤུངས་སུ་གདན་དྲངས་ཏེ་གཏེར་ཁ་དུ་མའི་དཀྱིལ་(༦༨ན)


GLG009_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་དབང་དང་ལུང་མན་ངག་མང་དུ་ཞུས། ལོ་གསར་དུས་རིམ་ལ་གཤིན་རྗེ་ཁྲོ་ཆུའི་སྒྲུབ་ཞག་བདུན་དང་བཅས་ཏེ་ཟོར་ལས་གནང་བའི་ཚེ་སྐུ་མདོག་ཀྱང་རྒྱུན་དང་མི་འདྲ་བར་སྨུག་ནག་ཏུ་འགྱུར་ཞིང་ལྟ་བར་མི་བཟོད་པའི་གཟི་བྱིན་དང་བཅས་མེ་རླུང་སོགས་ཟོར་བཀྲ་རྣམས་ཤིན་ཏུ་ལེགས་པའི་བྱིན་རླབས་ཀྱི་ཚན་ཁ་ཆེ། ཆུ་རྟ་ཟླ་བ་དང་པོར་ཡབ་ཀྱི་དགོངས་རྫོགས་ལ་བྱང་ཆུབ་ཆེན་པོའི་གསེར་གདུང་རྒྱུག་མཐོ་ལྔ་པ་ཞིག་བཞེང་བ་གནང་བའི་དོ་དམ་དབོན་པོ་སྦྱིན་པ་དང་། བལ་པོ་གུ་ཎ་ཤི་ན་ཅན་གསུམ་གྱིས་བྱས་པའི་བརྡུང་འཕུལ་ཕྲ་གསུམ་དངོས་གཙང་ཞིང་གཟུངས་བཞུགས་ཕྱག་བསྟར་མ། གསུང་རྟེན་ལ་དྲི་མེད་བཤགས་རྒྱུད་གསེར་ཆོས་དང་ཐང་ཡིག་སྐྱ་ཆོས། སྐུ་བརྙན་འཕྲལ་དུ་མ་གྲུབ་པའི་དོད་ཞལ་ཐང་རྙིང་པ་རྣམས་ཀྱི་གོང་གཤམ་ཞལ་ཁེབས་གསར་དུ་བརྗེས་པའི་རབ་གནས་པ་ཡང་དགོན་སྤྱན་སྔ་དང་། བཟོ་བོ་འགོ་ལུང་ཚང་མར་ཞབས་ཏོག་ཡོན་འབར་གཟབ་རྒྱས་གནང་།ཧོར་ཟླ་གསུམ་པའི་ནང་དུ་ངེད་གཙང་ལ་འགྲོ་གདོང་རྗེ་བླ་མ་གདན་དྲངས་རྐྱེན་སེལ་གྱི་དབང་ཁ་ཞུས་ཤིང་ཁྱད་པར་དམ་སེལ་ལ་ཕན་པའི་སྲུང་བ་ཟབ་མོ་མང་དུ་སྩལ་བའི་ཕན་ཡོན་གྱིས་དམ་གྲིབ་ཀྱི་ན་བུན་ཆེན་པོ་འཁྲིགས་གསེབ་ཏུ་ཕྱིན་ཀྱང་གེགས་དབང་དུ་མ་གཤོར་བའི་བཀའ་དྲིན་བླ་ན་མེད་པ་མཛད། གུང་ཐང་མེ་ཏོག་མཆོད་པར་སྐྱིད་ཤོད་ཐའི་ཇི་བགྲེས་པ་རྡོ་རྗེ་རྣམ་རྒྱལ་གཟིགས་མོར་བྱོན་པའི་བཞུགས་མཚེར་ཆོས་ཁྲིར་མཛད་པར་གཞི་ལེན་གཟབ་རྒྱས་བསྟར། དབྱར་མཆོད་ཡོན་ལྷན་རྒྱས་གཙང་ནས་འཁོར་བའི་ངེད་ཀླུ་སྦུག་ཏུ་སྒར་བྱས་ཡོད་ཐོག་ཚལ་གུང་གི་བླ་མ་རྣམས་དང་ཕྱོགས་མཐུན་དུ་ངོས་འཕྲད་ལ་ཕེབས་ཤིང་ལྷག་པར་རྗེ་བླ་མས་རིགས་འཛིན་ཆེན་པོའི་ཕྱག་བྲིས་མའི་ཕུར་(༦༨བ)


GLG009_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

པོད་ཡོངས་རྫོགས་ཁའུའི་རྟེན་རྡོ་ལ་ཞལ་གྱི་སྐུ་བརྙན་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་ཕྱག་བྲིས་མ་བྱིན་རྟེན་དུ་སྩལ། བླ་མ་གོང་མའི་དཔོན་ཡིན་དགོངས་པའི་ཟིང་པའི་དབོན་པོ་ནལ་ནལ་གཞུང་དུ་སྣེ་སྦྱོར་སོགས་ཡར་སྐྱེད་ཡོང་ལ་རེ་ཁོ་ན་ཐུགས་ལ་བཅགས་ཀྱང་དབོན་པོ་རང་གི་རང་ལ་བྱིན་རླབས་ཞུ་བའི་མར་མཆོངས་རྒྱག་པ་ལ་དགའ་བ་ཞིག་འདུག་པས་གནང་ཐེབས་ཆེ་བ་ཞིག་བྱུང་མ་སོང་།ཟླ་བ་བདུན་པ་ཉིས་བརྩེགས་ཀྱི་སྔོན་མའི་ཚེས་དགུའི་མཚན་ལམ་མནལ་སད་འཕྲལ་ཕྱག་བྲིས་སུ་བཏབ་ནི། ན་མོ་གུ་རུ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། རྗེ་ཟླ་བྲལ་འཁོར་ལོའི་མགོན་པོ་མཆོག །དཔལ་ཚོགས་གཉིས་ཀྱི་འབྱོར་ལྡན་ངག་གི་དབང་། །དོན་ཡེ་ཤེས་སུ་ལྷུན་གྲུབ་ཡོངས་འཛིན་རྗེ། །མཚན་བརྗོད་དཀའ་གསུམ་སྤྱི་བོའི་རྒྱན་དུ་མཆོད། །ཡོངས་རྟ་ལོ་གྲོ་བཞིན་ཟླ་བ་ཡི། །ཚེས་བུ་གའི་དགུང་གི་ཐོ་རངས་ཆའི། །རྨི་ལམ་གྱི་བར་དོའི་འཁྲུལ་ངོ་ལ། །བདག་དུས་ཀྱི་ཕྱོགས་སུ་ཁ་བཟླས་འདུག །དགུང་སྔོ་སངས་དང་ས་གཞི་མུན་པའི་ཀློང་། །གཞའ་ཚོན་གྱི་དྲ་བས་སྦྲེལ་ནས་འདུག །དེའི་བར་མཚམས་མེད་པར་ཐོག་སེར་དང་། །བཙོ་གློག་དམར་གྱི་བུ་ཡུག་འཚུབ་ཅིང་འདུག །འདི་ལྟ་བུའི་ཆོ་འཕྲུལ་ཅི་ཡིན་སྙམ། །ཤར་ཕྱོགས་ཀྱི་ངོས་ལ་ཕར་བལྟས་པས། །མི་ལུས་ལ་གཡག་གི་མགོ་ཅན་ཞིག །དོན་ཆུ་འཛིན་གཟུགས་སུ་གྲུབ་ནས་འདུག །ལྷོ་ཕྱོགས་ནས་རྟ་ཡི་མགོ་ཅན་ཞིག །སྔ་མ་བཞིན་ཕྱོགས་འདིར་བལྟས་ནས་འདུག །ད་ནུབ་ནས་ཀྱང་དེ་བཞིན་ཡོད་དམ་སྙམ། །ཆུ་ལྷ་ཡི་ཕྱོགས་སུ་ཕར་བལྟས་པས། །མདོག་དམར་པོ་ཁྲོ་བོའི་གདོང་ཅན་ཞིག །སྔ་མ་བཞིན་ཚུར་ལ་བལྟས་ནས་འདུག །ད་ཁོ་བོ་བར་དོར་འཁྱམས་འདུག་སྙམ། །བདེན་མེད་ཀྱི་མོས་བློ་མ་བཏོགས་པ། །འཇིགས་སྐྲག་གི་རྣམ་པ་ཆེར་མ་བྱུང་། །(༦༩ན)


GLG009_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རྒྱལ་བ་ཉིད་གང་དུ་བཞུགས་ཡོད་སྙམ། །ཤྲཱི་དྷཱ་ནྱ་ཀ་ཊའི་ཕྱོགས་བལྟས་པས། །སྐུ་འོད་ཀྱི་རང་བཞིན་བུམ་པའི་གཟུགས། །དོན་བརྟན་གཡོས་མི་བརྫི་བ་རུ་མཐོང་། །བགེགས་ཆོ་འཕྲུལ་འདི་ཡི་ལྟ་ག་ལ། །སྙམ་པའི་དགའ་སྤྲོའི་གདེངས་ཤིག་བྱུང་། །དེ་ཡི་མོད་ལ་གཟུགས་མེད་སྒྲ་གཅིག་གིས། ཁོང་ཐུགས་རྗེའི་ཉིན་བྱེད་བུམ་པར་སྦས། །སྤྱིར་འགྲོ་དྲུག་ཀུན་མུན་པའི་ཀློང་དུ་འདུག །སྒོས་རྐང་གཉིས་ཀུན་མུན་ཁུང་ལམ་མི་རྟོལ། །འདི་མྱུར་དུ་འཆར་བའི་གསོལ་བ་ཐོབ། །ཅེས་ཟེར་བའི་མོད་ལ་འཁྲུལ་སྣང་སད། །སྤྱིར་རྨི་ལམ་ལ་རྟག་པའི་གོ་སྐབས་བྲལ། །སྒོས་ཁོ་བོ་ལ་ཏིག་གཏད་མ་མཆིས་ཀྱང་། ཁོ་འཁྲུལ་སྣང་འཁྱར་བོའི་བརྡ་ཆོས་འདི། །དོན་ཐོག་ཏུ་བབ་པ་འགའ་ཡང་བྱུང་། །འདི་རྒྱལ་བའི་ཐུགས་རྗེའི་འཇུག་པ་དང་། །འབངས་འགྲོ་བའི་བདེ་སྡུག་གི་ལྟས་མ་གཏོགས། །མི་ཁོ་བོ་ལ་ཆོ་འཕྲུལ་འདི་ཙམ་ཅི། །མགོན་རྒྱལ་བའི་སྙན་དུ་གསོལ་བ་ལགས། །དོན་བླང་དོར་གྱི་ཐུགས་རྗེས་འགྲོ་བ་ཀུན། །བདེ་ལྡན་གྱི་ཞིང་དུ་ཁྲིད་ཀྱང་འཚལ། །ཞེས་ཤུགས་འབྱུང་དུ་མལ་གྱི་དགོན་ཧྲུལ་དུ་བྲིས། །ཞེས་ངེད་ལ་དོག་ཆ་ཡོད་པའི་ལུང་བསྟན་དང་མཐུན་པར་དམ་སེལ་ལ་བརྟེན་ནས་ལུད་པར་ཁྲག་ཡོང་བའི་གློ་ནད་འདྲ་མོ་ལ་ལྷ་རྗེ་རྣམས་ཀྱིས་ངོས་འཛིན་ཆེར་མེད་ཅིང་སྨན་འཇམ་རྩབ་གང་གིས་ཀྱང་མི་ཕན་པའི་རིམ་མེད་ལ་འགྲོ་བ་ཞིག་གིས་ཟླ་བ་ཕྱེད་གཉིས་ཙམ་མནར་བ། ཟླ་བ་བརྒྱད་པའི་མཇུག་ཏུ་འཕྲོད་བསྟེན་ལ་མ་ལྟོས་པར་བླ་མ་དམ་པའི་ཐུགས་རྗེས་གློ་བུར་དུ་ཞི་བས་མོས་པ་ལྷག་པར་འཕེལ། ཁལ་ཁ་ཨེར་ཏི་ནི་ཧུང་ཐའི་ཇིས་ཀླུ་སྦུག་གླིང་ཁར་གདན་དྲངས། སེང་གདོང་མས་གཙོས་འདོད་ཆོས་ཀྱི་དབང་རྗེས་གནང་དུ་མ་དང་སྲུང་བའི་རིས་མང་དུ་སྩལ། གཙང་གི་སྐྱ་ལངས་ལ་དཔོན་(༦༩བ)


GLG009_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་པཎ་ཆེན་རིན་པོ་ཆེའི་སྐུ་ཞབས་ནས། དམག་བསྐུལ་གྱི་མི་སྣ་བཀའ་ཤོག་བྱུང་བ་ལྟར་སྡེ་པ་འཕྲིན་ལས་རྒྱ་མཚོ་ཨེར་ཏི་ནི་ཧུང་ཐའི་ཇིའི་རྩར་རྒྱུ་མཚན་མོལ་བར་བཏང་བ་དེ་གོང་ཐའི་ཇིས་རྗེ་བླ་མར་གཙང་ཕྱོགས་ཀྱི་བདེ་གཟར་ཅི་འདྲ་ཡོང་གི་བརྟག་པ་ཞུས་པར། དེ་ནུབ་འོད་གསལ་ལ་ནུབ་ཕྱོགས་སུ་སྤྲིན་ནག་ཁྲོད་ནས་ཐོག་སེར་གློག་སོགས་འཚུབ་ཆེན་པོ་དང་སྤྲིན་གྱིས་ཉི་མ་སྒྲིབ་ལ་ཁད་ལ་བུད་མེད་རྟ་ལ་ཞོན་པ་ཞིག་གིས་ཉི་སྤྲིན་གྱི་མཚམས་ལ་རྒྱུག་ཅིང་ངའི་གནས་གཞི་འཇིག་དོགས་འདུག་ཟེར་བའི་མོད་ལ་ཉི་མ་སྤྲིན་གྱིས་མ་སྒྲིབས་ཙམ་ཤར་ཚུལ་གསུངས་པའང་དྲན་ཏེ་ཐའི་ཇི་རང་གི་གཅུང་པོ་ད་ཡན་ནོ་ཡོན་དམག་བཅས་བཏེག་པས་སོག་པོའི་སྒྲ་སྐད་ཀྱིས་ཀྱང་ཕན་ཐོགས་ཆེན་པོར་སོང་། རྩིས་སྙན་ངག་སྡེབ་སྦྱོར་མངོན་བརྗོད་ལོ་རྒྱུས་སོགས་ལ་དོགས་གཅོད་ཞུས་པར་ལན་རྒྱས་པར་གནང་བས་ཤིན་ཏུ་མོས་ཏེ་དངུལ་གྱི་མཎྜལ་ཇ་གོས་དར་ཁ་གྲངས་ལྔ་བཅུ་ལྷག་བཅས་ཀྱི་བདོག་པ་ཕུལ། ཐའི་ཇི་འདི་བོད་ཀྱི་སྐད་ཡིག་ལ་མཁས་ཤིང་མཐོང་རྒྱ་ཆེ་བའི་ཁེངས་པས་བླ་མ་ཡིན་ཚད་ལ་གུས་པོ་བྱེད་རིས་སུ་མ་མཆིས། ངེད་རང་གི་དགེ་སྦྱོར་རྟེན་དུ་རིགས་འཛིན་རྡོ་རྗེ་དྲག་པོ་རྩལ་དང་ཁྱབ་འཇུག་གི་བྲིས་སྐུའི་ཕྱག་བྲིས་གནང་ཚེ་འོད་གསལ་དུ་གཟིམས་ཆུང་མགོན་ཁང་ཡིན་རྒྱུ་བ་ཞིག་ན་ཁྱབ་འཇུག་གི་སྣང་བརྙན་གཟི་བྱིན་ལྟར་མི་བཟོད་པའི་ལྷ་དངོས་སུ་སོང་བ་འདྲ་མོ་དང་། རྭ་གཞུ་ཐོག་ཚད་ཙམ་པ་སོགས་ཆོས་སྐྱོང་འཁོར་བའི་སྤྱན་ལྟས་མང་དུ་ཤར་ཞིང་། ངེད་ཀྱི་ཕ་མེས་བརྒྱུད་པའི་སྲུང་མའི་ལུགས་སུ་སོང་གཤིས་བླ་རྡོ་སྲོག་འཁོར་རྟོད་གནོན་སོགས་འཁོར་ལོ་ཚང་མ་ལུས་ལ་བཅད་རྒྱུ་གནང་བ་འབྱོར་དུས་དེ་ཕན་དམ་གྲིབ་ཀྱི་རྣམ་པའི་ལྷོངས་ཤིག་ཡོད་པའང་ཚེར་མ་དབྱུང་བ་ལྟར་གྱུར། ཟིལ་གནོན་གྱི་ཐོད་སྐུ་(༧༠ན)


GLG009_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བྲིས་སུ་མཛད་དུས་མཚན་ལྟས་བྱུང་བ་ཕྱག་བྲིས་སུ་སྩལ་པ་ནི། རྨིས་ལྟས་ཐོད་པ་འདི་བྲི་དུས་འདི་ཐོད་པ་མིན་རུས་སྦལ་གྱི་ཁོག་པ་ཡིན་ཟེར། བལྟས་པས་རུས་སྦལ་ཁོག་པ་གསེར་གྱི་མདོག་ཅན་ཞིག་འདུག །མི་ཞིག་གིས་གླིང་འདི་སྙོམས་འཇུག་དགུ་དག་པ་ཡིན། གླིང་འདི་འཕགས་ལམ་བརྒྱད་དག་པ་ཡིན། གླིང་འདི་རྟེན་འབྲེལ་ཡན་ལག་བཅུ་གཉིས་དག་པ་ཡིན་ཟེར་གླིང་སོ་སོར་རྟེན་བཤད་བྱེད་པ་ཞིག་བྱུང་། དེ་ནས་བཟུང་རྣམ་རྟོག་ཙམ་ལ་ཐོད་པ་འདི་ཁ་དོག་གསེར་དུ་སོང་འདྲ་དང་ལྕི་རུ་སོང་བ་འདྲ་ཞིག་བྱུང་ལགས། ཞེས་ཕེབས་པའང་དཔལ་ལྡན་དུས་དགྲའི་དབང་པོའི་ཐུགས་ཀྱི་ངོ་བོ་རྣམ་པ་སྲིད་གསུམ་ཚེ་སྲོག་འཆང་བའི་རུས་སྦལ་དུ་བསྟན་པ་སོགས་ཆེད་དུ་གཉེར་ནས་བསྒྲུབས་པར་མ་བལྟོས་པའི་ཡེ་ཤེས་པ་རང་བཞིན་ལྷུན་གྱིས་གྲུབ་བའི་ལྟས་སུ་མངོན་མོད། ཁོ་བོ་བརྩོན་པ་ཆུང་བའི་བཅས་སྒྲུབ་རིང་དུ་འགྱངས་ནའང་འདི་ལོ་སྒྲུབ་པ་མཐར་ཕྱིན་པའི་ངོས་བཅས་ཆོག་བུམ་པར་བཞུགས། དགུན་སྨད་བདེ་ཆེན་གླིང་ཁར་ཀུན་ཅི་རྒྱལ་མོའི་སྒར་ཐོག་ཏུ་གུ་ཤྲི་བླ་མ་དང་ཨེར་ཏེ་ནི་ཆོས་རྗེ་གཉིས་ཡོད་པས་གདན་དྲངས། སྲུང་འཁོར་དང་རིམ་གྲོ་མཛད། གུ་ཤྲི་བླ་མས་ཐེག་ཆེན་གན་དྲིལ་དང་རྟ་སོགས་ཀྱི་འབུལ་བ་མང་དུ་ཕུལ། བདག་ནད་འདི་ལས་གྲོལ་ན་previous hit ཡེར་ཕུ་མདའ་ཆོས་གཞིས་སུ་ཞུས་བྲག next hit་གསེབ་གཙང་དགོན་ལ་བཏང་ནས་བདེ་མཆོག་གི་སྒྲུབ་སྡེ་འཛུགས། ཉིད་ཀྱང་སྤོས་དགའི་ཁུར་བཞེས་རྒྱུན་སྐྱོང་དགོས་ཡེར་པ་དམ་པ་ཆོས་ཐེབས་སུ་སྦྱོར་སོགས་ཞུས་འདུག་ཀྱང་བླ་མ་མ་འགྱངས་པར་གྲོངས་པའི་ཐོག་ཏུ་མ་ཁེལ། མལ་དྲོ་གུང་མཁར་ལ་ས་སྐྱོང་ཐོག་རྒོད་རྣམ་རྒྱལ་གྱིས་དབུ་མཛད་པའི་དམག་གིས་བསྐོར་བའི་ཇུས་རིམ་ལ་བདེ་ཆེན་དུ་གདན་དྲངས་ཁྲོ་འཆར་དང་གླང་(༧༠བ)


GLG009_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སྣ་བསྒྱུར་གནང་། དྲུང་འཚོ་ཆ་པར་ཤིག་ནད་བྱུང་བར་ཀཱུ་སུ་ལུའི་ཚོགས་གསོག་གཅོད་དམིགས་སོགས་ལ་ནན་ཏན་བྱས་ན་ཕན་ཡོང་ཤིག་གིས་སོ་བཏབ་པར་མི་ཚུགས་ན་གསང་སྤྱོད་ཇི་ལྟར་ཐོངས་ཀྱི་ཞུ་ལན་བྱུང་བའི་དེ་ནུབ་ནས་ཤིག་རྣམས་གར་སོང་ཆ་མེད་དུ་གྱུར་ཏོ། །པད་གནུབས་བརྒྱུད་པའི་ཞལ་ལུང་ཞོ་འཐུང་རུས། །མཐུ་སྟོབས་རྩེ་བརྒྱ་འབར་བ་རྡོ་རྗེའི་མཚོན། །ཆོས་རྒྱལ་བྱང་པས་མགོན་ཁྱོད་ཕྱག་མཚན་དུ། །གཏད་ཚེ་དགའ་རབ་དབང་ཕྱུག་སྙིང་རྩ་འདར། །ལན་ཅིག་མིན་པར་ངེས་གསང་བདུད་རྩིའི་ཐིགས། །བདག་སྙིང་སྤྲིན་པས་རིག་རྩལ་ཀུན་བཟང་སྲོག །ཟུངས་གྱུར་དྲིན་ལན་བྱང་ཆེན་ཐོབ་ནས་ཀྱང་། །རིགས་ཀྱི་ཅོད་པན་གྱུར་ལ་མཇལ་པར་སྤྲོ། །རྗེ་བཙུན་གཡུ་བྲག་ཡེ་ཤེས་ཕོ་བྲང་ཆ། །ཚུར་མཐོང་སྣང་ངོར་ངན་ཧྲུལ་གློ་བུར་དུ། །འཆི་མེད་གྲོང་ཁྱེར་ས་ལ་མངོན་སུམ་པར། །འཇིག་རྟེན་མེས་པོས་སྤྲུལ་སྙམ་འཕྱང་མོ་ཉུག །པདྨ་འོད་ཞིང་བསྒྲིགས་པའི་ལྷ་གྲལ་དུ། །ཐུགས་རྗེ་དབང་གྲུབ་རང་རྩལ་ཉེར་འཕོས་ཀྱང་། །རྒྱལ་བའི་གདུང་འཚོབ་གཙོ་བོར་གྲང་སོ་བ། །བསྟན་འཛིན་གཙུག་ཏོར་རྩེར་བཀོད་ནོར་བུའི་ཉོག །སྣམ་ཟན་གྲོང་པའི་རྐང་འཐུང་འཁྲིག་པའི་ཀླུང་། ཁེ་ཉེན་བཤེར་གྱིས་དོན་ཆེན་འགྲུབ་པའི་ཞུགས། །འབར་མིན་མ་བབས་ལས་ཀྱི་རྟ་གདོང་མེས། །སྒར་གཙང་སྲིད་སྡེའི་ཆུ་བོ་སྐེམ་སྟེ་མཚར། །འབྱུང་འགྱུར་ལྕགས་རྡུལ་ལས་ཕྲའི་གཟུགས་བརྙན་ཀུན། །ཡེ་ཤེས་མེ་ལོང་ངོས་སུ་སྒྲིབ་མེད་པར། །ཤར་ཚེ་ཨཽཌྜི་ཡ་ནའི་མཁན་པོ་དང་། །ལྕི་ཡང་འཕྲང་ལ་གཞལ་ཀྱང་གང་གིས་དབྱེ། །བརྒྱ་བཤིག་སྟོང་དུ་འགུགས་པའི་གཡོ་འཁྲུལ་གྱིས། །རྙེད་འཚོལ་འབྱོན་མའི་ཟློས་གར་བསྒྱུར་མིན་ཡང་། །རང་རྒྱུད་རྣམ་པར་གྲོལ་བའི་ཐུགས་རྗེ་ཆེའི། །འཕྲིན་ལས་གདུལ་བྱར་འཇུག་དེ་དངོས་པོའི་གཤིས། །(༧༡ན)


GLG009_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ལུག་ཆོས་འཁོར་བསམ་ཡས་སུ་ཕེབས། །དབུ་རྩེ་ཡཀྴ་བླ་འོག་གླིང་བཞི་གླིང་ཕྲན་ཇོ་མོ་གླིང་གསུམ་སོགས་རྟེན་བརྟེན་པ་རྣམས་ཞིབ་མཇལ་དང་གསེར་ཆབ་སྤྱན་འབྱེད་དཀར་མེ་སྙན་དར་གྱི་མཆོད་འབུལ། འཇིག་རྟེན་སྤྱི་དང་བྱེ་བྲག་གངས་ཅན་ལྗོངས་ཀྱི་སྐྱེ་རྒུ་རྣམས་བཀྲ་ཤིས་བདེ་ལེགས་སུ་འགྱུར་བའི་སྨོན་ལམ་གྱི་མཚམས་སྦྱོར་གནང་བར་དགེ་ལུགས་མཆོད་ཡོན་སྒེར་གྱི་བསྟན་སྲིད་ལ་ཕན་ཐབས་ཟུར་པ་ཞིག་ཡིན་པར་དོགས་ནས་བསམ་ཡས་རབ་བྱུང་པ་རྣམས་ཀྱིས་དེའི་ནུས་པ་སྦྱོང་བྱེད་ཀྱི་ལུགས་སུ་དཔོན་སློབ་རྣམས་གྲགས་རིམ་གྱིས་ཁྲུས་གསོལ་བྱས་པའི་གནས་ཚུལ་བྲག་ཁ་བའི་དྲུང་འཁོར་འདྲས་མངའ་རིས་དྲུང་པར་བཤད་འདུག །བསམ་ཡས་མཐིལ་དུ་བཞུགས་རིང་བྱང་བརྒྱུད་གློ་བུར་རྒྱལ་པོ་ཉག་རེ་ཨ་འཕེལ་གྱིས་གཟན་ཤིང་རྒྱས་པར་ཕུལ། མཚམས་ཕུག་གི་སྒྲུབ་གནས་སུ་ཕེབས་པའི་བློན་པོ་མགུལ་དུ་རང་གྲོལ་གྱི་རྣལ་འབྱོར་པ་ཀོང་སྨོན་ལྷ་བཙུན་ནམ་མཁའ་འཇིགས་མེད་དང་མཇལ། བང་རི་གཏེར་སྟོན་ཧཱུྃ་ནག་མེ་འབར་གྱི་དཀོན་ཅོག་སྤྱིའི་དུས་ཀྱི་དབང་ལུང་རྣམས་གསན། གསང་ཕུག་གིས་གཙོས་པའི་གནས་རྣམས་སུ་མཆོད་འབུལ་གསོལ་འདེབས། སྨོན་ལམ་རྒྱས་པར་མཛད། ཕྱིར་ལམ་ཕྱག་འཕྲེང་གི་ཐག་པ་ཆད་པ་མ་མཁྱེན་པར་དུར་ཁྲོད་དུ་ཕེབས་དུས་མདོ་འཛིན་མ་གཏོགས་མ་བྱུང་བར་ཐུགས་དོགས་ཀྱི་རྣམ་པ་གཞན་ངོར་གནང་བ་དོན་དུ་མཛད་པ་ཐ་མའི་ཡང་མཐའ་སྐུ་གདུང་རིན་པོ་ཆེ་དེར་གདན་འདྲེན་པའི་མཚན་མ་ཁོ་ནར་མཆིས། ཕྱིར་ལམ་རྡོ་རྗེ་བྲག་ཏུ་ཕེབས། རིགས་འཛིན་ཡོལ་མོ་བ་སྔར་ཡམ་བུ་རྒྱལ་པོས་གདན་དྲངས་དུས་བལ་ཚད་ཀྱི་སྙུན་རོ་ཡོད་པ་ལངས་པའི་མཇུག་དང་འགྲིབ་རྐྱེན་སེལ་གྱི་བྱབ་འཁྲུས་འབུལ་བ་གནང་། ཞག་ཁ་ཡར་(༧༡བ)


GLG009_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འཆང་ཆེན་པོའི་ཞབས་པད་བསྙེན། སྨོན་ལམ་གྱི་ཐོག་ཡོལ་མོ་སྤྲུལ་སྐུ་ལྷ་སར་མཆོད་ཡོན་མཇལ་བར་བྱོན་པའི་སྣེ་ཤན་གྱི་སྙན་འབུལ་དང་དོ་དམ་མཛད། ས་སྐྱོང་བསོད་ནམས་རབ་བརྟན་གཟིགས་ཕྱོགས་ལེགས་པ་དང་འགྲིག་པའི་མཐོང་བཟོས་བདག་རྐྱེན་བསྒྲགས་ཞང་ལྷན་གྱི་མཆོད་གཞིས་དང་གནང་སྐྱེས་རྒྱས་པར་བྱུང་སོང་བ་སྤྲུལ་པའི་སྐུས་དབུ་མཛད་ཕྱོགས་དེའི་གཟུར་གནས་མཐའ་དག་རྗེ་འདི་ཉིད་ཀྱི་བཀའ་དྲིན་ཕྱུངས་པའི་རྗེས་སུ་ཡི་རང་མོད། རབ་འབྱམས་པ་ལྦ་བ་སོགས་ལྷས་སྦྱིན་དྲིན་བཟོ་མེད་པའི་རིང་ལུགས་ལ་བརྟེན་པ་རྣམས་ལ་ཆ་མི་འཚལ། གཞིས་ཀ་ཤར་དུ་གནས་གཡར་བའི་རིགས་འཛིན་ཆེན་པོ་དཔོན་སློབ་ལ་རྙེད་བཀུར་གཟབས་རྒྱས་དང་ལྷ་ཆེན་རྡོ་རྗེ་འབར་བ་རྩལ་གྱི་ཆོས་ཀ་ཡོངས་རྫོགས་གསན། སོག་པོ་ནོར་བུ་རིན་ཅེན་ལ་དམིགས་པའི་གནུབས་ཀྱི་མན་ངག་རལ་གྲི་ཕྱུང་རྒྱག་ཅིག་མདོ་སྤྱིལ་དུ་བཟོས་ནས་བློ་བཟང་ཆོས་དབང་ལ་བསྐུར་ཏེ་བླ་བྲང་གི་ནང་དུ་མ་ཁྱེར་གནང་འདུག་པ་བཞིན་རགས་སུབས་ཤིག་ལ་སྦས་ཕྱག་བྲིས་ནང་དུ་ཁྱེར་ཡོངས་པ་དང་འཚུབ་ཀྱི་རྣམ་པའི་ཏཱ་ཞིང་ཆོས་རྗེ་སྟེང་གྲིབ་ཕོག་པའི་ངག་ལྐུགས་པར་རྫས་སྔགས་ཟ་ཡིག་གི་བཅོས་ཀས་འཕྲལ་དུ་སྨྲ་བ་བྱེ་བའི་ངོ་གསོ་ཐོན། སྔར་ཕན་སྟོན་ཡས་མས་ཚོར་མེ་ཏོག་ཁོ་ན་ལ་བརྟེན་ནས་དཔོན་གཞིས་བླ་བྲང་འཛིན་དགོས་པར་པདྨ་མཁར་པའི་ཕྱག་བཟོ་བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་གསེར་སྐུས་ཐོག་དྲངས་ཞུ་རྟེན་དང་བཅས་མཆོད་གཞིས་ཞུ་བ་གནང་བ་ཆར་ཞོད་སྙོམས་ཚེ་འབྲུ་ཁལ་ལྔ་བརྒྱ་ཙམ་ཐོན་པ་ཆོས་ལུང་ན་གའི་ཐོག་ནས་སྦྱོར་འཇགས་ཀྱིས་འཚོ་བ་བསོད་སྙོམས་ལ་བརྟེན་མི་དགོས་པ་ལས་གསུང་རམ་འདེགས་པའི་གྲ་ཚང་འཛུགས་ཐུབ་པའི་ཐུགས་ཀྱི་རེ་ཆེ་(༧༢ན)


GLG009_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

སར་བྲོ་ཐབས་པ་ནི་མ་བྱུང་། ཟླ་བ་གཉིས་པའི་མཇུག་དགའ་ལྡན་ཕོ་བྲང་དུ་ཕེབས། པདྨ་གླིང་པའི་བླ་མ་ནོར་བུ་རྒྱ་མཚོ་དང་ཕུར་པ་ལྕགས་ཁང་མའི་དབང་སོགས་ཟབ་ཆོས་མང་དུ་ཞུས། ཟླ་བ་གསུམ་པའི་ཚེས་བརྒྱད་ཀྱི་དགོང་ཕུར་པའི་དབང་གི་སྟ་གོན་གནང་ནས་བཞུགས་གནས་སུ་ཕེབས་ཐོག་གྲང་ཤུམ་དང་འདར་སིལ་གྱིས་སྐུ་བསྙེལ་བར་རིམ་གྲོ་པས་ཞབས་བྱུག་ཕུལ་ཀྱང་མནལ་ཡེ་མ་བྱུང་བའི་ངང་ལ་ཕོ་བྲང་ཞོལ་གྱི་འཁུར་ཐབ་ལ་མེ་གཤོར་ནས་རིམ་གྱིས་ཤར་བརྒྱུད་རྣམས་ཚིག་པའི་ཞུགས་ཀྱི་ཕུང་པོ་བདུན་ཐོག་ཙམ་འབར་ཏེ་ལུང་པ་ཐམས་ཅད་ཉིན་མོ་ལྟར་གསལ་བ་ན་སྙུན་ཆེར་མ་ཕྱུངས་པ་ལྟར་ཞི་ཞིང་། བྱང་ལྟས་དང་རྒྱལ་འགོང་གི་འཚུབ་ལྷོངས་ཀྱིས་ཕོ་བྲང་ལྟེ་བ་ལ་འཆོར་ཉེ་བའང་རྗེ་བླ་མའི་ལྷ་སྔགས་ཡེ་ཤེས་ཀྱི་ནུས་པས་རླུང་ཁ་ཤར་ཕྱོགས་སུ་འགྱུར་བས་གནོད་པ་མ་བྱུང་། གཙོ་བོར་ཕུར་པའི་དཀྱིལ་འཁོར་སྒྲུབ་མཆོད་གནང་ཟིན་པའི་མཐུར་མངོན། འབྲས་སྤུངས་སུ་ཨར་པོའི་སྟབས་ངེད་སེ་རར་སྡོད་དགོས་ཤར་བས་རྗེ་ཉིད་ཀྱང་ཕེབས་རྒྱང་ཙམ་བཞུགས་ནས་ཆོས་འཕྲོ་རྣམས་སྩལ། གནས་རྙིང་རྒྱལ་པོའི་འཚུབ་ལྷོངས་ཆེ་ཙམ་བྱུང་བར་འཇམ་དཔལ་གཤིན་རྗེའི་སྒོ་ནས་མནན་སྲོག་སྒྲུབ་པའི་འཁོར་ལིང་འབྲི་བ་དང་ཕྱག་ལེན་གྱི་ཞལ་བཀོད་གནང་། ཡེར་པར་ལམ་དུ་རིགས་འཛིན་དུས་ཀྱི་ཆོས་ཉིད་དུ་གྱུར་པར་གསལ་འདེབས་སྟོན་མཇུག་མེ་མཆོད་ལེགས་བྱས་སྤེལ་བའི་མཐུན་རྐྱེན་གྱ་ནོམ་པའི་ཆེས་འཇུག་རྣམས་ཀྱི་བློའི་རེ་བ་བཀང་། བླ་མ་བཀའ་བརྒྱད་ཡོངས་འདུས་ཀྱི་སྤྱི་ལུང་མདོར་བསྡུས་སྙིང་པོ་ལས། ཁྱད་པར་(༦༢བ)


GLG009_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པ་སྦྲུལ་གྱི་ལོ་ཤར་དུསཿ གནམ་རྟགས་འོད་དཀར་སྐྱ་རེངས་ཡང་ཡང་འཆར༔ གཟའ་སྐར་གཟུག་ཅིང་བྱང་དུ་ཧོར་སོག་གཡོ༔ འོལ་དགའི་ཕྱོགས་སུ་ཆོས་པའི་རྐྱེན་བྱས་འཁྲུག༔ དབུས་གཙང་སྡེ་འཁྲུག་འགྲོ་རྣམས་ཉམ་ཐག་འབྱུང་༔ ས་གཡོས་ནད་རིམས་ལོ་གསུམ་ལོ་ཉེས་འབྱུང་༔ ལོ་དགུའི་བར་དུ་དབུས་གཙང་དབུ་རུར་འཚོག༔ ཅེས་པའི་དོན་ལྟར་སྦྲུལ་རྟ་གཉིས་ལ་རྒྱལ་ཁམས་བྱིངས་ལ་སད་མོ་ཆེ་བྱུང་ནས་ཐམས་ཅད་མུ་གེས་མནར་བར་བརྟེན་སྐྱིད་ཤོད་ནས་སྡེ་པ་ཐོག་རྒོད་རྣམ་རྒྱལ་གྱིས་དེ་རིས་ལ་ཕན་པའི་བཅོས་ཐབས་དགོས་ཚུལ་གསོལ་བ་བཞིན་བདེ་ཆེན་དུ་དཔོན་སློབ་ཚང་མས་ཞག་བདུན་གྱི་བར་སྡོང་དཀར་གྱི་ངོས་བུམ་གཏེར་བཅའ་བ་དང་སྒྲུབ་པ་མཛད་ནས་སྐྱིད་ཤོད་སྟོད་སྨད་ཀྱི་རི་མཐོ་ས་བཀྲ་ལེགས་པ་དཀར་ཕྱོགས་ལ་དགའ་བའི་ལྷ་ཀླུ་ཡོད་སར་སྦས། ནོར་བུ་མཆོག་རྒྱལ་གྱི་གཡང་འགུགས་གནང་བས་ཉེ་སྐོར་ཚོར་སད་སྐྱོན་ལོ་སྔ་མ་ལས་ཆུང་ཙམ་བྱུང་རུང་ཡུལ་ཁམས་བྱིངས་ལ་སྟོན་ཐོག་བསྡུ་མེད་དུ་མ་སོང་ཙམ་ལས་ལུང་བསྟན་གྱི་ལོ་མ་ཐེངས་པས་ལེགས་པ་ཞིག་བྱུང་ཚོད་མིན་འདུག །ཡོལ་མོ་སྤྲུལ་པའི་སྐུའི་ཞབས་དྲུང་དུ་ཕེབས་པའི་ཚེ་སྤྲུལ་སྐུ་རིན་པོ་ཆེ་ཡང་རབ་འབྱམས་པ་སོགས་གྲ་རིས་མ་རུངས་པ་དུ་མས་ཐུགས་དཀྲུགས་ཤིང་ལོ་རྒྱུས་ལ་ལར་སྤྲུལ་པའི་སྐུ་དང་ཨམ་ལྗགས་སེལ་མེད་པར་གྲགས་ལ། ཕྱག་མཛོད་མངའ་བདག་པས་སྡེ་སྲིད་སྣ་དཀར་རྩེ་པར་ཞུས་པ་ལྟར་ན་རབ་འབྱམས་པ་སོགས་ལས་ཀྱང་སློབ་དཔོན་པར་ཐུགས་འཁང་ཆེ་ཚུལ་ཐོས་པ་དང་སྔགས་སྡེབས་སྙིང་གཟིར་ནག་པོའི་མ་(༧༣ན)


GLG009_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་དང་མའི་ཁ་བྲལ་ནས་ཡ་དང་དེ་བཞིན་པ་དང་ལ་སོགས་ཡིག་འབྲུ་མང་པོར་བྲིས་སྲུབས་ཀྱིས་སྔར་སློབ་སྦྱངས་བྱས་པ་རྣམས་དང་མི་མཐུན་པའི་མགོ་འཁྲུགས་པར་བརྟེན་རྗེ་བླ་མས་ཕྱག་དཔེ་དེ་ག་ཡོལ་མོ་སྤྲུལ་སྐུར་སྤྱན་འབེབས་དང་སྦྲགས་དག་པ་ཞིག་གཡར་པོ་དགོས་ཚུལ་ཞུས་པའི་ལན་དུ་སློབ་དཔོན་པ་ཐུགས་བསམ་ནག་དྲགས་དཔེ་མང་པོར་འདི་འདྲ་འགའ་འགའ་བྱོན་འདུག་པའི་ཁྲོད་ཀྱི་སྡེབས་ཤིག་ཏུ་མཆིས། དག་པ་འདི་བཞིན་ཕུལ་ཡོད་ངོ་གསུང་པའི་ཕྱག་བྲིས་ངོ་མ་མཐོང་བ་དང་ཀླུ་གོང་བློན་པོའི་སྐྱེ་བའི་ངོས་འཛིན་སོགས་ལ་དམིགས་ན་ཡིད་གཉིས་སུ་སྣང་བ་ཅི་ཡིན་ཆ་མ་འཚལ། གང་ལྟར་གྲོས་དབང་མ་རུངས་པ་ཁ་ཤས་ཀྱིས། ཆུ་རྟ་སྐྱ་ལངས་ཆེན་མོའི་དུས་ཀར་ལུགས་དང་ས་འོག་འབྲེལ་ཐག་བྱས་ནས་དམག་ཕྱི་འབྲངས་རྩིས་ཀྱིས་སྒར་བཏགས་ལ་རྩེ་གསུམ་བསྐྱོན་པ་སོགས་སླར་གནས་པས་ང་འདི་ཚོའི་ཁྲོད་དུ་བསྡད་ན་མི་རྒན་རྗེས་སུ་ཁྲིམས་རར་མི་ཚུད་པའི་ངེས་པ་མི་འདུག་ཅེས་འཕྲང་འགོ་ཤེལ་གྲོང་དུ་གཟིམས་ཁང་བྱུང་བཞུགས་པ་དང་འགྲིག །རྗེ་འདི་ཉིད་ཀྱི་གཟིགས་སྣང་ལ་གཟིམས་ཁང་གི་གཡོན་རི་ལ་ཉེ་སྲས་བརྒྱད་རང་བྱོན་དང་ཆུ་བོ་གྱེན་དུ་འགྲོ་བ་སོགས་ཡ་མཚན་པ་བྱུང་བ་རྣམས་ཕྱག་བྲིས་སུ་བཀོད་ནས་སྤྱན་འབབས་དང་གནས་ཚུལ་གནང་བར་བླ་མ་རིན་པོ་ཆེ་ལུང་ཟིན་གྱི་སྐྱེས་བུ་དམ་པ་ཡིན་པ་དང་ཐུགས་ངེད་ཀྱང་གཞན་དང་མི་འདྲ་བས་དག་སྣང་ལ་ངེས་པ་ཅི་ཡོད། གཞན་ཁོ་བོའི་ཉལ་ས་ལ་དེ་འདྲ་ཡོང་བའི་རེ་མེད། གཡུང་གི་རྣམ་ཐར་དུ་སློབ་མ་དད་པ་ཅན་གྱིས་བླ་མ་ཟོག་པོར་གཏོང་བའི་དཔེ་ཡིན་འདྲ་གསུང་། (༧༣བ)


GLG009_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྒྱལ་བྱང་པའི་གཏེར་གསར་བླ་མ་མཚོ་སྐྱེས་རྡོ་རྗེ་སྐུ་གསུམ་རིགས་འདུས་ཀྱི་དབང་ལུང་གི་གཙོས་ཟབ་ཆོས་དུ་མ་གསན། སྤྲུལ་པའི་སྐུ་དགུང་ལོ་སོ་བདུན་དུས་བྱོན་པའི་ཚེམས་ཤིག་སྔར་གནང་ཡོད་འདུག་པ་རྟགས་བཞིན་ཨེ་བྱུང་ཞེས་དྲི་བ་མཛད་པར་ད་ལོ་རིང་བསྲེལ་ཞིག་འཁྲུངས་ཚུལ་ཞུས་པར་ད་རྒད་པོ་འགྲོ་རན་པའི་རྟགས་ཡིན་ཕེབས། ཚུར་ཆིབས་ཁ་བསྒྱུར་གདོང་ཐུགས་དམ་རྟེན་གྱི་ཕག་མོའི་སྐུ་ཁྱད་འཕགས་ཤིག་ལ་བཞུགས་ཁང་བཟོ་རོགས་གྱིས་གསུང་བ་བཞིན་བསྣམས་ཕེབས། གུང་ཐང་ཆོས་ཁྲིའི་ཤིང་རྩི་འཛུགས་པའི་སྟ་གོན་མཛད། ཤེལ་གྲོང་ནས་སྤྲུལ་པའི་སྐུའི་ཕྱག་བྲིས་ཤིག་བྱུང་བ་བདག་གི་རྨི་ལམ་དུ་དུར་ཁྲོད་འདི་ན་ངེད་ཀྱི་གཙོ་མོ་མི་འདུག་ཟེར་བུད་མེད་མང་པོ་ངུ་བ་ཞིག་བྱུང་བས་ཕག་མོའི་སྐུ་དེ་མེད་པས་ལན་འདྲ་བ་བཞུགས་ཁང་གི་ཚད་བླངས་པའི་སྐུ་ཚུར་བསྐུར་གསུང་བ་བཞིན་འཕྲལ་འབུལ་དང་བཞུགས་ཁང་ཡང་བལ་པོས་མྱུར་དུ་བཟོས་ནས་ཕྱག་དུ་འབྱོར་བས་དགྱེས་པར་གྱུར། འདི་ལོ་སོས་དབྱར་གཉིས་ཀ་ཆར་ཞོད་ཤིན་ཏུ་དཀོན་ཞིང་སྤྲིན་འཁྲིགས་པ་ན་རླུང་དམར་ཆེན་པོས་གཏོར་བའི་སྟོད་སྨད་ཀྱི་ཆར་འབེབས་པ་ཀུན་ངལ་བརྒྱས་འབད་པ་བྱ་ལམ་རྗེས་མེད་དུ་སོང་། རྗེ་བླ་མའང་ཕྱོགས་ཕེབས་ཐུགས་བྲེལ་གྱིས་ལུས་པ་དབྱར་དཀྱིལ་ལའང་ཞིང་ཐམས་ཅད་ཟངས་སྡེར་ལྟ་བུ་ཐུགས་ཀྱིས་མ་བཟོད་ནས་ལས་སྦྱོར་གནང་བར་འབེབས་མ་རག་ལ་སྔར་བཞིན་རླུང་གིས་གཏོར་བ། ནུབ་ཅིག་མནལ་ལམ་གྱི་ཚུལ་དུ་བླ་མ་ཆེན་པོ་དབུ་ཤིན་ཏུ་དཀར་བ་སྒར་གཏོས་ཆེན་པོ་རྒྱབ་པའི་གཟི་བརྗིད་ཅན་ཞིག་མཆིས་(༧༤ན)


GLG009_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྔར་ནས་ཐུགས་འདྲིས་ཡོང་རྒྱུ་བའི་མཇལ་བར་ཕེབས་པའི་དྲི་བ་མཛད་པར་ངེད་ཚོ་འདིར་ཆར་པ་སྲུང་གི་ཡོད་ཟེར་བས། ནང་པར་ནས་འབྱུང་པོ་དེ་དག་ཡས་ཀྱིས་བཅོས་མ་ཐག་ཆར་ཆེན་པོ་ཞག་ཁ་ཡར་བབས་ཀྱང་གཞི་ནས་ཞོད་ཆུང་བས་ལོ་ཏོག་གི་རྩ་བ་ཚུགས་པ་ནི་སེམས་ཅན་སྤྱི་མཐུན་གྱི་ལས་ལ་མ་གྲུབ་པས་དཀའ་བར་སྣང་། གྲ་ཚང་དུ་ཕུར་པ་ཞིག་འཛུགས་རྩིས་ཀྱིས་ལས་བྱང་གི་རྒྱས་བསྡུས་སོགས་ལ་བསླབ་སྟོན་ཞུས་པར་གྲང་སོ་གཏེར་སྟོན་གྱིས་མཛད་པའི་སྒྲོལ་བྱེད་དྲག་པོའི་རྣོ་མཚོན་ཆོས་དབང་གི་གཏེར་གཞུང་ཁ་ཡར་དང་བཅས་བཀའ་གཏེར་གྱི་བླ་མ་མང་པོའི་བཞེད་ཚུལ་གྱི་དོགས་སེལ་སྩལ། སྟག་ལུང་ཞབས་དྲུང་དང་རྒྱལ་ཚབ་དྲུང་པ་ལྷོ་བྲག་ནས་གཙང་དུ་ཕེབས་པའི་སྒར་ཁྲོད་དུ་འབྲུམ་ནག་གཅིག་མཆེད་པ་མཆོད་ཡོན་སྟོན་ཀ་དབུས་སུ་ཕེབས་སྐབས་ནད་མཚམས་མ་ཆོད་པའི་སྐྱིད་ཤོད་སྐོར་དུ་གྲོན་ཆད་ཁ་ཡར་བྱུང་བས་ངེད་འོལ་དགའ་ཕྱོགས་སུ་འགྲོ་བའི་སྒོ་དོད། རྗེ་བླ་མ་དངོས་སུ་གདན་འདྲེན་མ་ཐུབ་པས་སྲུང་བ་ཞུ་བར་སྡེ་པ་བློ་བཟང་མཐུ་སྟོབས་དེ་སྐབས་གྲ་ཚང་གི་སྒྲིགས་འགྲིམ་ཡིན་པ་བཏང་བར་གང་ཅིའི་བླང་དོར་གྱི་བསླབ་བྱ་ལྷུག་སྩོལ་དུ་བྱུང་། འོལ་དགར་བསྡད་སྐབས་རྗེ་བླ་མ་སྐུ་ཁམས་མི་བདེ་བའི་གནས་ཚུལ་ཐོས་པར་ཚེ་དཔག་མེད་ལྕགས་ཀྱི་སྡོང་པོའི་དབང་བསྐུར་གྱི་དམིགས་རིམ་དང་འབྲེལ་བའི་སྐུ་ཚེ་བསྲིང་ཐབས་ཀྱི་བརྟན་བཞུགས་མང་དུ་བྱས་པའི་ཚེ་འོད་གསལ་གྱི་ཚུལ་དུ་བདག་གིས་ཚེ་དབང་ཕུལ་བའི་རྣམ་པ་བྱུང་བ་དང་མི་རིང་བར་སྙུན་ཚུལ་བསྟན་པའང་གཞི་མེད་དུ་དྭངས་པའི་ངོས་མཇལ་ཚེ་ཟླ་དུས་ཚེས་གྲངས་(༧༤བ)


GLG009_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིག་པའི་གསུང་གླེང་ཐོས་པ་རྣམས་ངོ་མཚར་གྱི་གནས་སུ་འཛིན་པ་ངེད་ལ་དེ་འདྲ་འོང་བའི་ལུང་རྟོགས་ཀྱི་ཆ་ཤིན་ཏུ་ཕྲ་ནའང་རྗེ་བླ་མ་མི་འཕྲོག་པའི་ཐུགས་རྗེ་དང་ནུས་མཐུ་ཚད་མེད་པ་མངའ་བས་ཁོ་བོའི་ཆེ་བ་དབྱུང་ངམ་སྙམ། སྟག་ལུང་ཞབས་དྲུང་རིན་པོ་ཆེའི་བཀའ་དྲིན་ལ་བརྟེན་ནས་ཀར་ལུགས་ཀྱི་དགོན་པ་སྡོད་མཁས་ཉི་ཤུ་སྐོར་མ་དོར་ཙམ་གྱི་སུ་པྲ་ཏིཥྛས་རབ་ཏུ་གནས་ནའང་སྨྱུག་ལ་ལེགས་བཤད་གླིང་པས་སྔ་ཕྱི་བར་གསུམ་དུ་བྱེད་འཛོལ་འཇི་བ་སྤྱོད་པས་འཆི་བར་ཉེ་བའི་དཀྱིལ་འཁོར་ཉེར་བསྡུར་ཐུག་གཤིས་སླེའུ་ཆུང་བྱམས་པ་གླིང་དང་སྨོན་པོ་བདོག་གཉིས་ལེགས་གླིང་པར་ནི་མི་འཇགས། ཞང་ལྷན་དང་ས་བརྗེས་ཞུས་ན་ཕྱག་འཚལ་སྒོག་རྙིད་ལྟ་བུའི་བཙུན་ཆུང་གང་ལས་གདུང་མ་དེ་ལ་འབྱར་བའི་དཔེའི་རྙིང་མ་པ་རྣམས་ཀར་ལུགས་ཀྱི་དགོངས་པ་ལེན་དགོས་གཤིས་མ་ནུས། སླེའུ་ཆུང་རྩ་བ་དགེ་ལུགས་ཀྱི་དགོན་པ་ཡིན་པ་བླ་མ་དྲག་ཤུལ་མཐུ་ལྡན་ཞིག་བྱུང་ན་མཆོད་གཞིས་རྣམས་ཀྱང་རང་དབང་མ་འདུས་དོགས་པས་སད་སྲུང་བའི་སྤྲིན་པ་ལྟ་བུར་རྗེ་ཉིད་ཀྱིས་ཞལ་འཛིན་གནང་དགོས་ཚུལ་རྡོ་རྗེ་བྲག་པ་དཔོན་སློབ་ཚོ་ནས་བྱུང་བ། དགོན་པ་འཇིག་པར་ཉེ་བའི་གསེར་བཏོན་པའི་ས་རོ་དེ་འདྲ་ལ་ཐུགས་བེད་ག་ལ་ཡོད་ཀྱང་རིགས་འཛིན་ཡབ་སྲས་ཀྱི་དམ་ཚིག་ལ་དགོངས་ནས་ཞལ་བདག་གནང་སྟེ་ཞབས་ཀྱིས་བཅགས། དེར་སྤྲུལ་སྐུ་སླེའུ་ཆུང་པའི་སྤྱིལ་བུ། བཟོ་ར། མཆོད་ཁང་ན་ཕྱག་བཟོའི་དུས་གསུམ་སངས་རྒྱས་གནྡྷོ་ལའི་ནང་དུ་བཞུགས་པ། གསེར་གདུང་གཉིས། ཇོ་བོ་རྗེ། རྒྱལ་བ་བཙོང་ཁ་པའི་སྐུ་འདྲར་ནང་བཞུགས་སྐུ་ཆོས་དང་གཙང་ཁང་ནུབ་ཏུ་ནག་པོ་སྐོར་གསུམ་གཙོ་བོ་ཐོག་ཚད་ལ་རྗེའི་ཞལ་དཀར་ཡོད་པ། (༧༥ན)


GLG009_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་ཁང་ཤར་དུ་དམ་ཅན་སེང་ཞོན་ཐོག་ཚད་རྣམས་བཞུགས་པའི་ལྷ་ཁང་ཡང་འཇིག་ཏུ་ཉེ་བར་ཞིག་གསོས་ཀྱི་ཞལ་བཞེས་མཛད་རུང་དགོན་པའི་ཁ་འཛིན་མ་གནང་ན་ས་སྐྱོང་བསོད་ནམས་རབ་བརྟན་ཀྱང་མི་དགྱེས། རྒྱས་རྒྱས་གནང་བར་གྲ་རིས་རྣམས་ཀརྨ་པ་ཁོ་ནར་སོང་ཞིང་རྡོ་རྗེ་བྲག་པའི་གཉེར་ལས་འཛིན་རྣམས་ཀྱང་རྟ་པོའི་སྒལ་བཅོས་ངན་ལ་མངོན་ཏེ་ཕྱོགས་འཕུལ་གྱིས་གནང་དཀའ་དགག་བྱ་ཆེ་ཞིང་དགོས་པ་ཆུང་བར་དགོངས་ཏེ་ལོ་ཤས་ནས་འཁུར་བ་སྐམ་པོའི་ཟེམ་འཇོག་མཛད་པ། སྤྱི་པ་དང་བར་པ་གྲོས་པ་གསུམ། །ཕྱོགས་རིས་ཟུག་རྔུ་ལྡང་བའི་རྒྱུ། །ཞེས་པའི་དོན་དུ་མ་སོང་བའི་ལེགས་ཐོག་ཏུ་འཁྱོལ། ཚལ་མཐིལ་གྱི་དགོན་ལག་ཡིན་ཟེར་བ་ཚོར་འགོང་པོ་སྤུན་དགུ་འཚུབ་པ་འདྲ་བའི་རས་རུལ་གྱིས་དུས་འདའ་བས་སླེའུ་ཆུང་གི་འོད་གསལ་སྒང་དུ་བླ་མགོན་གྱི་སྐུ་བསྐུམ་ཁྲུ་གང་ཙམ་པ་སརྦ་གཙྪར་ཉེ་བ་ལ་ཞིག་གསོས་ཕྲན་བུ་གནང་། རྒྱང་ཙམ་བཞུགས་བཞེད་ཀྱང་ཤིང་ཆུའི་སྟབས་ཀྱིས་མ་ཐུབ་ཅིང་ཕྱིར་ལམ་ཤེལ་གྲོང་དུ་རིགས་འཛིན་ཆེན་པོར་བརྟན་བཞུགས་ཕུལ་ཞིང་ཞག་བཞི་ལྔ་ཙམ་སྟན་ཆགས། སྤང་གཤོང་ཧ་རི་ཁ་པ་ཚོས་བླ་མའི་སྙན་གསན་ཕུལ་ཀྱང་མཛད་པར་མ་ཤར། ཤིང་སྤྲེལ་ལོ་ཆོས་འཁོར་ལྷ་སར་གནམ་སའི་དབང་ཕྱུག་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་སྐུ་རིམ་དུ་འཇོམས་བྱེད་འཆར་ཁ་ནག་པོའི་བཟློག་པ་གནང་། རིགས་འཛིན་ཡོལ་མོ་བ་སྐུ་ལྟེམ་ཞིང་མཁའ་འགྲོས་གདན་འདྲེན་པའི་སྤྱན་ལྟས་བྱུང་བ་གཅུང་སྒམ་སྨྱོན་སྤྲུལ་སྐུ་དང་ཕྱག་མཛོད་མངའ་བདག་པ་ཅན་གྱིས་བསུན་བཟློག་བརྟན་བཞུགས་སྐུ་རིམ་གྱི་རིས་བྱས་ན་གསོལ་བར། རིན་པོ་ཆེ་སྤོས་དགའ་ནས་གདན་འདྲེན་ཐུབ་ན་ངེད་རང་གི་གཏེར་ལུང་དུ་གསལ་བ་བཞིན་(༧༥བ)


GLG009_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

གང་ས་ནས་རྟེན་འབྲེལ་འགྲིག་པ་ཙམ་ཡོང་ཤས་ཆེ་གཞན་བྱས་མ་བྱས་མེད་གསུངས་པ་ལྟར་གདན་འདྲེན་བྱུང་བ་བཞིན་ཕེབས། མཁའ་འགྲོ་གྲིབ་སེལ་བསུན་བཟློག་དང་འབྲེལ་བའི་བརྟན་བཞུགས། མཁའ་འགྲོའི་བཤགས་སྐོང་། རྗེ་ཉིད་ནས་ན་བཟའ་དང་བཅས་སྒར་པ་སོ་སོས་བརྟན་བཞུགས་ཕུལ། དམ་ཚིག་གཙང་བ་དང་ཡིད་མཐུན་པ་བྱུང་བས་ལོ་གཅིག་ཙམ་སྡོད་གསུངས་པ་དེར་འཁོད་རྣམས་ཀྱི་མྱ་ངན་སེལ་བྱེད་ཀྱི་དགོངས་གཞི་ཅན་ལས་ཚད་ལྡན་མིན་འདུག་གཤིས་རིགས་འཛིན་ཉིད་ཀྱི་སྐུ་རཱ་ཧུ་ལའི་རྣམ་པར་གྱུར་པ་དང་ནུབ་ཅིག་རཱ་ཧུ་ལའི་སྐལ་བ་ཆད་ཅེས་བུད་མེད་ཀྱི་སྐད་ལྷང་བ་ཞིག་གསན་པས་དེ་མ་ཐག་བཞེས་ཅན་ནང་གི་ཁྲུང་བཞེས་འཕྲོ་དེ་བསྔོས་ནས་གནང་། སང་ཉིན་ནས་ཁྱབ་འཇུག་གི་མདོས་ནག་ཅིག་གཏོང་དགོས་འདུག་ཅེས་རྡོ་རྗེ་བྲག་ནས་སྔགས་འཆང་བྲག་ལྷ་བ་དོན་གྲུབ་རྒྱལ་མཚན་གྱིས་གཙོས་པའི་བརྒྱད་གྲ་གཅིག་བོས་ནས་བཏང་བའི་མདོས་ཡང་ཐོག་ཏུ་བསྒུལ་བའི་དུས་རིགས་འཛིན་ཆེན་པོས་སྔགས་པ་རྐྱང་པས་བཏང་བའི་ཉམས་ཀྱིས་རིམ་གྲོ་ལ་འགྱུར་མདོག་ཁ་པོ་འདུག་ཀྱང་མདང་རྨི་ལམ་དུ་རབ་འབྱམས་པ་ལྦ་བ་གར་བྱེད་པ་བྱུང་བས་མི་རྒན་ཡུན་རིང་མི་སྡོད་པར་འདུག་གསུངས། ཉིན་ཅིག་ཤོག་བུ་ལ་རྣལ་འབྱོར་པ་ཨང་རག་ཙམ་མ་གཏོགས་གོས་མེད་པ་ཧེ་རུ་ཀའི་ཆས་སྤྲད་ཅིང་ལག་ན་ཁ་ཊྭཱཾ་ག་བཟུང་བ་ཞིག་ཕྱག་བྲིས་སུ་མཛད་ནས་རྗེ་བླ་མ་དང་སྒམ་པོ་སྤྲུལ་སྐུ་སོགས་ལ་སྟོན་པར་གནང་། འདི་གང་ཡིན་ཞུས་པས་མ་འགྱངས་པར་མི་རྒན་དབྱིབས་འདི་འདྲ་བ་བྱས་ནས་རྒྱ་གར་ཕྱོགས་སུ་འགྲོ་བ་འདུག །སྐྱེ་བ་ཕྱི་མའི་ཕ་མ་གཉིས་ཀྱང་མདུན་ཐབས་བྱས་ཟིན་པས་རྒྱ་གར་དུ་སྐྱེ་བ་ལེན་དགོས་ཤས་(༧༦ན)


GLG009_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་གསུངས་པའི་ཚེ། དཔོན་སློབ་རྣམས་ཀྱིས་ངེས་པར་སྐུའི་བཀོད་པ་བསྡུ་ན་གཏེར་ཞབས་བཞེས་པའི་ཆེད་བོད་རང་དུ་སྐུ་སྐྱེ་ཕེབས་དགོས་ཚུལ་གྱི་གསོལ་འདེབས་ནན་ཆེར་མཛད་ན་ཡོང་རྒྱུར་ད་དུང་བཞུགས་ལ་རེས་རྟེན་འབྲེལ་ལ་གནོད་དོགས་པ་ལྟ་བུས་རི་བོ་དཔལ་འབར་གྱི་གཏེར་འགྱངས་སྐྱོན་དུ་སོང་། གསང་བའི་ལུང་བསྟན་སོགས་ཞལ་ཆེམས་ཕལ་ཆེར་རྗེ་བླ་མ་ལ་གསུང་འཕྲོས་ཀྱི་ཚུལ་དུ་གནང་། རེ་ཞིག་སྐུ་ཁམས་བདེ་བའི་ཁུལ་གྱིས་གུང་ཐང་དུ་ཕེབས། སྨན་ཆུ་བླ་མ་སྟེང་གྲིབ་ཀྱིས་མནར་བར་སྲུང་བཅོས་བྱིན་རླབས་མཛད་པས་བདེ་འགོ་བསྟད། ཆོས་ཁྲིའི་འདུ་ཁང་གི་ལྡེབས་བྲིས་རྣམས་ཕྱག་བསྟར་ཏེ་གནང་བའི་སྨན་བླ་བདེ་གཤེགས་བརྒྱད་ཀྱི་ལ་ལ་མཁྱེན་ལུགས་འགའ་རེ་སྨན་ལུགས་དང་རྣམ་གྲོལ་བ་ལྟ་བུ་རྫུ་འཕྲུལ་ཕྱག་གིས་འདུ་མཛད། གནས་བཅུ་རྒྱལ་གྱི་སི་ཐང་ལ་ཆ་བཞག་བཞེང་བར་གནང་བ་ལྷ་བཟོ་བ་དམངས་མས་མདངས་ཚོན་བཅད་གསུམ་གྱི་འཕྲོ་འཐུད་ནས་ལེགས་པར་གྲུབ། དྲུང་རམས་པ་དཔོན་དར་བ་དཔལ་འབྱོར་དར་རྒྱས་དགེ་བའི་བཤེས་གཉེན་ཆེན་པོ་ཡིན་ཡང་རྫས་བསོད་ཆུང་བས་སྐུ་ཆས་དབུལ་བར་གྲ་པའི་ཛམ་དམར་གྱི་དབང་ལུང་གནང་བ་བཞིན་ཟླ་གཅིག་གི་བར་ཁོང་གིས་བསྒྲུབས་པས་མཚམས་གྲོལ་རྒྱུའི་ཞོག་བྱེ་རི་སྟག་རྩེ་ནས་སྐུ་རིམ་ལ་བྱོན་ཟེར་བའི་བདའ་བྱུང་བས་དངོས་གྲུབ་མྱུར་བའི་ཐོག་ཆོད། དེ་ནས་བཟུང་སྟེ་སྡེ་པ་དགའ་ལྡན་པ་ཁག་གཉིས། སྐྱིད་ཤོད་སྟོད་སྨད་ཀྱི་རྟ་དྲུང་མང་པོ་དང་སོག་པོའི་དཔོན་མི་བཟང་དུ་མའི་བླ་མཆོད་དུ་གྱུར། མེ་ཕག་ལྷོ་འབྲུག་པའི་ཐོག་ཏུ་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་གཏོར་ཆེན་སོགས་བསྒྲུབ་པར་འབྲས་(༧༦བ)


GLG009_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

སྤུངས་སུ་བྱོན་ཞིང་ཕ་བོང་ཁའི་གདན་ས་མཛད་ནས་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་ཏི་ཤིར་གྱུར་པས་མཚོན་འཕྲིན་ལས་ནམ་མཁའ་དང་མཉམ་པའང་རྗེ་འདི་ཉིད་ཀྱི་བཀའ་དྲིན་ཡིན། གུང་ཐང་མཆོད་ཁང་གི་ཚེ་དཔག་ལྷ་ཁང་དུ་སྤྱན་སྔ་སྐལ་ལྡན་རྒྱ་མཚོར་རྣམ་སྲས་དང་ཚེ་རིང་མའི་སྐོར་སོགས་བཞེད་ཆོས་ཁ་ཤས་འབུལ་བ་གནང་། སྤྲེལ་ཟླའི་ཚེས་བཅུའི་ཉིན་ངེད་རང་གི་དགེ་སྦྱོར་རྟེན་མཚན་བརྒྱད་ཀྱི་བྲིས་སྐུ་ཉིན་ཐང་དུ་གྲུབ་པའི་ཞིབ་པོ་དེ་འདྲ་རྫུ་འཕྲུལ་གྱི་བཀོད་པ་མ་གཏོགས་ལྷ་བཟོ་བ་ཇི་ལྟར་ལག་མགྱོགས་ཀྱང་ཡོང་ཚོད་དུ་མ་མཆིས། གློ་བུར་དུ་གདན་འདྲེན་བྱུང་བ་ལྟར་འཕྲང་འགོ་ཤེལ་གྲོང་དུ་ཕེབས། རིགས་འཛིན་ཆེན་པོ་མཇལ་བ་གནང་མ་འགྱངས་པར་པདྨ་འོད་ཀྱི་ཞིང་ཁམས་སུ་གཤེགས་པའི་སྐུ་པུར་ནམ་ཟླའི་སྟབས་ཀྱིས་ནང་བཞུགས་ཀྱི་ཞལ་བཀོད་མཛད། བླ་གཉེར་གྲོས་པ་ཚོས་དགོངས་རྫོགས་ཀྱི་ཁུར་གང་ཡང་འཁུར་མ་ཉན་པས་བྱིས་པ་རྣམས་ཀྱིས་གྲ་མ་འགྲིག་པར་རེ་ཞིག་གསང་བའི་རྒྱས་བཏབ། ངེད་འོལ་དགའ་ནས་འབྲས་སྤུངས་སུ་སླེབས་དུས་རྗེ་བླ་མས་བྱེ་མ་ཨ་ཀྲོང་གི་སློབ་དཔོན་ཆེན་པོའི་སྐུ་ལ་སྟོད་བྱང་པའི་ནང་རྟེན་གཙང་སྡེ་སྲིད་ནས་ཐེག་མཆོག་གླིང་པའི་སྤྱི་རྫས་སུ་སྦྱར་བ་ཐེག་གླིང་དབུ་མཛད་རབ་རྒྱས་ཀྱིས་སྤྲུལ་པའི་སྐུར་ཕུལ་བ་དང་ཐོབ་རྒྱལ་དུ་བཞེངས་པའི་བཀའ་བརྒྱད་གྲ་ཚར་དཔུས་བསྒྱུར་དུ་བྱུང་བར། སྡེ་པ་བསོད་ནམས་རབ་བརྟན་གྱིས་མཁོ་དགུའི་འབྱོར་པ་ཆར་བཞིན་དུ་སྙིལ་བས་རྡོ་རྗེ་བྲག་གི་གདན་ས་བའི་དགོངས་རྫོགས་སྡེ་པ་གཞུང་ནས་བཏང་བ་དེ་འདྲ་ལ་དཔགས་ན་ལས་མ་བྱས་པ་དང་མི་འཕྲད་བྱས་པ་ཆུད་མི་འཛའ་བར་བཤད་པའང་མི་བདེན་པ་འདྲ་ཞིག་(༧༧ན)


GLG009_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་། ཕྱག་མཛོད་མངའ་བདག་པས་དཔུས་བསྒྱུར་གྱི་འབྱོར་ལན་དུ་སྐྱབས་མཆོད་དམ་པས་བོར་བའི་ཉམ་ཐག་བར་དོར་འཁྱམས་པ་ལྟ་བུ་བདག་འདྲ་བླ་མའི་དགོངས་རྫོགས་ཙམ་ཡང་གཏོང་རྒྱུ་མེད་པའི་སྐབས་སུ་དགོས་བྱེད་བཀའ་དྲིན་ཆེ་ཚུལ་གྱི་ཡི་གེ་ཤོད་ཐེབས་མེད་པ་བྲིས་འདུག་པ་མྱངས་ན་རང་བཞིན་བརྗོད་པའི་རྒྱན་ཁོ་ནར་སྣང་། རྗེ་ཉིད་ནས་ཞེ་དགུའི་བར་གྱི་སྐུ་ཚིགས་དང་དུས་དྲན་གྱི་མཆོད་པ་སོགས་དངོས་གྲུབ་ཀྱི་རྩ་བ་བླ་མར་དགོངས་ཏེ་མཛད། ལོ་སྔ་ཕྱི་ཚོར་གསང་སྔགས་མཁར་པའི་བསོད་ནམས་རྒྱལ་མཚན་སོགས་ཁ་ཤས་ཀྱིས་ས་སྐྱོང་ཐོག་རྒོད་རྣམ་རྒྱལ་གྱི་སྐུ་མདུན་ནས་བོགས་པའི་བོང་བུ་ཁལ་བཅས་འཕྲོག་པ་སོགས་སྡེ་པ་གཙང་པའི་མཚན་དོན་གྱི་ཉི་མ་ནུབ་ལོང་མེད་པ་ནས་རྨུ་རྒོད་སྐྱེ་བོའི་འུག་པ་སྐད་གསང་མཐོན་པོར་སྒྲོག་པའི་རིམ་པ་མང་དུ་བྱུང་སོང་བའི་སྡེབས་སུ། འབྲོམ་སྟོད་ནས་གཅུང་ལགས་དགོས་པས་སེར་བོགས་རྫོང་དུ་ཕུལ་བར་སྔགས་མཁར་བས་སྙིང་ནད་ཀྱིས་སེར་གཞིས་ཕྲོགས་པར་སྡེ་པ་བསོད་ནམས་རབ་བརྟན་ཀྱི་བཀའ་ཤོག་ཞུས་པའི་ལམ་དུ་མ་སོང་བའི་ལན་དུ་ངན་བསླབས་ཀྱིས་གཅུང་རྐྱེན་ལམ་དུ་བཏང་བ་ཁ་མཆུའི་འཇོག་ཁ་མི་མངོན་དུ་ཞལ་རས་འདེགས་ཐུབ་པ་ཞིག་ཡོང་ལ་རེས་ཞུ་འབུལ་གནང་སོང་རུང་ཨ་མ་ཤི་བའི་བང་ཕྱིན་གྱི་དཔེ་ཁོ་ནར་སོང་། གཙང་དུས་བླ་མ་སོག་བཟློག་པ་དང་ཁམས་པ་ལུང་པའི་ནུ་བོ་ལྟ་བུ་བསད་ན་གེ་སར་གྱི་སྟོང་ལྟར་བྱས་པས་མི་ཟིན་པ་ཡོད་ཚོད་དུ་འདུག་ནའང་འདི་རེས་ལྷ་ས་སྐོར་ལམ་གྱི་ཀུ་ཀུ་ཞིག་བསད་པ་ལས་དྲག་པའི་དགེ་སྟོང་ས་བཅད་མ་སྟོངས་ཙམ་ལས་བྱུང་མ་སོང་། འོན་ཀྱང་འདི་སྣང་གི་བཟང་ངན་མུན་(༧༧བ)


GLG009_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ནག་གི་གློག་འགྱུ་ཙམ་དང་ཁྱད་པར་རྫོགས་ཆེན་པ་རྣམས་སྣང་གྲགས་ཐམས་ཅད་བདེ་གསང་ཆོས་སྐུའི་རོལ་བ་ཡིན་གཤིས་གོང་གི་གནས་ཚུལ་ཐམས་ཅད་སྤྲོས་བྲལ་གྱི་ངང་ནས་ཕཊ་རྒྱབ་སྟེ་ཚེ་ཕྱི་མ་བཤུལ་ཐག་རིང་བར་དགོངས་ནས་དགེ་སྒྲུབ་ཀྱི་བསླབ་སྟོན་གནང་། རྐྱེན་ངན་དང་དེ་ལ་དམིགས་པའི་ཞེ་སྡང་གི་རྒྱུས་མི་མ་ཡིན་གྱི་ལུས་བླངས་འདུག་ཚུལ་ཨ་ལགས་བསོད་ནམས་ཀྱིས་སྙན་དུ་ཕུལ་བར་བརྟེན་ཞི་ཁྲོ་དང་ཐུགས་རྗེ་ཆེན་པོའི་སྒོ་ནས་རིགས་དྲུག་གནས་འདྲེན་དང་། གྲི་སྒྲོལ་གསང་བའི་མན་ངག་ལ་བརྟེན་ནས་གནས་ངན་ལེན་ལས་སྤར་ཏེ་མི་ལུས་སུ་ཉིང་མཚམས་སྦྱར་བ་ནི་གཞིས་ཀ་ཤར་གྱི་ལགས་འཕྲིན་ལས་རྣམ་རྒྱལ་ཡིན་པར་སྣང་། རྩས་མ་ཆོད་ནས་གྲང་སོ་གཏེར་སྟོན་ཆེན་པོའི་སྐུ་གདུང་ཞུགས་འབུལ་ལ་ཕེབས། གདུང་ལ་མཆོད་པ་བརྒྱ་རྩ་ཟང་ཟིང་གི་འབུལ་བ་མཛད། མེ་མཆོད་གྲུབ་ནས་ཞག་གསུམ་གྱི་བར་པུར་ཁང་རྒྱས་བཏབ་པའི་རིང་ཡེ་ཤེས་ཀྱི་མེ་རང་འབར་ལྟ་བུས་དབུ་ཐོད་རིལ་པོ་དང་གདུང་རུས་ཕྲན་བུ་ཙམ་མ་གཏོགས་ཕལ་ཆེར་ཡལ་བ་མཁའ་འགྲོས་གདན་དྲངས་པར་ཐུགས་ངེས་མཛད། སྤྲུལ་སྐུ་ཕྱག་རྡོར་ནོར་བུ་དང་མངའ་བདག་ཕྱག་མཛོད་པ་སོགས་ཁ་ཤས་ལ་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་ལུང་གནང་ཞིང་སྤྲུལ་སྐུ་ལ་ལྟ་བས་བོགས་འབྱིན་པ་གསང་བ་རྨད་བྱུང་དང་དུར་ཁྲོད་བདག་པོའི་རྗེས་གནང་ཆོས་སྐོར་གསན། རིགས་འཛིན་ཡོལ་མོ་བའི་སྲས་མོ་ལྷ་ལྕམ་ཇོ་མཇལ་ལ་བྱོན་པ་སྣེ་ཤན་སོགས་ཀྱི་ཞབས་འདེགས་དང་ཁྱད་པར་བླ་མའི་སྲས་མོར་སོང་བས་འབུལ་བ་རྙེད་བཀུར་བཟབས་པར་གནང་། སྟག་རྩེར་སྡེ་པ་ཐའི་ཇི་མཆེད་ཀྱི་ཇོ་མོར་ལྷ་རྒྱ་རི་བའི་ལྕམ་བྱོན་པའི་སྣ་ཆོག་སྲུང་འཁོར་(༧༨ན)


GLG009_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་རིམ་ལ་ཕེབས། ཕན་བདེ་སྤྲུལ་སྐུ་ངག་དབང་རྒྱ་མཚོ་ཁེངས་དྲེགས་ཀྱིས་བླ་མ་བསྟེན་པར་བག་ཚ་བས་ཆོས་ཐོབ་ཐོབ་ཉུང་བར་རྗེ་ཉིད་ཀྱིས་འཇིགས་བྱེད་བཅུ་གསུམ་མས་ཐོག་དྲངས་གསར་རྙིང་གི་དབང་ཆོས་མང་དུ་གནང་། ཁོང་པར་མི་ཏྲ་འཁྲིད་དྲུག་ཏུ་གྲགས་པའི་ཞལ་སྔ་བཀའ་བརྒྱུད་པའི་ཟབ་ཆོས་ཡིན་ཁུལ་ཞིག་ཡོད་སྣང་བ་གསན། གནམ་གོང་བླ་མ་པད་མ་ལེགས་གྲུབ་ཀྱིས་ཕན་བདེ་བའི་ཟླར་ཆོས་ཞུས་སྣང་བ་ཁོང་པ་ཡོན་ཏན་ཆེ་ཚད་ཅིག་འདུག་པ་ཐུགས་མགུ་བའི་གསུང་གླེང་མཛད། བར་ཁམས་ནས་འཕགས་པ་ལྷའི་དྲུང་འཚོ་བར་གཡུ་ཐོག་སྙིང་ཏིག་གི་དབང་ལུང་། རྒྱུད་བཞིའི་ལུང་། ངའི་ཟླ་གྲོགས་སྔགས་པ་ཞིག་ལ་ཐོས་གྲོལ་གྱི་དབང་ལུང་སྩལ། མདོ་སྤྱིལ་བ་རྣམས་ཀྱིས་རྒོད་ཚང་པའི་གསང་ཡུམ་མ་གཅིག་འགྲོ་བ་བཟང་མོའི་ཕྱག་ལེན་གྱི་བརྟན་བཞུགས་ཕུལ། འདི་ལོ་ནས་བཟུང་ཧོར་ཟླ་བཅུ་པར་ཁྲོ་རོལ། པད་གླིང་དྲག་དམར་གཤིན་རྗེ་ཁྲོ་ཆུ། འཇོམས་བྱེད། འཆར་ཁ། མགོན་པོ་འབར་མ། སྡེ་བདུན་རྣམས་ཀྱི་མདོས་གཏོར་གྱི་རིམ་པ། ཧོར་ཟླ་བཅུ་གཉིས་པར་གཞུང་གི་སྐུ་རིམ་དུ་དམིགས་པའི་བླ་མ་ཞི་དྲག །གཤིན་རྗེ་དུག་སྡོང་ནག་པོ་གསུམ་གྱི་ཚོགས་བརྒྱ། གཏེར་མགོན་ཕྱག་བཞི་པ་དང་དམ་ཅན་སྡེ་དགུའི་བསྐང་བརྒྱ། འཇམ་དཔལ་ཁྲོ་ཆུ་རིགས་གསུམ་འདུས་པའི་གཏོར་བཟློག་རྣམས་སྟར་ཆགས་སུ་འཛུགས་པ་མཛད། སྟག་རྩེ་ནས་ཟིང་པའི་དགོན་འོག་གི་མི་ཕྱུགས་ལ་ཁྲལ་གསར་འགེལ་བྱུང་བར་བླ་མས་ཐའི་ཇིར་ཞུས་ཀྱང་བ་ཁང་སྐུ་སྐྱེས་མི་དབང་གཡུལ་རྒྱལ་ནོར་བུའི་དགོངས་པ་འདི་ནི་རྟ་རྔ་བརྒྱ་གཤགས་ལས་ཀྱང་ཕྲ་ཞེས་བྱས་པའི་ལོ་རྒྱུས་ལྟར་དོན་མ་སྨིན་པས་(༧༨བ)


GLG009_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བླ་གྲ་ནང་ཞིག་པས་རྗེ་བླ་མས་མཐུན་རྩིས་ཀྱི་བསླབ་སྟོན་མཛད་རུང་། གྲ་པ་རྣམས་ཀྱིས་སྟག་རྩེར་གཏུགས་པས་དགོན་པ་རྩིས་བཞེས་སྐབས་བླ་མར་འཇགས་གང་ཆེའི་ཐབས་དང་སྦྱིན་བདག་ཚོ་དང་བསྟུན་པའི་ངོས་སླར་ལྡབ་རྒྱུའི་ས་བཅད་ལ་གཡོག་ཁམས་པ་ཞིག་གིས་མོ་སྟོན་བསད་པའི་རྐྱེན་གྱིས་འབྲི་གུང་ཕྱོགས་སུ་བྲོས། སྡེ་པ་སྟག་རྩེ་བས་དབུར་སྟོད་སེམས་དཔའ་ཆེན་པོ་བླ་མར་བསྐོ་བའི་འཇས་བྱུང་བར་གྲ་རིས་རྣམས་འཇིགས་ཏེ་རྗེ་ཉིད་དགོས་ཚུལ་སྟག་རྩེར་ཞུས་པ་བཞིན་ཐའི་ཇིའི་ཕྱག་ཐམ་བྱུང་བ་འདི་རིས་ཐུགས་སུན་ལས་སྤྲོས་པའི་དགེ་མཚན་ཆེ་བ་མི་འདུག་རུང་བླ་མ་གོང་མའི་བསྟན་རྒྱུན་ལ་དགོངས་ནས་ཞལ་གྱིས་བཞེས། ཟིང་པ་དཔོན་པོ་རང་གིས་བྱས་ཉེས་མ་གོ་བའི་རྗེ་བླ་མར་ལོག་པར་བལྟས་ཏེ་ཟས་ངན་གྱི་སྦྱོར་བ་རྩོམ་ཞིང་ནང་རྟེན་དང་ཁྱབ་འཇུག་གི་ངམ་ཤིང་བརྐུ་བར་བཏང་ཡང་ལམ་དུ་མ་སོང་ངོ་། །རྟག་ཏུ་གང་སྣང་ཐམས་ཅད་དག་ཞིང་གི །རྟེན་དང་བརྟེན་པའི་དལ་བར་འབྱམས་ཀླས་ཀྱང་། །ཟན་གཡང་གསུང་གི་དབེན་གནས་ཟུང་འབྲེལ་བར། །སྲི་ཞུ་གཞན་བསྐུལ་ཆེད་དུ་དངོམ་མམ་སྙམ། །གཏེར་མིན་གཏེར་བརྫུས་རག་ལ་གསེར་གསོལ་མཁན། །མ་ཡིན་སྤྲུལ་པའི་སྐྱེས་མཆོག་གྲང་སོ་བ། །དགྱེས་བསྐྱེད་རྩེ་མོར་སོན་པའི་མཆོད་པའི་སྤྲིན། །དུས་གསུམ་རྒྱལ་བ་ཀུན་ལ་བསྟབ་པ་བཞིན། །དགའ་ལྡན་བསྟན་པའི་ཞབས་འདེགས་སྔ་འགྱུར་བས། །མི་སྲིད་སྲིད་པའི་ངལ་བསྟེན་སྙེ་མའི་འབྲས། །སྨིན་ཚེ་བཞེད་པའི་དོན་གྱི་ཨེ་རཎྜ། །བསྐམས་པའི་ཆོ་ག་རྫུན་མིན་མངོན་སུམ་རྫོགས། །ལུས་མེད་ལུས་ཅན་སྣ་ཚོགས་སྦྱོར་འཕྲུལ་མེ། །དུས་མཐའི་(༧༩ན)


GLG009_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་ཟ་ལྟར་འབར་ཚ་དབལ་རྩེ། །དཔལ་ཆེན་ཕུར་པའི་བྱིན་རླབས་འཐོར་རླུང་གིས། །ཤར་ཕྱོགས་རྒྱ་མཚོར་སླེབས་པར་བསྙལ་བ་བཞིན། །ཤེལ་གྲོང་རི་བོའི་ཁྱད་པར་གཟིགས་པའི་ཉམས། །འོད་མཚན་དཔག་མེད་གནས་ཀྱི་མཆེད་པོར་འགྲན། །ཀུན་དགའི་ར་བར་ཐུབ་དབང་སྲས་སློབ་ཀྱི། །སྣང་བརྙན་སྒྱུ་མ་བཀྱེ་བའི་གྲོང་ལ་འཁུ། །ཀླུ་གོང་ལོག་པའི་སྨོན་ལམ་ཐུགས་བཙན་ཡང་། །སྤྲུལ་པའི་གཏེར་སྟོན་རེ་ཞིག་བཞུགས་གསོལ་ཐེབས། །རས་ལ་སྣུམ་ལྟར་རྔ་ཡབ་གླིང་གཤེགས་པར། །དྲིན་བཟོའི་མཛད་ཁུར་མགོན་ཁྱོད་ཕྲག་པར་ལྕི། །ཤིང་མོ་བྱ་ལོ་དམར་པོ་རིར་ཕོ་བྲང་གསར་བཞེང་གི་སྒོ་དོད་པའི་ཐོག་མར་རྗེ་བླ་མ་འབྲས་སྤུངས་སུ་ཕེབས་ཞག་ཤས་བཞུགས་ནས་ངེད་དཔོན་སློབ་ཕྱོགས་མཚུངས་སུ་ས་འདུལ་ལ་པོ་ཏ་ལར་བྱོན། རྗེ་ཉིད་ཀྱིས་ལྷ་སྲིན་སྡེ་བརྒྱད་ཆ་མཉམ་པའི་ཆེད་དུ་རྒྱགས་རྔན་གྱི་ཆོ་ག་ཞོགས་སྟར་དང་། ཧོར་ཟླ་གསུམ་པའི་ཉེར་བརྒྱད་ཀྱི་ཉིན་ཕྱག་བསྟར་ནས་རྒྱུད་སྡེའི་དགོངས་དོན་བཞིན་ས་བདག་ལྟོ་འཕྱེའི་ཐིག་འདེབས་གནང་། རང་བྱོན་འཕགས་པ་ལོ་ཀེ་ཤྭ་ར་ས་སྐྱོང་གཡུལ་རྒྱལ་བའི་དུས་པོ་ཏ་ལ་ནས་གཞིས་ཀ་བྲག་དཀར་དུ་གདན་དྲངས། རྟ་ལོ་སྡེ་པ་ཨ་དཔལ་གྱིས་དམག་གི་རྔན་པར་སེ་ཆེན་ཐའི་ཇི་ལ་ཕུལ་བ་བོད་རྟེན་གཅིག་མཐའ་ལ་འཁྱར་ན་མཐའ་དབུས་འཇིག་ཅེས་ལུང་བསྟན་ལྟར་ཤེས་ལྡན་རྣམས་བློ་མི་བདེ་ཞིང་རྡོ་རྗེ་འཆང་ཕ་བོང་ཁ་པ་འཕགས་པ་ཡར་གདན་འདྲེན་པའི་རྩོལ་བ་བྱེད་རན་ཡིན་ཞེས་མང་པོར་གསུང་ཡང་དོ་དམ་བྱེད་མཁན་དཀོན་ཞིང་ཡུལ་དུས་གནས་སྐབས་ཀྱིས་འགྲུབ་(༧༩བ)


GLG009_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དཀའ་བར་འདིའི་དུས་བློ་གྲོས་དང་བརྩོན་པ་མཆོག་ཏུ་ཡངས་པ་ད་ལའི་ཀུན་ཅི་རྒྱལ་མོས་དོ་དམ་མཛད་ནས། འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་སྐུ་བརྙན་ཡིད་བཞིན་གྱི་ནོར་བུ་གདན་དྲངས་པ་དང་འགྲིག་རྟེན་གནངས་ཆེ་བ་ཙམ་གྱིས་ཕྱི་འབྲང་གི་འབྱུང་པོ་མི་ཡོང་བའི་ངེས་པ་མི་འདུག་པ་དང་རྒྱ་འདྲེ་ཞིག་ཡོད་པའི་མཚན་ལྟས་ཀྱང་ཤར་བར་བརྟེན། དཔལ་ཆེན་ཁྲག་འཐུང་དྲག་པོར་ཁྲོས་པའི་ཆས་སུ་ཞུགས་ཏེ་བགེགས་སྐྲོད་གནང་བས་མི་མ་ཡིན་གྱི་ཚོགས་རྒྱ་མཚོའི་ཕ་མཐར་བསྐྲད་རྨང་ཞབས་སུ་དགྲ་འདྲེ་གནོན་པ། སྟོད་དུ་བུམ་གཏེར་དང་སེལ་སྲུང་འཇུག་པ་སོགས་ཕོ་བྲང་ཆེན་པོ་བཀྲ་ཤིས་དགེ་ལེགས་ཀྱིས་ཁྱབ་པའི་འཕྲིན་ལས་མང་དུ་གནང་། དེ་ནས་མདོ་སྤྱིལ་ནས་དབེན་པར་དགོངས་ཏེ་ཟླ་བ་དགུ་པའི་བར་རྡོ་རྗེ་གསུམ་མི་འདའ་བའི་བཅད་རྒྱ་དམ་པར་མཛད། འཕྲིན་ལས་དྲག་པོར་བསྒྲུབ་པའི་རིགས་འཛིན་ཀརྨ་མ་ཧཱ་གུ་རུའི་ལྗགས་བསྙེན་གྱི་ཚེ་ནུབ་ཅིག་སེང་གཡབས་ནས་གཟུགས་མེད་པའི་ལག་པ་ནག་པོ་ཞིག་བརྐྱང་ནས་མར་མེ་ལ་ལག་པ་འགེབས་པའི་འཚུབ་ལྷོངས་ཀྱི་རྣམ་པའང་བྱུང་། ཡང་ཟབ་ཀྱི་རྡོ་རྗེ་གྲོ་ལོད་དང་བྱང་པའི་གཏེར་གསར་འཆི་མེད་སྐུ་གསུམ་རིགས་འདུས་ཀྱི་ལྗགས་བསྙེན་དུས་དམ་སྲི་འབྱུང་པོ་ཐུལ་ཉམས་དང་སྐུ་ཚེའི་བར་ཆད་སེལ་བའི་ལྟས་ཡ་མཚན་ཅན་འགའ་ཞིག་ཤར། ཞོགས་ཤིག་གསང་སྤྱོད་ཀྱི་སྐར་གསལ་ནས་ཐིག་ལེ་དཀར་པོ་ཞིག་ཤར་བ་རིམ་གྱིས་གཅིག་འཕེལ་གཉིས་འཕེལ་སོང་ནས་མཐར་གཟིམས་ཆུང་གི་ནང་ཐམས་ཅད་ཁེངས་པ་ན་ཞལ་དང་སྤྱན་ཡོ་ཞིང་ཕྱག་གཡོན་པས་ཚོ་མི་ཟིན་པ་བྱུང་བ་མངོན་སྤྱོད་ཀྱི་(༨༠ན)


GLG009_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྦྱོར་མངས་པ་དང་། གཞུང་གི་དྲུང་འཁོར་ལས་ཚན་ལ་དགྲ་གཉེན་བར་མ་མཐའ་དག་མཉམ་པ་རིས་མེད་ཀྱི་ཚུལ་དུ་ཤན་དང་ཆུ་ཁ་ད་རྦད་བཅད་ལ་སོང་བའི་དམ་སེལ་གྱི་སྐྱོན་དུ་ངེས་ཤིང་། ཞབས་འབྲིང་པ་རྣམས་ཀྱིས་བཅོས་ཀ་གནང་དགོས་ཚུལ་གསོལ་བར་ཐོག་མར་སྔགས་རྫས་ཀྱི་ཐབས་ཤིག་མཛད་ན་དགོངས་པ་ལ་དེང་སང་བསྟན་སྲིད་ཐམས་ཅད་དར་ཞིང་རྒྱས་པའི་སྐབས་འདིར་བསྐྱས་ཆེན་བཏབ་པ་མི་ལེགས་རྒྱུ་མི་འདུག་དགོངས་ཁུ་འཁྲིག་མེད་པའི་ཐུགས་ཐག་རྦད་ཆོད་ཀྱིས་རོ་སྙོམས་གནང་བས་ནང་པར་སྙུང་གཞིའི་ཤུལ་ཙམ་ཡང་མ་ལུས་པར་སྦྲུལ་གྱི་ཤུན་པ་བརྗེས་པ་ལྟ་བུར་སོང་།འབྲི་གུང་པ་རིགས་འཛིན་ཆེན་པོ་ཆོས་ཀྱི་གྲགས་པས་མཆོད་ཡོན་དུ་ལས་སྦྱོར་གནང་བ་རྣམས་ནག་གུ་ཟེར་བའི་ཕྱག་གཡོག་ནང་མ་ཞིག་གིས་སྟག་རྩེ་ཐའི་ཇི་བརྒྱུད་མཆོད་ཡོན་དུ་གསོལ་བ་ལ་བརྟེན་སྟོན་མཇུག་ཞབས་དྲུང་རིན་པོ་ཆེ་ལྷ་སར་སྒོར་བསྐྱིལ་གྱིས་ཐུགས་སུན་ཆེ་སྐབས་ཕན་ཐོགས་དགོས་པའི་རྗེ་བླ་མས་ཕྱག་བྲིས་བྱུང་བ་དང་ཆོས་རྒྱུན་སོགས་གང་ས་ནས་བྱེད་སྤྲོ་བས་སྡེ་པར་ཉེ་ལེན་བཏང་བར་མི་ཡོང་བའི་འཇས་བྱུང་རུང་ནན་ཏན་ཆེན་པོ་བྱས་པས་སྐུ་ལ་དམ་དོག་ཡོད་པའི་ཉེས་དམིགས་ལྟ་ཞོག་ས་ཆ་རྫོང་གཞིས་སྐུ་ཆས་ཚང་མ་ལ་ཟེགས་འཐོར་མེད་པའི་རང་འཇགས་ཀྱི་ཞབས་ཏོག་འགྲུབ་པའང་གཙོ་བོར་དམ་པ་འདི་ཉིད་ཀྱི་ཐུགས་རྗེའི་མཐུ་ཁོ་ནར་ངེས། རྗེ་བླ་མ་འབྲས་སྤུངས་སུ་གདན་དྲངས་ཏེ་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་དབང་། གཡུ་ཐོག་སྙིང་ཏིག་སོགས་ཟབ་ཆོས་མང་པོའི་བཀའ་དྲིན་སྩལ། རྗེ་ཉིད་ཀྱིས་བྲག་སྣ་ཆོས་རྗེ་ཨོ་རྒྱན་བསྟན་འཛིན་(༨༠བ)


GLG009_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་རྫོང་སྙིང་ཏིག་གསན་སོང་རུང་ཁོང་པ་མཐོ་དམའ་ཆེ་དྲགས་པས་བརྒྱུད་པ་ལ་ཡང་མེད་པ་ལགས་སམ་སྙམ་ཁོ་བོས་ནི་ཞུ་བ་མ་ཤར། མེ་ཁྱི་ཟླ་བ་དང་པོའི་མཇུག་ཏུ་འཇམ་དབྱངས་བླ་མ་དཀོན་ཅོག་ཆོས་འཕེལ་དགའ་ལྡན་གྱི་གནས་སུ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་སྤྱན་སྔར་ཕེབས་པར་སྔོན་དུ་ཕྱོགས་པའི་ངེད་ཀྱི་ཕྱག་འབུལ་ལ་ཕྱིན་པའི་དུས་རྗེ་བླ་མའི་སྐུ་མཚམས་ཟླ་དགུ་མའང་གྲོལ་ཟིན་པ་དང་འགྲིག་པས་མར་ལམ་ཆོས་ཁྲི་བླ་བྲང་དུ་ཞག་གཅིག་བསྡད་གཞི་ལེན་རྒྱས་པར་གནང་། ཚེ་དབང་ལྕགས་སྡོང་མ་ཞུས་ཤིང་དེ་ཐོག་ནས་བརྒྱ་རྩ་ཞིག་སྐུ་ཚེའི་རྟེན་འབྲེལ་དུ་ཕུལ། བླ་བྲང་འདུ་ཁང་སོགས་ལ་ཤིས་བརྗོད་ཀྱིས་གསུང་བ་བཞིན་མེ་ཏོག་གཏོར། འདི་ལོའི་དབྱར་ངེད་ཀྱང་མཚམས་དམ་པ་ཞིག་བྱས་པའི་སྐབས་དེ་དུས་རང་གཞན་སུ་ལའང་དོགས་གནས་མེད་རུང་རྗེ་བླ་མའི་སྤྱན་ལྟས་སུ་ངེད་རྒྱ་ནག་ལ་འགྲོ་དགོས་པ་ཤིན་ཏུ་གསལ་བའི་ལུང་བསྟན་དང་བུད་མེད་དཀར་མོ་ཞིག་གིས་རས་ཀྱིས་གྲིལ་བའི་བུམ་པ་གཉིས་ཁྱེར་ནས་འདི་ཚེ་ཆུ་ཡིན་པས་བཞེས་པ་ཞུ་ཞེས་ཕུལ་འདུག་པ་དེ་སྐབས་སྐུ་ཁམས་མི་བདེ་བའི་དུས་ཡིན་པས་སྐུ་ཚེའི་འཕྲང་བསལ་བར་སྣང་། བུམ་པ་ཅིག་ཤོས་ཀྱི་ཆུ་ནས་ཀྱང་དགོས་གསུངས་པས་འདི་ངེད་ལ་སྟེར་རྒྱུ་ཡིན་འདི་མ་གསོལ་ན་ད་ལོ་དོག་ཆ་ཆེན་པོ་ཡོད་ཚུལ་དང་ཡང་གསང་དྲག་མོའི་བྲིས་སྐུ་བཞེང་བ་གནང་བར་བུ་མོ་དེས་བལྟས་ནས་ཁྱེད་མ་གཅིག་དཔལ་ལྷའི་སྐུ་བཞེང་གི་ཡོད་པ་ཨེ་ཡིན་ཟེར་བ་སོགས་ངོ་མཚར་བའི་གཟིགས་སྣང་མང་དུ་བྱུང་བ་མཐའ་དག་བློར་མ་ངེས་ཤིང་བྲིར་ཡང་མ་ལང་། རིགས་འཛིན་ཡོལ་མོ་བ་ཆེན་པོའི་ཐུགས་དམ་གསལ་སྣང་ལ་ཤར་བ་བཞིན་ཆོས་རྒྱལ་བྱང་པ་ངག་གི་དབང་པོའི་སྐུའི་རྣམ་པར་སྤྲུལ་པ་མོན་མཁར་རྣམ་སྲས་གླིང་དུ་བྱ་ནག་གི་རིགས་སུ་(༨༡ན)


GLG009_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོན་པའི་ལུང་བསྟན་ཤོག་ཁྲ་གནང་བ་ལྟར་ངེས་ཤེས་འདྲོངས་ནས་སྤྲུལ་སྐུ་རིན་པོ་ཆེ་རྡོ་རྗེ་བྲག་ཏུ་གདན་དྲངས་པ་རིམ་གྱིས་འབྲས་སྤུངས་སུ་དབུ་གཙུག་གསིལ་བར་ཕེབས་དུས་རྗེ་བླ་མ་སྐུ་ཁམས་བསྙུན་པ་དང་འགྲིག་གཤིས་ངོས་ཕེབས་མ་ཐུབ་པར་ལེགས་སྐྱེས་ཀྱི་ཞུ་འཕྲིན་འབུལ་བ་རྒྱས་པར་གནང་། སྔར་སྒར་པ་མངའ་ཐང་སྒང་ལ་རྒྱབ་པའི་དུས་ཞྭ་དམར་བའི་དྲུང་ཡིག་ཁ་རག་བོད་འབྲུག་པ་འཇམ་དབྱངས་སྔགས་རྙིང་མ་ལ་མི་གུས་ཤིང་ཁྱད་པར་རིགས་འཛིན་ཡོལ་མོ་བ་དཀར་ཆས་སུ་གྱུར་པ་ཚན་པོ་ཆེ་འདེབས་པ་སྒར་པ་ལུགས་གཉིས་ཀ་ནས་དགུན་ཆུ་བཞིན་རིམ་བྲིའི་སྟེང་སྡེ་པ་རྒྱལ་བཟང་པ་ཡུལ་དོན་པས་ཁོ་པ་སྡོད་གནས་མ་རྙེད་པར་རྡོ་རྗེ་བྲག་ཏུ་ཆུད་ལ་རེའི་རྒྱུ་མཚན་ལེགས་ལགས་མང་པོ་གསོལ་ཡང་། གྲང་སོ་གཏེར་སྟོན་ཐུགས་བཀྱེལ་ཆེ་བས་མཆོད་ཡོན་ནས་དགོངས་ཁྲོལ་བྱུང་ན་མ་གཏོགས་མི་ནུས་ཞེས་དེ་རིས་ཀྱི་བསྟེན་སྒོར་མ་མཛད་རུང་། རྗེས་སོར་བླ་མ་ཨཾ་ལྗག་གིས་ཀར་བཙུན་མང་པོ་བསྐྱིལ་བའི་གནས་ཚུལ་འཕྲང་འགོ་དྲུང་པས་ས་སྐྱོང་བསོད་ནམས་རབ་བརྟན་གྱི་སྙན་དུ་ཕུལ་བས་རྟེན་བརྟེན་པ་ཐམས་ཅད་གནས་དབྱུང་མཛད་རྒྱུའི་གསུང་གླེང་དངོས་སུའང་ཐོས་ཤིང་བླ་མ་བཙན་འཇོག་གི་ཕྱག་ཐམ་གནང་བར་རྗེ་བླ་མ་ཟུར་ཆེན་ལ་ངན་དོགས་བྱེད་ཚུལ་ལྷོ་བྱང་གཉིས་ཀར་གླེང་ཞིང་བླ་མའི་གཡོག་དེ་དོན་འདི་ཡིན་མེད་པར་གུང་ཐང་དུ་ཡོངས་ནས་ཉིན་ཁ་ཡར་བརླག་སྟོར་འཚོལ་བ་ལྟ་བུའི་བླ་བྲང་གི་ཕྱི་ནང་ཀུན་ཏུ་སྒོར་སྒོར་ཉུག་ཉུག་མང་དུ་བྱས་པ་ན་ཞབས་འབྲིང་པ་རྣམས་ཀྱིས་མི་(༨༡བ)


GLG009_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཚོའི་ལབ་རིགས་དང་བཅས་ཟག་རྫས་འཚོལ་མི་ཡིན་འདྲ་ཞེས་ཞུས་འདུག་རུང་ཁོང་དེ་འདྲ་མཛད་དོན་མེད་ཅེས་ཐུགས་དོགས་ཆེར་མི་གནང་། སྡེ་པ་ཞང་མཁར་ནས་རིག་བྱེད་པ་འཇམ་དཔལ་རྡོ་རྗེ་རིགས་འཛིན་ངག་གི་དབང་པོར་ཤིན་ཏུ་གུས་ཤིང་ཚུར་ཡང་ཐུགས་ནང་གཙང་བའི་ཕེབས་སྒོར་བྱང་པ་དང་འཕྱོང་རྒྱས་པ་སྐུ་ཉེ་མཆོད་ཡོན་གཞན་དང་མི་འདྲ་གཤིས་ཐམས་ཅད་མཁྱེན་པ་བསྙེན་རྫོགས་བཞེས་པར་ལེགས་ཇ་དང་བཅས་ངོས་ཀྱི་མཇལ་འཕྲད་བྱེད་འདོད་ཡོད་ཀྱང་སློབ་དཔོན་ཨཾ་ལྗག་པ། སྡེ་པ་ཕུན་ཚོགས་གླིང་པ་ཞབས་དྲུང་སྙིང་སྙིང་སོགས་ཀྱི་བློར་མི་ཆུད་འདུག་པས་ལག་ཐོག་ཏུ་འགེལ་མི་བདེ་བ་འདྲ་གསུངས་པ་དང་། རིགས་འཛིན་ཡོལ་མོ་བ་ཆེན་པོས་ད་ལམ་སློབ་དཔོན་པ་རང་ཡང་མཆོད་ཡོན་མཇལ་བར་ལྷན་དུ་འགྲོ་གསུངས་པར་དཔོན་སློབ་རྣམས་ཚུར་ཕེབས་པ་དང་ཨཾ་ལྗག་སྐྱིད་གཤོངས་བདེ་བ་ཅན་པའི་རིམ་གྲོར་འགྲོ་བ་རྒྱབ་གྱེས་བྱས། འདས་པའི་བར་ལ་ལོ་མང་རབ་སོང་རུང་མཆོད་ཡོན་ཕྱོགས་སུ་ཡེ་མི་ཡོང་བ་མནོང་ལངས་རྒྱུ་ཡོད་མདོག་ཁ་མོ་ལ་ཁོང་པ་སྐྱོན་ཅན་མིན་པའི་སྒྲུབ་ཕྱོགས་ཀྱང་ཅི་རིགས་སྣང་བས། ཀུན་མཁྱེན་བུས་རྙིང་རྒྱུད་ལ་གསུངས་པ་ལྟར་ལྐོག་གྱུར་གྱི་རིགས་འདི་བཏང་སྙོམས་སུ་བཞག་པ་ལེགས་སམ་སྙམ་མོ། །རྗེ་ཉིད་ལུས་ཅན་ཀུན་ལ་བྱམས་བརྩེ་ཆེ་བར་མ་ཟད་སྔ་འགྱུར་གྱི་བསྟན་པ་སྤྱི་དང་བྱེ་བྲག་རྡོ་རྗེ་བྲག་ཕྱོགས་ཀྱི་ཉེས་སྐྱོན་མཐའ་དག་སྦེད་པ་ལྷུར་ལེན་པ་ལས་གསང་བའི་རྣམ་ཐར་ཚོ་ཞལ་གྱི་ཟུར་ཙམ་ལའང་འདོན་པ་མི་སྲིད་རུང་བརྒྱ་ཁ་ཐལ་མོས་མི་ཁེབས་པའི་ཉམས་(༨༢ན)


GLG009_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྐད་ཅ་གཞན་དག་ནས་རིམ་གྱིས་མཆེད་པའི་གྲ་ལས་དོལ་གསལ་བའི་དཔེར་སྣང་ངོ་། །རྡོ་རྗེ་བྲག་ནས་གྲུ་གུ་ཡང་ཝཾ་གི་དབོན་བརྒྱུད་ཁམས་པ་སྔགས་འཆད་དོན་གྲུབ་བཀྲ་ཤིས་དང་གོང་དཀར་ནས་སྔགས་འཆང་སྟོད་གྲོང་པ་གཉིས་ལ་འཇམ་དཔལ་རིགས་གསུམ་འདུས་པ་ཁྲོ་ཆུ་དུག་སྡོང་། དམ་ཆོས་དགོངས་པ་ཡང་ཟབ། སྦ་དོང་གི་གཏེར་མའི་འཇམ་དཔལ་ཞི་དྲག་ཕྱེད་གསུམ། ལྷ་ཆེན་དབང་ཕྱུག་རླུང་ཞགས། གཏེར་ཁ་འོག་མ་དང་རིན་ཅེན་གླིང་པའི་ནཱ་ག་རཀྴ རཏྣའི་དམ་ཅན་གཏེར་གནས་མི་འདྲ་པ་གཉིས། རླུང་འཁོར་ཞི་དྲག་གི་རིས་སོགས་དབང་ལུང་ཕྱག་འཁྲིད་མང་དུ་གནང་། གཟིམས་ཁང་ཤར་པའི་བླ་མ་གྲ་རིས་འགའ་ཞིག་གིས་རྗེ་འདི་ཉིད་ལ་འོས་ཐོ་བྱས་པར་དགེ་སློང་བསོད་ནམས་རྒྱལ་མཚན་ཅན་གྱིས་དགེ་མིན་རྙིང་མིན་འདི་འདྲ་ལ་མི་བསྐོ་ཞེས་མས་འཇོག་གི་གཏམ་བཏང་ནའང་ནཱ་ལནྡའི་འབུལ་དཔོན་ཁམས་པ་བྲོས་ཐབས་ཀྱིས་སོང་རྗེས་བླ་མ་མེད་མུར། བཀྲ་ཤིས་ལྗོངས་ཆོས་རྗེའི་བླ་མ་དབུ་མཛད་ཟེར་བ་བདེ་ཆེན་ནས་བསྐོ་བར་སྔོན་དུ་ཕྱོགས་པ་གང་ས་ནས་ཁོང་ཚོའི་བློར་མ་ཆུད་པའི་སླ་ང་ཚ་དུས་ཀྱི་སྐམ་པ་དང་གྲོད་པ་ལྟོགས་དུས་ཀྱི་ཟན་གོང་བཞིན་ཁོང་ཚོ་གྲོས་ཐོག་ནས་གུང་ཐང་ལྕགས་རི་ནང་ལ་བླ་མ་གཉིས་ཀྱི་དགོས་དོན་མི་འདུག །ལྷག་ཏུ་ས་རྙིང་གཉིས་ནང་མཐུན་པ་བཅས་བླ་མ་གནང་དགོས་པའི་རྒྱུ་མཚན་གསོལ་བ་ཁོང་ཚོའི་གཡོ་སྐོར་གྱི་ཞུ་བ་མཁྱེན་པ་གཞིར་བཅས་དང་སླེའུ་ཆུང་གི་སྐོར་ལ་རྡོ་རྗེ་བྲག་གི་སློབ་དཔོན་དང་ཆོས་མཛད་རྡོར་ལེགས་སོགས་གྲོས་དབང་ཁ་ཤས་ཀྱི་ཐུགས་སུན་ཆེ་ཙམ་བྱུང་བའི་ལྟེ་བོར་དབོན་པོ་དགོས་པ་ལ་ཐུག་པ་སླར་(༨༢བ)


GLG009_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་པ་འབུལ་བར་འོངས་པ་ན་སྐུ་འཁོར་རྣམས་ཀྱིས་དམ་སེལ་འདྲ་ཨེ་ཡོད་གསོལ་བར་ངེད་རང་རྫོགས་ཆེན་པར་སོང་བས་འཁོན་འཛིན་བྱས་ཞན་འདྲ་ཞེས་སྤྱན་འདྲིས་ངན་པ་ཙམ་ཡང་མི་གནང་ཞིང་། བསྟན་དོན་ལ་ཐུག་པའི་རིས་མ་གཏོགས་སྔར་གཅུང་པོ་གསོད་མི་གྲོས་བཅས་སོགས་ལ་ལས་སྦྱོར་གནང་དགོས་ཚུལ་ཚང་མས་ཞུས་པར་ཐུགས་དོ་མི་གལ་བས་མཚོན་རང་དོན་དུ་སྐུ་དགྲ་གདུག་པ་ཅན་གྱིས་དྲུང་དུ་བཏུད་ན་ཕན་པ་ལྷུར་མཛད་པའི་རྒྱལ་སྲས་ཆེན་པོའི་རྣམ་ཐར་མ་གཏོགས་ཡེ་མི་གནང་བ་དང་། གཟིམས་ཁང་ཤར་པ་རྣམས་གྲུབ་མཐའ་བསྒྱུར་དོགས་ཀྱི་མྱ་ངན་གྱིས་ནོན་པར་བརྩེ་བ་ཆེན་པོས་ཞལ་གྱིས་བཞེས་ཤིང་བདེ་ཆེན་དུའང་དེ་ཀའི་རྒྱུ་མཚན་གནང་བ་ཐུགས་ལ་འཐད་རྒྱུ་མེད་ཙམ་གྱི་ངོས་སྡེ་པ་གཞུང་གི་ལ་ཆའི་རལ་གྲི་ལ་འཛེམ་བྱའི་རྣམ་པས་འགབ་གྲས་དང་བཅས་གཟའ་ཚེས་དགེ་བར་གཟིམས་ཁང་ཤར་པ་བ་རྣམས་ཀྱིས་ཆིབས་བསུ་སེར་སྦྲེང་གི་མདུན་བསུས་ཏེ་གདན་སར་ཕེབས་ཐོག་ས་སྐྱོང་ཐོག་རྒོད་རྣམ་རྒྱལ་གྱིས་བསྐོ་འཇའི་གནང་སྐྱེས། ཡང་དགོན། ཆོས་ཁྲི་སོགས་སྡེ་ཕན་ཚུན་གྱི་གྲ་རིས་སྦྱིན་བདག་ཚང་མས་ལེགས་འབུལ་བཟབས། སྒོམ་སྡེ་དང་གདན་ས་ཁྱོན་གཅིག་པའི་གཤིས་སྐུ་ཚེ་གོང་མའི་རྟེན་འབྲེལ་གྱིས་ནམ་མཁའ་འཇའ་སྤྲིན་གྱིས་ཁྱབ་པ་སོགས་ལྟས་ངོ་མཚར་བ་བྱུང་། དབྱར་གཟིམས་ཁང་ཤར་པ་རྣམས་ཀྱིས་དབང་གཞི་བཏེག་པའི་ཚེ་བདེ་ཆེན་ནས་སྒྲིབ་བར་གྱི་ཁྲོམ་དམར་ནག་ཏུ་འཁྱིལ་བར་ཚེ་དབང་གནང་། སྦྱིན་བདག་རྣམས་ལ་ཤངས་ལེན་བཟང་དུ་མཛད། མེ་ཕག་ཤར་ནས་བླ་མ་ཁྲོ་བུ་བས་གསོལ་བ་བཏབ་པ་(༨༣ན)


GLG009_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆེན་འཛུགས་པ་གནང་བར་ཡང་དགོན་སྤྱན་སྔ། གནོན་འཛེམ་པ་སྒང་པ། སྔགས་འཆང་དོན་གྲུབ་བཀྲ་ཤིས་སོགས་ཀྱིས་གཙོས་པའི་བླ་མ་སྔགས་པ། སྨན་པ་སོགས་བརྒྱ་སྐོར་ལ་སྨན་སྒྲུབ་མ་གཏོགས་སྒྲུབ་དབང་རྒྱས་པར་སྩལ། གྲོལ་དབང་ཁྲོམ་དུ་དབང་རྫས་ཡང་དགོན་ཞབས་དྲུང་གིས་འདེགས་མཁན་མཛད་པ་སྤྱན་སྔ་ལུགས་གཉིས་ཀ་ནས་ཁུང་བཙུན་པའི་གྲགས་པས་ཀུན་ཧ་ལས་ལས་སུ་བྱེད། མཚོ་སྨད་དུ་བྱང་ངོས་ནས་བཀྲ་ཤིས་ཕུན་ཚོགས་ཀྱིས་གདན་དྲངས་པའི་ཞོར་ལམ་སྣང་རྩེ་གཞིས་ཀར་གུ་རུ་ཇོ་ཚེའི་གཏེར་རྫས་དུ་མ་དང་སྡེ་པ་ནམ་མཁའ་ཚེ་བརྟན་རྒྱལ་པོའི་ཕྱི་རྟེན་གྱི་གསེར་གདུང་། གཏུམ་དྲག་མེ་འཁོར་གྱི་རྫ་སྐུ་སོགས་གནས་གཟིགས་མཛད། དེ་ཉིན་གུང་ཚིགས་ཀྱི་བཞེས་པ་གྲ་འགྲིག་རྒྱུ་མེད་པར་ཇི་ལྟར་འགབ་ཞུས་པས་གཞིས་ཀའི་རྒྱལ་པོ་འདིས་གཞི་ལེན་བྱེད་པ་འདུག་གསུང་བ་ལྟར་གཞིས་གཉེར་བློ་འགྱུར་ནས་གློ་བུར་དུ་གསོལ་ཚིགས་ཞུས། རྒྱལ་ཁང་གི་རྒྱལ་པོ་དེས་ཀྱང་གཟུགས་དངོས་སུ་བསྟན་ནས་འཕྲིན་ལས་སྒྲུབ་པར་དམ་བཅས་ཚོད་དུ་འདུག །དྲག་དམར་གྱི་རྫ་སྐུ་དེ་དེང་རྒྱ་ནག་ལ་འགྲོ་དུས་རྟོག་པ་བཅུག་པས་གཏེར་ཁ་ཚད་ལྡན་ཚོའི་སྐུ་དང་མི་འདྲ་བའི་འཇིམ་བཟོ་བ་མཁས་པ་ཞིག་གིས་བཟོས་ཚོད་ནས་བྱོན་ཤིན་ཏུ་གཙང་བར་སྣང་། ཀོང་པོ་རྫོགས་ཆེན་པ་འབྲས་ལྗོངས་ཕྱོགས་ལ་འབྱོན་པའི་ལམ་ཡིག་རྗེ་ཉིད་ཀྱི་གསུང་བཞིན་སྨིན་གྲུབ་ཞུས། མེ་ཏོག་མཆོད་པའི་སྐྱ་ཧྲགས་གཅིག་སྒོམ་སྡེ་བར་འཁྲི་བའི་གྲ་བསྒྲིག་ཚར་དུ་དངར་བས་ཡང་དགོན་དབུས་གླིང་གཉིས་ཀྱང་ནད་ལངས་པའི་ཇེ་རྒྱས་སུ་སོང་། ཆིབས་རགས་ཕན་ཚུན་གཟིགས་རེས་བྱུང་སྐབས་ཡང་(༨༣བ)


GLG009_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་སྤྱན་སྔས་དབུ་ཞྭ་འབུད་པ་སོགས་བཀུར་བཟོས་ཆེ་བར་ཕུལ། སྟོན་མཇུག་འབྲས་སྤུངས་སུ་ཕེབས་ནས་ཞག་ཤས་བཞུགས་དེ་མོ་སྤྲུལ་སྐུས་ཀོང་པོ་སྤྱི་ཁང་དུ་གདན་དྲངས་ཁྲོ་ཆུའི་ཆོས་སྐོར་སོགས་ཞུ་འདོད་ཚད་ཚད་པ་ལ་ཕན་བདེ་སྤྲུལ་སྐུ་ཕྱོགས་སུ་ཕུལ་ནས་ཕྱག་ཐོག་ཏུ་མ་བཀལ་བའི་གསུང་གླེང་ཞིབ་མོལ་དང་ཁོང་གི་ཕྱག་ཏུ་རྐུན་རྒྱབ་རྫུན་མས་བྱས་པའི་ཞལ་གྱི་བེའུ་བུམ་ནག་པོའི་དཔེ་ཡོད་འདུག་པ་མ་དཔེ་དཀོན་གཤིས་འཕྲལ་བཤུས་གནང་སོང་བ་མི་འགྱངས་པར་ཆོས་ཕྱག་ཏུ་འཕྲོད་པའི་རྟེན་འབྲེལ་སྔོན་འགྲོར་དོགས། ལྷོའི་ཇུས་རིམ་ལ་ཆོས་རྗེ་དཔོན་དར་གྱིས་ཕྱག་དྲུག་པའི་གཏོར་ཆེན་མཛད་པའི་འཁོར་ལོ། སྔགས་འཆང་དོན་བཀྲས་པས་ཤུན་དུ་འཛུགས་རྒྱུའི་འཇོམས་བྱེད་རླུང་འཁོར་རྒྱུན་གྱི་བཟློག་མནན་སོགས་ཕྱག་བྲིས་སུ་སྩལ། གུང་ཐང་དུ་གཤིན་རྗེ་ཁྲོ་ཆུའི་ཟོར་ལས་ཀྱི་སྒྲུབ་ཞག་བཅོ་ལྔ་གནང་བ་རྟགས་བཟང་པོ་ཡོད་འཕྲོར་ཡང་དགོན་སྤྱན་སྔ་འབྲུག་ཞེན་ཆེས་པའི་ཇ་རྒྱུགས་ཀྱི་གདོང་ཟོར་ས་ལ་ལྷུངས་པ་གུར་དང་གོ་ཆ་གུ་རུ་རཏྣའི་སྔོན་འགྲོར་སོང་། ཡང་དགོན་ཞབས་དྲུང་གིས་དབུ་མཛད་གུང་ཐང་པ་རྣམས་ཀྱིས་གྲིབ་སེལ་བསུ་བཟློག་དང་འབྲེལ་བའི་བརྟན་བཞུགས་ཕུལ། རིན་པོ་ཆེ་ངག་དབང་ཡེ་ཤེས་གྲུབ་པའི་དབུ་ཐོད་ཟིང་པ་བ་ཚོའི་རྟེན་སྐལ་དུ་ཧྲིལ་ལེ་བཞུགས་པ་རིན་པོ་ཆེ་རང་གི་སྐུ་བརྙན་བཞེང་བ་གནང་སྟེ་ནང་དུ་བཅུག་ནས་ཟིང་པར་གདན་འདྲེན་ལ་ཕེབས་གུང་ཐང་དུ་གྲུབ་པའི་དབང་ཕྱུག་ཚེ་འཕེལ་བཟང་པོའི་སྤྲུལ་སྐུ་ཀུན་བཟང་དབང་པོ་ལ་བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱི་ཟབ་ཆོས་ཀུན་བཟང་ཐུགས་གཏེར། རཏྣའི་དྲག་དམར། བདུད་རྩི་བུམ་པའི་དབང་སོགས་ཟབ་ཆོས་དཀོན་པ་མང་དུ་གསན། སྟག་རྩེ་ཐའི་ཇི་(༨༤ན)


GLG009_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་ཀྱིས་དགོས་པའི་རྡོ་རྗེའི་སྐུ་རིམ་སྲུང་འཁོར་ལ་གདན་དྲངས། འབྲི་གུང་གི་ཕྱག་དཔེ་སྐུ་ཁྲུས་པའི་དཔེ་ཆ་སྣ་བསྡུས་པའི་མི་ཁུར་གཅིག་ཙམ་དང་། རྭ་ལོའི་ཐུགས་དམ་རྟེན་ཡིན་ཁུལ་རྡོ་རྗེ་འཇིགས་བྱེད་ཀྱི་ཞལ་ཐང་ཕུལ། སླེའུ་ཆུང་དུ་མི་ཞིག་འདྲེར་སྐྱེས་ནས་ཁོག་ཏུ་བརླམས་ཏེ་བླ་མ་འདྲ་ལ་གཏུགས་ནས་ང་ལུས་འདི་དང་བྲལ་བའི་ཐབས་ཤིག་གྱིས་ལབས་པར་བརྟེན། ནང་མི་རྣམས་ཀྱིས་བྱང་བཞུ་ཕུལ་བས་རིང་པོར་མ་ལོན་པར་ཚེ་འཕོས་ནས་མི་ལུས་ཐོབ་སྟེ་བྱིས་པའི་དུས་ང་སྤོས་དགའ་དཔོན་སློབ་ཀྱིས་འདིར་བཏང་ཟེར་སྨྲས་པས་འུར་ལངས་ཏེ་སྐྱབས་འཇུག་ཞུ་མི་ཇེ་མང་དུ་སོང་། དགའ་ལྡན་ཕོ་བྲང་དུ་ཕེབས་ནས་ཞག་ཤས་བཞུགས་དབང་ལུང་འགའ་ཞིག་ཞུས་ཤིང་སྔ་སོར་གསུང་གླེང་ཡོད་པ་ལྟར་ཡར་ཀླུངས་བཀྲ་ཤིས་རྩེ་ཆོས་སྡེར་ཁྱབ་བདག་གནས་གསར་བ་ཆེན་པོའི་དྲུང་དུ་ཟབ་ཆོས་རྣམས་གསན་པར་འགྱངས་མེད་དུ་ཕེབས་པའི་ཐུགས་ཐག་བཅད་གུང་ཐང་དུ་གྲབས་ཡུལ་ལ་སྐོར་ཙམ་ཕེབས་ངོས། རྡོ་རྗེ་བྲག་ཏུ་རིགས་འཛིན་སྤྲུལ་པའི་སྐུ་མཆོག་མཇལ་བར་ཕེབས་ཆོས་འབྲེལ་གྱི་ཐོག་མ་ཚེ་དབང་ཧྲཱིཿགཅིག་མ་འབུལ་བར་མཛད། རྗེ་བླ་མས་རིགས་འཛིན་སྤྲུལ་པའི་སྐུར་ལྕགས་སྡོང་མའི་དབང་གི་ཕྱག་འཁྲིད་སྩལ་ཞིང་ཙག་ལི་ཡང་འདྲི་བ་གནང་དབང་བསྐུར་ལུགས་ཀྱི་དེབ་ལའི་རྒྱུགས་བཞེས་པའི་སྐྱོན་བསལ་ངོས་སྐུ་ཚེ་འདིའི་བཀའ་ཆོས་ཀྱི་ཐོག་མ་ངེད་རང་ནས་ཞུ་ཞེས་དབང་ཁང་དུ་རྗེ་བླ་མ་དམ་པས་དབུས་རྣམ་གླིང་སྡེ་བ་ཡབ་ཡུམ་གྲ་རིས་རྒན་རིམ་དང་བཅས་པར་ལྕགས་སྡོང་མའི་དབང་ཚར་གཅིག་དང་ཕྱི་དྲོ་རྗེ་བླ་མ་དང་ལྕོག་སྒར་བ་ཡོངས་རྫོགས་ལ་གསོལ་འདེབས་ལེའུ་བདུན་མའི་ལུང་སྟེ་ཆོས་སྒོ་གཉིས་འབྱེད་པའི་ཁུར་བཞེས་གནང་བར་སྤྲུལ་སྐུ་རིན་པོ་ཆེ་ཡང་(༨༤བ)


GLG009_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་ཡི་རང་གི་ཐུགས་བཟོ་བའི་གསུང་བགྲོས་ཀྱང་ཐོས། རྣམ་སྲས་གླིང་ནས་གདན་འདྲེན་བྱུང་བ་དཔོན་སློབ་ལྷན་དུ་བྱོན་པ་བཅུར་དུ་བཞུགས་པའི་ནུབ་རྣམ་སྲས་གླིང་གི་སྡེ་བ་ཨ་མི་གློ་བུར་དུ་ཚེ་དུས་བྱས་པའི་བང་ཕྱིན་སྲོད་འཁོར་ལ་བྱུང་བ་གསལ་འདེབས་ལ་འཕྲལ་དུ་བཏེག་པ་བྱ་སྐད་རྒྱབ་པ་དང་རྣམ་སྲས་གླིང་དུ་ཕེབས་པའི་འཕོ་བ། བར་དོའི་སྨོན་ལམ་དང་རིགས་དྲུག་གནས་འདྲེན་མཛད། ལེགས་པ་གླིང་ནས་གླང་ཕུ་ནས་དགྲ་འདུལ་གྱིས་མཚམས་སྦྱོར་གྱི་ཞུ་ཡིག་དང་བཅས་བཀྲ་ཤིས་རྩེ་ཆོས་སྡེར་ཞབས་དྲུང་དབོན་རིན་པོ་ཆེར་བཀའ་ཆོས་ཞུ་བར་ཕེབས་ཆོག་པའི་ཉེ་ལེན་དང་། སྣེའུ་སྡོང་རྩེར་བཀྲ་ཤིས་རྩེའི་གཞིས་ཀ་བཞུགས་མཚེར་ལ་གཡར་པོ་ཞུ་བར་ཐེག་གླིང་དབུ་མཛད་རྫོང་བདའ་གནང་། དེ་ནུབ་བྱ་སར་བཞུགས་གནས་མཇལ་མཛད་སང་ཕེབས་ལམ་དུ་ཚེ་ཆུ་འབུམ་པ་མཇལ་མཁན་རྣམས་ལོག་བྱུང་བ་དེ་ངེད་རང་ཚོ་ཕྱིས་པ་ཙམ་ཡིན་འདྲ་ཡང་འགྲོ་དགོས་གསུངས་ཚེ་ཆུ་འབུམ་པར་ཞབས་སྐོར་གནང་བས་གཉགས་ལོ་ཙཱ་བར་འཁྲུངས་པའི་དུས་ཀྱི་མཛད་པ་མང་པོ་གསལ་བར་ཐུགས་ཀྱིས་དྲན། ཚེ་ཆུ་ཅོ་ནེར་བཟེད་ཆོག་པའི་མང་བ་བབས། ཤེལ་བྲག་ལ་རྒྱང་ཕྱག་དང་སྨོན་ལམ་རྒྱས་པར་མཛད། བཀྲ་ཤིས་རྩེ་ཆོས་སྡེའི་རྒྱལ་སྒོའི་འགག་ཏུ་གྲ་དམངས་རྣམས་ཀྱིས་བསུ་བ་དང་བཅས་བླ་བྲང་དུ་དཔོན་སློབ་གཉིས་དར་སྣ་དང་ཕྱག་འབུལ་རྩེ་སྤྲོད་ཀྱིས་མཇལ་འཛོམ་གནང་། སྔར་ཕན་ངོས་མཇལ་ལྟ་ཞོག་ཕྱག་བྲིས་ཕར་གནང་ཚུར་གནང་གི་ཤུགས་འདྲིས་ཀྱང་མེད་རུང་སྔ་མོ་ནས་ཐུགས་འདྲིས་པ་ཞིག་བར་སྐབས་སུ་མ་མཇལ་བ་མཇལ་བ་ལྟ་བུའི་དགྱེས་ཚོར་དང་དག་སྣང་ཆེན་པོ་རྗེ་བླ་མ་གཉིས་ཀར་བྱུང་བ་སྐུ་ཚེ་སྔོན་མ་ནས་དཔོན་སློབ་ཏུ་འབྲེལ་བ་ཞིག་ཡིན་ཚོད་དུ་འདུག་(༨༥ན)


GLG009_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་སྐུ་འཁོར་བ་རྣམས་ལ་གསུངས་པ་སྔར་ཞལ་འདྲིས་ཡེ་མེད་པའི་སྐབས་རྗེ་བླ་མའི་དག་སྣང་ལ་ཁྱབ་བདག་བཀའ་འགྱུར་བ་ཁ་ཆེ་དྷརྨ་པཱ་ལའི་རྣམ་སྤྲུལ་དང་གཟིམས་ཁང་ཤར་གྱི་བླ་བྲང་རུང་བ་ཞིག་ཏུ་ཁྲི་མཐོ་བའི་སྟེང་ས་སྐྱ་པའི་བླ་མ་སྐུ་བོངས་ཆེ་ཞིང་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་ཆོས་མང་དུ་གསན་པ་བྱུང་བ་རྗེས་སུ་རྗེ་བཙུན་བཀའ་འགྱུར་བ་ཆེན་པོའི་བཞུགས་གནས་བཀའ་ཆོས་གནང་ཚུལ་སོགས་སྒོ་མཚུངས་པ་དང་དེར་མ་ཟད་ཁའུ་བྲག་རྫོང་པའི་བསྟན་པ་སྤེལ་བར་རྡོ་རྗེ་འཆང་ཚར་པ་རྗེའི་རྣམ་སྤྲུལ་དུ་ཐུགས་ངེས་འདྲོངས་པར་ཆ་མཚུངས་སུ་མཆིས། ཐོག་མར་ནང་སོ་ཆོས་མཛད་པའི་སྤྱིལ་བུར་བཞུགས་ཞག་གཅིག་མཛད་རུང་སང་ཉིན་ལྷ་གཟིགས་མའི་དབང་པོས་བཀྲ་ཤིས་རྩེའི་གཞིས་ཀ་བཞུགས་མཚེར་དུ་གཡར་པོ་ཕུལ་ནས་དེར་བཞུགས་ཡུལ་གནང་། རྗེ་བཀའ་འགྱུར་བ་ཆེན་པོར་འདི་ནས་བཟུང་སྔ་ཕྱིར་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་ཆོས་བཀའ་གཏོས་ཆེ་བ་རེ་གསན་རེས་རིན་ཅེན་གསེར་གྱི་མཎྜལ་དང་ཚོགས་ཀྱི་འཁོར་ལོ་སོགས་སྙན་བརྒྱུད་དང་པོའི་རྟེན་འབྲེལ་སྒྲིག་ཕྱོགས་རྒྱས་པར་མཛད་ནས་ཐོག་མར་ཚེ་དཔག་མེད་དཀར་པོ་ཕྱག་ལུགས་ཀྱི་རྗེས་གནང་གིས་སྒོ་ཕྱེ། ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་རྒྱུ་དབང་། ནཱ་རོ་མཁའ་སྤྱོད་ཀྱི་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་པའི་བྱིན་རླབས་ཉམས་འཁྲིད་ཤིན་ཏུ་སྨིན་རྒྱས་ནཱ་རོ་ཏ་པའི་བཞེད་གཞུང་སློབ་བཤད་ཐུན་མོང་མ་ཡིན་པ་ཆོས་སྐོར་ཡོངས་རྫོགས། ཨིནྡྲ་མཁའ་སྤྱོད་དང་མཻ་ཏྲི་མཁའ་སྤྱོད་ཀྱི་ལུང་། རྗེ་བཙུན་ཀུ་རུ་ཀུལླཻ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང་། ཌོཾ་བྷི་ལུགས་ཀྱི་སིནྡྷུ་ར་ལྷ་ལྔའི་བྱིན་རླབས། དམར་ཆེན་(༨༥བ)


GLG009_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ཀྱི་རྒྱལ་པོ་ཕྱག་བཅུ་གཉིས་པའི་ཐུན་མོང་བའི་རྗེས་གནང་། དཔལ་མོ་སྙིང་གི་གསེར་ཐག་ཅན། ནོར་རྒྱུན་མ་དམར་མོ། ལྷ་མོ་ཏི་ནུ་གསུམ་གྱི་རྗེས་གནང་། དམར་ཆེན་སྐོར་གསུམ་དང་དམར་ཆུང་སྐོར་གསུམ་གྱི་བེའུ་བུམ་ཡོངས་རྫོགས། ཞལ་བསྙེན་དུས་ཀྱི་མགོན་པོའི་རྗེས་གནང་། རྩ་གསུམ་འཁོར་ལོ་བཞིའི་འཁྲིད་ཀྱི་ཡིག་སྣ་རྣམས་མ་གཏོགས་པའི་དཀར་ཆག་ནང་གི་ཆོས་སྐོར་ཚང་བ། སྙན་བརྒྱུད་ཧ་ལ་ནག་པོའི་བེའུ་བུམ་སོགས་ཟབ་ཆོས་ལྷུག་པར་སྩལ་བར་གསེར་སྲང་གང་ཕྱག་གཏོད་ཀྱི་འབུལ་བའང་མཛད། རྗེ་བཙུན་བོད་མཁར་བ་ཆེན་པོ་ཡབ་སྲས་སློབ་རྒྱུན་དབུ་རུ་ཕྱོགས་སུ་འཕྲིན་ལས་ཆས་པར་སྐྱིད་ཤོད་དུ་ཁོང་དཔོན་སློབ་ལ་དབང་སྡུད་ཡོད་ཅེས་ལོག་རྟོག་བྱེད་པ་ཐུགས་ལ་མངའ་བ་དང་། གཤེན་རྡོར་སེང་གིས་ཕག་མོ་གྲུ་པ་དབང་དུ་བསྡུས་པའི་ཀག་ཆོལ་མའི་ལོ་རྒྱུས་ཀྱིས་ཀྱང་རྐྱེན་བྱས་རྗེ་བླ་མའི་ཐུགས་ལ་མཆོད་གྲལ་གྱི་ཟེའུ་དམར་པོ་ཕ་གི་ན་དབང་སྡུད་ཅིག་མེད་དམ་དགོངས་པ་ཁྱབ་བདག་བཀའ་འགྱུར་བའི་མངོན་པར་མཁྱེན་པས་མཆོད་དཔོན་འཇམ་དབྱངས་ལ་དེ་ཚུར་ཐོང་དང་གསུངས་ནས་ཟེའུ་ཁ་ཕྱེ་སྟེ་བྱིན་རླབས་རྟེན་སོགས་སྤྱན་འབེབས་གནང་བས་རྗེ་ཉིད་ཐུགས་མོས་བླ་ནས་བླར་འཕེལ། ཆོས་འབྲེལ་དགོས་ཚུལ་ཕེབས་པར་རས་ཆུང་རྣམ་སྤྲུལ་བཀྲ་ཤིས་རྒྱ་མཚོར་སློབ་དཔོན་ཆེན་པོས་དག་སྣང་དུ་སྩལ་བའི་ཚེ་དབང་ཧྲཱིཿགཅིག་མ་འབུལ་བ་མཛད་རིང་སླར་ཆོས་བཀའ་མང་ཙམ་ཞུ་བའི་སྙན་གསན་གནང་། མཁའ་སྤྱོད་མའི་འཁྲིད་ཀྱི་བསྙེལ་ཐོ་སྤྱན་ལམ་དུ་འབེབས་པ་གནང་བར་འབུལ་ཐེངས་གཅིག་ལ་འདི་འདྲའི་དངོས་གཙང་བ་ཡ་མཚན་ཆེ་ཞེས་ཤིན་ཏུ་དགྱེས། ལུགས་གཉིས་(༨༦ན)


GLG009_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གནས་ཚུལ་གྱི་གསུང་གླེང་ཞིབ་རྒྱས་ངོས་འཛམ་གླིང་རྒྱན་གཅིག་ཕོ་བྲང་སྣེའུ་སྡོང་རྩེར་གོང་མ་ཆེན་པོར་ཕྱག་འབུལ་ལ་ཕེབས་པར་སུམ་གདན་སྙེས་འབོལ་གྱི་བཀུར་བཟོས་དང་གཞི་ལེན་ཟུར་གསོས་གྱ་ནོམ་པ་གསོལ་ཇ་སྦྱོར་སྦྲེལ་གྱི་བར་དྲི་བ་ཞིབ་རྒྱས་སླར་ཇོ་མོ་ལུགས་ཀྱི་ཕུར་པའི་དབང་ལུང་ཞུ་དགོས་འདུག་ཅེས་བཀའ་སྩལ། འདི་ལོ་ཟླ་བཤོལ་ཁྱད་ནས་ཧོར་ཟླ་དང་པོའི་ཚེས་བཅུ་བཞིའི་ཕྱག་བཞི་པའི་གཏོར་ཆེན་རྟེན་འདོགས་དང་འགྲིག་པའི་དཔལ་ལྡན་བླ་མ་དམ་པའི་ཕྱག་ནས་མའི་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་རུ་མཚོན་ཆེན་པོ་བཀྲམ་འདུག་པར་སྨོན་ལམ་འཕྲིན་བཅོལ་མཛད། ཡར་ལམ་རྣམ་སྲས་གླིང་དུ་རྗེས་གཅོད་ལ་པད་གླིང་དྲག་དམར་གྱི་གཏོར་བཟློག །ནག་རྩིས་ཀྱི་སྲི་གནོན་དང་ཉེས་པ་ཀུན་སེལ་གྱི་མདོས་གནང་། སྒྲགས་སུ་རྒྱལ་ཡུམ་ཡེ་ཤེས་འཚོ་རྒྱལ་གྱི་བླ་མཚོ་དང་ཞབས་རྗེས་མཇལ། གུང་ཐང་དུ་ཕེབས་པའི་འོད་གསལ་དུ་མི་རས་ལྗང་གུའི་ཨང་རག་གྱོན་པ་རྒྱ་དང་སྨ་ར་དཀར་བ་ལག་ཏུ་རྐང་དུང་ཁྱེར་བ་ཞིག་བྱུང་ནས་མགོན་པོ་བསོད་ནམས་མཆོག་ལྡན་སྔོན་ཁ་ཆེ་དྷརྨཱ་པཱ་ལ་དང་ཚར་པ་ཆོས་རྗེ། གཟིམས་ཁང་ཤར་གྱི་བླ་མ་སོགས་ཀྱི་སྐྱེ་བ་ཡིན་ང་ལ་གཏོར་མ་རེ་ཡང་མ་ཆག་པ་སྦྱིན་དགོས། ངའི་ཆོས་སྐོར་རྣམས་གང་རུང་རུང་ལ་མ་སྟེར་ཟེར་བ་བྱུང་བའི་སང་ཉིན་མགོན་པོ་ཤིང་དྲུང་མ་དང་ཞལ་གྱི་ཐང་རྙིང་ཞིག་འབུལ་མི་འབྱོར་པ་རྟེན་འབྲེལ་གྱི་སྒོ་འགྲིག་པར་དགོངས་ནས་ཕྱོགས་ཕེབས་ཀྱི་ཚེ་འབྲལ་སྤང་མཛད། ངེད་ལྷ་སར་ཡོང་ཐོག་ཡར་ཀླུངས་ལ་ཕེབས་བའི་གནས་ཚུལ་གནང་བར་ཉང་ཙམ་ཕེབས། མི་རིང་བར་དགའ་ལྡན་ཕོ་བྲང་མེ་ཏོག་མངོན་པར་བཀྲ་བའི་ལྡིང་ཁང་དུ་བྱོན། འདི་ལོ་ལྷོར་དམག་བཅུག་ནས་མཆོད་ཡོན་གཙང་དུ་(༨༦བ)


GLG009_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའི་འགོལ་སྐབས་དང་འགྲིག་ཁྱབ་བདག་བཀའ་འགྱུར་བ་ཆེན་པོར་གསན་པའི་ཆོས་བཀའ་རྣམས་ཚང་བར་ཞུས། ཁྱད་པར་ནཱ་རོ་མཁའ་སྤྱོད་ཀྱི་ཉམས་འཁྲིད་རྡོ་རུས་ཐུག་པར་བསྒོམས་པས་ཁ་ཕྱིར་བལྟས་ཀྱི་ཤེས་པ་ནང་དུ་ཁུགས་ནས་གསར་མའི་དགེ་སྦྱོར་ལམ་དུ་ལོངས་པའི་ཐོག་མའང་འདི་ཉིད་ཡིན་པས་བླ་མ་དམ་པའི་སྐུ་དྲིན་ནི་བྱང་ཆུབ་ཀྱི་བར་དུ་འཁོར་རིས་སུ་མི་གདའ། དཔལ་མགོན་གདོང་བརྙན་ཅན་གྱི་ཟབ་ཆོས་གནང་དུས་གནས་ཆུང་ཆོས་སྐྱོང་ཡིན་ཟེར་བའི་རྒྱལ་པོ་ཁོག་ཏུ་ཞུགས་པའི་གཟི་བརྗིད་ཅན་ཞིག་ཕོ་བྲང་ལྟག་སྐོའི་འགག་ཏུ་བྱུང་ནས་ཞིང་སྐྱོང་དབང་པོའི་ཆོས་སྐོར་འདི་རྣམས་གང་རྩོལ་གྱིས་གྲུབ་པ་གྱིས་ཟེར་བ་བྱུང་གསུང་བ་ཆོས་རྒྱལ་རྡོ་རྗེ་དྲག་ལྡན་རང་ཡིན་ནམ་མགོན་པོའི་འཁོར་ཞིག་གིས་རྣམ་པ་དེ་འདྲར་བསྟན་པ་ཡིན་ཆ་མ་འཚལ་ཡང་དོན་ལ་ཆོས་གྲུབ་པའི་འཕྲིན་ལས་མཛད་པའི་ལེགས་པར་མངོན། གྲུམ་བུའི་བསྙེལ་རོ་ཡོད་པར་དྭགས་ཡུལ་ཆབ་ཚན་ལ་ཕེབས་པས་འཕྲལ་དུ་དྭངས་ཚུར་ལམ་བཤེས་གཉེན་ཆེན་པོ་ཤ་ར་བའི་འབུམ་པ་མཇལ་བ་གནང་ཞིང་བླ་མ་ཨ་རོང་དགེ་སློང་གིས་གནས་བཤད་བླ་བྲང་དུ་གདན་དྲངས་ནས་གཞི་ལེན་ཞུས། ས་སྐྱོང་བསོད་ནམས་རབ་བརྟན་འདམ་བསམ་གྲུབ་བདེ་ཆེན་གྱི་ཨར་པོའི་ཞལ་བཀོད་ལ་ཐེགས་པའི་ས་བརྐོ་རྡོ་སློག་གི་ཉེན་སེལ་གྱི་སྐུ་སྲུང་འབུལ་བར་མཁར་རྩེ་ལྕང་རར་བྱོན་པའི་གདབ་ལན་དུ་ཡར་ཀླུངས་བཀྲ་ཤིས་རྩེ་ཕྱོགས་ཀྱི་འགྲུལ་ལ་མ་མཉེས་པའི་སྒྱུར་སྦྱང་གནང་། ཟིང་པ་དགོན་གོང་འོག་ལ་ཚེ་དཔག་མེད་དང་བླ་མ་ཞི་དྲག་གི་དབང་སྩལ་ནས་གུང་ཐང་དུ་ཕེབས། ཡང་དགོན་ཀ་དགུ་མའི་སྦུག་ཏུ་བདེ་མགོན་འཁོར་མང་གི་ལོགས་བྲིས་སྐྱ་རིས་དང་སྤྱན་འབྱེད་གནང་། སྤྱན་སྔ་(༨༧ན)


GLG009_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་ལྡན་རྒྱ་མཚོར་ཞང་བཀའ་རྒྱའི་དབང་ལུང་ཡོངས་རྫོགས་གསན། ཁྱབ་བདག་བཀའ་འགྱུར་བ་ཆེན་པོས་ལས་སྦྱོར་མང་པོ་གནང་ཟེར་བའི་སྙན་ཁྲ་ལ་བརྟེན་ས་སྐྱོང་བསོད་ནམས་རབ་བརྟན་གྱི་ཐུགས་ཀྱི་འཛིན་སྟང་གཞན་དུ་གཞོལ་བ་འདྲའི་བརྗོད་པ་སྣ་ཚོགས་ཀྱིས་སྐྱིད་ཤོད་ཕྱོགས་སུ་ཕེབས་པར་ཐུགས་ཡ་ང་བ་རྗེ་བླ་མས་མཚམས་སྦྱོར་གནང་བའི་རྐྱེན་གྱིས་མང་མཁར་མུ་གུ་ལུང་གཉིས་པར་རྣམ་པར་གྲོལ་བའི་དགའ་སྟོན་གྱི་དབུ་ཚུགས་ཏེ་དབྱར་གྱི་དུས་རྗེ་བཙུན་བཀའ་འགྱུར་བ་དཔོན་སློབ་རྒོད་དཀར་བརྒྱུད་གུང་ཐང་དུ་ཞག་ཤས་བཞུགས་ནས་དཔལ་ལྡན་འབྲས་སྤུངས་སུ་ངེད་དང་ངོས་འཕྲད་ལ་ཕེབས་པ་ཆོས་དང་འབྲེལ་བའི་གསུང་གླེང་ཞིབ་མོལ་དང་། སྡེ་པ་བསོད་ནམས་རབ་བརྟན་གྱིས་སྤྱན་རས་ཀྱིས་བཙའ་བ་ནས་ཆོས་འཁོར་དཔལ་གྱི་ལྷ་སར་བསྟན་པའི་བདག་པོ་ཇོ་ཤཱཀ་སོགས་གནས་ཁྱད་པར་ཅན་གྱི་མཇལ་ཀ་གནང་ངོས་ཞང་བདེ་བའི་རྡོ་རྗེའི་ཕོ་བྲང་ཆེན་པོར་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བའི་མཐུན་རྐྱེན་ཕུལ་ནས་རྗེ་བླ་མ་རྣམ་གཉིས་སྟབས་གཅིག་པར་བཞུགས།རྗེ་ཉིད་ཀྱིས་བཀྲ་ཤིས་རྩེ་ཆོས་སྡེར་གསན་པའི་ཆོས་འཕྲོའི་རིམ་པ་མི་དབང་ཆོས་གསུམ་དང་། མཻ་ཏྲི་མཁའ་སྤྱོད་གཉིས་ཀྱི་བྱིན་རླབས། བསྟན་སྲུང་བྱེ་བའི་སྡེ་དཔོན་དཔལ་གུར་གྱི་མགོན་པོ་ལྷ་བརྒྱད། བཅུ་གཉིས་མ། གྲི་གུག་ལྷ་ལྔ་མ། གཤིན་རྗེ་ལྟར་གྲུབ་པ་ལྷ་བཅུ་བདུན་མ་བཞིའི་དབང་། མགོན་པོ་ལྕམ་དྲལ་ལྷ་གསུམ། ལྷ་བརྒྱད་མ། ལྷ་བཅུ་གཉིས་མ་གཉིས་ཀྱི་རྗེས་གནང་ཐུན་མོང་བ། མགོན་པོ་ཁྲོ་ཆུའི་རྗེས་གནང་། ཕྱི་འཁྲིད་རྡོ་རྗེ་བྲག་རྫོང་། ནང་གི་བྲག་རྫོང་སྔགས་རྒོད། གསང་བ་སེམས་ཉིད་རྩལ་འདོན། རྩ་གསུམ་འཁོར་ལོ་ལྔ་ལ་བརྟེན་པའི་གསང་འཁྲིད་རྣམས་(༨༧བ)


GLG009_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཉམས་འཁྲིད་སྨིན་རྒྱས།མགོན་པོད་མེ་འབར་མ། དེར་མ་འདུས་པའི་ཁ་སྐོང་པོ་ཏི། གྱི་ལྗང་གླེགས་བམ། དུད་སོལ་པོ་ཏི། གསང་བ་ལས་ཀྱང་ཆེས་གསང་བ་སྙན་བརྒྱུད་པོ་ཏི་རྣམས་ཀྱི་ལུང་མན་ངག་ཕྱག་ལེན་ངོ་སྤྲོད། མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་མགོན་སྟོབས་འཕྲོག་ནག་པོ་གདོང་བཞི་པའི་ཐུན་མོང་བ་དང་། ལས་བཞིའི་མགོན་པོ། བྲམ་ནག་ཤན་པ་དྲུག་སྐོར་རྣམས་ཀྱི་རྗེས་གནང་། ཚེ་སྒྲུབ་སྲོག་འཁོར་དང་བཅས་པ་དང་གསང་འཁྲིད་ཟབ་མོའི་ཉམས་འཁྲིད། དེ་སྐོར་གྱི་ཡིག་ཆ་དང་སྔར་འཕྲོ་ལུས་པའི་མན་ངག་སྐོར་ཁ་ཤས། ཞལ་གྱི་ལས་མཁན་དམར་པོ་གནོད་སྦྱིན་བེག་ཙེའི་རྗེས་གནང་དང་སྒྲུབ་སྐོར་ཡོངས་རྫོགས། ལྷ་ཆེན་ཊཀྐི་རཱ་ཛའི་འདོད་པ་ལྷའི་རྗེས་གནང་། འཇམ་དཔལ་ནག་པོའི་རྗེས་གནང་ལུང་བཅས། སེང་ལྡེང་ནགས་སྒྲོལ། དཔལ་ལྡན་དམག་ཟོར་མ། གནས་བརྟན་བཅུ་དྲུག །ཁྲོ་མོ་སྨེ་བརྩེགས་རྣམས་ཀྱི་རྗེས་གནང་། དེ་དག་དང་འབྲེལ་བའི་ཡིག་ལུང་། རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་བདུད་རྩི་རིལ་སྒྲུབ། གཏེར་ཁ་འོག་མའི་ཐོད་འཕྲེང་རྩལ་གྱི་ཟླུམ་པོ་བཞི་དབང་། བླ་མ་གསང་འདུས་ཀྱི་སྐོར། ཉང་གི་དྲག་དམར་རྡོ་རྗེ་སྤྱི་བླུགས་ཀྱི་དབང་། བཀའ་བརྒྱད་གསང་བ་ཡོངས་རྫོགས། ཕུར་པ་སྤུ་གྲི། བསྟན་མ་བཅུ་གཉིས་གསུམ་གྱི་དབང་དང་ཆོས་སྐོར་ཡོངས་རྫོགས། རྟ་མགྲིན་ཡང་གསང་ཁྲོས་པའི་དབང་། རྟ་པོད་ཡོངས་རྫོགས། པཎ་ཆེན་སྐུ་མཆེད་ཀྱི་གཏེར་མའི་བླ་མ་བཀའ་བརྒྱད་ཡོངས་རྫོགས་ཀྱི་རྩ་དབང་སྒོས་དབང་ཆོས་སྡེའི་སྐོར། མངའ་རིས་རིགས་འཛིན་ཆེན་པོའི་གཏེར་མ་དྲག་པོ་དབུ་དགུའི་སྐོར་གྱི་ལུང་། འཆར་ཁ་སྤྲིན་ཤུགས་མ་དང་སྒྲོམ་བུ་མ་ཉིས་འདུས། འཇོམས་བྱེད་འབར་བའི་དབང་ཆེན་ཆོས་སྣ་ཐོར་བུ། རྣམ་སྲས་སྤྲིན་གསེབ་མའི་དབང་སྒྲུབ་སྐོར། དྲི་ཟའི་རྒྱལ་པོ་འབར་བ་རྩལ་(༨༨ན)


GLG009_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྲོག་གཏད། གྲུབ་ཆེན་ལྕགས་ཟམ་པའི་ཚེ་དབང་། བྱང་གཏེར་ཚེ་དབང་ལྕགས་སྡོང་མ་ལྡོང་སྟོན་ཆོས་སྐྱོང་བསོད་ནམས་ཀྱི་ཕྱག་བཞེས་མ་སོགས་སྔགས་གསར་རྙིང་གི་ཟབ་ཆོས་མཐའ་ཀླས་པ་གསན། གུར་ཞལ་དམར་པོ་སྐོར་གསུམ་སོགས་ཀྱི་གཏོར་མ་ལ་བརྟེན་པའི་ཕྱག་ལེན་ངོ་སྤྲོད་ཁྱད་ནས་མཆོད་དཔོན་པ་རྫོང་བདའ་གྱིས་གནང་བ་བཞིན་བཏང་བར་ལུགས་སྲོལ་མི་འདྲ་བ་མཐའ་དག་དཔེ་རིས་སུ་གཏན་ལ་ཕབ། ལག་བཟོ་བྱེད་དགོས་རྣམས་ཀྱང་དམར་འཁྲིད་དུ་ངེས་ཤེས་འདྲོངས་པར་བྱུང་། དཔོན་སློབ་ལྷན་དུ་ཡེར་པ་སྤོས་དགར་ཕེབས་ནས་ཁྱབ་བདག་བཀའ་འགྱུར་བར་འཇོམས་བྱེད་ཉི་ཟླ་ནག་པོའི་བཀའ་གཏད་ཕུལ་ནས་རྗེ་བླ་མ་གར་པར་དབྱར་མཇལ་གྱི་ཁྲོམ་དབང་གནང་བ་སོགས་ཀྱི་ཐུགས་བྲེལ་གཅོད་རིང་བཀའ་འགྱུར་བ་དཔོན་སློབ་བྲག་གསེབ་ཀྱི་གནས་གཟིགས་ལ་ཐེགས་པའི་སྣེ་ཤན་སོགས་ཁུར་བཞེས་མཛད། རྗེ་བླ་མས་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་གཙོ་བོར་གྱུར་པའི་དོན་གཉེར་ཅན་མང་བར་ཐེག་པ་ཀུན་གྱི་ཡང་རྩེ་རྫོགས་པ་ཆེན་པོ་ཀློང་གསལ་སྙིང་ཏིག་ཅེས་ཆོས་རྒྱལ་རཏྣ་གླིང་པའི་གཏེར་མའི་དབང་ལུང་། སྤྲུལ་སྐུ་དྲི་མེད་ལྷུན་པོའི་རྫོགས་པ་ཆེན་པོ་དོན་ཏིག་འགྲོ་བ་ཀུན་སྒྲོལ་གྱི་དབང་ལུང་། བླ་མ་ནོར་བུ་རྒྱ་མཚོའི་སྒྲུབ་ཆེན་དང་འབྲེལ་བའི་དབང་ཆེན་དབང་ཕྲན། བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་ཆེན། འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་དབང་བཞི་ལྕགས་སྡིག་ལྕགས་འདྲ་ཡོངས་རྫོགས། འཇམ་དཔལ་རིགས་གསུམ་འདུས་པ་ཁྲོ་ཆུ་དུག་སྡོང་ནག་པོའི་དབང་ལུང་། དམ་ཅན་སྐྱེས་བུའི་སྲོག་དབང་ལས་ཚོགས། འཁྲུག་བྱེད་ལས་ཀྱི་རླུང་དམར་དང་རླུང་(༨༨བ)


GLG009_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ནག །བྲམ་ཟེ་སྡོམ་བཟང་གི་རླུང་འཁོར། སངས་རྒྱས་གླིང་པའི་རྣམ་སྲས་སེར་ཆེན་གྱི་དབང་དང་སྒྲུབ་སྐོར། ཞང་བློན་གྱི་རྒྱུད་སྒྲུབ་ཐབས། ཙ་རི་ཞིང་སྐྱོང་གི་སྲོག་གཏད། གཡུ་ཐོག་སྙིང་ཏིག་དང་བདུད་རྩི་བུམ་པའི་དབང་ལུང་། བྲང་ཏིའི་གདམས་ངག་དངུལ་བྲེའི་དྲང་སྲོང་སེར་སྐྱའི་སྒྲུབ་ལུང་། སྣར་ཐང་བརྒྱ་རྩའི་རྗེས་གནང་ལུང་བཅས། བླ་མ་ཞང་གི་བཀའ་འབུམ་པོད་བཞི་མ་སོགས་ཟབ་ཆོས་མཐའ་ཡས་པ་འབུལ་བར་མཛད།བཀའ་འགྱུར་བ་ཆེན་པོ་འབྲས་སྤུངས་སུ་སྐོར་ཙམ་ཕེབས་ནས་ཡར་ལམ་གུང་ཐང་དུ་དཔོན་སློབ་མཇལ་འཛོམ་ངོས་ཡར་ཀླུངས་སུ་ཐེགས་ཁར་འབུལ་བ་ཞབས་ཏོག་བཟབས་རྒྱས་མཛད། ཟླ་གཅིག་ལ་ཉེ་བར་སྐུ་མཚམས་ཤིན་ཏུ་དམ་པའི་སྒོ་ནས་བྲག་རྫོང་མའི་ལས་རུང་གི་གཞི་བསྙེན་ཞིག་གནང་བར་རྟགས་ཡ་མཚན་ཅན་བྱུང་ཚོད་ནས་ངེད་ཀྱིས་སྐྱེ་བ་སྔོན་མ་ས་ལུགས་ཀྱི་ཡི་དམ་ཆོས་སྐྱོང་གི་སྐོར་ལ་ཉམས་ལེན་དགའ་རབ་བྱས་པ་འདྲ་བག་ཆགས་གཞན་ལས་ཆེ་བ་ཞིག་འདུག་གསུང་། དགུན་གྱི་རང་དགའ་ལྡན་ཕོ་བྲང་དུ་ཕེབས་རྡོ་རྗེ་འཆང་གནས་གསར་བར་གསན་པ་ཕལ་ཆེར་དང་གཞན་ཡང་རྒྱལ་པོ་བཀའ་འབུམ། ཞི་ཁྲོ་དགོངས་པ་རང་གྲོལ་གྱིས་གཙོས་པའི་དབང་འཁྲིད་ལུང་མན་ངག་མཐའ་ཀླས་པ་སྩལ། བྲག་རྫོང་མའི་འཁྲིད་ཀྱི་དུས་དམིགས་ལྟས་བྱུང་བ་རྣམས་སྙན་དབང་དུ་ཕུལ་བས་དྲེགས་པ་རྒྱུད་གསུམ་དབང་དུ་འདུས་པའི་ལྟས་སུ་འདུག་ཅེས་དགྱེས་པར་གྱུར། བྲག་རྫོང་མའི་ཉམས་འཁྲིད་ཀྱིས་སྲུང་བཟློག་བསད་མནན་གྱིས་ས་མ་དྷི་གཞན་དག་ལའང་མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟར་བོགས་ཐོན་ཞིང་། མགོན་པོ་གཉིས་ཀྱི་ནང་འཁྲིད་ཀྱིས་སྔོན་ཆད་ཆོས་(༨༩ན)


GLG009_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་ཟེར་ན་ཁ་གདངས་མཆེ་བ་གཙིགས་པ་ཞིག་ཕྱི་རོལ་ན་ཡོད་རྒྱུའི་འཛིན་རྟོག་གི་ངན་མཚང་རྡིབ་ནས་རྩ་ཁམས་རླུང་གསུམ་ཐམས་ཅད་དྲེགས་པའི་ངོ་བོར་ངེས་ཤིང་དེ་ཡང་གསལ་སྟོང་ཟུང་འཇུག་སེམས་ཉིད་གཅིག་པུའི་ངོ་བོར་ཐག་ཆོད་པའི་ས་སྐྱའི་བླ་ཆེན་ཁོ་ནའི་ཁྱད་པར་གྱི་ཐུགས་ཀྱི་ཆོས་ཟབ་མོ་འདིས་འབྲོག་མིས་ཟུར་བུ་ཆེ་ལ་བསམ་མི་ཁྱབ་ཀྱི་འཁྲིད་གནང་ཚེ་བླ་མ་ཆེན་པོའི་བཀའ་དྲིན་གྱིས་ཨ་པོའི་སེམས་ཕྱོགས་ནོར་དུ་སོང་ཞེས་པའི་ལོ་རྒྱུས་བཞིན་སྔར་རྫོགས་ཆེན་གྱི་སེམས་ངོ་སྤྲད་པ་ཚོ་ལ་རྩལ་ཐོན་པས་སྔགས་གསར་རྙིང་གང་ལའང་དམ་པ་འདིས་དྲིན་གྱིས་བསྐྱངས་པ་ལ་མཐའ་མ་མཆིས་སོ། །མེ་ཕག་གི་བདེ་གཟར་གྱི་སྐབས་ནས་ལྷོ་འབྲུག་གི་དགོན་པ་མཐའ་དག་བཛྲ་མུའི་འདྲེས་སུ་མི་དབང་བསོད་ནམས་རབ་བརྟན་གྱིས་བཀྲ་ཤིས་འབྲུག་རྒྱལ་གྱི་དགོན་པ་སྦྱོར་འཇགས་གནང་སོང་བར་རྗེ་བླ་མ་སྐུ་ཚེ་ཐམས་ཅད་དུ་འདོད་ཆུང་ཆོག་ཤེས་ལ་གོམས་པས་ཐུགས་དམ་སྐོང་སླ་གཤིས་དགྱེས་པར་གྱུར། ས་གླང་ལོ་གུང་ཐང་གཟིམས་ཁང་ཤར་གྱི་འདུ་ཁང་གསར་རྒྱག་དང་བླ་བྲང་ལ་ཞིག་གསོས་ཀྱི་བྱ་བ་ལས་ཀྱི་འཁོར་ལོ་རིམ་བཞིན་གནང་། ཡང་དགོན་སྤྱན་སྔ་བསྙུང་བར་ཡང་ཡང་སྐུ་ཁམས་སྐོར་བར་ཕབས་རྡོ་རྗེ་དྲག་ལྡན་མ་མཉེས་པའི་མཚན་མ་ཐུགས་དམ་ལ་ཤར་བའི་བསླབ་སྟོན་བཞིན་གནས་ཆུང་ནས་སྐུ་ཁོག་འབོད་པར་བཏང་བ་མ་འབྱོར་གོང་ལ་སྤྱན་སྔ་གློ་བུར་དུ་གཤེགས་པའི་ཐུགས་དམ་གསལ་འདེབས་དང་ཕྱག་གཡོག་གྲུལ་ཐུབ་མེད་གཤིས་དགོངས་རྫོགས་ཀྱི་བསླབ་སྟོན་མེ་མཆོད་ཕྱག་བསྟར་མཆོད་འབུལ་སོགས་ནན་ཏན་དུ་གནང་། ཞིག་གསོས་ཀྱི་ས་རིས་རྣམས་གུང་ཐང་དུ་མཆོད་ཁང་སུས་(༨༩བ)


GLG009_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ལ་བབས་འབྲེལ་ཡོད་གཤིས་སྡེ་བ་བསོད་ནམས་རབ་བརྟན་གྱིས་ལྷ་ཁང་དང་སྦྲགས་རྩིས་སྤྲོད་མཛད། མགར་སྟོང་བཙན་ཡུལ་སྲུངས་ཀྱི་གདུང་རབས་ཆད་པས་སོག་རྩ་བཙུགས་པའི་སྟོན་བསྡུ་ལོང་མེད་པར་བདེ་ཆེན་ནས་ཡང་དགོན་ནང་སོའི་ས་རིས་རྣམས་རྩིས་བཞེས་པའི་རྒྱུས་རྟེན་བཞེངས་སོས་ཀྱི་ཐན་སྤྲིན་ལྟར་གྱུར་པར་རྗེ་ཉིད་ནས་ཡོ་བྱད་དགོས་བྱ་ཕྱག་འདོན་དང་དོ་དམ་གནང་ནས་སྤྱན་སྔའི་གསེར་སྐུ་མདའ་གང་པ་ཞིག་བསྐྲུན་ཏེ་ཡང་དགོན་དུ་བཞུགས་སུ་གསོལ་བར་སྐྱིད་ཤོད་སྟོད་སྨད་ཀྱི་གཟུར་གནས་མཐའ་དག་དད་པའི་གསོས་སུ་གྱུར། ཡང་དགོན་པའི་རྟེན་བཞེངས་ཀྱི་ཞར་ལ་ཐུགས་དམ་རྟེན་དུ་ཨོ་རྒྱན་ཆེན་པོ། རྒྱལ་བ་ཙོང་ཁ་པ། རྗེ་ཕ་བོང་ཁ་པ། ཞབས་དྲུང་བླ་མ་རིན་པོ་ཆེ། ཡོལ་མོ་སྤྲུལ་སྐུ། རིན་པོ་ཆེ་ཀུན་དགའ་ཚེ་མཆོག་ཁུ་དབོན། ཟུར་ཆེན་གཞོན་ནུ་དོན་གྲུབ། ངེད་ཀྱི་འདྲ་འབག་རྣམས་ཁྱིད་གང་བ་རེ་བཞེངས་པར་བལ་པོ་གུ་ཎ་དང་ཤི་ན་ཅན་ལ་གླ་ཐོབ་ཡོན་འཕར་སོགས་བཟབས་རྒྱས་སུ་སྩལ།དབྱར་སྟོད་ཡར་ཀླུངས་བཀྲ་ཤིས་རྩེ་ཆོས་སྡེར་ཕ་རྒོད་གནས་གསར་ཆོས་རྗེའི་དྲུང་དུ་ཆིབས་ཁ་བསྒྱུར། ཚད་མ་བཞི་ལྡན་གྱི་ཆོས་རྣམས་བཀའ་གཉན་ཞིང་བཀའ་སྡོད་གཤིན་རྗེ་པུ་ཏྲ་ཁྱབ་བདག་བཀའ་འགྱུར་བས་ཕེབས་བསུར་བཏང་བའི་ལྷོངས་ལྟ་བུས་ལམ་དུ་བཞུགས་པའི་ནུབ་སྔར་མི་གྲགས་ཀྱི་ཁ་བ་བབས་པས་སང་ལ་ལ་ཕྱགས་ཕྱི་རྣམས་མིག་ཕྱིད་གངས་ཞུ་བའི་ཆུ་གློ་བུར་དུ་རྡོལ་ནས་ཕུ་ཆུ་ལ་ཕེབས་མ་ཐུབ་པར་རྔ་འགོར་བཞུགས། སང་ཉིན་ཤར་མར་ཕེབས་རྩིས་བུ་ཚལ་དུ་ཅིས་ཀྱང་འགྲོ་གསུངས་ཕེབས་དེར་གཟིགས་སྣང་གི་རིམ་པ་བྱུང་བ་ཕྱག་བྲིས་སུ་སྩལ་བ་འདི་ལྟ་སྟེ། ངས་སྔོན་(༩༠ན)


GLG009_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་མང་དུ་བསྡད་པ་ཡིན་བསམས་ཙ་ན་ཌཱ་དྲིལ་གྱི་སྒྲ་ཞིག་བྱུང་བའི་ངང་ལ་མདུན་དུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་རིགས་འཛིན་གདུང་སྒྲུབ་ཀྱི་གཙོ་བོ་ལྟ་བུ། གཡས་སུ་པཎ་ཆེན་བི་མཱ་ལ་ཆོས་གོས་ངུར་སྨྲིག་ཅན་པཎ་ཞྭ་ལི་ཁྲིའི་མདོག་ཅན་གསོལ་བ། ཕྱག་གཡས་ན་པོ་ཏི་ཕྲ་རིང་བསྣམས་པ། སློབ་དཔོན་ཆེན་པོའི་གཡོན་ན་མ་གཅིག་ཡེ་ཤེས་མཚོ་རྒྱལ་བུ་མོ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཙམ་དབུ་སྐྲ་གསིལ་མ་རྒྱབ་ཏུ་བཅིངས་པ། ན་བཟའ་དར་དཀར་དམར་མཐིང་གསུམ། སྐུ་རགས་ལིང་སྔོ་སྐྱ་བཅིངས་པ། ཕྱག་ན་སྔོན་པོ་རིལ་རིལ་ཞིག་བསྣམས་པ་མཐོང་བྱུང་བས་གུ་རུ་ཞི་བའི་ཡན་ལག་བཅུ་པ་ཚར་གཅིག་བྱས་ནས་ཛཿཧཱུྃ་བཾ་ཧོཿས་དབང་བཞི་བླངས་པས། གུ་རུའི་ཞལ་ནས། ཛྙཱ་ན་ཀུ་མཱ་མ་ཡེངས་གསོན་མཛོད་ཅིག །ཆོས་དབྱིངས་རྣམ་དག་ཡེ་གྲོལ་གདོད་མའི་ཀློང་། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་ལྡན། །མི་འགྱུར་གཏིང་ཟབ་བརྗོད་བྲལ་ལྷང་ངེ་བ། །དྲི་བྲལ་ཡན་པ་ལྷུན་གྲུབ་ཆོས་ཀྱི་སྐུ། །ཞེས་ངོ་སྤྲད། བི་མཱ་ལས། འཁོར་འདས་ཐམས་ཅད་བྱང་ཆུབ་སེམས་ཀྱི་དཀྱིལ། །གདོད་ནས་དག་པ་སྐུ་གསུམ་ལྷུན་གྱིས་གྲུབ། །དེ་ཉིད་མ་བཅོས་ལྕོག་བཞག་སོ་མའི་ངང་། །ཡེ་གྲོལ་དག་པ་དེ་ཉིད་ཉམས་སུ་ལོང་། །ཞེས་གསུངས། འཚོ་རྒྱལ་གྱིས། ཡང་དག་དོན་ལ་སྐྱེ་འཆི་གཉིས་མེད་ཀྱང་། །གནས་སྐབས་ཤ་ཁྲག་ལུས་འདི་ངེས་པར་འགྱུར། །ཚེ་འདིའི་སྣང་བ་རྨི་ལམ་སྒྱུ་མ་འདྲ། །རང་ངོ་ཤེས་ནས་སྐད་ཅིག་བརྟན་པ་ཐོབ། །ཅེས་གསུངས། དེ་ནས་བདག་ལ་སྐུ་ཞབས་ཆེན་མོའི་ཕེབས་སྒོར་བཀྲ་ཤིས་ཆོས་སྡེའི་བླ་མར་ས་སྐྱའི་ཞལ་ངོ་ནས་བརྒྱུད་པའི་ཆོས་(༩༠བ)


GLG009_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་གྱི་འཕྲོ་རྣམས་ཞུས་གནང་བྱུང་བར་བླ་མ་དེ་ཅི་འདྲ་ཡོད་དམ་ཞེས་སྔར་གུང་ཐང་དུ་ལུང་བསྟན་ཟུར་ཙམ་བྱུང་ནའང་དེ་ཁོ་ན་ལ་ཐུགས་མ་བཀལ་བར་ཞུས་པས་སློབ་དཔོན་ཆེན་པོས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་འདི་རིས་ལོ་ཙཱ་བསླབས་ནས་ཆོས་མང་དུ་བསྒྱུར་བཅུག་ལོ་པཎ་རྣམས་ལ་ཆོས་ཞུས། བཙུན་མོ་དང་བློན་པོའི་དབང་དུ་སོང་ནས་ལོ་པཎ་རྣམས་ལ་དཀའ་བ་སྤྱོད་དགོས་མང་དུ་བྱུང་། ད་ལྟའང་དབང་འཁྲིད་ལུང་སོགས་བྱེད་དགོས་པ་སྔོན་གྱི་ལས་འཕྲོ་སད་པ་ཡིན། སྙིགས་དུས་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པའི་སྒྲོན་མེ་ལྟ་བུའོ། །ཞེས་གསུངས་པའི་ངང་ལ་མི་རས་ལྗང་གུའི་ཨང་རག་གྱོན་པ་རྒྱ་དང་སྨ་ར་དཀར་པོ་བྲང་དུ་སླེབ་པ་རལ་པ་སྤྱི་བོར་བཅིངས་གསེབ་ཏུ་གཙོད་རྭ་གཟེར་བ་ལག་ཏུ་རྐང་དུང་ཁྱེར་བ་ཞིག་གིས་མགོན་པོ་བསོད་ནམས་མཆོག་ལྡན་འདི་སྔོན་ཆོས་རྒྱལ་ཁྲི་སྲོང་གི་ལོ་པཎ་རྣམས་བསམ་ཡས་སུ་གདན་དྲངས་པའི་དུས་ཁ་ཆེའི་པཎ་ཆེན་དྷརྨ་པཱ་ལ་ཡིན། དེ་ནས་རྒྱལ་སྲས་དངུལ་ཆུ་ཆོས་རྫོང་པ་དང་གོང་དཀར་ཆོས་སྡེའི་བླ་མ། གཟིམས་ཁང་ཤར་གྱི་ཁྲི་པ། ཚར་ཆེན་བློ་གསལ་རྒྱ་མཚོ། དེའི་སྐྱེ་བ་ད་ལྟའི་བླ་མ་འདི་ཡིན་པས་ཁྱེད་ཀྱི་རྩར་ངས་ཡོངས་པ་ཡིན་ལ་གཏོར་མ་རེ་མ་ཆག་པར་སྟེར་དགོས་ང་དང་གཞན་མི་འདྲ་བས་ངའི་ཆོས་སྐོར་རྣམས་གང་རུང་རུང་ལ་མ་སྦྱིན་ཞིག་ཟེར་རོ། །ཞེས་པའི་གསུང་གི་གནང་བ་དངོས་སུ་སྩལ་ཞིང་ཨོ་རྒྱན་གྱི་མཁན་པོ་གསང་བ་ཤེས་རབ་ལྟར་པཎྜི་ཏ་དྷརྨཱ་པཱ་ལའང་ཚེའི་རིག་པ་འཛིན་པ་ལ་མངའ་བརྙེས་པས་རྗེ་ཁྲི་སྲོང་ལྡེ་བཙན་གྱི་དུས་བྱོན་ནས་ལོ་ཆེན་གྱི་བར་བཞུགས་པར་མངོན། པཎྜི་ཏ་འདི་རྒྱ་གར་ཤར་ཕྱོགས་པ་ཡིན་ཡང་ཁ་ཆེ་དྷརྨཱ་པཱ་ལ་ཞེས་གྲགས་ཆེ་(༩༡ན)


GLG009_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

བས་འཇིག་རྟེན་གྱི་གྲགས་པ་མི་འགོག་པའི་ཆེད་དུ་དགོངས་པ་འདྲ། དེ་ནས་གཙང་ཆུང་གླིང་ཁར་ཕེབས་རྩིས་ལ་སྲུང་མའི་འཚུབ་ཀྱིས་རླུང་དམར་ཤིན་ཏུ་ཆེ་བ་ལངས་པས་གྲུ་གཏོང་མ་ཐུབ་པར་བློ་མདར་བཞུགས། སང་ཉིན་གཡོ་རུ་ཁྲ་འབྲུག་གི་གཙུག་ལག་ཁང་གི་རྟེན་བརྟེན་པ་རྣམས་མཇལ་བ་མཛད་ཚེ་རྒྱལ་ཁང་གི་སྐུ་ཐོག་མར་ཁ་དོག་དམར་བ་ལ་མཐར་སྨུག་ནག་ཏུ་འགྱུར་བ་ཞིག་ཀུན་གྱིས་གཟིགས། བཀྲ་ཤིས་རྩེ་ཆོས་སྡེར་གཟིམས་ཁལ་འབེབས་ལོང་མེད་པར་སེར་བ་དྲག་པོ་གློ་བུར་དུ་བབས་པའི་ཐིགས་པས་དཔོན་སློབ་མཇལ་འཛོམ་གྱི་དུས་སྒོ་མངས་ཀྱི་སྟེང་དུ་བཞུགས་གདན་འདིང་དགོས་བྱུང་། དེ་དང་དུས་མཚུངས་སུ་གོང་དཀར་འོང་གསེབ་ཏུ་ཆུ་འཐབ་ཀྱི་རྣམ་པས་མི་ཞིག་བསད་པ་དང་། བཀའ་ཆོས་ཚུགས་ནས་རིང་པོར་མ་ལོན་པར་རྗེ་བླ་མ་སྐུ་ལྟེམ་པའི་བང་ཕྱིན་བྱུང་འཕྲལ་བྱང་ངོས་ནས་དཔོན་ཚང་གཞན་ཕན་དབང་པོས་སྔོན་མོ་ཆུ་འདྲེན་གྱི་ཆབ་སྨན་སྦྱར་བ་འཕྲལ་དུ་འབུལ་མི་བཏང་ཞིང་ཁྱབ་བདག་བཀའ་འགྱུར་བ་ཆེན་པོའི་ཐུགས་དམ་བརྟག་པར་ཆོས་སྐྱོང་གི་འཚུབ་ལྷོངས་ཡིན་ཚུལ་ཤར་བར་བརྟེན་མགོན་པོ་ཆེ་ཆུང་ལས་མཁན་གཉིས་དང་བཅས་པར་གྲ་པ་བཅུ་གཉིས་ཀྱིས་ཉིན་གཉིས་ཀྱི་བར་བསྐང་བཤགས་བརྒྱ་ཚར་བསགས། ཆོས་སྡེར་མང་ཇ་སྤོང་དག་གི་སྤྱི་འགྱེད་གནང་། སྣེའུ་སྡོང་རྩེའི་བླ་སྨན་གྱིས་ཕྱག་རྩ་ཞུས་ཤིང་ཕུ་ལུང་དྲུང་འཚོ་བ་རྩ་རིའི་གནས་སྐོར་ནས་འོངས་པའི་འཕྲོད་བསྟེན་ཞུས་པ་སོགས་རྒྱུ་རྐྱེན་འཛོམ་པའི་མཉེལ་བབས་ལྕི་ཡང་སྨན་ཐུན་ལྔ་ཙམ་གྱི་ཐོག་གཞི་མེད་དུ་སོང་བ་ཆབ་གསོག་དཀྱུས་མ་ལ་དེ་འདྲ་དཀའ་ནའང་མ་འོངས་པ་ན་སློབ་མ་དམ་ཉམས་ཤིག་ཡོང་བ་(༩༡བ)


GLG009_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་གི་མཁྱེན་པའི་རྟགས་ཁོ་ནར་སྣང་། བཀའ་ཆོས་ཀྱི་རིམ་པ་མགོན་པོ་ལྷ་བརྒྱད་དང་ལྷ་བཅུ་གཉིས་མའི་རྗེས་གནང་ཐུན་མོང་མ་ཡིན་པ། དུད་སོལ་མའི་རྗེས་གནང་ནན་ཆགས་མར་གྲགས་པ། པུ་ཏྲ། བེར་ནག་ཟངས་གྲི་ཅན། གཅེར་བུ་ཟངས་གྲི་ཅན། རུ་མཚོན་གྱི་ལས་མཁན་བྲན་བདུད་ཐུན་མོང་བ། ཞལ་ལས་སྦྱོར་གྱི་མགོན་པོ་གླང་གདོང་མ། ཕྱག་རྡོར་གོས་སྔོན་ཅན། རྣམ་སྲས་སེར་ཆེན་སྨད་ལུགས། དཀར་བདུད་ལྕམ་དྲལ་རྣམས་ཀྱི་རྗེས་གནང་། རྟ་མགྲིན་ཡང་གསང་ཁྲོས་པའི་རྫོང་ཆུང་ཚེ་དབང་། མཛོད་དབུས་མ་ནས་བྱོན་པའི་ཚེ་དཔག་མེད་དཀར་པོའི་དབང་། དྲག་པོ་དབུ་དགུ་ཡེ་ཤེས་རང་གསལ་གྱི་རྩ་དབང་། རས་ཆུང་ལུགས་ཀྱི་ཚེ་དབང་ལྷ་གཅིག་བུམ་གཅིག །ཚེ་སྒྲུབ་ཞག་བདུན་མ། ཚར་ཆེན་གྱི་བཀའ་འབུམ། སྒོ་རུམ་པ་དང་འཇམ་དབྱངས་མཁྱེན་བརྩེ་གཉིས་ཀྱི་རྣམ་ཐར་གྱི་ལུང་། བླ་མ་དམ་པ་དང་མུས་ཆེན་གྱི་ཀྱེ་རྡོར་མངོན་རྟོགས། དཀྱིལ་ཆོག་བྱ་བྲལ་མ་སོགས་ཟབ་ཆོས་མཐའ་ཡས་པ་དང་། མན་ངག་ཞལ་བཞེས་སྙིང་ནང་གི་ཁྲག་ལྟ་བུ་རྣམས་སྦ་སྲིས་མེད་པར་སྩལ་བའི་ལྗགས་ལུང་ནང་གི་སློབ་དཔོན་དྷརྨཱ་པཱ་ལའི་བརྗོད་བྱ་ཞིག་གི་སྐབས་རྗེ་བཀའ་འགྱུར་བས་སྤྱན་ནམ་མཁར་གཟིགས་ནས་ཞལ་འཛུམ་ཙམ་མཛད་པ་བུ་ཚལ་གྱི་ལུང་བསྟན་དེ་མཁྱེན་པ་ཡིན་ནམ་དགོངས་པའི་ཐུགས་དོགས་ཤར། བྲན་བདུད་ཀྱི་བཀའ་གཏད་སྐབས་འཚུབ་མ་ཁམ་ནག་ཅིག་གིས་དཀྱིལ་ནས་མི་ནག་པོ་རལ་པ་ལྟག་པར་བཅིངས་ཤིང་རེ་བའི་གོས་གྱོན་པ་རྟ་ནག་ཞོན་པ་ཞིག་རྡོ་གཅལ་ནས་གཟིམས་ཆུང་བར་འུར་འུར་ཟེར་ནས་རྟ་མ་བབས་པར་ནང་དུ་བྱུང་བ་བཀའ་ལས། དེ་འདྲ་གསལ་པོ་མཐོང་ཡང་རྙིང་མ་(༩༢ན)


GLG009_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རིས་ལ་ཟོག་གི་ཁག་ཡོང་བས་དགོངས་ཁྲེལ་དོགས་སྙན་འབུལ་ཞུ་མ་ནུས་གསུང་། སྔགས་སྡེབ་སྙིང་གཟེར་ནག་པོ་དང་སྲིད་པའི་གཏེར་ཁྱིམ་གྱི་ལུང་དགོངས་བཞེད་བཞིན་འབུལ་བ་གནང་། ནང་སོ་དགེ་འདུན་རྒྱ་མཚོར་གཏེར་མགོན་ཕྱག་བཞི་པ་དང་སྨན་ལུང་ལྷ་མོའི་དབང་དང་བསྐང་གསོའི་ལུང་སྩལ། ཚུར་ཕེབས་གདོང་དཔོན་རིན་པོ་ཆེས་ད་ལམ་ངེད་རང་ཚར་ལུགས་པ་རྣམས་ཀྱི་གདམས་པ་ཡོད་དགུ་ཐམས་ཅད་ཕུལ་བ་ཡིན་པས་ཆོས་སྐྱོང་རྣམས་ཕྱི་འབྲང་བྱས་མི་ཡོང་ལ་ཆེ། སྔོན་གྱི་བླ་མ་རྣམས་ལའང་དེ་ལྟར་བྱུང་འཕྲོས་འདུག་ཕེབས། སང་ཐེགས་ཁར་བླ་བྲང་དུ་གདན་དྲངས་ཆོས་སྡེའི་རྒྱལ་སྒོ་བར་ཁྱབ་བདག་བཀའ་འགྱུར་བས་སྐྱེལ་མར་བྱོན་ངེད་ཚོས་གཡབ་དབྱུག་ཞུ་དུས་ཆིབས་ཀྱི་ཞལ་ཁ་བསྒྱུར་བ་ཞུ་གསུངས་པ་བཞིན་ལྕང་གསེབ་སྒྲོལ་མཚམས་ལ་ཕེབས་པ་ན་ཐོག་ཁ་ནས་རྗེ་བཙུན་ཉིད་ཀྱིས་གཡབ་དར་དང་ཞབས་འབྲིང་པ་ཚོས་གཟན་གྱིས་གཡབ་མོ་སོགས་ཆོས་སྐྱོང་ཕྱི་འབྲང་མི་ཡོང་བའི་རྟེན་འབྲེལ་བསྒྲིག་པ་གནང་། སྣེའུ་སྡོང་རྩེར་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེ་བློ་བཟང་མཁྱེན་བརྩེའི་དབང་ཕྱུག་ནོར་འཛིན་ཆོས་ཀྱི་རྒྱལ་པོ་ངག་གི་ལྷ་མཇལ་བར་ཕེབས་ཐུགས་འདོགས་བདག་རྐྱེན་ཚད་མེད་སྩལ། བསམ་གཏན་གླིང་ནས་སྣ་མོ་ཤག་གྲུབ་ཆེན་མི་ཕམ་ཀརྨ་སངས་རྒྱས་ཇ་ཞུས་དང་བཅས་ཕྱག་དབང་ལ་འབྱོར། རྩེ་ཚོགས་མཁན་ཆེན་སྐྱོང་བས་ཇ་འདྲེན་ཞུས། གཙང་ཆུང་གླིང་ཁར་སྡེ་པ་བྱིང་པ་མ་ཆེན་གྱིས་གུང་གི་དྲོའི་བསྙེན་བཀུར། རྣམ་སྲས་གླིང་དུ་ཞག་གསུམ་བཞུགས་པར་སྤྱི་སྒེར་སོ་སོ་ནས་ཞབས་ཏོག་དང་སྡེ་པ་མ་ཆེན་གྱིས་གཙང་གི་བདེ་(༩༢བ)


GLG009_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གཟར་དུས་ནོམ་པར་བྱུང་བའི་རྟ་མགྲིན་གྱི་ལི་སྐུ་ཕུལ། ཟན་གཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོའི་རྟེན་ལ་སྙན་དར་དཀར་མེ་ཞལ་ཟས་ཀྱི་མཆོད་འབུལ་རྒྱ་ཆེར་བསྟབ་ཅིང་སྨོན་ལམ་རྣམ་དག་གི་མཚམས་སྦྱོར་དང་སློབ་དཔོན་ཆེན་པོས་གུང་ཐང་ལ་ཁར་བཞག་པའི་ཞབས་རྗེས་ངོ་མཚར་ཅན་དང་། བཻ་རོའི་ཕྱག་བཟོའི་རྟ་མགྲིན་སོགས་ཕོ་བྲང་འོག་ཏུ་ཡོད་པ་རྣམས་ཀྱང་ཞིབ་མཇལ་མཛད། རྟ་མགྲིན་གླིང་དུ་ཚེས་བཅུ་གནང་རྩིས་མཆོད་པ་ཐེངས་གཉིས་སྐྱེལ་བར་ཞབས་འབྲིང་པ་ཞིག་གིས་ཕྱིན་སྐབས་སྒོ་མ་བྱུང་བ་དང་ཕེབས་ཉིན་ཡང་སྦུག་གི་ལྡེ་མིག་ལུས་ནས་སྒུག་པ་གནང་དགོས་བྱུང་བར་ཐུགས་ཚིག་པའི་རྣམ་པས་རྟ་མགྲིན་གྱི་ཞབས་འོག་ལ་ནན་ཆེར་གཟིགས། བཞུགས་མཚེར་དུ་ཕེབས་ནས་རྟ་མགྲིན་གླིང་ན་ཆོས་གཏེར་གྱི་སྐལ་བ་ཞིག་ཡོད་རུང་རྟེན་འབྲེལ་མ་འགྲིག་ཅེས་དྲུང་དུ་འཁོད་པ་རྣམས་ལ་བཀའ་སྩལ། བསམ་ཡས་མདོ་སྡེ་མཆོད་པའི་དེབ་ལ་དང་འགྲིག་སྟེ་ལྕོག་ཏུ་ཕེབས་བསྟན་སྲུང་དྲེགས་པའི་སྡེ་དཔོན་གནོད་སྦྱིན་ཆེན་པོས་སྟག་ལྤགས་ཁར་ཁ་གང་མ་ཞིག་བཏིང་བའི་གདན་བཟོས་དང་གུ་རུ་པདྨའི་བསྟན་པ་ལ་སྔར་བཞིན་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས། སྲུང་འཁོར་དང་མདུད་པ་ལ་རྒྱས་བསྡུས་འཚམ་པ་དགའ། རིགས་འཛིན་པ་རང་གི་བསྟན་པ་འདི་ཡུན་རིང་པོའི་བར་དུ་གནས་པའི་འཕྲིན་ལས་སྡུག་འདྲེས་བྱེད་དོ་ཞེས་དགྱེས་དགྱེས་དང་མཚོན་ཆ་རྣམས་ཀྱང་རྗེ་ཉིད་ཕྱོགས་སུ་ཡེ་མ་འཕངས་པས་ཐའི་ཇིས་གཙོས་པ་ཀུན་ཡ་མཚན་གྱི་གནས་སུ་བྱེད། ཕུ་ལུང་གྱ་ར་བས་ཞག་གཅིག་གིས་ཞབས་ཏོག་ཞུས་ཤིང་བ་ལམ་ཤར་ནུབ་སོགས་སྟོད་སྨད་ཀྱི་སྔགས་པ་(༩༣ན)


GLG009_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བསྡུས་པའི་མཁའ་འགྲོ་བསུ་བཟློག་དང་འབྲེལ་བའི་བརྟན་བཞུགས་ཕུལ། སྟོན་པོ་ཏ་ལར་ཕེབས་ཉིན་པུ་ཏྲའི་འཚུབ་ལྷོངས་ཀྱི་རྣམ་པས་སེར་བ་ཆེན་པོ་གློ་བུར་དུ་བབས། བཀྲ་ཤིས་རྩེར་གསན་པའི་བཀའ་ཆོས་རྣམས་དང་སྔགས་གསར་རྙིང་གི་ཆོས་བཀའ་མང་དུ་ཞུས། དྲག་པོ་དབུ་དགུའི་དབང་གི་ཉིན་མཆོད་དཔོན་པས་གཏོར་མ་ཁུར་ཡོངས་པ་གནམ་སྒོ་ལ་ལྷུང་གྲབས་ཀྱི་རྔུར་ཆེ་བར་བྱུང་། འདི་རེས་དང་དུས་གཞན་དག་ཏུའང་སྔ་འགྱུར་གྱི་ཆོས་སྲུང་བཀའ་གཏད་འདྲའི་ཚེ་སློབ་མ་ཕུར་པ་གཤིན་རྗེ་རྟ་མགྲིན་སོགས་ཐུགས་ལ་གང་འཐད་པ་ཞིག་གི་བསྐྱེད་རིམ་མཛད་པ་ཞུ་ཞེས་བརྡ་སྤྲོད་པ་གནང་དུས་རང་གི་བློ་ལ་གང་འཐད་བསྒོམས་པ་སླར་གཏོར་མ་ལག་ཏུ་གཏོང་པའི་ཚེ་སྔར་གང་བསྒོམས་པ་དེ་ཀའི་མཚན་སྨོས་ཏེ་ཁྱེད་རང་དེར་གསལ་བ་ལ་ཆོས་སྐྱོང་གཏད་བྱུང་དགོངས་པའི་མོས་པ་མཛོད་སོགས་གཞན་སེམས་མཁྱེན་པའི་མངོན་ཤེས་ཐོགས་མེད་མ་གཏོགས་ཕོ་ཚོད་དང་གསང་གཏམ་ཉན་དགོས་པའི་རིས་དེ་འདྲ་ཡེ་མིན། ཕན་བདེ་ལེགས་བཤད་གླིང་པར་སྔ་འགྱུར་གྱི་སྒྲུབ་འཕྲིན་འཛུགས་པའང་བླ་མ་དགེ་དར་བས་གྲ་མི་འགྲིག་པའི་ཐབས་ཁོ་ན་དང་ཁོ་རང་གི་ཁ་ལ་ཉན་པ་ཚོར་ཁྲལ་བཅོས་ལས་ཚུལ་ལྡན་བྱས་གཞན་འདྲ་དང་སྡེ་པའི་སྙན་དུའང་སྤོས་དགའ་སྐུ་སྐྱེས་ཞུ་འབུལ་མངས་པའི་ངེད་ཚོར་བྱེད་གཏད་བྱུང་ཚུལ་རྗེ་བླ་མར་ལྐོག་ཏུ་སྐུར་འདེབས་ཚན་པོ་ཆེ། ཡར་ཀླུངས་བཀྲ་ཤིས་རྩེ་ཆོས་སྡེ་འཇིག་ཏུ་ཉེ་བའི་འཕྲུལ་སོགས་གསང་བའི་རྣམ་ཐར་མང་ཡང་། བཤེས་སྤྲིངས་ལས། མི་ནི་ཨ་མྲའི་འབྲས་བཞིན་མ་སྨིན་ལ། །སྨིན་པ་དང་འདྲ་སྨིན་ལ་མ་སྨིན་འདྲ། །མ་སྨིན་མ་སྨིན་པར་སྣང་སྨིན་ལ་(༩༣བ)


GLG009_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །སྨིན་པར་སྣང་ཞེས་བགྱི་བར་འདྲར་རྟོགས་མཛོད། །ཅེས་པའི་དོན་ཐུགས་ལ་མངའ་བའི་ཚུལ་བསྟན་གྱིས་ཁོང་པ་བསམ་བསམ་པ་རྟ་དང་འགྲོ་ཁར་རྐང་ཐང་གི་རྣམ་པའི་བླ་མ་བྱེད་པར་ཆོས་འཆད་རྒྱུས་ལག་གཏུགས་ནས་སླ་ང་ཚ་དུས་ཀྱི་སྐམ་པའི་ཚུལ་དུ་རྡོ་རྗེ་འཆང་ཕ་བོང་ཁ་པ་ནས་བརྒྱུད་པ་དང་། ནཱ་རོ་མཁའ་སྤྱོད་གུར་ཞལ་སོགས་གནང་བ་སྔར་སྟོབས་འཕྲོག་དབང་པོས་ངའི་ཆོས་བཀའ་སུ་བྱུང་བྱུང་ལ་མ་བྱེད་གསུངས་པའང་འདི་རིས་ལ་དགོངས་གཤིས་སྐུ་ཚེའི་གེགས་སུ་སོང་བའི་འགྱོད་པ་ནི་རྟས་མི་ཟིན་པ་ལྟ་བུར་སྣང་། ལྕགས་སྟག་ནང་དུ་རྡོ་རྗེ་བྲག་ནས་རིགས་འཛིན་སྤྲུལ་པའི་སྐུ་དཔོན་སློབ་བཀའ་ཆོས་གསན་པར་ཕེབས། བྱང་གཏེར། ཚེ་བདག །དགོངས་པ་ཡང་ཟབ། གཟའ་པོད་སོགས་དབང་ལུང་མང་དུ་འབུལ་བ་གནང་། གར་བུ་དགོན་དུ་སྤྲུལ་སྐུ་རིན་པོ་ཆེ། བླ་མ་འཛོམ་པ་སྒང་པ། གཞིས་སུ་གནས་པ་དང་ཕྱོགས་མཐའི་སྔགས་བན་མང་དུ་ཚོགས་པར་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྒྲུབ་ཆེན་ཞག་བཅོ་ལྔ་སྐོར་ལ་རྫོགས་པར་མཛད་པའི་འོག་སྒོ་བདེ་ཆེན་གྱི་སྐོར་དཔོན་སློབ་ཉུང་བསྡུས་དང་། སྟེང་སྒོ་རྣམ་གྲོལ་གྱི་ཆོས་སོགས་དངོས་གཞི་ཚོགས་པ་བྱིངས་ལ་སྩལ་བའི་མཐའ་བརྟེན་སྦྱིན་སྲེག་གི་བར་སྣང་གསལ་བའི་ཕྱག་ལེན་མ་འཕྱུགས་པ། གྲོལ་དབང་ལ་སྟོད་སྨད་ཀྱི་ཁྲོམ་ཆེན་པོར་བཀྲ་ཤིས་ཚེ་དང་སྒྲུབ་རྫས་ཀྱི་དབང་བསྐུར་གནང་། གར་བུ་དགོན་པ་བ་ཚོར་སྒེར་དུ་སྤྱན་རས་གཟིགས་ཀྱི་བྱིན་རླབས། སྨྱུང་གནས་ཀྱི་ཆོ་ག །མ་ཎིའི་བཟླས་ལུང་སོགས་ཀྱི་རེ་བ་བཀང་། ཡང་དགོན་བླ་མ་ཤ་ར་ཧོར་སྐུ་སྐྱེར་ཚལ་ལུགས་བདེ་མགོན་གྱི་དབང་སོགས་ཉེར་མཁོའི་ཆོས་བཀའ་མང་དུ་སྩལ། ལྷོ་བྲག་ནས་སྤྲུལ་སྐུ་(༩༤ན)


GLG009_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་སྤྲུལ་དཀོར་ཆེན་བཤགས་ཏེ་ལྷ་སར་བྱོན་པའི་ལམ་ཞོར་གུང་ཐང་དུ་དཔོན་སློབ་གདན་འཛོམ། ཕར་གསང་བ་སྙིང་པོའི་རྒྱུད་ཀྱི་དབུ་ཚུགས་དང་ཚུར་ཆོས་འབྲེལ་ཙམ་གསན། པོ་ཏ་ལར་ས་འདུལ་གྱི་ཚེ་ལྷ་སར་མཆོད་ཡོན་ཞལ་མཇལ་བར་བྱོན་འདུག་རུང་ཞལ་འཚོ་བ་བཞིན་མེད་པས་འདི་རེས་སྤྲུལ་སྐུ་རང་ལ་ཐིག་ལེ་བཅུ་དྲུག་གི་ལུང་དང་ཐུགས་སྲས་ཟླ་བའི་དགེ་བསྙེན་བསྒྲུབ་པར་འབྲས་སྤུངས་སུ་འབྱོན་པར་རྗེ་བླ་མས་མཚམས་སྦྱོར་གྱི་ཕྱག་བྲིས་གནང་ངོ་། །གནམ་གྱི་ཤེ་མོང་དཔུང་པ་སྲིད་པའི་རྫོང་། །རྫོགས་ལྡན་སླར་བཞིན་ངོམ་པ་གསར་པ་སྒོ། །བརྒྱ་ཕྲག་འབྱེད་ལ་ཡངས་པའི་རྣམ་དཔྱོད་ཀྱིས། །ས་ལ་བློ་གསལ་ཕུར་བུའི་མཆེད་པོར་འགྲན། །རང་རིག་བླ་མར་ངེས་བཙལ་ཟླ་དགུའི་བར། །རང་བཞིན་ལྷུན་གྲུབ་འདུས་མ་བྱས་པའི་ཀློང་། །རང་ལས་མི་གཞན་དོན་གྱི་པདྨ་འབྱུང་། །རང་སྣང་ངོ་བོར་འབྱམས་ཀླས་དངོས་གྲུབ་བརྙེས། །ལྷ་གཅིག་མུ་ཏིག་བཙན་པོའི་སྒྱུ་མའི་འཕྲུལ། །གྲགས་པ་དོན་ལྡན་ཆོས་རྒྱལ་འབྲི་གུང་པའི། །བསྟན་སྲིད་པདྨའི་སྐུད་པ་ལྟར་ཕྲ་བ། །མི་ཟད་རྡོ་རྗེའི་ཟུངས་སུ་དེང་བྱིན་བརླབས། །ཀུན་འདུས་ཞི་ཁྲོའི་བུ་རམ་ལྗོན་ཚལ་དུ། །བདག་རྒྱུད་དུག་ལྔའི་ཐིག་ལེའི་ཡེ་ཤེས་ལྔར། །དབང་ཆུ་ཉི་མས་སྨིན་འབྲས་ཤཱཀྱའི་བརྒྱུད། །གཏན་མདུན་དོན་རྣམས་གྲུབ་དྲིན་གང་གིས་གཞལ། །མགོན་ཁྱོད་གཙུག་རྒྱན་མི་ཉག་བྱང་པ་རྗེའི། །མཆོག་སྤྲུལ་ཟླ་བ་ཚེས་པ་འཁོར་འདས་ཀྱི། །ཡོན་ཏན་བྱེ་བའི་ཆ་རྫོགས་ཉེར་བསྡོགས་སུ། །རྡོ་རྗེའི་སློབ་དཔོན་ཆེན་པོར་དེང་འདིར་གྲུབ། །རྒྱུན་གྱི་དབང་པོའི་མཁན་པོ་ཁྲིམས་ལྡན་གཙོ། །བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་བི་རཱུ་བ། །(༩༤བ)


GLG009_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ལྗོངས་འདིར་གནས་གསར་ཆོས་རྗེར་ཡོངས་གྲགས་ཞབས། །དམ་པའི་གཙུག་ཏོར་རྩེར་འགོད་རྟེན་འབྲེལ་འགྲིག །བླ་མ་ཡི་དམ་ཁྱད་པར་གཉན་མགོན་དེས། །ལུང་བསྟན་བདེན་གཏམ་འགྱུར་མེད་གཏན་ཚིགས་ཀྱིས། །སྙན་བརྒྱུད་ཚད་མ་བཞི་ལྡན་བདུད་རྩིའི་བཅུད། །གང་གི་ཐུགས་གསང་དཔལ་བེར་ཡོངས་སུ་གཏམས། །ཕྱི་འགྱུར་ཆོས་ཟབ་ཀྱིས་གདུངས་གནས་ངན་ལས། །བདེ་འགྲོའི་རྟེན་ལ་དངོས་སུ་ཉམས་མྱོང་བདག །ཟབ་རྒྱས་གདམས་པ་རོ་བརྒྱའི་བཟའ་བ་ལ། །ཅི་དགར་སྤྱོད་འདི་ཨ་ཧོ་བླ་མའི་དྲིན། །ས་དབང་སྒྲ་འཛིན་ལ་བཅུག་ཕྲ་མ་ཡི། །ཆང་མྱོས་གཉིས་འཐུང་རྒོལ་བའི་སྤོབས་བྲལ་ཡང་། །ངག་འཇམ་གཞན་སྣང་འདྲིད་པ་སོར་མོའི་དུག །འཁོར་ལོའི་རི་མོ་ཅན་གྱི་ཞབས་ལ་བསྐུ། །ཐུགས་རྗེ་ཉི་དཀྱིལ་མཁའ་ལ་རྟག་འཆར་ཡང་། །འཕྲིན་ལས་ཆུང་ངུའི་བུ་གར་རབ་འཇུག་པས། །མཆོག་དམན་བར་པ་རྗེས་འཛིན་ཁྱོད་ཉིད་ཀྱི། ཁྱད་པར་མ་ལགས་སངས་རྒྱས་སྤྱི་ཡི་ལུགས། ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་ས་གླང་གི་མཇུག་ཁུ་ལུང་དུ་ཡབ་ཡུམ་གྱི་སྲི་ཞུ་ལ་ཕེབས་པའི་ཐུགས་བྲེལ་ཆོད་འཕྲལ་གུང་ཐང་དུ་ཤར་རྒྱག་ཆིབས་ཁ་བསྐྱོད་ནས་སྟན་ཆགས། དཔོན་སློབ་གཉིས་བྱི་ལོ་ཆོས་ཀྱི་སྐྱེས་འབུལ་རེས་གནང་བའི་འཕྲ་མུས་ཁྱབ་བདག་བཀའ་འགྱུར་བ་ཆེན་པོར་གསན་པར་དུས་ཀྱི་འཁོར་ལོའི་ཐུན་མོང་པའི་ལས་སྒྲུབ་ལྷ་གསུམ་དུ་གྲགས་པའི་ཚེར་མ་ཅན་གྱི་ནང་ཞི་བ་སྣ་ཚོགས་ཡུམ་དཀར་མོ། ཀླུ་དང་ས་བདག་འཇོམས་པ་རྡོ་རྗེ་ཁྱུང་ཁྲ། ཆར་དབབ་གཅོད་བྱེད་པ་རྡོ་རྗེ་ཤུགས། སྨན་བླ་སྤྲུལ་སྐུ། དབང་གི་སྒྲོལ་མ་དམར་མོ། འཇམ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོ། རྣམ་འཇོམས་ལྗང་སྔོན་བ་(༩༥ན)


GLG009_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

རི་ལུགས། ཕྱག་རྡོར་ཨུ་ཙཪྻ། མི་གཡོ་དཀར་སྔོན། སྨེ་བརྩེགས། ཟླ་རྒྱལ་ལུགས་ཀྱི་རྟ་མགྲིན་ལྕགས་རལ་ཅན། རས་ཆུང་ལུགས་ཀྱི་རྟ་མགྲིན། སྤྱན་རས་གཟིགས་གཙོ་འཁོར་གསུམ་པ། ཛམ་སེར་ནག །སེང་གདོང་ནག་མོ། དུར་ཁྲོད་བདག་པོ། གུར་མགོན་གསང་འཁྲིད་ཀྱི་རྗེས་གནང་། བྲན་བདུད་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པ། ཞལ་སྒྲུབ་དུས་ཐུན་མོང་མ་ཡིན་པ། ཁྱུང་ཞལ་ཅན། སྲིན་པོ་རིའི་དཔལ་མགོན་སེང་གེ་ནག་པོ། ལྷ་མོ་རྡོ་རྗེ་རབ་བརྟན་མ་རྣམས་ཀྱི་རྗེས་གནང་། རྣམ་སྲས་དྲག་པོ་བཀའ་ཤིན་ཏུ་གཉན་པ། གསང་སྒྲུབ་ལྗང་སེར་བེ་ཅོན་ཅན། དྲག་བྱེད་རྟ་སྔོན་སྲིན་མོ་བཞིས་བསྐོར། ནང་གསང་ལྟར་སྒྲུབ་པ་ལྷ་དགུ། དྲག་བྱེད་སེང་ཞོན་ཀླུ་བརྒྱད་ཀྱིས་བསྐོར་བ། དྲག་བྱེད་རྐང་ཐང་ལྷ་བརྒྱད། མདུང་དམར་ཅན་ལྷ་བཅུ་གསུམ། ཡང་གསང་དྲག་པོ་སྲིན་པོ་བཞིས་བསྐོར། མཐིང་ཁ་ཞལ་གསུམ་ཕྱག་དྲུག་པ་ལས་མཁན་མདུང་དམར་ཅན་དང་བཅས་པའི་གཙོ་འཁོར་གཉིས། གར་མཁན་མཆོག་ལྗང་གུ་ཞལ་གསུམ་ཕྱག་བཅོ་བརྒྱད་པ་ལྷ་བརྒྱད། གར་མཁན་མཆོག་དམར་སྨུག་ཞལ་གསུམ་ཕྱག་བཅོ་བརྒྱད་པ། དཀར་པོ་སེམས་དཔའི་ལྷ་དགུ། ཡང་གསང་མདུང་དམར་ཅན་ཕྱག་མཚན་བཞི་པ། ཕག་དཀར་ཤེས་རབ་གསལ་བྱེད། རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་བྱིན་རླབས། རྡོ་རྗེ་ནམ་མཁའི་ལྡིང་གསེར་མིག་འཁྱིལ་པ་འབྱུང་པོ་འུར་འདེད་ཀྱི་རྗེས་གནང་། མན་ངག་སྐོར་སྒྲུབ་ཐབས་རྒྱ་མཚོ་ལས་སྐུའི་རྣམ་འགྱུར་དང་སྔགས་མི་འདྲ་བ་བརྒྱ་བཞི་བཅུའི་རྗེས་གནང་དང་རྒྱ་གཞུང་གི་ལུང་། དུས་འཁོར་གྱི་བདག་པོ་ཆེན་པོ་མ་གཏོགས་སྐུ་གསུང་ཐུགས་ཡོངས་རྫོགས། གཤིན་རྗེ་གདོང་(༩༥བ)


GLG009_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག །རྣམ་སྣང་མངོན་བྱང་། མ་ཎི་ཀ་བཛྲ་ལུགས་ཀྱི་རྣམ་འཇོམས་མཐིང་ནག་ལྷ་བཅུ་དགུ། གདུགས་དཀར་ལྷ་བཅུ་བདུན། སྲུང་བ་ལྔ། ལྷ་ང་གཅིག །རིགས་གསུམ་སྤྱི། མི་འཁྲུགས་པ་ལྷ་དགུ། རྡོ་རྗེ་ཕུར་པ་ལྷ་ཁྲ་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་། སྨད་ལས་དྲག་པོ་སྒྲོལ་བའི་རྗེས་གནང་། སྔགས་སྲུང་མའི་སྲོག་གཏད་དང་ཆོས་སྐོར། ཨོ་རྒྱན་བླ་མ་སྐུ་གསུམ་སྒྲུབ་པ། གསར་འགྱུར་མ་ནི་ཀ་ནཱ་ཐས་ཐམས་ཅད་མཁྱེན་པ་མཁྱེན་བརྩེར་གནང་བའི་རྒྱ་གཞུང་དང་དེའི་ལོ་རྒྱུས་འགྲེལ་པ་མཁྱེན་བརྩེའི་ཞབས་ཀྱི་ཞལ་ལུང་། དཀར་བདུད་ཀྱི་སྒྲུབ་སྐོར། ལམ་སྐོར་ཕྱི་མ་བརྒྱད་ཀྱི་ལུང་། ཚར་གསུམ་ཁུག་པའི་བྱིན་རླབས། ཚར་ཆེན་གྱི་ཀྱེ་རྡོར་བསྐྱེད་རིམ། གསུང་ངག་ཁོག་ཕུག་རྗེ་མཁྱེན་བརྩེའི་ཟིན་བྲིས་སོགས་སྨིན་རྒྱས་དང་། ཁྱབ་བདག་བཀའ་འགྱུར་བའི་ཞབས་ཕྱིར་དབོན་མཁྱེན་རབ་རྣམ་རྒྱལ་སོགས་ཁ་ཤས་ལ་སངས་རྒྱས་གླིང་པའི་འཇམ་དཔལ་སྐོར་གསུམ་དང་། དྲག་དམར་དབང་ཕྱུག །དྲེགས་པ་ཉི་ཤུ །གནོད་སྦྱིན་རྟག་མཐའི་སྐོར། སེར་སྲུང་དྲག་པོ་ལྔ་དྲིལ། རཏྣ་གླིང་པའི་རྣམ་སྲས་མདུང་དམར་ཅན། ཛམ་ནག །ལྷ་ཆེན། བླ་མ་ཞང་གི་བཀའ་འབུམ་བཀའ་རྒྱའི་དབང་ལུང་། བཀའ་ཆེམས་བཀའ་ཁོལ་མ་སོགས་སྔགས་གསར་རྙིང་གི་ཆོས་མཐའ་ཀླས་པ་འབུལ་བ་མཛད། དར་རྒྱས་ཆོས་སྡིངས་ནས་མཁས་གྲུབ་ཆེན་པོ་རིགས་འཛིན་འཕྲིན་ལས་ལྷུན་གྲུབ་ལ་རྗེ་བླ་མ་རྣམ་གཉིས་ཆབས་གཅིག་པར་རིགས་འཛིན་རཏྣ་གླིང་པའི་གཏེར་ཆོས་ཀྱི་ཕུར་པ་ཡང་གསང་བླ་མེད། རྟ་ཕག་གསང་སྒྲུབ། ཟབ་ལམ་གསང་འདུས། རྩ་གསུམ་འབྲས་བུའི་དོན་འཁྲིད། ཕྱག་ཚན་ཉི་མའི་སྙིང་པོ། སྐྱེས་རབས་ལུང་གི་ལྡེ་མིག་སོགས་ཟབ་གཏེར་(༩༦ན)


GLG009_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་འཐོར། དག་སྣང་མཛོད་ཁང་དགུ་པ། བྱང་གཏེར་དྲག་པོ་སྤྱན་མང་། ལས་འབྲེལ་རྩལ་གྱི་དྲགས་འདུལ། སྒྲུབ་ཐབས་ཆིག་བརྒྱུད། རིགས་འཛིན་ཡོངས་འདུས་ཀྱི་དབང་ལུང་སྔར་མ་གསན་པའི་འཕྲོས་གང་ཡོད། གུ་རུ་ལྷ་ཁང་གི་ཡང་གཏེར་སྐོར་ཀློང་ཆེན་པའི་ཡིད་བཞིན་མཛོད། ལྷོ་ལས་འཕྲོ་གླིང་པ་ནམ་མཁའ་རྡོ་རྗེའི་སེམས་དཔའི་ཐུགས་སྒྲུབ་ཀྱི་དབང་ལུང་། དྲི་མེད་ཀུན་དགའི་ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག །སྤ་གྲོ་གཏེར་སྟོན་ཚེ་རིང་རྡོ་རྗེའི་རྫོགས་ཆེན་ཅི་ཏིའི་གསལ་བྱེད་ནོར་བུའི་དབང་ལུང་། ཤེས་རབ་མེ་འབར་གྱི་རྫོགས་ཆེན་འཁོར་འདས་རང་གྲོལ། གར་དབང་ལས་འཕྲོ་གླིང་པའི་བླ་སྒྲུབ་ཕྱི་ནང་གསང་གསུམ། རྒྱ་བན་རྡོ་རྗེ་དབང་ཕྱུག་གི་རྟག་ཏུ་ངུའི་བཅུད་ལེན། དམ་པ་དམར་པོའི་བདུད་རྩིའི་བཅུད་ལེན། འཕྲང་འགོ་གཏེར་སྟོན་གྱི་འཆི་མེད་སྐུ་གསུམ་འདུས་པ། ཟླ་བན་གཟི་བརྗིད་འབར་གྱི་སྔགས་སྡེབ་སྙིང་གི་མེ་ལོང་། མང་རོང་གཏེར་སྟོན་གྱི་ཚེ་སྒྲུབ་ཐུགས་ཀྱི་ཡང་སྙིང་། སྣང་རྩེ་སྡེ་པའི་ཚེ་འཁྲིད་ཡང་སྙིང་འདུས་པ་དང་འཇམ་དཔལ་ནག་པོ། སྤོ་བོ་པདྨ་རིགས་འཛིན་གྱི་ནོར་བུ་པདྨའི་འཕྲེང་བའི་གསང་སྒྲུབ། བལ་པོ་བཛྲ་མ་ཏིའི་རིམས་སྲུང་། གུ་རུ་ཁྱུང་ནག་གི་གཤིན་རྗེའི་སྐུ་གསུང་ཐུགས་ཀྱི་ཟ་ཡིག །བོན་པོ་དྲག་རྩལ་གྱི་སེར་སྲུང་། ལྕང་སྨན་དོན་གྲུབ་དར་གྱི་དུག་སྨན་གདམས་པ། གཡུ་ཐོག་སྙིང་ཏིག་གི་སྨན་བླ་མཆེད་གསུམ་ཡེ་ཤེས་ཁྱེའུ་དང་བཅས་པའི་རྗེས་གནང་། དེ་ནས་མི་རིང་བར་གསུང་སྤྲུལ་འབྲི་གུང་ནས་ཚུར་བྱོན་པ་དང་འགྲིག་པར་བླ་མ་ཡང་ཏིག་གི་རྗེས་གནང་སོགས་འགའ་ཞིག་གསན་ཞིང་ཁྱབ་བདག་བླ་མ་རྣམ་གཉིས་ནས་ཁོང་དཔོན་སློབ་གཉིས་ལ་(༩༦བ)


GLG009_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་ཆོས་ཁ་ཤས་འབུལ་བ་མཛད། འདི་ལོ་ནུབ་ཅིག་རྗེ་བླ་མའི་འོད་གསལ་ལ་ཤར་ཚུལ་བཀའ་ལས། ནུབ་མོ་ཞིག་གསེར་ཁང་གླིང་དུ་འདུག་པས་འོག་ཁང་གི་གུང་ན་ཨོ་རྒྱན་ཆེན་པོ་དང་མཁན་པོ་བི་མཱ་ལ་ཡིན་རྒྱུའི་པཎ་ཆེན་གསུམ་ཞལ་ཤར་དུ་གཟིགས། ཁྲི་ཆེན་པོའི་ཐོག་ཏུ་ཞལ་བཞིན་དང་པཎ་ཞུ་རེས་མཐོང་རེས་མུན་པའི་ཀློང་ནས་མི་མཐོང་བ་ཞིག་བཞུགས་འདུག །གཡས་གྲལ་དུ་པཎ་ཆེན་མང་པོའི་གྲལ། གཡོན་དུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཐོག་དྲངས་བཙུན་མོ་མང་པོ་འདུག །བདག་དང་ཟླ་བོ་ངོ་མི་ཤེས་པ་གཉིས་གསུམ་ཞིག་ཁ་ཡར་ཁྱུ་བྱས་གདན་མེད་པར་འདུག །བཞུགས་གྲལ་དེར་ཇ་ཆང་ཞུས་པའི་ཉམས་ཙམ་བྱུང་། དེ་ནས་གྲལ་གྲོལ་བའི་སློབ་དཔོན་གསུམ་བཞུགས་གཡས་ཀྱི་གྲལ་རྐེད་ནས་པཎ་ཆེན་རྒད་བུ་རས་དཀར་པོའི་ཕྱྭ་ར་གསོལ་བ་འཁར་བ་དང་ཀུ་བའི་སྣོད་ཁྱེར་བ་ཞིག་འདུག །རྒྱལ་པོ་དེའི་ལྷོ་ཟུར་གྱི་ལྕོག་དེར་སྒྲོན་མེ་བཅས་ཐེགས་པ་དང་མཉམ་དུ་བདག་ལ་རྩིས་སྤྲད་ནས་དོ་ནུབ་ཁྱོད་ཀྱི་སློབ་དཔོན་འདིའི་ཞབས་ཕྱི་གྱིས་ལ་ནུབ་ལྕོག་ཏུ་བཞུགས། ད་ལྟའང་ཁྱེད་རང་དཔོན་སློབ་ཏུ་འདུག །སློབ་དཔོན་འདི་ཁྲུང་སིང་ལ་དགྱེས་པོ་ཡོད་པས་འདི་ཞུས་སྐུ་རྡབ་མ་བྱུང་བ་གྱིས་གསུངས་ཀུ་བའི་སྣོད་ཆང་གིས་གང་བ་ཞིག་གཏད་བྱུང་། ནུབ་ལྕོག་ཏུ་གདན་དྲངས་པའི་སྒྲོན་མེ་ཡང་འདུག་ཆང་ཞུ་ཞིང་བསྡད་པས་དགྱེས་དགྱེས་མཛད། སྐད་ཆ་མང་པོ་རྒྱ་སྐད་མཛད་བྱུང་ཡང་གོ་མ་བྱུང་ད་ལྟའང་སློབ་དཔོན་དེ་མིག་སྔར་གསལ་པོ་འདུག་པས་བྲིས་པ་ཡིན། དཔྱོད་ཤེས་པ་ནི་མ་བྱུང་། པཎ་ཆེན་འདི་ལ་སློབ་དཔོན་ཐམས་ཅད་གཟིགས་ནས་བཞད་མོ་དང་དགྱེས་དགྱེས་མཛད་ཅིང་གཅེས་(༩༧ན)


GLG009_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲས་ཆེན་པོ་མཛད་ཀྱིན་འདུག་གོ །ཞེས་སློབ་དཔོན་དེའི་སྐུ་གཟུགས་ཕྱག་བྲིས་སུ་བཏབ་པ། ལོ་པཎ་རྒྱལ་བློན་འཛུམ་པའི་གཟིགས་སྣང་དང་པཎྜི་ཏ་བགྲེས་པོ་དེ་ཁྲུང་ལ་དགྱེས་པ་ད་ལྟའང་དཔོན་སློབ་ཏུ་འབྲེལ་ཚུལ་གང་ལ་དཔགས་ཀྱང་རྣལ་འབྱོར་དབང་ཕྱུག་བི་རཱུ་པ་ཡིན་པར་སྣང་། ཞབས་འབྲིང་པོ་དང་ཉེ་སྐོར་གྱི་སྔགས་བན་རྣམས་བསྡུས་པའི་བསུ་བཟློག་དང་འབྲེལ་བའི་བརྟན་བཞུགས་ཕུལ་བར་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་གདན་འདྲེན་གནང་ནས་དཔོན་སློབ་ཞལ་རྒྱས་ཀྱི་རྟེན་འབྲེལ་ལེགས་ཚོགས་སུ་གྱུར། འདི་ལོ་དགུན་སྟོད་ནས་རྗེ་བླ་མ་གདན་དྲངས་པའི་ཟབ་ཆོས་མང་པོ་ཞིག་ཞུ་རྩིས་ལ་འཚུབ་ལྷོངས་ཀྱི་རྣམ་པས་ངེད་རང་བྲོ་འཚལ་བ་དང་མཆོད་དཔོན་པ་ན་བ་ཤེད་མ་གསོས་པ་སོགས་ནས་རིམ་གྱིས་འགྱངས་པ་ཧོར་ཟླ་བཅུ་གཅིག་པར་རིགས་འཛིན་ཡོངས་འདུས་ཀྱི་འཕྲོ་མུས། གུར་ཞལ་རྣམ་སྲས་ཀྱི་རྗེས་གནང་སྔར་མ་ཐོབ་པ་ཕལ་ཆེར། གཞན་ཡང་ཉེར་མཁོའི་རྗེས་གནང་རྣམ་གྲངས་མང་བ་ཞུས་པ་མཐའ་དག་དགྱེས་བཞིན་དུ་སྩལ། མཆོད་དཔོན་དབུ་མཛད་གཉིས་ཀྱིས་འདོད་ཆོས་མང་དུ་ཞུས་པའི་ནུབ་མནལ་ལམ་དུ་མི་ཞིག་ན་རེ། མཆོད་དཔོན་པ་འདི་འབྲོམ་སྟོན་པའི་ཉེ་གནས་སུ་སྐྱེས་སྐབས་ས་བདག་གི་ནད་ཀྱིས་ཟིན་པའི་སྙོགས་སྐྱེ་བ་གཞན་དུའང་བྱུང་ཞིང་ད་ལོ་ན་བའི་གནོད་པའང་དེ་དུས་ཀྱི་ཀླུ་གཉན་དེ་ག་ཡིན་པས་ཟོན་བྱེད་དགོས་འདུག་ཞུས་པར་བརྟེན་སླར་གཏེར་ཁ་འོག་མའི་ནཱ་ག་རཀྴའི་དབང་དང་སྲུང་བ་ཟ་ཡིག་མང་དུ་སྩལ། དེས་མཚོན་སྔགས་རམས་པ་བློ་བཟང་དོན་གྲུབ་ཀྱིས་གསང་བ་སྙིང་པོའི་ཊཱི་ཀའི་རྩི་ཞག་དང་། གཞན་ཡང་དབུ་མཛད་བློ་བཟང་བསྟན་འཛིན། (༩༧བ)


GLG009_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་རམས་པ་ནམ་མཁའ་བཟང་པོ་སོགས་གྲ་ཚང་གི་གྲ་པ་རགས་རིམ་ལ་འདོད་ཆོས་དུས་སྔ་ཕྱི་དུ་མར་མང་དུ་གནང་། ས་སྐྱོང་བསོད་ནམས་རབ་བརྟན་ནས་ལྷོ་འབྲུག་པ་ལ་རྟགས་ཐོན་པའི་ལས་སྦྱོར་མཛད་དགོས་པའི་ཕེབས་སྒོ་བཞིན་མདོ་སྤྱིལ་དུ་སྐུ་མཚམས་ཁོག་ནས་ལགས་ཨ་གུར་དང་ངག་དབང་འཕྲིན་ལས་གཉིས་ཀྱིས་ཞམ་རིང་ཞུས་རླུང་དམར་དང་སྲོག་འཕྱན་པ་ནག་པོའི་འཁོར་ལོ་ཕྱག་ལེན་དུ་བསྟར་བ་ཁྲོ་ཆུ་དུག་སྡོང་ནག་པོའི་སྒོ་ནས་དགུགས་གཞུག་ལྷ་དབྱེ་རླུང་ལྷའི་མཆོད་བསྟོད་བསྐུལ་ཟོར་འཕེན་སོགས་དང་། དགེ་སློང་བྱམས་པ་བློ་བཟང་ཅན་གྲ་ཚང་གི་གྲ་པ་བཞིས་འཁོར་ལོ་སྒྲུབ་པའི་ཕྱག་གཡོག་ཞུས་ཕག་རི་རྣམ་རྒྱལ་དཀར་པོའི་རྫོང་དུ་འཇུགས་པར་གྲ་ཚང་གི་གྲ་པ་སྣང་རྩེ་བ་དང་ལགས་ངག་དབང་འཕྲིན་ལས་གཉིས་ཀྱིས་ཕྱིན། ཐན་རྫས་རྣམས་རྡོས་པོའི་ཕུ་དང་ཀུ་ཀུ་འཕྲང་སོགས་སུ་བསྐྱལ་བས་མི་རིང་བར་རྡོ་གདན་ལྕགས་རིར་དུག་སྦྲུལ་བརྒྱུགས་པ། རྟ་ཁྱུ་ལ་རྟ་ནད། ར་ལུང་གི་དུང་རང་བྱོན་གྱི་གངས་ཞུ་བས་མཚོན་ལྟས་ངན་སྣ་ཚོགས་བྱུང་ཞིང་ཟླ་བ་ལྔ་ཙམ་ནས་ཞབས་དྲུང་འབྲུག་པ་ཆུ་ཚན་དུ་བྱོན་ཐོག་ཆུ་ལ་བསེ་དུག་འདེབས་མཁན་བྱུང་ནས་སྐྲངས་སམ་ཡང་ཟེར། ལ་ལ་སྟེང་གྲིབ་རྒྱབ་བམ་ཟེར་བ་སོགས་ཁ་མི་མཐུན་པའི་ཆུ་ཚན་ཁ་ནས་འདོལ་ལེར་གདན་དྲངས་ཏེ་སྤུ་ནག་ཁར་སྐུ་མཚམས་བསྡམས་སོ་ཞེས་དྲིལ་བསྒྲགས་ནས་ད་ལོ་ཕན་ལོ་ཉེར་དྲུག་གི་བར་ཕྱི་ནང་སུས་ཀྱང་མཐོང་རྒྱུ་མེད་པར་གསང་བའི་རྒྱས་བཏབ་པའི་ཕྱག་རྗེས་ནི་ལྷ་རྗེ་ཟུར་བུ་ཆེ་ཆུང་གིས་ཀྱང་དཀའ་བར་སྣང་བས་གནུབས་བན་སངས་རྒྱས་ཡེ་ཤེས་ཀྱི་མཆེད་ཟླར་འོས་སམ་སྙམ། བླ་མ་ཙ་རི་བ་འབྲུག་པའི་ཕྱག་ཏུ་རྒྱབ་ན་དམར་གསོད་ལས་ཐེ་མི་(༩༨ན)


GLG009_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་ཡང་ཀར་བརྒྱུད་པའི་རིགས་འདི་བོང་བུ་སྣ་ཚུགས་ཀྱི་རྨོངས་དད་ཆེ་བའི་བག་ཆགས་ཤིག་ཡོད་འདུག་པའི་སྐྱོན་ཡིན་ནམ་དམ་སེལ་ལྟ་བུས་ཁོང་པ་རྫོང་དཔོན་བྱེད་སྐབས་ཡིན་པ་མ་འགྱངས་པར་འདས། ལྕགས་སྦྲུལ་བདེ་གཟར་རང་བསྟན་ཆགས་འཇིག་ལ་གྱ་བའི་ཉེན་ཅན་གྱི་སྐུ་རིམ་མཛད་པར་འབྲུ་ཁལ་ལྔ་བརྒྱ་ལས་མ་བྱུང་རུང་ད་ལམ་འབྲུག་པ་གདུང་བརྒྱུད་གཤེགས་པར་དབུས་གླིང་འོད་གསལ་རྩེའི་བོགས་ཁལ་བདུན་བརྒྱ་ཙམ་གྱི་སྦྱོར་འཇགས་བྱུང་། སྒམ་སྨྱོན་སྤྲུལ་སྐུ་ལྷ་སར་ཞབས་སྐོར་ལ་བྱོན་པར་གཞིས་ཀ་ཤར་དུ་གནས་གཡར་ནས་བསྙེན་བཀུར། སྡེ་པས་previous hit བྲག་གསེབ་བླ་མའི་གཞི་རྟེན་ལ་ཡེར next hit་སྤོས་དགའ་བཞེས་པ་ཐོག་མའི་དགོན་པར་སོང་བས་ཐུགས་ལ་མ་བབས་ཀྱང་རྩིས་འབུལ་གནང་། སྔར་ཆོས་རྒྱལ་བྱང་པར་རིགས་འཛིན་རྒོད་ལྡེམ་གྱི་གཏེར་མའི་དུག་དབང་ཚར་གཅིག་གསན་ཡང་ལྕགས་ཡོས་ལོ་སྒམ་སྨྱོན་སྤྲུལ་སྐུ་ཕྱག་རྡོར་ནོར་བུར་འགྲོ་དོན་ཆེད་དུ་ཚར་གསུམ། ཚེ་དབང་བརྒྱ་རྩ། བྱང་གཏེར་གྱི་ཆོས་ཚན་ཁ་ཤས། མ་གཅིག་ལབ་སྒྲོན་གྱི་གཅོད་ལུང་དང་། རྗེ་བཙུན་མི་ལའི་དུས་ཀྱི་རས་པ་བརྒྱད་ཀྱི་ནང་ཚན་གཅིག་གི་སྤྲུལ་པ་ཡིན་ནམ་ཟེར་བའི་གླེང་གཞི་ལ་བརྟེན་སྐབས་སུ་བབས་པར་དགོངས་ཏེ་མི་ལའི་རྣམ་མགུར་སོགས་བཀའ་བརྒྱུད་ཀྱི་ཆོས་དུ་མ་གསན། ཕར་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཏིག་གི་དབང་དང་འཁྲིད་ཡིག་ལ་དཀའ་གནད་ཀྱི་སར་ཞིབ་བཤད་དང་བཅས་པའི་ངོ་སྤྲོད། རས་ཆེན་དཔལ་འབྱོར་བཟང་པོའི་འཕོ་བ་འཇག་ཚུགས་མ་འབུལ་བ་གནང་། གཟིམས་ཁང་ཤར་གྱི་འདུ་ཁང་གི་ལྡེབས་བྲིས་བཅུགས་པའི་སྐྱ་བྲིས་རྣམས་ཕྱག་(༩༨བ)


GLG009_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བསྟར་ཞིང་མཐར་གཙོ་བོ་རྣམས་ཀྱི་སྤྱན་འབྱེད་ཀྱང་མཛད། ཆོས་ཁྲིའི་མགོན་ཁང་དུ་ཕྱག་བཞི་པའི་འབུར་སྐུ་མི་ཚད་ཙམ་བཞེངས་པའི་གཟུངས་བཞུགས་རབ་གནས་གནང་། ཀོང་པོ་རྫོགས་ཆེན་པ་གསུང་སྙན་བླ་མ་ནམ་མཁའ་འཇིགས་མེད་དུ་གྲགས་པས་ལྷ་འབྲས་མོ་གཤོང་གི་གནས་སྒོ་ཕྱེ་ནས་འོད་འབར་ལྷ་རི་རྡོ་རྗེའི་ཕུག་ཏུ་ཐོག་མར་ལུང་བསྟན་གྱིས་དབུ་བརྙེས་ནས་རིགས་འཛིན་སྲོག་སྒྲུབ་ཀྱི་ཟབ་ཆོས་བྱུང་བ་རྣམས་གུང་ཐང་དུ་གདན་དྲངས། ལུང་བསྟན་དུ། བྱང་སེམས་འགྲོ་འདུལ་མཐུ་སྟོབས་བདག༔ ཅེས་སོགས་ཀྱིས་ཆོས་བདག་ཏུ་ངོས་བཟུང་སྟེ་རྩ་དབང་ཚེ་དབང་ཆོས་སྐོར་རགས་རིམ་གྱི་ལུང་། ཤར་དུང་མཛོད་དཀར་པོ་ནས་བྱོན་པའི་རྫོགས་པ་ཆེན་པོ་ཀ་དག་རང་བྱུང་རང་ཤར། དབུས་སྙིང་མཛོད་སྨུག་པོའི་ལྷུན་གྲུབ་དགོངས་པ་ཟང་ཐལ་གྱི་དབང་ལུང་ཉམས་འཁྲིད་ཤིན་ཏུ་རྒྱས་པ། སྤྱོད་པས་བོགས་འབྱིན་པ་ཕག་མོ་ཟབ་རྒྱའི་དབང་ལུང་འཁྲིད། རླུང་འཁྲུལ་འཁོར་དང་བཅས་པ། སངས་རྒྱས་གླིང་པའི་ཐུགས་རྗེ་ཆེན་པོ་ལུགས་གསུམ་གྱི་ནང་ཚན་ཕྱི་རྒྱལ་པོ་ལུགས་ཀྱི་སྐོར་སོགས་ཟབ་ཆོས་མང་དུ་གསན། ཉིན་ཞིག་རྗེ་ཉིད་མ་ཕེབས་པར་རིན་པོ་ཆེ་ཀོང་པོས་གཙོས་པ་རྣམས་ཀྱིས་གུང་ཐང་མཆོད་ཁང་དུ་འཁྲུལ་འཁོར་མཛད་པའི་སྒང་ལ་དབུ་རུ་ཕྱོགས་ཀྱི་བླ་ཆེན་ཞིག་གློ་བུར་དུ་བྱོན་པས་ཁོང་དཔོན་སློབ་འབྲོས་དགོས་པ་དང་རྫོགས་ཆེན་པའི་ཕྱག་ལ་ཨ་རང་བྱོན་གྱི་རི་མོ་ཡོད་པའང་ཞག་གསུམ་གྱི་བར་མགོ་མཇུག་ལྡོག །རིགས་འཛིན་རཏྣ་གླིང་པ་སོགས་གཏེར་ཁ་གསར་རྙིང་གི་ལུང་བསྟན་གྱིས་ཟིན་པ་ཞིག་ཏུ་ཐུགས་ངེས་ཀྱི་ཞག་གསུམ་གྱི་བར་གུང་ཐང་མཆོད་ཁང་རྩེར་གཅོད་དམིགས་མཛད་པས་ངན་རྟགས་དེ་རྣམས་བཟློག་སོང་(༩༩ན)


GLG009_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་རྗེ་བླ་མའི་སྙན་དུ་གསོལ། རིན་པོ་ཆེ་རྫོགས་ཆེན་པར་པདྨ་གླིང་པའི་ཆོས་སྐོར་ཁ་ཤས། རྒྱལ་པོ་བཀའ་འབུམ་ཡོངས་རྫོགས། དྲི་མེད་བཤགས་རྒྱུད། ནཱ་ག་རཀྴ །ཀི་ཀང་ནག་པོ། སྨྱུང་གནས་ཀྱི་ཕྱག་ལེན་སོགས་བཞེད་ཆོས་དུ་མ་འབུལ་བ་མཛད། རིན་པོ་ཆེ་རྫོགས་ཆེན་པའི་མནལ་ལམ་དུ་འབྲུག་པ་ངག་དབང་རྣམ་རྒྱལ་མྱུར་དུ་གཤེགས་པའི་རྟགས་དང་། རྗེ་བླ་མར་ཡང་དེ་མཚུངས་བྱང་པ་དཔོན་སློབ་ཕན་ཚུན་ཞིབ་མོལ་གྱི་གསུང་གླེང་དང་ཐུགས་ཡིད་གཅིག་འདྲེས་སུ་གྱུར། དཔོན་སློབ་གཉིས་ཆབས་ཅིག་པར་རིགས་འཛིན་སྲོག་སྒྲུབ་ཀྱི་འཆི་མེད་ཚེའི་རིལ་སྒྲུབ་མཛད། ཚགས་གུར་དུ་མགྲོན་གཉེར་ཀུན་དགའ་བློ་གྲོས་ཀྱིས་གདན་དྲངས་ཏེ་ཚེ་དབང་ཞུས། གཡོག་རྣམས་ཀྱི་སར་བླ་མ་འདི་འགངས་ཆེན་པོ་ཞིག་འདུག་ཀྱང་སྒྲུབ་པ་བ་ཀུན་བཟང་རྣམ་རྒྱལ་ལ་ཆོས་ཞུས་པ་དེ་བྱབས་ཆེན་པོ་མ་བྱུང་ཟེར། འདི་ནས་བཟུང་ལོ་ལོ་བཞིན་གདན་དྲངས་ནས་བསྙེན་བཀུར་བའི་སྦྱིན་བདག་གི་མཐིལ་དུ་གྱུར། སློབ་དཔོན་ཆེན་པོས་རྒྱ་གར་རྡོ་རྗེ་གདན་ནས་སྤྱན་དྲངས་ཏེ་གཉགས་ཛྙཱ་ན་ཀུ་མཱ་རར་གནང་བ་སྡེ་པ་གཙང་པ་གཉགས་ཀྱི་བརྒྱུད་པ་ཡིན་ཁུལ་གྱིས་ཞལ་ངོ་ན་རིམ་གྱི་སྐུ་སྲུང་ཡིན་པའི་སྙན་པ་གླང་ཕུ་ནས་སོགས་ཀྱིས་བརྗོད་པ་དང་། ལ་ལ་གནུབས་ཀྱི་སྔགས་འཆང་ནག་པོར་རོ་ཟན་གྱི་ཐུགས་དམ་རྟེན་ཡིན་ཟེར་བ་སྟོད་ལིང་དཀར་ལ་སྨད་ལྕགས་ལས་གྲུབ་པའི་མདའ་གང་ཙམ་བདེ་གཟར་གྱི་ལོ་ཆོས་སྡེ་གསར་པའི་རྦབ་ཡོལ་བྱས་པའི་ཆེ་བ་དང་བཅས་མཆོད་ཡོན་ནས་གནང་བའི་གཏན་ཚིགས་རྒྱབ་གནོན་ལེན་པའི་སྟེར་བྱ་ལ་མགྲོན་གཉེར་ཀུན་བློས་རྗེ་བླ་མ་བརྒྱུད་འབྲས་སྤུངས་སུ་བྱུང་བ་ཕུར་གཤོག་ལ་གཟོང་གིས་བརྐོས་པའི་རྒྱལ་སྲས་(༩༩བ)


GLG009_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་གྱི་ཐུགས་དམ་རྟེན་དུ་བཞེངས་ཟེར་བ་སྣང་བས་རྒྱ་གར་རྡོ་རྗེ་གདན་ནས་ཕེབས་པ་སོགས་ནི་དགོངས་པ་ངེས་པར་ཞུ་དགོས་སུ་འདུག །གང་ལྟར་རྒྱབ་གནོན་འགངས་ཆེ་བའི་རིས་ཀྱང་སྡེ་པ་བསོད་ནམས་རབ་བརྟན་གྱི་སྙན་གསེང་གི་ཨུཏྤལ་མ་ཕྱེ་བར་བྱས་ཆོག་གི་མེད་གཤིས་གསུང་གླེང་བྱུང་བར་རྒྱབ་གནོན་གནང་ཆོག་ཕུར་གོག་འདི་འདྲ་ཕྱག་རོ་དགག་པ་ལས་མི་ཡོང་གསུང་བ་ཐུགས་ཀྱང་བདེན་པར་འདུག་པས་ཕྱིར་ཕུལ་བ་ཚག་གུར་དུའང་ལག་རོ་ཞིག་དགོག་གི་ཡོད་ཚོད་ནས་རྗེ་བླ་མའི་ཕྱག་ཏུ་ཕུལ། སེ་དུང་སྐུ་སྐྱེས་ཐང་སྟོང་རྒྱལ་པོའི་ཕྱག་འཕྲེང་ཡིན་ཟེར་བའི་འཕྲེང་རྡོག་གཅིག་དང་ཁམས་ཕྱོགས་སུ་གླང་པོ་ཆེའི་སོ་ལ་སྒྲོ་བཏགས་ནས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་ཚེམས་ཡིན་ཟེར་བ་མང་པོ་ཡོང་གིན་ཡོད་འདུག་པ་དེ་འདྲ་ཞིག་ཀྱང་ཕུལ། གུང་ཐང་མཆོད་ཁང་ཐུབ་ཆེན་གདན་སའི་མཆེད་ཟླར་སོང་བའི་ཕྱི་རྒྱ་ཆེ་ལ་ནང་དུ་མཆོད་པ་དཀོན་གཤིས་ལྟད་མོ་ལ་ཁྲོམ་ཆེ་བ་རེ་ལོ་སྟར་གྱིས་འདུས་ན་དེ་ཐོག་ཏུ་དགེ་བསྐུལ་གྱི་མར་མེའི་རྒྱུན་འཕེལ་བར་དགོངས་པའི་ཚེས་བཅུའི་འཆམས་འཛུགས་པ་གནང་རྩིས་ཀྱིས་ཨོ་རྒྱན་ཡབ་ཡུམ་གསུམ། སང་རྡོར་གཉིས། མཁའ་འགྲོ་སྡེ་ལྔ། གསུང་སྤྲུལ་ཕྱོགས་ཀྱི་གྲི་གིང་སྤྲེའུའི་ཟློས་གར་བཅས་འཛུགས་པ་གནང་། ལོ་རྟིང་མ་ནས་སྡེ་པས་ཕོད་ཀ་བཅུ་ཙམ་གྱི་གནང་སྦྱིན་དང་ཡང་དགོན་ནས་ཞལ་བརྙན་གཡར་བའི་ཚེས་བཅུའི་གར་འཆམས་གུང་ཐང་པའི་གྲ་པ་རྣམས་ཀྱིས་བསླབས་ནས་བརྒྱབ། ཞང་འགྲོ་བའི་མགོན་པོའི་མཆོད་པ་ལ་ཚང་མས་ཁུར་བླངས་དགོས་གྲས་ནས་ས་དགེའི་གྲས་སུ་འོས་ཀྱིས་ལས་པ་ལོ་བཅུ་གསུམ་གྱི་བར་ཙམ་སྒྲིག་པ་གནང་བའི་དེང་སང་ཡང་དགེ་བ་རྒྱུན་(༡༠༠ན)


GLG009_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་སུ་ཡོད། དབྱར་འབྲས་སྤུངས་སུ་ཟླ་བ་གཉིས་ཙམ་སྟན་ཆགས་དུས་འཁོར་དང་སྒྲུབ་ཐབས་རྒྱ་མཚོ་སོགས་ལོ་སྔ་མ་ནམ་དུས་གྲང་གཤིས་ཞུ་མ་ཐུབ་པའི་དབང་ལུང་མན་ངག་ཚོ་དང་དུག་དབང་ཚར་གསུམ། བྱང་གཏེར་གྱི་རྫོགས་པ་ཆེན་པོ་ཀ་དག་ལྷུན་གྲུབ་ཡོངས་སུ་རྫོགས་པ་གནང་བའི་ཉམས་འཁྲིད་གནད་དུ་བསྣུན་དྲགས་པས་རྒྱུན་འདི་ག་སྐྱོང་རྒྱུ་བྱུང་ན་ཡར་སངས་རྒྱས་ལ་རེ་བ་དང་མར་ངན་སོང་ལ་འཇིགས་པ་གཉིས་ཀ་མི་དགོས་པ་འདུག་སྙམ་པའི་བྲོད་ཁ་ཙམ་བྱུང་རུང་། ཆོས་བསོད་མེད་པའི་རིས་འདི་ཡོང་ལ་ཁད་ཚོད་ལ་མི་ཐེ་བའི་དཔེའི་ཉམས་ཀྱིས་རྒྱུན་སྐྱོང་རྒྱུ་མ་བྱུང་། སྔར་མཁའ་འགྲོ་སྙིང་ཏིག་དང་ཀློང་གསལ་སྙིང་ཏིག་ཞུས་པའི་ཕན་ཡོན་གྱིས་ད་ལམ་ངོ་འཕྲོད་པའང་སླ་བ་ཙམ་སྣང་། ཕག་མོ་ཟབ་བརྒྱའི་སྐོར་ཡང་གཞན་ལུས་ཐབས་ལྡན་གཅིག་པུ་མ་གཏོགས་ཉམས་འོག་ཏུ་ཆུད་ངེས་སྩལ། རང་བློ་བརྩོན་གཉིས་ཀ་ཞན་དྲགས་པའི་སྐྱོན་མ་གཏོགས་སངས་རྒྱས་ལག་བཅངས་སུ་གཏོད་པའི་འདྲེན་པ་འདི་ལས་ལྷག་པ་གཞན་ནས་འཚོལ་མི་དགོས་པར་ངེས་པའི་ཕུ་ཐག་ཆོད། དག་སྣང་རིགས་འཛིན་སྲོག་སྒྲུབ་ཀྱི་དབང་ལུང་ཡང་ཚང་བར་སྩལ། ངེད་གོང་གི་ལུང་ལྕི་བའི་ཕོ་བྲང་དུ་འདེགས་པའི་སྔོན་འགྲོར་ཆོས་འཁོར་རྒྱལ་དུ་འགྲོ་རྩིས་ཀྱིས་ལྷ་ས་ནས་ཐོན་པའི་ཉིན་རྗེ་ཉིད་ཚལ་གུང་གི་བླ་མ་རྣམས་ཀྱི་སྡེབས་ལ་བསུ་སྐྱེལ་གནང་བར་ཕེབས། བློ་ཁང་གསར་དུ་གུང་གི་དྲོའི་སར་རྗེ་ཉིད་ཀྱི་གཟིགས་སྣང་དང་རིགས་འཛིན་སྲོག་སྒྲུབ་ཀྱི་ལུང་བསྟན་སྐོར་ལ་བརྟེན་པའི་གསུང་གླེང་ཞིབ་རྒྱས་གནང་། གུང་ཐང་དུ་ནུབ་ཅིག་མནལ་ལམ་ན་བུད་མེད་དར་གྱི་ན་བཟའ་གསལ་བ་ཞིག་གིས་ཁྱེད་རང་ལ་སྟོད་དམར་པོ་འཁྲུངས་(༡༠༠བ)


GLG009_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གཏེར་ནས་སྤྱན་དྲངས་པའི་དུང་དེ་མཚོ་སྨད་མཁན་པོའི་སྐྱེ་བས། སྟེར་བ་འདུག་ཟེར་བ་སང་ཉིན་གླིང་སྟོད་ཆོས་རྗེ་བློ་བཟང་རྒྱ་མཚོས་དམ་པ་དམར་པོའི་གཏེར་མའི་དུང་འདི་བདག་ལ་གནས་བྱང་པས་སྦྱིན་བྱུང་བ་འབུལ་དུ་བཏང་ཡོད་ཚུལ་གྱི་ཞུ་ཤོག་འབྱོར་པ་ནི་དཔོན་སློབ་གཉིས་ཀའི་ཆེ་བར་མངོན། བཀྲ་ཤིས་འབྲུག་རྒྱལ་དུ་ཁྲོམ་གཏོས་ཆེ་བར་ཚེ་དབང་གནང་། དགོན་པ་དེ་གའི་སྲང་ནང་པའི་སྤྱིལ་བུར་རྡོ་རྗེ་གསུམ་མི་འདའ་བའི་བཅད་རྒྱ་ཤིན་ཏུ་དམ་པ་མཛད་པ་གྲོལ་བསྟུན་རྡོ་རྗེ་བྲག་ཏུ་ཕེབས། གཞི་བྱས་ནང་མ་གཤིན་པར་མཐུན་སྦྱོར་པ་ཆེན་པོའི་ཀློང་དུ་རོ་གཅིག་པར་གྱུར་པ་མཆོག་སྤྲུལ་སྐུ་ན་ཕྲ་བ་དང་བཅས་སྔགས་འཆང་ངག་དབང་ཕུན་ཚོགས་ཀྱིས་རྗེ་བླ་མའི་ཕྱག་གཡོག་ཞུས་ནས་སྡེ་ཚན་སོ་སོར་བཞུགས་པའི་བཀའ་དྲིན་མཛད། སྡེ་པ་རྣམ་སྲས་གླིང་པས་གཞིས་ཀར་བསྙེན་བཀུར་ནས་ཀླུངས་བསྐོར་ཏེ་གུ་རུ་ཇོ་ཚེའི་གཏེར་གནས་བོད་ཀྱི་རི་བོ་རྩེ་ལྔའམ་ཟངས་གཡག་བྲག་གི་གནས་མཇལ་གནང་། བྲག་ལ་བཀའ་འགྱུར་གཏེར་དུ་བཞུགས་པ་སོགས་དཀོན་གཉེར་ལ་རྒྱུས་མེད་པའི་གསུང་བཤད་ལ་དད་ནས་རྗེས་སུ་མཇལ་བར་འོངས་། ངེད་ལྷོ་ཁ་ནས་འཁོར་ཏེ་འབྲས་སྤུངས་སུ་སླེབས་བསྟུན་ངོས་ཕྲད་ལ་ཕེབས། ཡར་ལམ་གྲོང་སྨད་དུ་ནང་སོ་ཚེ་དཔལ་བ་རིགས་དྲུག་གནས་འདྲེན་དང་སྡེ་བ་འཕྲིན་ལས་རྒྱ་མཚོའི་མ་ལ་ཚེ་དབང་སྩལ། བདེ་ཆེན་དུ་སྣེའུ་སྡོང་རྩེ་ནས་ཞབས་དྲུང་ལྕམ་ཕབས་པའི་སྣ་(༡༠༡ན)


GLG009_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་ལ་གདན་དྲངས་པ་བཞིན་གེགས་སེལ་སྐུ་རིམ་གྱི་རིམ་པ་མང་དུ་གནང་། ཆུ་འབྲུག་ཟླ་བ་གཉིས་པར་རྒྱ་ནག་ཏུ་འདེགས་གདོང་གི་མི་ཚོགས་ཆེས་པར་བརྟེན་ཧ་ཅང་གི་འགོལ་རྒྱུ་མེད་རུང་རྗེ་བླ་མས་འབྲས་སྤུངས་སུ་རྒྱང་ཙམ་བཞུགས་དེ་དུས་ལྕགས་ཟམ་སྤྲུལ་སྐུ་ཀུན་དགའ་བསོད་ནམས་དབང་ཕྱུག་ཕེབས་པར་མངའ་རིས་རིགས་འཛིན་ཆེན་པོས་འབྲས་གཤོང་ལྷ་རི་རིན་ཅེན་སྙིང་ཕུག་ནས་གདན་དྲངས་པའི་ཚེ་སྒྲུབ་བདུད་རྩི་འཁྱིལ་བའི་སྐོར་དང་། ཨོ་རྒྱན་ཆེན་པོས་རིགས་འཛིན་རྗེ་ལ་དག་སྣང་དུ་སྩལ་བའི་རླུངས་སྦྱོར་ཚེ་སྒྲུབ་གཉིས་གསན་ནས་ངེད་རང་ལ་གནང་བ་ནི་རྒྱ་ནག་ཏུ་ཚེ་ལ་བར་ཆད་མེད་པར་གེགས་མེད་དུ་འཁོར་བའི་རྟེན་འབྲེལ་ལྷུན་གྲུབ་ཏུ་འགྲིག །ཐུགས་དམ་བརྟག་པ་དང་སྤྱན་ལྟས་ཚང་མར་རྒྱ་ནག་ཏུ་འགོར་གཞི་ཆེ་བ་མི་ཡོང་བའི་ཕེབས་སྒོ་བྱུང་བ་ལྟར་དེ་བར་དགོངས་འདུས་སོགས་ཆོས་བཀའ་མང་ཙམ་གསན་དགོས་པའི་སྙན་འདེབས་དང་རྐྱེན་སེལ་གྱི་རྗེས་གནང་འགའ་ཞིག་ཞུས། རྗེ་བླ་མར་བརྟན་བཞུགས་ཀྱི་ཚིགས་བཅད་དང་བཅས་པའི་རྟེན་འབྱུང་བསྒྲིགས། འཕྲལ་ཡུན་གྱི་བསླབ་བྱ་སོགས་གསུང་གླེང་ཞིབ་པར་གནང་། ལམ་གྱི་གེགས་སེལ་ལ་པོ་ཏ་ལའི་ཟིལ་གནོན་ལྕོག་ནས་ཁྲོ་རོལ་རྒྱས་པ་ཞིག་མཛད་རྗེས་ཚལ་གུང་བྱིངས་དང་སྦྲགས་ནས་དགའ་ལྡན་ཕོ་བྲང་དུ་སྐོར་ཙམ་ཕེབས་པའི་ཞག་གཉིས་བཞུགས། ཁྱབ་བདག་གནས་གསར་བ་ཆེན་པོ་ངེད་དང་ཕྲད་པར་ཕེབས་ཞོར་གུང་ཐང་དུ་ཟླ་བ་ཕྱེད་གཉིས་ལྷག་ཙམ་སྟན་ཆགས་པར་བུ་སྟོན་ཐམས་ཅད་མཁྱེན་པའི་གསང་འདུས་མི་བསྐྱོད་པའི་འཁྲིད་ཡིག་ཟ་མ་ཏོག་ལ་འཇམ་དབྱངས་མཁྱེན་བརྩེས་ཁ་འབྱེད་ལྷན་ཐབས་སྦྱར་བའི་རིམ་ལྔའི་དམར་འཁྲིད། པཎ་ཆེན་ཤཱཀྱ་(༡༠༡བ)


GLG009_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་ནས་བརྒྱུད་པའི་བདེ་མཆོག་དཀར་པོའི་ཉམས་འཁྲིད། རྣལ་འབྱོར་དབང་ཕྱུག་གི་ཐུགས་ཀྱི་ཉིང་ཁུ་འདམ་དཔལ་དམར་པོ་ལྷ་ལྔའི་དབང་དང་སྤྲོས་མེད་ཀྱི་ཉམས་འཁྲིད། རྭ་ཆེན་གྱི་སྒྲུབ་དཀྱིལ་ལ་འཇམ་དབྱངས་མཁྱེན་བརྩེའི་ལྷན་ཐབས་སྦྱར་བའི་རྭ་ལུགས་ལྷ་བཅུ་གསུམ་མའི་དབང་། ཡེ་ཤེས་མཁའ་འགྲོའི་ཞལ་ལུང་རྭ་འཁྲིད་མཁའ་འགྲོ་སྙན་བརྒྱུད་ཀྱི་འཁྲིད་རྭ་ཆེན་ཤེས་རབ་རྒྱལ་མཚན་གྱི་དཀར་ཆག་དང་དེར་མ་འདུས་པ་སོགས་རྭ་པོད་ཡོངས་གྲགས་དང་ཤིན་ཏུ་ཟབ་པ་དཔལ་འཛིན་པོད་ཆུང་། མཆོག་སྤྲུལ་ཉི་ཟླ་འོད་ཟེར་གྱིས་ཆུ་བོ་རི་ནས་གདན་དྲངས་པའི་བླ་མ་སྐུ་གསུམ་གྱི་ཉམས་འཁྲིད། གཙུག་ཏོར་དྲི་མེད་ལྷ་ལྔའི་དབང་། བིར་སྲུང་ནང་མ། རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་། ཇོ་བོའི་ཆོས་འབྱུང་བརྒྱ་རྩ། གསར་མ་རྒྱུད་འབུམ་ནས་པོ་ཏི་ཁ་ཤས་རྣམས་ཀྱི་ལྗགས་ལུང་གསན། དཔོན་སློབ་གཉིས་ཀར་དགེ་སློང་བསོད་ནམས་རྒྱ་མཚོས་བསྙེན་བཀུར་གདན་དྲངས་པའི་ཕེབས་ལམ་དུ་ལུག་གུ་ནག་པོ་ཞིག་གཟིགས་པའི་རྐྱེན་གྱིས་ཁྱབ་བདག་བཀའ་འགྱུར་བས་དུག་དབང་ཞིག་ཞུ་དགོས་ཡོད་གསུངས་ལན་དུ་རྗེ་བླ་མས་འདི་འདྲའི་རིགས་ཀྱི་ཤ་ཞིག་དགོས་ཀྱང་མི་རྙེད་པ་འདྲ་གནང་བའི་སང་ཉིན་མེས་སྟོན་ཁྲོ་རྒྱལ་དཔལ་མགོན་གྱིས་གནས་མོ་དུང་དཀར་ལ་སྔགས་རྒྱག་པར་ཕྱིན་སྐབས་ལམ་དུ་ཁང་སང་གི་ལུག་གུ་དེ་འཕགས་འཕགས་འགའ་ཞིག་བྱས་ནས་ཤི་བ་མཐོང་བས་གནས་མོར་བླངས་ཏེ་དཔོན་སློབ་གཉིས་ལ་གནས་ཚུལ་དང་བཅས་ཕུལ་བས་ཕན་ཚུན་གཅིག་གིས་གཅིག་ལ་བདོག་པའི་སྐྱེས་དབུལ་ནས་ལུག་གུའི་ཆེད་དུ་བཟང་སྤྱོད་སྨོན་ལམ་དང་ལྗགས་བསྔོ་གནང་། རྗེ་བཀའ་འགྱུར་བས་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་(༡༠༢ན)


GLG009_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཆོ་ག་དང་རྗེ་བླ་མས་ཞི་ཁྲོའི་བཀོངས་མཛད་ཅིང་ཤ་དེ་ལ་བརྟེན་ནས་བྱང་གཏེར་དུ་དུག་དབང་ཀྱང་འཕྲད་འབུལ་གྱི་བཞེད་པ་བཀང་། གླིང་སྟོད་ཞབས་དྲུང་གི་གསང་ཕུར་གདན་དྲངས་འདུ་ཁང་ཆེན་མོར་དགྲམ་རྒྱའི་རས་ཡོལ་གྱི་རྟེན་གལ་ཆེ་བར་ཕྱག་བྲིས་དང་གཞན་མ་རྣམས་ལ་བསླབ་སྟོན་མཛད། ངེད་རྒྱ་ནག་ནས་མ་འཁོར་བར་སྡེ་པས་ཟིལ་གནོན་ལྕོག་ཏུ་རྗེ་ཉིད་བཞུགས་གདན་འཇགས་པའི་བསྟན་པ་སྤྱི་སྒོས་ཀྱི་སྐུ་རིམ་གང་དགོས་ཀྱི་ཐུགས་དམ་བརྟག་པ་ཞལ་བཀོད་སྐུ་ངོས་ཀྱི་གནང་དགོས་རྣམས་མཐུད་མ་ཤོར་བ་དགོས་པའི་བསླབ་སྟོན་བཞིན་ཕལ་ཆེར་བཞུགས། རིན་པོ་ཆེ་དར་རྒྱས་ཆོས་སྡིངས་པར་བླ་མ་དགོངས་པ་འདུས་པ་པོ་ཏི་དགུའི་དབང་ལུང་། པད་གླིང་པའི་བཀའ་བརྒྱད་ཐུགས་ཀྱི་མེ་ལོང་། ནག་པོ་སྐོར་གསུམ་སོགས་པད་མ་གླིང་པའི་གཏེར་ཆོས་སྔར་མ་བྱུང་བ་མང་དུ་གསན་ཞིང་ཕར་ཆོས་རྒྱལ་བྱང་པའི་གཏེར་གསར་ཀརྨ་གུ་རུ། ལས་འབྲེལ་རྩལ་གྱི་གནོད་སྦྱིན་དམར་ནག །ལྷ་ཆེན་གྱིས་མཚོན་པའི་བཞེད་ཆོས་དུ་མ་སྩལ། གུང་ཐང་དཀར་མེའི་དུས་ཁྲོམ་དབང་དང་ཡར་འབྲོག་བྲག་ལ་བླ་མར་ཞང་གི་བཀའ་འབུམ་བཀའ་རྒྱ་མ་གནང་བར་གུང་ཐང་དུ་རྒྱང་ཙམ་བཞུགས། སླར་པོ་ཏ་ལའི་ཟིལ་གནོན་ལྕོག་ནས་ཁྲོ་བོ་རོལ་བ་དང་སྒྲོལ་མའི་མདོས་སོགས་སྤྱི་སྒོས་ཀྱི་རིམ་གྲོ་མང་དུ་མཛད། རིན་པོ་ཆེ་རྫོགས་ཆེན་པ་གཙོ་བོར་དག་སྣང་ལུང་བསྟན་དུ། ལྟར་སྣང་ཟ་ཟི་བློ་བྲིད་རྗེས་འབྲང་ཞིང་། །མི་ཆེན་འདོད་པའི་རྐྱེན་ཁར་བཏང་སྲིད་ན། །ལྔ་བཅུ་རྩ་དྲུག་ཚེ་ཡི་ཚད་ཉིད་དོ། །ཞེས་ཆོས་སྐོར་རྣམས་འཕྲལ་དུ་སྤེལ་དྲགས་ན་ང་དྲུག་མི་བསྒྲལ་བར་བཤད་པ་དང་འཕྲལ་རྐྱེན་འབྲས་ལྗོངས་སུ་མངའ་བདག་སྟག་(༡༠༢བ)


GLG009_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཤམ་པ་ཕྱོགས་ནས་ཟས་ངན་དྲངས་པའི་སྙུན་ནད་ཆུད་པ་དང་སྤོ་བོ་བདུད་འདུལ་རྡོ་རྗེ་ཟེར་བའི་གཏེར་ཆོས་གང་སླེབས་སུ་བཀྲ་མི་ཤིས་པ་རེ་ཡོང་གི་ཡོད་སྣང་བས་ཁམས་ནས་ཁོང་པའི་སློབ་མ་ཞིག་ཆོས་སྐྱེལ་དུ་བཏང་བ་ལུང་གསན་པའི་སྒང་ལ་པདྨ་དྲ་བ་བཀོད་པའི་ཞིང་དུ་གཤེགས་པར་མཆོད་འབུལ་རྒྱས་པར་མཛད། རིན་པོ་ཆེས་ཞལ་ཆེམས་བཞག་པའི་དོན་བཞིན་འབྲས་མོ་ལྗོངས་སུ་བུམ་གཏེར་སྐྱེལ་བ་དང་ཞུ་དོན་འདྲ་ཡོད་འདུག་པས་མཚམས་སྦྱོར་གྱི་རོགས་རམ་གནང་། བྲག་དཀར་བཀྲ་ཤིས་སྟེང་དུ་བཀའ་འགྱུར་གདན་འདྲེན་དགོས་སྐོར་ལྷོ་ཕྱོགས་ཀྱི་དུས་གཟིངས་དང་བཅས་སྡེ་པའི་དགོངས་པར་མ་བབས་པས་ཕྱག་ཐོག་ཏུ་མ་ཁེལ། ལྷ་བཙུན་མཁའ་འགྲོའི་དབང་ཕྱུག་གིས་ཞལ་ཆེམས་མང་དུ་བཞག་ནས་གཤེགས་སོང་བའི་གནས་ཚུལ་གླ་བ་སྒང་པ་ཡོང་སྐབས་གནང་འདུག །གུང་ཐང་དུ་དཔལ་རི་སྤྲུལ་སྐུ་ལ་རིགས་འཛིན་སྲོག་སྒྲུབ་ཀྱི་བཀའ་སྲུང་གི་དབང་དང་སྔོན་མའི་འཕྲོ་མུས་ཀྱི་ལུང་རྣམས་ཚང་བར་གསན་ཞིང་ཕར་ཡང་ཆོས་བཀའ་ཅི་རིགས་སྩལ། ངེད་ཀྱི་མཚོ་ཁ་ནས་དྷརྨ་ཁཱི་ཡ་ཐའི་ཇི་བོད་ལ་བརྫངས་སྐབས་ཞུ་འཕྲིན་དངུལ་གྱི་རྟེན་དང་བཅས་པའི་བརྟན་བཞུགས་སླར་བཀའ་ཆོས་གསན་དགོས་ཀྱི་ཐོ་སོགས་ཕུལ་བ་ལྟར་བླ་མའི་རྩད་གཅོད་ཀྱི་ཐུགས་རྩིས་མཛད་རུང་། ལོ་ཕྱི་མའི་དཔྱིད་ཀ་ལྷོ་འབྲུག་པས་མོན་བུམ་ཐང་ལ་གསང་དམག་བཏང་བས་མཚོན་ཆུ་དང་ཉའི་དཔེ་བཞིན་དགྲ་གནོན་གླང་ཆེན་སྣ་བསྒྱུར། གའུ་ཆུ་བསྐྱུར་སོགས་ཇུས་རིམ་གནང་དགོས་མངས་པའི་ཐུགས་གཡེང་གིས་རིམ་འགྱངས་སུ་ལུས། སོག་ཡུལ་ནས་རྒྱལ་ཁང་རྩེ་སྤྲུལ་སྐུ་ཡུམ་སྲས་དང་གཉུག་མར་གནས་པའི་ཚ་བ་སྐུ་སྐྱེ་ཅན་བྱང་རིས་པའི་བླ་མ་ཆེ་ཁ་ལ་(༡༠༣ན)


GLG009_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོའི་བཞེད་པ་དང་བསྟུན་པའི་དབང་ཆོས་མང་དུ་གསུངས་ཤིང་བྱིན་རྟེན་གྱི་རིམ་པས་ཐུགས་འདོད་བསྐངས། གསེར་དངུལ་གོས་དར་སོགས་ཀྱི་འབུལ་བ་ཚན་པོ་ཆེ་བསྟབ། གནམ་སའི་དབང་ཕྱུག་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་སྐུ་ཅུང་ཟད་སྲེབ་པར་གདོན་འགྲོལ་གྱི་ཆོ་གས་གཞི་མེད་དུ་དྭངས། ཨ་མདོ་ནས་ཞིང་སྐྱོང་པཎྜི་ཏ་དགེ་ལོགས་ཀྱིས་འོངས་ནས་ཟང་ཟིང་གི་བདོག་པའི་ཕྱག་རྟེན་རིང་དུ་བརྐྱང་ཞིང་འདོད་ཆོས་ཅི་རིས་ཞུས། ཆུ་སྦྲུལ་གསར་ནས་དཔལ་ཕག་མོ་གྲུ་པ་མི་ཕམ་བསོད་ནམས་དབང་ཕྱུག་གྲགས་པ་རྣམ་རྒྱལ་དཔལ་བཟང་མཆོད་ཡོན་དང་མཇལ་འཛོམ་ལ་ཕེབས་པ་བཞུགས་མཚེར་དུ་མཇལ་བར་བྱོན་པས་བཞུགས་ཁྲིའི་སྟེང་ནས་བཞེང་བ་སོགས་བཀུར་བཟོས་བླ་ན་མེད་པ་གནང་། བསྟན་པ་སྤྱི་སྒོས་ཀྱི་སྐུ་རིམ་ཅི་འདྲ་མཛད་ཀྱིན་ཡོད་ཀྱི་དྲི་མོལ་དང་དགྱེས་ཞལལྷུག་པར་བསྟན་མེ་ཏོག་མཆོད་པའི་དུས་འགྲེམ་པའི་གོས་སྐུ་ཧ་ཅང་ཧྲུལ་དྲགས་པར་གསོ་རན་གྱི་གྲུབས་ཡུལ་ལ་དགོངས་པ་ཞུ་བ་མཛད་པས་ས་སྐྱོང་བསོད་ནམས་རབ་བརྟན་གྱིས་སྨན་བླའི་གོས་སྐུ་རྙིང་པ་ལས་ཆུང་ཙམ་ཞིག་གནང་བ་ཞིག་གསོས་པར་སྦྱོར་འཇགས་མཛད། ལྷུན་གྲུབ་ཕོ་བྲང་པར་གདུང་བརྒྱུད་གྲུལ་ཐུབ་མེད་པར་སྐུ་སྐྱེའི་སྒྲིབ་ཤིང་ལ་བརྟེན་སྐབས་མཚོ་སྣ་དགའ་ལྡན་རྩེ་ཕྱོགས་ནས་རྒྱལ་པོའི་ཆད་པ་ཆེན་པོ་ཡོང་བའི་ཐབས་མཁས་ཀྱིས་དྲིལ་བསྒྲགས་ཏེ་མོན་ཕྱོགས་སུ་བསྐྲད་ནས་དགོན་པ་བདག་གིར་བཟུང་བའི་རྙིང་མ་རྒྱུད་འབུམ་རྣམས་གོང་དཀར་དགའ་ལྡན་གསང་སྔགས་གླིང་པའི་སྤྱི་རྫས་དང་དམངས་མ་རྣམས་པོ་ཏ་ལར་དྲངས་ནས་རྗེ་བླ་མས་དབྱེ་གཡང་མཛད་པར་(༡༠༣བ)


GLG009_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྟོན་ཡབ་སྲས་ཀྱི་ཕྱག་དཔེ་འགངས་ཅན་རྣམས་གོང་པའི་ཕལ་ཆེར་འདམ་སྙིགས་ཆ་ཁང་མ་ཤས་ཆེ་བས་དགོངས་འདུས་པོ་ཏི་དགུ་པ་ཞིག་མ་གཏོགས་ཚང་བའི་རིས་དཀོན་པ་འདུག་གསུང་། དྭགས་ཡུལ་ཆབ་ཚན་ལ་ཕེབས་ཐོག་རྒྱལ་སྨད་བླ་མས་ཆོས་འབྲེལ་ཞུ་བ་དང་གཟིམས་གུར་ལ་སྐོར་བ་བརྒྱ་རྩ་སོགས་གཏིང་ནས་མོས་པའི་རྣམ་འགྱུར་བྱས། སླར་པོ་ཏ་ལར་ཕེབས་ནས་ཁྲོ་རོལ་སླང་དགུ་མས་གཙོས་བསྟན་པ་སྤྱི་སྒོས་ཀྱི་སྐུ་རིམ་དུ་མ་གནང་། ནུབ་ཅིག་མནལ་ལམ་དུ་སྡེ་པ་བསོད་ནམས་རབ་བརྟན་ཀླུ་སྦུག་ཏུ་སྐུ་མཚམས་ལ་བཞུགས་པ་ཞིག་བྱུང་བ་ས་བདག་གི་གནོད་པ་ཡོད་པར་དགོངས་ཏེ་ཀླུའི་གཏའ་སྡོམ་དང་དུམ་གཏེར་གྱིས་མཚོན་པའི་བཅོས་ཀ་དུ་མ་མཛད། མི་རིང་བར་འབྲས་སྤུངས་གསེར་ཐོག་གི་ཕྱག་ལས་དུས་སྡེ་པའི་ཞབས་གློ་བུར་དུ་སྐྲངས་པའི་ཉེན་དམིགས་ཆེ་བར་མྱུར་དུ་དྭངས་པ་བཅོས་སྔོན་ཆུག་ནས་གནང་བའི་ཕན་ཡོན་དུ་མཆིས། གཞིས་ཀ་རྩེའི་ཚེས་བཅུའི་འབག་རྣམས་གུང་ཐང་དཀར་མེའི་འཆམས་ལ་དགོས་ཚུལ་ཞུ་བ་མཛད་པ་རྒྱུ་རྐྱེན་ལྷུན་གྲུབ་ཀྱིས་དགྱེས་བཞིན་དུ་གནང་། དཀར་མེ་བསྐུལ་དབང་དང་འབྲོམ་གཞུང་གི་ཚེས་བཅུ་བ་རྣམས་ལ་བླ་མ་ཞི་བའི་དབང་རྒྱས་པ་ཞིག་མཛད། ལོ་སྔ་མ་སད་སྐྱོན་ཆེ་བ་བྱུང་བ་འདི་ལོ་སྡེ་པས་བསླབ་སྟོན་ཕེབས་པ་ལྟར་སད་སྲུང་སྤྲིན་གྱི་གོ་ཆའི་ཕྱག་ལེན་བཞིན་ཐུགས་ཁུར་བཞེས་པས་ལོ་ཏོག་མོད་ལ་འཁྱོལ་བའི་ལེགས་ཚོགས་སུ་གྱུར། ངེད་རྒྱ་ནག་ནས་འཁོར་བའི་སྨིན་དྲུག་ཟླ་བའི་ཚེས་བཅུ་དྲུག་གི་ཉིན་ཐང་སག་དགའ་ལྡན་ཆོས་འཁོར་དུ་རྗེ་ཉིད་བསུ་བར་ཕེབས་པ་དང་གསོལ་བའི་རིང་གསུང་གླེང་གི་(༡༠༤ན)


GLG009_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

རིས་ཞིབ་རྒྱས་དང་། འབྲོམ་སྟོད་དུ་འབྱོར་སྐབས་ཚལ་གུང་པ་བྱིངས་དང་ལྷན་ཅིག་པར་ཡང་ཞབས་ཟུང་འཁོར་ལོའི་རི་མོ་ཕྱོགས་དེར་མངོན་པར་བཀོད། ཟིང་པ་བ་གྲ་པ་བཅོ་ལྔས་གུང་ཐང་དུ་ཞི་ཁྲོ་གཞན་ཕན་འོད་ཀྱི་འཁོར་ལོའི་ཆོ་ག་སྟོང་རྩ་ཞིག་འཛུགས་པ་མཛད། ངེད་ཕྲད་པར་བྱོན་པའི་ཕྱོགས་འདུས་ཀྱི་ཁྲོད་ནས་ཞལ་འདྲིས་ཡོད་པའི་བླ་མ་མང་དག་ཅིག་མཇལ་ཀ་གསུང་ཆོས་ཞུ་བར་འབྱོར་པས་ཐུགས་གཡེང་ཆེ་ཙམ་བྱུང་ཞིང་། ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་འབྲས་སྤུངས་སུ་ཕེབས་པའི་ཕྱིར་ལམ་གུང་ཐང་དུ་ཞུག་ཤས་དཔོན་སློབ་གདན་འཛོམ་ནས་བཀའ་ཆོས་གསན་རེས་ཁ་ཡར་གནང་ངོ་། །མཁན་སློབ་ཆོས་གསུམ་ཞལ་ལུང་མངར་པོའི་རོ། །བྱེ་བ་ཕྲག་བརྒྱ་མྱངས་པས་མ་ཚིམ་པར། །དེང་དུས་བཏུངས་པའི་བག་ཆགས་སླད་མའི་ཚེ། །ཡང་ཡང་སད་པའི་སྐྱེས་རབས་ཕ་མཐའ་རིང་། །རྒྱལ་ཁམས་རླུང་ལ་བསྐུར་ནུས་འཕུང་བྱེད་ལས། །སྡེ་བརྒྱད་རྦ་ཀློང་འཁྲུག་པ་འཁོར་ལོའི་རྩེ། །ལྷོ་འབྲུག་གདུང་བརྒྱུད་བློན་འབངས་མིང་གྲངས་ཅན། །ཕལ་ཆེར་རིང་མིན་མི་རྟག་ལམ་ལ་བཀོད། །སྦས་ཡུལ་ཀུན་རྩེ་འབྲས་མོའི་གཤོང་གླིང་དུ། །ནམ་མཁའི་རྣལ་འབྱོར་བཀོད་སྨྱོན་ཧེ་རུ་ཀར། །བཀའ་བབས་རིགས་འཛིན་སྲོག་སྒྲུབ་ཆོས་བདག་གི །གཙོ་བོར་མགོན་ཁྱོད་མངའ་གསོལ་མེ་ཏོག་གཏོར། །སྔོན་དུས་རང་གཏེར་སྐལ་བར་རྙེད་པའི་དུང་། །བླ་སྨན་ཤཱཀྱ་དབང་ཕྱུག་རྣམ་སྤྲུལ་གྱིས། །སླར་ཡང་དབུལ་བའི་ལུང་བསྟན་མངོན་སུམ་པ། །རྨི་ལམ་ཚུལ་དུ་སྟོན་པའི་རྒྱུ་དེ་ཅི། །རམས་ཚོས་རྒྱས་འདུས་(༡༠༤བ)


GLG009_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

སེང་ཕྲུག་མཛེས་པའི་འཕྲུལ། །གཞན་འདྲིད་མ་ཡིན་ཟབ་གཏེར་གཡུ་རལ་ཅན། །ལེགས་ལྡན་ཐུགས་བཅུད་བདུད་རྩི་རབ་འཁྱིལ་བས། །འགྱུར་མེད་སྲོག་གི་ཀ་བ་དེང་འདིར་ཚུགས། །བདེ་གཤེགས་ཀུན་ཚང་ཆེ་མཆོག་ཧེ་རུ་ཀའི། །བདུན་བརྒྱ་ཉི་ཤུའི་འཁོར་ལོ་རང་སྡེའི་ཚོགས། །ཉེར་ཆུད་བཟློག་བསད་མཚོན་ཆར་བདུད་སྡེ་ལ། །ཕབ་འདི་དྲག་སྔགས་བདག་པོ་གནུབས་ཆེན་བཞིན། །གངས་ཅན་བསྟན་སྲིད་དཔལ་མོའི་སྲོག་གི་ཤིང་། །མི་དབང་གཉན་རྒོད་བྱད་ཀྱི་ཞགས་རྒྱ་ལས། །བཀྲོལ་འདི་མཆིམས་ཕུའི་གནས་སུ་པདྨ་འབྱུང་། །འཇམ་དཔལ་ཀླུ་ཡི་སྲིན་པོའི་རྗེས་སུ་འགྲོ། །ཤིང་རྟ་ཟླ་བ་དང་པོར་དགའ་ལྡན་ཕོ་བྲང་དུ་ཕེབས་ཟླ་བ་གསུམ་ཙམ་གྱི་བར་སྟན་ཆགས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རང་མཚང་རྗེན་པར་སྟོན་པ་འཇམ་དཔལ་གཤིན་རྗེ་གཤེད་དམར་པོའི་སྤྲོས་པ་མེད་བའི་ཟབ་འཁྲིད་རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་གསུང་རྒྱུན་ཐུན་མོང་མ་ཡིན་པ། ཡེ་ཤེས་མཁའ་འགྲོའི་ཞལ་གྱི་དྲོད་རླངས་མ་ཡལ་བ་རྭ་འཁྲིད་མཁའ་འགྲོ་སྙན་བརྒྱུད་ཀྱི་ཉམས་འཁྲིད། རྭ་པོད། བླ་མ་དགོངས་འདུས་པོ་ཏི་དགུ། རིགས་འཛིན་རཏྣ་གླིང་པའི་གཏེར་ཁ་སོགས་ཟབ་ཆོས་མང་དུ་ཞུས། སྐྲངས་འབུར་གྱི་གློ་བུར་དུ་ཞབས་བསྙུན་ནས་འཕྲོད་བསྟེན་ལ་གུང་ཐང་དུ་ཕེབས་པའི་ཚེ་ཞང་འགྲོ་བའི་མགོན་པོ་ཞལ་གཟིགས་བཀའ་རྒྱའི་དབང་གི་དུས་ངར་སྦུག་གི་ཀླུ་མོའི་གཏོར་མ་ཆད་པས་ལན་ཀླུ་གཏོར་བཏང་ན་ལེགས་གསུང་བ་བཞིན་མཛད་པས་གསོས་སྨན་གྱི་འཕྲོད་བསྟེན་ལས་ངོ་གསོ་ཆེ་བ་བྱུང་། ངེད་བཅད་རྒྱ་དམ་པོ་ཞིག་ཡོད་པའི་ཁོག་ནས་ཞབས་པད་བརྟན་པའི་རྟེན་(༡༠༥ན)


GLG009_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་སྨོན་ལམ་ཚིགས་བཅད་དང་བཅས་པ་ཕུལ། སྒགས་སྔགས་ལྕོག་གཉིས་ནང་མ་འཆམ་པར་དགེ་སློང་ཡིད་བཞིན་ཟེར་བས་གུང་ཐང་དུ་འོངས་ནས་སྡེ་པར་སྙན་འབུལ་གྱི་སྣེ་སྦྱོར་ཞུས་པར་ཕན་ཚུན་གཉིས་ཀར་དགེ་བཤད་སྡིག་གྲོལ་གྱིས་དབྱེན་བཟླུམས་ནས་བཛྲ་མུ་ལས་རྣམ་པར་གྲོལ་བའི་ཀར་བསྟན་ལ་ཕན་པ་གནང་བ་ནི་སྔགས་རྙིང་མ་བའི་ཕྱག་ལེན་གྱི་གསོས་སུ་གྱུར། བདུན་གསུམ་གྱི་བར་བསྙེན་སྒྲུབ་ཀྱི་སྐུ་མཚམས་ཤིན་ཏུ་དམ་པ་གནང་། ནུབ་གཅིག་མནལ་ལམ་དུ་མི་དཀར་པོ་ཨཱ་ཙཪྻའི་རྣམ་པ་ཅན་ཞིག་གིས་ལམ་སྣ་བྱས་ཏེ་ནུབ་ཕྱོགས་སུ་ཞལ་བསྟན་རི་མཐོན་པོ་ཞིག་ལ་འཛེགས་ནས་ཐེགས་པས་འཕང་རིང་པོ་བརྒྱུད་པའི་མཐར་གནམ་སྒོ་འདུག་པ་ཕྱེ་ནས་ནང་དུ་བྱོན། རི་ཁྲོད་ཁ་ལྷོ་སྨད་དུ་བལྟ་བ་ཕྱི་ནས་ཆོམ་རྐུན་སོགས་ཀྱི་འཇིགས་པ་མེད་པའི་ཤིན་ཏུ་བཙན་པ་ནང་ཡངས་ཤིང་རྩི་ཤིང་ནགས་ཚལ་མེ་ཏོག་འབྲས་བུ་ཅན་སོགས་བདེ་བ་ཅན་གྱི་ཞིང་བཀོད་ལྟ་བུའི་ཤིན་ཏུ་སྤྲོ་བ་ཁང་པ་རྣམས་ཀྱང་རྒྱ་ཁང་འདྲ་རུང་བའི་གསེར་ཐོག་གཡུ་ཐོག་ཡོད་པ། སྣང་བར་བནྡེ་དང་སྐྱེ་བོ་རྣལ་འབྱོར་པ་སོགས་རི་ཁྲོད་པ་ཡིན་ཁུལ་དེ་རྣམས་སྔར་ནས་ཐུགས་འདྲིས་ཡོད་རྒྱུ་བ་ལ་འཕྲལ་དུ་འདི་ཡིན་རང་གི་ངེས་འཛིན་མི་ཐུབ་པ་ཞིག་འདུག་པར་ཐུགས་དགོངས་ལ་གནས་འདི་འདྲ་ལས་སྐྱིད་པ་ང་མི་རྙེད་པས་ཚེ་མཚམས་བྱེད་དགོས་དགོངས་ཐུགས་ཐག་བཅད་པའི་ངང་ལ་མནལ་སད་བྱུང་གསུང་བ་དེ་ནས་ལོ་གསུམ་ཙམ་གྱི་ཐོག་སྐུའི་བཀོད་པ་བསྡུས་ནས་པདྨ་འོད་ཀྱི་ཞིང་ཁམས་སུ་རེ་ཞིག་གི་བར་བཞུགས་པའི་རྟགས་སུ་མངོན། དར་རྒྱས་ཆོས་སྡིངས་ནས་རིགས་འཛིན་ཆེན་པོ་འཕྲིན་ལས་ལྷུན་གྲུབ་ཀྱིས་བཀའ་བརྒྱད་བདེར་གཤེགས་འདུས་པ་ཡོངས་རྫོགས་ཀྱི་ལུང་རྒྱུན་དམ་ཉམས་འདྲེས་ཁྱེར་གྱི་བསླད་(༡༠༥བ)


GLG009_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཞུགས་པའི་ཁུངས་བཙུན་པ་ཨེ་ནས་རིགས་འཛིན་ཆོས་དབང་ཀུན་བཟང་ལ་གསན་ཏེ་གུང་ཐང་དུ་ཕེབས་ཟླ་ཤས་བཞུགས་པར་བཀའ་བརྒྱད་བདེ་འདུས། འཇམ་དཔལ་རྫོགས་ཆེན་སོགས་མཐའ་ཡས་པ་གསན། རིན་པོ་ཆེ་ཆོས་སྡིངས་པ་དང་གྲུབ་ཆེན་ཀརྨ་གསང་སྔགས་གཉིས་ལ་རིགས་འཛིན་སྲོག་སྒྲུབ་ཀྱི་དབང་ལུང་གསན་ཞིང་གྲུབ་ཆེན་གསང་སྔགས་པར་རྫོགས་པ་ཆེན་པོ་སངས་རྒྱས་མཉམ་སྦྱོར་གྱི་ལུང་སོགས་ཆོས་བཀའ་ཅི་རིས་གསན། གར་པར་དབྱར་མཇལ་ལ་ཕེབས་པའི་ནུབ་འོད་གསལ་དུ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་བླ་མ་བླ་གོས་ཐར་སོང་བཞེས་པའི་དབུ་དཀར་བ་ཞིག་ལ་མི་མང་པོས་གུས་འདུད་བྱེད་འདུག་པ་སུ་ཡིན་དྲི་བ་གནང་བར་བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་བྱ་འཆད་ཀ་བ་ཡིན་ཟེར། དེས་རྗེ་ཉིད་ལ་ཕྱག་མཛད་པ་བྱུང་བ་སང་ཉིན་གསང་ཕུ་རྣམ་རྒྱལ་གསེར་བཀང་པའི་དྲུང་ཆེན་དཀོན་ཅོག་དཔལ་འབྱོར་གུང་ཐང་དུ་བྱོན་བྱུང་བ་དཔོན་སློབ་གཉིས་ཐུགས་ནང་དག་ཅིང་ཆོས་བཀའ་གསན་རེས་མཛད། འཇམ་དབྱངས་བླ་མ་དཀོན་ཅོག་ཆོས་འཕེལ་དག་ཞིང་དུ་གཤེགས་རྗེས་དྲུང་ཆེན་འདི་ལས་མཁས་བཙུན་བཟང་བ་ཞིག་གསང་སྣེའུ་ཐོག་ཕྱོགས་སུ་མ་བྱུང་བར་མ་ཟད་ཁྱད་པར་རྫོགས་པ་ཆེན་པོ་དང་གསུང་ངག་ལམ་འབྲས་གཉིས་ཀ་ལ་ཕུལ་དུ་ཕྱིན་ཞིང་བྱང་ཆུབ་ཀྱི་སེམས་ལ་མངའ་འབྱོར་བས་འཆད་ཀ་བ་ཡེ་ཤེས་རྡོ་རྗེའི་རྣམ་སྤྲུལ་དུ་ཐེ་མི་ཚོམ་པར་གནང་། ངེད་གཙང་ནས་འཁོར་བ་དང་བསྟུན་ཞག་ཤས་རྗེ་ཉིད་འབྲས་སྤུངས་སུ་བཞུགས་པའི་གཞིས་ཀ་ཤར་ལགས་ཨ་གུར་གྱི་ཞིང་བཀོད་ཁ་ཡར་བྲིས་པའི་ཞལ་བཀོད་དང་ཤོག་དཔེ་གནང་། བྱང་པ་རིགས་འཛིན་ཆེན་པོའི་རྣམ་ཐར་འབྲི་དགོས་ཚུལ་ཕེབས་པ་བཞིན་ཉེར་བསྡོགས་བྱས། ཟླ་བ་བཅུ་གཅིག་པའི་ནང་དུ་རྗེ་བླ་མ་འབྲས་སྤུངས་སུ་གདན་དྲངས་དགོངས་འདུས་ཀྱི་དབང་ཆེན་དབང་ཕྲན་གྱིས་གཙོས་པའི་ཆོས་བཀའ་མང་དུ་(༡༠༦ན)


GLG009_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས། ལྷོ་བྲག་སྨྲ་བོ་ལྕོག་ནས་མངའ་བདག་བསྟན་འཛིན་ཆོས་དབང་ལ་སྲིད་པའི་གཏེར་ཁྱིམ་གྱི་ལྗགས་ལུང་སྩལ་ཞིང་ཕར་ཡང་ཆོས་འབྲེལ་གསན། ཟླ་བ་བཅུ་གཉིས་པའི་ནང་དུ་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་སྐུ་གཤེགས་པའི་ལོ་གཅིག་གི་བར་གདུང་ནང་བཞུགས་བྱེད་པར་ཤར་བ་ར་མོ་ཆེའི་གཙུག་ལག་ཁང་ཀླུའི་རྒྱལ་པོའི་ཕོ་བྲང་གི་སྟེང་དུ་ཡོད་པ་ཕྱོགས་དེ་ཀླུ་ས་ཆེ་གཤིས་ཞལ་ངོ་ཕྱི་མ་རྣམས་ལ་སྐྱོན་མི་འཇུག་པའི་སླད་དུ་ཕྱོགས་བཞིར་འཁོར་ལོ་སྦྱོར་བ་སོགས་གེགས་སེལ་གྱི་བཅོས་ཐབས་མང་དུ་གནང་། ལོ་སྔ་མ་མཆོད་ཡོན་རྩེར་རྒྱས་གཞིས་ཀ་རིན་སྤུངས་སུ་བྱོན་དུས་བླ་མ་བོན་ལུང་པ་གར་དབང་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཇལ་ཀ་མ་ཞུས་པར་རྫོང་དཔོན་དྭགས་པོ་བཀྲ་ཤིས་ཀྱིས་གཙང་པོ་ལྷོ་ཁའི་བསོད་སྙོམས་བཀག་པ་སོགས་དྲག་ཤུལ་གྱི་ཆོ་ག་ཅི་རིས་བྱུང་བར་ཤིང་ལུག་ཁོང་པ་གུང་ཐང་དུ་རྗེ་བླ་མ་མ་འདྲིས་པའི་མཛའ་བཤེས་ཆེན་པོའི་དྲུང་དུ་བྱོན། གོང་ར་ལོ་ཆེན་གྱིས་ཆོས་ལོག་ཏུ་ངོས་འཛིན་པའི་ཀརྨ་གུ་རུ་རྣམ་དག་ཏུ་སོང་ནས་སྲོག་གཏད་དང་ལུང་རྫོགས་པར་ཞུས། དོན་གྱི་གཙོ་བོ་ས་སྐྱོང་བསོད་ནམས་རབ་བརྟན་གྱི་ཕྱག་འབུལ་གྲུབ་པའི་སྣེ་སྦྱོར་གནང་། ཕག་མོ་བཀའ་བརྒྱུད་ཆོས་སྡིངས་པའི་སྐུ་སྐྱེས་གཙོས་ཕྱོགས་འདུས་མང་བར་འདོད་ཆོས་ཀྱིས་རེ་བ་བཀང་། ནུབ་གཅིག་མནལ་ལམ་དུ་འབྲི་གུང་ནས་གདན་འདྲེན་ལ་འོངས་ཟེར་བའི་བུ་མོ་འགའ་ཞིག་བྱུང་བ་མི་ལེགས་པར་དགོངས་ཏེ་དེ་ལ་དམིགས་པའི་སྐུ་མཚམས་གནང་རུང་མཚན་ལམ་དུ་ཐོག་འབབ་པ་སོགས་འཚུབ་ལྷོངས་ཆེ་བ་ལས་བཟང་ལྟས་ཆེར་མ་ཤར་བས་གཤིན་རྗེ་ཁྲོ་ཆུའི་བཟློག་དང་གཞིས་ཀ་ཤར་ནས་སྦྱིན་བདག་བྱས་པའི་མཁའ་འགྲོ་བསུ་བཟློག་གི་བརྟན་བཞུགས་ཕུལ། ཁོ་བོས་མོ་རྩིས་སོགས་ཞུས་པར་ཤར་བའི་སྐུ་རིམ་གྱི་རིས་ཕལ་མོ་ཆེ་དང་བྱིང་པ་སྔགས་རམས་པ་བློ་བཟང་དོན་གྲུབ་ཀྱིས་རྡོ་རྗེ་སློབ་དཔོན་བྱས་པའི་གྲ་ཚང་(༡༠༦བ)


GLG009_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

གི་གྲ་པ་གྲངས་བཅད་ཀྱིས་གུང་ཐང་དུ་འཇམ་དཔལ་མེའི་སྤུ་གྲིའི་སྲུང་བཟློག་སྲེག་མནན་དང་བཅས་བསྒྲུབས་པས་བསྟན་འགྲོའི་མགོན་དུ་ལྷམ་མེར་བཞུགས་པའི་སྐལ་བཟང་དུ་གྱུར། ཟླ་བ་གསུམ་པའི་ནང་དུ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་འབྲས་སྤུངས་སུ་ཕེབས་པའི་ཕར་ལམ་གུང་ཐང་དུ་ཞག་ཤས་དཔོན་སློབ་གདན་འཛོམ་པའི་རྐྱེན་སེལ་གྱི་བཀའ་ཆོས་གསན་ལན་མཛད། ལྷོ་བྲག་ནས་རིན་པོ་ཆེ་གསུང་སྤྲུལ་ཕེབས་པར་པད་གླིང་པའི་དྲག་དམར་གྱི་དབང་སོགས་སྔ་འགྱུར་གྱི་ཆོས་བཀའ་མང་དུ་གསན་ཞིང་ཕར་ཡང་དེ་མཚུངས་འབུལ་བ་གནང་། རྗེ་བླ་མའི་སྐུ་རིམ་དུ་རིན་པོ་ཆེ་གསུང་སྤྲུལ་གྱིས་དྲག་དམར་གྱི་གཏོར་བཟློག་མཛད། སྣོན་ཆོས་རྗེ་འཛོམ་པ་སྒང་པར་མཆོག་སྤྲུལ་མངའ་རིས་པཎ་ཆེན་གྱི་གསུང་རྒྱུན་འཁྲུལ་པ་མེད་པ་རྒྱལ་པོ་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་ཉམས་འཁྲིད་སོགས་ཆོས་ཁ་ཤས་གསན། སྣང་བ་མཐའ་ཡས་ཀྱི་རྣམ་སྤྲུལ་ཞང་འགྲོ་བའི་མགོན་པོའི་དབེན་གནས་བྱ་དཀར་འབྲོང་པོར་ཕེབས། སྐུ་འདྲ་རིན་པོ་ཆེས་གཙོས་རྟེན་རྣམས་ལ་གསེར་ཆབ་སྤྱན་འབྱེད་སྙན་ཤལ་མཆོད་པ་སྨོན་ལམ་སོགས་རྒྱས་པ་གནང་བའི་ཉིན་ནམ་མཁའ་དང་བྱ་དཀར་འབྲོང་པོའི་ཉི་གྲིབ་མཚམས་གཉིས་ཀར་འཇའ་ཚོན་དང་ཉི་མའང་འཇའ་སྤུངས་ཀྱིས་བསྐོངས་པར་མེས་ཀྱི་སྔགས་འཆང་ཁྲོ་རྒྱལ་དཔལ་མགོན་གྱིས་ལྟས་བཟང་པོ་བྱུང་བ་ངོ་མཚར་ཆེ་ལགས་ཞུས་པར་སྔོན་གྱི་སྨོན་ལམ་གྱི་ཤུགས་ཡིན་དེ་བས་ལྷ་མོ་ཁང་ཡིན་སྙམ་པ་ཞིག་ཏུ་བདག་ལ་ཞང་གིས་རྩ་བའི་བླ་མ་དྲུག་གི་སྒྲུབ་ཐབས་གསུང་ཡོད། མཁས་བཙུན་སྤེལ་ཕུག་པ་ཞེས་པར་སྐྱེས་དུས་གཙང་འོ་ཡུག་ཏུ་བསྡད་པ་ཞིག་ཀྱང་དྲན་གསུངས། སྤྱིལ་བུ་བྲག་ཐོག་གི་བླ་མས་གདན་དྲངས་ནས་བསྙེན་བཀུར། དབྱར་འབྲས་སྤུངས་སུ་སྟན་ཆགས་བཀའ་བརྒྱད་བདེར་གཤེགས་འདུས་པ་པོ་ཏི་དགུ་དང་དཔག་བསམ་འཁྲི་ཤིང་སོགས་བཀའ་ཆོས་(༡༠༧ན)


GLG009_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་སྩལ།དེ་དུས་དྭགས་ལྷ་སྒམ་པོའི་སྤྲུལ་སྐུས་ཁྲ་མོ་བྲག་ནས་གཏེར་བཏོན་ཁུལ་ལ་ཞིབ་ཏུ་དཔྱད་ན་ཤོག་སེར་རྣམས་ཕར་སྦས་ནས་མེད་ཚུལ་གྱིས་རབ་རིབ་མཛད་ནས་ཤོག་སེར་གཅིག་ལུས་འདུག་ཅེས་སྟོན་པ་མཛད་བྱུང་བ་རྗེ་བླ་མར་སྤྱན་འབེབས་ཞུས་པ་རྒྱབ་མདུན་གཉིས་ཀར་ཞིབ་ཏུ་གཟིགས་ནས་ཤེལ་བྲག་ཏུ་མཆོག་གྲུབ་རྒྱལ་པོའི་དོན་ལ་སྦས་ཚུལ་འདུག་པས་ཨོ་རྒྱན་གླིང་པའི་ཤོག་སེར་རྙིང་པ་ཡིན་འདྲ་ཞེས་བཞད། རྨེ་རུ་བ་རྣམས་ལྷ་ལྡན་སྡེའི་ཕྱི་རོལ་ཏུ་འཕོ་བ་དང་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་རྟེན་བཞེངས་ཀྱི་སྐུ་རྣམས་བཞུགས་གནས་ཤིག་དགོས་པ་ཉིས་འདོམ་གྱིས་གནས་ཁང་གསར་དུ་རྩིག་པའི་ས་འདུལ་ལ་ཡར་ལམ་ཞབས་ཀྱིས་བཅགས་ནས་ལྟོ་འཕྱེའི་ཐིག་མཛད། རྡོ་རྗེ་བྲག་ནས་རིགས་འཛིན་མཆོག་གི་སྤྲུལ་སྐུ་གུང་ཐང་དུ་ཕེབས་པར་བྱང་གཏེར་རྫོགས་ཆེན་ཀ་དག་ལྷུན་གྲུབ་ཀྱི་དབང་ལུང་ཉམས་འཁྲིད་ཆོས་ཀྱི་བདག་པོར་དགོངས་ནས་སྨིན་རྒྱས་སུ་སྩལ་བའི་སྔོན་འགྲོར་རྫོགས་ཆེན་བཀའ་གཉན་པའི་སྐུ་ཚེའི་གེགས་སེལ་ལ་རིིག་འཛིན་སྤྲུལ་སྐུ་རིན་པོ་ཆེས་ཁྱབ་བདག་བླ་མ་དམ་པར་བརྟན་བཞུགས་བཟབས་རྒྱས་དང་ཚེ་དབང་ཞིག་འབུལ་བ་གནང་ཞིང་། སྐབས་ཤིག་བླ་བྲང་གི་ཞམ་རིང་བ་རྣམས་ལ་ཚེ་དབང་དགོས་ཚུལ་རྗེ་བླ་མའི་བཀའ་ཕེབས་ལྟར་སྤྲུལ་སྐུ་རིན་པོ་ཆེས་ཆོས་ཁྲིའི་རབ་གསལ་དུ་དབང་སྒྲུབ་མཛད་པ་ཟིན་མཚམས་རྗེ་བླ་མའང་འབུལ་ཆས་དང་བཅས་ཕེབས་པར་བཞུགས་སྟན་ངེས་པར་དགོས་གསུངས་པ་ལ་ཡང་མ་གསན་པར་དབང་གྲལ་དུ་བཞུགས་པ་སོགས་རིགས་འཛིན་ངག་གི་དབང་པོར་མི་ཕྱེད་པའི་ཐུགས་དད་གཅམ་བུ་ཙམ་མ་ཡིན་པའི་ནང་རྟགས་ཕྱིར་ཤར་གནང་། རྗེ་བླ་མའི་སྐུ་རིམ་ལ་སྤྲུལ་སྐུ་རིན་པོ་ཆེས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་ཟོར་ལས་དྲག་པོའི་ཆས་སུ་ཞུགས་ནས་གནང་བ་རིགས་འཛིན་ཡོལ་མོ་བའི་རྣམ་ཐར་དུ། པད་གནུབས་བརྒྱུད་པའི་(༡༠༧བ)


GLG009_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་སྟོབས་དྲག་པོའི་མཚོན། །རིམ་གྱིས་བསྟར་བ་ཁོ་བོའི་ལག་ཆར་ལོན། །མི་བཟད་དྲག་རྩལ་འབར་བའི་གནམ་ལྕགས་ཐོག །མཐུ་ཆེན་དམར་གྱི་གཏོར་མའི་འགྲན་ཟླར་སོང་། །ཞེས་བྱིན་ཆགས་པོ་ཞིག་མ་གཏོགས་རྡོ་རྗེ་སློབ་དཔོན་གྱིས་སྦུག་ཆོལ་དཀྲོལ་བ་དང་མེ་དར་དབྱུག་དབྱུག་སོགས་ཨ་ཅེ་ལྷ་མོ་མཛད་སྲོལ་ནི་མི་སྣང་། ལྷོ་ནས་ཞང་གི་ལུགས་འཛིན་ཀ་ལེབ་དགོན་པ་བ་ཡིན་ཟེར་བའི་བླ་མ་དཔོན་གཡོག་གསུམ་འོངས་པར་བཀའ་འབུམ་བཀའ་རྒྱའི་དབང་ལུང་དང་བྱིན་རླབས་རྟེན་སོགས་སྩལ་བ་དེ་ཚོ་ལྷོ་འབྲུག་གི་ས་ཉལ་མ་བླ་ཆེན་སྟག་ཚས་རྗེ་ས་སྐྱ་པ་ཆེན་པོ་བཀྲོང་བར་ཁམས་པ་རྡོར་རྒྱལ་བཏང་བའི་ལོ་རྒྱུས་བཞིན། དད་རྟེན་འབྲུག་ཕྱོགས་ཀྱི་སྲུང་བ་དང་ཟག་རྫས་བྱས་ཚོད་དུ་འདུག་པས་རྙིང་མ་བཞལ་ངོ་ཚོ་གསོལ་ལྟོགས་ལ་རྒྱས་བསྡུས་གནང་དགོས་པའི་བརྡ་ཆོས་སུ་འདུག །མེ་སྤྲེལ་ལོ་བྱང་ཕྱོགས་སའི་ཚངས་པ་དགའ་ལྡན་པ་ཐོག་རྒོད་རྣམ་རྒྱལ་གྱིས་བཀའ་འགྱུར་རིན་པོ་ཆེ་བཞེངས་པའི་རབ་གནས་ལ་ཤོག་གསུང་བ་བཞིན་ངེད་ཀྱིས་བདེ་ཆེན་རྩེར་ཕྱིན་པའི་ཡར་ལམ་མར་ལམ་ཚོ་ཚལ་གུང་གི་བླ་མ་རྣམ་པ་ཚོ་བསུ་བར་བྱོན་པའི་སྡེབས་སུ་རྗེ་ཉིད་ཕེབས་ཤིང་ཕྱིར་ལམ་ཆོས་ཁྲིད་གུང་གི་དྲོའི་གཞི་ལེན་བཟབས་རྒྱས་དང་། རིགས་འཛིན་ཆེན་པོ་གཞོན་ནུ་དོན་གྲུབ་ཀྱི་ཕྱག་བྲིས་མའི་བཀའ་བརྒྱད་བདེ་འདུས་ལྷ་བདུན་བརྒྱ་ཉེར་ལྔའི་ཞལ་ཐང་གྲ་ཚར་སྟེར་སྦྱིན་མཛད། རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པར་བསྙེན་བཀུར་དང་བཀྲས་བཏགས་ཀྱི་འགྱེད་གནང་། དར་རྒྱས་ཆོས་སྡིངས་ཀྱི་གདུང་བརྒྱུད་བགྲེས་པ་འབྲས་སྤུངས་སུ་གཙུག་ཕུད་འབུལ་བར་ཕེབས་ཞོར་ཡར་ལམ་གུང་ཐང་དུ་ཕེབས། ཆོས་རྗེ་མ་ཆེན་གྱིས་གནང་བ་མི་འགབ་ཚུལ་ཞུས་པ་ལ་མ་གསན་པར་རྗེ་བླ་མས་སྐུ་ན་ཕྲ་མོ་དེ་ལ་བཞེང་བ་ཕྱག་ལན་བཙལ་བ་བཻ་རོའི་རྣམ་སྤྲུལ་ཆོས་རྒྱལ་གཏེར་བདག་གླིང་པ་ཡིན་པར་མངོན་མཁྱེན་དུ་ཤར་བར་སྣང་ཞིང་རྟེན་འབྲེལ་ལ་དགོངས་ནས་(༡༠༨ན)


GLG009_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་ཞྭ་སོགས་ཀྱི་སྐྱེས་གནང་། ཡབ་སྲས་གཉིས་ལྷན་ཅིག་པས་བདུད་རྩི་བུམ་པའི་དབང་ལུང་དང་ཐོ་ལིང་གི་གཟའ་མོན་པའི་སྐོར་རྫོགས་པར་གསན། དབྱར་སྨད་འབྲས་སྤུངས་སུ་ཕེབས་གྲུ་གུའི་སྔགས་འཆང་དོན་གྲུབ་བཀྲ་ཤིས་ལ་ཆོས་རྒྱལ་བྱང་པའི་གཏེར་གསར་མ་རྒྱུད་སྙིང་པོ་དོན་གསུམ་གྱི་སྐོར་གསན་ཞིང་དེ་འཕྲལ་ངེད་ཀྱིས་ཀྱང་ཞུས། གྲ་ཚང་གི་གྲ་པ་འགའ་ཞིག་ལ་སྔགས་རིས་སྦྱོང་བའི་གྲས་འདེབས་པ་དང་བྲིས་དཔེ་སོགས་ཀྱི་བསླབ་སྟོན་མཛད། འདི་ལོ་ལྷོར་དཔུང་འཇུག་ཆེན་མོའི་སྒོ་དོད་རྗེ་བླ་མས་དབྱངས་འཆར་མཁའ་འགྲོ་སྡེ་ལྔ་སོགས་ཀྱི་མོའི་རིས་དང་གཙོ་བོར་ཐུགས་དམ་བརྟག་པ་ཚད་མར་འགྲོ་ཁྱབ་མི་ཡོང་བའི་གསལ་ཁ་བྱུང་སོང་རུང་སྡེ་པའི་དགོངས་པར་མ་བབས་གཤིས་གཞན་མ་གནང་ཐེབས་དང་བྲལ་བའི་ཇུས་རིམ་དུ་སྔར་བཙུགས་པའི་རླུང་དམར་ཚུར་བླངས་ནས་ཁ་གསོ་བ་དང་དྲེགས་པ་ཉི་ཤུ་གསར་དུ་འཛུགས་པའི་ཕྱག་གཡོག་གཞིས་ཀ་ཤར་ཨ་གུར་དང་ངག་དབང་འཕྲིན་ལས་གཉིས་ཀྱིས་བྱས་ནས་ཕག་རིར་སྔར་བཞིན་འཛུགས་པ་གནང་། སྔགས་པ་རྣམས་ཀྱིས་ལོང་དུས་སྐུ་རིམ་ལ་བཀའ་བརྒྱད་ཀྱི་ཐང་ཀ་མེད་ན་བག་གྲང་ཚུལ་ཞུས་པ་ལྟར་སྣང་གསལ་གྱི་ཐང་རྙིང་གྲ་ཚར་འབྲི་གུང་ན་ཡོད་པ་གཡར་པོ་ཞུས་ཏེ་སྐྱ་རིས་རྣམས་ཕྱག་བསྟར་མ་ཚོན་མདངས་བཅད་སྤྱན་འབྱེད་བླ་མ་དགའ་རབ་ཀྱིས་གཙོས་པ་ལྔ་ཙམ་གྱིས་བྱས། མཁའ་ཀློང་ཡངས་པའི་བཀའ་བརྒྱད་འབྲུ་འགྲེལ་གྱི་སྟེང་ནས་ཞུ་དག་མཛད་པ་རྟ་མགྲིན་དང་མ་མོའི་ལྷ་ཐང་རྙིང་ལ་ཆད་པ་འདྲ་ཐོན་པའི་མ་ལས་བུ་རྒྱས་པ་ལེགས་པར་གྲུབ། དེ་ཡང་བཀའ་ཕྱི་མ་གསུམ་ལ་འཇིག་རྟེན་པའི་མིང་བཏགས་ཀྱི་དྲེགས་པ་དྲག་རྩལ་ཅན་མངས་པའི་འཚུབ་ལྷོངས་སེལ་བྱེད་དུ་ཟིང་པའི་དགེ་སློང་སེང་གེ་སྒང་པས་ཉིན་རེ་བཞིན་བཀའ་བརྒྱད་ཀྱི་ལས་གཞུང་བསྲངས་ཏེ་སྡེ་དཔོན་སུམ་ཅུའི་གསོལ་མཆོད། སྡེ་དགུའི་སྒེར་བསྐངས་(༡༠༨བ)


GLG009_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

མདང་བསྐངས། ཚོགས་མཆོད་ཆག་མེད་དུ་བཏང་། རྡོ་རྗེ་བྲག་ནས་རིགས་འཛིན་སྤྲུལ་པའི་སྐུ་དཔོན་སློབ་ཀྱིས་རང་བྱུང་རང་ཤར་གྱི་ལས་གཞུང་བསྲངས་རང་ལུགས་རབ་གནས་བསེ་སྒྲོམ་མ་ལ་རྗེ་བཙུན་ཆེན་པོའི་དོན་གསལ་གྱི་མཛེས་རྒྱན་སྤྲད་དེ་སྟ་གོན་དངོས་གཞི་སོགས་སྦྱོར་དངོས་རྗེས་ཚང་གི་ཚུལ་དུ་དམ་ཡེ་དབྱེར་མེད་དུ་གནང་། རྟེན་བཞེངས་ལ་འགྱོགས་དང་ལེགས་བྱ་འབུལ་བའི་སྐུ་ཉེ་སྦྱིན་བདག་གྲ་རིས་རྣམས་ལ་གདང་ལན་གྱི་དགའ་སྟོན་རྒྱ་ཆེར་མཛད། སྲང་ནང་པ། དབང་ལྡན་གླིང་པ། གླིང་བྱང་པ། ཨ་བོ་རྫོང་དགའ་རྣམས་ཀྱིས་བསྡུས་པའི་མཁའ་འགྲོ་བསུ་བཟློག་དང་འབྲེལ་བའི་བརྟན་བཞུགས་ཕུལ། མེས་ཀྱི་སྔགས་འཆང་ཁྲོ་རྒྱལ་དཔལ་མགོན་གྱིས་གུང་ཐང་མཆོད་ཁང་རྩེར་ཚེ་དཔག་ཧྲཱིཿགཅིག་མའི་སྒྲུབ་པ་བྱས་དུས་རྨི་ལམ་དུ་ཁོ་རང་རས་དང་སྐྱའི་གོས་དང་ཕྱིང་ཞྭ་གྱོན་ནས་རྟ་ནག་པོ་སྒ་གཏད་པ་ཞིག་ཁྲིད་རྒྱ་ནག་ཡིན་ཁུལ་གྱི་གྲོང་ཁྱེར་ཆེན་པོའི་སྒོ་འགྲམ་ན་འདུག་པ་ནང་ནས་དར་གྱི་གོས་གོན་པའི་མི་བག་དྲོན་ཞིག་ཡོངས་རྟ་དེ་ལ་ཞོན་ཁོ་རང་གིས་ཁྲིད་པ་བྱུང་བ་གཉིད་སད་ནས་ཀྱང་མིག་སྔར་ལམ་ལམ་ཤར་བས་སྐྱོ་ཤས་ཀྱིས་མཆི་མ་མི་ཐུབ་པ་བྱུང་བ་གང་ཡིན་དྲི་བ་ཞུས་ལན་དུ་རྗེ་ཉིད་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་ཀྱི་ཞང་བློན་སྣ་ཆེན་པོར་གྱུར་པའི་ཚེ་ཨ་ཁུ་རྟ་རྫི་ཡིན་པ་ད་ལམ་མཚམས་བྱས་པས་སྡིག་པ་སྲབ་ཏུ་སོང་ནས་སྐྱེ་བ་དྲན་པ་ཡིན་གསུངས། སྟོད་སྨད་ཀྱི་སྔགས་པ་དང་སྦྱིན་བདག་གྲ་རིས་སོགས་བསྡུས་པའི་གྲིབ་སེལ་བསུ་བཟློག་དང་འབྲེལ་བའི་བརྟན་བཞུགས་རྒྱས་པར་ཕུལ། འབྲས་སྤུངས་སུ་གང་ཅིའི་བསླབ་སྟོན་དང་གསུང་གླེང་ལ་སྐོར་ཙམ་ཕེབས་པའི་ཡར་ལམ་གྲོང་སྨད་དུ་ནང་སོ་ཨ་སུག་འདས་པར་གནང་སྐྱེས་དང་བཅས་བྱོན། སྡེ་པ་འཕྲིན་ལས་རྒྱ་མཚོ་དང་སངས་རྒྱས་རྒྱ་མཚོ་གཉིས་ལ་རྐྱེན་སེལ་དུ་ཚེ་དབང་དང་དྲག་པོའི་དབང་སྩལ། རིགས་འཛིན་སྤྲུལ་སྐུ་དང་གྲུབ་མཆོག་(༡༠༩ན)


GLG009_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་གསང་སྔགས་ལ་རིགས་འཛིན་སྲོག་སྒྲུབ་ཀྱི་དབང་ལུང་ཡོངས་རྫོགས། རྒྱུད་བཅུ་བདུན། གཏེར་མགོན་ཕྱག་བཞི་པ་དང་འབར་ཆུང་སྐོར་གྱིས་གཙོས་པའི་ཆོས་འཁོར་རྒྱ་ཆེར་བསྐོར། འབྲི་གུང་ཞབས་དྲུང་རིན་པོ་ཆེ་ཆོས་ཀྱི་གྲགས་པ་འབྲས་སྤུངས་སུ་ངེད་དང་ངོས་འཕྲད་ལ་ཕེབས་པའི་ཡར་ལམ་འབྲོམ་སྟོད་དུ་རྗེ་ཉིད་དང་རིགས་འཛིན་སྤྲུལ་པའི་སྐུ་དཔོན་སློབ་ལྷན་ཅིག་པར་མཇལ་བར་ཕེབས་ནས་ཚེ་བདག་རྣོན་པོ་ནང་གཅོད་ཀྱི་དབང་དང་། འཆར་ཁ་གནམ་སྐས་མའི་ཟོར་དབང་གསན་ཅིང་། སྔ་སོར་གཡར་པོའི་ཐང་དཔེ་ཕྱིར་འབུལ་གསར་བཞེངས་ཚོ་སྤྱན་འབེབས་དང་ཕྱག་ནས་ཞུ་བ་གནང་། གུང་ཐང་དུ་ཕེབས་ནས་སྤྲུལ་སྐུ་རིན་པོ་ཆེར་གཟའ་པོད་སོགས་བཀའ་ཆོས་ཀྱི་འཕྲོས་དང་ནེའུ་ཆུང་རི་སྐུ་སྐྱེར་ཕྱག་རྡོར་དྲེགས་འདུལ་གྱི་སྐོར་སྩལ། རིགས་འཛིན་སྤྲུལ་སྐུ་གཉན་ཚད་ཀྱིས་སྐུ་ལྟེམ་བབས་ལྕི་བར་དྲུང་འཚོ་ཕུ་ལུང་པས་གསོས་སྨན་དང་རྗེ་བླ་མས་རྒྱ་ནག་སྤོར་ཐང་གི་ཀག་རྩིས་དང་བསྟུན་པའི་སྐུ་རིམ་རྒྱ་མི་ཆུང་བ་འབེབས་པ། འཆི་བླུ་སྐྱས་རྫོངས་གནང་ཡང་སྐུ་ཁྲུས་བཏང་བ་མ་ཕིགས། ལྷ་རྗེ་འབྲང་རྒྱས་པའང་རི་ཁྲོད་དུ་མཚམས་ལ་ཡོད་པ་དང་འགྲིག །མཁའ་རུ་སྲང་ནང་པ་འབོད་དམ་ཞེས་གླེང་གཞི་བྱུང་འདུག་ནའང་ཁོང་ཚོ་སྣང་རྩེ་བའི་བརྒྱུད་འཛིན་ཡིན་ཞེས་སྤྲུལ་པའི་སྐུའི་ཐུགས་ལ་མི་འབབ་ཅིང་སྲང་ནང་པའང་མ་ངེས་པ་འདྲ་བྱུང་ན་སྨན་ལོག་བཏང་བའི་ཁག་ངན་བྱེད་དོགས་ཀྱིས་འཕྲལ་ཀ་མ་འགྲིག་པས། འབྲང་རྒྱས་པར་ཕུ་ལུང་པས་ཅི་དྲག་གི་དྲི་བ་བཏང་བར་རི་ལུ་དྲུག་ཅུའི་བར་སྤར་ནས་བཏང་བས་ཕིགས་ཡོང་དེ་ནས་མ་བྱུང་ན་བྱེད་ཐབས་མེད་ཀྱི་ཁ་དམར་བཏགས། དྲུང་འཚོ་བས་ཀྱང་སྨན་བསྣན་ནས་ཕུལ། རྗེ་བླ་མས་དྲག་དམར་གྱི་བཀའ་དབང་མཛད་པས་སྐུ་སྲོག་ལ་གླགས་ལྟ་བའི་འབྱུང་པོ་འཛམ་བུ་གླིང་ན་ཡོངས་སུ་གྲགས་པ་དེ་མཐར་(༡༠༩བ)


GLG009_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྲད་པའི་མཐུ་སྨན་གྱིས་སྙུན་ནད་ཐམས་ཅད་ཕྱིར་དེད་ནས་ཟླ་བ་གཟའ་ལས་གྲོལ་བ་ལྟར་རྒྱལ་དབང་པདྨཱ་ཀ་རའི་བསྟན་སྲོག་གི་ཟུངས་སུ་གྱུར། ལྷོའི་དཔུང་འཇུག་གི་སྐུ་རིམ་ལ་མགོན་པོ་གཡུལ་བཟློག་གི་མདོས་ཆེན་བཏང་། གུ་རུ་མཚན་བརྒྱད་གཙོ་བོར་གྱུར་པ་ལ་སིནྡྷུ་རྒྱ་མཚོའི་ཞིང་བཀོད་ཡོད་པའི་ཐུགས་དམ་ཐང་ཁ་གྲ་ཚར་གྱི་སྐྱ་རིས་ཕྱག་བསྟར་བ་ཚོན་མདངས་ཀྱི་ཕྱག་གཡོག་བླ་མ་དགའ་རབ་དང་ལེགས་རྒྱན་པ་ཅན་གྱིས་བྱས་ནས་བཞེངས། ནུབ་གཅིག་མནལ་ལམ་དུ་རྗེ་ཉིད་ཀྱི་ཕྱག་ཕྱིར་སྦུས་སྲང་ལྷ་རྗེ་བློ་བཟང་ནོར་བུ་སོགས་ཚེས་བཅུ་བ་ཁ་ཤས་དང་བཅས་ཟངས་མདོག་དཔལ་རིར་ཐེགས་ཁུལ་གྱིས་ཕོ་བྲང་དེའི་རྩ་བར་ཕེབས་པ་ན་ཨོ་རྒྱན་ཆེན་པོ་ཡིན་ཟེར་བའི་དྲང་སྲོང་གི་རྣམ་པ་ཅན་ཞིག་འདུག་པར་ཕྱག་མཆོད་མཛད་མུར་གནས་དེ་ལྟ་ན་སྡུག་པའི་གྲོང་ཁྱེར་དུ་སོང་བའི་ནང་དེར་སྨན་རྒྱལ་གཅིག་པུ་ལས་མ་བཞུགས་ཤིང་ཕོ་བྲང་གི་རྩེར་ཕེབས་པ་དང་ཉི་མའང་ལ་ཐོག་ཏུ་སླེབས་པ་ཞིག་བྱུང་བས་ཁོ་བོ་ཡུན་རིང་སྡོད་མདོག་མ་ཁ་ཁྱེད་རང་ཚེ་གཟུངས་འབུམ་ཐེར་སོགས་རིམ་གྲོ་བཟང་བ་བྱས་ན་ལོ་ཤས་སྐྱོན་མི་ཡོང་ཚུལ་གྱི་ཕྱག་ཐམ་གནང་བས་ལྷ་སར་གདན་དྲངས་ནས་ཚེ་དབང་བརྒྱ་རྩ་ཞུས་དུས་རྗེ་ཉིད་ཀྱིས་ཨོ་རྒྱན་རིན་པོ་ཆེ་ཡབ་ཡུམ་མངོན་སུམ་དུ་ཞལ་གཟིགས་པའི་མུར་སློབ་དཔོན་ཆེན་པོ་ཡལ་བ་ཞིག་བྱུང་བ། བཀའ་ལས་བདག་ལ་རྟེན་འབྲེལ་ལེགས་རྒྱུ་མ་བྱུང་ཁྱེད་རང་ལ་དམིགས་པ་སྤྲད་དུ་ཚེ་དཔག་མེད་ཀྱི་གསལ་སྣང་ལེགས་པ་བྱུང་སོང་བས་ལོ་ཤས་སྐྱོན་མི་ཡོང་བའི་ཁག་ཐེག་བྱེད་གསུང་བ་བཞིན་དེ་ཁོ་ནའི་ཐོག་ཏུ་བབས། མེ་བྱ་ལྷ་ས་བའི་སྤྱི་རིམ་གྱི་ཁྲོ་རོལ་ལ་བར་ཁང་དུ་ཕེབས། མི་རིང་བར་ལ་སྟོད་ནས་ཟུར་སྤང་སྟོན་བདེ་ལེགས་རྒྱལ་མཚན་གྱི་དབོན་བརྒྱུད་རིན་པོ་ཆེ་ཆུ་མིག་པ་ངག་དབང་(༡༡༠ན)


GLG009_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་ཚོགས་ལ་མཛད་ལྔ་འདུས་པའི་ཟབ་གཏེར་གྱི་དབང་འཁྲིད་ལུང་ཆེས་མང་བ་གསན་ཞིང་། ཕར་རཏྣའི་གཏེར་ཆོས་གཙོ་བོར་གྱུར་པ་བཞེད་སྦྱར་སྩལ། ཟླ་བ་ལྔ་པའི་འགོར་ཐུགས་དམ་ཐང་ཁ་ལེགས་པར་གྲུབ་པའི་ཚེས་བཅུའི་ཉིན་མཆོད་པ་རྒྱ་ཆེན་པོ་མཛད་པས་མར་མེ་འཛིན་པ་སོགས་ཡེ་ཤེས་པ་རང་བཞིན་དུ་བཞུགས་པའི་ལྟས་ངོ་མཚར་བ་བྱུང་གྲ་ཚང་ཆོས་རྗེ་ལ་འདོད་ཆོས་ཁ་ཡར་སྩལ་ཞིང་གོས་དར་སོགས་ཀྱི་འབུལ་བའང་བཟང་དུ་བསྟར། དེ་ཡང་བཀའ་ཆོས་གསན་པའི་བླ་མ་སྔར་སྨོས་པ་ལས་གཞན་པ་ཡོད་ཤས་ཆེའང་ངོ་འཕྲོད་པ་མ་བྱུང་ཞིང་དམ་པའི་ཆོས་ཀྱི་བཀའ་དྲིན་སྩལ་བའི་སློབ་མ་ནི། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་འཆང་གནས་གསར་བ་མགོན་པོ་བསོད་ནམས་མཆོག་ལྡན། ཞང་སྣ་ནམ་པ་རྡོ་རྗེ་བདུད་འཇོམས་ཀྱི་མཆོག་གི་སྤྲུལ་སྐུ་བློ་བཟང་པདྨ་འཕྲིན་ལས། བྱ་འཆད་ཀ་བའི་རྣམ་སྤྲུལ་གླིང་སྟོད་ཆོས་རྗེ་དཀོན་ཅོག་དཔལ་འབྱོར། གླིང་སྨད་ཆོས་རྗེ་སྟག་ཁ་རལ། གྲ་ཐང་མཁན་པོ་སངས་རྒྱས་དཔལ་བཟང་། འབྲས་ཡུལ་སྐྱེད་ཚལ་མཁན་པོ་བྱམས་པ་ངག་དབང་བསྟན་འཛིན། ལྷ་ལྕམ་པདྨ་གསལ་གྱི་རྣམ་སྤྲུལ་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། ཡང་ལྡན་མ་རྩེ་མང་ཞུ་ལན་ལས། བོད་ཁམས་གངས་རི་རྩེ་དགུའི་ལྗོངས་འདིར་རུ༔ བསམ་ཡས་ལྷོ་ཕྱོགས་མཐའ་འཁོབ་མོན་ཁ་རུཿ གྲོང་ཁྱེར་རྡོ་མཆོག་ཅན་ཀྱང་བྱཿ བྲག་དམར་ཟམ་ལམ་ཅན་ཀྱང་བྱ༔ གཏམ་ཤུལ་སྤར་རྗེས་ཅན་ཀྱང་བྱ། སྨྲ་བོ་ལྕོག་པོ་ཞེས་བྱ་བའི༔ མཁའ་འགྲོས་བྱིན་རླབས་གནས་དེ་རུ༔ གསང་སྔགས་བརྒྱུད་འཛིན་རལ་པས་ལུས་ནུབ་པ༔ སྲིད་པ་ཐ་མའི་སྐྱེས་བུ་མི་ཡི་མགོནཿ རྒྱལ་པོ་མཚན་རྟགས་ལེགས་པ་ལྔ་དང་ལྡན༔ སྒྱུ་མའི་སྐྱེས་བུ་(༡༡༠བ)


GLG009_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་རིགས་རྣལ་འབྱོར་པ༔ གསང་སྔགས་རྒྱུད་སྡེ་གནས་ཀྱི་སྙིང་པོ་རྣམས༔ རིག་པ་བརྡ་ཡི་ཚུལ་གྱི་ཆར་དུ་འབེབས༔ རྒྱལ་བའི་སྲས་མཆོག་མི་ཡི་སེང་གེ་དེ༔ ལྷོ་བྲག་གཏམ་ཤུལ་སྨྲ་བོ་ལྕོག་པོ་རུ༔ མ་འོངས་གསང་སྔགས་བདག་པོར་གྱུར་ནས་ནིཿ སྐུའི་བཀོད་པས་འགྲོ་བ་མ་ལུས་འདུལ༔ ཐུགས་རྗེ་ཆེན་པོ་དངོས་ཀྱིས་འགྲོ་བ་འདུལ་བ་ཡིན༔ ཉིད་ཀྱི་གདུལ་བྱས་འགྲོ་བ་མཐར་ཐུག་པ༔ འགྲོ་དོན་སངས་རྒྱས་ཉིད་དང་མཉམ་པ་འབྱུང་༔ ཉང་རལ་གདུང་རབས་བཅོ་བརྒྱད་ཡན་ཆད་དུ༔ སྔོན་ཚེ་རྒྱལ་པོའི་སྨོན་ལམ་མཐུ་ཡོད་པས༔ ཆོས་བཞིན་མ་བྱས་སངས་རྒྱས་ཐོབ་པར་འགྱུརཿ བྱང་ཆུབ་སེམས་དཔའི་རིགས་ཀྱང་མང་དུ་འབྱུང་༔ ལོག་སྤྱོད་བདུད་ཀྱི་ཚང་འདྲེས་ལ་རྟོག་པ༔ གང་ཟག་ལས་འཕྲོ་མེད་པ་གཅིག་མི་འབྱུང་༔ སྙིང་གི་དཀྱིལ་དུ་ཆོངས་ལ་སྒྲུབ་པ་གྱིས༔ ཞེས་པའི་གདུང་རབས་བཅུ་དྲུག་པ་མངའ་བདག་སྨྲ་བོ་ལྕོག་ཆོས་རྗེ་བསྟན་འཛིན་ཆོས་དབང་། བི་མཱའི་རྣམ་སྤྲུལ་ཁྱབ་བདག་ཁྲ་ཚང་པ་ཆེན་པོ་བློ་མཆོག་རྡོ་རྗེ། བརྟུལ་ཞུགས་སྤྱོད་པའི་དབང་པོ་ཀོང་སྨྱོན་རྫོགས་ཆེན་པ་ནམ་མཁའ་འཇིགས་མེད། དྲན་པ་ནམ་མཁའི་རྣམ་སྤྲུལ་དར་རྒྱས་ཆོས་སྡིངས་པ་རིགས་འཛིན་འཕྲིན་ལས་ལྷུན་གྲུབ། དེ་སྲས་ཆོས་རྒྱལ་གཏེར་བདག་གླིང་པ། དཔལ་རི་སྤྲུལ་སྐུ་ངག་དབང་པདྨ་འཕྲིན་ལས། ཟུར་ཆུ་མིག་པ་ངག་དབང་ཕུན་ཚོགས། སྒམ་སྨྱོན་སྤྲུལ་སྐུ་ཕྱག་རྡོར་ནོར་བུ། ཡང་དགོན་སྤྱན་སྔ་སྐལ་ལྡན་རྒྱ་མཚོ། རྒྱལ་ཁང་རྩེ་སྐུ་སྐྱེ། ཕ་བོང་ཁའི་གདན་ས་པ་དཔལ་འབྱོར་དར་རྒྱས། བྱམས་ཆེན་བླ་མ་བློ་བཟང་ཆོས་གྲགས། ལམ་པ་བླ་མ་སྟར་སྡོང་བློ་གྲོས་ལྷུན་གྲུབ། འདུལ་བ་སློབ་(༡༡༡ན)


GLG009_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་པ་བློ་གྲོས་རྣམ་རྒྱལ། མཁས་གྲུབ་ཀརྨ་གསང་སྔགས། རིགས་འཛིན་ཀུན་བཟང་དབང་པོ། བླ་མ་འཛེམ་པ་སྒང་པ། སྔགས་འཆང་དོན་གྲུབ་བཀྲ་ཤིས། ཁམས་པ་བླ་མ་པདྨ་བློ་གྲོས། བཟང་སྡིགས་སྐུ་སྐྱེ་ངག་དབང་བསྟན་པའི་ཉི་མ་དབྱངས་ཅན་དགྱེས་པའི་ལང་ཚོ། ཕྱག་མཛོད་མངའ་བདག་ཀརྨ། སྨན་སྒོམ་འབྲང་རྒྱས་པ་ངག་དབང་དོན་གྲུབ། ཀ་ཐོག་པ་དཔལ་འབར་དྲུང་པ། སྦྲེ་བོན་པོ་ལུང་པ། ཏྲེ་བོ་སེ་དུང་སྐུ་སྐྱེ། ཁལ་ཁ་སེ་ཆེན་ནོར་མོན་ཁན། ཨོ་རོད་གྲ་ཚང་ཆོས་རྗེ། ཞིང་སྐྱོང་པཎྜི་ཏ། གསེར་ཐོག་ཆོས་རྗེ། བླ་མ་དགེ་འདུན་དར་རྒྱས། བླ་མ་ཁྲོ་ཕུ་བ། ཆོས་རྗེ་སྐྱི་སྟོན་པ་གུ་རུ་ཚེ་བརྟན། ཆོས་རྗེ་རྔོད་པ། བྱར་གསུང་སྙན་སྐུ་སྐྱེ། ཤ་ར་ཧོར་སྐུ་སྐྱེ། བླ་མ་སྨན་ཆུ་བ། སྣ་ཚོགས་རང་གྲོལ་གྱི་སྐུ་སྐྱེ། བླ་མ་ཁམས་པ་སྤུན། བླ་མ་ཐེག་མཆོག་གླིང་པ། སྣ་བུ་ཆོས་ལུང་པ། རྩ་སྒྲུབ་སྡེ་སྐུ་སྐྱེ། སྤྱིལ་བུ་བྲག་ཐོག་པ། འཕན་ཡུལ་རྒྱལ་སྨད་བླ་མ། སྒོ་མོ་སྐུ་སྐྱེ། དར་མ་སྒང་བླ་མ་བསོད་ནམས་དཔལ་འབྱོར། ཆོས་རྗེ་བླ་མ། ཀོང་པོ་གནམ་སྒོམ་བླ་མ། བླ་མ་སྔགས་རམས་པ། བཀའ་བརྒྱུད་ཕོ་བྲང་སྐུ་སྐྱེ། བླ་མ་བྲག་ར་བ། མདོ་པ་སྐུ་སྐྱེ། རྫིང་ཁ་སྐུ་སྐྱེ། བླ་མ་དགའ་རབ། སྔགས་འཆང་སྟོད་གྲོང་པ། བཀའ་བརྒྱུད་ཆོས་སྡིངས་བླ་མ། པདྨ་གླིང་པའི་གདུང་བརྒྱུད་མཆེད། ཀ་ལེབ་བླ་མ། བླ་མ་བསོད་ནམས་ལྷུན་གྲུབ། བླ་མ་ཆོས་དབྱིངས་རང་གྲོལ། ཟངས་ཡག་བྲག་བླ་མ། བླ་མ་ནོར་བུ་རྒྱ་མཚོ་སོགས་བསྟན་པ་ཟིན་པ་དང་ཆོས་འབྲེལ་ནོས་པ་རགས་རིམ་ཙམ་བརྗོད་ཀྱིས་མཐའ་དག་གླེང་བར་ག་ལ་ནུས། གཞན་ཡང་བཟོ་རིག་པ། སྒྲ་སྙན་ངག །རྩིས་སྐར་ནག་སོགས་(༡༡༡བ)


GLG009_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་སྙད་གཙུག་ལག་གི་སློབ་མ་དང་འདི་ཕྱི་བར་གསུམ་གྱི་སྐྱབས་གནས་ཞུས་པའི་ཡོན་བདག་བཅས་པའི་གྲངས་ནི་སྟོན་མཚན་དྭངས་པའི་རྒྱུ་སྐར་གྱི་གྲངས་ལྟ་བུར་མངོན། ཐུགས་རྩོམ་གསང་བ་སྙིང་པོའི་ལེའུ་ལྔ་པ་ཡན་གྱི་ཊཱིཀྐ་རྡོ་རྗེ་འཆང་ཕ་བོང་ཁ་པའི་གསུང་རྒྱུན་ཟིན་བྲིས་སུ་མཛད་པ་གཡུང་འགྲེལ་རྒྱན་གྱི་མེ་ཏོག་ཅེས་ངོ་མཚར་བ། ངེད་རང་ནས་གསོལ་བ་བཏབ་པའི་བཀའ་བརྒྱད་བདེ་འདུས་ཀྱི་སྒྲུབ་ཆེན་སྨིན་བྱེད་ཀྱི་ཆོག་སྒྲིགས་ལྷན་ཐབས་དང་བཅས་པ་རིན་པོ་ཆེའི་འཕྲེང་བ། གཞིས་ཀ་ཤར་པ་སྤུན་གྱིས་ཞུས་པའི་དྲག་པོ་དམར་ཆེན་གྱི་བཀང་གསོ་དང་འཆི་བླུའི་ལག་ལེན། ལས་བྱང་པདྨ་ལྗོན་ཤིང་གི་འབྲུ་འགྲེལ། གཡུ་ཐོག་སྙིང་ཏིག་གི་སྡེ་དགུའི་ལས་བྱང་དམ་སྐོང་དྲེགས་པ་ཚར་གཅོད་སོགས་འཕྲིན་སྒྲུབ། བཀང་བ། གཏོར་བསྔོས། གསོལ་འདེབས། སྨོན་ལམ། བརྟན་བཞུགས། སྙན་དར་ཞལ་བྱང་། ཆབ་ཤོག །དྲི་བ་དྲིས་ལན། རྩོད་བཟློག །འགྲེལ་ཊཱིཀ་སོགས་མཐའ་དག་ཕྱོགས་གཅིག་ཏུ་བསྒྲིལ་ན་པོ་ཏི་གཉིས་ལྷག་ཙམ་ཡོད་ཚོད་དུ་འདུག་པ་ངེད་ཀྱི་བསམ་པར་ཡབ་ཟུར་ཆེན་གཞོན་ནུ་དོན་གྲུབ་ཀྱི་སྐུ་ཚེ་དང་མཉམ་པ་ཞིག་ཡོང་ལ་རེའི་གསུང་རྩོམ་རྣམས་ཀྱི་ལྗགས་ལུང་དང་བཀའ་བསྡུ་བྱེད་པའི་འདུན་པ་ཡོད་རུང་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་གཉགས་ལོ་ཙཱ་བའི་ཐུགས་ཀར་རིང་པོར་མ་ལོན་པར་བསྡུས་པས་མོས་པ་ལམ་བྱེད་དུ་གྱུར། ལར་ནས་རྗེ་ཉིད་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ལྟར་འཇིག་རྟེན་ཆོས་བརྒྱད་ཀྱི་རིས་ལ་ཡེ་མི་དགྱེས་པའི་གཤིས་ཐུགས་རྩོམ་རྣམས་ཀྱང་བསྐུལ་བ་པོ་སོ་སོར་རྩ་ཡིག་དེ་ག་གནང་ནས་མ་དཔེ་མེད་པ་ཁ་ཡར་བྱུང་སྣང་། ཟིན་བྲིས་ལུས་པ་རྣམས་ཀྱང་(༡༡༢ན)


GLG009_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ལྟོ་རྒྱབ་དང་འདུ་འཛི་ཁོ་ན་ལས་བླ་མའི་རྣམ་ཐར་དང་ཡོན་ཏན་མི་སེམས་པའི་དགེ་འདུན་ཉི་ཤུའི་ཐོག་མའི་ཞབས་འབྲིང་པ་ཁོ་ནས་བསྐོར་ཏེ་གར་སོང་ཆ་མེད་དུ་གྱུར་གཤིས་བརྗོད་བྱ་རྗོད་བྱེད་དང་བྲལ་བའི་རྫོགས་ཆེན་གྱི་གནས་ལུགས་ཁོ་ནའོ། །སྙིང་པོར་དྲིལ་ན་ཐ་སྙད་ཀྱི་གཞུང་ལུགས། ནང་རིག་པ་སྡེ་སྣོད་གསུམ། རྒྱུད་སྡེ་བཞི་གང་ལ་ཡང་ཚེ་རབས་མང་པོར་སྦྱངས་པའི་བག་ཆགས་སད་པའི་ཉམས་ཀྱིས་འབྲུ་མར་ལྟ་བུར་བཙིར་ནས་དཔྲལ་བ་རྔུལ་འཛག་གི་དཀའ་སྤྱད་ལ་མ་ལྟོས་པར་ལན་རེ་ལན་གཉིས་གཟིགས་པ་ཙམ་གྱིས་ཐུགས་སུ་ཆུད་ལ། དེ་ཡང་ཐུགས་སུ་ཆུད་དོ་བའི་དཔེར་ན་གསར་མའི་དཀྱིལ་འཁོར་གཅིག་གི་རིགས་འགྲེ་དཀྱིལ་འཁོར་ཐམས་ཅད་ལ་འགེབས་པ། རྗེས་གནང་ལ་གཅིག་ཤེས་ཀུན་གྲོལ། རྙིང་མའི་སྒྲུབ་འཕྲིན་ཀྱང་སྣ་གཅིག་པུ་དེ་ག་ཚང་མར་ཁྱེར་ནས་གོང་མའི་ཕྱག་ལེན་མཐའ་དག་ཉ་དང་ཉུག་མ་བསྲེས་པའི་ཁྱད་ཆོས་ཅུང་ཟད་ཙམ་ཡང་མི་མཛད་པར་བཀའ་མལ་མདོ་སྒྱུ་སེམས་གསུམ་གྱི་དབྱེ་བ། དེ་ལའང་རྨ་གཉགས་གནུབས་གསུམ། སོ་ཟུར་ཉང་སོགས་སོ་སོའི་བཀའ་བབས་དང་བཞེད་ཚུལ། གཏེར་ཁ་གོང་འོག །གནུབས་གཏེར། བྱང་གཏེར། གླིང་པ་བཅུ་གཅིག །དྲི་མེད་གསུམ་གྱིས་མཚོན་པའི་གཏེར་ཁ་སོ་སོ་དང་རྗེས་འབྲང་གི་བླ་མ་རྣམས་ཀྱི་ཕྱག་ལེན་མི་འདྲ་བའི་ཁྱད་པར། གསར་མའི་རྒྱུད་སྡེ་བཞིའི་དབང་རྗེས་གནང་འཁྲིད་རྒྱུད་བཤད་ལ་རྡོ་རྗེ་འཆང་ཕ་བོང་ཁ་པ་འདི་ལྟར་མཛད་ཅེས་སྐབས་ཐོབ་མ་འདྲེས་པ་དང་ཁྱད་པར་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་ཡོངས་འཛིན་དུ་བསྟེན་པ་ནས་བཟུང་སྤྱིར་ས་(༡༡༢བ)


GLG009_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་དང་སྒོས་ཁའུ་བྲག་རྫོང་པའི་དབང་བྱིན་རླབས་རྗེས་གནང་རིག་གཏད་འཁྲིད་མན་ངག་མཐའ་དག་ལ་འདི་ནི་འདིའོ་ཞེས་ཤིན་ཏུ་ཞིབ་ཆ་ཆེ་བའི་གངས་ཅན་འདིར་འགྱུར་རོ་ཅོག་གི་ཆོས་ཀུན་ལ་འདི་ཁོ་ནར་སྦྱངས་འདུག་སྙམ་པ་མ་གཏོགས་ད་ལམ་རང་ཨོ་ཟོབ་ཟོབ་དང་སྤོམ་ཡོར་ཡོར་ཡིན་འདུག་སྙམ་པའི་རྣམ་རྟོག་ཟ་བ་ཅུང་ཟད་ཀྱང་མ་མཐོང་བས་འཇམ་དབྱངས་གཞོན་ནུ་མཐོན་མཐིང་རལ་པའི་ཟུར་ཕུད་དོར་ནས་བྱོན་ཀྱང་འདི་ཕན་ལས་འགྲོ་རྒྱུ་མེད་བསམ་པ་ཡོད། སྔར་ནས་ཞལ་འདྲིས་མེད་པ་དང་ཡོད་ཀྱང་མི་གུས་པའི་རྣམ་འགྱུར་ཁོ་ན་ལྷུར་ལེན་ཅིང་དངོས་དང་བརྒྱུད་པའི་སྒོ་ནས་སྐུ་ལ་སྡོ་བ། རིགས་ལ་བརྙས་པ་སོགས་དགྲ་གུས་པའི་གཉེན་བཏང་སྙོམས་པ་བར་མའི་འགྲོ་བ་མཐའ་དག །རིགས་པའི་དབང་ཕྱུག་གིས། ཙནྡན་སྟེའུར་མཚུངས་པ་ལ། །ཆགས་བྲལ་ཞེས་ནི་བརྗོད་པ་ཡིན། །ཞེས་གཡས་ནས་ཙནྡན་གྱི་ལྡེ་གུས་བྱུག་པ་དང་གཡོན་ནས་སྟ་རེ་ཕྱར་ཏེ་གནོད་པ་བྱེད་པ་གཉིས་མཉམ་པ་ཉིད་ཁོ་ནར་གཟིགས་ཏེ་རྗེ་དཔོན་དང་སྡེ་དགོན་གྱིས་ཆད་པ་དྲག་པོས་གཟིར་ཏེ་སྡུག་བསྔལ་བ་རྣམས་ལ་ཐབས་དུ་མའི་སྒོ་ནས་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ། སྡེ་ཕན་ཚུན། བླ་གྲ། དཔོན་གཡོག །གྲོང་པ་ཡུལ་པ། སྤུན་ཟླ་ཁྱོ་ཤུག་སོགས་ནང་མ་འཆམ་པར་ཁྲིམས་རར་གཏུག་པ་ལ་མངོན་དུ་ཕྱོགས་ནས་རང་གཞན་ཀུན་མཉམ་ཉེས་ཀྱི་སྦྱོར་བ་ལ་བརྩོན་པ་རྣམས་ལ་ཁེ་ཉེས་དམིགས་དགེ་བཤད་སྡིག་གྲོལ་གྱི་བསླབ་བྱ་བར་པ་རྒྱུ་འདོན་གྱི་གནང་སྦྱིན་སོགས་ཐབས་དུ་མའི་སྒོ་ནས་བཟླུམས་ཏེ་བདེ་འཇགས་སུ་འགོད། འཕྲལ་དུ་ཐུགས་ལ་ཕོག་པའི་རིས་ལའང་དུས་རེ་ཞིག་མ་གཏོགས་ཕུགས་མ་ནས་འཁོན་དུ་འཛིན་པའི་གནག་པའི་མཐར་ཐུག་མི་མཛད་པར་སླར་ཐུགས་རྗེ་ཆེན་པོས་རྗེས་སུ་འཛིན་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་(༡༡༣བ)


GLG009_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་ཞལ་གདམས་སུ། གཡོག་པོ་སྲག་སྲེག་མང་པོ་ལས་ཀ་མི་ཡོང་བ། བཟའ་བ་ཡོང་བ། འབུལ་བ་བཙལ་ནས་མི་ཡོང་བ། ཁ་སྨྲས་བཙལ་ནས་ཡོང་པ། ཆ་རྐྱེན་ཁྱེར་ནས་མི་ཡོང་པ། གོད་ཁ་ཁྱེར་ནས་ཡོང་བ། གཏམ་སྙན་ཁྱེར་ནས་མི་ཡོང་བ། གཏམ་ངན་ཁྱེར་ནས་ཡོང་བ་དེ་ལྟ་བུའི་གཡོག་པོ་འཁོར་དུ་མི་བཞག་པ་གལ་ཆེ། བཞག་ན་གུས་ཞབས་ཡེ་མ་བྱུང་ནའང་ལོ་གཅིག་ལ་ཟན་སྟོང་བརྒྱད་ཅུ་བྱ་ན་དང་བཅས་པ་འཆོར་བ་ཡིན་པས་དེ་འདྲ་མི་འཇོག་པ་གལ་ཆེ། ཞེས་གསུངས་པ་ལྟར་མཁྱེན་རབ་དང་རྣམ་དཔྱོད་འདི་ཙམ་ལ་སྔར་འཕྲིན་ལས་ཆུང་དུས། ཕྱག་བྲིས་གནང་བ་རྣམས་མ་གཏོགས་ཕྱིས་ཀྱི་ཕྱག་དཔེ་རྣམས་ཡིག་གཟུགས་སྡེབ་བརྡ་དག་ལེགས་རྒྱུ་མེད་ཅིང་བཀའ་བརྒྱད་པོད་དགུས་གཙོས་པའི་གླེགས་བམ་མང་པོ་བཞེང་བའི་དགོངས་པ་བསྟད་རུང་དེ་རིས་ཀྱི་ཡོན་ཏན་ཅན་ཆེད་དུ་ཞབས་ཕྱིར་བསྐྱིལ་བའི་ཐུགས་རྩོལ་ཞན་ཞིང་དགོན་པའི་རིས་ཀྱི་གྲ་པ་བསྟན་བཤིག་ཕྱིར་ལྡོག་ན་དགེ་འདུན་གྱི་དབྱེན་བྱེད་མཁན་རྣམས་ལྟོ་གོས་ཀྱིས་མགོ་བསྐོར་ནས་ཐབས་ཀྱིས་བསྐྱིལ་བ་ནག་ཅན་གཞན་དུ་འགྲོ་མི་ནུས་པ་ཆོས་འཇིག་རྟེན་གཉིས་ཀ་མི་ཡོང་བའི་མི་འཁྱམས་མང་པོ་ཞབས་ཕྱིར་བསྟེན་པ་གཞན་དག་འདྲས་འདི་འདྲ་ལྟོ་གྲོན་ཆེ་ལ་ཕྱག་གཡོག་ཏུ་མི་འགྱུར་ཚུལ་ཞུས་པ་ན་དངོས་གཞི་དེ་ག་འདྲ་ཞིག་འདུག་ཀྱང་ཡོང་ཐང་ཆེན་པོ་ཆོ་གང་བྱས་ཀྱང་ལས་སླ་འདི་འདྲའི་རིས་ཚོ་མི་ཚེ་ཕྱིད་པ་དཀའ་པོ་ཡོང་བས་སྙིང་རྗེས་སྐྱོང་བའི་ཡུལ་ཡིན། ངེད་རང་གི་ཉམས་ལེན་རྒྱ་ཆེན་པོ་ཞིག་མ་ཐུབ་ཀྱང་ཐེག་པ་ཆེན་པོ་བློ་སྦྱོང་དང་སྤྲོས་བྲལ་བདེ་ཆེན་མའི། འདི་ལྟར་མིག་གི་ཡུལ་དུ་སྣང་བ་ཡི༔ ཞེས་སོགས་ཤློ་ཀ་གསུམ་པོའི་དོན་དང་མ་འགལ་ཙམ་ཞིག་དགོས་རིས་སུ་འདུག །བླ་མ་(༡༡༣བ)


GLG009_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་བསྟེན་ནས་ཆོས་ལ་ཐོས་བསམ་བྱས་པའི་དགོས་པ་བདེ་སྡུག་གི་རྟོགས་པ་གང་ཤར་སྤང་གཉེན་གྱིས་ཟིན་པ་ཞིག་མ་བྱུང་ན་དྲེད་པོ་ཆོས་རྒྱུས་མཁན་ཆོས་དང་གང་ཟག་ཡ་བྲལ་དུ་འགྲོ་བས། རྒྱལ་སྲས་རིན་པོ་ཆེས། ལྟོ་འགྲངས་ཉི་མ་དྲོ་ཚེ་ཆོས་པོའི་གཟུགས། །རྐྱེན་ངན་སྡུག་བསྔལ་བྱུང་ཚེ་ཐ་མལ་པ། །ཞེས་གསུངས་པའི་དོན་དུ་མ་སོང་བ་ཞིག་དགོས། ཞི་བ་ལྷས། གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །ཞེས་གནོད་ལན་དུ་བཟོད་པ་བསྒོམ་པ་ནི་གནད་ཆེན་པོ་ཡོད་ཚུལ་རྡོ་རྗེ་འཆང་ཕ་བོང་ཁ་པ་གསུང་ཞེས་རྒྱུ་མཚན་ཡང་ཡང་དུ་མཛད། མི་དབང་བསོད་ནམས་རབ་བརྟན་གྲུབ་མཐའི་དབང་གིས་ཞལ་མཛེས་ཙམ་ལས་གཏིང་ནས་ཡེ་མི་དགྱེས་པས་ཤ་ཚར་བཅར་བའི་ཐུགས་འདོགས་མི་གནང་བ་མཁྱེན་རུང་བདེ་གཟར་སྔ་ཕྱི་བར་གསུམ་ཚང་མར་ལས་སྦྱོར་གྱི་སྐུ་རིམ་དང་སྡེ་པའི་སྐུ་ཚེ་བར་ཆད་སེལ་བྱེད་ཀྱི་སྲུང་འཁོར་འབུལ་བ། བརྟག་པ་དང་མོ་ཕྱྭ་རྩིས་བསྡུར་མཛད་ནས་སྐུ་རིམ་གྱི་ཞབས་བསྐུལ་ཤ་བརྒྱབ་རུས་ནའི་དཔེ་ཁོ་ན་གནང་། རྗེ་ཉིད་ཀྱི་སྐུ་དགྲ་སྒེར་དམིགས་ཀྱི་རིས་ལ་ད་ལམ་རང་ལས་སྦྱོར་ཙམ་མཛད་ན་བསམས་ཀྱང་ཞག་འཕུལ་ཉིན་འཕུལ་ཁོ་ནར་འགྲོ་བའི་ཞིབ་མོར་དཔྱད་ན་སེམས་ཅན་མཐའ་དག་ལ་རིས་སུ་མ་ཆད་པའི་བརྩེ་བ་སྙིང་རྗེ་ཆེན་པོ་ཕྱག་ན་པདྨ་མངོན་སུམ་དུ་ཀྲོང་གིས་བྱོན་བྱུང་ཡང་དེ་ལས་ལྷག་པ་ཞིག་འོང་དོན་མེད། སོག་པོ་ནོར་བུ་རིན་ཅེན། ཧོར་སྟོད་པ། འབྲུག་པ་ངག་དབང་རྣམ་རྒྱལ། ཀོང་ཀར་སྲིད་ཀྱི་བླ་དཔོན་སོགས་མིང་ཡིག་དམིགས་སུ་བཅུག་ནས་ལས་སྦྱོར་གང་མཛད་ལོ་ལྔ་དྲུག་ཙམ་ལས་འཕྱི་མཐའ་བྱས་ཏེ་དང་པོའི་སངས་རྒྱས་འཇམ་དཔལ་གྱི་ཞིང་དུ་སྤྱན་དྲངས་པ་ཁོ་ན་ཡིན། འབྱུང་པོ་མ་རུངས་པས་འཚེ་བ་ལ་སྲུང་བཅོས་བྱིན་རླབས་ཅི་(༡༡༤ན)


GLG009_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་ཞིག་མཛད་ཀྱང་རྟགས་མཚན་འཕྲལ་དུ་ཐོན། འཕྲལ་ཐུགས་ཆེ་འགྱིངས་སོགས་མེད་པའི་དྲག་ཞན་མཐའ་དག་ལ་གུས་འདུད་ལྷུར་མཛད་ཀྱང་བླ་ཆེན་དུ་རློམས་ནས་ཆོས་སྐྱོང་གི་རིས་ཀྱི་ལྡེར་སྐུ་དང་གསེབ་ཀྱི་ཞབས་ལ་འཇུས་ནས་ཚེ་རིང་བ་དང་ནད་མེད་པ་དང་ང་ལ་བར་ཆད་མ་གཏོང་སོགས་ཀྱི་གསོལ་འདེབས་མི་མཛད་པར་འཇིག་རྟེན་ལས་འདས་པ་དང་མ་འདས་པའི་བསྟན་སྲུང་དྲེགས་པ་ཀུན་གྱི་གཙུག་ཏུ་རྡོ་རྗེའི་ཕྱག་རྒྱ་བཀོད་ནས་དམ་བསྒྲགས་པ་བརྟུལ་ཞུགས་གྲུབ་པའི་རྟགས་མཚན་སོགས་མཐུ་སྟོབས་ཀྱི་ཁྱད་པར་ནི་ལྕང་ལོ་ཅན་ནས་གསང་བའི་བདག་པོ་གར་དགུའི་ཉམས་ཀྱིས་རོལ་པ་དང་རྣམ་པ་ཙམ་ལས་ངོ་བོ་ཐ་མི་དད་པར་ངེས། འཕྲལ་དུ་མོ་རྩིས་ཀྱི་རྣམ་པ་མཛད་ནའང་དོན་དུ་རྫོགས་པ་ཆེན་པོའི་འོད་གསལ་ཁོར་ཡུག་གི་ངང་ནས་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཀུན་རྗེན་པར་གཟིགས་ཉམས་ཀྱི་འབྱུང་འགྱུར་གྱི་གསུང་འཕྲོས་གང་མཛད་ཐོག་ཁོ་ནར་འགྲོ་བས་རྒྱལ་དབང་པདྨཱ་ཀཱ་ར་གཉིས་པ་ལས་གཞན་དུ་མ་གྱུར་པ་སོགས་རྡོ་རྗེ་འཆང་ཀུན་སྤངས་ཆོས་རྗེས་ངེད་དང་གྲུབ་ཐོབ་ལྕགས་ཟམ་པའི་རྣམ་ཐར་གཞན་གྱིས་བློར་མི་ཆུད་གསུངས་པའི་མཆེད་ཟླར་མངོན་པས་རང་བློར་ཤར་ཚོད་ཀྱི་སྙིང་པོ་ཙམ་བསྡུས་ཏེ་སྨོས་པ་ཡིན་ནོ། །རིམ་གྱིས་འབྲས་སྤུངས་སུ་ཕེབས་ཟླ་བ་གཉིས་ཙམ་སྟན་ཆགས་གྲ་ཚང་གི་གྲ་པ་ཉི་ཤུ་སྐོར་ལ་སྔགས་རིས་ཀྱི་བསླབ་སྟོན་དང་འདུལ་བ་སློབ་དཔོན་བློ་གྲོས་རྣམ་རྒྱལ་ལ་འཕོ་འཁྲིད་སོགས་འདོད་ཆོས་འགའ་ཞིག་སྩལ། གཏེར་སྟོན་ཨོ་རྒྱན་གླིང་པའི་གཏེར་མའི་བོད་སྲིན་མོ་གན་རྐྱལ་དུ་བསྒྱེལ་བའི་ཤོག་སེར་བུ་ཡིག་གི་སྟེང་ནས་རས་གཞི་ལ་ཞིང་བཀོད་ཆེ་བ་ཞིག་ཕྱག་བྲིས་སུ་གནང་། ངེད་ཀྱི་ཉམས་འཁྲིད་དབང་ལྗགས་ལུང་མང་དུ་ཞུས། དབང་རྣམས་རྫོགས་རེས་ཀྱིས་བདག་གིས་གང་ཐོབ་ཀྱི་ཆོས་རྣམས་ད་ཆ་ཕལ་ཆེར་རྫོགས་(༡༡༤བ)


GLG009_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཞེས་རིང་པོར་མི་བཞུགས་པའི་བརྡ་ཆོས་གསུང་ཡང་ཀྱལ་ཀ་ལྟ་བུར་གོ །ཟླ་བ་བདུན་པའི་ཚེས་གསུམ་གྱི་ཉིན་གནས་ཆུང་ལྕོག་ནས་ཆོས་སྐྱོང་ཆེན་པོས་རིག་པ་འཛིན་པ་འདི་འདྲ་ཕྱིས་ནས་རྙེད་པར་དཀའ་བས་ཆོས་ལ་རྩོལ་འདོན་གྱིས་གསུང་བ་རང་བཞིན་གྱི་བསྐུལ་མ་ཡིན་ནམ་སྙམ་པ་ལས་གཞན་པའི་རྣམ་རྟོག་མ་འཕྲོས། ངེད་ཀྱིས་ཚེ་དཔག་མེད་འཆི་མེད་འོད་སྣང་གི་དཀྱིལ་འཁོར་ལ་བརྟེན་པའི་བརྟན་བཞུགས་ཕུལ་བའི་ཚེ་གཏོར་མར་ཆབ་སྦྲན་པ་མར་མེ་ལ་ཕོག་ནས་སྐད་ཅིག་ལ་ཤི་བ་སོགས་རྣམ་རྟོག་ཟ་བའི་ལྟས་མི་ལེགས་པ་འགའ་ཞིག་བྱུང་། དེ་ཡང་གཟིམས་ཁང་ཤར་པ་ཚོར་ད་ལོ་ངེད་ཀྱིས་མེ་ཏོག་མཆོད་པར་མ་ཡོངས་པར་བླ་ཚབ་ཅིག་བཏང་ན་དིང་སང་གཞན་འདྲས་བྱེད་སྐབས་ཤུལ་ཆུང་ཁྱད་ཡོང་གསུངས་པར་རྒན་པ་རྣམས་ཀྱིས་ཕེབས་དགོས་ཚུལ་ནན་དུ་གསོལ་བར་ངེད་དེ་ལྟར་བསམས་ཀྱང་འདོད་པར་ཡོད་ན་བྱས་ཆོག་ཅེས་ཞལ་གྱིས་བཞེས་ཚག་གུར་བའི་ནང་མི་སོགས་ཕྱོགས་ཕྱོགས་ཀྱི་སྦྱིན་བདག་འདྲ་ལའང་ད་ལོ་མེ་ཏོག་མཆོད་པར་ཅིས་ཀྱང་ཤོག་གནང་ཞིང་སོ་སོའི་བློ་དང་འཚམ་པར་བསླབ་སྟོན་རྒྱས་པར་མཛད། གུང་ཐང་དཀར་མེ་བ་ཚོར་བདག་ཁྲོམ་ལ་ཡོང་དགོས་པའི་ཀ་པེ་མ་མི་འདུག་གྲ་གང་འགྲིག་གྱིས་གསུང་བར་ཁོང་ཚོས་ཞུ་ནན་ཕུལ་བར་དོ་ཞག་ནས་ཤུལ་ཆེ་བ་མི་ཡོང་ན་ཡོངས་ཆོག་ཕེབས་པས་གདན་ས་འཇོག་པའི་ལོ་མཚམས་ལྟ་བུ་གནང་རྒྱུ་བཞིན་ཡིན་ནམ་སྙམ་པ་ལས་རྣམ་རྟོག་གཞན་འཕྲོས་ཚོད་མི་འདུག །འབྲས་སྤུངས་སུ་ཕེབས་གདོང་ཚག་གུར་སྡེ་པ་བསོད་ནམས་རྣམ་རྒྱལ་ལ་ཁྱེད་ངེད་དང་ལྷན་དུ་འགྲོའམ་ཇི་ལྟར་བྱེད་གནང་བ་ནང་དུ་ལོག་ཚུལ་གསོལ་བ་ན་ཕྱག་མདུད་ལེགས་པ་ཞིག་སྩལ་སླར་ཕྲད་ཡོང་ཤས་ཆེའང་ཁྱེད་ཚང་སྡིག་ཆེ་བ་འདུག་པས་འཛེམ་དགོས་ཚུལ་སོགས་ཀྱི་བསླབ་སྟོན་དང་བླ་བྲང་ནས་ཕྱིར་(༡༡༥ན)


GLG009_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་གདོང་མགུལ་ནས་སྐུ་སྲུང་ཞིག་བཀྲོལ་ཏེ་ཐུགས་སྲས་མར་གནང་བ་སོགས་ཀྱང་རྗེས་སུ་བཏགས་ན་ཡུན་དུ་མི་བཞུགས་པའི་བརྡ་ཆོས་སུ་མཆིས། ཟླ་བ་བཞི་པ་ཙམ་གྱི་ནང་དུ་གུང་ཐང་མཆོད་ཁང་རྩེར་བཞུགས་པའི་ནུབ་ཀྱི་མནལ་ལམ་དུ་རྗེ་བླ་མ་དང་ངེད་དཔོན་སློབ་ལྷན་ཅིག་ཏུ་རི་ལོགས་ཤིག་ལ་བྱོན་པར་ངེད་ཚོའི་རིའི་སྟོད་དུ་སོང་ཞིང་རྗེ་ཉིད་སྨད་དེར་ཕེབས་ནས་གཟིགས་རྟོག་མ་ཆུག་པའི་མུར་མི་ནག་པོ་གཉིས་ཀྱིས་འཛིན་པར་འོངས་ཞེས་སྐུ་ལ་མཐོ་འཚམ་པ་བསྙེན་ཕུར་གྱིས་ཕྱིར་དེད་པ་ཞིག་བྱུང་གསུངས། ལགས་རབ་བརྟན་གློ་བུར་དུ་ན་བར་སྨན་སྒོམ་འབྲང་རྒྱས་པས་བླ་རྩའི་བབས་དཔོན་སློབ་རང་གི་སྐུ་ལ་ཉེན་པ་ཤར་བས་སྐུ་རིམ་གནང་དགོས་ཚུལ་ནན་བསྐྱེད་ཞུས་པར་ད་ལྟ་ལག་ན་ཡོད་པས་ཀ་ཅ་འདི་བཀའ་འགྱུར་གྱི་རྒྱུར་བསྔོས་གྲུབ་གསུངས་ནས་ཚལ་གུང་དུ་མང་ཇ་སོགས་ཉུང་ཟད་ལས་མ་མཛད། གུང་ཐང་པའི་གྲོང་པ་ཞིག་གི་ཁང་པ་ལ་གློ་བུར་དུ་མེ་ཤོར་བ། ཞང་རིན་པོ་ཆེའི་སྐུ་འདྲ་གསུང་འབྱོན་མའི་དབུ་ཞྭ་ལན་གཉིས་སར་ལྷུངས་པ། ཞབས་འབྲིང་པ་དང་གྲ་རིས་སོགས་ལ་རྨི་ལམ་ངན་པ་སྣ་ཚོགས་བྱུང་ཡང་ཚང་མ་དམུ་གབ་ཀྱིས་བཅིངས་པའི་རྣམ་རྟོག་ཆེར་མ་འཕྲོས། ཁྲོ་རྒྱལ་དཔལ་མགོན་གྱི་རྨི་ལམ་དུ་རྗེ་ཉིད་གྱང་ཞིག་ལ་བྱམས་བཞུགས་མཛད་ནམ་མཁའ་ནས་འཇའ་ཚོན་གྱི་སྣེ་ནར་གྱི་བཏང་བར་ཕྱག་གིས་འཇུས་ནས་ཐེགས་པ་བྱུང་བ་སང་ཉིན་སྙན་དུ་ཕུལ་ཞིང་གསོལ་བ་བཏབ་པས་ང་རང་ལའང་དེ་འདྲ་བ་འགའ་རེ་བྱུང་གལ་ལ་ཧོར་པའི་སྐུ་སྐྱེའང་གཤེགས་འདུག་ང་ལ་དེར་རང་ཡང་སྒར་ཆེན་མགྱོགས་ཉིན་འདོད་པ་འདྲ་ཕེབས་པ་སོགས་ཞིང་འདིར་མི་བཞུགས་པའི་རྟགས་མང་དུ་བྱུང་བར་སྣང་། ཧོར་ཟླ་བདུན་པའི་ཉེར་ལྔའི་ཉིན་གསར་མ་རྒྱུད་འབུམ་གྱི་ལྗགས་ལུང་གནང་བའི་འཕྲོ་ནས་ཆོས་མཚམས་(༡༡༥བ)


GLG009_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། སྔར་ཕན་རྟེན་འབྲེལ་གྱིས་ལྗགས་ལུང་གཞན་མའི་ཚིག་བཀྲ་ལེགས་པ་ཞིག་ནས་དབུ་འཛུགས་ཆེད་གཉེར་གནང་ཡང་ད་ལམ་དེ་འདྲའི་པར་བཀབ་མ་བྱུང་། འཕྲལ་རྐྱེན་སྔར་སྨོས་པ་བཞིན་སློབ་མ་དམ་ཚིག་དང་མི་ལྡན་པར་ཟབ་ཆོས་སྩལ་བ། བསྟན་སྲིད་ཀྱི་ཆེད་དུ་བདེ་གཟར་སྔ་ཕྱི་བར་གསུམ་མཐའ་དག་ལ་དྲག་ལས་ཀྱི་སྐུ་རིམ་མངས་ཤིང་གཞུང་གི་གཉེར་ལས་འཛིན་པ་ལའང་བདེ་གཟར་སྔོན་མའི་དུས་དགྲའི་ལྟེ་བོའི་རིས་ཀྱང་མ་ངེས་པར་འོང་བ་སོགས་དམ་སེལ་གྱི་རིས་འབད་མེད་ལྷུན་གྲུབ་ཏུ་བྱུང་ཞིང་བདག་གཞན་མཉམ་བརྗེ་ལྟ་བུའི་དགོངས་པས་ཁྱབ་འཇུག་གི་སྲུང་བཅོས་ལའང་འཛེམ་བག་ཡེ་མེད་པའི་ཧ་ཅང་རྒྱ་ཆེས་པས་སྒོ་དུ་མ་ནས་སྐུ་ཚེའི་བར་ཆད་དུ་སོང་ངམ་སྙམ། འོན་ཀྱང་དམ་པའི་རིས་ཞིང་ཁམས་གཞན་དུ་གཤེགས་པར་གཞོལ་བའི་ཚེ་སྡེ་བརྒྱད་རྣམས་ཀྱང་བསུ་མའི་ཚུལ་ལ་སྤྲོ་བའང་ཡོད་འཕྲོས་སུ་སྣང་། གཙོ་བོར་ཞིང་འདིའི་མཛད་པ་ཕལ་ཆེར་རྫོགས་ནས་རྔ་ཡབ་པདྨ་འོད་དུ་ཕེབས་པར་དགྱེས་པའི་རྒྱུས་ངེད་ཀྱི་གམ་ནས་ཕྱིར་བྱོན་པའི་བཞུགས་གནས་སུ་འབྱོར་མ་ཐག་སྐུ་ཁམས་ཉོགས་ཏེ་ཅུང་ཟད་བསྙུན་པའི་ཚུལ་བསྟན་ཏེ་ས་སྲོད་ཙམ་ལ་ལྟར་སྣང་དུ་སྐུའི་བཀོད་པ་བསྡུས་ནས་ཞག་གསུམ་གྱི་རིང་ཆོས་ཉིད་ཀྱི་བར་དོའི་འོད་གསལ་ལ་མཉམ་པར་བཞག་ནས་ཆོས་དབྱིངས་བདེ་བ་ཆེན་པོའི་ཀློང་དུ་གཤེགས། ཞིང་ཁམས་འཕོས་ཚུལ་བསྟན་མ་ཐག་པ་ནས་གདུང་ཡིད་བཞིན་ནོར་བུའི་དྲུང་དུ་དངོས་འབྱོར་གྱི་མཆོད་པ་ཤིན་ཏུ་རྒྱས་པ་སྙན་དར་སྨོན་ལམ་ཚིགས་བཅད་མ། བླ་མ་དཀྱིལ་འཁོར་འཁོར་ལོའི་མགོན་པོར་བཞུགས་པ་ལ་བསོད་ནམས་ཀྱི་ཚོགས་གསོག་པ་དང་དབང་བཞི་ལེན་པ་སོགས་ནན་ཏན་ཏུ་བྱས་ཐུགས་དམ་གྲོལ་ནུབ་ངེད་ཀྱི་རྨི་ལམ་དུ་རྗེ་བླ་མ་ལྷོ་ནུབ་ཕྱོགས་ཀྱི་ཐག་རིང་བ་ཞིག་ལ་ཐེགས་རྒྱུའི་ཁུལ་གྱིས་ཕྱག་གཡོག་(༡༡༦ན)


GLG009_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དམངས་དང་རྟ་སྒ་གཏད་པ་སུམ་ཅུ་ཙམ་དགོན་གཤམ་དུ་རོལ་རོལ་འདུག་པ་སྔར་འདི་འདྲའི་སྤྲོས་པ་མི་མཛད་པར་ད་ལམ་གཟི་བརྗིད་ཆེན་པོ་ཞིག་གནང་བ་ཅི་ཡིན་སྙམ་པ་ཤར། རྗེ་ཉིད་གཟིམས་ཆུང་རབ་གསལ་དུ་ཤར་མར་ཕེབས་ནས་སྣང་གསལ་བ་བཀྲ་ཤིས་རྒྱ་མཚོའི་དག་སྣང་ཚེ་དཔག་མེད་ཧྲཱིཿགཅིག་མའི་དབང་ལུང་གཉིས་ཀ་སྔར་ནས་ཕུལ་ཟིན་ཀྱང་ཉམས་འཁྲིད་ལུས་སོང་བ་ད་ལམ་འབུལ་ཞེས་ཚར་གཅིག་ཐུགས་ལས་ཤར་གྱིས་གསུངས་ནས་རིང་སྟབས་སུ་ཐེགས་པ་བྱུང་བ་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ངམ་སྙམ། གནས་ཚུལ་རྡོ་རྗེ་བྲག་ཏུ་གསན་མ་ཐག་སྤྲུལ་སྐུ་རིན་པོ་ཆེ་མཆོད་འབུལ་ལ་ཕེབས་དབུ་ཞྭས་གཙོས་པའི་མགྱོགས་བསྔོ་ཕུལ། ཐུགས་དམ་མ་གྲོལ་བར་གསང་སྒོའི་རྣམ་པ་བྱས་པར་གོ་བོ་སྤྱི་ཁང་དུ་སྡོད་མི་འདྲས་དགའ་ལྡན་ཕོ་བྲང་ནས་རེ་མ་ཁང་གི་བར་དུ་འཇའ་དཀར་པོ་ཏལ་མར་ཟུག་པ་མཐོང་བས་བླ་མ་དེ་གྲོངས་ཡོད་པ་ཐག་ཆོད་གླེངས། སྐུ་རིམ་དུ་མིང་བཏགས་པའི་གྲ་ཚང་གི་གྲ་པ་ཁ་ཤས་ཀྱིས་ཐུགས་རྗེ་ཆེན་པོའི་ཆོ་ག་བཏང་། ཉེ་ལེན་ཡིན་ཁུལ་གྱི་མཆོད་དཔོན་པ་ཡང་ཡང་ཕྱིན་པར་སྐུ་མདངས་སྔ་དྲོ་དགོངས་ཞོགས་ཀྱི་བར་ལའང་ལེགས་སུ་སོང་བའི་ཞིང་མ་བརྗེས་པ་འདྲ་མོ་འདུག་ཟེར། ལགས་ཨ་གུར་རབ་བརྟན་ངག་དབང་འཕྲིན་ལས་སོགས་སྐུ་ཉེ་རྣམས་ཀྱིས་གྲོས་ཐོག་ནས་དགོངས་རྫོགས་ཀྱི་དོ་དམ་པ་ཞིག་དགོས་ཚུལ་བྱུང་བ་ལྟར་ཞང་ཚ་དཀོན་ཅོག་རྣམ་རྒྱལ་བཏང་། དགོངས་རྫོགས་ལ་སེར་འབྲས་གཉིས་སུ་མང་ཇའི་ཐོག་བླ་མ་ཁྲི་གདན་ཟུར་བསྡོམས་པ་བཅུ་དྲུག་ལ་སོ་སོར་བདུན་ཚན་རེ། ཕ་བོང་ཁར་མང་ཇ་དངུལ་གདུང་རིན་པོ་ཆེར་སྙན་ཤལ་མཆོད་འབུལ་གདན་ས་བར་དགུ་ཚན། འཕྲུལ་སྣང་ར་མོ་ཆེ་པོ་ཏ་ལ་གསུམ་དུ་དངུལ་སྲང་ལྔ་བཅུ་གཞལ་བའི་དཀར་མེ། ཇོ་བོ་ཤཱཀྱ་མུ་ནིར་ལིང་སེར་གྱི་སྣམ་སྦྱར། སྙན་(༡༡༦བ)


GLG009_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཤལ་ཆེ་བ་གསུམ། དེ་ཕྱིན་དམར་ལྕགས་བསྡོམས་པའི་མཆོད་ཁང་སུམ་ཅུ་སྐོར་ལ་སོ་སོར་སྙན་དར་གསུམ་རེ་མཆོད་པ་སྣ་ལྔ། ཚལ་གུང་དུ་མཆོད་པ་སྙན་ཤལ། ཆོས་ཁྲི་བ། གཟིམས་ཁང་ཤར་པ། ཟིང་པ་བ་གསུམ་བསྡུས་ཀྱི་གདུང་ཆོག་པ་སུམ་ཅུ། གྲུབ་ཆེན་ཀརྨ་གསང་སྔགས་པའི་སྤྲོས་མེད་འོད་གསལ་དོན་གྱི་མཆོད་འབུལ། གཏོར་མ་བ་གཅིག །སྐུ་ཉེ་གྲ་རིས་སྦྱིན་བདག་སོགས་ཀྱི་གདུང་མཇལ་ལ་འོངས་པའི་དཀར་མེ་སྙན་དར་སོགས་མཆོད་འབུལ་རྒྱས་པར་བྱས། རྩིས་བཤགས་པས་ཆུ་ལུག་བསམ་ཡས་སུ་ཕེབས་དུས་ཕྱག་འཕྲེང་གི་བརྟག་པའི་ཐོག་ཏུ་བབས་ཏེ་སྐུ་གདུང་རིན་པོ་ཆེ་མཆིམས་ཕུར་གདན་འདྲེན་པའི་སྟ་གོན་ལ་ལགས་ཨ་གུར་དང་རབ་བརྟན་གཉིས་ཀྱིས་དགོན་ཞབས་བར་རེ་མོས་ཀྱིས་གདན་དྲངས། དེ་ནས་ཆུ་ཁ་བར་འདོ་ལེ་ལ་བཏེག་ནས་ལགས་ངག་དབང་འཕྲིན་ལས། དཔལ་ནོར་བུ། དགོས་ནོར། བཀྲ་ཤིས་བཞིས་སྤྱན་འདྲེན་ཞུས། སང་ཉིན་ཀོ་གཞུང་ལ་ཕེབས་པ་ནས་བཟུང་འཇའ་སྤྲིན་རྩིབས་ཤར་གྱེན་བསྒྲེང་ཟ་འོག་མིག་མང་རིས། ཉི་མ་དང་ཉེ་བའི་སྤྲིན་ཐམས་ཅད་འཇའ་རིས་ཀྱི་རྣམ་པ་རྒྱུན་མི་ཆད་པའི་ངང་ནས་ཐུབ་བསྟན་རྡོ་རྗེ་བྲག་གི་མདུན་དུ་དར་ཅིག་ཀོ་བ་འགྱིངས་པ་ནི་སྤྲུལ་སྐུ་རིན་པོ་ཆེས་གཙོ་མཛད་དད་འདུས་ཀྱི་སློབ་བུ་རྣམས་ཐུགས་རྗེའི་སྤྱན་རས་ཀྱི་བྱང་ཆུབ་བར་དུ་བཙའ་བའི་བརྡར་མངོན། ཁྱད་པར་མཆིམས་ཕུའི་རི་མཐོང་བ་ནས་བཟུང་སྟེ་ཕྱོགས་ཀྱི་སྤྲིན་ཐམས་ཅད་ལྷའི་གཟུགས་དང་བཀྲ་ཤིས་རྟགས་བརྒྱད་ཀྱི་རྣམ་པར་སོང་། དུར་ཁྲོད་དུ་སྐུ་གདུང་ཞག་གསུམ་བཞུགས་རིང་གྲ་ནས་རིགས་འཛིན་འཕྲིན་ལས་ལྷུན་གྲུབ་དཔོན་སློབ་བཅོ་ལྔ་ཕེབས་ཏེ་སྐུ་གདུང་རིན་པོ་ཆེ་ཀུན་བཟང་དགོངས་པ་འདུས་པའི་དཀྱིལ་འཁོར་གྱི་གཙོ་བོར་གྱུར་པ་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་རྒྱ་ཆེར་མཛད། གསང་(༡༡༧ན)


GLG009_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཕུག་ཏུ་བཻ་རོ་ཙ་ནའི་ཕྱག་བཟོའི་སློབ་དཔོན་ཆེན་པོའི་སྐུ་བརྙན་གྱིས་གཙོས་པར་གསེར་ཆབ་སྤྱན་འབྱེད་དཀར་མེ་སྙན་ཤལ་མཆོད་པ། མཆིམས་ཕུའི་གྲ་ཚང་ལ་མང་ཇ་སྤྱི་འབུལ། དཔལ་རི་སྤྲུལ་སྐུར་གོས་ཕོད་ཀྱིས་གཙོས་པའི་དགུ་ཚན། བསམ་ཡས་མཐིལ་གྱི་མཆོད་ཁང་རྣམས་ལ་གསེར་ཆབ་སྙན་ཤལ་མཆོད་པ་ཁྱད་པར་བྱང་ཆུབ་ཆེན་པོར་གོས་ཕྲུག་ནག་པོའི་ཐོག་སེའུའི་གནས་བཅུ་ཚང་བའི་བླ་བྲེ་ཆེ་ལེགས། བར་ཁང་སྟེང་ཁང་གཉིས་སུ་འཕན་ཆ། རྡོ་རྗེ་བྲག་ནས་རིགས་འཛིན་སྤྲུལ་སྐུ་རིན་པོ་ཆེ་དཔོན་སློབ་ཉི་ཤུ་སྐོར་གྱིས་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་ཆོ་ག་ལ་བརྟེན་ནས་སྐུ་གདུང་རིན་པོ་ཆེ་འཕགས་མཆོག་ཕྱག་ན་པདྨ་དང་དབྱེར་མ་མཆིས་པར་སྲེག་རྫས་ཀྱི་མེ་མཆོད་ཕུལ་བའི་དུད་པའི་སྣེ་ལ་འོད་དཀར་པོ་སྡེར་མ་ཙམ་ཞིག་གསང་ཕུག་ཏུ་འཇའ་དཀར་ཟུག་པའི་སྟེང་དུ་སོང་བ་དེར་ཡོད་ཀུན་གྱིས་མཐོང་ཞིང་མེ་ཏོག་གི་ཆར་བབས། རྒོད་དཀར་པོ་ཞིག་གིས་ནམ་མཁའ་ནས་སྐོར་བ་བྱས་པ་འཕྲལ་གྱི་ལྟར་སྣང་ཙམ་ལས་དོན་གྱི་སློབ་དཔོན་ཆེན་པོའི་སྤྲུལ་བར་སེམས། པུར་ཁང་ལ་ཞག་གསུམ་གྱི་བར་དར་སྡིངས་པ་དཔོན་སློབ་ཀྱིས་མཆོད་པ་མཛད་ནས་ཞལ་ཕྱེ་བའི་ཚེ་དབུ་ཐོད་དང་ཐུགས་རིལ་པོ། གདུང་ལྕགས་གཅོད་དང་གདུང་ལོག་མང་དུ་ཕེབས། སྤྲུལ་སྐུ་རིན་པོ་ཆེར་སྐུ་ཕོད་ཀྱིས་གཙོས་པའི་དགུ་ཚན་གསུམ། སློབ་དཔོན་པས་དབུས་པར་སྤྱི་འབུལ། ཆོས་རྗེ་དར་སྡིངས་པར་གོས་ཕོད་ཀྱིས་གཙོས་པའི་དགུ་ཚན་གཉིས། གྲ་པ་རྣམས་ལ་སྤྱི་འབུལ། གདུང་ཐལ་རྣམས་དུར་ཁྲོད་གོང་དུ་བཞུགས་ཁང་བརྩིགས་བཞུགས་པར་སྐུ་དཀར་ཅོད་པན་ཕུལ། གདུང་རྣམས་གདན་དྲངས་པ་རྒོད་དཀར་ལ་ཐོག་ཏུ་ཁ་བ་བབས་པའི་རྡོག་པོ་རྣམས་ས་ལ་ལྷུང་མ་ཐག་འདབ་མ་ལྔ་དྲུག་བདུན་བརྒྱད་སོགས་མེ་ཏོག་གི་རྣམ་པར་སོང་། ཁྱབ་བདག་(༡༡༧བ)


GLG009_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་འགྱུར་བ་ཆེན་པོ་གཙང་དུ་བཞུགས་པ་དང་འགྲིག་པའི་སྐུ་གདུང་གི་བྱ་བ་ལ་གདན་འདྲེན་མ་ཐུབ། ཐུགས་དམ་གསལ་འདེབས་གོས་བེར་གྱིས་གཙོས་པའི་དགུ་ཚན་གསུམ་འབུལ་བ་དང་དངུལ་གདུང་གི་རབ་གནས་གཟུངས་བཞུགས་ལ་ཕེབས་དགོས་པའི་སྙན་གསན་ཕུལ་བ་ཞལ་གྱིས་བཞེས་ནའང་། སྡེ་བ་བསོད་ནམས་རབ་བརྟན་གྱིས་རྙིང་མ་བ་ཞིག་བྱུང་ན་མངོན་ཆུང་བ་ཙམ་ཡང་རབ་ཏུ་དགེ་ལུགས་པ་ཞིག་རང་འགབ། ས་སྐྱ་པའི་རིས་མ་འབོད་གསུངས་པར་བརྟེན་དེ་གའི་གསེད་བཀྲོལ་ཞུ་མཁན་བཏང་བར་ངེད་དཔོན་སློབ་གཉིས་སུ་སྔོན་ལ་ཡོང་ཡང་ཅིག་ཤོས་དེས་རྗེས་ཀྱི་བྱ་བ་བྱེད་པའི་ས་བཅད་ཡོད་རུང་བླ་མ་དམ་པའི་དགོངས་པ་མི་རྫོགས་པ་འདྲ་ཞེས་ཐུགས་ཅུང་ཟད་མི་དགྱེས་པའི་ཚུལ་མཛད་སྣང་། འབྲི་གུང་ཞབས་དྲུང་རིན་པོ་ཆེ། དཔོན་སློབ་པཎ་ཆེན་རིན་པོ་ཆེ། དགའ་ལྡན་ཁྲི་གདན་ཟུར་ལྕགས་ཟམ་སྤྲུལ་སྐུ། གསུང་སྤྲུལ། སྒམ་སྨྱོན་སྤྲུལ་སྐུ། གསང་ཕུ་གླིང་སྟོད་སྨད། ར་བ་སྟོད། རྩེ་ཤར། བཀྲ་ཤིས་ལྗོངས། ཚལ་སྟོད་སྨད། ཡེར་པ། རྨེ་རུ་བ། བཀའ་བརྒྱུད་ཕོ་བྲང་པ། རྩ་སྒྲུབ་སྡེ་པ། བཀའ་བརྒྱུད་ཆོས་སྡིངས་པ། ནེའུ་ཆུང་རི་པ་སོགས་བླ་མ་མང་པོར་བསྔོ་རྟེན། སྐུ་ཚིགས་ཐོག་ཚལ་གུང་གི་དགེ་འདུན་དྲུག་ཅུ་ཙམ་ལ་ཞབས་ཏོག །ཐུགས་རྗེ་ཆེན་པོའི་ཆོ་ག་སྟོང་རྩ་ལ་ཕན་བདེ་ལེགས་བཤད་གླིང་པས་ཞག་གསུམ་བཞུགས་ཤིང་དགུང་ཞག་པ་དང་བཅས་པའི་ཞབས་ཏོག་དུས་རེ་གཞིས་ཀ་ཤར་དང་གཞིས་ཀ་ཕྲ་མོ་གཉིས་ནས་བཏེག །གྲ་ཚང་ལ་བསྔོ་རྟེན་སྤྱི་འབུལ་དུ་བཀའ་བརྒྱད་གྲ་ཚར་ཕྱག་བྲིས་མ། རྔ་ཆས་གཙོས་པའི་ཚན་གྲངས། ཞང་རིན་པོ་ཆེའི་སྐུ་འདྲ་གསུང་བྱོན་མར་རྗེ་ཉིད་ཀྱིས་མེ་ཏོག་མཆོད་པར་བཞེས་པའི་དབུ་ཞྭ། གོས་བེར། ལྷ་ཁང་གཞན་མ་རྣམས་ལ་སྙན་དར་མཆོད་(༡༡༨ན)


GLG009_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། བདུན་ལྔ་པའི་ཞབས་ཏོག་ལགས་ངག་དབང་འཕྲིན་ལས་ཀྱིས་བསྟར། ཆོག་མང་ཚལ་གུང་གི་ཐོག་ཙ་རི་བ། སྒ་ལོ་ཕུག །ཁང་དམར་བྲག་པ། བཀྲ་ཤིས་འབྲུག་རྒྱལ། དགོན་པ་རྩེ་དང་འོག །བྱང་མཁར་བ། བཀའ་བརྒྱུད་ཆོས་སྡིངས་པ་རྣམས་ཀྱི་གྲལ་དབུ་ཡང་དགོན་སྤྱན་སྔས་མཛད་པར་འབུལ་བ་ཚ་ར་སྤྱི་འགྱེད། དེར་མ་འདུས་པ་སྤོས་དགའ་བ། གར་བུ་དགོན་པ་བ། མདོ་སྤྱིལ་བ། ཟིང་པ་སྟག་མགོ་བ། རིན་ཅེན་བྲག་པ་རྣམས་ལ་མང་ཇ་འགྱེད་བཅས། རྡོ་རྗེ་བྲག་ཏུ་མང་ཇ་ཕུར་པས་གཙོས་པའི་སྤྱི་འགྱེད་བཏང་། ཨོ་རྒྱན་རིན་པོ་ཆེ་དང་ནཱ་རོ་མཁའ་སྤྱོད་ཀྱི་པར་ལ་གདུང་ཚ་སོ་སོར་སྟོང་ཕྲག་ལྔ་རེ་སྨན་སྒོམ་འབྲང་རྒྱས་པས་ཁུར་བསྐྱེད་ནས་བཏབ་པར་གསེར་དངུལ་མཚལ་གསུམ་གང་བབས་ན་བཟའ་སྦྲན་ནས་དད་རྟེན་དུ་བཀྱེ། སྤྲུལ་བའི་སྐུ་མྱུར་འབྱོན་གྱི་གསོལ་འདེབས་དགོས་ཚུལ་བཞིན་བརྩམས་ནས་ཕན་བདེ་ལེགས་བཤད་གླིང་པ་དང་དགོན་ཁག །ཚེས་བཅུ་བ་རྣམས་ལ་བཙུགས། སྦྲེ་བོན་པོ་ལུང་པ་སོགས་ཕྱོགས་མཐའི་བླ་མ་དང་བདེ་ཆེན་གྱིས་གཙོས་སྦྱིན་བདག་ཆེ་ཕྲ་རྣམས་ཀྱིས་གདུང་འབུལ་རྒྱས་པར་སྤེལ། ཐོན་ཐོན་ལ་དགུང་ཞག་པ་སོ་སོར་དཀྱིལ་ཐང་། བུམ་པ། མཆོད་ཀོང་། ཏིང་བདུན་ཚར། རྟེན་ཁེབས། སྤྱི་འབུལ། གྲ་པ་སོ་སོར་རྡུལ་གཟན་རེས་གཙོས་པའི་ལྔ་ཚན་རེ་རྒྱར་དོད་དང་བཅས་པ། སྐུ་ཉེ་རྣམས་ཀྱི་སྐུ་མྱུར་ཕེབས་ལ་སྐུ་རིམ་གྱི་བརྟག་པ་དགོས་ཚུལ་བྱུང་བ་བརྟག་བབས་ནང་བཞིན་གྲུབ་ཆེན་མནྡྲ་གུ་ཧྱས་previous hit ཡེར་པར་དྲག་དམར་གྱི་བསྙེན་་བྱེ་ཆུང་གཅིག །ཤེལ་བྲག ་ཏུ་སྔགས་རམས་པ་ནམ་མཁའ་བཟང་པོས་བཛྲ་གུ་རུ་བྱེ་ཆུང་གཅིག་བཏང་། དངུལ་གདུང་བྱང་ཆུབ་མཆོད་རྟེན་རྒྱུག་མཐོ་བཅུ་བདུན་པའི་ཐིག་རྩ་གཞིས་ཀ་ཤར་ལགས་ཨ་གུར་གྱིས་བྱས། ཤིང་བཟོ་བ་ལམ་རྙེད་(༡༡༨བ)


GLG009_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དང་དཀོན་ཅོག་གཉིས་ཨ་མ་ཤིང་གིས་གཙོས་པའི་བལ་པོ་བརྒྱད་སྐུ་རྒྱུར་དངུལ་སྲང་བཞི་བརྒྱ། གསེར་ཞོ་ཉིས་བརྒྱ། ཟངས་དངུལ་ཆུ་སོགས་དགོས་ཆ་ཕོན་མ་ཆུངས་པ། ཞལ་འདེབས་གཞུང་ནས་གཡུ་པད་ལ་གཏོགས་ཙམ་གཅིག །གཡང་ཊིའི་འཕྲེང་བ་གཉིས། བྱུ་རུའི་འཕྲེང་བ་སོགས་དང་། ལྷ་སའི་ཚེས་བཅུ་ཤར་མ་བ་རྣམས་ཀྱིས་དངུལ་སྲང་ལྔ། སྒོ་སྣ་ཤག་པའི་དངུལ་སྲང་བདུན། སྐུ་ཉེ་གྲ་རིས་སྦྱིན་བདག་རྣམས་ནས་ཀྱང་ཞལ་འདེབས་འགྱོགས་སོགས་མང་དུ་བྱུང་། ལས་རྒྱུན་ཟླ་བ་གསུམ་གྱི་བར་བཟོ་བོ་རྣམས་ལ་ཕོགས་ཐོག་མཐའ་བར་གསུམ་གྱི་སྟོན་མོ་གླ་ཐོབ་ཡོན་འཕར་དང་བཅས་པ། བཀའ་འགྱུར་ཞིག་འཕྲལ་བཞེངས་ཀྱི་ཐུགས་རྩིས་འདུག་པ་ལམ་དུ་མ་བརྒྱུགས་པར་དངུལ་ལྔ་བཅུ་མ་དང་སྦུག་ཆོལ་གྱི་ཞུ་རྟེན་བྱུང་བར་བརྟེན་དགོངས་པ་རྫོགས་བྱེད་དུ་རྒྱལ་རྩེ་ནས་དྲངས་པའི་བཀའ་འགྱུར་གུང་ཐང་མཆོད་ཁང་དུ་བཞུགས་སུ་གསོལ། ས་ཁྱི་ཟླ་བ་གསུམ་པར་རྟེན་བཞེངས་གེགས་མེད་དུ་གྲུབ་པའི་དར་རྒྱས་ཆོས་སྡིངས་ནས་རིགས་འཛིན་ཆེན་པོ་འཕྲིན་ལས་ལྷུན་གྲུབ་དཔོན་སློབ་བཅོ་ལྔ་སྐོར་གྱིས་ས་ག་ཟླ་བའི་ཚེས་གསུམ་ནས་དེ་བཞིན་གཤེགས་པའི་འཕེལ་གདུང་གིས་གཙོས་པའི་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་བླ་མ་གོང་མ་རྣམས་ཀྱི་སྐུ་གདུང་དང་སྐུ་བལ་གྱི་རིང་བསྲེལ། གཟུངས་ཆེན་སྡེ་ལྔ་གཙོ་བོར་གྱུར་པའི་ཆོས་སྐུའི་རིང་བསྲེལ། བླ་མ་ཞང་གི་གསུང་འབུམ་སོགས་པོ་ཏི་དྲུག་ཅུ་སྐོར། བུམ་པའི་ནང་དུ་གཙོ་བོར་དབུ་ཐོད་བམ་རིལ། ཐུགས། སངས་རྒྱས་བྱང་སེམས་ཀྱི་སྐུ་པར་བཏབ་པའི་གདུང་ཚ་སྟོང་ཕྲག་བདུན་ཙམ། སེང་ཁྲིའི་ནང་དུ་ཆོས་སྐྱོང་ནོར་ལྷའི་གཟུངས། ཤིས་པ་བརྗོད་པའི་ཚིགས་བཅད། གནོད་སྦྱིན་འཁོར་ལོ། ཚོགས་བདག་འཁོར་ལོ། ལྷ་ཆེན་དབང་ཕྱུག་གི་རྟེན་མདུད། དཔལ་མགོན་མ་ནིང་ནག་པོའི་གྲི་སྙིང་སྲོག་འཁོར། ལ་སྟོད་དམར་པོའི་གཏེར་(༡༡༩ན)


GLG009_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དུང་། ཇ་གོས་དར་མཚོན་ཆ་སོགས་གཟུངས་བཞུགས་ཤིན་ཏུ་རྒྱས་པ། བུམ་པའི་སྒོ་ནང་དུ་རྗེ་ཉིད་རྡོ་རྗེ་འཆང་གི་ཆ་ལུགས་ཅན་གྱི་སྐུ་ཁྲུ་གང་ཙམ། ཚེ་དཔག་ལྷ་ཁང་དུ་སྔར་ལྡེབས་རིས་མེད་པ་ལ་ལྡེབས་རིས་གསར་དུ་བསྐྲུན་ཏེ་བྱང་གི་དབུས་སུ་དངུལ་གདུང་། གཡས་གཡོན་དུ་བཀའ་འགྱུར། ཡབ་ཀྱི་གསེར་གདུང་དང་བཅས་བཞུགས་པའི་དབུ་ཐོག་ཏུ་གོས་བཟང་བསྒྲིགས་ཀྱི་བླ་བྲེ་བཞི། གོས་དང་ཁ་བཏགས་སོ་སོའི་འཕན་ཆ་རེ། གཞིས་ཀ་ཤར་དང་ལགས་ངག་དབང་འཕྲིན་ལས་ཀྱིས་ཕུལ་བའི་ཁ་བཏགས་ཀྱི་འཕན་ཆ་རེ། སྙན་དར་གོང་པ་གཤམ་བཅས། དར་ཁ་དོག་སྣ་ཚོགས་སུམ་ཅུ་སྐོར། ལི་ཏིང་གསར་རྙིང་བདུན་ཚར་རེ། ཀོང་བུ་གཉིས། ཟངས་དམར་གྱི་མེ་དམ་ཆ། གི་གུ་ཤེལ་གྱི་མཎྜལ། ཕུད་ཕོར་ཆ། གོས་སྐུ་གདན་འདྲེན་གྱི་རྒྱ་སྦུག །རྒྱ་དུང་། རྔ། གོས་ངུར་སྨྲིག་གི་གདུགས་རྣམས་ཀྱི་སྤྱན་གཟིགས་རྒྱ་ཆེར་སྤེལ། རིན་པོ་ཆེ་དར་སྡིངས་པས་བླ་མ་ནོར་བུ་རྒྱ་མཚོའི་སྒོ་ནས་ཚེས་བཞི་ལ་སྟ་གོན་དང་ལྔ་ལ་རབ་ཏུ་གནས་པའི་ཐོག་རྡོ་རྗེ་བྲག་སོགས་ཕྱོགས་འདུས་དང་གཉུག་མར་གནས་པ་རྣམས་ཀྱིས་ཕུལ་བའི་སྙན་དར་གྱི་དྲ་བས་སྦྲེལ། རབ་སྟོན་ཡོན་བཟབས་རྒྱས་དང་དེར་འདུས་ཀུན་ལ་གང་འཚམ་གྱིས་བསྙེན་བཀུར། ལོ་གཅིག་གི་བར་ཟླ་རེའི་དུས་མཆོད་ལ་དགེ་འདུན་སུམ་ཅུ་རེར་སྲི་ཞུ། སྐུ་མཆོད་ཆེན་མོར་ར་སྟོད་གྲ་ཚང་གིས་ཞག་གསུམ་གྱི་བར་གསུང་སྒྲོག་དང་ཚལ་གུང་གི་ཚ་རའི་གྲལ་དབུ་གླིང་སྟོད་ཆོས་རྗེས་མཛད། དབུས་གླིང་རྩེའི་བོགས་སྟེང་ནས་ཉིན་ལྟར་གྱིས་མར་མེ་སྡོང་རྐང་རེ་དང་ཞལ་ཟས་ལྔ། སྐུ་མཆོད་ཆེན་མོར་མཆོད་པ་ཉེར་གཅིག་དང་དགེ་འདུན་བདུན་ཅུ་སྐོར་ལ་ཞབས་ཏོག་ཉིན་ཐུབ། དེ་མཐུན་ཡུམ་སྲས་གཉིས་ནས་མར་མེ་སྡོང་རྐང་རེ། དཀོན་གཉེར་གྱི་ཕོགས་དང་སྐུ་མཆོད་ཀྱི་ཐེབས་སོགས་གན་གཙང་དུ་སྦྱོར་བའི་བར་གྱི་དོ་དམ་ཞང་ཚ་དཀོན་ཅོག་རྣམ་རྒྱལ་(༡༡༩བ)


GLG009_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བྱས་སོ། །འཇམ་དཔལ་ཐུགས་ཀྱི་མེ་ལོང་དྭངས་ཤེལ་ངོས། །ཆོས་ཀུན་ཡེ་ནས་སྤྲོས་མེད་རང་སེམས་སུ། །ཐག་ཆོད་བློ་ལས་འདས་པ་གདོད་མའི་མགོན། །གཞན་ནས་འཚོལ་བའི་གཉིས་འཛིན་འཆིང་རྒྱ་བཅད། །ཕུན་ཚོགས་བདེ་ལྡན་ངོ་མཚར་ཞིང་ཁམས་ན། ཁྱོད་ཐུགས་དགའ་བའི་ཨོ་རྒྱན་མཁན་པོ་དེས། །ཆུ་དང་རླབས་བཞིན་སྣང་ཚུལ་ཐ་དད་པས། །སྤྱོོན་ཞེས་བསྐུལ་བའི་སྒྱུ་མའི་འཕྲུལ་དེ་མཚར། །སྣ་ནམ་རིག་སྔགས་འཆང་བའི་སྤྲུལ་པའི་སྐུར། །ཆོས་ཀུན་ཡེ་ནས་ལྷུན་གྲུབ་འདུ་མ་བྱས། །ཟང་ཐལ་ཟད་སར་འཁྱོལ་བའི་འཕོ་བ་ཆེའི། །ལམ་ཟབ་ཕ་ཕབ་ཚུལ་དུ་མངོན་སུམ་བསྟན། །རབ་འབྱམས་ཞིང་རྡུལ་སྙེད་དུ་བགྲང་མིན་ཡང་། །བདུན་བརྒྱ་ཉེར་ལྔའི་ལྷར་གྲགས་སྒྲུབ་སྡེ་བརྒྱད། ཁྲག་འཐུང་གར་ལ་བཞེངས་པའི་ཉམས་འགྱུར་ཚོགས། །རས་དཀར་དྭངས་མཚོར་ཤར་བའི་ཟླ་གཟུགས་བཞིན། །ཤེས་བྱར་སྲིད་ཀུན་མཁྱེན་ལ་འཇམ་དཔལ་དབྱངས། །རིས་མེད་འགྲོ་བརྩེ་ལག་ན་པདྨའི་མཆེད། །བདུད་སྡེའི་དཔུང་ཚོགས་གཞོམ་ལ་གསང་བའི་བདག །བཤེས་གཉེན་དམ་པའི་གཟུགས་སུ་དེང་འདིར་གྲུབ། །རྔ་ཡབ་གླིང་ལ་དགྱེས་པའི་ཞབས་ཀྱི་གོམ། །དབང་གཞུའི་ལམ་ལ་ལྷོད་པོར་གཤེགས་པའི་འགྲོས། །ངོ་མཚར་ལྟས་ཀྱིས་ཁ་བས་ཡོངས་བསྐོར་འགྲོ། །འདོར་བའི་འཕྱོན་མའི་གར་ལ་མཆི་མ་བཀུ། །འོན་ཏེ་གཉགས་བན་ཐུགས་བསྐྱེད་ཟླ་བའི་ཆ། །གང་བའི་གཞོན་ནུ་རི་བོང་འཛིན་པའི་གཟུགས། །ལྗོངས་འདིའི་མཁའ་ལ་ཡོངས་ཤར་ག་བུར་རྡུལ། །གདུང་སེལ་སྙིང་ག་ཕན་བདེ་ཅི་ཡང་བཞད། །དེ་ལྟར་ཨཽཌྜི་ཡ་ནའི་སློབ་དཔོན་ཆེན་པོ་འཆི་མེད་གྲུབ་པའི་རིགས་འཛིན་པདྨ་ཀ་རའི་གདུང་འཚོབ་ཟུར་ཆེན་ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱི་རྣམ་(༡༢༠ན)


GLG009_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐར་པ་གསང་བ་ལས་ཀྱང་ཆེས་གསང་བ་ནི་སྤྱན་དང་མངོན་པར་ཤེས་པས་མ་གཞལ་བར་དཔེ་དང་གཏན་ཚིགས་ཙམ་གྱིས་བསྒྲུབ་པའི་གནས་མིན་ཞིང་ཐུན་མོང་བའི་གདུལ་བྱ་རྣམས་ཀྱི་བློ་ངོར་ཤོང་པའི་རྟོགས་བརྗོད་རྒྱས་པ་ཙམ་ཞིག་བྲིར་འདོད་ནའང་། དམ་པ་ཉིད་ཞིང་ཁམས་འདིར་སྐུའི་བཀོད་པ་མངོན་སུམ་དུ་གྱུར་པའི་དུས་རེག་ཟིག་ཏུ་འཁོད་པ་མེད་ཅིང་དྲི་བྱའི་ཡུལ་ཡང་ཆེས་ཆེར་དཀོན་པས་རྒྱ་ཆེར་གླེང་བའི་རྔོ་མ་ཐོགས་རུང་གཞིས་ཀ་ཤར་ལགས་ཨ་གུར་དང་། ངག་དབང་འཕྲིན་ལས་གཉིས་ཀྱིས་སྤྱོད་ཡུལ་དུ་གྱུར་པ་རྣམས་ལ་མེས་ཀྱི་སྔགས་འཆང་ཁྲོ་རྒྱལ་དཔལ་མགོན་སོགས་ཀྱིས་ཟུར་བརྒྱན་པའི་ཤོག་དྲིལ་གྱི་ས་བོན་ཞིག་བྱུང་བར་ངེད་རང་ནས་ལོ་ཟླ་དུས་ཚེས་མཛད་པའི་རིམ་པ་མངོན་སུམ་དུ་ངེས་པའི་སྟེང་ནས་ལེགས་པར་དཔྱད་དེ་བཀོད་ཀྱང་སྤྱིར་སོ་སོ་སྐྱེ་བོའི་ཀུན་རྫོབ་ཀྱི་འཁྲུལ་པ་ལ་ཟད་པ་མེད་པས་སྣང་ལ་མ་ངེས་ཀྱི་དོགས་གཞི་ལ་དཔྱད་པ་དང་གཟིགས་སྣང་སོགས་ཡ་མཚན་པའི་རིས་གང་རྙེད་སྣོན་པར་མཛོད་ཅིག་ཅེས་སྐབས་ལེགས་པར་དབྱེའོ། །ཨེ་མ་རང་རིག་ཀུན་བཟང་ཆོས་ཀྱི་སྐུ། །སྒྲིབ་བྲལ་ཉི་མའི་སྙིང་པོ་རྡོ་རྗེ་སེམས། །ཁྱབ་བདག་བླ་མའི་རྟོགས་པ་བརྗོད་པའི་གླུ། །ཚུར་མཐོང་བྱིས་པས་ལེན་པའི་གོ་སྐབས་ཅི། །འོན་ཏེ་ཟླ་བའི་མ་མ་ཡོངས་རྫོགས་པ། །འཐུང་བར་ནུས་པ་མིན་ཡང་ཧུབ་གཅིག་གིས། །སྐོམ་པའི་གདུང་བ་སེལ་ལྟར་མཛད་པའི་ཆ། །ཕྲ་མོས་བསྐལ་བཟང་གདུལ་བྱའི་དགའ་བ་བསྐྱེད། །ལོང་ལོང་ཆུ་འཛིན་གསར་པའི་ཕང་བ་ནས། །སྙན་སྙན་དབྱར་གྱི་རྔ་གསང་སྒྲོག་པའི་མོད། །ལྡེམ་ལྡེམ་གཙུག་ཕུད་གཡོ་བ་རྨ་བྱའི་ཚོགས། །ཟླུམ་ཟླུམ་སྒྲོ་(༡༢༠བ)


GLG009_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གཤོགས་གདུགས་ཕུབ་ཟློས་གར་རྩེན། །མང་དུ་ཐོས་དོན་དོན་བཞིན་བསམ་ལ་མཁས། །རྒྱུ་འབྲས་ཕྲ་ཞིབ་ཞིབ་མོར་དཔྱད་པས་བཙུན། །འགྲོ་ཀུན་ལ་བརྩེ་བརྩེ་བའི་ཐུགས་རྗེས་བཟུང་། །རྫུ་འཕྲུལ་ནུས་སྟོབས་སྟོབས་ལྡན་ལྷ་མིན་འདར། །རྩ་བརྒྱད་སྟོང་སྦྱར་འཆི་མེད་བདུད་རྩིའི་བཅུད། །བཅུད་ཆེན་བསྟན་བདེའི་སྲོག་གི་ཟུངས་གྱུར་སྨན། །སྨན་མཆོག་མྱོང་བས་རྣམ་གྲོལ་ཤིང་རྟའི་སྲོལ། །སྲོལ་འཛིན་ཡེ་ཤེས་གཞོན་ནུ་གཞན་ན་སུ། །པདྨའི་འདབ་སྟོང་བྱེད་དབུས་སྔོན་བྱོན་པའི། །སྙན་པའི་གཏམ་གྱིས་རྣ་བ་ཆེས་མངར་དིང་། །འཇིགས་མེད་བརྟུལ་ཞུགས་གྲུབ་པའི་ཐོད་འཕྲེང་རྩལ། །གཉིས་པ་འདྲེན་བྱེད་གཟིགས་མོར་དངར་འདི་མཚར། །རྒྱ་བོད་རིགས་འཛིན་ཚོགས་ཀྱི་མཁྱེན་བརྩེ་ནུས། །གཅིག་བསྡུས་རྡོ་རྗེའི་སློབ་དཔོན་རྣམ་པར་ཐར། །ཆུ་གཏེར་ཆེ་ལས་བདག་བློ་ཀུ་ཤའི་རྩེས། །ལེན་གང་སྔོན་བསགས་བསོད་ནམས་བྱེ་བས་རྙེད། །ལེགས་བྱས་འདིའི་མཐུས་རིག་རྩལ་ཀུན་ཏུ་བཟང་། །མངོན་སུམ་རང་ངོ་འཕྲོད་མིན་དེ་སྲིད་དུ། །སྐྱེ་བར་མགོན་པོ་ཁྱོད་ཀྱི་དགེ་བའི་བཤེས། །མཛད་ནས་འབྲལ་བ་མེད་པར་རྗེས་འཛིན་ཤོག །ལོག་སྨོན་དམོད་པའི་ལྕགས་ཀྱི་གཏུན་བུ་དག །འཁྲུལ་བློའི་མངལ་དུ་མི་རྟོགས་བླང་དོར་ལ། །བཅུ་ཕྲག་འཇུག་པ་ཡངས་པའི་མིག་སྔོན་པ། །འཚོ་བ་སྲིད་ཞི་ཡོངས་ལ་དོན་ལྡན་ཤོག །རྒྱལ་གསུང་མཐའ་དག་སེམས་ཅན་མ་ལུས་པའི། །ཕན་བདེའི་སྲོག་སོང་ཁོ་ནར་ངེས་རྙེད་ཀྱང་། །ཐེག་པའི་ཡང་རྩེ་བཀའ་གཏེར་སྙིང་པོའི་བསྟན། ཁ་བའི་ལྗོངས་འདིར་དུས་ཀུན་དར་བར་ཤོག །རྩ་གསུམ་ཐུགས་རྗེ་ཉི་མའི་དཀྱིལ་འཁོར་ཆེ། །འཆར་ནུབ་སྤངས་པའི་བྱིན་རླབས་སྣང་བའི་གཟི། །འགྲོ་རྣམས་བདེ་སྐྱིད་དགུང་ནས་(༡༢༡ན)


GLG009_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་འབར་བའི། །བཀྲ་ཤིས་དཔལ་གྱིས་འཇིག་རྟེན་ཡོངས་ཁྱབ་ཤོག །ཅེས་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་བདག་ཉིད་ཁྱབ་བདག་རྡོ་རྗེ་སེམས་དངོས་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་གྱི་རྣམ་ཐར་ཐེག་མཆོག་བསྟན་པའི་ཤིང་རྟ་ཞེས་པ་འདི་ནི་རང་ཉིད་ལ་བྲི་འདུན་སྔ་མོ་ནས་ཡོད་པ་དང་། ཉེ་ཆར་རྗེ་བཙུན་བླ་མ་མཆོག་གི་ཐུགས་སྲས་དམ་པ་རིགས་འཛིན་སྤྲུལ་པའི་སྐུ་མཆོག་བློ་བཟང་པདྨ་འཕྲིན་ལས་ཐེག་མཆོག་དབང་གི་རྒྱལ་པོ་ཡོངས་འདུའི་སྡེའི་གསུང་གིས་བསྐུལ་ཞིང་གཞན་ཡང་གཞིས་ཀ་ཤར་པ་ལགས་ཨ་གུར་སྤུན། ངག་དབང་འཕྲིན་ལས། མེས་ཀྱི་སྔགས་འཆང་ཁྲོ་རྒྱལ་དཔལ་མགོན་སོགས་དོན་གཉེར་ཅན་དུ་མས་བསྐུལ་བ་ལ་བརྟེན་ནས་བླ་མའི་བཀའ་འབངས་ཟ་ཧོར་གྱི་སྔགས་སྨྱོན་གང་ཤར་རང་གྲོལ་གྱིས་མེ་འབྲུག་ཧོར་ཟླ་བརྒྱད་པའི་དཀར་ཆའི་བཟང་པོ་གཉིས་པ་ལ་རྒྱལ་ཁབ་ཆེན་པོ་ཕོ་བྲང་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་སྤུན་བདུན་པ་ལྷུན་གྲུབ་རྒྱ་མཚོས་བགྱིས་པ་ཕྱོགས་དུས་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦ་མངྒ་ལཾ།། །།


previousཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་གྱི་རྣམ་ཐར་ཐེག་མཆོག་བསྟན་པའི་ཤིང་རྟ།next