Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
བླ་མ་མཆོད་པའི་ཆོ་ག་ཟུང་འཇུག་བསྒྲུབ་པའི་ཤིང་རྟ།།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མ་མཆོད་པའི་ཆོ་ག་ཟུང་འཇུག་བསྒྲུབ་པའི་ཤིང་རྟ།།next

བླ་མ་མཆོད་པའི་ཆོ་ག་ཟུང་འཇུག་བསྒྲུབ་པའི་ཤིང་རྟ།།


GLG010_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་མཆོད་པའི་ཆོ་ག་ཟུང་འཇུག་བསྒྲུབ་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །


GLG010_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་སྟི་པྲ་ཛ་བྷྱཿམཧཱ་དཱ་རྫ་ཡནྟུ། ལེགས་བྱས་རིན་ཆེན་བྱེ་བའི་གཏེར་གྱུར་ཡེ་ཤེས་དབུ་བའི་དོ་ཤལ་ཅན། །སྐུ་གསུམ་གོ་འཕང་རླབས་ཕྲེང་སྩོལ་ལ་ནམ་ཡང་ཡོལ་བ་མེད་པ་ཡི། །རྒྱལ་བ་རྒྱ་མཚོའི་བདག་ཉིད་གཅིག་པུ་རྡོ་རྗེ་སློབ་དཔོན་ཞབས་པད་ཟུང་། །གཙུག་གི་རྒྱན་དུ་འབྲལ་མེད་བསྟེན་ནོ་དངོས་གྲུབ་མ་ལུས་ཆར་ལྟར་ཕོབ། །བློ་གྲོས་ཡངས་པའི་དགའ་ཚལ་གསར་པ་ལས། །མཁས་བཙུན་བཟང་པོའི་དཔག་བསམ་ཡོངས་འདུའི་ལྗོན། །གྲགས་སྙན་ལོ་འབྲས་དུད་པའི་རྐང་འཐུང་དབང་། །བསླུ་མེད་འདྲེན་པ་ཁྱོད་ནི་གཏན་གྱི་སྐྱབས། །རྒྱལ་ཀུན་ཡབ་གཅིག་ཟུར་ཕུད་ལྔ་པ་གང་། །བཤེས་གཉེན་དམ་པར་བསྟན་ལ་ངེས་རྙེད་ཕྱིར། །སངས་རྒྱས་རྣམས་ཀྱང་གང་གི་སྐུར་ཚང་བས། ཁྱོད་ཉིད་མཆོད་པ་དངོས་གྲུབ་ཀུན་གྱི་གཞི། །འོན་ཀྱང་སྔོན་རབས་དམ་པའི་གསུང་སྒྲོས་དག །ཅུང་ཟད་རྒྱས་བསྡུས་ཙམ་གྱིས་བསྒྱུར་བ་ལ། །སྦྱར་བྱང་བཀོད་མིན་སྔོན་མེད་ལེགས་བཤད་ཀྱི། །རྗོད་བྱེད་ཚིག་གི་སྙན་འགྱུར་ལྡན་པའི་སྟེང་། །དོན་བཟང་རྒྱུད་སྡེའི་དགོངས་པ་མ་འཕྱུགས་པར། །རྡོ་རྗེའི་སློབ་དཔོན་ཚུལ་བཞིན་དགྱེས་བསྐྱེད་པའི། །ཟུང་འཇུག་བསྒྲུབ་པའི་(༢ན)


GLG010_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་རྟ་ཆེན་པོ་འདི། ཁོ་བོས་ལེགས་བཤད་དོ་རར་འདྲེན་ནོ་ཀྱེ། །བསོད་ནམས་ཞིང་གི་མཆོག་གྱུར་པ། །རྩ་བརྒྱུད་བླ་མ་མཆོད་འདོད་པའི། །བློ་དང་རྣམ་དཔྱོད་བརྩོན་པ་ཅན། །བཟང་པོའི་སྐལ་བ་ལྡན་རྣམས་ཀྱིས། །ཐོག་མར་གནས་ཁང་ཆག་ཆག་གདབ། །དཀོན་མཆོག་སྤྱི་ཡི་རྟེན་རྣམས་དང་། ཁྱད་པར་ལམ་རིམ་བརྒྱུད་པ་སོགས། །ཞྭ་སེར་ཅོད་པན་འཛིན་རྣམས་ཀྱི། །དབང་ཁྲིད་རྒྱབ་རྟེན་ལུང་མན་ངག །མདོ་རྒྱུད་བཤད་སྲོལ་སྩོལ་མཛད་པའི། །བླ་བརྒྱུད་བྲིས་འབུར་རབ་གནས་ཅན། །བཀོད་པས་ཁྱད་པར་མཛེས་པ་བསྟར། །མདུན་དུ་ཆུ་བཞི་ཉེར་སྤྱོད་ལྔ། །བཀྲ་ཤིས་རྟགས་རྫས་རིན་ཆེན་བདུན། །བཟའ་དང་བཅའ་བ་བཏུང་བའི་ཚོགས། །བལྟམས་བྱེད་རིན་ཆེན་མཛེས་པའི་སྣོད། །མཎྜལ་སྣ་ཚོགས་རོལ་མོ་དང་། །གཞན་ཡང་སྟེང་འོག་ཕྱོགས་མཛེས་པའི། ཕན་གདུགས་རྒྱལ་མཚན་བླ་བྲེ་སོགས། །ཅི་འབྱོར་འབད་པ་ཆེན་པོས་བཤམ། །སླ་ཆོས་སེར་སྣས་ཉེར་བཅིངས་པའི། །ངན་ངོན་མཆོད་པའི་ཐན་སྤྲིན་ལ། །དངོས་གྲུབ་ཆར་ཆེན་འབེབས་འདོད་པའི། །གསོལ་འདེབས་དགུན་གྱི་འབྲུག་སྒྲ་བཞིན། །དེ་ཕྱིར་རང་ཉིད་ལེགས་(༢བ)


GLG010_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་རྣམས། །བཅམ་བུ་གཡོ་སྒྱུའི་ཟོལ་སྤངས་ནས། །བསོད་ནམས་ཚོགས་ཆེན་གྲུ་གཟིངས་ལས། །དོན་གཉིས་ནོར་བུའི་གླིང་དུ་བགྲོད། །ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་དང་། །ཚད་མེད་བཞི་བསྒོམ་སྔོན་བཏང་ནས། །ཕྱི་ནང་གསང་མཆོད་བླ་མེད་བཞིན། །བྱིན་བརླབས་དངོས་གཞི་འདི་ལྟར་རོ། །རྨད་བྱུང་འཁོར་འདས་བརྟན་གཡོའི་ཆོས་མ་ལུས། །ཀུན་རྫོབ་སེམས་ཀྱི་འཁྲུལ་ངོར་བཏགས་ཙམ་ལས། །གདོད་ནས་རང་བཞིན་དག་པ་དབུ་མའི་ལམ། །སྣང་སྟོང་ཟུང་འཇུག་བདེ་བ་ཆེན་པོའི་ངང་། །མདུན་གྱི་མཁའ་དབྱིངས་སྲ་ཁྲེགས་རྡོ་རྗེའི་གུར། །བདུད་དཔུང་སྲེག་པའི་ཡེ་ཤེས་མེ་དཔུང་ནང་། །ཕུན་ཚོགས་རིན་ཆེན་ལྔ་ལས་ལེགས་གྲུབ་པའི། །ཡིད་འཕྲོག་ལྟ་ན་སྡུག་པའི་གཞལ་མེད་ཁང་། །ཕྱི་ནང་མ་ལུས་ཀུན་བཟང་མཆོད་པའི་ཚོགས། །དབྱར་གྱི་ཆར་སྤྲིན་ལྟ་བུར་འཁྲིགས་པའི་དབུས། །གཉིས་འཐུང་གདོང་ལྔའི་དབང་པོ་རྟ་མཆོག་དང་། །རྨ་བྱ་ནམ་མཁའ་ལྡིང་གིས་ལེགས་སྟེག་པའི། །གྲངས་མེད་རིན་ཆེན་ལས་གྲུབ་ཁྲི་སྟེང་དུ། །འཇའ་ཚོན་ལྟར་བཀྲ་དར་ཟབ་བརྩེགས་པའི་སྟན། །སྣ་ཚོགས་པད་མ་རྒྱས་པའི་ཟེའུ་འབྲུའི་རྩེར། །ཐབས་ཤེས་ཉི་ཟླའི་དཀྱིལ་འཁོར་ལྟེ་བར་ནི། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་མཆོག །རྣམ་པ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ། །སྐུ་མདོག་དཀར་ལ་དམར་བའི་མདངས་འོད་ཅན། །ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཕྱག་རྒྱ་ཡིས། །འཇམ་གཉེན་ཨུཏྤལ་ནས་འཛིན་པ། །སྙན་གྱི་ཐད་ཀར་འདབ་མ་རྒྱས་པའི་སྟེང་། །ཤེས་རབ་རལ་གྲི་གླེགས་བམ་རྣམ་པར་མཛེས། །(༣ན)


GLG010_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་གཉིས་མི་ཕྱེད་རྡོ་རྗེའི་སྐྱིལ་ཀྲུང་ཅན། །མཐོང་བས་རྣམ་གྲོལ་མཚན་དཔེ་ལྡན་པའི་སྐུ། །ཐོས་པས་སྲིད་ཞིའི་འཇིགས་སྐྱོབ་ཚངས་པའི་གསུང་། །དྲན་པས་བདེ་ཆེན་ལ་སྦྱོར་ཀུན་མཁྱེན་ཐུགས། ཁྱབ་བདག་འཁོར་ལོའི་མགོན་པོ་བླ་མ་ཡིས། །གནས་གསུམ་ཨོཾ་དཀར་ཨཱཿ་དམར་ཧཱུཾ་མཐིང་ཁ། །མེ་ལོང་དངས་པའི་གཟུགས་བརྙན་ལྟར་ཤར་པའི། །ཧཱུཾ་ལས་འོད་འཕྲོས་ཟབ་མོ་ལྟ་བ་དང་། །རྒྱ་ཆེན་སྤྱོད་པ་ཉམས་ལེན་བྱིན་རླབས་བརྒྱུད། །མདོར་ན་མདོ་སྔགས་ཆོས་ཚུལ་ཀུན་སྟོན་པའི། །རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མ་སོགས། །སྐྱབས་གནས་མ་ལུས་བཛྲ་ས་མཱ་ཛཿ མཁའ་ཁྱབ་དོན་དམ་དག་པ་ཆོས་ཀྱི་དབྱིངས། །སྣ་ཚོགས་སྤྲུལ་པའི་དབང་པོ་གཞུ་རིས་ཅན། །བརྗོད་བྲལ་སྒྱུ་འཕྲུལ་དྲ་བའི་གར་མཁན་མ། ཁྱབ་བདག་འཁོར་ལོའི་དབང་ཕྱུག་གནས་འདིར་གཤེགས། །གསང་གསུམ་ཤེལ་དཀར་དྲི་བྲལ་མེ་ལོང་ལ། །མཆོག་གསུམ་དམ་པའི་སྣང་བརྙན་ཀུན་འཆར་བས། དངོས་གྲུབ་གཟིགས་མོར་མཚར་བའི་བྱེད་པོ་མཆོག །ཀུན་འདུས་རྡོ་རྗེ་སློབ་དཔོན་འདིར་གཤེགས་ཤིག །མི་ཕྱེད་དད་པའི་ཤིང་རྟ་ཆེན་པོ་ཡིས། །ཡེ་ཤེས་འཁོར་ལོའི་ལྷ་ཚོགས་ཡིད་བཞིན་ནོར། །འགྲོ་བའི་བསོད་ནམས་རྒྱལ་མཚན་རྩེར་འགོད་ཕྱིར། །གནས་འདིར་སྤྱན་འདྲེན་ཐོགས་མེད་ད་ཚུར་བྱོན། ཨོཾ་ཨཱུ་ལཻརྨྨ་ལ་སྱ་གུ་རུ་བུངྔྷ་བོ་ངྷི་ས་ཏྭ་ས་པ་རི་ཝ་ར་ཛཿཧཱུཾ་བཾ་ཧོཿ མཐོ་བརྩེགས་ཁྲོམ་ཚོགས་ནོར་བུ་ལུགས། །རང་རང་མོས་པ་དང་སྦྱར་ནས། ཡུལ་དེར་བསོད་ནམས་ཚོགས་གསོག་པའི། །ཡན་ལག་བདུན་ལས་ཐོག་མའི་ཕྱག །གྲངས་མེད་དཀྱིལ་འཁོར་(༣བ)


GLG010_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བའི་གླིང་བཞི་ལ། ཁྱབ་བདག་རིགས་ཀྱི་གསེར་སྦྱངས་འཁོར་ལོ་ཡིས། །དམ་པའི་ཆོས་ཀྱི་སྲིད་ལ་དབང་སྒྱུར་བའི། །དཔལ་ལྡན་བླ་མ་དམ་པར་ཕྱག་འཚལ་ལོ། །མཚན་བཟང་བཅུ་དྲུག་ཆ་ཤས་ཡོངས་རྫོགས་པས། །མཐོང་ན་མི་མཐུན་མེད་པའི་བཤེས་གཉེན་གཟུགས། །འགྲོ་ཀུན་ཐར་པར་འཁྲིད་པའི་ས་མཁན་དུ། །མེས་པོས་སྤྲུལ་ཞེས་འགྲོ་ལ་ངོམ་པ་འདྲ། །ཇི་ལྟ་ཇི་སྙེད་ཤེས་བྱའི་གནས་ལུགས་ཀྱི། །རྩེ་དགའ་ཁོང་ནས་རྒོད་པའི་མཁྱེན་པའི་སྤྱན། དཀྱུས་རིང་གསུང་རབ་རྒྱ་མཚོར་འཇུག་པའི་རྫས། །ཐམས་ཅད་གཟིགས་པའི་དབང་པོར་ལྷུན་གྱིས་གྲུབ། །བྱམས་ལྡན་མཆུ་སྒྲོས་ཨུཏྤལ་དམར་པོའི་འདབ། །འགྲོ་ལ་རྗེས་སུ་ཆགས་པའི་འཛུམ་རླབས་ཀྱིས། །ཕན་བདེའི་མགྲོན་རྣམས་རིང་ནས་འགུགས་པ་ལ། །ལུང་རྟོགས་ཆོས་ཀྱི་སྒོ་འཕར་ཕྱེ་བ་བཞིན། སྲིད་པ་བརྒལ་དཀའི་ཆུ་མཚོར་བྱིང་པའི་འགྲོ། །སྐད་ཅིག་རྡོ་རྗེ་འཛིན་པའི་ས་ཆེན་པོར། །གྲངས་རིང་བགྲོད་དཀར་སྨྲ་བའི་དངུལ་ཆུའི་ཐིགས། །རིགས་པའི་སོར་མོས་བཅད་ཚེ་འཇིག་སྙམ་བྱེད། །དྲི་མེད་སྡོམ་གསུམ་ལུས་སྟོབས་རབ་ཏུ་རྒྱས། །རླབས་ཆེན་སྤྱོད་པའི་གསེར་སྦྱང་དྲ་བས་མཛེས། །སྨིན་གྲོལ་མཚོན་ཆའི་འཁོར་ལོས་བདུད་སྡེའི་གཡུལ། །ཕམ་མཛད་བཤེས་གཉེན་ས་སྲུང་དབང་པོ་ཆེ། །འཁོར་འདས་ཆོས་ཀྱི་ལེགས་པའི་ལམ་ཡངས་པོར། །འབད་མེད་བདེ་བར་འཁྲིད་པའི་ས་མཁན་མཆོག །དངོས་དང་བརྒྱུད་པའི་བླ་མའི་ཚོགས་རྣམས་ལ། །རྩེ་གཅིག་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །མཆོད་པའི་ནང་ཚན་མཎྜལ་ནི། ཕུན་ཚོགས་ཁོད་སྙོམས་ལྟ་ན་སྡུག་པའི་ཞིང་། །ཕུན་ཚོགས་རིན་ཆེན་ལས་གྲུབ་དབྱིག་འཛིན་སྟེང་། །(༤ན)


GLG010_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་ཚོགས་ཤེལ་དཀར་དབང་སྔོན་པད་རཱག་དང་། །ཕུན་ཚོགས་གསེར་སྦྱངས་ལས་གྲུབ་རི་རབ་རྩེར། འཆི་མེད་བདག་པོའི་ཁང་བཟང་ཉམས་དགའ་བ། །སྲིད་པའི་འབྱོར་བ་མ་ལུས་བསྡུས་པ་བཞིན། །བང་རིམ་བཞིའི་སྟེང་ལེགས་བྲིས་གྲོང་ཁྱེར་ནི། །བཀོད་པ་རྒྱ་མཚོའི་དགེ་མཚན་ཚར་དུ་དངར། །དགེ་བཅུའི་ཡོན་ཏན་ཚང་བ་ཡུལ་གྱི་ལྗོངས། །ཕྱོགས་མཚམས་འགྱུར་མེད་གླིང་བཞི་གླིང་ཕྲན་བརྒྱད། །གསེར་རི་བདུན་སོགས་གྲངས་མེད་ས་འཛིན་རྣམས། །བྱེད་པོས་མ་བསྐྲུན་སྤེལ་ལེགས་ཕྲེང་བར་བསྒྲིགས། །རོལ་མཚོ་བདུན་དང་ཆུ་གཏེར་ཆེན་པོ་ཡི། །འཛུམ་རླབས་དགའ་སྟོན་བསུ་བའི་ཆོ་ག་མཁན། །རྒྱལ་སྲིད་སྣ་བདུན་བུམ་བཟང་འདོད་འཇོའི་བ། །དཔག་བསམ་ཤིང་དང་ཉི་མ་ཟླ་བ་ཟུང་། །ལྷ་མིའི་དཔལ་འབྱོར་ལོངས་སྤྱོད་ཕུན་ཚོགས་རྣམས། །སྐྱབས་གནས་ཀུན་འདུས་དྲུག་པ་རྡོ་རྗེ་འཆང་། །བཤེས་གཉེན་གཟུགས་སུ་རྣམ་རོལ་དངོས་བརྒྱུད་ཀྱི། དཔལ་ལྡན་བླ་མ་རྣམས་ལ་དབུལ་བར་བགྱི། །མཆོད་པའི་ནང་ཚན་ཆུ་བཞི་ནི། གནམ་སྔོན་བཞུན་མར་འཁྱིལ་འདྲའི་དལ་འགྲོའི་རྒྱུན། །མུ་ཏིག་ལྟར་དཀར་དབུ་བའི་འཛུམ་ཕྲེང་ཅན། །དྲི་བཟང་ངད་ལྡན་ཡོལ་མེད་རླབས་ཕྲེང་གཡོ། །རིན་ཆེན་སྣོད་དུ་གཏམས་པའི་མཆོད་ཡོན་འདི། །རྒྱལ་བ་ཀུན་དངོས་དཔལ་ལྡན་བླ་མ་ལ། །དངོས་བཤམས་ཡིད་གྱིས་སྤྲུལ་ནས་ལེགས་འབུལ་གྱི། །བརྩེ་ཆེན་ཐུགས་རྗེ་ཆེན་པོས་རབ་བཞེས་ཏེ། །དངོས་གྲུབ་རྣམ་གཉིས་བཀའ་དྲིན་སྩལ་དུ་གསོལ། །ཨོཾ་མུ་ལཻ་རྨྨལ་སྱ་གུ་རུ་བུངྔྷ་བོ་ངྷི་ས་ཏྭ་ས་པཱ་རི་ཝཱ་རི་ཨརྒཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། ཞབས་བསིལ་ཞལ་བསིལ་བསང་གཏོར་རྣམས། །མཆོད་ཡོན་གནས་འཇུག་(༤བ)


GLG010_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

པཱ་ཉྩིར་དང་། །པཉྩ་མཱ་ནཾ་པྲོ་ཀྴ་ཎཱཾ། །རིགས་དཔྱད་ཉེར་སྤྱོད་རོལ་མོ་ནི། །པད་དཀར་ཀུ་མུད་ཨུ་དུམ་ཝ་ར་སོགས། །འཇའ་ཚོན་ལྟར་བཀྲ་ཆུ་སྐྱེས་སྣ་ཚོགས་པ། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཨརྒཾ་ཚབ་ཏུ་པུཥྤེ་ཏེ། །ཨེ་རྡཾ་དཀའི་བར་ཀུན་སྦྱོར། །དྲི་ཞིམ་ངད་ཀྱིས་ཕྱོགས་བྲལ་འཁོར་ལོ་ཀུན། །རབ་འགེངས་བདུག་སྤོས་ཆུ་འཛིན་ལྟར་འཁྲིགས་པ། །ལྷག་མའི་ཚིག་རྐང་ཉིས་འདབ་འདི། །འོག་མ་ཀུན་ལ་ཤེས་པར་བྱ། དྷཱུ་པེ། རྨོངས་པའི་མུན་ཚོགས་སེལ་བ་རྡུང་བའི་གཏེར། །ཉི་ཟླ་ནོར་བུའི་འོད་ལྡན་སྒྲོན་མེའི་ཚོགས། །༝༝ཨཱ་ལོ་ཀེ །སྣ་ཚོགས་སྨན་གྱི་བཅུད་ལྡན་བདུད་རྩིའི་རྒྱུན། །རྦ་རླབས་ཆལ་ཆིལ་གཡོ་བའི་དྲི་ཆབ་འདི། །༝༝གནྡྷེ། རོ་བརྒྱའི་ཟས་ཀྱི་བཅུད་ཀུན་མ་ལུས་པ། །གཅིག་ཏུ་བསྡུས་པའི་བཤོས་བཟང་དམ་པ་འདི། །༝༝ནཻ་ཝཾཏྱ། སིལ་སྙན་རྫ་རྔ་པི་ཝང་གླིང་བུ་སོགས། །སྙན་ཚིག་གླུ་དབྱངས་རོལ་མོར་བཅས་པའི་ཚོགས། །༝༝ཤཔྟ། འདོད་ཡོན་སྣ་ལྔས་མཆོད་འདོད་ན། །སྐེད་ཕྲ་ལུས་ལྡེམ་འདྲེན་བྱེད་ཡོན་པོར་ལྟ། །རབ་མཛེས་གར་སྒྱུར་གཟུགས་ཀྱི་མཆོད་པའི་ཚོགས། །༝༝རཱུ་པ་ཀ་མ་གུན་པཱུ་ཛེ་ཏི་ཨཱཿཧཱུཾ། ཀ་མ་གུ་ན་འདོད་ཡོན་ལྔའི། །ཁྱད་ཆོས་ཡིན་གྱིས་པུ་ཛེ་མིན། །འདི་ནས་ཨེ་རྡོ་དཀའི་བར། །ཀུན་གྱི་མཇུག་ལ་འདོགས་པར་བྱ། །གྲངས་མེད་ཚིག་གི་ཉམས་ལྡན་རྒྱུད་མང་ལས། །སྙན་འགྱུར་གླུར་ལེན་སྒྲ་ཡི་མཆོད་པའི་ཚོགས། །༝༝ཤཔྟ། སྦྲུལ་གྱི་སྙིང་པོའི་དཔལ་ལ་འགྲན་བཟོད་པའི། །མངར་བའི་ངད་ལྡན་དྲི་ཡི་མཆོད་པའི་ཚོགས། །༝༝ངྷཱུ་པེ། སྐབས་གསུམ་དབང་པོས་ལོངས་སུ་ཉེར་སྤྱོད་པའི། བདུད་རྩིའི་སྤུན་ཟླ་རོ་ཡི་མཆོད་པའི་ཚོགས། །(༥ན)


GLG010_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

༝༝ར་ས། །ལེགས་བྲིས་རྣམས་ཀྱི་གོས་ཟུང་དར་ཟབ་སོགས། །པད་འདབ་ལྟར་འཇམ་རེག་བྱའི་མཆོད་པའི་ཚོགས། །༝༝སྤཪྴ། ལོང་ཡོད་རྒྱས་པར་སྤྲོ་འདོད་ན། རིག་མ་བཅུ་དྲུག་མཆོད་པ་ནི། །མཛེས་སྡུག་ལྷ་མོ་རྡོ་རྗེ་པི་ཝཾ་མས། །རྒྱུད་མང་སྟོང་དང་ལྡན་པའི་སྒྲ་སྒྲོག་པ། །༝༝ཝཱི་ནི། །མཛེས་སྡུག་ལྷ་མོ་རྡོ་རྗེ་གླིང་བུ་མས། །ཕུལ་བྱུང་རྣ་བའི་བཅུད་དུ་འབུད་པའི་སྒྲ། །༝༝ཝཾ་ཤེ །མཛེས་སྡུག་ལྷ་མོ་རྡོ་རྗེ་རྫ་རྔ་མས། །སྙན་བརྗིད་དབྱུག་གུས་བསྣུན་པའི་དུནྦྷུབི། །༝༝མྲི་ཏི་གེ །མཛེས་སྡུག་ལྷ་མོ་རྡོ་རྗེ་རྔ་ཟླུམ་མས། །དབྱར་གྱི་འབྲུག་སྟོང་ལྟ་བུར་བསྐུལ་བའི་སྒྲ། །༝༝མུ་རན་ཛེ། །མཛེས་སྡུག་ལྷ་མོ་རྡོ་རྗེ་བཞད་པ་མས། །ཀུན་དགའ་ཁོང་ནས་རྒོད་པའི་འཛུམ་གྱི་རླབས། །༝༝ཧཱ་སི་ཏ། །མཛེས་སྡུག་ལྷ་མོ་རྡོ་རྗེ་སྒེག་མོ་མས། །ཡིད་འཕྲོག་ཕྲ་ལྡེམ་ལུས་ཀྱི་རྣམ་འགྱུར་ཚོགས། །༝༝ལཱ་སྱེ། །མཛེས་སྡུག་ལྷ་མོ་རྡོ་རྗེ་གླུ་ལེན་མས། །མགྲིན་པའི་དྲིལ་ཆུང་འཁྲོལ་བའི་འགྱུར་ཁུགས་དབྱངས། །༝༝གཱི་ཏི། །མཛེས་སྡུག་ལྷ་མོ་རྡོ་རྗེ་གར་མཁན་མས། །གྲངས་མེད་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་དག །༝༝ནི་རྟི། །མཛེས་སྡུག་ལྷ་མོ་རྡོ་རྗེ་མེ་ཏོག་མས། །བསིལ་མའི་ཆུ་སྐྱེས་ཕྲེང་མཛེས་བསྟར་བ་འདི། །༝༝པུ་ཥྤེ། །མཛེས་སྡུག་ལྷ་མོ་རྡོ་རྗེ་བདུག་སྤོས་མས། །ཆར་སྤྲིན་ལྟར་འཁྲིགས་དྲི་བསུང་འཐུལ་པ་འདི། །༝༝ངྷཱུ་པེ། །མཛེས་སྡུག་ལྷ་མོ་རྡོ་རྗེ་མར་མེ་མས། །ཉི་ཟླ་ལྟ་བུའི་སྣང་གསལ་སྤར་བ་འདི། །༝༝ཨཱ་ལོ་ཀེ །མཛེས་སྡུག་ལྷ་མོ་རྡོ་རྗེ་དྲི་ཆབ་མས། །བཟང་པོའི་སྨན་མཆོག་ཆུ་ཡི་བྱུག་པ་འདི། །༝༝གནྡྷེ། །མཛེས་སྡུག་ལྷ་མོ་གཟུགས་ཀྱི་རྡོ་རྗེ་མས། །གཟིགས་མོར་ཚར་དུ་དངར་བའི་སྣང་བརྙན་ཚོགས། །༝༝རཱུ་པ། །(༥བ)


GLG010_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་སྡུག་ལྷ་མོ་རོ་ཡི་རྡོ་རྗེ་མས། །བདུད་རྩིའི་དཔལ་ལྡན་གཡོས་སུ་བྱས་པའི་ཟས། །༝༝ར་ས། །མཛེས་སྡུག་ལྷ་མོ་རྡོ་རྗེ་རེག་བྱ་མས། །འཇམ་གཉེན་ལྷ་རྫས་གོས་སུ་བྱས་པ་འདི། །༝༝སྤཪྴ། །མཛེས་སྡུག་ལྷ་མོ་ཆོས་དབྱིངས་རྡོ་རྗེ་མས། །ཆོས་ཁམས་ལས་བསྐྱེད་བླ་མེད་བདེ་ཆེན་འདི། །༝༝ངྷརྨ་ངྷཱ་ཏུ། །རིན་ཆེན་སྣ་བདུན་གྱིས་མཆོད་པ། །ཕུན་ཚོགས་གླིང་བཞིའི་དཔལ་ལ་དབང་བྱེད་པའི། །ཐོགས་མེད་རྩིབས་སྟོང་གསེར་གྱི་འཁོར་ལོ་འདི། །༝༝ཙཀྲ་རཏྣ། །ཕུལ་བྱུང་འདོད་པའི་རེ་བ་མ་ལུས་པ། །སྐོང་བྱེད་ནོར་བུ་དབང་གི་རྒྱལ་པོ་འདི། །༝༝མ་ཎི་རཏྣ། །ཟག་མེད་བདེ་བའི་མཆོད་སྦྱིན་སྟེར་མཁས་པའི། །མཛེས་སྡུག་ཡིད་འོང་བཙུན་མོ་དམ་པ་འདི། །༝༝སྟྲཱི་རཏྣ། །བྱམས་བརྩེའི་སྟོབས་ཀྱིས་དབྱིག་འཛིན་མ་ལུས་པ། །བདེ་བར་སྐྱོང་བའི་ནུས་ལྡན་བློན་པོ་འདི། །༝༝པུ་རུ་ཥ་རཏྣ། །ཀེ་ལ་ཤ་ཡི་ས་འཛིན་དབང་པོ་ལ། །རིན་ཆེན་རྒྱན་གྱིས་སྤྲས་འདྲའི་གླང་པོ་འདི། །༝༝ཧསྟི་རཏྣ། །རླུང་གི་ཤུགས་འཆང་སྟོང་གསུམ་སྐད་ཅིག་ལ། །ཐོགས་མེད་ཉུལ་བའི་ཅང་ཤེས་རྟ་མཆོག་འདི། །༝༝ཨ་ཤྭ་རཏྣ། །རཱ་མ་ཎ་ལྟར་དཔའ་འཛངས་རྟུལ་ཕོད་པའི། །ཕྱོགས་ལས་རྣམ་པར་རྒྱལ་བའི་དམག་དཔོན་འདི། །༝༝ཁཌྒ་རཏྣ། །བཀྲ་ཤིས་རྟགས་བརྒྱད་ཀྱིས་མཆོད་པ། །དགེ་ཚོགས་ནོར་བུའི་ཡུ་བས་རབ་བཏེག་པའི། །ཉོན་མོངས་ཚ་གདུང་སེལ་བའི་གདུགས་དཀར་འདི། །༝༝ཚ་ཏྲ་མངྒ་ལ། །འཛམ་བུ་ཆུ་བོའི་གསེར་སྦྱངས་ལས་གྲུབ་པའི། །ཕན་བདེའི་ཉལ་འགྲོའི་ཀླུང་ལ་བརྟེན་པའི་ཉ། །༝༝མཏྶ་མངྒ་ལ། །བཀྲ་ཤིས་རི་མོ་གཡས་སུ་རབ་འཁྱིལ་བའི། །སྙན་པ་ཕྱོགས་བཅུར་སྒྲོག་པའི་དུང་(༦ན)


GLG010_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་འདི། །༝༝ཤི་ཥ་མངྒ་ལ། །ཉེས་པའི་འདམ་གྱི་དྲི་བྲལ་བྱང་གྲོལ་གྱི། །འདབ་མ་རྣམ་པར་རྒྱས་པའི་པད་མ་དཀར། །༝༝པདྨ་མངྒ་ལ། །ཕུན་ཚོགས་ཟད་པ་མེད་པའི་འདོད་དགུའི་གཏེར། །རིན་ཆེན་ལས་གྲུབ་བུམ་པ་བཟང་པོ་འདི། །༝༝ལ་ཤ་མངྒ་ལ། །མིག་གི་གཟིགས་མོར་མཚར་བའི་རི་མོ་མཆོག །ཡོངས་སུ་སྨིན་པའི་དཔལ་གྱི་བེའུ་འདི། །༝༝ཤྲཱི་པདྨ་མངྒ་ལ། །ཐར་པ་མཆོག་གི་ཁང་བཟང་དམ་པའི་རྩེར། །ཟུང་འཇུག་རྒྱལ་མཚན་རྣམ་པར་བསྒྲེང་བ་འདི། །༝༝ངྷཱ་ཛ་མངྒ་ལ། །རྫོགས་ལྡན་མགྲོན་དུ་འགུགས་བྱེད་སུ་ཝ་རྞའི། །མ་སྨད་འཁོར་ལོ་རྩིབས་སྟོང་མུ་ཁྱུད་ཅན། །༝༝ཙཀྲ་མངྒ་ལ། །བཀྲ་ཤིས་རྫས་བརྒྱད་ཀྱིས་མཆོད་པ། །ཇི་ལྟ་ཇི་སྙེད་ཆོས་ཀྱི་གཟུགས་བརྙན་ཀུན། །མ་འདྲེས་གསལ་བར་འཆར་བའི་མེ་ལོང་འདི། །༝༝ཨཱ་དར་ཤ་མངྒ་ལ། །དུག་གསུམ་ཉོན་མོངས་མ་ལུས་སེལ་བྱེད་པའི། །སྙིང་པོ་མཆོག་གྱུར་སྨན་བཟང་གྷི་ཧཾ་འདི། །༝༝གོ་རི་ཙ་ན་མངྒ་ལ། །ཟླ་བ་བཞུན་མ་སྣོད་དུ་འཁྱིལ་འདྲ་བའི། །རབ་དཀར་བཅུད་ཀྱི་སྙིང་པོར་གྱུར་པའི་ཞོ། །དངྷི་མངྒ་ལ། །འཆི་བའི་དངོས་པོ་འཇོམས་པའི་རྡོ་རྗེའི་སྲོག །རིང་པོར་སྒྲུབ་པའི་རྩ་མཆོག་དུར་པ་འདི། །༝༝དུར་བ་མངྒ་ལ། །གསང་སྔགས་ཉེ་ལམ་གྲུབ་པའི་འབྲས་བུ་ཆེ། །བྱང་ཆུབ་སྙིང་པོར་འགྱུར་བྱེད་བིལ་པ་འདི། །༝༝ཕ་ལ་བིལ་པ་མངྒ་ལ། །སྙན་པའི་གྲགས་པ་སྲིད་པའི་རྩེ་མོའི་བར། །སྒྲོག་པར་བྱེད་པའི་ཆོས་དུང་གཡས་འཁྱིལ་འདི། །༝༝ཨ་ཛི་ཧཱ་མངྒ་ལ། །སྲིད་ཞིའི་བརྟན་གཡོའི་ཡོན་ཏན་མ་ལུས་པ། །དབང་དུ་བསྡུ་བར་བྱེད་པའི་ལི་ཁྲི་འདི། །༝༝སིན་ངྷཱུར་མངྒ་ལ། །ཡིད་སྲུབས་སྡེར་བཅས་ཐལ་བར(༦བ)


GLG010_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

རློག་བྱེད་པའི། །མི་བཟད་རྡོ་རྗེའི་མཚོན་ཆ་ཡུངས་ཀར་འདི། །༝༝ས་རཱ་བ་མངྒ་ལ། །མཁོ་བའི་ཡོ་བྱད་འབུལ་འདོད་ན། མཐོ་རིས་གྲོང་ཁྱེར་ས་ལ་འཕོས་འདྲ་བའི། །དགེ་བཅུའི་ཡོན་ཏན་ཀུན་ཚང་ཡུལ་གྲུ་འདི། །༝༝དེ་ཤ །རིན་ཆེན་ལས་གྲུབ་བ་གམ་མཐོ་ལྡན་པ། །ངོ་མཚར་བཀོད་མཛེས་ཁང་བཟང་དམ་པ་འདི། །༝༝གྲི་ཧ། འཕན་གདུགས་བླ་བྲེ་དར་གྱི་ཡོལ་བ་ཅན། །གདོང་ལྔའི་དབང་པོས་བཏེག་པའི་འགྱུར་མེད་གདན། ༝༝ཨཱ་ས་ན། །ཅོད་པན་ཕྱག་ཞབས་གདུ་བུ་སྙན་ཆ་དང་། །མགུལ་རྒྱན་འོག་པགས་ལ་སོགས་རྒྱན་གྱི་ཚོགས། །༝༝ཨ་ལངྒ་ར། །ངུར་སྨྲིག་གོས་དང་པཉྩ་ལི་ཀ་སོགས། །སྣ་ཚོགས་ན་བཟའི་ཁྱད་པར་ཇི་སྙེད་པ། །༝༝བསྟྲ། །རྣམ་རྒྱལ་གསེར་མདོག་བཟང་དྲུག་ཙནྡན་སོགས། །སྣ་ཚོགས་སྨན་གྱི་ཁྱད་པར་ཇི་སྙེད་པ། །ཨོ་ཥ་ངྷི། ཕུན་ཚོགས་ལྗོན་པའི་ཤིང་ལས་གྲུབ་པའི་ཇ། །ག་བུར་དྲི་ངད་འཐུལ་བའི་བཏུང་བ་འདི། །༝༝ཨེ་ངྷོ་ད་ཀ །སྙིང་པོ་སྒྲུབ་པའི་མཆོད་པ་ནི། མཐའ་བྲལ་འཁོར་བ་ཀུན་གསལ་འགྲམ་པ་ལ། །བདེ་སྡུག་གློག་གི་གར་མཁན་ལྟ་བུའི་འོད། །མ་རིག་སྡེ་བསངས་མུན་པ་སྟུག་པོའི་རུམ། ངན་སོང་གཡང་དུ་གོམ་པ་འཕྱན་རིག་ནས། །རྣམ་དག་ངེས་འབྱུང་སྐྱ་རེངས་ཀྱིས་དྲངས་པའི། །དྲི་མེད་ཚུལ་ཁྲིམས་ཉིན་བྱེད་དབང་པོ་མཆོག །ཚངས་སྤྱོད་དབང་ཕྱོགས་འཛིན་མའི་རྩེར་འོངས་པས། །ཕན་བདེའི་འདབ་བརྒྱ་སྐྲུན་པའི་ཆོ་ག་རྫོགས། གཞན་ཕན་དོན་དུ་འགྱུར་ན་ངན་སོང་གནས། །མཐོ་རིས་སྐྱེད་ཚལ་ལྟ་བུར་དགའ་བཞིན་དུ། །འཇུག་ནུས་ལྷག་པའི་བསམ་པས་ལེགས་དྲངས་པའི། །རླབས་ཆེན་རྒྱལ་བའི་སྲས་ཀྱི་སྤྱོད་ཚུལ་ཅན། །སྒྲ་ཚད་བཟོ་གསོ་(༧ན)


GLG010_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་རིག་པའི་གནས། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སོགས། །ལེགས་པའི་ལམ་སྟོན་གཞུང་ལུགས་རྒྱ་མཚོ་ཆེ། །དྲི་མེད་ཀུན་མཁྱེན་རྒྱལ་བའི་བསྟན་པ་ལ། །ཀློག་པ་ཐོས་བསམ་སྙན་འགྱུར་གླུར་ལེན་ཞིང་། །སྤོང་བ་བསམ་གཏན་སྦྲང་རྩིས་རབ་མྱོས་པའི། །ཉམ་ཆུང་རྐང་དྲུག་བདག་གི་སྤྱོད་ཚུལ་རྣམས། །མཆོག་གསུམ་བླ་མ་དགྱེས་པའི་མཆོད་པར་འབུལ། སྟོབས་བཞིའི་སྒོ་ནས་སྡིག་བཤགས་པ། སྒོ་གསུམ་ལང་ཚོ་དར་བའི་གླང་པོ་ཆེ། །ཐོག་མེད་བསགས་པའི་ཉོན་མོངས་ཆུས་མྱོས་པས། །མཐའ་ཡས་དགེ་བཅུའི་པད་དཀར་རབ་བཅོམ་ནས། །ནག་པོའི་ལས་ཀྱི་སྣ་ཞགས་རིང་དུ་རྐྱོང་། །བག་མེད་མཚོན་ཆའི་འཁོར་ལོ་རྣོན་པོ་ཡིས། །རྣམ་པར་དག་པའི་ཚུལ་ཁྲིམས་སྲོག་རྩ་བཅད། །རང་བདེ་འདོད་པའི་མི་གཙང་འདམ་བཙོག་ཏུ། །གཞན་ཕན་བྱང་ཆུབ་སེམས་ཀྱི་ཡན་ལག་བྱིང་། །ཐེག་དམན་ལམ་དུ་གོལ་བའི་ཉི་འོད་ཀྱིས། །ངེས་གསང་ཟབ་མོའི་ལུས་ཀུན་གདུང་བས་མནར། །མདོར་ན་གནས་ངན་ལེན་གྱི་རྒྱུ་བསྒྲུབས་པའི། །ཉེས་པའི་ཚོགས་ཀུན་སྟོབས་བཞིའི་སྒོ་ནས་བཤགས། །དགེ་བའི་ཚོགས་ལ་ཡི་རང་བ། །རྣམ་འདྲེན་ཐབས་མཁས་མཛད་པའི་སྒྱུ་མ་ཡིས། སྲིད་ཞིའི་རྒུད་པའི་སཱི་ཏ་རབ་ཕྲལ་ནས། །མི་གནས་མྱ་ངན་འདས་པའི་ཐང་ཡངས་པོར། །འགྲོ་ཀུན་འཁྲིད་པའི་ཤིང་རྟ་ལེགས་འདྲེན་ཅིང་། །དོན་དུ་འགྱུར་ན་གཞན་ཕྱིར་རང་ཉིད་ཀྱི། །ཕུན་ཚོགས་བདེ་བའི་དཔལ་ཀུན་གཏོང་བ་ལ། །ཞུམ་མེད་སྙིང་སྟོབས་ཆོ་ག་བཙན་པོ་ཅན། །དཔལ་ལྡན་རྒྱལ་བའི་སྲས་ཀྱི་མཛད་བཟང་མཆོག །སྲིད་འབྱོར་ཨེ་རཎྜ་ལྟར་ཡ་མ་རླའི། །ངང་(༧བ)


GLG010_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཤེས་ནས་གཏན་བདེའི་ནགས་ཀླུང་དུ། །བདག་མེད་རྟོགས་པའི་ཤེས་རབ་རྣོན་པོ་ཡིས། །འཁོར་བ་འཁྱོག་པོའི་ཡལ་ག་བཅད་པ་སོགས། །ཐེག་གསུམ་སྐྱེ་འཕགས་ཀུན་གྱི་རྣམ་དཀར་ལས། །རྒྱ་ཆེར་སྤེལ་དང་གྲངས་མེད་འགྲོ་རྣམས་ཀྱི། །དུས་གསུམ་བསགས་པའི་དགེ་ཚོགས་རྒྱ་མཚོ་ལ། །ཀུན་ནས་དགའ་བའི་སེམས་ཀྱིས་ཡི་རང་ངོ་། །ཆོས་འཁོར་སྐོར་ཞེས་གསོལ་འདོད་ན། འགྲོ་འདིའི་མཆོག་དམན་ཁམས་དང་དབང་པོའི་གཞིར། །སྣ་མང་ཐེག་པའི་དབྱར་སྐྱེས་གཞོན་ནུའི་ཚོགས། །ཐབས་མཁས་དཔྱིད་ཀྱི་ཕོ་ཉས་ལེགས་བསྐྱངས་པའི། །ཕན་བདེའི་དུས་སྟོན་ཕུན་ཚོགས་འགྲུབ་བྱེད་སོགས། །མདོར་ན་རྒྱལ་བ་རྣམས་དང་དེ་ཡི་སྲས། །ཉན་ཐོས་རང་རྒྱལ་ཀུན་གྱིས་འགྲོ་བ་ལ། །མཐའ་ཀླས་ཟབ་དང་རྒྱ་ཆེ་དམ་པའི་ཆོས། །འཁོར་ལོ་རྒྱུན་ཆད་མེད་པར་སྐོར་བར་བསྐུལ། །དེ་ནས་ཞར་བྱུང་བུམ་པའི་དབང་། །བྱིན་རླབས་ཚུལ་དུ་བླང་བ་ནི། །རྡོ་རྗེ་འཆང་དངོས་བླ་མའི་དཔྲལ་བ་ནས། །བདུད་རྩིའི་རྒྱུན་དང་ཨོཾ་ཡིག་དཀར་པོ་བྱུང་། །རང་གི་དཔྲལ་བའི་གནས་སུ་ཐིམ་པ་ཡིས། །བུམ་པའི་དབང་བསྐུར་བྱིན་རླབས་ཚུལ་དུ་ཐོབ། །ལུས་ཀྱི་སྡིག་སྒྲིབ་བག་ཆགས་མ་ལུས་སྦྱངས། །སྐུ་ཡི་རྡོ་རྗེ་འགྲུབ་པའི་ནུས་པ་རྙེད། །ཕྲ་རགས་བསྐྱེད་རིམ་སྒོམ་ལ་དབང་བར་བྱས། །འབྲས་བུ་སྤྲུལ་སྐུ་འགྲུབ་པའི་ས་བོན་བཞག །མྱ་ངན་མི་འདར་བཞུགས་གསོལ་བ། རིང་ནས་མགོན་ཁྱོད་བྱམས་བརྩེའི་དམག་དཔུང་གིས། །བདུད་སྡེའི་ཚོགས་རྣམས་ཕྱེ་མར་རབ་བཏགས་ཏེ། །མི་འགྱུར་འཆི་བ་མེད་པ་རྡོ་རྗེའི་སྐུས། །རྣམ་པར་རྒྱལ་བའི་སྲིད་ལ་དབང་སྒྱུར་ཡང་། །མ་ངེས་འགྲོ་བློའི་རིན་ཆེན་རྩིག་(༨ན)


GLG010_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོས། །ཐ་མའི་སྦྱང་གཞིའི་འབོད་གྲོགས་གཟུགས་བརྙན་སྟོང་། །ཤར་ཡང་བློ་ལྡན་ཧ་ནུ་མནྠ་ཡིས། །མི་ཤེས་རླུང་སེམས་ལུས་དེ་གང་དུ་མཆིས། །དེ་ཕྱིར་བསླུ་བ་མེད་པའི་སྐྱབས་གནས་ཚོགས། དོན་ལ་གཤེགས་བཞུགས་བྲལ་ཡང་དམན་བློའི་ངོར། །སྒྱུ་མའི་སྐུ་དེ་མངོན་སུམ་མཐོང་དཀའ་བས། །རགས་པའི་ལུས་འདི་གཡོ་མེད་བརྟན་པར་འོས། །བཤེས་གཉེན་དམ་པའི་ཟློས་གར་ཉིན་མོའི་མགོན། །ཆོས་དབྱིངས་ཐུན་འཚམས་ཕང་པར་ངལ་གསོ་ན། །ལྷ་ལམ་ཕ་མཐས་གཞལ་དཀའི་ལུས་ཅན་གྱི། །མགོན་སྐྱབས་དཔུང་གཉེན་བྱེད་པོ་སུ་ཞིག་མཆིས། །ཚེ་རབས་དུ་མར་གནས་ངན་ལེན་གྱི་རྒྱུ། །རང་གིས་འབད་པས་བསགས་པའི་འབྲས་བུ་ཞེས། །ཡལ་བར་འདོར་ན་འགྲོ་ལ་བུ་གཅིག་ལྟར། །བརྩེ་བའི་ལྷག་པའི་བསམ་པའང་གཏམ་དུ་ཟད། །མཐའ་མེད་འཁོར་བའི་རྒྱ་མཚོ་ཆེན་པོའི་ནང་། །ཉོན་མོངས་ཆུ་སྲིན་རྣོན་པོའི་མཆེ་བ་གཙིགས། །ལས་ངན་མི་འདོད་རླུང་ཤུགས་དྲག་པོས་གཡེངས། །མི་བཟད་སྡུག་བསྔལ་ཀློང་དུ་བྱིང་བའི་འགྲོ། །མགོན་པོ་ཁྱོད་ཀྱིས་རྗེས་སུ་མི་འཛིན་ན། །གཞན་ཕྱིར་ཐུགས་བསྐྱེད་དཀའ་བ་བརྒྱ་ཕྲག་གིས། །རླབས་ཆེན་སྤྱོད་པའི་དཀའ་ཐུབ་བསྟེན་པ་ཡང་། །རང་ཉིད་ངལ་བའི་འབྲས་བུ་ཙམ་དུ་ཟད། །བདེ་བ་འདོད་ཀྱང་སྡུག་བསྔལ་རྒྱུ་སྒྲུབ་པའི། །བླང་དོར་གནས་ལ་རྨོངས་པའི་སྐྱེས་བུ་རྣམས། །ཀུན་ཁྱེན་ཡེ་ཤེས་ས་ལ་མ་བཞག་བར། །མྱ་ངན་མི་འདའ་བརྟན་པར་བཞུགས་སུ་གསོལ། དགེ་བ་རྫོགས་བྱང་གི་རྒྱུར་བསྔོ་བ་ནི། འཁོར་འདས་ཀུན་གྱི་དགེ་ལེགས་ཡིད་བཞིན་ནོར། །འབྱུང་གནས་རྗེ་བཙུན་(༨བ)


GLG010_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་གདེངས་ཅན་དབང་། །ལུང་རྟོགས་ཡོན་ཏན་རྒྱ་མཚོ་ཆེན་པོའི་བདག །ཐུགས་རྗེ་དུས་ལས་ཡོལ་མེད་རླབས་འཕྲེང་ཅན། །གང་གི་སྐུ་ལ་ཕྱོགས་བཅུའི་རྒྱལ་བ་རྣམས། །བཞུགས་ནས་བླ་ན་མེད་པའི་བསོད་ནམས་ཀྱི། །ཞིང་མཆོག་དམ་པ་སྐྲུན་ཞེས་རྒྱུད་སྡེ་ལས། །ལན་ཅིག་མིན་པར་གསུངས་པ་དོན་དང་ལྡན། །ཆོས་ལོངས་མངོན་སུམ་སྣང་བའི་སྐལ་བ་དག །མ་རིག་མུན་པས་བསྒྲིབས་པའི་འགྲོ་བ་ལ། །རྒྱལ་བ་རྣམས་ཀྱང་ཐ་མལ་བཤེས་གཉེན་ཚུལ། །བསྟན་ནས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། །དུས་གསུམ་བསགས་པའི་དགེ་བ་ཐམས་ཅད་ལས། ཁྱོད་ཀྱི་བ་སྤུའི་ཁུང་བུ་གཅིག་ཙམ་ཡང་། །ཚུལ་བཞིན་མཆོད་པའི་བསོད་ནམས་ལས་དཀར་གྱི། །སྲང་ལ་གཞལ་ཚེ་མངོན་པར་ལྕི་མིན་ནམ། །ལུང་དང་རིགས་པའི་གཏན་ཚིགས་རྟ་བདུན་པས། །རབ་དྲངས་མཆོད་པའི་ཆོ་ག་ཉིན་མོར་བྱེད། །ཐོས་བསམ་སྒོམ་པའི་འཆི་མེད་ལམ་ཤར་ཚེ། །ཕན་བདེའི་འདབ་བརྒྱ་འཛུམ་ལས་གཞན་དུ་ཅི། །དེ་ལྟར་ཕུལ་བྱུང་ཐུགས་རྗེ་ཆེན་པོའི་རྒྱུད། །ཚུལ་འདིར་འབད་པས་དགེ་བའི་སོར་མོ་ཡིས། །བསྐུལ་བས་མཆོག་ཐུན་དངོས་གྲུབ་སྙན་འགྱུར་སྒྲ། །གཏན་བདེའི་ཐོས་འཛིན་དགའ་སྟོན་འཕེལ་བའི་ཚོགས། འདིར་སྣང་ཕུན་ཚོགས་གློག་གི་གར་མཁན་མ། །སྲིད་འབྱོར་ཨེ་རཎྜ་ལི་སྙིང་པོ་ལྟར། །རྟོགས་ནས་ངེས་པར་འབྱུང་བའི་ཚུལ་ཁྲིམས་དག །ནན་ཏན་སྙིང་པོས་ཚུལ་བཞིན་ལེགས་པར་བསྲུངས། །ཚེ་རབས་མང་པོར་དྲིན་གྱིས་བསྐྱངས་པ་ཡིས། །མར་གྱུར་འགྲོ་ལ་རང་གི་བདེ་བ་གཏོང་། །གཞན་གྱི་སྡུག་(༩ན)


GLG010_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་དང་དུ་ལེན་ནུས་པའི། །བྱང་ཆུབ་སེམས་མཆོག་རྒྱུད་ལ་རབ་ཏུ་འཕྱོངས། །སྨིན་བྱེད་དབང་གིས་སྐུ་བཞིའི་ས་བོན་ཐེབས། །གྲོལ་བྱེད་ལམ་གྱིས་ཟུང་འཇུག་སྒྲུབ་པ་སོགས། །བྱས་དང་བྱེད་བཞིན་བྱེད་འགྱུར་དགེ་བ་ཀུན། །རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུར་བསྔོའོ། །ནང་གི་མཆོད་ཡུལ་གསལ་གདབ་པ། ངུར་སྨྲིག་གར་གྱིས་རོལ་པའི་བཤེས་གཉེན་མཆོག །སྐད་ཅིག་གནས་གྱུར་མགོན་པོ་འཇམ་དཔལ་དབྱངས། །སྐུ་མདོག་དམར་སེར་ཞི་འཛུམ་སྒེག་པའི་ཉམས། །མཐོན་མཐིང་དབུ་སྐྲ་ཟུར་ཕུད་ལྔ་ལྡན་པ། །ཕྱག་གཡས་མི་ཤེས་གཅོད་པའི་རལ་གྲི་འཕྱར། །གཡོན་པས་ཐུགས་ཀར་ཨུཏྤལ་ཡུ་བ་ནས། །བཟུང་བའི་འདབ་སྟེང་ཤེར་ཕྱིན་གླེགས་བམ་འཛིན། །ཞབས་གཉིས་མི་ཕྱེད་རྡོ་རྗེ་སྐྱིལ་ཀྲུང་ཅན། །རིན་ཆེན་རྒྱན་དང་ལྷ་རྫས་ན་བཟས་མཛེས། །ཆོས་སྐུ་བདེ་བ་ཆེན་པོའི་མཁའ་དབྱིངས་སུ། །གཟུགས་སྐུ་འཇའ་ཚོན་ལྟ་བུར་རྣམ་བཀྲ་བ། །སྐྱབས་གནས་མ་ལུས་འདུས་པའི་ངོ་བོར་གྱུར། །ཡན་ལག་བདུན་གྱི་ཕྱག་འཚལ་བ་ནི། རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་གཟུགས། །བསླུ་མེད་འདྲེན་པར་ཤར་བ་བླ་མ་རྗེ། །ལོངས་སྤྱོད་རྫོགས་སྐུའི་ཟློས་གར་འཇམ་དཔལ་དབྱངས། །གཉིས་མེད་གཏན་གྱི་སྐྱབས་གནས་ལ་ཕྱག་འཚལ། །མ་འདྲིས་ཀུན་ལ་མཛའ་བའི་བཤེས་གཉེན་མཆོག །རྒྱུ་མེད་དུག་གསུམ་ཀུན་ལ་སྡང་བའི་དགྲ། །ཆགས་མེད་ཤེས་རབ་མ་ལ་རྗེས་སུ་བརྩེ། །འདོད་བྲལ་བདེ་བ་མཆོག་ལ་ལྷག་པར་སྲེད། གཉིས་མེད་གཏན་གྱི་སྐྱབས་གནས་ལ་ཕྱག་འཚལ། །མ་འདྲིས་ཀུན་ལ་མཛའ་བའི་བཤེས་གཉེན་མཆོག །རྒྱུ་མེད་དུག་གསུམ་ཀུན་ལ་སྡང་བའི་དགྲ །ཆགས་མེད་ཤེས་རབ་མ་ལ་རྗེས་སུ་བརྩེ། །འདོད་བྲལ་བདེ་བ་མཆོག་ལ་ལྷག་པར་སྲེད། །རོ་ནུས་མ་བསྡེབས་དུག་གསུམ་ནད་སེལ་སྨན། །རླུང་གིས་མ་དྲངས་ཕན་བདེའི་དྲི་བསུང་ཅན། །ཀུ་མུད་མི་འཇོམས་ལེགས་བཤད་སྣང་བའི་གཏེར། །(༩བ)


GLG010_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པོས་མ་བསྐྲུན་ཟུང་འཇུག་ཟ་མ་ཏོག །སྙིགས་དུས་ཚེ་ཐུང་གཅིག་གི་ཡུན་ཚད་ལ། །སྐུ་གསུམ་གླིང་དུ་འཁྲིད་པའི་ས་མཁན་མཆོག །རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར། །ཀུན་འདུས་འཁོར་ལོའི་མགོན་ལ་ཕྱག་འཚལ་ལོ། །མཆོད་པའི་ནང་ཚན་མཎྜལ་ནི། འབྱུང་བ་བཞི་འདུས་ལུས་ཀྱི་ས་གཞིའི་སྟེང་། །རྣམ་པར་ཤེས་པའི་ས་འཛིན་དབང་པོ་ལ། །ཕུང་ཁམས་གསེར་རི་རོལ་མཚོ་བདུན་གྱིས་བསྐོར། །སྐྱེ་མཆེད་བཅུ་གཉིས་གླིང་བཞི་གླིང་ཕྲན་བརྒྱད། །རོ་རྐྱང་ནམ་མཁའི་ནོར་བུ་མཚན་མོའི་མགོན། །དབང་པོ་ལྔ་ཡི་གཏེར་ཆེན་བུམ་པ་སོགས། །དཀྱིལ་འཁོར་གཙོ་བོ་དཔལ་ལྡན་བླ་མར་འབུལ། །ཟག་མེད་བདེ་བ་ཆེ་ལ་སྤྱོད་པར་ཤོག །ཨ་མྲྀ་ཏ་ཡི་མཆོད་པ་ནི། རིན་ཆེན་ཀ་པཱ་ལ་ཡི་སྣོད་ཡངས་པོར། །ཤ་ལྔ་བདུད་རྩི་ལྔ་ལས་གྲུབ་པའི་རྫས། །ཐ་མལ་སྣང་ཞེན་ཡོངས་དག་ཟག་པ་མེད། །རོ་མཆོག་བདུད་རྩིའི་རྒྱ་མཚོའི་མཆོད་པ་འབུལ། །སྒྲུབ་པའི་མཆོད་པས་མཉེས་བྱེད་ན། །ཕྱི་ནང་མཚན་ཉིད་ལྡན་པའི་དཀྱིལ་འཁོར་དུ། །ཐེག་མཆོག་འཇུག་སྒོ་དབང་གིས་ལེགས་སྨིན་ཅིང་། །བསྙེན་སྒྲུབ་ལས་གསུམ་ཕྲིན་ལས་རྣམ་པ་བཞི། །རིལ་བུ་མིག་སྨན་ལ་སོགས་གྲུབ་ཆེན་བརྒྱད། །ཐུན་མོང་ལས་ཀུན་སྒྲུབ་ལ་ཐོགས་མེད་ཅིང་། །བསྐྱེད་རིམ་ཕྲ་རགས་སྒྱུ་ལུས་གཏུམ་མོ་སོགས། །འཁྲུལ་མེད་ཚུལ་བཞིན་ཉམས་སུ་བསྟར་བ་ཡིས། །བཀའ་བཞིན་སྒྲུབ་པའི་མཆོད་པ་དམ་པ་འབུལ། །སྔར་བསགས་ཀྱི་མི་དགེ་བཤག་པ་ནི། དངོས་གྲུབ་འབྱུང་གནས་རྡོ་རྗེ་སློབ་དཔོན་གྱི། །ཐུགས་དང་འགལ་སོགས་ངེས་གསང་ཐེག་པ་ཡི། །རྩ་བ་ཡན་ལག་དམ་ཚིག་ཉམས་པ་ཀུན། (༡༠ན)


GLG010_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

གནོང་ཞིང་འགྱོད་པའི་སྒོ་ནས་མཐོལ་ལོ་བཤགས། དགེ་ལ་རྗེས་སུ་ཡི་རང་བ། སྐལ་བཟང་སྙིང་གི་རིན་ཆེན་བུམ་པའི་ནང་། །རྒྱུད་སྡེ་རྣམ་བཞིའི་ཆོས་ཀྱི་བདུད་རྩི་ཡིས། །ལེགས་གཏམ་ཚེ་འདིར་སངས་རྒྱས་སྒྲུབ་པ་སོགས། །རྣམ་དཀར་དགེ་བའི་ཚོགས་ལ་ཡི་རང་ངོ་། །ཆོས་འཁོར་སྐོར་བར་བསྐུལ་པ་ནི། དམན་པའི་ཐེག་པར་གོལ་པའི་རི་དྭགས་སྲོག །དབང་རྣོན་མཚོན་གྱིས་གཅོད་པའི་ཤ་ཝ་རི། །བཟང་པོའི་སྐལ་པ་ཅན་གྱི་གདུལ་བྱ་ལ། །ཐེག་ཆེན་གསང་སྔགས་ཆོས་འཁོར་སྐོར་དུ་གསོལ། གསང་དབང་བྱིན་རླབས་ཀྱི་ཚུལ་དུ་ལེན་པ། བླ་མའི་མགྲིན་པའི་གནས་ནས་བདུད་རྩིའི་རྒྱུན། །དམར་པོ་ཨཱཿཡིག་དང་བཅས་ཐོགས་མེད་བྱུང་། །རང་གི་མགྲིན་པའི་གནས་སུ་ཐིམ་པ་ཡིས། །སྨིན་བྱེད་གསང་དབང་བྱིན་རླབས་ཚུལ་དུ་ཐོབ། །ངག་གི་སྡིག་སྒྲིབ་བག་ཆགས་མ་ལུས་སྦྱངས། །གསུང་གི་རྡོ་རྗེ་འགྲུབ་བའི་ནུས་པ་རྙེད། །གཏུམ་མོའི་རྣལ་འབྱོར་སྒོམ་ལ་དབང་བར་བྱས། །འབྲས་བུ་ལོངས་སྐུ་འགྲུབ་པའི་ས་བོན་བཞག །མྱ་ངན་མི་འདར་གསོལ་བ་གདབ་པ། དམིགས་མེད་ཆོས་སྐུའི་རང་བཞིན་སྟོང་པའི་གཟུགས། །བདེ་ཆེན་འཁོར་ལོའི་མགོན་པོར་ཡོངས་ཤར་བའི། །དཔལ་ལྡན་བླ་མ་སྐལ་བཟང་གདུལ་བྱའི་དོན། །མཛད་ཕྱིར་བསྐལ་བ་རྒྱ་མཚོར་རྟག་བཞུགས་གསོལ། །དགེ་བ་བྱང་ཆུབ་ཏུ་བསྔོ་བ་ནི། དུས་གསུམ་དག་ཏུ་རྙེད་དཀའི་ཟབ་མོའི་ལམ། །མངོན་པར་སྒྲུབ་པའི་དགེ་ཚོགས་ལྕགས་ཀྱི་ཁམས། །རྣམ་དག་དྲི་མ་མེད་པའི་བསྔོ་བའི་རྩིས། །རྣམ་མཁྱེན་བཙོ་མའི་གསེར་དུ་འགྱུར་བར་ཤོག །(༡༠བ)


GLG010_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

གསང་མཆོད་འཕུལ་བའི་རྟེན་སྐྱེད་པ་ནི། མགོན་པོ་འཇམ་དབྱངས་སྐད་ཅིག་གནས་གྱུར་ཏེ། །དཀྱིལ་འཁོར་བཙོ་བོ་དྲུག་པ་རྡོ་རྗེ་འཆང་། །སྐུ་ལ་བཤེགས་པ་གཤེགས་མ་སེམས་དཔའ་བརྒྱད། །ཁྲོ་བོ་བཅུ་སོགས་གདན་གསུམ་ཚང་བར་གྱུར། །ཡན་ལག་བདུན་ལས་ཕྱག་འཚལ་བ་ནི། མི་འགྱུར་རིན་ཆེན་མཚན་དཔེའི་ཟློས་གར་ལ། །སྟོང་ཉིད་མཛེས་སྡུག་དགའ་མས་ལེགས་འཁྱུད་པའི། །གཉིས་མེད་གཉིས་སུ་སྣང་བའི་སྒྱུ་མ་མཁན། །དཀྱིལ་འཁོར་འཁོར་ལོའི་མགོན་པོ་ལ་ཕྱག་འཚལ། །གར་དགུའི་ཉམས་ལྡན་ཡིད་བཞིན་མཚོ་ནང་དུ། །རིགས་གསུམ་ལྷ་ཡི་ཟླ་སྣང་གྲངས་མེད་པ། །དོན་དམ་ངང་དུ་རོ་གཅིག་ཀུན་རྫོབ་ཏུ། །མ་འདྲེས་སྣང་བ་དབང་པོའི་གཞུ་རིས་བཞིན། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྡོ་རྗེའི་མཚོན། །རྣོན་པོས་བདུད་བཞིའི་སྲོག་རྩ་བཅད་པའི་ཁྲག །བདེ་ཆེན་ལང་ཚོར་སྨིན་པའི་འོད་རིམ་གྱིས། །སྟོང་གཟུགས་མཐིང་གསལ་དམར་བའི་མདངས་ཀྱིས་མཛེས། །ཕུང་པོ་རྣམ་དག་བདེ་བར་གཤེགས་པའི་ཚོགས། །ལྟ་བས་མི་ངོམ་མཚན་དཔེའི་ལང་ཚོ་ཅན། ཁམས་བཞི་ཡུལ་ལྔ་རྣམ་པར་དག་པའི་ཡུམ། །བདེ་ཆེན་ཡེ་ཤེས་འདྲེན་པའི་མཛའ་ན་མོ། །སྐྱེ་མཆེད་ཡོངས་སུ་དག་པའི་སེམས་དཔའ་རྣམས། ཁྲོ་ཆགས་ཞི་བའི་ཉམས་ཀྱི་རོལ་གར་མཁན། །ཡན་ལག་ཁྲོ་བོར་ཤར་བའི་གཏུམ་བརྔམས་ཀྱིས། །བདུད་བཞིའི་སྙིང་ལ་འཆི་བའི་འཇིགས་པ་སྟེར། །གཙོ་དང་འཁོར་ཞེས་སེམས་ཀྱི་རོལ་བ་ཡིས། །མ་རྟོགས་བཅས་པས་སྤངས་རྟོགས་ཡོན་ཏན་ཀུན། །མཉམ་པར་རྫོགས་པས་མཆོག་དམན་སོ་སོ་རུ། །འཛིན་པར་བྱེད་རྣམས་བྱིས་པའི་བློ་གྲོས་བཞིན། །དེ་ཕྱིར་མགོན་ཁྱོད་དཀྱིལ་འཁོར་བྱེ་བ་ཡི། །གཅིག་(༡༡ན)


GLG010_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཅར་སྤྲོ་དང་བསྡུ་བའི་བྱེད་པོ་སྟེ། །དུས་གསུམ་སངས་རྒྱས་ཀུན་གྱི་འབྱུང་གནས་སུ། །ངེས་བརྙེད་དད་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །མཆོད་པའི་སྐབས་ཀྱི་མཎྜལ་ནི། རྡོ་རྗེའི་ལུས་ཀྱི་གསེར་ལྡན་ལྟོ་བ་ན། །མཉམ་སྦྱོར་རྡོ་རྗེ་པད་མའི་ལྷུན་པོ་མཆོག །བཅུ་དྲུག་དགའ་བའི་རི་མཚོ་གླིང་བཞིས་བསྐོར། །དབུ་མ་བཅུ་གཉིས་ཁྱིམ་གྱི་རྒྱུ་ལམ་དུ། །རོ་རྐྱང་རླུང་གི་ཉི་ཟླའི་དཀྱིལ་འཁོར་འཆར། །སྒྱུ་མའི་ལུས་སུ་ལྡང་བའི་རིན་ཆེན་བདུན། །ཟུང་འཇུག་བུམ་བཟང་ཡོངས་འདུ་ས་བརྟོལ་སོགས། །དཀྱིལ་འཁོར་མགོན་པོ་དཔལ་ལྡན་བླ་མར་འབུལ། །སྙོམས་འཇུག་ཕྱག་རྒྱའི་མཆོད་པ་ནི། མཁའ་ལ་མཁའ་ཡི་སྦྱོར་བ་ཇི་བཞིན་དུ། །འཁོར་ལོའི་མགོན་པོ་ཡབ་ཡུམ་མཉམ་སྦྱོར་བའི། །བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཆོག །བདེ་སྟོང་ཟུང་དུ་འཇུག་པའི་མཆོད་པ་འབུལ། །སྒྲུབ་པའི་མཆོད་པ་འབུལ་བ་ནི། རྩ་ཁམས་རླུང་ལ་གནད་དུ་བསྣུན་པ་ཡིས། །སེམས་ཀྱི་རྡོ་རྗེའི་རྣལ་འབྱོར་ལ་གཞོལ་ནས། །དོན་གཉིས་འདོད་དགུའི་དཔལ་འབྱོར་ལོངས་སྤྱོད་པའི། །ཡིད་བཞིན་དབང་གི་རྒྱལ་པོ་ཁྱོད་ལ་འབུལ། །སྡིག་སྒྲིབ་ཉེས་ལྟུང་སོགས་བཤགས་པ་ནི། མྱང་འདས་ཨ་ཝ་ངྷཱུ་ཏཱིའི་གྲོང་ཁྱེར་དུ། །སེམས་ཀྱི་ཁྱེའུ་ཆུང་དྲི་བཞོན་རྟར་བསྐྱོན་ནས། །འཁྲིད་བྱེད་ཆོས་དང་གཟུང་མར་བཅས་པ་ལ། །ལོག་རྟོག་སོམ་ཉི་བགྱིས་པ་མཐོལ་ལོ་བཤགས། །དགེ་བ་ལ་རྗེས་སུ་ཡི་རང་བ་ནི། གྲངས་མེད་བསྐལ་པར་ཚེགས་ཀྱིས་མི་སྐྲུན་པར། །སྐད་ཅིག་ཙམ་གྱིས་རྡོ་རྗེ་འཛིན་པའི་སར། །བྱོན་ཟིན་འབྱོན་འགྱུར་ད་ལྟར་བཞུགས་བཞིན་པའི། །ཕུལ་བྱུང་མཛད་པ་ཀུན་ལ་རྗེས་ཡི་རང་། །ཆོས་འཁོར་(༡༡བ)


GLG010_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་བར་བསྐུལ་བ་ནི། སྐད་ཅིག་བཟོད་དཀའི་སྡུག་བསྔལ་མེ་འོབས་སུ། །ཆུད་པའི་འགྲོ་རྣམས་མྱུར་དུ་བསྒྲལ་བའི་སླད། །བདེ་ཆེན་ཡེ་ཤེས་འདྲེན་པའི་མྱུར་ལམ་གྱི། །ངེས་གསང་ཐེག་པའི་ཆོས་འཁོར་སྐོར་དུ་གསོལ། ཤེར་དབང་བྱིན་རླབས་ཀྱི་ཚུལ་དུ་བླང་བ་ནི། བླ་མ་མཆོག་གི་ཐུགས་ལས་བདུད་རྩིའི་རྒྱུན། །མཐིང་ཁ་ཧཱུཾ་སྔོན་བཅས་པ་ཐོགས་མེད་བྱུང་། །རང་གི་སྙིང་གའི་གནས་སུ་ཐིམ་པ་ཡིས། །ཤེར་དབང་བྱིན་གྱིས་བརླབས་པའི་ཚུལ་དུ་ཐོབ། །ཡིད་ཀྱི་སྡིག་སྒྲིབ་བག་ཆགས་མ་ལུས་སྦྱངས། །ཐུགས་ཀྱི་རྡོ་རྗེ་འགྲུབ་པའི་ནུས་པ་རྙེད། །ཕོ་ཉའི་ལམ་མཆོག་སྒོམ་ལ་དབང་བར་བྱས། །འབྲས་བུ་ཆོས་སྐུ་འགྲུབ་པའི་ས་བོན་བཞག །མྱ་ངན་མི་འདར་གསོལ་བ་གདབ་པ། ཉོན་མོངས་བདུད་བཞི་བསད་པའི་དམར་འོད་ཁྲག །འཕོ་མེད་བདེ་བ་ཆེན་པོར་ཤར་བའི་མདངས། །རྣམ་ཀུན་མཆོག་ལྡན་སྐུ་དང་ཟུང་འཇུག་ཁྲིར། །སྒྲིབ་བྲལ་སྐུ་བཞིའི་རྡོ་རྗེ་རྟག་བཞུགས་གསོལ། །དགེ་བ་བྱང་ཆུབ་ཏུ་བསྔོ་བ་ནི། དམན་པའི་ཐབས་ཀྱིས་འགྲོལ་མིན་འཁོར་ལོའི་མདུད། །རྩ་ཁམས་ཐིག་ལེའི་རྣལ་འབྱོར་སོར་མོ་ཡིས། །བཀྲོལ་ནས་ཟུང་འཇུག་གྲོང་དུ་སྒྱུ་ལུས་གར། །བསྒྱུར་བའི་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །དེ་ཉིད་ཁོ་ནའི་མཆོད་ཡུལ་ནི། བསམ་པའི་རེ་བ་སྐོང་བའི་ཡིད་བཞིན་ནོར། །དཀྱིལ་འཁོར་འཁོར་ལོའི་མགོན་པོ་བླ་མ་མཆོག །སྤྱི་བོའི་པད་མཚོར་ཐོགས་མེད་རབ་གཤེགས་ནས། །དབུ་མའི་ལམ་བརྒྱུད་སྙིང་དབུས་ཟེའུ་འབྲུར་བྱོན། །འོད་བཞུ་རང་གི་སེམས་དང་དབྱེར་མེད་པ། །སོ་སོར་མཚོན་དུ་མི་ནུས་རོ་གཅིག་ཙམ། །སྣང་དང་སྟོང་པ་ཟུང་དུ་འཇུག་པའི་དངོས། །བྱར་མེད་བློ་འདི་བརྗོད་བྲལ་ངོ་བོར་གྱུར། །ཡན་ལག་བདུན་གྱིས་ཕྱག་འཚལ་པ་ནི། །བརྗོད་བྲལ་ལྷ་ཡི་(༡༢ན)


GLG010_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལྟར་རྣམ་དག་པའི། ཆོས་དབྱིངས་དོན་དམ་ཟད་མི་ཤེས་པའི་མཛོད། །འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེན་པོའི་གཞི། །ངེས་པ་དོན་གྱི་བླ་མར་ཕྱག་འཚལ་ལོ། །མཆོད་པའི་ནང་གི་མཎྜལ་ནི། དྲི་བྲལ་རང་སེམས་དག་པའི་ས་གཞི་ལ། །རང་བཞིན་གདོད་ནས་སྟོང་པའི་ས་འཛིན་ཆེ། །མེད་ཀྱང་རྫུན་པར་སྣང་བའི་གླེང་བཞི་སོགས། །རྨི་ལམ་ཡུལ་གྱི་རོལ་པ་ཇི་བཞིན་འབུལ། །དོན་དམ་སྤྲོས་བྲལ་གྱི་མཆོད་པ་ནི། དམིགས་མེད་དོན་དམ་ཆོས་སྐུའི་ཞིང་མཆོག་ཏུ། །སྨྲ་བསམ་བརྗོད་མེད་ཀུན་བཟང་མཆོད་པའི་སྤྲིན། །བརྟན་གཡོ་ཀུན་ཁྱབ་འཁོར་འདས་དབྱེར་མེད་པ། །སྤྲོས་ཀུན་ཉེར་ཞི་མཉམ་ཉིད་ངང་དུ་འབུལ། སྒྲུབ་པའི་མཆོད་པ་འབུལ་བ་ནི། བཏགས་ཙམ་ཀུན་རྫོབ་ཆོས་ཀྱི་རྫུན་པའི་གྲུ། །དོན་དམ་རྒྱ་མཚོར་ཞིག་པའི་མཐའ་བྲལ་ཀློང་། །དབུ་མར་གནས་པའི་ནོར་ལ་ལོངས་སྤྱོད་པའི། །ངེས་པ་དོན་གྱི་སྙིང་པོའི་མཆོད་པ་འབུལ། །ཉེས་པའི་ཚོགས་ཀུན་བཤགས་པ་ནི། སྒྱུ་མའི་སྐྱེས་བུ་བསད་པའི་དཔའ་བོ་ལྟར། །མེད་བཞིན་བདེ་དང་སྡུག་པའི་གར་མཁན་མ། །གཟུང་འཛིན་སྒྲོག་ཏུ་ཆུད་པའི་ལས་ངན་ཀུན། །བཤགས་བྱ་བཤགས་བྱེད་བྲལ་བའི་ངང་དུ་བཤགས། གཞན་གྱི་དགེ་བ་ལ་ཡི་རང་བ་ནི། མ་དག་གཉིས་སུ་འཛིན་པའི་འཁྲུལ་པའི་རྒྱ། །རྟེན་ཅིང་འབྲེལ་བར་འབྱུང་བའི་མཚོན་ཆ་ཡིས། །བཅད་དེ་སྡུག་བསྔལ་ལྔ་པའི་འཇིགས་པ་ལས། །ཐར་པའི་མཛད་པ་མཆོག་ལ་རྗེས་ཡི་རང་། ཆོས་འཁོར་སྐོར་བར་བསྐུལ་པ་ནི། གཞན་གྱིས་བརྗོད་དུ་མེད་པ་ཆོས་ཀྱི་སྐུ། །རང་བཞིན་མ་གྲུབ་སྣང་སྟོང་ཟུང་འབྲེལ་བའི། །ཚིག་དང་ཡེ་གེར་བསྟན་དུ་མེད་པའི་ཆོས། །འཁོར་ལོ་གཉུག་མའི་ངང་དུ་སྐོར་དུ་གསོལ། ཚིག་དབང་བྱིན་རླབས་ཚུལ་དུ་བླང་པ། བླ་མའི་ཐུགས་(༡༢བ)


GLG010_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

དང་རང་གི་སེམས་གཉིས་པོ། །དབྱེར་མེད་ཟུང་དུ་འཇུག་པའི་བདེ་བ་ཆེ། །མཁའ་ལྟར་སྒྲིབ་བྲལ་འཇའ་ཚོན་ལྟར་བཀྲ་བའི། །བཞི་བའི་དབང་བསྒྱུར་བྱིན་རླབས་ཚུལ་དུ་ཐོབ། །ལུས་ངག་ཡིད་གསུམ་དྲི་མ་མ་ལུས་སྦྱངས། །གསང་གསུམ་རྡོ་རྗེ་འགྲུབ་པའི་ནུས་པ་རྙེད། །ཟུང་འཇུག་ལམ་བཟང་སྒོམ་པ་དབང་བར་བྱས། །འབྲས་བུ་ངོ་བོ་ཉིད་སྐུའི་ས་བོན་བཞག །བཞི་པ་གསུམ་པས་ཟླས་དྲངས་པའི། །སྒོ་ནས་ངོ་སྤྲོད་དགོས་ན་ཡང་། །གོང་དུ་དབང་རྣམས་བྱིན་རླབས་ཀྱི། །ཚུལ་ཙམ་བླངས་པས་དངོས་གཞི་མིན། །མྱ་ངན་མི་འདར་གསོལ་གདབ་ནི། །རྒྱུ་དང་རྐྱེན་གྱིས་བཅོས་སུ་མ་མཆིས་པའི། །གདོད་ནས་རྣམ་དག་ཆོས་སྐུ་བདེ་བ་ཆེ། །ལུས་ཅན་ཀུན་ལ་དངོས་སུ་རབ་སྣང་ཞིང་། །ནམ་ཡང་འཕོ་འགྱུར་མེད་པར་གསལ་གྱུར་ཅིག །དགེ་བ་རྫོགས་བྱང་དུ་བསྔོ་བ་ནི། རང་བཞིན་འོད་གསལ་གཉུག་མ་ལྷན་ཅིག་སྐྱེས། །རྟག་ཆད་མཐའ་བྲལ་དབུ་མའི་ལམ་བསྒོམས་པས། ཀུན་རྫོབ་འཁྲུལ་ངོར་སྣ་ཚོགས་སྣང་བ་ཀུན། །དོན་དམ་དབྱིངས་སུ་ངོ་བོ་གཅིག་པར་བསྔོ། །སྨོན་ལམ་དག་པས་འཚམས་སྦྱར་ནི། དེ་ལྟར་དངོས་གྲུབ་ལེགས་ཚོགས་ཀུན་གྱི་གཞི། །རྡོ་རྗེ་སློབ་དཔོན་ཚུལ་བཞིན་མཆོད་པ་སོགས། །གྲངས་མེད་དུས་གསུམ་དགེ་བ་ཅི་བསགས་པའི། །མཐའ་ཀླས་རྣམ་པར་དག་པའི་ཕུང་པོ་ཡིས། །ཚེ་རབས་ཀུན་དུ་དལ་བའི་རྟེན་ཐོབ་ཅིང་། །བཤེས་གཉེན་དམ་པའི་མགོན་གྱིས་ལེགས་ཟིན་ནས། །ཐུན་མོང་ལམ་གྱི་རྒྱུད་ཀུན་རབ་སྦྱངས་ཏེ། །རྡོ་རྗེ་ཐེག་ལ་བཞུགས་པར་བྱིན་གྱིས་རློབས། །འབད་པ་ཆེན་པོས་སྙིགས་དུས་ཚེ་གཅིག་ལ། །སྐུ་བཞི་ཡེ་ཤེས་ལྔ་ཡིས་བདག་ཉིད་མཆོག །ཁ་སྦྱོར་བདུན་ལྡན་གོ་འཕང་མངོན་བྱས་ནས། །འགྲོ་ཀུན་བྱང་ཆུབ་མཆོག་ལ་འགོད་གྱུར་ཅིག །(༡༣ན)


GLG010_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་ཚོགས་ཤིས་པ་བརྗོད་པ་ནི། དྲན་པ་ཙམ་གྱིས་སྲིད་ཞིའི་འཇིགས་ལས་སྐྱོབ། །མཐོང་ཐོས་དྲན་རེག་ལེགས་པའི་ལམ་ལ་སྦྱོར། །གསོལ་བ་བཏབ་པས་འདོད་དགུའི་རེ་སྐོང་བའི། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཞི་བ་མྱ་ངན་འདས་པའི་ས་བརྙེས་ཀྱང་། །གདུལ་བྱའི་སྣང་ངོར་ཁྲོ་ཆགས་རྣམ་འགྱུར་གྱིས། །བདུད་སྡེའི་སྙིང་ག་རྫི་བའི་སྟངས་སྟབས་ཅན། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །མཐུ་སྟོབས་རྡོ་རྗེའི་ཐེག་གི་རྗེས་འགྲོ་ཞིང་། །འཕྲིན་ལས་ཐོགས་མེད་སྒྲུབ་པའི་དཔག་བསམ་དབང་། །ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགས་རྣམས་གྱིས། །དགེ་ལེགས་བཀྲ་ཤིས་ཆར་ལྟར་འབེབས་པར་མཛོད། །འདི་ནི་དམིགས་བརྩེ་མ་སོགས་དང་། །གཙོ་བོར་འབྲེལ་བའི་དབང་བྱས་ཀྱི། །ཡང་ན་ནང་གསང་མཆོད་ཡུལ་ངོར། །ཐོག་མའི་སྐྱེད་ཆོག་འདི་ལྟར་རོ། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་མཆོག །རྣམ་པ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། །དབང་སྔོན་མདངས་ལྡན་ཉི་མའི་གཟི་བརྗིད་ཅན། །དགྱེས་པའི་འཛུམ་གྱིས་འགྲོ་ཀུན་བདེ་བར་བསུ། །བུང་བ་ལྟར་གནག་རལ་པའི་ཐོར་ཅོག་གཡོ། །ཕྱག་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །རིན་ཆེན་རྒྱན་དང་དར་གྱི་ན་བཟས་མཛེས། །ཞབས་གཉིས་མི་ཕྱེད་རྡོ་རྗེའི་སྐྱིལ་ཀྲུང་ཅན། །འདི་ཙམ་གྱིས་ནི་བདེ་བླག་ཏུ། །རྟོགས་པར་ནུས་སོ་རང་བཟོ་ཡི། །དོན་མེད་ཚིག་ཚོགས་ངལ་བའི་རྒྱུ། །གཟུ་བོར་གནས་རྣམས་ཚུལ་འདི་ལོངས། །དེ་ལྟར་རྣམ་སྨིན་དཀར་པོར་འཛག་པའི་རྔ། །རྨད་བྱུང་བློ་གྲོས་དབྱུ་གུས་བསྐུལ་བའི་ཚེ། །སྐལ་བཟང་རྣ་བའི་བཅུད་ལེན་རྒྱས་བྱེད་པའི། །ལེགས་བཤད་སྒྲ་དབྱངས་སྲིད་རྩེའི་བར་དུ་(༡༣བ)


GLG010_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོག །སྔོན་བྱོན་མཁས་པའི་དགོངས་དོན་མ་འཆུགས་ཤིང་། རྣམ་དཔྱོད་མཐུ་ཡིས་བརྗོད་དོན་ཕུལ་བྱུང་བ། །བསྐྲུན་འདིར་སྦྱར་བྱང་སྤེལ་བ་རིགས་མོད་ཀྱི། །ངག་བགྲོས་རྙིང་པ་ལྡབས་དང་གང་ལ་མཚུངས། །བདུད་རྩིས་ལེགས་གཏམ་འཇིམ་པའི་བུམ་པ་དག །དོར་ནས་ངན་སྐྱུགས་ཀྱིས་གང་གསེར་བུམ་ལ། །དགའ་བར་བྱེད་ལྟར་དེང་དུས་སྐྱེ་བོ་རྣམས། །ལེགས་ཉེས་འབྱེད་པའི་བློ་གྲོས་སྐལ་པ་ཕྲ། །སྔོན་རབས་མཁས་པའི་ལེགས་བཤད་ཉིན་མོར་བྱེད། །དུས་ཀྱིས་འགྲིབ་པའི་ཆུ་ལྷའི་ཕང་པར་ཉལ། །ཚིག་དོན་དམན་པའི་དུ་བ་མཇུག་རིང་ཞིག །ཐུབ་བསྟན་ནམ་མཁའི་མཛེས་པ་འཕྲོག་ཕྱིར་རྒྱུ། །དེ་ཕྱིར་ཚད་ལྡན་མཁས་པའི་གསུང་རབ་ཀྱང་། །སྐལ་ངན་དུས་ཀྱི་ནུབ་ལ་ཉེ་བའི་ཚེ། བློ་དམན་བདག་འདྲས་ཡི་གེར་འདྲི་བ་དག །རང་ཉིད་ངལ་བའི་འབྲས་བུ་ཙམ་དུ་ཟད། །འོན་ཀྱང་བོད་དང་ཧོར་གྱི་སྐད་གཉིས་པ། །སྨྲ་བའི་དཔྱོད་ལྡན་མེར་རྒན་བཀའ་བཅུ་ཞེས། །ཤེས་རབ་རྒྱ་མཚོར་འབོད་དེས་རིང་མོ་ནས། །འབད་པ་ཆེན་པོས་ཡང་ཡང་བསྐུལ་བ་དང་། །ཉེ་ཆར་གནས་ལྔ་རིག་པའི་ཆུ་གཏེར་དབུས། །ལེགས་བཤད་ཕུད་སྒྲ་སྒྲོག་པའི་འཇིག་རྟེན་མིག །བློ་ཆེན་ཤེས་བྱ་ཀུན་རིག་གང་དེ་ཡིས། །ནན་ཏན་བསྐུལ་བའི་བཞེད་པ་སྐོང་ཕྱིར་བྱས། །དེ་འདྲ་རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་མགོན། །འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཞབས་པད་རྡུལ། །སྤྱི་གཙུག་རྒྱན་དུ་བསྟེན་པའི་རྒྱལ་ཁམས་པ། །ཟ་ཧོར་རིགས་ཀྱི་བནྡྷེས་ཡི་གེར་བཀོད། །དགེ་དེས་མཁའ་མཉམ་ལུས་ཅན་མ་ལུས་པ། །ཡང་དག་དགེ་བའི་བཤེས་ཀྱིས་རྗེས་བཟུང་སྟེ། །དོན་གཉིས་ལྷུན་གྲུབ་སྟོབས་བཅུའི་གོ་འཕང་མཆོག །ཐོབ་ནས་འགྲོ་ཀུན་འདྲེན་པའི་མགོན་གྱུར་ཅིག །དེ་(༡༤ན)


GLG010_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བླ་མ་མཆོད་པའི་ཆོ་ག་ཟུང་འཇུག་སྒྲུབ་པའི་ཤིང་རྟ་ཞེས་བྱ་བ་འདི་ནི། །བོད་སོག་གི་ལོ་ཙཱ་བ་དཔྱོད་ལྡན་མེར་རྒན་བཀའ་བཅུ་ཤེས་རབ་རྒྱ་མཚོ་དང་། །བོད་ལུགས་ཀྱི་གནས་ལྔ་རིག་པའི་པཎྜི་ཏ་སྨོན་འགྲོ་ལོ་ཙྪཱ་བའི་གསུང་གིས་བསྐུལ་བ་ལ་བརྟེན་ནས། །ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་མཛད་པའི་བླ་མ་མཆོད་པའི་ཆོ་ག་ལ་གཞི་བྱས། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་སྦྱོར་ཚུལ་སོགས་དམིགས་སུ་ཕྱེ་སྟེ། ཟ་ཧོར་གྱི་རིགས་ལས་ཨཱ་ཝ་ངྷཱུ་ཏི་བའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་དགའ་བའི་ལོ་ཆུ་སྟོད་ཟླ་བའི་དབྱངས་ཨུ་འཆར་བའི་ཚེས་ལ་བྱང་ཕྱོགས་གྱི་ཆུ་བོ་ལོ་ཧི་ཏའི་འགྲམ་དུ་སྦྱར་བའི་ཡི་གེ་པ་ནི་མཉྫུ་གྷོ་ཥ་ཤྲཱི་བྷ་དྲ་ན་ཀ་ར་ཛ་ཡནྟུ། །མངྒ་ལཾ།། །།


previousབླ་མ་མཆོད་པའི་ཆོ་ག་ཟུང་འཇུག་བསྒྲུབ་པའི་ཤིང་རྟ།།next