Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
ནཱ་རོ་མཁའ་སྤྱོད་ཀྱི་རྣལ་འབྱོར་བཅུ་གཅིག་གི་ལག་ལེན་ལ་སྒྲོ་འདོགས་གཅོད་པ་དང་སེམས་འཛིན་བཟུང་འབྲེལ་དུ་གཏོང་ཚུལ་མཐོང་གྲོལ་ལྡེ་མིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousནཱ་རོ་མཁའ་སྤྱོད་ཀྱི་རྣལ་འབྱོར་བཅུ་གཅིག་གི་ལག་ལེན་ལ་སྒྲོ་འདོགས་གཅོད་པ་དང་སེམས་འཛིན་བཟུང་འབྲེལ་དུ་གཏོང་ཚུལ་མཐོང་གྲོལ་ལྡེ་མིགnext

ནཱ་རོ་མཁའ་སྤྱོད་ཀྱི་རྣལ་འབྱོར་བཅུ་གཅིག་གི་ལག་ལེན་ལ་སྒྲོ་འདོགས་གཅོད་པ་དང་སེམས་འཛིན་བཟུང་འབྲེལ་དུ་གཏོང་ཚུལ་མཐོང་གྲོལ་ལྡེ་མིག


GLG010_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་རོ་མཁའ་སྤྱོད་ཀྱི་རྣལ་འབྱོར་བཅུ་གཅིག་གི་ལག་ལེན་ལ་སྒྲོ་འདོགས་གཅོད་པ་དང་སེམས་འཛིན་བཟུང་འབྲེལ་དུ་གཏོང་ཚུལ་མཐོང་གྲོལ་ལྡེ་མིག་བཞུགས་སོ།།


GLG010_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

སྭསྟི་སིདྡྷི། མཁའ་སྤྱོད་ཞིང་གི་རྡོ་རྗེ་བཙུན་མོ་ཡི། །ཉེ་ལམ་ནཱ་རོ་སྟ་པའི་ཐུགས་ཀྱི་བཅུད། །འཇམ་མགོན་ས་སྐྱའི་བླ་ཆེན་གསེར་ཆོས་མཆོག །སློབ་བཤད་འཛིན་མཁས་རིམ་བརྒྱུད་གསང་བའི་གཏམ། །གནད་འགག་སྒྲོ་འདོགས་བཅད་ནས་སྙིང་པོ་རུ། །དོན་བཟང་ཉམས་སུ་བསྟར་བྱེད་གྲོལ་ལམ་ཁྲིད། །རྟོགས་དཀའི་མཚོ་ལས་སྒྲོལ་ནུས་ཕྱག་བཞེས་གྲུས། །དམ་པའི་བཞེད་སྲོལ་ནོར་བུ་འདི་ན་འདྲེན། །དེ་ལ་འདིར་བདེ་བར་གཤེགས་པས་གསུངས་པའི་གསུང་རབ་མཐའ་དག་གི་མཆོག་ཏུ་གྱུར་པ་ངེས་གསང་རྡོ་རྗེ་ཐེག་པའི་ཡང་རྩེ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེའི་ནང་ནས་ཤིན་ཏུ་ཟབ་པ་རྣལ་འབྱོར་གསང་མཐའ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་བཅུད་ཕྱུང་བ་རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རྫོགས་ཀྱི་ལམ་ཟབ་མོ་རྗེ་བཙུན་རྡོ་རྗེ་བཙུན་མོ་ཉིད་ཀྱི་འཕགས་ཡུལ་པཎ་གྲུབ་ཀུན་གྱི་གཙུག་རྒྱན་ནཱ་རོ་ཏ་པ་ལ་དངོས་སུ་གནང་། དེས་ཀྱང་འཕགས་བོད་ཀྱི་སློབ་མ་གྲགས་ཆེན་གཞན་སུ་ལའང་མ་སྩལ་བར་བལ་པོ་ཕམ་མཐིང་བ་གཅེན་འཇིགས་མེད་གྲགས་པ་དང་གཅུང་ངག་དབང་གྲགས་པ་མཆེད་གཉིས་ལ་ཆིག་བརྒྱུད་དུ་གནང་བ་རྗེ་བཙུན་ས་སྐྱ་པ་ཆེན་པོར་བཀའ་བབས་པས་ལྕགས་རི་མི་འདའ་བའི་གསེར་ཆོས་བཅུ་གསུམ་མམ་ཀླུ་པའི་གསེར་ཆོས་(༢ན)


GLG010_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་བཞིར་གྲགས་པའི་ནང་ཚན་ནས་མཆོག་སྒྲུབ་ཀྱི་མན་ངག་ཤིན་ཏུ་ཟབ་པ་ནཱ་རོ་མཁའ་སྤྱོད་ཀྱི་སྐོར་ཞེས་གྲགས་ཆེ་བས། ཐོས་ལོའི་མིང་ཙམ་དོན་དུ་གཉེར་བའི་དབང་དང་བྱིན་རླབས་དབྱེ་བ་མི་ཕྱེད་པར་རང་བཟོའི་སིནྡྷུ་རའི་བྱིན་རླབས་དང་ཡིག་རྙིང་གི་ལུང་ཁ་ཡར་དགེ་ཞལ་བོ་ཇོ་དྭགས་ཤངས་ཕྱོགས་སུའང་ཐོར་བུ་བྱུང་། ས་སྐྱའི་རྗེས་འབྲང་གོང་དཀར་བ་ཕྱོགས་ལ་གསན་ཡིག་རྒྱ་མཚོར་བྱིན་རླབས་གསན་ཚུལ་འདུག་ཀྱང་དེང་སང་དར་སོ་མེད། རྫོང་ཆུང་བར་ལུང་རྒྱུན་ཙམ་ལས་བྱིན་རླབས་ཁྲིད་དང་ཆག་མེད་ཀྱི་རྒྱུན་ཕྱིས་རིམ་གྱིས་ནུབ། ངོར་པ་རྣམས་ལ་ཐུན་མོང་བའི་ཁྲིད་མ་ཆད་ཙམ་མུས་ཕྱོགས་སུ་ཡོད་པར་གྲགས་རྒྱུ་མཚན་དེ་དག་ལ་བརྟེན་གདམས་པ་ཡོངས་སུ་རྫོགས་པ་ཚད་མ་བཞི་ལྡན་ཚད་མེད་ཁའུ་བྲག་རྫོང་པའི་ལུགས་འཛིན་རྣམས་ལས་གཞན་དུ་མེད་པར་སྣང་བས་གདུང་བརྒྱུད་རིམ་པ་དང་ཡར་ཀླུངས་པ་ཁུ་དབོན་ལས་སྙན་ནས་སྙན་དང་ཞལ་ནས་ཞལ་དུ་བརྒྱུད་པའི་མཁའ་འགྲོའི་ཁ་རླངས་ཅན་རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་གསུང་རྒྱུན་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གིས་རེག་ཟིག་ཏུ་མཛད་པའི་ཁྲིད་ཡིག་ཆེན་མོ་འདིར། བསྒོམ་བྱའི་དོན་ལ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པ་བསྐྱེད་རིམ་གྱི་བྱ་བ་དང་བཅད་དོན་ཉམས་སུ་ལེན་པ་སེམས་འཛིན་གྱི་བྱ་བ་གཉིས་ཟུང་(༢བ)


GLG010_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་དུ་མཛད་པའི་དབང་དུ་བཏང་ཞིང་། གསང་འདུས་བདེ་མཆོག་འཇིགས་བྱེད་སོགས་ལའང་འདི་དང་དབྱིབས་འདྲ་རུང་བྱུང་ན་དིང་སང་འཁྲིད་རྐྱང་ལས་རྣམ་བཤད་གཏོང་བའི་རྒྱུན་ཕལ་ཆེར་ནུབ། ལུགས་སྲོལ་འདིར་གདུལ་བྱ་དབང་པོ་རབ་འབྲིང་ཡན་ལ་ཟུང་འབྲེལ་དུ་གནང་བའི་ཕྱག་སྲོལ་མ་ནུབ་ཅིང་། །མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཁྲིད་ཡིག་ཏུ་ཁྲིད་རྐྱང་གི་ཚུལ་དུ་མཛད་འདུག་པ་དུས་ཀྱི་དབང་གིས་མི་རྣམས་བློའི་མཐུ་ཞན་པས་ལམ་འདི་ལ་མོས་ཤིང་དབང་པོ་རྟུལ་བའི་རིགས་རྗེས་སུ་འཛིན་པར་དགོངས་པ་ཆོས་རྒྱུན་སྤེལ་མི་ནུས་པའི་ཉམས་ལེན་ཙམ་བྱེད་པ་ལ་དེས་སྐབས་དོན་ངེས་པར་ཡང་འགྲུབ། རྗེས་འབྲངས་སུ་རློམ་པ་ལ་ལས་སྒྲོ་འདོགས་གཅོད་པ་དང་བཅད་དོན་ཉམས་ལེན་གཉིས་ངོས་མ་ཟིན་པའི་འདྲ་འདྲེས་སྣ་ཚོགས་ཀྱིས་ཕྱག་ལེན་འཆལ་བའང་བྱུང་ཚོད་དུ་སྣང་བ་དེ་འདྲའི་ཉེས་པ་ཁེགས་ཤིང་འཆད་ཉན་གྱི་རྒྱུན་ལ་ཕན་པའི་ཆེད་དུ་རྣམ་བཤད་དང་སེམས་འཛིན་ཟུང་འཇུག་མ་འདྲེས་པར་གཏོང་བའི་ཕྱག་ལེན་ལ། སྤྱིར་དྭགས་བརྒྱུད་པ་སོགས་རྩིང་པོར་སྤྱོད་པ་མང་པོ་བྱིན་རླབས་ཀྱིས་དབང་གོ་གཅོད་པ་སྡོམ་གསུམ་དུ། རྡོ་རྗེ་ཕག་མོའི་བྱིན་རླབས་ནི། །མར་པ་ལྷོ་བྲག་པ་ལ་མེད། ཅེས་ལོ་པཎ་ཡོངས་གྲགས་རྣམས་ཀྱི་དབང་གོ་བྱིན་རླབས་ཀྱིས་གཅོད་པ་མེད་པར་གསུང་ཤིང་དེ་དང་ཕྱོགས་མཐུན་པར་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་དང་རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་སོགས་ཚད་ལྡན་གྱི་མཁས་གྲུབ་ཐམས་ཅད་བཞེད་པ་ཡིན་ལ། ཁྱད་པར་ལུགས་སྲོལ་འདི་ལ་ས་སྐྱའི་འཇམ་མགོན་རྗེས་འབྲང་རྣམས་ཀྱི་ཕྱག་བཞེས་སུ་སྔོན་འགྲོ་འཁོར་ལོ་སྡོམ་པ་ལོ་ནག་དྲིལ་གསུམ་ལྟ་བུ་ཡབ་བཀའ་ཡུམ་བཀའ་གང་རུང་གི་རྡུལ་ཚོན་དང་རས་བྲིས་ཀྱི་དཀྱིལ་འཁོར་ཅི་རིགས་པར་དབང་བཞི་མཚན་ཉིད་དང་ལྡན་པ་ཐོབ་པ། གལ་ཏེ་བདེ་མཆོག་(༣ན)


GLG010_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

གི་རིགས་ཀྱི་དབང་མ་ཐོབ་ཀྱང་ཀྱེ་རྡོར་བཀའ་བབས་བཞི་སོགས་མདོར་ན་བདེ་དགྱེས་ཀྱི་རིགས་གང་ཡང་རུང་བའི་དབང་ཐོབ་པའི་སྣོད་ལྡན་རྣམས་ལ་ཐོག་མར་རྒྱུན་འཁྱེར་གྱི་མངོན་རྟོགས་འཛིན་དུ་བཅུག །ཡང་ངོ་མར་ངོའི་ཚེས་བཅུ་གང་རུང་དང་འབྲེལ་ན། དེ་མིན་དུས་གང་ཡང་རུང་བར་སིནྡྷུ་རའི་དཀྱིལ་འཁོར་དུ་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་མཁའ་སྤྱོད་སྒྲུབ་པའི་ཉེ་ལམ་གྱི་ཡི་གེའི་སྟེང་ནས་ཕྱག་ལེན་འཁྲུལ་པ་མེད་པའི་བྱིན་རླབས་བྱ། དེ་ནས་བཟུང་རྒྱུན་འཁྱེར་གྱི་ཉམས་ལེན་དང་བཅས་དམ་བཅའ་གང་བྱས་ཀྱི་ཨོཾ་གསུམ་མ་ཆག་མེད་དུ་བཟླ། འདི་པའི་གདུལ་བྱ་དབང་པོ་རབ་འབྲིང་ཐ་མ་ཐ་མའི་ཐ་མ་སྟེ་བཞིར་བཤད་པ་ཐམས་ཅད་ཀྱི་ཐུན་མོང་དུ་ཉམས་སུ་བླང་བྱ། རྗེ་བརྩེ་བ་ཆེན་པོས་ཉལ་དང་ལྡང་དང་བདུད་རྩི་མྱང་། །ཆད་མེད་བླ་མ་བདག་ལྷར་བསྒོམ། །འགྲོ་བ་དག་པའི་རྣལ་འབྱོར་མ། །དཔའ་བོ་དཔའ་མོས་བྱིན་གྱིས་བརླབས། །ངག་བཟླས་ཡིད་བཟླས་གཉིས་གཅིག་ཡིན། །བསམ་མི་ཁྱབ་ཀྱི་རྣལ་འབྱོར་དང་། །སྤྱོད་ལམ་གྱི་ནི་རྣལ་འབྱོར་ཏེ། །དེ་ལྟར་རྣལ་འབྱོར་བཅུ་གཅིག་གོ །ཞེས་པ་འདི་ཉིད་འཆད་པ་ལ་སྒྲོ་འདོགས་གཅོད་པ་དང་། སེམས་འཛིན་གཉིས་ཀ་བྱུང་ཞིང་། དངོས་བསྟན་འདི་ལ་སྒྲོ་འདོགས་གཅོད་པའི་རྩ་བ་བྱས། བཅད་དོན་ཉམས་ལེན་ལ་གོ་བདེ་སྡོམས་ཚིག་ཏུ་བྱེད་ན། སྔོན་འགྲོ་དངོས་གཞི་རྗེས་གསུམ་དང་པོ་ལ། །ཐུན་མོང་ཐུན་མོང་མིན་པའི་ཐུན་མོང་བར། །དལ་འབྱོར་རྙེད་དཀའ་མ་རྟག་ལས་འབྲས་དང་། །འཁོར་བའི་ཉེས་དམིགས་ཐུན་མོང་མ་ཡིན་པར། །སྐྱབས་སེམས་རྡོར་སེམས་བླ་མའི་རྣལ་འབྱོར་ཁྲིད། །དངོས་གཞིར་བསྐྱེད་རྫོགས་གཉིས་ཀྱི་བསྐྱེད་པའི་སྐབས། །བྱ་བ་བྱེད་ཅན་གཉིས་ལས་ཕྱི་མའི་གྲངས། །ང་རྒྱལ་རྣམ་པ་གཉིས་ཀྱི་རྣམ་པ་ལ། །(༣བ)


GLG010_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དང་བྱེ་བྲག་ལུས་དཀྱིལ་སེམས་འཛིན་པ། །རྫོགས་པའི་རིམ་པར་གཞི་ལམ་འབྲས་བུ་གསུམ། །གཉིས་པ་མཆོག་ཉིད་དངོས་དང་བརྒྱུད་ནས་སྟོན། །ཕྱི་མར་ཆགས་ཅན་ཆགས་བྲལ་རྣམ་པ་གཉིས། །ཆགས་བྲལ་རླུང་སེམས་དབུ་མར་བསྡུ་བསྒོམ་ཟུང་། །བསྒོམ་པར་བདེ་བ་དང་ནི་སྟོང་པ་བསྒྲུབ། །གསུམ་པ་འབྲས་བུ་ཡན་ལག་བདུན་ལྡན་ཐོབ། །བསམ་མི་ཁྱབ་བྱ་མཇུག་སྡུད་ཚར་ཆོས་སྟོན། །ཞེས་གོ་བདེ་བར་བརྗོད་ནས་མཐུན་མོང་བའི་སྔོན་འགྲོ་གསུང་ངག་དང་བློ་སྦྱོང་སོགས་ཞུ་མྱོང་ན་བཏང་སྙོམས་སུ་བཞག །དམིགས་རྐང་དང་པོ་རྣལ་འབྱོར་བཅུ་གཅིག་གི་ཉལ་བ། ལྡང་བ། བདུད་རྩི་མྱང་བ་གསུམ་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ནས་བཅད་ངོར་ཉམས་སུ་ལེན་པའི་སྔོན་འགྲོའི་ས་བཅད་བཞི་པོ་བླངས་ཏེ་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་དམིགས་པ་གཏོང་། ཉལ་ལྡང་བདུད་རྩི་གསུམ་གྱི་དམིགས་པ་འང་དེ་གའི་དུས་སུ་ཉམས་སུ་ལེན་དགོས་པས་ཉན་ཆོས་ཅན་གྱིས་མི་ཆོག་ཅིང་དེས་མཚོན་རྣམ་བཤད་ཀྱི་གོ་དོན་སོ་སོའི་དམིགས་པ་གང་བྱུང་གི་ཚེ་ཉམས་སུ་ལེན་དགོས། ནུབ་གཉིས་པར་ཚད་མེད་པའི་རྣལ་འབྱོར་གྱི་སྐྱབས་འགྲོ་ལ་སྒྲོ་འདོགས་བཅད་ནས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་སེམས་འཛིན་གཏོང་། ཁྲིད་མ་གྲོལ་བར་ཐུན་བཞི་ངེས་པར་དགོས་ཤིང་དམིགས་རྐང་སྔོན་མ་ཚོ་མ་ཆག་པའི་སྟེང་གསར་བ་ལ་ནན་ཏན་གྱིས་སྒོམ། །ནུབ་གསུམ་པར་བླ་མའི་རྣལ་འབྱོར་ལ་སྒྲོ་འདོགས་བཅད་ནས་མཎྜལ་གྱི་ཁྲིད་དུ་གྲགས་པ་གཉིས་བྲལ་འཆད་དུས་ཀྱི་ཞལ་ཤེས་དང་པོ་དང་གཉིས་པའི་སེམས་འཛིན་གཏོང་། བླ་མའི་རྣལ་འབྱོར་ཐུན་མོང་དེ་ཐོབ་ཉིན་ཐུན་གཅིག་ཙམ་ལས་སྟར་ཆགས་སུ་བསྒོམ་མི་དགོས། །ནུབ་བཞི་པར་མཐར་ཐུག་གི་སྦྱང་གཞི་ངོས་བཟུང་སྟེ་གནས་གསུམ་གྱི་མཁའ་འགྲོ་མ་དབང་དུ་འདུས་པར་བརྟེན་ལྷན་སྐྱེས་ཀྱི་རྣལ་འབྱོར་མས་བྱིནགྱིས་བརླབས་པས་རྟོགས་པ་ནང་ནས་འཆར་ཚུལ་ལ་སྒྲོ་འདོགས་(༤ན)


GLG010_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་ནས་བཅད་དོན་མངོན་རྟོགས་རྒྱུན་འཁྱེར་ཚིག་ཟིན་ལྟར་བཤར་ནས་བཟླས་པ་དམ་བཅའི་གྲངས་དང་མཐུན་པ་ཆག་མེད་དགོས་ཚུལ་ཡིད་བཟླས་ཞར་བྱུང་རྫོགས་རིམ་རྣམས་ཀྱི་ངོ་གྲངས་ཙམ་བྱས་ནས་ང་རྒྱལ་གྱི་སེམས་འཛིན་གཏོང་། འདི་ནས་བཟུང་ཐུན་མཐར་བསམ་མི་ཁྱབ་ཐུན་མོང་བའི་མཇུག་སྡུད་རེའང་མཛད། །ནུབ་ལྔ་པར་སྐྱེ་ཤི་བར་དོ་གསུམ་སྦྱོང་བ་དང་བདག་གི་གཞི་སྦྱང་བར་སྒྲོ་འདོགས་བཅད་ནས་རྣམ་པ་སྤྱིའི་སེམས་འཛིན་གཏོང་། །ནུབ་དྲུག་པར་གཞི་བསྒྱུར་བའི་ཁ་ཊྭཱཾ་གའི་མཚོན་དོན་ཡན་ལ་སྒྲོ་འདོགས་བཅད་ནས་སྤྱན་དབུས་མའི་སེམས་འཛིན་གཏོང་། །ནུབ་བདུན་པར་དབུ་སྐྲ་ནས་དགའ་བ་བཅུ་དྲུག་རྒྱས་ཚུལ་ཡན་ལ་སྒྲོ་འདོགས་བཅད་པའི་སྤྱན་གཡས་གཡོན་ནས་ཞལ་གྱི་བར་གྱི་སེམས་འཛིན་གཏོང་། །ནུབ་བརྒྱད་པར་རིགས་བདག་དང་རྡོ་རྗེ་རྣལ་འབྱོར་མར་སངས་རྒྱས་ཐམས་ཅད་འདུས་ཚུལ་ལ་སྒྲོ་འདོགས་བཅད་པའི་མགུལ་པ་ནས་ནུ་འབུར་བར་གྱི་སེམས་འཛིན་གཏོང་། །ནུབ་དགུ་པར་འགྲོ་བ་དག་པ་དང་དཔའ་བོ་དཔའ་མོས་བྱིན་གྱིས་བརླབས་པར་སྒྲོ་འདོགས་བཅད་ནས་ཕྱག་གཉིས་ཀྱི་སེམས་འཛིན་གཏོང་། །ནུབ་བཅུ་པར་ཕོ་ཉ་གསུམ་བསྲེ་དང་གོ་ཆ་བཅིང་པ་གཉིས་ལ་སྒྲོ་འདོགས་བཅད་པའི་རྐེད་པ་ནས་ཞབས་ཀྱི་བར་གྱི་སེམས་འཛིན་གཏོང་། །ཕོ་ཉ་གསུམ་བསྲེ་འདི་ལ་ཚོགས་བཤད་པ་རྣམས་ལ་མ་གྲགས་པའི་ལུས་དཀྱིལ་གྱི་མན་ངག་ཡོད་པ་སློབ་མ་གཅིག་གམ་སྣོད་དང་ལྡན་ངེས་གསུམ་ལས་མི་མང་བར་གསེར་གྱི་མཎྜལ་དང་བཅས་སྟེར་བ་ལས་ཁྲོམ་ཚོགས་སུ་མི་མཛད་པས་དུས་དེར་མང་མ་གྲོལ་ནས་གནང་ངམ་སླར་ཁྲིད་རྫོགས་པའི་རྗེས་ལ་བཏང་ཀྱང་ཆོག །ནུབ་བཅུ་གཅིག་པར་ངག་བཟླས་དང་ཡིད་བཟླས་གཉིས་ལ་སྒྲོ་འདོགས་བཅད་པའི་ཐོད་སྐམ་ནས་(༤བ)


GLG010_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

མགུལ་རྒྱན་གྱི་བར་གྱི་སེམས་འཛིན་གཏོང་། །ནུབ་བཅུ་གཉིས་པར་ཞར་བྱུང་རྫོགས་རིམ་དང་པོར་སྒྲོ་འདོགས་བཅད་པའི་དཔུང་རྒྱན་ནས་ཡེ་ཤེས་ཀྱི་མེ་དཔུང་གི་བར་གྱི་སེམས་འཛིན་གཏོང་། །ནུབ་བཅུ་གསུམ་པར་ཞར་བྱུང་རྫོགས་རིམ་གཉིས་པར་སྒྲོ་འདོགས་བཅད་པའི་ལུས་དཀྱིལ་གྱི་གཙོ་མོའི་སྤྱན་དབུས་མའི་སེམས་འཛིན་གཏོང་། ཞར་བྱུང་འདི་གཉིས་ལ་ཚིག་མང་བ་མེད་ཀྱང་དེ་ནུབ་ནས་བཟུང་ཡིད་བཟླས་ཀྱི་མཇུག་ཏུ་དམིགས་པ་ནན་ཏན་བསྒོམ་དགོས་པས་རྣམ་བཤད་ཀྱང་ཚར་གསུམ་ཙམ་མཛད། །ནུབ་བཅུ་བཞི་པར་སྤྱོད་ལམ་གྱི་རྣལ་འབྱོར་ལ་སྒྲོ་འདོགས་བཅད་ནས་སྤྱན་གཉིས་ནས་ཞལ་གྱི་བར་གྱི་སེམས་འཛིན་གཏོང་། །ནུབ་བཅོ་ལྔ་པར་ཁ་ཟས་ནས་སྦྱིན་སྲེག་གི་བར་ལ་སྒྲོ་འདོགས་བཅད་པའི་མགུལ་ནས་ཞབས་ཀྱི་བར་གྱི་སེམས་འཛིན་གཏོང་། །ནུབ་བཅུ་དྲུག་པར་ཚེས་བཅུ་དང་གཏོར་མར་སྒྲོ་འདོགས་བཅད་ནས་རྒྱན་ཆ་ལུགས་ཀྱི་སེམས་འཛིན་གཏོང་། །ནུབ་བཅུ་བདུན་པར་གང་ཟག་དབང་པོ་རབ་ཀྱི་གྲོལ་ཚུལ་ལ་སྒྲོ་འདོགས་བཅད་ནས་འཁོར་གྱི་ལྷ་སོ་དྲུག་གི་སྤྱན་དབུས་མའི་སེམས་འཛིན་གཏོང་། །ནུབ་བཅོ་བརྒྱད་པར་གང་ཟག་དབང་པོ་འབྲིང་སིནྡྷུ་རའི་སྒྲུབ་པར་སྒྲོ་འདོགས་བཅད་ནས་སྤྱན་གཉིས་ནས་ཞབས་ཀྱི་བར་གྱི་སེམས་འཛིན་གཏོང་། །ནུབ་བཅུ་དགུ་པར་གང་ཟག་དབང་པོ་ཐ་མ་འཆི་ཁར་རྣལ་འབྱོར་མས་རྗེས་སུ་འཛིན་པ་དང་མྱུར་བ་འཕོ་བའི་ཕན་ཡོན་འཆི་ལྟས་བཟློག་ཐབས་སོགས་ལ་སྒྲོ་འདོགས་བཅད་ནས་རྒྱན་གྱི་སེམས་འཛིན་གཏོང་། །འཕོ་བ་ཡོད་ཚུལ་ཙམ་གསུངས་པ་ལས་དམིགས་པ་མང་པོ་ལ་མི་འཛད་དོན་གཉེར་ཅན་རེ་གཉིས་ལ་སྐབས་འདིར་མི་སྟོན་པར་རྫོགས་རིམ་གྱི་འཇའ་ལུས་བསྒྲུབ་པའི་མཇུག་ཏུ་གནང་ཞིང་(༥ན)


GLG010_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་དུས་གཅིག་ལ་ཡབ་ཡུམ་གང་རུང་གི་འཕོ་དམིགས་གཅིག་ཕབ་ནས་ཅིག་ཤོས་སླར་མཛད། འདིར་ཁྲིད་བསྒོམ་མཁན་གཅིག་གམ་མང་མཐའང་གསུམ་ཙམ་གྱི་དབང་དུ་བྱས་ནས་ལུས་དཀྱིལ་གྱི་སེམས་འཛིན་བཀོད་པ་ཡིན་གྱི། ཁྲིད་བསྒོམ་མཁན་མང་པོ་ཡོད་ན་ལུས་དཀྱིལ་ཁྲོམ་ཆོས་སུ་མི་གཏོང་བའི་སྟབས་སེམས་འཛིན་བདུན་པོའི་ཚབ་ལ་དངོས་གཞིའི་སེམས་འཛིན་རྣམས་ཕྲལ་ནས་ཞིབ་ཏུ་གཏོང་ངམ་ཡང་སེམས་འཛིན་བདུན་དུ་བཅད་ནས་ཉི་མ་གཉིས་ལ་ཐུན་གཅིག་པོ་དེ་ག་བལྡབས་པའི་གཏོང་ལུགས་སྐབས་ཐོབ་སྦྱར། འདི་མི་གསུམ་ཚུན་ལ་ཞག་ཉེར་ལྔ་དང་དེ་ལས་མང་བར་ཞག་ཉེར་གསུམ་ཙམ་ལ་གྲུབ་པའི་འབྲིང་པོའི་དབང་དུ་བྱས་ཀྱི་སེམས་འཛིན་ལ་གནད་དུ་བསྣུན་པའི་ཟླ་ལྷག་ཙམ་བྱེད་ན་སྒྲོ་འདོགས་གཅོད་པའི་བཤད་པའང་ཅུང་ཟད་ཉུང་དུ་བཏང་ནས་གྲངས་མང་དུ་སྤེལ། བསྡུས་པ་ཞག་བཅུ་གསུམ་ཙམ་ལ་སྒྲུབ་པ་བྱེད་ན་སྒྲོ་འདོགས་གཅོད་པའང་དཀྱུས་རིང་དུ་བྱས་ནས་སེམས་འཛིན་དང་ལྷན་དུ་རྫོགས་པ་བྱེད། རྫོགས་རིམ་ལ་སྒྲོ་འདོགས་གཅོད་པ་དང་སེམས་འཛིན་ཞེས་ཉིས་སྦྲགས་སུ་གཏོང་རྒྱུ་མེད་པས་ཁྲིད་གཞུང་བཞིན། ནུབ་ཉི་ཤུ་པ་རླུང་སེམས་དབུ་མར་བསྡུ་བ། ནུབ་ཉེར་གཅིག་པ་རླུང་ལུས་ལ་གནས་པས་བདེ་བ་བསྒྲུབ་པ། །ནུབ་ཉེར་གཉིས་པ་རླུང་སེམས་ལ་ཞུགས་པས་འཇའ་ལུས་བསྒྲུབ་པ། ནུབ་ཉེར་གསུམ་པ་འཕོ་བ། ནུབ་ཉེར་བཞི་པ་ཞལ་ཤེས་གསུམ་པ་ཐུན་མོང་མ་ཡིན་པའི་བསམ་མི་ཁྱབ་གསེར་གྱི་མཎྜལ་དང་བཅས་ཆིག་བརྒྱུད་ལས་སྣོད་ལྡན་གཉིས་གསུམ་ལ་སྟོན་ཀྱང་རེ་རེ་ནས་སྟོན་པ་ལས་ལྷན་ཅིག་ཏུ་ཡེ་མི་གནང་། ནུབ་ཉེར་ལྔ་པ་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་སོགས་ལ་བརྟེན་ནས་འབྲས་བུ་གྲུབ་པ་དང་ཚར་ཆོས་རྒྱུན་གྱི་ཉམས་ལེན་(༥བ)


GLG010_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ལ་དྲིལ་ཚུལ་བསྟན་པ་ཡིན། ཆོས་ཉིད་དངོས་སུ་སྟོན་པ་རྗེ་བཙུན་ཡབ་དང་ཐུན་མོང་བའི་རྩ་དབུ་མའི་སྐབས་སུ་ཡོད་པ་ཡོངས་གྲགས་ཀྱི་ཁྲིད་འདི་ལ་པར་བཀབ་མི་མཛད་ཅིང་བརྒྱུད་འདེབས་སུ། ལྟེ་བའི་པདྨོར་རླུང་ལྔའི་ཏི་ལ་ཀ་ཞེས་སོགས་ཀྱི་དགོངས་དོན་གྱི་ཉམས་ཁྲིད་ཀྱང་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་དང་ཀུན་མཁྱེན་མཁྱེན་བརྩེའི་ཡི་གེ་ལ་བལྟོས་དགོས་པས་ས་སྐྱ་ཚང་ཀྱི་རྣ་བར་མ་གྲགས་པ་ཡིན། ཆགས་ཅན་ཕོ་ཉའི་ལམ་ནི་དིང་སང་དངོས་སུ་མི་མཛད་ཀྱང་། འབྲས་བུ་ཐོབ་པའི་སྐབས་ལས་རྒྱལ་བལྟོས་དགོས་ཚུལ་ཟུར་ཙམ་བསྟན་ནོ། །དབང་པོ་རབ་འབྲིང་ལུས་འདིས་མཁའ་སྤྱོད་བགྲོད། །ཐ་མ་བར་དོར་དཔའ་བོ་མཁའ་འགྲོས་བསུ། །ཆེས་མྱུར་འདའ་ཁའི་ལམ་གྱིས་སྐད་ཅིག་འཕོ། །ཡང་ཐ་སྐྱེ་བ་བརྒྱུད་ནས་དངོས་གྲུབ་འཐོབ། །ཨ་ཧོ་མ་དང་མཁའ་འགྲོའི་ཞལ་གྱི་རླངས། །མངར་པོ་འཐུལ་འདི་ནཱ་རོ་ཏ་པ་ནས། །སྙན་བརྒྱུད་ཚད་མ་བཞི་ལྡན་འཛིན་ནུས་པའི། །མཁས་དང་གྲུབ་པར་བརྒྱུད་ཀྱི་གཞན་དུ་མིན། །འདི་དོན་ཉམས་སུ་བླངས་ན་གནས་སྐབས་དང་། །མཐར་ཐུག་དོན་ཆེན་འགྲུབ་པར་ངེས་རྙེད་ཀྱང་། །གལ་ཆུང་ཆོས་སུ་བྱེད་པ་བདག་འདྲ་ལ། །སྒྱེད་བུ་གསེར་དུ་སོང་བའི་དབུལ་པོ་བཞིན། །ཚེ་འདི་བདེ་སྡུག་རེ་དོགས་རྨི་ལམ་ཙམ། །འཁོར་བའི་ངང་ཚུལ་བསམས་ན་སྙིང་རླུང་ལྡང་། །དེ་བས་ཆོས་བརྒྱད་ཟིང་ལོང་རྒྱབ་བསྐྱུར་ནས། །གཏན་འདུན་སྒྲུབ་པའི་རུས་པ་སྙིང་ལ་བཅུག །མཚན་ཉིད་ཀུན་ལྡན་རྡོ་རྗེའི་སློབ་དཔོན་བསྟེན། །དབང་ཁྲིད་ཟབ་མོའི་གནད་ལ་སྒྲོ་འདོགས་བཅད། །ཆག་མེད་བསྐྱེད་རྫོགས་ཟུང་འཇུག་རྣལ་འབྱོར་གྱིས། །རྙེད་དཀའི་དལ་འབྱོར་སྟོང་པར་མ་(༦ན)


GLG010_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་ཙམ། །རང་གི་དྲན་པ་གསོ་དང་སྐལ་མཉམ་འགར། །ཕན་འདོད་ལྷག་པའི་བསམ་པས་ཉེར་དྲངས་ནས། །བཀོད་པའི་དགེ་འདིས་གསང་ཆེན་སློབ་བཤད་ཀྱི། །བསྟན་པ་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །རྗེབཙུན་ནཱ་རོ་མཁའ་སྤྱོད་ཀྱི་རྣལ་འབྱོར་བཅུ་གཅིག་གི་ཉམས་ལེན་ལ་སྒྲོ་འདོགས་གཅོད་པ་དང་སེམས་འཛིན་ཟུང་འབྲེལ་དུ་གཏོང་ཚུལ་མཐོང་གྲོལ་ལྡེ་མིག་ཅེས་པ་འདི་ཡང་རང་ཉིད་ཀྱི་བརྗེད་བྱང་དུ་འབྲི་འདུན་ཡོད་པའི་སྟེང་རིགས་ཀུན་བདག་པོ་མཁན་ཆེན་ཞ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བསྟན་རྒྱུན་ལ་ཕན་པ་འདུག་ཚུལ་གྱི་ལེགས་སོ་གནང་བར་བརྟེན། ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པའི་དཔལ་ལྡན་བླ་མ་རྣམ་གསུམ་གྱི་བཀའ་དྲིན་ལ་བརྟེན་ནས་ཆོས་ཚུལ་འདི་ལ་བློ་མིག་ཡངས་པའི་སློབ་བཤད་པ་ཟ་ཧོར་གྱི་བནྡེས་ལྕགས་ཕག་ཧོར་ཟླ་གཉིས་པའི་ཡར་ཚེས་བཅོ་ལྔའི་ཉིན་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་ངག་དབང་ནམ་མཁའ། ཁྱབ་བདག་བཀའ་འགྱུར་བ། ཞ་ལུ་པ། སརྦ་མངྒ་ལཾ། །


previousནཱ་རོ་མཁའ་སྤྱོད་ཀྱི་རྣལ་འབྱོར་བཅུ་གཅིག་གི་ལག་ལེན་ལ་སྒྲོ་འདོགས་གཅོད་པ་དང་སེམས་འཛིན་བཟུང་འབྲེལ་དུ་གཏོང་ཚུལ་མཐོང་གྲོལ་ལྡེ་མིགnext