Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་སྒྲུབ་ཐབས་འཇམ་དཔལ་དགྱེས་པའི་ཞལ་ལུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་སྒྲུབ་ཐབས་འཇམ་དཔལ་དགྱེས་པའི་ཞལ་ལུང་།next

འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་སྒྲུབ་ཐབས་འཇམ་དཔལ་དགྱེས་པའི་ཞལ་ལུང་།


GLG010_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་སྒྲུབ་ཐབས་འཇམ་དཔལ་དགྱེས་པའི་ཞལ་ལུང་བཞུགས་སོ།།


GLG010_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་སྟི་སིངྔྷཾ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་བདག་ཉིད་དྲིན་ཅན་རྩ་བའི་བླ་མ་འཇམ་མགོན་གྲུབ་པའི་དཔའ་བོ་ཁྱབ་བདག་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་པད་མར་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་རྗེས་སུ་གཟུང་དུ་གསོལ། །སྤྲོས་པའི་མཚན་མ་ཀུན་དང་ཡོངས་བྲལ་བདེ་ཆེན་ཆོས་སྐུའི་ངང་ཉིད་ལས། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་སྐུར་འོག་མིན་ཞིང་གི་གཙོར་བཞེངས་ཀྱང་། ཤེས་རབ་ཨེ་དབྱིངས་རོ་ལངས་མར་སྦྱོར་ཐབས་མཆོག་ཝཾ་ཡིག་དུས་ཀྱི་དགྲར། །འཇམ་པའི་རྡོ་རྗེ་གར་དགུའི་ཉམས་ཀྱིས་གཏུམ་ཆེན་ཁྲོ་བོར་བསྟན་དེ་བསྔགས། །ལམ་འདིའི་ཤིང་རྟའི་སྲོལ་འབྱེད་བི་རཱུ་པ། །དཔལ་འཛིན་འཕགས་པའི་ཡུལ་དུ་ཉི་ཟླ་ལྟར། །གྲགས་ལས་གྲུབ་པའི་འཁོར་ལོས་སྒྱུར་བ་ཡི། །(༢ན)


GLG010_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ཆོས་སྐྱོང་གཙུག་གི་རྒྱན་ཏུ་མཛེས། །སྨིན་བྱེད་དབང་གི་ཆུ་བོ་མ་ནུབ་རྒྱུན། །སྤེལ་མཛད་དཔྱལ་ལོ་ཆག་དང་འཇམ་གསར་རྗེ། །གྲོལ་བྱེད་གདམས་པའི་བཀའ་བབས་གློ་བོ་པ། །སྐད་གཉིས་སྨྲ་བ་ཤེས་རབ་རིན་ཅེན་དྲིན། །འཁོར་ལོའི་མགོན་པོ་བསོད་ནམས་མཆོག་ལྡན་ཞབས། །བྱིན་རླབས་བདུད་རྩིའི་ཆར་འབེབས་ཞ་ལུ་པ། །ལྷན་སྐྱེས་ཡེ་ཤེས་ངོ་སྤྲོད་ཟུར་ཆེན་རྗེ། །རྣམ་གསུམ་བྱང་ཆུབ་བར་དུ་རིགས་ཀྱི་བདག །གཤིན་རྗེའི་གཤེད་གྱུར་ལྷ་ལྔའི་རྣལ་འབྱོར་གྱི། །སྒྲུབ་ཐབས་འཇམ་དཔལ་དགྱེས་པའི་ཞལ་གྱི་ལུང་། །རང་བཟོའི་བསྲེ་བསླད་དྲི་མས་མ་གོས་པར། །འཁྲུལ་མེད་བརྒྱུད་པའི་བཀའ་སྲོལ་ཇི་བཞིན་འདྲི། །དེ་ལ་འདིར་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་སྒྲུབ་ཐབས་ཀྱི་རིམ་པ་བསྒོམ་པ་པོ་ནི་བཅོས་མའི་དཀྱིལ་འཁོར་གཉིས་པོ་གང་ཡང་རུང་བར་(༢བ)


GLG010_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བ་མཚན་ཉིད་དང་ལྡན་པ་ལེགས་པར་ནོད་པའི་རིག་སྔགས་འཆང་བ་རྣམས་ཀྱིས་ནུབ་མོ་ཉལ་བའི་རྣལ་འབྱོར་ལ་གནས་བཞིན་པའི་ངང་ནས། ཐོ་རེངས་ལྡང་བའི་རྣལ་འབྱོར་གྱིས་གཤིན་རྗེའི་གཤེད་ཀྱི་སྐུར་ལངས་ཏེ་བདེ་བའི་སྟན་ཚོམ་བུ་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་བརྟེན་པ་སྐད་དང་སྟ་གོན་བཞི་དང་སྒྲུབ་མཆོད་མ་བྱས་པའི་ཟག་ཟོག་གི་གོ་མི་ཆོད་ལ་གནས་པས་ཉམས་སུ་བླང་བ་ལ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ། དང་པོ་ལ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་ཀྱི། དང་པོ་ལ་སྐྱབས་འགྲོ། སེམས་བསྐྱེད། རྡོར་བཟླས་དང་གསུམ་ཡོད་པའི་དང་པོ་ནི། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་ལ་ཉུང་མཐའ་བརྗོད་ཅིང་ཐལ་མོ་སྦྱར་ཏེ་བླ་མ་དང་དཀོན་ཅོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། གཉིས་པ་ནི། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་དཔལ་གཤིན་རྗེའི་གཤེད་དམར་པོའི་ལམ་གྱི་རིམ་པ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་བརྗོད། གསུམ་པ་ནི་ཀུན་མཁྱེན་བུའི་ཕྱག་ལེན་དུ་ཐུན་མོང་མ་(༣ན)


GLG010_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་རྡོར་སེམས་མཛད་པ་མི་འཐད་པ་མ་ཡིན་མོད། འདིར་འཇུག་པ་བདེ་བའི་དབང་དུ་བཏང་སྟེ་སྒྲུབ་ཐབས་བདུད་རྩིའི་བུམ་པའི་རྗེས་སུ་འབྲངས་སོ། །རང་གི་སྤྱི་བོར་སྣ་ཚོགས་པད་མ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ་ཞལ་གཅིག་ཕྱག་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རལ་པའི་ཐོར་ཚུགས་ཅན། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་པང་ན་ཡུམ་རྡོ་རྗེ་སྙེམས་མ་སྐུ་མདོག་དཀར་མོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། ཡབ་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་དཀར་པོ་དེ་ལས་འོད་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་ཧཱུཾ་ལ་ཐིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། ཧཱུཾ་ལས་བདུད་རྩི་བབས་ཏེ་ཡབ་ཀྱི་སྐུ་གང་། དེ་ནས་དབྱིབས་བརྒྱུད་དེ་ཡུམ་གྱི་སྐུ་གང་། ཡབ་ཡུམ་གཉིས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བབས། བདག་གི་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཐམས་ཅད་གང་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུའམ་རྣག་ཁྲག་གི་རྣམ་པས་བཤང་གཅི་གཉིས་དང་རྐང་མཐིལ་གཉིས་ནས་འཐོན་ཏེ་ཤུལ་ཐམས་ཅད་བདུད་རྩིས་གང་བར་བསམ་ལ་ངག་ཏུ། ཨོཾ་བཛྲ་ས་ཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ་བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་(༣བ)


GLG010_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིངྔྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲཱི་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ། ཞེས་ཅི་ནུས་བཟླས་ནས་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ལ། ཕྱག་འཚལ་བསྟོད་དེ་ཕྱག་འཚལ་འདུད། །ཕྱག་འཚལ་འདུད་བྱེད་ཕྱག་འཚལ་བསྟོད། །གུས་པས་སྐུ་ལ་བདག་གསོལ་འདེབས། །རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་པ་དང་ལྟུང་བ་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་ནས་སྤྱི་བོ་ནས་རང་ལ་ཐིམ་པས་རང་གི་ལུས་ཤེལ་གོང་དག་པ་ལྟར་བསམ། གཉིས་པ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས། དང་པོ་ལ་ཡུལ་དག་པ་དང་མ་དག་པ་གཉིས་ལས། དང་པོ་ནི་རང་སྐད་ཅིག་གི་གཤིན་རྗེའི་གཤེད་དམར་པོར་གསལ་བའི་ཐུགས་ཀར་ཨོཾ་དམར་པོ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་དམར་པོ་ཡོངས་སུ་གྱུར་པ་ལས་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན་མི་མགོ་རློན་པ་སེར་པོས་མཚན་པའི་རྐང་བརྒྱད་བཞོགས་ཇེ་འཕེལ་དུ་སོང་བའི་ལྟེ་བར་ཉི་མ་ལ་གནས་པའི་ཧཱུཾ་དམར་པོ་དེ་ལས་འོད་ཟེར་ཁ་དོག་འཇའ་ཚོན་ལྟ་བུ་འཕྲོས་ལུས་ཀྱི་ནས་གང་ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། འོད་ཟེར་སྣ་བུག་གཡས་ནས་ཕྱིར་འཐོན་(༤ན)


GLG010_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པའི་དཔལ་གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་ཨོཾ་བཛྲ་ས་མ་ཛཿས་སྤྱན་དྲངས། ན་མོ་གུ་རུ་བྷྱཿན་མཿསརྦ་ག་ཏ་ཤྲཱི་ར་ཀྟ་ཡ་མཱ་རི་མཎྜ་ལ་ས་པ་རི་ཝཱ་རེ་བྷྱཿ ཞེས་པས་ཕྱག་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་རཀྟ་སོགས་ཀྱི་རྗེས་ལ་བུ་ལུགས་ལ་ཨོཾཧྲཱི༔ཥྚཱི༔ཧ་མཛད་པ་འགྲེལ་པ་མེད་ཀྱང་མཆོད་འཕྲེང་གི་གདངས་འགེབས་དཀའ་བས་འདིར་བདུད་རྩིའི་བུམ་པའི་རྗེས་སུ་འབྲངས། ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། དེ་བཞིན་དུ་ཤཔྟའི་བར་པད་ཀོར་སྔོན་དུ་འགྲོ་བའི་སོ་སོའི་ཕྱག་རྒྱ་དང་བཅས་མཆོད། དཀོན་ཅོག་གསུམ་ལ་བདག་སྐྱབས་མཆི། ཞེས་སོགས་གུར་ནས་བྱུང་བའི་ཡན་ལག་བདུན་པ་བྱས་ལ། བུ་ལུགས་ལ་གོང་གི་ཕྱག་འཚལ་སྟོང་ཉིད་སྙིང་རྗེ་མ་དང་། འདིར་ལུས་དང་ངག་ཡིད་མ་སོགས་མཛད་པ་རྒྱུད་ལེའུ་བཅུ་དགུ་པ་ནས་ཁ་བསྐངས་ཀྱང་བུ་ལུགས་ལ་ཨོཾཧྲཱིཿཥྚྲཱིཿཧ་འཇུག་པ་བདེ་ཕྱིར་བདུད་རྩིའི་བུམ་པ་བཞིན་བཀོད། ཨོཾ་བཛྲ་མུཿས་ཚོགས་ཞིང་རྣམས་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། གཉིས་པ་ནི། ཚད་མེད་བཞི་བསྒོམ་མོ། གཉིས་པ་ནི། སྔགས་ཚན་གསུམ་གྱི་སྒོ་ནས་ཡེ་ཤེས་ཀྱི་ཚོགས་གསོག་པས། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ་པས་གཟུང་བའི་ཡུལ་དང་བྲལ་བ་རང་གི་སེམས་ཀྱི་ངོ་བོར་བསམས་ལ། ཨོཾ་སྭ་བྷཱ་ཝ་ཤུངྔྷཱཿསརྦ་ངྷརྨཱཿསརྦ་བྷཱ་ཝ་ཤུ་ངྔྷོ྅ཧཾ། དེ་ལྟར་གཟུང་ཡུལ་མ་གྲུབ་པས་འཛིན་པ་མི་འགྲུབ་པའི་ཕྱིར། གཟུང་འཛིན་གྱི་རྟོག་(༤བ)


GLG010_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བྲལ་བ་རང་རིག་པ་ལྷའི་སྐུར་བསམས་ལ། འཁྱུད་རྒྱ་དང་བཅས། ཨོཾ་ཡོ་ག་ཤུངྔྷཱཿསརྦ་དྷརྨཱཿཡོ་ག་ཤུངྔྷོ྅ཧཾ། རང་ཉིད་ལྷའི་སྐུ་གདན་དང་བཅས་པ་དབྱུག་པ་ལ་ཐིམ། དེ་ཧཱུཾ་ལ། དེ་མགོ་བོ་ལ། དེ་ཟླ་ཚེས་ལ་དེ་ཐིག་ལེ་ལ། དེ་ནཱ་ད་ལ་ཐིམ་པའི་མཐར་ནམ་མཁའ་ལ་སྤྲིན་དེངས་པ་བཞིན་དུ་བསམས་ལ། འཁྱུད་རྒྱ་དང་བཅས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། གཉིས་པ་དངོས་གཞི་བསྐྱེད་རྫོགས་གཉིས། དང་པོ་ལ་རྟེན་དང་བརྟེན་པ་གཉིས་ཀྱི། དང་པོ་ལ་འབྱུང་བཞི་བསྲུང་འཁོར་བུ་ལུགས་ལ་འདི་འབྱུང་བཞིའི་སྔོན་དུ་མཛད་ཀྱང་འདིར་བདུད་རྩིའི་བུམ་པའི་རྗེས་སུ་འབྲངས། གཞལ་ཡས་ཁང་དང་གསུམ་ལས། དང་པོ་ནི། སྟོང་པའི་ངང་ལས་ཨེ་ལས་ནམ་མཁའི་ཁམས་བདུད་རྩིའི་བུམ་པར་མི་གསལ་ཡང་བུ་ལུགས་སུ་མཛད་པ་ལེགས་ཆ་ལས་སྐྱོན་དུ་མི་འགྱུར་བར་མངོན། ཆོས་འབྱུང་གི་རང་བཞིན་དེའི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླུམ་པོ་དབུས་ཅུད་ཟད་མཐོ་བ་ཕྱོགས་ཀྱི་དབང་ལས་གཞུའི་དབྱིབས་ལྟ་བུ་དབུས་སུ་ཡཾ་དང་འཆང་བཟུང་ལ་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་དབུས་སུ་རཾ་དང་གྲུ་གསུམ་འབར་བའི་འཕྲེང་བས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པ་ཆུས་གང་བ་ལྟ་བུ་བཾ་གྱིས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་དབུས་སུ་ལམ་དང་གྲྭ་བཞིར་རྡོ་རྗེ་ཕྱེད་པས་མཚན་པ། དེའི་སྟེང་དུ་སུཾ་ཡིག་སྔོན་པོ་ཞུ་བ་ལས་རི་རབ་རྩ་བ་བང་རིམ་བཞི་རྩེ་མོ་ལྕོག་བཞི་པ་རིན་པོ་ཆེ་སྣ་བཞི་ལས་གྲུབ་(༥ན)


GLG010_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱོགས་མདོག་གི་དབང་ལས་ལྕོག་བརྒྱད་དུ་སྣང་བ། གཉིས་པ་ནི་རྒྱ་གཞུང་དུ་མི་གསལ་ཡང་འཕགས་པ་རིན་པོ་ཆེ་དང་དཔྱལ་ལོས་སྐབས་འདིར་བཤད་པ་ལེགས་པའི་ཆའོ། །དེའི་སྟེང་དུ་པཾ་ལས་པད་མ་འབུམ་ཨཾ་ལས་ཉི་མའི་དཀྱིལ་འཁོར་གྱི་ལྟེ་བར་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རྡོ་རྗེའི་ས་གཞི། ཁོར་ཡུག་རྡོ་རྗེའི་ར་བ་དང་འདྲ་བ། སྟེང་རྡོ་རྗེའི་བླ་བྲེ་དང་གུར་རྡོ་རྗེ་ཕྱེད་པའི་ཏོག་ཅན་ཐམས་ཅད་ཀྱང་ཁ་དོག་ནག་པོ་རྡོ་རྗེ་ཕྲ་མོས་བར་མཚམས་མེད་པར་གཏམས་པས་དུམ་བུ་གཅིག་ཏུ་གྱུར་པའི་ཕྱི་རོལ་ཀུན་ཏུ་ཡེ་ཤེས་ཀྱི་མེ་དམར་ནག་བུ་ལུགས་ལ་ཁ་དོག་ལྔ་ལྡན་སྣང་ཡང་འདིར་བསྐྱེད་རིམ་རྣམ་བཤད་ཀྱི་དགོངས་པ་ལྟར་བཀོད་འུར་སྒྲ་དང་བཅས་འབར་པའི་བསྲུང་འཁོར་གྱི་དབུས་སུ། གསུམ་པ་ནི། པཾ་ལས་སྣ་ཚོགས་པད་མ་འདབ་མ་འབུམ་ལ་ལི་ཏའི་རྗེས་སུ་འབྲངས་ཏེ་རྣམ་བཤད་ལས་གསུངས་པ་ལྟར་བཀོད་པའོ་དང་ལྡན་པ། ཨོཾ་ལས་ཉི་མའི་དཀྱིལ་འཁོར་ལྗང་སེར་གྱི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་རྭ་ཉི་ཤུ་པ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་གྲུ་བཞི་ནག་པོའི་ལྟེ་བར་བྷྲཱུཾ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་རྟ་བབས་བཞིས་མཛེས་པར་བྱས་པ། ཕྱི་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་དང་གཙོ་བོའི་སྐུ་མདོག་ལ་བརྟེན་ནས་ཁ་དོག་བསྒྱུར་བ་རྒྱུད་སྡེ་གཞན་དུ་ཡོང་འདུག་ཀྱང་ས་ཞལ་གཉིས་ཀ་མཐུན་པར་འདི་བཞིན་བྱུང་། ལྡན་པའི་སྟེང་ན་གསེར་གྱི་ཕ་གུ་འཆར་ཁ་ཡོད་པ་རིན་པོ་ཆེའི་ཕྲ་ཚོམ་ཅན། དེའི་སྟེང་དུ་རིན་པོ་ཆེའི་བྲེ་ཕུལ་གྱིས་བཏེག་པའི་གསེར་གྱི་གདུང་(༥བ)


GLG010_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ལེབ་ལ་བརྟེན་པའི་ཙི་པ་ཏྲཱི་ཁ་ནས་འཕྱང་བའི་དོ་ཤལ་དང་དོ་ཤལ་ཕྱེད་པ་ལ་མེ་ལོང་དང་རྔ་ཡབ་དང་། མེ་ཏོག་གི་འཕྲེང་བ་དང་། དར་གྱི་ཆུན་པོ་དུ་མས་སྤྲས་པས། དེའི་སྟེང་དུ་བྱ་འདབ་ཀྱི་སྣེར་སྤྱི་བླུགས་མཆུ་མེད་མགོ་བོ་ཐུར་བསྟན་ལྟ་བུའི་མདའ་ཡབ་དང་པད་མ་ཕྱེད་པའི་དབྱིབས་ཅན་གྱི་པུ་ཤུ་གྱེན་བསྟན་གྱིས་བསྐོར་བ། ནང་ཀ་བ་བརྒྱད་ཀྱིས་བཏེག་པའི་རྡོ་རྗེའི་གདུང་ཟླུམ་པོར་བསྐོར་བ་ལ་བརྟེན་པའི་བྱ་འདབ་ཀྱི་འོག་གི་རྩིགས་པའི་རྩ་བར་འདོད་ཡོན་གྱི་སྣམ་བུ་ལ་མཆོད་པའི་ལྷ་མོ་རྣམས་ཀྱིས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་སྤྲོ་བ། གདུང་ཟླུམ་གྱི་སྟེང་དུ་རྩིག་པ་ལྔ་བསྒྲིགས་ལས་རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་བྲེས་པ། དབུས་གྲུ་བཞི་པའི་རྩིག་སྟེང་ནས་རྒྱ་ཕིབས་ཀྱི་རྣམ་པར་ཕུབ་པའི་རྩེ་མོར་རྡོ་རྗེ་ཕྱེད་པ་ནོར་བུ་མིག་གསུམ་པའི་རྟོག་གིས་སྤྲས་པ། སྒོ་བཞིར་རྟ་བབས་སྣམ་བུ་བཞི་པ་དམར་དཀར་སྔོ་སེར་ལྗང་བའི་མདངས་ཅན། དེའི་སྟེང་དུ་པད་མ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་གཡས་གཡོན་དུ་རི་དྭགས་ཕོ་མོ། སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཕྱོགས་ཀུན་ཏུ་གདུགས་དང་རྒྱལ་མཚན་དང་བུམ་པ་ལས་ཐོན་པའི་མེ་ཏོག་གི་སྡོང་པོ་སོགས་བཀོད་པ་ཕུན་སུམ་ཚོགས་པས་མཛེས་པ། ནང་གི་ལྷ་སྣམ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ་བའི་དབུས་སུ་པཾ་ལས་སྣ་ཚོགས་པད་མ་འདབ་མ་བརྒྱད་པའི་ཕྱོགས་བཞི་དམར། མེ་རླུང་སེར། དབང་ལྡན་སྔོ། བདེན་བྲལ་དང་ལྟེ་བ་ལྗང་། གེ་སར་སེར་བའི་ལྟོ་བ་དང་ཕྱོགས་བཞིར་ཨཾ་ལས་ཉི་མའི་དཀྱིལ་འཁོར་རེ་རེ། གཉིས་པ་བརྟེན་(༦ན)


GLG010_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། བསྐྱེད་པ་ལ་བསྙེན་པ། ཉེ་བར་བསྙེན་པ། སྒྲུབ་པ། སྒྲུབ་པ་ཆེན་པོ་དང་བཞི་ཡོད་པའི་དང་པོ་ནི། གདན་དབུས་མའི་སྟེང་དུ་སླར་ཡང་ཉི་མའི་དཀྱིལ་འཁོར་དང་ཧཱུཾ༔་ལས་སྣ་ཚོགས་རྡོ་རྗེ་བརྩེགས་པའི་ལྟེ་བའི་ཧཱུཾ་ལས་འོད་འཕྲོས་པར་སྲིད་ཀྱི་ནཱ་ད་བཀུག་སྟེ་ཐིམ་པའི་རྐྱེན་གྱིས་ཕྱག་མཚན་ས་བོན་ཉི་མ་དང་བཅས་པ་འོད་དུ་ཞུ་ནས་ཧཱུཾ་དམར་པོ་ཆ་ལྔ་ལྡན་དུ་གྱུར་པ་ལས་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན་མི་མགོ་རློན་པ་སེར་པོས་མཚན་པའི་རྐང་བརྒྱད་བཞོགས་ཇེ་འཕེལ་དུ་སོང་བའི་ལྟེ་བར་ཉི་མ་ལ་གནས་པའི་ཧཱུཾ་དམར་པོ་དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཨ་བྷ་ཡས་བཤད་པའི་རྣམ་གྲངས་སུ་བཀོད་པ་ལུགས་འདི་ལ་མི་སྦྱོར་བ་རྡོ་རྗེ་རིགས་ཀྱི་ནང་གསེས་ཀྱི་རིགས་ལྔའི་དཀྱིལ་འཁོར་ཡིན་པས་རྡོ་རྗེའི་དབྱུག་པ་ཁོ་ནའོ། །ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་གཤིན་རྗེའི་གཤེད་ཀྱི་གོ་འཕང་ལ་བཀོད། ཚུར་འདུས་ཧཱུཾ་ལ་ཐིམ། དབྱུག་པ་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས། བདག་ཉིད་ལྷ་ལྔའི་དཀྱིལ་འཁོར་དུ་གྱུར་པ་ནི། དབུས་སུ་བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེའི་གཤེད་སྐུ་མདོག་དམར་པོ་ཉི་མ་བྱེ་བའི་འོད་དང་མཚུངས་པ་ཡུམ་རྡོ་རྗེ་རོ་ལངས་མས་འཁྱུད་པ། ཤར་གྱི་འདབ་མ་ལ་གཏི་མུག་གཤིན་རྗེའི་གཤེད་དཀར་པོ་ཙ་རྩི་ཀ་ནག་མོས་འཁྱུད་པ། ལྷོར་སེར་སྣ་གཤིན་རྗེའི་གཤེད་སེར་པོ་ཕག་མོ་སེར་མོ་ཕག་ཞལ་ཅན་མས་འཁྱུད་པ། ནུབ་ཏུ་འདོད་ཆགས་གཤིན་རྗེའི་གཤེད་དམར་པོ་དབྱངས་ཅན་མ་དཀར་མོས་འཁྱུད་པ། བྱང་དུ་ཕྲག་དོག་གཤིན་རྗེའི་གཤེད་ལྗང་གུ་གཽ་རཱི་ལྗང་སྔོན་མས་(༦བ)


GLG010_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུད་པ་སྟེ་དཔའ་བོ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ། གཡས་ན་འཇིག་རྟེན་གསུམ་འདུལ་བའི་དབྱུག་པ་དཀར་པོ་འཆར་བའི་ཚུལ་གྱིས་འཛིན་ཅིང་། གཡོན་ན་བདུད་མཐའ་དག་གི་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་འཛིན་པ། ཅུང་ཟད་བཞད་པའི་ཞལ་རྣམ་པར་བགྲད་པ། མཆེ་བ་བརྩིགས་ཤིང་ལྗགས་འདྲིལ་བ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། སྨིན་མཚམས་སུ་ཁྲོ་གཉེར་གསུམ་བསྒྲེང་བ། གསུས་ཁྱིམ་དང་བརླ་དང་བྲང་ཞེང་རྣམས་ཆེ་ཞིང་སྦོམ་ལ་རྒྱས་པ། སྐུ་དང་ཡན་ལག་དང་ཉིང་ལག་ཐུང་ཞིང་རགས་པ། དབུ་སྐྲ་དང་སྨིན་མ་སྨ་ར་དམར་སེར་གྱེན་དུ་འབར་བ། མཐའ་ཡས་སྔོན་པོས་དབུ་སྐྲ་བཅིངས་པ། འཇོག་པོ་དམར་པོས་སྣ་ཆ། དུང་སྐྱོང་སེར་པོས་ཕྱག་གདུབ། པད་མ་དཀར་པོས་མགུལ་རྒྱན། རིགས་ལྡན་ཁྲ་བོས་དཔུང་རྒྱན། ནོར་རྒྱས་ཀྱི་བུ་བདུད་རྩིའི་ཁ་དོག་ལྟ་བུས་སྐ་རགས། སྟོབས་རྒྱུ་ལྗང་གུས་སེ་རལ་ཁ། པད་ཆེན་དཀར་པོའི་ཞབས་གདུབ་བཅིངས་པ། སྟག་ལྤགས་རློན་པའི་ཤམ་ཐབས་ཅན། རུས་པའི་རྒྱན་དྲུག་གིས་བརྒྱན་པ། མི་མགོ་རློན་པ་ཁྲག་འཛག་པའི་ཁ་ནས་རྒྱུ་རློན་ལ་བརྒྱུས་པའི་དོ་ཤལ་དང་རིན་པོ་ཆེའི་རྩེ་ཕྲན་ཅན་གྱི་སྐམ་པོ་ལྔས་དབུ་ལ་བརྒྱན་པ། སྙན་གོང་ཨུཏྤལ་དང་དར་དཔྱངས་གཡོ་བ། སྒེག་པ་དཔའ་བ་མི་སྡུག་པ། རྒོད་དང་དྲག་ཤུལ་འཇིགས་སུ་རུང་། སྙིང་རྗེ་རྔམས་དང་ཞི་བ་སྟེ་གར་གྱི་ཉམས་དགུ་དང་ལྡན་པས་གཤིན་རྗེའི་ཚོགས་སྐྲག་པར་བྱེད་པ། མ་ཧེ་དམར་པོ་རབ་ཏུ་ཁྲོས་པ་རུས་པའི་ཟིན་བྲིས་མང་པོར་ཀེང་རུས་ཀྱི་དྲ་བ་ཞེས་པར་ཞ་ལུ་ཙནྡྲ་པས། རུས་(༧ན)


GLG010_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀེང་རུས་ཁྱད་པར་ཆེ། །རུས་རྒྱན་བཤར་མར་ཀེང་རུས་ཀྱི། །དྲ་བས་གཡོགས་ལ་ལུང་རྒྱབ་མེད། །གསུང་པ་འཐད་པར་སྣང་། དྲ་བས་གཡོགས་པའི་སྟེང་ན་ཞབས་གཡས་བསྐུམས་པས་མ་ཧེའི་རྭ་དང་གཤིན་རྗེ་ནག་པོ་གཡས་དབྱུག་པ་དང་གཡོན་ཞགས་པ་ཐོགས་པ་ཁ་སྦུབ་ཏུ་བསྒྱེལ་བའི་ལྟག་རྩ་དང་གཡོན་བསྐུམས་པས་མ་ཧེའི་ཚང་ར་དང་གཤིན་རྗེའི་རྐང་པ་མནན་ཅིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཙནྡྲ་པས་འཁོར་རྣམས་ལ་མ་ཧེ་དང་གཤིན་རྗེའི་གདན་གྱི་ཁུངས་མེད་གསུང་ཡང་ཞལ་གྱི་ཡིག་ཆ་ཀུན་མཐུན་པས་བླ་མའི་མན་ངག་ལས་སོ། །དེ་དག་གི་པང་ན་གནས་པའི་ཡུམ་རྣམས་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ། དབུ་སྐྲ་ནག་པོ་གྲོལ་བས་སྐུ་སྐེད་ཡན་ཆད་ནོན་པ། སྟོད་སྨད་རྒྱས་ལ་སྐེད་པ་ཕྲ་བ། ཕྱག་རྒྱ་ལྔ་དང་སྦྲུལ་གྱིས་བརྒྱན་པ། གཡས་པས་རྡོ་རྗེ་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པས་ཡབ་ལ་འཁྱུད་པ། མགོ་བོ་བསྐམ་པོ་ལྔའི་དབུ་རྒྱན་དང་བསྐམ་པོ་ལྔ་བཅུའི་དོ་ཤལ་ཅན། སྟག་གི་པགས་པའི་ཤམ་ཐབས་གསོལ་བ། གཅེར་བུ་གཡས་བརྐྱང་གི་སྟབས་ཀྱིས་འཁྱུད་པའོ། །ཤར་ལྷོར་མུ་མེན་གྱི་བུམ་པ་ངོ་བོ་བཞི་མཉམ་རྣམ་པ་གསེར་བཙོ་མའི་ཁུ་བ་ལྟ་བུས་གང་བ། ལྷོ་ནུབ་ཏུ་གསེར་གྱི་བུམ་པ་གླ་རྩི་བཻཌཱུརྱའི་ཁུ་བ་ལྟ་བུས་གང་བ། ནུབ་བྱང་དུ་བྱུ་རུའི་བུམ་པ་སིཧླ་མཚལ་ཅོག་ལ་མ་ལྟ་བུས་གང་བ། བྱང་ཤར་དུ་དངུལ་གྱི་བུམ་པ་ག་བུར་ཤེལ་དཀར་བཞུ་བ་ལྟ་བུས་གང་བ་སྟེ་བཞི་ག་འདི་ཐོད་པ་ཟླ་བ་ལྟར་དཀར་བ་དངས་མའི་མཆོག་གིས་ཡོངས་སུ་གང་བས་ཁ་བཅད་པའོ། གཙོ་བོའི་(༧བ)


GLG010_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་པཾ་ལས་པད་མ་དང་ཨཾ་དམར་པོ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡེ་ཤེས་སེམས་དཔའི་ངོ་བོ་ཧཱུཾ་དམར་པོ་ཡོངས་སུ་གྱུར་པ་ལས། དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན་མི་མགོ་རློན་པ་སེར་པོས་མཚན་པ་རྐང་བརྒྱད་བཞོགས་ཇེ་འཕེལ་དུ་སོང་བའི་ལྟེ་བར་ཉི་མ་ལ་གནས་པའི་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་དམར་པོར་བསམ། གཉིས་པ་ཉེ་བར་བསྙེན་པ་ལ། བདེ་བ་བསྒྲུབ་པ། ཤེས་རབ་བསྐྱེད་པ། གནས་གསུམ་བྱིན་རླབས་དངོས་དང་གསུམ། དང་པོ་ནི་རང་ཉིད་གཤིན་རྗེའི་གཤེད་དམར་པོ་དང་རིག་མ་རོ་ལངས་མར་བསྒོམ་པ་ལྷའི་འདུ་ཤེས། ཧཱུྃ་ལས་བྱུང་བའི་ཡབ་ཀྱི་བུ་ལུགས་ལ་རྩེ་མོར་ཧཱུཾ་དང་བུ་གར་ཕཊ་སོགས་བཤད་ནའང་བདུད་རྩིའི་བུམ་པ་དང་རྣམ་བཤད་ན་མི་གསལ་བས་བཏང་སྙོམས་སུ་བཞག་རྡོ་རྗེ་དང་ཨ་ལས་བྱུང་བའི་ཡུམ་གྱི་པད་མ་གསལ་འདེབས་པ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་ལྷན་སྐྱེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ་འདུ་ཤེས་གསུམ་དང་ལྡན་པའི་སྒོ་ནས་སྙོམས་པར་ཞུགས་པའི་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། གཉིས་པ་ནི། ཡུམ་གྱི་ལྟེ་བའི་འོག་ཏུ་ཧྲཱིཿལས་པད་མ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧྲཱིཿདམར་པོ་དྲོད་ཀྱི་རང་བཞིན་ཅན་གྱིས་བརྒྱན་པ། དེའི་རྩེ་མོ་ནས་ཡབ་ཀྱི་སྤྱི་བོར་ས་ཞལ་གཉིས་ཀའི་གཞུང་དུ་མི་གསལ་ཡང་མཁས་པ་ཙནྜས་གཙོ་བོའི་སྤྱི་བོ་ནས་ཞེས་པ་ལེགས་བཤད་དོ། །ཧཾ་དཀར་པོ་ཧྲཱིཿའི་དྲོད་ཀྱིས་བསྐུལ་བ་ལ་བརྟེན་ནས་སྤྱི་བོའི་བདུད་རྩི་ལས་འཐོན་པའི་རི་ཁཱ་དཀར་པོ་ཤེལ་དཀར་གྱི་སྐུད་པ་ལྟ་བུས་(༨ན)


GLG010_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲེལ་བར་བསམ། གསུམ་གཞུང་ཆེ་ཆུང་ན་མེད་པས་མ་བྱས་ཀྱང་རུང་ཞེས་ཐམས་ཅད་མཁྱེན་པ་བུ་གསུང་ཡང་ད་ལྟ་ས་ཞལ་གཉིས་ཀའི་ཕྱག་ལེན་ལ་མཛད་པ་ནི། ལྷ་རྣམས་ཀྱི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ལྟེ་བར་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པད་མ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨཱཿས་མཚན་པ། ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བར་ཧཱུཾ་གིས་མཚན་པ། དེ་དག་ལས་འོད་འཕྲོས་པས་གདོད་མ་ནས་གྲུབ་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ལྷ་ཚོགས་རྣམས་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨོཾ་ཨརྒྷཾ་ནས་ཤཔྟ་པྲ་ཏཱི་ཙྪ་སྭཱ་ཧཱས་མཆོད། སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་རྣམས་ཀྱིས་བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྐུ་གསུང་ཐུགས་རྡོ་རྗེ་རྣམས་བདག་གི་གནས་གསུམ་དུ་ཐིམ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བསམ། འཁྱུད་རྒྱ་དང་བཅས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་པྲ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། གསུམ་པ་སྒྲུབ་པ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ། ཡུམ་བཞི། བྱང་ཆུབ་སེམས་དཔའ་བརྒྱད། ལྷ་མོ་དྲུག ཁྲོ་བོ་བཅུ་དང་བཅས་པའི་གདན་གསུམ་ཚང་བའི་ལྷ་ཚོགས་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་(༨བ)


GLG010_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་ཏ་ཐཱ་ག་ཏཱ་པཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་པྲ་ཏཱི་ཙྪ་སྭཱ་ཧཱས་མཆོད། ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ། སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་མཾ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་ལུས་གང་། དྲི་མ་དག་ནས་དབང་བསྐུར་གྱི་ལྷ་རྣམས་ཅོད་པན་དུ་གྱུར་པ་ནི་གཙོ་བོ་ལ་རྡོ་རྗེ་སེམས་དཔའ། འཁོར་རྣམས་ལ་གཙོ་བོ་ཉིད་ཀྱིས་དབུ་བརྒྱན་པར་བསམ། བཞི་པ་ནི། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་མདུན་གྱི་ནམ་མཁར་ཡེ་ཤེས་སེམས་དཔའ་ལྷ་ལྔའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། གཡོན་པའི་མཐེབ་སྲིན་གྱིས་ནང་མཆོད་འཐོར་ཞིང་། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱས། ཕྱི་འབྲངས་ཀྱི་བགེགས་བསྐྲད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་རཀྟ་སོགས་ཀྱི་མཐར་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། ཛཿཧཱུཾ་བཾ་ཧོཿས་བསྟིམ། འདིའི་འོག་ཏུ་མཆོད་བསྟོད་བདུད་རྩི་མྱང་བ་བུ་ལུགས་ལ་མཛད་ཀྱང་རྣལ་འབྱོར་དབང་ཕྱུག་གི་གཞུང་ན་མི་གསལ་བས་བཏང་སྙོམས་སུ་བཞག་མོད། ཆོས་རྗེ་ཐམས་ཅད་མཁྱེན་པ་ལ་འཁྲུལ་པ་མི་མངའ་བས་བྱས་ཀྱང་སྐྱོན་དུ་མི་སེམས་སོ། །གཉིས་པ་རྫོགས་རིམ་ནི། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། སྣོད་བཅུད་ཐམས་ཅད་འོད་དུ་ཞུ། སྲུང་བའི་འཁོར་ལོ་ལ་ཐིམ། དེ་དུར་ཁྲོད་བརྒྱད་ལ། དེ་གཞལ་ཡས་ཁང་ལ། དེ་འཁོར་རྣམས་ལ། དེ་གཙོ་བོའི་ཡུམ་ལ། དེ་ཡབ་ལ། དེ་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་ངེ་འཛིན་སེམས་དཔའ་ལ། དེ་ཨཱུ་ལ། དེ་ཧ་ལ། དེ་མགོ་བོ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལི་ལ། དེ་ནཱ་ད་(༩ན)


GLG010_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ནཱ་ད་ཡང་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་བསམ་མོ། གསུམ་པ་མཇུག་ལ། དག་པ་དྲན་པ། བཟླས་པ། མཆོད་བསྟོད། ཁ་ཟས། ཉལ་བ། ལྡང་བ། སྤྱོད་ལམ་དང་བདུན་ལས་དང་པོ་ནི། འོད་གསལ་གྱི་ངང་ནས་ཆུ་ལས་ཉ་ལྡང་བ་བཞིན་དུ་སྐད་ཅིག་གིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གསལ་བར་བསམ། དམར་བ་ཉིད་ནི་འདོད་ལ་སོགས་པ་བརླག་པའི་དོན་ཏོ། །སྤྱན་གསུམ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་གསུམ་གྱི་ཕྱིར་རོ། །ཕྱག་གཉིས་ནི་དངོས་པོ་དང་དངོས་མེད་ལ་སོགས་པའི་རྟོག་པ་འཇོམས་པའོ། །ཤེས་རབ་མ་ལ་འཁྱུད་པ་ནི་སྟོང་པ་དང་སྙིང་རྗེ་ཐ་མི་དད་པའི་སྦྱོར་བས་སོ། །ཀླུ་བརྒྱད་ནི་རྣམ་པར་ཤེས་པ་བརྒྱད་མཚོན་པའོ། །མགོ་བོའི་འཕྲེང་བ་རྒྱ་ཕྱེད་ནི་ཡི་གེ་ལྔ་བཅུའི་སྦྱོར་བས་སོ། །གཡོན་ན་ཐོད་པ་ནི་ཡེ་ཤེས་ལྔའི་བདུད་རྩིའི་རོས་ཡོངས་སུ་གང་བའི་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །གཡས་ན་དབྱུག་པ་ནི་ཕུང་པོ་དང་ཉོན་མོངས་པ་དང་། ལྷའི་བུ་དང་། འཆི་བདག་གི་བདུད་བཞི་རྣམ་པར་འཇོམས་པ་སྙིང་རྗེའི་རང་བཞིན་ནོ། །གཡོན་བརྐྱང་གི་གོམ་སྟབས་ནི་ཁམས་གསུམ་རྣམ་པར་མཚོན་པའོ། །ལྷ་མོའི་ཕྱག་གཡོན་པར་བདུད་བཞིའི་ཁྲག་ན་རེ་དང་བཅུད་ལེན་དུ་མ་ཀུན་ནས་མྱང་བའི་ཕྱིར་རོ། །གཡས་པར་རྡོ་རྗེ་གྲི་གུག་ནི་དངོས་པོ་དང་དངོས་མེད་ཀྱི་རྣམ་རྟོག་གཅོད་པའི་ཕྱིར་རོ། །གདུག་པ་འདུལ་བའི་ཕྱིར་ཁྲོོ་བོའི་གཟུགས་ཉིད་དོ། །གསུས་པ་ཆེ་བ་ནི་མྱ་ངན་ལས་མི་འདའ་བའི་ཕྱིར་རོ། །དབུ་སྐྲ་དམར་སེར་(༩བ)


GLG010_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

གྱེན་དུ་བརྫེས་པ་ནི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་གོང་ནས་གོང་དུ་རྒྱས་པའི་ཕྱིར་རོ། ངོས་བཞི་ནི་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་གྱི་བདེན་པ་བཞི་རབ་ཏུ་རྟོགས་པའི་ཕྱིར་རོ། །སྒོ་བཞི་ནི་བདུད་བཞི་ཀུན་ནས་སྐུག་པའི་ཕྱིར་རོ། །ཟུར་བཞི་ནི་ཚངས་པའི་གནས་གཞི་རབ་ཏུ་རྟོགས་པའི་ཕྱིར་རོ། །ཀ་བ་བརྒྱད་ནི་རྨི་ལམ་ལྟ་བུ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། སྤྲུལ་པ་ལྟ་བུ་དང་། བྲག་ཅ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། མེ་ལོང་གི་གཟུགས་བརྙན་དང་། ཆུའི་ཟླ་བ་དང་། ནམ་མཁའི་དངོས་པོ་དང་། དངོས་པོ་མེད་པའི་ཉོན་མོངས་པ་འཇོམས་པའི་ཕྱིར་རོ། རྟ་བབས་བཞི་ནི་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པ་ཉིད་དང་། ཡང་དག་པར་སྤོང་བ་བཞི་རྣམ་པར་དག་པའི་དོན་ཏོ། །གཉིས་པ་ནི། དཔའ་བོ་གཡུལ་དུ་བསད་པའི་ཐོད་པ་ལྟ་བུ་མཚན་ཉིད་དང་ལྡན་པའི་ཐོད་འཕྲེང་ངམ་མ་འབྱོར་ན་རུ་རཀྴ་འམ་འབོ་ཏི་ཙེ་གང་རུང་ལག་གཡས་སུ་བཞག །གཡོན་པའི་མཐེབ་སྲིན་གྱིས་ནང་མཆོད་གཏོར། ཧྲཱིཿཥྚྲཱིཿས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཕྲེང་རྡོག་རེ་རེའི་ངོ་བོ་ཡང་ཧཱུཾ་དང་རྡོ་རྗེ། དབྱུག་པ་ལས་སྐྱེས་པའི་ཞེ་སྡང་གཤིན་རྗེའི་གཤེད་སྐུ་མདོག་དམར་པོ། ཡུམ་རྡོ་རྗེ་རོ་ལངས་མས་འཁྱུད་པ། ཞལ་གཅིག་ཕྱག་གཉིས་པ་ཞེས་པ་ནས། དབུས་ན་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ་ནས། ཛཿཧཱུཾ་བཾ་ཧོཿའི་བར་དང་། ཨོཾ་སརྦ་ཏ་ཤྲཱི་རཀྟ་ཡ་མཱ་རི་ཨརྒྷཱཾ་ནས་ཤཔྟ་པྲ་ཏཱི་ཙྪ་སྭཱ་ཧཱའི་བར་གྱིས་(༡༠ན)


GLG010_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་རབ་མཆོག་གི་མཆོག །དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ། ཞེས་པས་བསྟོད། ལག་པ་ཁ་སྦྱར་བའི་བར་དུ་འཕྲེང་བ་བཅུག །ཐབས་ཤེས་སྙོམས་པར་ཞུགས་པས་གཤིན་རྗེ་གཤེད་ཡབ་ཡུམ་ཞུ་བ་ལས་བྱུང་བའི་མི་མགོ་ཁྲག་འཛག་པའི་ཕྲེང་བར་བསམ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱའི་བར་དུ་འཕྲེང་བ་བཟུང་བས་སྙིང་མགྲིན། དཔྲལ་བར་རེག་ཅིང་། ཧཱུཾ་ཨཱཿཨོཾ་ལྕེ་ལ་རེག །ཨོཾ་བཛྲ་ཛི་ཧྭཱ། དམ་ཚིག་སེམས་དཔའི་ཐུགས་ཀར་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་དམར་པོ་རེ་རེས་མཚན་པའི་མཐར་སྔགས་ཀྱི་འཕྲེང་བ་འོད་ཟེར་འབར་བ་དང་བཅས་པར་གྱུར་ཏེ། སྔགས་འཕྲེང་རྣམས་ལས་ཁྲོ་བོའི་ཚོགས་ནམ་མཁའ་ཁྱབ་པར་སྤྲོས། སེམས་ཅན་ཐམས་ཅད་ཀྱི་དོན་ཕུན་སུམ་ཚོགས་པ་བྱས། ཞི་བ་ལ་སོགས་པའི་འཕྲིན་ལས་དཔག་མེད་བསྒྲུབས། སླར་འདུས་ནས་རང་ཉིད་ལ་ཐིམ་པར་བསམ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སྙིང་པོ། ཨོཾ་ཧཽ་ཀྵཽ་ཀྵ་ཡཾ་ཀ་རཱ་ཡ་གྲྀ་ཧྞ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པོ། ཨོཾ་མ་ཧཱ་ཡཀྵ་སེ་ནཱ་ངྷི་པ་ཏ་ཡེ་མ་ཧཱ་དུ་རྡཱནྟ་ད་མ་ཀཱ་ཡ། ནཱ་ཤ་ཡ། ནཱ་ཤ་ཡ། པི་དྲཱ་པ་ཡ། པི་དྲཱ་པ་ཡ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། འཕྲེང་སྔགས། ཨོཾ་དཻ་ཥ་ར་ཏི་སྐུད་ནུ་ད་ཏྲུ་ཊ་ཧཱུཾ་ཧཱུཾ་ཛཿསྭཱ་ཧཱ། གཙོ་བོའི་ཡུམ་དང་འཁོར་གྱི་ཡབ་བཞིའི་ས་བོན་ལ་ཧཱུཾ་ཉེས་བརྩེགས་ས་ཞལ་གྱི་ཡིག་ཆ་ཚོར་མི་གསལ་ཡང་རྒྱལ་རྩེ་(༡༠བ)


GLG010_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་འབུམ་ནས་ཞུས་དག་པ་ཡིན། ཡུམ་གྱི་སྔགས། ཨོཾ་མོ་ཧཱ་ནྟ་ཀྲྀ་ཏ་ཧཱུཾ་ཧཱུཾ་ཕཊ། གཏི་མུག་གཤིན་རྗེའི་གཤེད། ཨོཾ་མོ་ཧ་ར་ཏི་ཧཱུཾ་ཛཿ ཙ་རྩི་ཀ །ཨོཾ་པི་ཤུ་ནཱ་ནྟྲ་ཀྲྀ་ཏ་ཧཱུཾ་ཧཱུཾ་ཕཊ། སེར་སྣ་གཤིན་རྗེའི་གཤེད། ཨོཾ་པི་ཤུ་ན་ར་ཏ་ཧཾ་ཧཱུཾ་ཛཿ ཕག་མོ་ཨོཾ་རཱ་གཱནྟ་ཀྲྀ་ཏ་ཧཱུཾ་ཧཱུཾ་ཕཊ། འདོད་ཆགས་གཤིན་རྗེའི་གཤེད། ཨོཾ་རཱ་གར་ཏི་ཧཱུཾ་ཛཿ དབྱངས་ཅན་མ། ཨོཾ་ཪྵྱཱནྟ་ཀྲྀ་ཏ་ཧཱུཾ་ཕཊ། ཕྲག་དོག་གཤིན་རྗེའི་གཤེད། ཨོཾ་རྵྱཱ་ར་ཏི་ཧཱུཾ་ཛཿ གཽ་རཱི་མའོ། །བདུད་རྩིའི་བུམ་པར་མི་གསལ་ཡང་བུ་ལུགས་ཀྱི་ཕྱག་བཞེས་ལ་འདུག་པས་ལེགས་པར་མངོན། ཨོཾ་ཡ་མཱ་ར་ཛཱ་ས་ཏོ་མེ་ཡ་སོགས་གཤིན་རྗེ་སྤྱིའི་འཕྲེང་སྔགས། གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་བཟླ། གསུམ་པ་ནི། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གིས་ཟིན་བྲིས་གནང་བའི་མཎྜལ་སྒྲུབ་མཆོད་ཀྱི་ཕྱག་ལེན་འཕྱུགས་མེད་དུ་བཀོད་ན་ལེགས་པར་མཐོང་བས་སྟེགས་བུའི་ཁར་མེ་ཏོག་གི་ཚོམ་བུ་དབུས་སུ་ཡབ་ཡུམ་གཉིས། ཕྱོགས་མཚམས་བརྒྱད་དུ་རེ་རེ་བཀོད་པའི་མཐར། བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག །ཤར་དུ་མཆོད་ཡོན། མེར་ཞབས་བསིལ། ལྷོར་མེ་ཏོག །ལྷོ་ནུབ་ཏུ་མར་མེ། ནུབ་བྱང་དུ་དྲི། བྱང་དུ་ཞལ་ཟས་རྣམས་གྲུ་བཞི་ཆ་སྙོམས་པར་བཤམ་པ་ནི་སྤྱི་མཆོད། དེའི་ནང་དུ་ཕྱོགས་བཞིར་སྤོས། མར་མེ། ཞལ་ཟས་རྣམས་གཡས་སྐོར་དུ། ཤར་ནུབ་ཏུ་ལྷག་པོ་རེ་དང་བཅས་པའི་སྒོས་མཆོད། བྱང་ཤར་དུ་འདས་གཏོར། མེར་འཇིག་རྟེན་པའི་གཏོར་མ་དང་བཅས་པ་བཤམ། རྒྱུན་གྱི་ཐུགས་དམ་ལ་མཆོད་པ་རྒྱས་པར་མ་གྲུབ་ཀྱང་། རྟེན་གྱི་དྲུང་དུ་མཆོད་པ་སྦྲེང་(༡༡ན)


GLG010_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་དུ་བཤམས་པའི་ནང་ངོས་སུ་གཏོར་མ་ཅི་འབྱོར་བཤམ། ཚོམ་བུ་མ་གྲུབ་ཀྱང་ཏིང་ངེ་འཛིན་ཙམ་གྱིས་བསྐྱེད་པ་ཕྱག་ལེན་དུ་མཛད། བདག་བསྐྱེད་བཟླས་པ་དང་བཅས་པ་གྲུབ་པའི་མཐར། རྡོ་རྗེའི་རྩེས་ནང་མཆོད་འཐོར་བའི་སྟང་ཀ་དང་ཧྲཱིཿཥྚྲཱིཿས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲཱུཾལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། རྟ་བབས་བཞིས་མཛེས་པ། སྟེང་ཐོག་རིམ་པར་ཕུབ་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། ཧཱུཾ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས་སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དངས་ཤིང་ཐོགས་པ་མེད་པ་བཟང་ཞིང་རྒྱ་ཆེ་བ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུཾནས་ཤཔྟ་ཨཱཿཧཱུཾ་གི་བར་སོ་སོའི་སྔགས་རྒྱས་བྱིན་གྱིས་བརླབས། རྒྱུན་གྱི་ཐུགས་དམ་ལ་འདི་བཞིན་དང་། དུས་བཟང་ལྟ་བུ་ལ་རྒྱས་པར་བྱེད་ན་འདིར་རོལ་ཆེན་དང་གཎྜེ་རཏྣ་ཚར་གསུམ་གྱིས་བྱིན་དབབ། དེ་ནས་སྐྱབས་འགྲོ་ནས་བརྩམས་ཏེ་བདག་བསྐྱེད་རྫོགས་པའི་མཐར། སླར་མཆོད་པ་བྱིན་རླབས་མན་ཆད་བྱེད། མཎྜལ་ཧྲཱིཿཥྚྲཱིཿས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨེ་ལས་ནམ་མཁའི་ཁམས་ཆོས་འབྱུང་གི་རང་ཞིན་དེའི་དབུས་སུ་ཡཾ་ལས་རླུང་གི་(༡༡བ)


GLG010_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་སྔོན་པོ་ཞེས་པ་ནས། ཕྱོགས་བཞིར་ཨཾ་ལས་ཉི་མའི་དཀྱིལ་འཁོར་མེ་མེ་ཞེས་པའི་བར་སྒྲུབ་ཐབས་བཞིན་བརྗོད། བསྡུས་པ་ལ་སྤྲོ་ན། སྟོང་པའི་ངང་ལས་ཡཾ་རཾ་བཾ་ལཾ་སུཾ་ལས་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་པཾ་ལས་པད་མ་ཞེས་པ་མན་བརྗོད་ཀྱང་རུང་ངོ་། །དེ་ནས་གནས་སོ་སོར་མེ་ཏོག་གི་ཚོམ་བུ་བཀོད་པར་བསམས་ལ། ཧྲཱིཿཥྚྲཱིཿསོགས་ཡབ་ཡུམ་ལྔའི་སྔགས་སྦྲེལ་བ་ཚར་གཅིག་དང་ཨོཾ་ཨཱཿཧཱུཾཿཚར་བཞི་བརྗོད་ལ། སོ་སོའི་སྔགས་ཀྱི་ལྷ་བསྐྱེད་པ་ནི། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་དྭེ་ཥ་ར་ཏི་ནུ་ད་ད་ཏྲུ་ཊ་ཧཱུཾ་ཧཱུཾ་ཛཿསྭཱ་ཧཱ། དབུས་སུ་བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེའི་གཤེད་དམར་པོ་ཡུམ་རྡོ་རྗེ་རོ་ལངས་མས་འཁྱུད་པ། ཨོཾ་མོ་ཧཱནྟ་ཀྲྀ་ཏ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མོ་ཧ་ར་ཏི་ཧྲཱི་ཛཿ ཤར་དུ་གཏི་མུག་གཤིན་རྗེའི་གཤེད་དཀར་པོ་རྡོ་རྗེ་སྤྱོད་བྱེད་མ་ནག་མོས་འཁྱུད་པ། ཨོཾ་པི་ཤུ་ནཱནྟ་ཀྲྀ་ཏ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པི་ཤུ་ན་ར་ཏི་ཧཱུཾ་ཛཿ ལྷོར་སེར་སྣ་གཤིན་རྗེའི་གཤེད་སེར་པོ་ཕག་མོ་སེར་མོ་ཕག་ཞལ་ཅན་མས་འཁྱུད་པ། ཨོཾ་རཱ་གཱནྟ་ཀྲྀ་ཏ་ཧཱུཾ་ཧཱུྃ་ཕཊ། ཨོཾ་རཱ་ག་ར་ཧི་ཧཱུཾ་ཛཿ ནུབ་ཏུ་འདོད་ཆགས་གཤིན་རྗེའི་གཤེད་དམར་པོ་དབྱངས་ཅན་མ་དཀར་མོས་འཁྱུད་པ། ཨོཾ་ཨིརྵྱཱ་ནྟ་ཀྲྀ་ཏ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨིརྵྱཱ་ར་ཏི་ཧཱུཾ་ཛཿ བྱང་དུ་ཕྲག་དོག་གཤིན་རྗེའི་གཤེད་ལྗང་གུ་གཽ་རཱི་ལྗང་སྔོན་མས་འཁྱུད་པ་སྟེ་དཔའ་བོ་རྣམས་ནི་ཞེས་པ་ནས་གཡས་བརྐྱང་གི་སྟབས་ཀྱིས་འཁྱུད་པའོ། །ཨོཾ་ཨཱཿཧཱུཾ་ཤར་ལྷོར་མུ་མེན་གྱི་བུམ་པ་བཞི་མཉམ་རྣམ་པ་གསེར་བཙོ་མའི་ཁུ་བ་ལྟ་བུས་གང་བ། ཨོཾ་ཨཱཿཧཱུཾ་ལྷོ་ནུབ་གསེར་གྱི་སོགས། ཨོཾ་ཨཱཿཧཱུཾ་(༡༢ན)


GLG010_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་བྱང་དུ་བྱུ་རུའི་སོགས། ཨོཾ་ཨཱཿཧཱུཾ་བྱང་ཤར་དུ་དངུལ་གྱི་བུམ་པ་ག་བུར་ཤེལ་དཀར་བཞུ་བ་ལྟ་བུས་གང་བ་སྟེ་བཞི་གའང་ཐོད་པ་ནས་ཁ་བཅད་པའོ། །གཙོ་བོའི་ཐུགས་ཀར་པཾ་ལས་པད་མ་དང་ཨཾ་དམར་པོ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡེ་ཤེས་སེམས་དཔའི་ངོ་བོ་ཧཱུཾ་དམར་པོ་ཡོངས་སུ་གྱུར་པ་ལས་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན་མི་མགོ་རློན་པ་སེར་པོས་མཚན་པའི་རྐང་བརྒྱད་བཞོགས་ཇེ་འཕེལ་དུ་སོང་བའི་ལྟེ་བར་ཉེ་ས་ལ་གནས་པའི་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་དམར་པོར་བསམ། །ལྷ་རྣམས་ཀྱི་དཔྲལ་བར་ཨོཾ་ནས་དགུག་གཞུག་གི་བར་སྒྲུབ་ཐབས་བཞིན། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་རཀྟ་ཡ་མཱ་རི་སོགས་སྔགས་དང་ཕྱག་རྒྱ་རིམ་པ་བཞིན་སྦྱོར། དེ་བཞིན་དུ་ཚིག་རྐང་དང་པོ་དང་གསུམ་པ་མན་ཐམས་ཅད་ལ་སྦྱར་ཞིང་། ལྷ་རྫས་དམ་པའི་ཞབས་བསིལ་འདི། མེ་ཏོག །མར་མེ། དྲི་ཆབ། ཞལ་ཟས། རོལ་མོའི་བར་གྱིས་མཆོད། ནང་མཆོད་བདུད་རྩི་རིལ་བུ་བཏབ་པའི་དབང་དུ་བྱས་ནས་གོང་དུ་བྱིན་རླབས་ཀྱི་གསལ་ཁ་མེད་མཐེབ་སྲིན་གྱིས་སྤྱི་བོ་ནས་གཏོར་ཞིང་། མཆོད་དོ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་འཕྲིན་ལས། སྐྱོབ་པའི་ནུས་པ་བསམ་གྱིས་མི་ཁྱབ་པ་མངའ་བའི་བདག་(༡༢བ)


GLG010_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་དུ་ཨོཾ་ཨཱཿཧཱུཾ། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བི་རྭ་པའི་ཞལ་དུ་ཨོཾ་ཨཱཿཧཱུཾ། གྲུབ་ཆེན་ཌཱོམྦྷི་ཧེ་རུ་ཀའི་ཞལ་དུ་ཨོཾ་ཨཱཿཧཱུཾ། གྲུབ་ཐོབ་ཀྱི་འཁོར་ལོ་སྒྱུར་བ་དཔལ་འཛིན་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། བྲམ་ཟེ་བིར་ཌི་པའི་ཞལ་དུ་ཨོཾ་ཨཱཿཧཱུཾ། པཎ་ཆེན་མ་ཏི་གརྦྷའི་ཞལ་དུ་ཨོཾ་ཨཱཿཧཱུཾ། པཎ་ཆེན་གམྦྷིར་མ་ཏིའི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྡོ་རྗེ་གདན་པ་ནི་ཥལཱཾ་ཀ་དེ་ཝའི་ཞལ་དུ་ཨོཾ་ཨཱཿཧཱུཾ། པཎྜི་ཏ་རེ་བེནྡྲ་པྲ་བྷ་བའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཆག་ལོ་ཆོས་རྗེ་དཔལ་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། གོ་ལུང་པ་མདོ་བདེ་དཔལ་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཤོང་ལོ་རྩ་བ་བློ་གྲོས་བརྟན་པའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ལོ་ཙཱ་བ་མཆོག་ལྡན་བཀའ་བབས་དང་པོ་དཔྱལ་དག་གསུམ་པ་དཱ་ནཱ་ཤཱོ་ལ་དང་བྱེ་བྲག་ཐུགས་སྲས་ལོ་ཙཱ་བ་དང་ར་ཁ་བྲག་པ་ནས་བརྒྱུད་པ་སོགས་རྣམ་གྲངས་མང་ཡང་འདིར་གཙོ་ཆེ་ཤོས་གཅིག་ལས་ཡི་གེར་འཇིགས་ནས་མ་བཀོད་དོ། །ལེགས་པའི་བློ་གྲོས་ཀྱི་ཞལ་དུ་ཨོ་ཨཱཿཧཱུཾ། བླ་མ་དཔལ་ལྡན་སེང་གེའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱཿཧཱུཾ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྗེ་ཕྱོགས་ལས་རྣམ་རྒྱལ་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཤར་ཆེན་ཡེ་ཤེས་རྒྱལ་མཚན་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཞལ་དུ་ཨོཾ་ཨཱཿཧཱུཾ། སེམས་དཔའ་ཆེན་པོ་དཀོན་ཅོག་རྒྱལ་མཚན་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། བདག་ཆེན་རྡོ་རྗེ་འཆང་གི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྗེ་བཙུན་རྡོ་རིང་(༡༣ན)


GLG010_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོའི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་ཞལ་དུ་ཨོཾ་ཨཱཿཧཱུཾ། འཇམ་དཔལ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་ཞལ་དུ་ཨོཾ་ཨཱཿཧཱུཾ། མཁན་ཆེན་བསླབ་གསུམ་རྒྱལ་མཚན་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། རིགས་ཀུན་བདག་པོ་མགོན་པོ་བསོད་རྣམས་མཆོག་ལྡན་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱཿཧཱུཾ། སྙིང་གའི་ཐད་ནས་འཐོར་ཞིང་ཨིཧྲཱིཿཥྚཱིཿ་ནས། ཨོཾ་རྵྱ་ར་ཏི་ཧཱུཾ་ཛཿ དཔལ་གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། གཞན་ཡང་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ། རྒྱུད་སྡེ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། རང་གི་ལྕེ་རྩེ། དཔྲལ་བ། སྤྱི་བོར་རེག་ལ་ཨོཾ་ཨཱཿཧཱུཾ། འདིའི་སྐབས་སུ་ནང་མཆོད་ནས་བླངས་ཏེ་གཏོར་མ་སྐྱོང་ཞིང་། བར་ཕུད་ཞེས་པའི་ཐ་སྙད་མཛད། ལྟེ་བ་ཙམ་ནས་འཐོར་ཞིང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་དཔལ་གུར་གྱི་མགོན་པོ་སོགས་ལྕམ་དྲལ་བྲན་གཡོག་འཁོར་དང་བཅས་པའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཨོཾཤྲཱི་ངྷརྨ་པཱ་ལ་ཙ་ཏུ་རྨཱུ་ཁ་མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་མགོན་ཞལ་བཞི་པ་འཁོར་དང་བཅས་པའི་ཞལ་དུ་ཨོཾ་ཨཱཿ་ཧཱུཾ། ཨོཾ་བཛྲ་ཀཱ་ལ་ཡཀྵ་ཡཱེ། ཀ་ལི་ཡཀྵཡཀྵ་བུ་ཏྲ་ཡེ། རུ་དྲ་བྷ་ཏྲ་ཡེ། རུ་ལུ་རཀྑ་སཱི། གནོད་སྦྱིན་ལྕམ་དྲལ་པུ་ཏྲ་མིང་སྲིང་འཁོར་དང་བཅས་པའི་ཞལ་༝། ཨོཾ་རཀྨོ་པྲ་ཎ་ཨཱཏྨ་གནོད་སྦྱིན་བེག་ཙེ་ལྕམ་སྲིང་(༡༣བ)


GLG010_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་བཅས་པའི་ཞལ་༝། ཨོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་འཆི་བདག་ལས་ཀྱི་གཤིན་རྗེའི་ལྕམ་དྲལ་འཁོར་དང་བཅས་པའི་ཞལ་དུ་༝། གཞན་ཡང་ཆོས་འཁོར་བསྲུང་ཞིང་བསྟན་པ་སྐྱོང་བར་ཞལ་གྱིས་བཞེས་པའི་ཆོས་སྐྱོང་སྲུང་མ་རྣམས་ཀྱི་༝། ཕྱོགས་སྐྱོང་བཅུ་ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། འཇིགས་བྱེད་དགུ །རྒྱལ་ཆེན་བཞི། གཟའ་དགུ ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་རྣམས་ཀྱི་ཞལ་༝། གནོད་སྦྱིན། སྲིན་པོ། འབྱུང་པོ། ཡི་དྭགས། ཤ་ཟ། སྨྱོ་བྱེད། བརྗེད་བྱེད། མ་མོ། མཁའ་འགྲོ། ཞིང་སྐྱོང་། ཕོ་ཉ། འཕྲོག་མ། གྲུབ་པ་རྣམས་ཀྱི་༝། བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་༝། ཐུར་དུ་ཕྱོགས་པར་གཏོར་ཞིང་། གནས་བདག་གཞི་བདག་ཡུལ་བདག་གྲོང་བདག་གཉུག་མར་གནས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ། སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཟག་པ་མེད་པའི་བདེ་བས་རྒྱུད་གང་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་སྐལ་པ་དང་ལྡན་པར་གྱུར་ཅིག །ཨོཾ་ཨཱཿཧཱུཾ། ཨོཾ་བཛྲ་ཨ་མྲྀ་ཏ་སྭ་དཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དཀྱིལ་འཁོར་པ་རྣམས་ཀྱིས་གཙོ་བོ་ལ་བསྟོད་པར་བསམ་ཞིང་། དྲིལ་སྟབས་སུམ་སྐོར་བྱེད་ཅིང་གདངས་དང་བཅས། ཨ་ཡེ་ཀྱེ་ཀྱེ་བདུད་རྩིའི་བུམ་པར་མི་གསལ་ཡང་གཙོ་བོའི་བསྟོད་པ་བུ་ལུགས་ལྟར་བཀོད་གཤིན་རྗེའི་གཤེད་དམར་པོ། །བླ་མ་སྲིན་པོའི་གཟུགས་རང་བཞིན། ཁོ་བོ་ཁྱོད་མཐོང་རྣམ་པར་འཇིགས། །བླ་མ་ཁྲོ་བོའི་རང་བཞིན་སྤོངས། །ཁྱོད་ཀྱི་གར་མཛད་ས་སྟེང་དང་། །ས་བླ་དང་ནི་ས་འོག་གཡོ། །ཆགས་པས་བརྒྱན་པའི་ཁྲོ་པའི་ཡིད། །གར་(༡༤ན)


GLG010_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ཁྱོད་ཉིད་རོ་ལངས་ལགས། །སྐུ་ལུས་སྦོམ་ཐུང་དམར་པོ་སྟེ། །རྣམ་པ་སྣ་ཚོགས་སྐུར་སྤྲུལ་པ། །རྡོ་རྗེ་དབྱངས་ཅན་མ་ཡིས་བཏུད། །གར་མཛད་ཁྱོད་ནི་བདེ་བ་ཆེ། །ཧྲཱིཿཥྚྲཱིཿགསང་སྔགས་དག་གིས་ནི། ཁྱོད་ནི་ས་གསུམ་འཁྲུལ་པ་སེལ། །རྗེ་བཙུན་སྙིང་རྗེའི་ཁྲོ་བོ་ལགས། །གར་མཛད་ཁྱོད་ནི་འཇིག་རྟེན་གཟིགས། །རྡོར་དྲིལ་དང་བཅས་འཁྱུད་རྒྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱ་ཏྨ་ཀོ྅ཧཾ། དེ་ནས་སྒྲ་དང་བྲག་ཆའི་ཚུལ་གྱིས། གཙོ་བོས་ཀྱང་འཁོར་རྣམས་ལ། །གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེའི་གཤེད་པོ་ཤིན་ཏུ་འཇིགས། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །སྐུ་ཡི་རྡོ་རྗེ་ཁྱོད་ཕྱག་འཚལ། །སེར་སྣ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེའི་གཤེད་པོ་རབ་ཏུ་འཇིགས། །སེམས་ཀྱི་རྡོ་རྗེ་རབ་ཏུ་གསལ། །རིན་ཅེན་རྡོ་རྗེ་ཁྱོད་ཕྱག་མཚལ། །འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། ཁྱབ་བདག་ཆགས་པའི་ཆོས་འབྱུང་གནས། །དབྱངས་མཆོག་ཀུན་གྱི་མཆོག་གི་མཆོག །གསུང་གི་རྡོ་རྗེ་ཁྱོད་ཕྱག་འཚལ། །ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེའི་གཤེད་པོ་ལས་ཀུན་བྱེད། །སྐུ་ཡི་རྡོ་རྗེ་རབ་གསལ་བ། །ཕྱག་ན་རལ་གྲི་ཁྱོད་ཕྱག་འཚལ། །ཡང་འཁོར་རྣམས་ཀྱིས་གཙོ་བོ་ལ། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་རབ་མཆོག་གི་མཆོག །དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ། ཅེས་པས་བསྟོད། གཏོར་མ་དང་པོ་ཧྲཱིཿཥྚྲཱིཿས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཡཾ་ལས་རླུང་། རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་བྱུང་(༡༤བ)


GLG010_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐོད་པའི་ནང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔ། པི་ར་ཤུམ་མུ་ལས་བདུད་རྩི་ལྔ། དེ་དག་གི་སྟེང་དུ་ཨོཾ་ཡིག་དང་། ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ། འོག་གི་རླུང་བསྐྱོད་པས་མེ་འབར་ནས་རྫས་རྣམས་སྐོལ་ཞིང་གཅིག་ཏུ་གྱུར་ཏེ། ཨོཾ་དང་ཟླ་བ་རྡོ་རྗེ་དང་བཅས་པའང་ལྷུང་བས་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པར་བསམས་ལ། ལག་པ་གཡོན་མ་བསྟན་ཏེ་ཨོཾ་ཞེས་པས་སྦྱངས། ལག་གཡས་པ་བསྟན་ཏེ་ཨཱཿཡིས་རྟོགས། གཉིས་ཀ་ཕན་ཚུན་བསྣོན་ཏེ་མཐེའུ་ཆུང་སྦྲེལ། མཐེ་བོང་ལག་མཐིལ་དུ་བཀུག །སོར་མོ་ལྷག་མ་གཤིབས་ཏེ་ཅུང་ཟད་ཐུར་དུ་བསྐྱངས་པ་འདབ་ཆགས་སྤྱིའི་ཕྱག་རྒྱས་སྦྱར། ལག་གཉིས་བསྣོལ་ཏེ་རྒྱབ་སྦྱར་བའི་སྲིན་ལག་སྦྲེལ། མཐེའུ་ཆུང་དང་གུང་མོ་གཉིས་བཀུག་པ་མཐེ་བོང་གིས་མནན། མཛུབ་མོ་གཉིས་བསྒྲེང་བ་འཆི་མེད་རྣམ་རྒྱལ་གྱི་ཕྱག་བྱ་ཁྱུང་གི་ཕྱག་རྒྱ་དང་འདི་གཉིས་བུ་ལུགས་ལ་གཞན་ཞིག་སྣོན། རྒྱ་བསྟན་ཏེ་ཧཱུཾ་གིས་སྒྲོན་མ་ལྟར་བྱ། མཛུབ་མོ་གཉིས་གུང་མོའི་རྒྱབ་ནས་ཅུང་ཟད་མ་རེག་པར་བཀུག་པ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བསྟན་ཏེ་ཨོཾ་ཨཱཿཧཱུཾ་གིས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་ཐིམ་པར་བསམས་ལ། དེ་དག་གི་ལྗགས་རྡོ་རྗེའི་སྦུ་གུ་ཅན་ལས་འོད་བྱུང་ནས་གཏོར་མ་གསོལ་བར་བསམ་ཞིང་། རྡོ་རྗེ་ཐལ་མོ་ཁ་གྱེན་ཏུ་ཕྱེ་ལ། ཨོཾ་རཀྟ་མུ་ཀུ་ཊཱ་ཡ། རཀྟ་ཛ་ཊཱ་ཡ། རཀྟ་མུ་ཁཱ་ཡ། རཀྟ་ཤ་རཱི་རཱ་ཡ། རཀྟ་བྷུ་ཛཱ་ཡ། རཀྟ་མུ་ཎྜ་མཱ་ལཱ་བྷ་ར་ཎྜ་ཡ། རཀྟ་ར་ཐས་མ་རཱུ་ཌྷཱ་ཡ། རཀྟ་པདྨཱས་ནཱ་ཡ། རཀྟ་བྷ་ར་ཎ་བྷཱ་ཥ་ཎཱ་ཡ། ཨི་དཾ་བ་ལིཾ། གྲྀ་ཧྞ་(༡༥ན)


GLG010_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གྲྀ་ཧྞ། མ་མ་བིགྷཱ་ནཾ། ཧ་ར་ཧ་ར། ཙ་ཏུ་རྨཱ་རནྣི་བཱ་ར་ཡ་ནི་བཱ་ར་ཡ། ཏྲཱ་ས་ཡ་ཏྲཱ་ས་ཡ། བྷྲ་མ་ཡ། བྷྲ་མ་ཡ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ནཱ་ཤ་ཡ། ནཱ་ཤ་ཡ། ཤོ་ཥ་ཡ། ཤོ་ཥ་ཡ། ཙྪེ་ད་ཙྪེ་ད། བྷེ་ད་བྷེ་ད། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ་ཨོཾ་ཤྲཱི་རཀྟའི་མཇུག་ཏུ་ཆུ་གཉིས་ཉེར་སྤྱོད་རོལ་མོས་མཆོད། སྔགས་གཤམ་དུ་འབྲུ་གསུམ་གྱིས་ནང་མཆོད་འབུལ། དྲིལ་སྟབས་སུམ་སྐོར་དང་བཅས་གོང་བཞིན་བསྟོད། ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། གཏོར་མ་གཉིས་པའང་ཡི་གེ་བཞི་པས་སྔགས་རྒྱས་སྔར་ལྟར་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་ཁྲོ་བོ་གཤིན་རྗེའི་གཤེད་ལྕགས་ཀྱུ་དང་ཞགས་པ་འཛིན་པ་སྤྲོས་ཏེ། ཕྱོགས་སྐྱོང་རྣམས་ཀྱི་སྙིང་ག་ནས་ལྕགས་ཀྱུས་བཏབ། མགྲིན་པ་ནས་ཞགས་པས་བཅིངས་ཏེ་བཀུག་པར་བསམ། ལག་གཉིས་རྡོ་རྗེ་ཁུ་ཚུར་ལས། གཡོན་པའི་མཐེའུ་ཆུང་དང་། གཡས་པའི་མཛུབ་མོ་སྦྲེལ་བ་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ཨོཾཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ནན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་སརྦ་དུཥྚཾ་ནྡྲ་ཨཱ་དིན་ས་པཱ་རི་ཝཱ་རི་ཝཱ་ར་ཨཱ་ཀརྵྱཱ་ཡ་ཛཿསྭཱ་ཧཱ། གཏོར་སྣོད་ཀྱི་མཐར་གཡས་སྐོར་གྱིས་ཤར་དུ་དབང་པོ་ས་སྲུངས་ལ་ཞོན་པ། ལྷོར་གཤིན་རྗེ་མ་ཧེ་ལ་ཞོན་པ། ནུབ་ཏུ་ཆུ་ལྷ་ཆུ་སྲིན་ལ་ཞོན་པ། བྱང་དུ་ལུས་ངན་གཏེར་ལ་གནས་པ། དབང་ལྡན་དུ་དབང་ལྡན་ཁྱུ་མཆོག་ལ་ཞོན་པ། མེར་མེ་ལྷ་ར་སྐྱེས་ལ་ཞོན་པ། བདེན་བྲལ་དུ་སྲིན་པོ་རོ་ལངས་ལ་ཞོན་པ། རླུང་དུ་རླུང་ལྷ་རི་དྭགས་ལ་ཞོན་པ། དབུས་སུ་ཚངས་པ། མདུན་དུ་ཟླ་བ། རྒྱབ་ཏུ་ཉི་མ། གཞོགས་གཡས་སུ་ནོར་འཛིན་མ། གཡོན་དུ་ཐགས་བཟང་རིས། དེ་རྣམས་ལ་(༡༥བ)


GLG010_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་གསུམ་ན་སྤྱོད་པའི་འབྱུང་པོའི་ཚོགས་ཀྱིས་བསྐོར་བ་བསམས་ལ། གཡོན་རྡོ་རྗེ་ཁུ་ཚུར་ཕུར་བུ་འཛིན་ཚུལ། གཡས་རྡོ་རྗེ་དང་བཅས་ཐལ་མོ་བརྐྱངས་པའི་མཐེ་བོས་མཐེའུ་ཆུང་མནན། སོར་མོ་དབུས་མ་གསུམ་བརྐྱངས་པའི་ཕྱག་རྒྱ་བཅས་ཏེ། རང་གི་སྙིང་ག་ནས་ཁྲོོ་བོ་གཤིན་རྗེའི་གཤེད་ཕྱག་ན་ཐོ་བ་དང་ཕུར་བུ་ཐོགས་པ་སྤྲོས་ཏེ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། སྔར་གྱི་ཕྱག་རྒྱས་ཕུར་བུ་བརྡུང་ཚུལ་བྱ། ཧཱུཾ་སརྦ་དུ་ཥྚཾ་ནྡྲ་ཨཱ་དིན་ས་པ་རི་ཝཱ་རན་ཀཱི་ལཱ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། སྙིང་ག་དང་མགྲིན་པ་དང་རྐང་པའི་བར་དུ་ཕུར་བུས་བཏབ་པས་གྲུབ་པའི་བཅུད་ལེན་གྲུབ་པ་བཞིན་དུ་སྐད་གཅིག་གིས་སྟོང་པའི་ངང་ལས། ཞེ་སྡང་གཤིན་རྗེའི་གཤེད་ཀྱི་སྐུ་གཉུག་མའི་ཤེས་རབ་མས་འཁྱུད་པ། གཡོན་བརྐྱངས་ཀྱིས་གནས་པ། སྒྲུབ་པ་པོའི་བསམ་པ་ཡོངས་སུ་རྫོགས་པའི་སྐུར་གྱུར་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཨོཾ་བཛྲ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་དབང་བསྐུར་བས་ཞེ་སྡང་གཤིན་རྗེའི་གཤེད་རེ་རེས་དབུ་བརྒྱན་པར་བསམ། ཨོཾ་ཨ་རྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཨོཾ་པཱ་དྱཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་མཆོད་ཡོན་དང་ཞབས་བསིལ་ཕུལ། ཕྱོགས་སྐྱོང་འཁོར་དང་བཅས་པའི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གསལ་བར་བསམས་ནས་རྡོར་ཐལ་གྱེན་ཕྱེ་མཐར་སེ་གོལ་བཅས། ཨིནྡྲཱ་ན་མཿ འདི་རྣམས་བདུད་རྩིའི་བུམ་པར་མི་འདུག་རུང་། བུ་ལུགས་དང་རྒྱལ་རྩེ་གཟུངས་འབུམ་མཐུན་པར་བྱུང་ཡ་ན་མཿཧྲཱིཿ ཡ་མཱ་ཡ་ན་མཿ ཥྚྲཱིཿ ཝ་རུ་ཎཱ་ཡ་ན་མཿཝི། ཀུ་བེ་རཱ་ཡན་མཿཀྲྀ། ཤ་ནཱ་ཡ་ན་མཿཏ། ཨགྣ་ཡེ་ན་མཿ་ཨཱ། ནི་རི་ཏ་ན་མཿ ན། བཱ་ཡ་བེ་ན་མཿན། ཙནྡྲཱ་ཡ་ན་མཿཧཱུཾ། ཨརྐཱ་ཡ་ན་མཿཧཱུཾ། བ་སུནྡྷཱ་རཱ་ཡཻ་ན་མཿབཞུ། བཻ་མེ་ཙི་ཏྲི་ཎེ་མཿ (༡༦ན)


GLG010_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ། སརྦ་བྷཱུ་ཏེར་བྷྱོ་ན་མཿཧཱ། ཧཱ་ཧཱ་ཧཱ། ཧཱི་ཧཱི་ཧཱི། ཧཱུཾ་ཧཱུཾ་ཧཱུཾ། ཕིཾ་ཕིཾ་ཕིཾ་སྭཱ་ཧཱ། ལན་གསུམ་གྱིས་འབུལ། ཨོཾ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་བཛྲ་པུ་ཥྤེ་ནས་ཤཔྟའི་བར་གྱིས་མཆོད། སྔགས་མཇུག་ཏུ་འབྲུ་གསུམ་གྱིས་ནང་མཆོད་དབུལ། དྲིལ་བུ་བསིལ་ཞིང་། བདུད་བཞི་པོ་ནི་རྣམ་པར་འཇོམས། །དཔའ་བོ་གདུག་པ་འདུལ་མཛད་པ། གཤིན་རྗེ་མཐར་བྱེད་ཕྱག་འཚལ་ཞིང་། ཕྱོགས་སྐྱོང་བཅོ་ལྔའི་ཚོགས་ལ་འདུད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཐམས་ཅད་འབྱུང་བ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་གཏོར་མ་གཙང་སར་གཏོང་། །རྡོར་དྲིལ་བཅས་འཁྱུད་རྒྱ་ལ་གནས་པས། ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་འཇིག་རྟེན་ལ་བདེ་སྐྱིད་འབྱུང་བ་དང་། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བཅོམ་ལྡན་འདས་དཔལ་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་དོན་དུ་གཉེར་བ་བདག་གི་འཁོར་དང་བཅས་པ་རྣམས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བསྲུང་བ་དང་སྐྱོབ་པ་དང་། སྦ་བའི་འཕྲིན་ལས་མཛོད་ཅིག་(༡༦བ)


GLG010_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་མུཿའཇིག་རྟེན་པའི་མགྲོན་རྣམས་གཤེགས་པར་བསམས་ལ། ཧྲཱིཿཥྚྲཱིཿརྗོད་ཅིང་རོལ་མོ་དྲག་ཏུ་བྱ། འདི་འམ་འདས་གཏོར་གྱི་འོག་ཏུ་ཆོས་སྐྱོང་རྣམས་ལ་གཏོར་བསྔོས་བྱ། མདུན་གྱི་མཎྜལ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་རཀྟ་ཡ་མཱ་རི་མནྜལ་ས་པ་རི་ཝཱར་ཨརྒྷཾ་ནས་ཤཔྟ་པྲ་ཏཱི་ཙྪའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུཾ་གིས་ནང་མཆོད་དབུལ་བསྟོད་པ་བྱ། བཅོམ་ལྡན་འདས་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་སོགས་ཀྱིས་གསོལ་བ་གདབ། ཡིག་བརྒྱ་བརྗོད། ནོངས་པ་བཟོད་པར་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། སྨོན་ལམ་ཤིས་བརྗོད་བྱ། བཞི་པ་བཟས། ལྔ་པ་ཉལ་བ། དྲུག་པ་ལྡང་བ། བདུན་པ་སྤྱོད་ལམ་གྱི་རྣལ་འབྱོར་ཀུན་མཁྱེན་མཁྱེན་བརྩེའི་རྣམ་བཤད་སོགས་ལས་ཤེས་པར་བྱའོ། །དེ་ལྟར་མཐུ་སྟོབས་དབང་ཕྱུག་བི་རཱུ་པའི། །བཞེད་སྲོལ་མ་དྲོས་མཚོ་རུ་ལེགས་གཏམས་པ། །རྒྱ་བོད་མཁས་གྲུབ་བཀའ་བབས་ཆུ་བོ་བཞི། །ཚད་མེད་སྐལ་ལྡན་ཟླ་བའི་མ་མར་འཁྱིལ། །ལྗོངས་འདིར་དྲི་མེད་རིང་ལུགས་ལེགས་སྤེལ་བ། །ཐམས་ཅད་མཁྱེན་ངེས་བུ་སྟོན་ལོ་ཙཱ་དང་། །བགྲང་ཡས་དཀྱིལ་འཁོར་མགོན་པོ་ཨེ་ཝཾ་པའི། །སྨིན་གྲོལ་གདམས་པའི་གཏེར་མཛོད་ཚར་པ་རྗེ། །མགོན་འདིའི་རྡོ་རྗེའི་ཚིག་གི་གསང་བ་རྣམས། །འཛིན་མཛད་ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག་གི །རྣམ་བཤད་དཔང་པོར་བྱས་ལས་རང་བཟོ་དང་། །ལུགས་གཞན་སྲོལ་བཀག་མུན་མདའ་འདི་ན་མེད། །ཚིག་ཉུང་བློ་དམན་རྣམས་ཀྱིས་རྟོགས་དཀའ་དང་། །ངལ་བའི་ཁུར་གྱིས་མནར་བའི་སྤྲོས་པ་ཅན། །མ་ཡིན་མཐའ་གཉིས་མ་ལྷུང་དབུ་མའི་ལམ། །འདི་ཀོ་འཇམ་དཔལ་དགྱེས་པའི་ཞལ་ལུང་ལགས། །དགེ་བས་སྒྲིབ་གཉིས་ལྷ་ཆེན་ཉི་མའི་བུའི། །གཡུལ་ལས་རྣམ་པར་(༡༧ན)


GLG010_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་བ་དན་ལྕེ། །སྲིད་པའི་རྩེ་མོར་ཕྱར་ནས་ལུས་ཅན་ཀུན། །གཟུང་འཇུག་གཤིན་རྗེའི་གཤེད་པོ་འགྲུབ་པར་ཤོག །ཅེས་རྣལ་འབྱོར་དབང་ཕྱུག་བི་རཱུ་པ་ཆེན་པོའི་བཞེད་སྲོལ་འཇམ་དཔལ་གཤིན་གཤེད་དམར་པོ་ལྷ་ལྔའི་སྒྲུབ་ཐབས་འཇམ་དཔལ་དགྱེས་པའི་ཞལ་ལུང་འདི་ནི་རང་ཉིད་ཀྱི་དྲན་པ་གསོ་བ་དང་། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་ཡབ་སྲས་ཀྱི་རིང་ལུགས་འཛིན་པའི་འདུས་པའི་གྲྭ་རྣམས་སུ་ཕན་པར་གྱུར་ན་སྙམ་པའི་ཀུན་རྟོག་གིས་ཡིད་དྲངས་ཏེ་དཀྱིལ་འཁོར་རྒྱ་མཚོའི་མགོན་པོ་རྗེ་བཙུན་བཀའ་འགྱུར་བ་ཆེན་པོ། ཐམས་ཅད་མཁྱེན་པ་ཟུར་ཆོས་དབྱིངས་རང་གྲོལ། མཁས་བཙུན་གྲུབ་པའི་དབང་ཕྱུག་མཁན་ཆེན་ཞ་ལུ་པ་གསུམ་གྱི་བཀའ་དྲིན་ལས་ཆོས་ཚུལ་འདི་ལ་བློ་གྲོས་ཀྱི་འཇུག་པ་ཅུང་ཟད་ཤར་བའི་ཟ་ཧོར་གྱི་བན་རྒན་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་རིག་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པས་བགྱིས་པ་ཛ་ཡནྟུ། །མངྒ་ལཾ། །


previousའཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་སྒྲུབ་ཐབས་འཇམ་དཔལ་དགྱེས་པའི་ཞལ་ལུང་།next