Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
ལམ་ཟབ་ནང་མའི་བླ་མའི་རྣལ་འབྱོར་མཐོ་རིས་དབང་གི་ཆུ་བོ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལམ་ཟབ་ནང་མའི་བླ་མའི་རྣལ་འབྱོར་མཐོ་རིས་དབང་གི་ཆུ་བོ།next

ལམ་ཟབ་ནང་མའི་བླ་མའི་རྣལ་འབྱོར་མཐོ་རིས་དབང་གི་ཆུ་བོ།


GLG010_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཟབ་ནང་མའི་བླ་མའི་རྣལ་འབྱོར་མཐོ་རིས་དབང་གི་ཆུ་བོ་ཞེས་བྱ་བ་བཞུགས་སོ།།


GLG010_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་མཁའ་འགྲོའི་ཞལ་གྱི་ཚ་དྲོད་རླངས། །དཔལ་ལྡན་ཆོས་སྐྱོང་གདམས་པ་ཉིང་ཁུའི་བཅུད། །ས་སྐྱའི་བླ་ཆེན་ཐུགས་ཀྱི་བུམ་བཟང་དུ། །ལེགས་འཁྱིལ་ལམ་ཟབ་ནང་མའི་རྒྱུན་ཁྱེར་སྤེལ། །དེའང་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པར་ལྕགས་རི་མི་འདའ་བའི་གསེར་ཆོས་བཞི་དང་བཅུ་གསུམ་སོགས་མང་དུ་བཞུགས་པའི་གསེར་ཆོས་བཞིའི་ནང་ཚན་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ལུས་དཀྱིལ་དང་འབྲེལ་བ་ཉམས་སུ་བསྟར་བར། བདེ་བའི་སྟན་ལ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་ཚིག་དམིགས་པ་བསྟུན་ནས། འདི་ག་སྒེར་དུ་ཉམས་སུ་ལེན་ན་སྐྱབས་འགྲོ་དམིགས་པ་དང་བཅས་པ་ལམ་དུས་དང་འདྲ་ཞིང་། སློབ་བཤད་པ་རྣམས་ཀྱི་ཕྱག་བཞེས་སུ་ལམ་དུས་དང་སྦྲེལ་ནས་མཛད་པས་རྡོར་སེམས་སོང་མཚམས་འདི་གའི་སྒོས་ཀྱི་སེམས་བསྐྱེད་ནས་འགོ་བརྩམས་པ་ཡིན། བདག་གིས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་གོ་འཕང་འཐོབ་པར་བྱ། དེའི་ཕྱིར་དུ་ལམ་ཟབ་ནང་མའི་བླ་མའི་རྣལ་འབྱོར་བསྒོམ་པའི་རིམ་པ་ལ་འཇུག་པར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། རང་སྐད་ཅིག་གིས་(༢ན)


GLG010_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་རྡོ་རྗེར་གསལ་བའི་ཐུགས་ཀ་ནས་འོད་འཕྲོས་པས་དཔལ་ཧེ་གདན་གསུམ་ཚང་བ་རུ་ཀ་དང་བླ་རྩ་བརྒྱུད་ཀྱི་བླ་མ་ཀུན་འདུས་མ་ཐ་མི་དད་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མཿཤྲཱི་ཧེ་རུ་ཀེ་བྷྱཿས་ཕྱག་བྱ། ཕྱི་མཆོད་ནི། འཇིག་རྟེན་གྱི་ཁམས་ན་མཆོད་རྫས་སུ་འོས་པ་ཡོད་དོ་ཅོག་ཕུང་པོར་སྤུངས་ཤིང་འཁོར་བར་སྐྱེ་བའི་གཞི་རྒྱུ་ཉོན་མོངས་དུག་གསུམ་ཡིན་པས་གཏི་མུག་སྐྱེ་བའི་ཡུལ་བཏང་སྙོམས་པའི་འགྲོ་བ་ཐམས་ཅད་ཡོད་པར་མོས། འཇིག་རྟེན་གྱི་ཁམས་ན་ལྷ་དང་མི་ལ་སོགས་པ་བདག་པོས་ཡོངས་སུ་བཟུང་བ་དང་མ་བཟུང་བའི་མཆོད་པའི་ཡོ་བྱད་ཅི་མཆིས་པ་དང་བར་མའི་སེམས་ཅན་ཐམས་ཅད་རྩ་བའི་བླ་མ་བརྒྱུད་པ་དང་བཅས་པ་རྣམས་ལ་འབུལ་ལོ་བདག་གཏི་མུག་དང་བྲལ་བར་བྱིན་གྱིས་བརླབ་ཏུ་གསོལ། ལན་གསུམ་བརྗོད། སྔོན་ལས་འཕྲལ་རྐྱེན་དབང་གིས་དངོས་དང་བརྒྱུད་པའི་སྒོ་ནས་གནོད་པ་བྱས་པ་ལ་བརྟེན་ཞེ་སྡང་སྐྱེ་བའི་ཡུལ་ཐམས་ཅད་བསམ། བདག་ལ་སྡང་བར་བྱེད་པའི་དགྲ་བགེགས་གདོན་ཐམས་ཅད་རྩ་བའི་བླ་མ་བརྒྱུད་པ་དང་བཅས་པ་རྣམས་ལ་འབུལ་ལ། །བདག་ཞེ་སྡང་དང་བྲལ་བར་བྱིན་གྱིས་བརླབ་ཏུ་གསོལ་ལན་གསུམ། (༢བ)


GLG010_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་དངོས་བརྒྱུད་དུ་མའི་སྒོ་ནས་ཕན་བཏགས་པ་དང་ལས་ཀྱི་དབང་གིས་ཡིད་དུ་འོང་བ་འདོད་ཆགས་སྐྱེ་བའི་ཡུལ་གྱི་སེམས་ཅན་ཐམས་ཅད་བསམ། ལྷ་དང་གཉེན་གྲོགས་འཁོར་འབངས་ཐམས་ཅད་རྩ་བའི་བླ་མ་བརྒྱུད་པ་དང་བཅས་པ་རྣམས་ལ་འབུལ་ལོ། །བདག་འདོད་ཆགས་དང་བྲལ་བར་བྱིན་གྱིས་བརླབ་ཏུ་གསོལ། ལན་གསུམ་བརྗོད། བདག་གི་སྔར་རང་དང་རྒྱུད་ཐ་དད་པའི་གང་ཟག་གི་དངོས་པོ་རྣམས་ཕུལ་ཟིན་ཀྱང་རང་ཉིད་དབང་བའི་བདོག་པ་མཆོད་རྫས་སུ་འོས་པ་མཐའ་དག་སེར་སྣ་མེད་པར་མདུན་དུ་སྤུངས་པར་བསམ། ལོངས་སྤྱོད་ཀྱི་དངོས་པོ་ཐམས་ཅད་རྩ་བའི་བླ་མ་བརྒྱུད་པ་དང་བཅས་པ་རྣམས་ལ་འབུལ་ལོ། །བདག་སེར་སྣ་དང་བྲལ་བར་བྱིན་གྱིས་བརླབ་ཏུ་གསོལ་གསུམ། ནང་གི་འཁོར་བའི་རྩ་བ་མ་རིག་པའི་དབང་གིས་བདག་ཏུ་འཛིན་པས་མཆོད་པ་ནི། མདུན་དུ་བློས་འཁྱུད་ཚང་པ་སྐད་ཅིག་གིས་གྲུབ་བར་མོས་ཐོད་པའི་སྒྱེད་བུ་གསུམ་གྱི་སྟེང་དུ་ལག་པ་གཡས་པའི་རལ་ཡེ་ཤེས་ཀྱི་རལ་གྲི་རྣོ་ངར་ཅན་ལམ་གྱི་བྱུང་བར་མོས་གྲིས་རང་གི་ཐོད་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བ་པ་བཅད་སྨིན་མཚམས་ཀྱི་ཐད་དུ་རེག་ཙམ་མོ། །དེ་སྒྱེད་བུའི་སྟེང་དུ་དཔྲལ་བ་རང་ལ་བསྟན་ནས་བཀལ་བའི་ནང་དུ་རལ་གྲིས་རྐང་མགོ་རྐང་ངར་བརླའི་བར་རིམ་པ་བཞིན་དུ་བཅད་དེ་བསྐྱུར་བ་ལག་པ་ལའང་འགྲེ་གཡས་གཡོན་ལག་པ་གཡོན་པ། མགོ་བོའི་ལྷག་མ་རོ་སྨད་རོ་སོ་སོར་ནང་ཆ་དང་བཅས་པ་སྟོད་སོགས་ལུས་ཀྱི་ཆ་ཤས་རྣམས་བཅད་ནས་དུམ་བུར་བཏང་ནས་ལིང་ལིང་བསྒྱུར་བར་མོས་བསྐྱུར་བའི་སྟེང་དུ་ལག་པ་གཡས་རལ་གྲི་དང་བཅས་པའང་འཕངས། རང་རླུང་སེམས་ཙམ་ལས་གྲུབ་པའི་ཀྱེ་རྡོར་ཞལ་བརྒྱད་ཕྱག་བཅུ་དྲུག་ཞབས་དང་གདན་སོགས་མངོན་རྟོགས་ཇི་ལྟ་བ་ཡུམ་བཅས་སུ་གྱུར་པར་བསམ། ཕྱག་རྒྱ་དང་བཅས་(༣ན)


GLG010_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ རྒྱས་པར་སྤྲོ་ན་ནང་མཆོད་ལྟར་བྱིན་གྱིས་བརླབས། ལན་གསུམ་གྱིས་བྱིན་གྱིས་བརླབ། གདན་སྙིང་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རིན་པོ་ཆེའི་རྒྱན་ཅན་ཞིག་གིས་ཐོད་པའི་ནང་གི་རྫས་བདུད་རྩི་ཁ་དོག་དཀར་ལ་དམར་བའི་མདངས་ཆགས་པ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་ཀ་པཱ་ལ་ཞིག་གིས་བཅུས་ནས་ཕུལ་བས་ཐུགས་རྒྱུད་བདེ་བས་ཚིམ་བདག་ལ་བདེ་ཆེན་ཡེ་ཤེས་ལྷན་སྐྱེས་ཡེ་ཤེས་སྩལ་བར་བསམ་མཆོད་ལྷ་རྣམས་སྙིང་གར་བསྡུ་ཞིང་ཐོད་པ་གདན་བཅས་འཇའ་ལྟར་ཡལ་བར་བསྒོམ། གསུམ་ཚང་བའི་བདག་ཉིད་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། གསང་བའི་མཆོད་པ་ནི། རང་གི་སྙིང་ག་ནས་རིག་མ་པདྨ་ཅན་དང་དུང་ཅན་མ་སོགས་མཚན་ལྡན་གྱི་རིག་མ་སྙན་པའི་གླུ་ལེན་ཅིང་བདེ་བའི་གར་བྱེད་པ་དུ་མ་གཅིག་ལ་གཅིག་ཐིམ་པ་མཐར་རྡོ་རྗེ་བདག་མེད་མ་ལ་བསྟིམ་ཡིད་དུ་འོང་བ་ཞིག་སྤྲས་ཏེ་ཡུམ་ལ་ཐིམ་པས་ཧེ་རུ་ཀ་ཡབ་ཡུམ་སྙོམ་འཇུག་གི་བདེ་བས་མཉེས་ཤིང་ཚིམ་པར་བསམ། དེ་ཁོ་ན་ཉིད་ཀྱི་མཆོདཔ་ནི། མཆོད་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་སེམས་ཀྱང་སྐྱེ་འགག་གནས་གསུམ་དང་བྲལ་བ་གསལ་སྟོང་ཟུང་འཇུག་སྤྲོས་བྲལ་དུ་ཐག་གཅད་ཡུལ་མཆོད་མཁན་མཆོད་ཚུལ་ཐམས་ཅད་གང་དུའང་མ་གྲུབ་པ་འཛིན་མེད་དུ་བསམ། དཀར་མོ་རི་དྭགས་སོགས་ཀྱིས་མཆོད། ཁྱོད་ནི་རྣལ་འབྱོར་མ་ཚོགས་སོགས་ཀྱིས་སླར་ཡང་སྙིང་ག་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་ཆོ་ག་དང་བསྟུན་ནས་མཆོད་ཅིང་བསྟོད་ནས་མཆོད་ལྷ་རྣམས་སྙིང་གར་བསྡུ་བསྟོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་བླ་མ་གཞིར་གནས་རྟེན་དཀྱིལ་འཁོར་བཞི་ལ་དབང་བཞི་བསྐུར་ནས་འབྲས་བུ་སྐུ་བཞིའི་རྟེན་འབྲེལ་ཕྱིན་ཅི་མ་ལོག་པར་བསྒྲིགས་ནས་བདག་རྒྱུད་ལ་ཡོན་ཏན་སྐྱེད་པར་མཛད་པ་ཡིན་སྙམ་པའི་བཅོས་མིན་གྱི་མོས་གུས་དྲག་པོ་བྱེད་དང་དཔལ་ཧེ་རུ་ཀ་དབྱེར་མ་མཆིས་པ་ལ་གསོལ་བ་འདེབས་སོ། །བདག་རྒྱུད་བྱིན་གྱིས་རླབས་ཏུ་གསོལ། །(༣བ)


GLG010_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ལན་ཉེར་གཅིག་བདུན་གསུམ་སོགས་སྐབས་སྦྱར་གྱིས་གསོལ་བ་དྲག་ཏུ་བཏབ་པས་བླ་མ་ཧེ་རུ་ཀ་དེ་ཉིད་འོད་དུ་ཞུ། རང་གི་སྨིན་མཚམས་ནས་ཐིམ་པའི་རྐྱེན་གྱིས་སྐད་ཅིག་གིས་རང་གི་ལུས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྱུར་པ་ནི་སྤྱི་བོར་སྣ་ཚོགས་རྡོ་རྗེ་ཞེས་པ་ནས་བཟུང་སྟེ་སྙིང་པོ་ཡེ་ཤེས་རླུང་ངོ་བོ་ཉིད་ཀྱི་སྐུ་ཞེས་པའི་བར་སེམས་པ་ཆེན་པོས་མཛད་པའི་ལམ་དུས་ཀྱི་ལུས་དཀྱིལ་སོར་བཞག་ལ། དེ་ནས་ཏེ་ལུས་རང་བཞིན་དུ་གྲུབ་པའི་དཀྱིལ་འཁོར་དུ་གྱུར་ཅེས་པ་བཏགས་ནས་བརྗོད་ཅིང་བསྒོམ། དེ་ལྟར་བྱ་རང་ལུས་དཔལ་ཀྱེ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ནང་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དང་བཅས་པ་མངོན་སུམ་ལྟ་བུར་གསལ་བའི་སྤྱི་བོར་རྩ་བའི་བླ་མ་རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ། དེ་ནས་རིམ་པ་བཞིན་དུ་འཇམ་གོན་ངག་དབང་བསོད་ནམས་དབང་ཕྱུག ཁྲི་ཆེན་ངག་དབང་ཀུན་དགའ་བསོད་ནམས། པཎ་ཆེན་ངག་དབང་ཆོས་གྲགས། ཀུན་མཁྱེན་ཀླུ་སྒྲུབ་རྒྱ་མཚོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། རྗེ་བཙུན་ཀུན་སྤངས་ཆེན་པོ། བདག་ཆེན་རྡོ་རྗེ་འཆང་། མུས་ཆེན་འཁོར་ལོ་སྡོམ་པ། ཁྱབ་བདག་ཀུན་དགའ་བཟང་པོ། གྲུབ་ཆེན་བུདྡྷ་ཤྲཱི། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན། རྒྱལ་བ་བྲག་ཕུག་པ། ཉན་ཆེན་བསོད་ནམས་བརྟན་པ། ཚོགས་སྒོམ་ཀུན་དགའ་དཔལ། འཇམ་དབྱངས་ས་སྐྱ་པཎ་ཆེན། རྗེ་བཙུན་རིན་པོ་ཆེ། སློབ་དཔོན་རིན་པོ་ཆེ། དཔལ་བརྩེ་བ་རིན་པོ་ཆེ། རྣལ་འབྱོར་(༤ན)


GLG010_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་བིཪྺ་པ། དེའི་དབུ་གཙུག་ཏུ་སངས་རྒྱས་རྡོ་རྗེ་འཆང་སྟེ་བརྒྱུད་པའི་བླ་མ་ཐམས་ཅད་ཀྱེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་སོ་སོའི་སྐུ་ལ་ལུས་དཀྱིལ་གྱི་རྟེན་བརྟེན་པ་ཐམས་ཅད་གསལ་བ་མཐོ་བརྩེགས་ཀྱི་ཚུལ་དུ་རེག་པ་མ་འབྱར་བའི་ཚུལ་དུ་བཞུགས་པར་གསལ་འདེབས་རྡོ་རྗེ་ཡུམ་བཅས་ལུས་དཀྱིལ་དང་བཅས་པའི་རྣམ་པར་བསམ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་བདུན་ནམ་གསུམ་ལ་སོགས་པ་ཇི་ལྟར་རིགས་པས་གསོལ་བ་བཏབ་པས་བླ་མ་སོ་སོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པའི་བྱིན་རླབས་འོད་ཟེར་འཇའ་ཚོན་ལྟ་བུའི་རྣམ་པར་བཀུག་པ་བླ་མ་སོ་སོར་ཆ་ཚང་བ་རེ་ཐིམ་པར་མོས་སྐྱབས་ཡུལ་ཐམས་ཅད་ཀྱི་བྱིན་བརླབས་བསྡུས་རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་ཐིམ་པར་བསམ། དེ་ནས་རྡོ་རྗེ་འཆང་ཀྱེ་རྡོ་རྗེ་ཡུམ་བདག་མེད་མ་དང་བཅས་པ་འོད་དུ་ཞུ་ནས་བིཪྺ་པའི་དབུ་གཙུག་ཏུ་ཐིམ། དེ་བཞིན་དུ་རྩ་བའི་བླ་མའི་བར་གོང་མ་གོང་མ་འོག་མ་འོག་མ་ལ་ཐིམ་པར་བསམ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་དཔལ་ལྡན་བླ་མ་དམ་པས་བདག་ལ་དབང་དང་དངོས་གྲུབ་ཟབ་མོ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས་རྩ་བའི་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་རང་གི་སྤྱི་བོ་ནས་བབས་པ་བདེ་ཆེན་འཁོར་ལོའི་ལྷ་ཚོགས་རྣམས་ལ་བླ་མའི་སྐུའི་བྱིན་རླབས་རང་གི་ལུས་ལ་བཞུགས་ཐིམ་པས་གསལ་རྣམ་སྣང་དང་འདབ་མའི་ལྷ་མོ་སོ་གཉིས་ནན་ཏན་དུ་གསལ་འདེབས། དེས་མཚོན་རྩ་འཁོར་འོག་མའི་སྐབས་རྣམས་ཀྱང་རིགས་འགྲེ་བར་བྱས་པ་བུམ་དབང་། བུམ་དབང་གི་བུམ་དབང་(༥ན)


GLG010_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་རོ་དགུ་ཕྲུགས་སུ་ཕུད། བུམ་པ་ཅན་འཛིན་པས་བུམ་དབང་གི་གསང་དབང་གསང་དབང་སྨིན་མཚམས་ཡན་ཆད་འདིར་མ་ཟད་རྩ་འཁོར་འོག་མ་རྣམས་ཀྱི་སྐབས་སུའང་བྱང་སེམས་དཀར་ལ་དམར་བའི་མདངས་ཆགས་པ་བསྒོམ་བྱང་སེམས་ཀྱིས་གང་བུམ་དབང་གི་ཤེར་དབང་བཤེས་དབང་། སྤྱི་བོའི་གནས་སུ་བདེ་དྲོད་འབར་བས་ཡུལ་སྣང་སྟོང་གི་ཏིང་འཛིན་རྩལ། མོས་སྤྲུལ་སྐུ་གུས་སུ་ཤར་བ་དགའ་བའི་ཡེ་ཤེས་དབང་བཞི་པའི་བུམ་དབང་གི་ཚིག་དབང་ལམ་མངོན་དུ་བྱས་པས་ལུས་ཀྱི་སྒྲིབ་པ་དག་བུམ་དབང་ཐོབ་ལུས་རྩ་གནས་གྱུར་འབྲས་བུ་སྤྲུལ་སྐུ་ཐོབ་པར་བསམ་རླུང་མ་ཐུབ་ན་དལ་བུས་གཏོང་བ་འོག་ཚོར་ཡང་འདྲ། བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱུང་བའི་བྱང་སྤྱི་བོ་ནས་རིམ་བཞིན་རྒྱུད་པ་འོག་ཚོར་འདྲ་སེམས་ལོངས་སྤྱོད་འཁོར་ལོའི་ལྷ་ཚོགས་རྣམས་ལ་ཐིམ་པས་གསལ་བར་བྱས་པ་བུམ་དབང་གསང་དབང་གི་བུམ་དབང་། བུམ་པ་ཅན་འཛིན་པ་གསང་དབང་གསང་དབང་གི་གསང་དབང་། མགྲིན་པ་ཡན་ཆད་བྱང་སེམས་ཀྱིས་གང་བ་ཤེར་གསང་དབང་གི་ཤེར་དབང་དབང་། འཛིན་གདངས་འགག་མེད་དུ་ཤར་བ་མཆོག་དགའི་གསང་དབང་གི་ཚིག་དབང་ཡེ་ཤེས་དབང་བཞི་པའི་ལམ་མངོན་དུ་བྱས་པས་ངག་གི་སྒྲིབ་པ་དག གསང་བའི་དབང་ཐོབ། ངག་ཡི་གེ་གནས་གྱུར། འབྲས་བུ་ལོངས་སྐུ་ཐོབ་པར་བསམ། བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱུང་བའི་བྱང་སེམས་ཆོས་ཀྱི་འཁོར་ལོའི་ལྷ་ཚོགས་རྣམས་ལ་ཐིམ་པས་གསལ་བར་བྱས་པ་བུམ་དབང་ཤེར་དབང་གི་བུམ་དབང་བུམ་པ་ཅན་འཛིན་པ་གསང་ཤེར་དབང་གི་གསང་དབང་དབང་། (༥ན)


GLG010_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ག་ཡན་ཆད་བྱང་སེམས་ཀྱིས་གང་བ་ཤེར་དབང་། ཤེར་དབང་གི་ཤེར་དབང་། སྙིང་གར་བདེ་དྲོད་འབར་བས་ལུས་བདེ་སྟོང་གི་ཏིང་ངེ་འཛིན་གཤིས་ཅིར་ཡང་མ་གྲུབ་པ་དགའ་བྲལ་གྱི་དགའ་བའི་ཡེ་ཤེས་དབང་བཞི་པའི་ལམ་མངོན་དུ་བྱས་པས་ཡིད་ཀྱི་སྒྲིབ་པ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་བདུད་རྩི་གནས་འགྱུར། འབྲས་བུ་ཆོས་སྐུ་ཐོབ་པར་བསམ། བླ་མ་ཡབ་ཡུམ་བདེ་བ་ཆེན་པོའི་རང་བཞིན་བྱང་ཆུབ་ཀྱི་སེམས་སུ་ནུབ་སྤྲུལ་པའི་འཁོར་ལོ་དང་བདེ་སྐྱོང་གི་འཁོར་ལོ་མིག་ཏུ་གཏི་མུག་རྡོ་རྗེ་ལ་སོགས་དབང་པོ་དང་ཡན་ལག་གི་ལག་གཡས་པར་གཤིན་རྗེ་གཤེད་སོགས་ལྷ་རྣམས་ལ་ཐིམ་པས་གསལ་བར་བྱས་པ་བུམ་དབང་མིག་དབང་གི་བུམ་དབང་། བུམ་པ་ཅན་འཛིན་པ་གསང་རིག་དབང་གི་གསང་དབང་དབང་། ལྟེ་བ་ཡན་ཆད་བྱང་སེམས་ཀྱིས་གང་བ་ཤེར་ཚིག་དབང་གི་ཤེར་དབང་དབང་། ལྟེ་གསང་གཉིས་སུ་བདེ་དྲོད་འབར་བས་བདེ་སྟོང་མཆོག་བདེ་སྟོང་ཤིན་ཏུ་རྣམ་དག་ཀྱང་ཟེར་ཏིང་ངེ་འཛིན་བསྒོམ་བྱ། སྒོམ་བྱེད་དང་བྲལ་བས་ལྷན་སྐྱེས་ཀྱི་ཡེ་ཤེས་དབང་གཞི་པའི་ལམ་མངོན་དུ་བྱས་པ་ལ། སྒོ་གསུམ་གྱི་སྒྲིབ་པ་དག་དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་བྱ་བྱེད་དང་བཅས་པ་རླུང་གནས་གྱུར། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པར་བསམ། སྤྲོས་བྲལ་གྱི་ངང་དུ་ཅི་ནུས་སུ་མཉམ་པར་བཞག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། ཞེས་སོགས་སྨོན་ལམ་ཅི་རིགས་པའི་རྒྱས་གདབ་བོ། །གྲུབ་དབང་འཁོར་ལོས་སྒྱུར་བ་བི་རཱུ་པས། །རྡོར་འཛིན་བྱེ་བའི་གཙུག་རྒྱན་བརྩེ་བ་ཆེར། །ལེགས་གདམས་བླ་མེད་རྒྱུད་སྡེའི་སྙིང་པོའི་བཅུད། །(༥བ)


GLG010_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཟབ་ནང་མའི་ཉམས་ལེན་མཐར་ཐུག་འདི། །མཁྱེན་རྟོགས་མ་དྲོས་མཚོ་ཆེན་འཁྱིལ་བ་ལས། །སྙན་བརྒྱུད་ཚད་མའི་ཆུ་བོ་བཞི་འབབ་པ། །རྡོ་རྗེ་འཆང་དབང་བློ་གྲོས་རྒྱལ་མཚན་དཔལ། །བརྒྱུད་པར་བཅས་པའི་བཞེད་སྲོལ་ཇི་བཞིན་བཀོད། །དགེ་འདིས་སློབ་བཤད་ཆོས་ཀྱི་ཉི་མ་ཡིས། །བློ་གསལ་རྣམ་དཔྱོད་འདབ་སྟོང་ཡོངས་བཞད་པའི། །ལེགས་བཤད་བཅུད་ཀྱིས་སྐལ་བཟང་བུང་བ་རྣམས། །ཅི་དགར་མྱོས་པའི་སྙན་བརྒྱུད་གླུར་ལེན་ཤོག །ཅེས་ལམ་ཟབ་མཐོ་རིས་དབང་གི་ཆུ་བོ་འདི་ཡང་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཞ་ལུ་མཁན་ཆེན་ཚེ་དབང་ལྷུན་གྲུབ་རབ་བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས། ལམ་ཟབ་ནང་མའི་བླ་མའི་རྣལ་འབྱོར་འཁྱེར་བདེ་བ་ཞིག་བྲིས་ཤིག་ཅེས་བཀས་བསྐུལ་བ་དང་དུ་བླས་ཏེ། དཔལ་ལྡན་བླ་མ་ཁྱབ་བདག་རྡོ་རྗེ་སེམས་དཔའ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་གྲུབ་མཐའ་སྙོགས་ཏེ་མཁའ་སྤྱོད་དུ་གཤེགས་པའི་དུས་དྲན་གྱི་ཆོས་ལ་གསང་ཆེན་སློབ་བཤད་འཛིན་པ་ཟ་ཧོར་གྱི་བནྡེས་མཁས་གྲུབ་དུ་མའི་ཡི་གེ་དང་ཕྱག་ལེན་གསུང་སྒྲོས་ལ་བརྟེན་ནས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་ངག་དབང་ནམ་མཁའོ། །སརྦ་མངྒ་ལཾ།། །།


previousལམ་ཟབ་ནང་མའི་བླ་མའི་རྣལ་འབྱོར་མཐོ་རིས་དབང་གི་ཆུ་བོ།next