Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
ལམ་ཟབ་ཕྱི་མའི་ཉམས་ལེན་གནད་སྒྲིལ་འཇུག་བདེ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལམ་ཟབ་ཕྱི་མའི་ཉམས་ལེན་གནད་སྒྲིལ་འཇུག་བདེ།next

ལམ་ཟབ་ཕྱི་མའི་ཉམས་ལེན་གནད་སྒྲིལ་འཇུག་བདེ།


GLG010_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཟབ་ཕྱི་མའི་ཉམས་ལེན་གནད་སྒྲིལ་འཇུག་བདེ་བཞུགས་སོ།།


GLG010_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

སྭསྟི་པྲ་ཛཱ་བྷྱཿ བདག་མེད་རྡོ་རྗེ་བཙུན་མོའི་ཞལ་གྱི་དྲོད། །མ་ཡལ་བདུད་རྩིས་མྱོས་པའི་བི་རཱུ་པའི། །གསེར་ཆོས་ལམ་ཟབ་ས་སྐྱའི་བླ་ཆེན་ལས། །ཉེར་བརྒྱུད་གནད་སྒྲིལ་ཉམས་ལེན་འཇུག་བདེ་སྤྲོ། །དེ་ཡང་བདེ་བའི་སྟན་ལ་ལུས་གནད་དང་ལྡན་པས་སྐྱབས་འགྲོ་སྤྱི་ལྟར་བྱ། བདག་གིས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་ལམ་ཟབ་བླ་མའི་རྣལ་འབྱོར་བསྒོམ་པའི་རིམ་པ་ལ་འཇུག་པར་བགྱི་འོས་སེམས་བསྐྱེད། དངོས་གཞི་ནི་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ཞུ་བ་ལས་བྱུང་བའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་རྒྱན་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས། སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བ་ཉི་མ་བདུད་བཞི་བརྩེགས་པའི་གདན་གྱི་སྟེང་དུ་རང་གི་དྲིན་ཅན་རྩ་བའི་བླ་མ་བཅོམ་ལྡན་འདས་ཀྱེ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་བརྒྱད། ཕྱག་བཅུ་དྲུག །ཞབས་བཞི་པ། རྩ་བའི་ཞལ་སྔོན་པོ། (༢ན)


GLG010_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་དཀར། གཡོན་དམར་བ། སྟེང་ཞལ་དུ་བའི་མདོག་ཅན། །ཞལ་ལྷག་མ་གཉིས་གཉིས་ནག་པ། སྤྱན་གསུམ་གསུམ་དང་ལྡན་ཞིང་། མཆེ་བ་རྣམ་པར་གཙིགས་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པའི་རྩ་ཞལ་གྱི་སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། ཕྱག་བཅུ་དྲུག་གིས་ཐོད་པ་བཅུ་དྲུག་བཟུང་བའི། གཡས་ཀྱི་དང་པོ་ན་གླང་པོ་ཆེ་དཀར་པོ། གཡོན་གྱི་དང་པོ་ན་སའི་ལྷ་སེར་པོ། དེ་གཉིས་ཀྱིས་ཡུམ་ལ་འཁྱུད་པ། གཡས་ཀྱི་གཉིས་པ་ན་རྟ་སྔོན་པོ། གསུམ་པ་ན་བོང་བུ་གྭ་པ། བཞི་པ་ན་གླང་དམར་པོ། ལྔ་པ་ན་རྔ་མོ་ཐལ་ཁ། དྲུག་པ་ན་མི་དམར་པོ། བདུན་པ་ན་ཤ་ར་བྷ་སྔོན་པོ། བརྒྱད་པ་ན་བྱི་ལ་གྭ་པ། གཡོན་གྱི་གཉིས་པ་ན་ཆུའི་ལྷ་དཀར་པོ། གསུམ་པ་ན་མེའི་ལྷ་དམར་པོ། བཞི་པ་ན་རླུང་གི་ལྷ་ལྗང་གུ །ལྔ་པ་ན་ཟླ་བའི་ལྷ་དཀར་པོ། དྲུག་པ་ན་ཉི་མའི་ལྷ་དམར་པོ། བདུན་པ་ན་གཤིན་རྗེ་སྔོན་པོ། བརྒྱད་པ་ན་ནོར་སྦྱིན་སེར་པོ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་དབུ་བརྒྱན་ཅིང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་གྱིས་བརྒྱན་པ། ཞབས་གཡས་(༢བ)


GLG010_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བརྐྱང་བའི་བརླ་ལ། གཡོན་གཉིས་བསྐུམ་པའི་སོར་མོ་གཏད་པའི་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་བཞུགས་ཤིང་། སྒེག་པ་ལ་སོགས་པའི་གར་དགུའི་ཉམས་དང་ལྡན་པ། དེའི་པང་དུ་ཡུམ་རྡོ་རྗེ་བདག་མེད་མ་སྔོན་མོ། ཞལ་གཅིག་ཕྱག་གཉིས། གཡས་རྡོ་རྗེས་མཚན་པའི་གྲི་གུག་ནམ་མཁར་བརྐྱང་བའི་ཚུལ་གྱིས་འཛིན་ཅིང་། གཡོན་པས་བདུད་མཐའ་དག་གི་ཁྲག་གིས་གང་བའི་ཐོད་པ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡོན་བརྐྱང་ཞིང་གཡས་བསྐུམ་པས་ཡབ་ལ་འཁྲིལ་བ། བདེ་སྟོང་ཟུང་འཇུག་གི་རང་བཞིན་ཡབ་ཡུམ་གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་བླ་མ་ཧེ་རུ་ཀ་དེ་ཉིད་ཀྱི་གནས་གསུམ་དུ་པད་ཉིའི་གདན་ལ། ཨོཾ་ཨཱཿཧཱུཾ་དཀར་དམར་མཐིང་ཁའི་མདངས་ཅན། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་འོད་དང་གཟི་བརྗིད་འབར་བར་བསམ། གཞན་ཡང་བླ་མའི་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད། ཚོར་བ་རིན་ཆེན་འབྱུང་ལྡན། འདུ་ཤེས་འོད་དཔག་མེད། འདུ་བྱེད་དོན་ཡོད་གྲུབ་པ། རྣམ་པར་ཤེས་པ་མི་བསྐྱོད་པ། ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། སའི་ཁམས་སངས་རྒྱས་སྤྱན་མ། ཆུ་མཱ་མ་ཀི །མེ་གོས་དཀར་མོ། རླུང་སྒྲོལ་མ། ནམ་མཁའི་ཁམས་ཆོས་ཀྱི་དབང་ཕྱུག་མ། སྤྱན་བྱང་ཆུབ་སེམས་དཔའ་སའི་སྙིང་པོ། སྙན་ཕྱག་ན་རྡོ་རྗེ། ཤངས་ནམ་མཁའི་སྙིང་པོ། ལྗགས་འཇིག་རྟེན་དབང་ཕྱུག །ལུས་སྒྲིབ་པ་རྣམ་སེལ། ཡིད་འཕགས་པ་འཇམ་དཔལ། ཚིག་ཀུན་ཏུ་བཟང་པོ། རྩ་རྒྱུས་བྱམས་པ། ཕྱག་ངར་གཡས་པ་གཤིན་རྗེ་གཤེད། གཡོན་པ་(༣ན)


GLG010_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིས་མི་ཐུབ་པ། ཞལ་རྟ་མགྲིན། རྡོ་རྗེ་བདུད་རྩི་ཐལ་སྦྱོར། དཔུང་པ་གཡས་པ་མི་གཡོ་བ། གཡོན་པ་འདོད་པའི་རྒྱལ་པོ། པུས་མོ་གཡས་པ་དབྱུག་སྔོན་ཅན། གཡོན་པ་སྟོབས་པོ་ཆེ། སྤྱི་གཙུག་འཁོར་ལོ་སྒྱུར་བ། ཞབས་མཐིལ་གཉིས་གནོད་མཛེས་རྒྱལ་པོ། །གཞན་གཟུང་བྱའི་ཡུལ་གཟུགས་སྒྲ་སོགས་ནི། གཟུགས་རྡོ་རྗེ། སྒྲ་རྡོ་རྗེ། དྲི་རྡོ་རྗེ། རོ་རྡོ་རྗེ། རེག་རྡོ་རྗེ། ཆོས་ཀྱི་དབྱིངས་རྡོ་རྗེ་མ་སྟེ། གདན་གསུམ་ཚང་བའི་ལྷའི་བདག་ཉིད་དུ་བཞུགས་པར་གྱུར། དེ་ནས་རྗེ་བཙུན་བླ་མ་དེའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། རང་བཞིན་གྱི་གནས་ནས་བརྒྱུད་པའི་བླ་མ། རྒྱུད་སྡེ་བཞིའི་ལྷ་ཚོགས། སངས་རྒྱས་བྱང་སེམས། ཉན་རང་། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། དེ་ཡང་རྡོ་རྗེ་འཆང་དབུ་གཙུག །གཡས་སུ་བིཪྺ་པ་ནས་གྲུབ་ཆེན་བུདྡྷ་ཤྲཱིའི་བར། གཡོན་དུ་བདག་མེད་མ་ནས་རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱི་བར་མཐོ་བརྩེགས་ཀྱི་ཚུལ་རྒྱབ་ཏུ་སྡེ་བཞིའི་ལྷ་ཚོགས་དང་བྱང་སེམས། དེའི་རྒྱབ་ཏུ་སྤྲུལ་སྐུའི་ཆ་ལུགས་ཅན་གྱི་སངས་རྒྱས་ཉན་རང་། དེའི་རྒྱབ་ཏུ་དཔལ་མགོན་ལྕམ་དྲལ་སོགས་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་བཞུགས་པར་བསམ། གང་དྲིན་མས་བསྟོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་དཔལ་ལྡན་བླ་མ་དམ་པ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པ་གསུམ་བདུན་ཉེར་གཅིག་སོགས་སྐབས་དང་སྦྱར། སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། དེ་བཞིན་དུ་རྡོ་རྗེ་བདག་མེད་མ། དཔལ་ལྡན་བིཪྺ་པ། རྗེ་བཙུན་ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེས་ས་སྐྱ་པཎྜི་ཏ། ཚོགས་སྒོམ་(༣བ)


GLG010_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། རྒྱལ་བ་བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་འཁོར་ལོ་སྡོམ་པ། བདག་ཆེན་རྡོ་རྗེ་འཆང་། རྗེ་བཙུན་རྡོ་རིང་བ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །མཁན་ཆེན་བསླབ་གསུམ་རྒྱལ་མཚན། ཁྱབ་བདག་དབང་ཕྱུག་རབ་བརྟན། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། ཁྱབ་བདག་རིན་ཆེན་བསོད་ནམས་མཆོག་གྲུབ། ཅེས་སོ་སོའི་མཚན་བཅུག་ནས་གསོལ་བ་གདབ། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ལ་གསོལ་བ་འདེབས་སོ། །བདག་གི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་ལོངས་པར་བྱིན་གྱིས་བརླབ་ཏུ་གསོལ། ལམ་ལ་འཁྲུལ་པ་སེལ་བར་བྱིན་གྱིས་བརླབ་ཏུ་གསོལ། ལམ་གྱི་བར་ཆད་ཞི་བར་བྱིན་གྱི་རླབས་ཏུ་གསོལ། ཆོས་མིན་གྱི་བསམ་པ་སྐད་ཅིག་ཀྱང་མི་སྐྱེ་བར་བྱིན་གྱིས་བྱིན་གྱི་རླབས་ཏུ་གསོལ། བྱམས་དང་སྙིང་རྗེ་འབྱོངས་པར་བྱིན་བྱིན་གྱི་རླབས་ཏུ་གསོལ། ཅི་སྣང་སེམས་སུ་རྟོགས་པར་བྱིན་བྱིན་གྱི་རླབས་ཏུ་གསོལ། སེམས་སྣང་སྒྱུ་མར་རྟོགས་པར་བྱིན་གྱི་རླབས་ཏུ་གསོལ། གནས་ལུགས་བརྗོད་བྲལ་རྟོགས་པར་བྱིན་གྱི་རླབས་ཏུ་གསོལ། མདོར་ན་མཁའ་མཉམ་སེམས་ཅན་ཀུན་གྱི་དོན་དུ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ། འཇིག་རྟེན་གྱི་ཁམས་ན་ལྷ་དང་མི་ལ་སོགས་པ་བདག་པོས་ཡོངས་སུ་བཟུང་བ་དང་མ་བཟུང་བའི་མཆོད་པའི་ཡོ་བྱད་ཅི་མཆིས་པ་བླ་མ་བརྒྱུད་པ་དང་བཅས་པ་རྣམས་ལ་འབུལ་ལོ་བཞེས་སུ་གསོལ། བདག་ཉིད་ཀྱིས་བདག་ཏུ་བཟུང་བའི་བདོག་པའི་དངོས་པོར་མཆིས་པ་ཐམས་ཅད་(༤ན)


GLG010_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བལྟོས་པ་མེད་པར་འབུལ་ལོ། །དགྲ་གཉེན་བར་མའི་འགྲོ་བ་འདི་དག་ཀྱང་བཀའི་བྲན་དང་འབངས་ཀྱི་ཕྱིར་དུ་འབུལ། ཞེས་བརྗོད། མདུན་དུ་ཐོད་པའི་སྒྱེད་བུ་གསུམ་གྱི་སྟེང་དུ། ལག་པ་གཡས་པར་ཡེ་ཤེས་ཀྱི་རལ་གྲི་ཞིག་བྱུང་བས་རང་གི་ཐོད་པ་བཅད་པ་ཕྱི་དཀར་ལ་ནང་དམར་བ་དེ་དཔྲལ་བ་རང་ལ་བསྟན་ནས་སྒྱེད་བུའི་སྟེང་དུ་བཀལ་བར་བསམ། དེ་ནས་རྐང་པ་གཡས་གཡོན། ལག་གཡོན་རོ་སྨད་རོ་སྟོད་རྣམས་རིམ་གྱིས་གཏུབས་ནས་ལིང་ལིང་བསྐྱུར་བའི་མཐར། ལག་པ་གཡས་པ་རལ་གྲི་དང་བཅས་པ་བརྒྱངས་ཏེ་འཕངས་པས་ཐོད་པ་གང་བར་བསམ། རང་རླུང་སེམས་ཙམ་ལས་གྲུབ་པའི་ཀྱེ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཡུམ་བཅས་ཀྱི་སྐུར་བསྒོམས་ནས། ཨོཾ་ཨཱཿཧཱུཾ་ཧཿཧོ་ཧྲཱིཿས་རྫས་དེ་དག་བདུད་རྩི་ཁ་དོག་དཀར་ལ་དམར་བའི་མདངས་ཆགས་པ། དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ། འཁོར་འདས་ཀྱི་མགྲོན་ཐམས་ཅད་ཚིམ་པར་བྱེད་པའི་ནུས་མཐུ་དང་ལྡན་པར་བསམ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱིས། བདག་གིས་མངོན་པར་བཤམས་པའི་མཆོད་པ་རྒྱ་ཆེན་པོ་འདི་བཞེས་སུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་གདབ། རང་གི་སྙིང་ག་ནས་མཆོད་པའི་ལྷ་མོ་རིན་པོ་ཆེ་རྒྱན་གྱིས་སྤྲས་པ་ཞིག་སྤྲོས་ནས། ཐོད་པས་བདུད་རྩི་བཅུས་ཏེ། དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱཿཧཱུཾ་ཞེས་ཕུལ་བས་ཟག་མེད་ཀྱི་བདེ་བས་ཚིམ་ཞིང་དགྱེས། བདག་ལ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ད་ལྟ་ཉིད་དུ་སྩོལ་བར་བསམ། མཆོད་ལྷ་རྣམས་སྙིང་གར་བསྡུ་བ་འོག་ཚོར་འགྲེ། ཡང་ལྷ་མོ་དཔག་ཏུ་མེད་པ་སྤྲོས། བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཞེས་ཕུལ་བས་ཟག་(༤བ)


GLG010_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་བདེ་བས་ཚིམ་ཞིང་དགྱེས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་དངོས་གྲུབ་ད་ལྟ་ཉིད་དུ་སྩོལ་བར་བསམ། ཡང་སྤྲོས། རྒྱུད་སྡེ་བཞིའི་ལྷ་ཚོགས་བྱང་སེམས་དང་བཅས་པའི་ཞལ་དུ་ཨོཾ་ཨཱཿཧཱུཾ་ཞེས་ཕུལ་བས་ཟག་མེད་ཀྱི་བདེ་བས་ཚིམ་ཞིང་དགྱེས། མཆོག་དང་ཐུན་མོང་གི་དངོས་གྲུབ་ད་ལྟ་ཉིད་དུ་སྩོལ་བར་བསམ། ཡང་སྤྲོས། སངས་རྒྱས་སྤྲུལ་པའི་སྐུ་ཉན་རང་འཁོར་དང་བཅས་པའི་ཕྱག་ཏུ་ཕུལ་བས་རྫས་དེ་དག་སོ་སོ་ལ་མཁོ་བའི་ཡོ་བྱད་ཆོས་གོས་ལྷུང་བཟེད། འཁར་གསིལ། པོ་ཏི་སོགས་སུ་གྱུར་པར་ལོངས་སྤྱད་པས་མཉེས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ད་ལྟ་ཉིད་དུ་སྩོལ་བར་བསམ། ཡང་སྤྲོས། མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལ་སོགས་པ་ལས་བཞི་སྒྲུབ་མཛད་ཀྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཞེས་ཕུལ་བས་ཟག་མེད་ཀྱི་བདེ་བས་ཚིམ་ཞིང་དགྱེས། འཕྲིན་ལས་རྣམ་བཞི་ཐོགས་མེད་དུ་སྒྲུབ་པར་བསམ། ཡང་སྤྲོས། རིགས་དྲུག་གིས་བསྡུས་པའི་སེམས་ཅན་རྣམས་ལ་ཕུལ་བས། དེ་དག་གི་ལུས་ལ་རེག་པ་དང་ལྕེ་ཐོག་ཏུ་མྱང་བ་ཙམ་གྱིས་སྡུག་བསྔལ་རྒྱུ་དང་བཅས་པ་དག །སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པའི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས། ལུས་ཧེ་རུ་ཀ་ཕྱག་བཅུ་དྲུག་པའི་རྣམ་པར་གྱུར་ནས་དག་པའི་ཞིང་དུ་གཤེགས། ལྷ་མོ་རྣམས་སྙིང་གར་ཐིམ་པར་བསམ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་དཔལ་ལྡན་བླ་མ་དམ་པས་བདག་ལ་དབང་དང་དངོས་གྲུབ་ཟབ་མོ་སྩལ་དུ་གསོལ། ཞེས་གསོལ་བ་ལན་གསུམ་བཏབ་པས། བླ་མའི་དཔྲལ་བའི་ཨོཾ་ལས་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་རང་བཞིན་ཨོཾ་ཡིག་འོད་ཟེར་དཀར་པོའི་ཚོགས་དང་བཅས་པ་བྱུང་། རང་གི་དཔྲལ་(༥ན)


GLG010_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཐིམ་པས་ལུས་ཐམས་ཅད་གང་བས་ལུས་ཀྱི་དྲི་མ་ཐམས་ཅད་དག །བུམ་པའི་དབང་ཐོབ། སྐུའི་དངོས་གྲུབ་སྩལ། མགྲིན་པའི་ཨཱཿདང་ཡབ་ཡུམ་གྱི་སྦྱོར་མཚམས་ནས་གསུང་རྡོ་རྗེའི་བདག་ཉིད་བྱང་སེམས་བདེ་བ་ཆེན་པོའི་རང་བཞིན་ཨཱཿཡིག་འོད་ཟེར་དམར་པོའི་ཚོགས་དང་བཅས་པ་བྱུང་། རང་གི་མགྲིན་པར་ཐིམ། ལུས་ཐམས་ཅད་གང་བས་ངག་གི་དྲི་མ་དག །གསང་བའི་དབང་ཐོབ། གསུང་གི་དངོས་གྲུབ་སྩལ། ཐུགས་ཀའི་ཧཱུཾ་ལས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་རང་བཞིན་ཧཱུཾ་ཡིག་འོད་ཟེར་སྔོན་པོའི་ཚོགས་དང་བཅས་པ་བྱོན། སྙིང་གར་ཐིམ། ལུས་ཐམས་ཅད་གང་བས་ཡིད་ཀྱི་དྲི་མ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་དངོས་གྲུབ་སྩལ། སླར་ཡང་ཡི་གེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཇའ་འོད་ཀྱི་རྣམ་པ་ཅན་འཕྲོས། རང་གི་གནས་གསུམ་དུ་ཐིམ་ལུས་ཐམས་ཅད་གང་བས་སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་དག །དབང་བཞི་པ་ཐོབ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་དངོས་གྲུབ་མ་ལུས་པ་སྩལ་བར་བསམ། དེ་ནས་ཆོས་སྐྱོང་སོགས་ཕྱི་མ་རྣམས་ནང་མ་ནང་མ་ལ་རིམ་གྱིས་ཐིམ། བརྒྱུད་པའི་བླ་མ་རྣམས་རིམ་གྱིས་རྩ་བའི་བླ་མ་ལ་ཐིམ་པས། དེ་ཉིད་གདན་གསུམ་ཚང་བའི་ལྷའི་རང་བཞིན་བྱིན་རླབས་ཀུན་འདུས་ཀྱི་ཡབ་ཡུམ་སྙོམས་པར་ཞུགས། བྱང་སེམས་བདེ་བ་ཆེན་པོའི་རྣམ་པར་ཞུགས་ཏེ། རང་གི་སྤྱི་བོ་ནས་ཐིམ་པས། བླ་མའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པ་དང་། རང་གི་ལུས་ངག་ཡིད་གསུམ་བྱ་བྱེད་དང་བཅས་པ་དབྱེར་མེད་དུ་འདྲེས། བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་(༥བ)


GLG010_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གྱུར་ཅིང་། བྱིན་གྱིས་བརླབས་པར་བསམ། དེ་ཡང་། མཆོད་ཡུལ། མཆོད་མཁན། མཆོད་རྫས་ཐམས་ཅད་སེམས་ལས་མ་འདས་ཤིང་གཉིས་སྣང་གི་བག་ཆགས་ཀྱི་ཤེས་པ་བསླད་པའི་དབང་གིས་སྣ་ཚོགས་སུ་སྣང་ཡང་སེམས་ལས་ལོགས་སུ་གྲུབ་པ་ཅུང་ཟད་ཙམ་ཡང་མེད་ལ། སེམས་གསལ་རིག་ཙམ་དུ་ངོས་ཟིན་པ་གསལ་བ་སེམས་ཀྱི་མཚན་ཉིད། དེ་ལ་བརྟགས་པ་སྐྱེ་འགག་གནས་གསུམ་བྲལ་བ། སྟོང་པ་སེམས་ཀྱི་རང་བཞིན། གསལ་ཙམ་ན་སྟོང་། སྟོང་ཙམ་ན་གསལ་བ། གསལ་སྟོང་ཟུང་འཇུག་སྤྲོས་བྲལ་གྱི་ངང་ལ་མཉམ་པར་བཞག །མཇུག་ཏུ་སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་ཞེས་སོགས་བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ། འདི་ན་ཉམས་ལེན་སྙིང་པོ་བསྡུས་པ་ཡིན་གྱི། སྒོམ་དོན་གྱི་དམིགས་རིམ་ཞིབ་ཆ་མཐའ་དག་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་གྱི་གསུང་རབ་ལས་ཤེས་པར་བྱ་ཞིང་ཚིག་སྦྱོར་རྒྱས་པ་སྤྲོ་ནའང་དེ་ཉིད་ལས་ལེན་ནོ། །གསང་ཆེན་རྒྱུད་སྡེའི་ཉིང་ཁུ་གཅིག་བསྒྲིལ་ནས། ལམ་ཟབ་གདན་གསུམ་ཚང་བ་བླ་མའི་ཁྲིད། །ཉམས་སུ་བསྟར་བས་ཚེ་འདིར་ཟུང་འཇུག་སྐུ། །རྙེས་བྱེད་དཔལ་ལྡན་ཆོས་སྐྱོང་ཐུགས་ཀྱི་བཅུད། །བཤུལ་འདིར་འཕགས་ཡུལ་གྲུབ་དབང་མང་གཤེགས་ཀྱང་། །ལྗོངས་འདིར་བརྩེ་ཆེན་སྙིང་པོ་ཁོ་ན་ཡི། །གསེར་ཆོས་མཁའ་འགྲོའི་བྱིན་རླབས་མེ་ཏོག་ཐོད། །མ་སྙིགས་འཆིང་བའི་རྗེས་འབྲངས་ཕ་མཐའ་ལས། །ཐུན་མོང་གདམས་པར་དབང་ཕྱུག་རལ་པའི་རྩེར། །ཞབས་སེན་ཟླ་ཚེས་བློ་གྲོས་རྒྱལ་མཚན་ཞེས། །སློབ་བཤད་ཆོས་ཀྱི་ཉི་མ་འོད་པོ་ཆེས། །སྐལ་བཟང་སྙིང་གི་འདབ་སྟོང་ཅི་ཡང་བཞད། །འཁྱོགས་བརྗོད་སྲིན་པོས་(༦ན)


GLG010_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བསླད་པར་མ་ནུས་པས། །ལེགས་བཤད་སཱི་ཏར་རྟག་ཏུ་བརྩེ་བའི་ལྷ། །ཟབ་གསང་གནད་མངས་སྒྲིབ་གཉིས་ལངྒའི་མགྲིན། །གཅོད་པའི་འཕོང་རྐྱེན་དགའ་བྱེད་དེང་འདིར་འགྲུབ། །དགེ་བས་སྐྱེ་བར་ཚད་མ་བཞི་ལྡན་ཆོས། །སྟོན་པའི་བཤེས་གཉེན་མཆོག་གིས་རྗེས་བཟུང་སྟེ། རང་སེམས་དག་པའི་ཁྱབ་བདག་ཀྱེ་རྡོ་རྗེ། །རིང་མིན་མངོན་གྱུར་དོན་གཉིས་ལྷུན་གྲུབ་ཤོག །ཅེས་དཔལ་ལྡན་ས་སྐྱའི་གསེར་ཆོས་ལམ་ཟབ་ཕྱི་མའི་དམིགས་རིམ་གནད་བསྒྲིལ་འཇུག་བདེ་ཞེས་པ་འདི་ནི་མཆོད་དཔོན་ངག་དབང་ཤེས་རབ་དང་དགེ་སློང་འཇམ་དབྱངས་གྲགས་པ་གཉིས་ཀྱི་ཉམས་ལེན་དུ་དགོས་ཚུལ་བྱུང་བ་ལྟར། ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཡོངས་འཛིན་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་ལས། སློབ་བཤད་འཛིན་པ་ཟ་ཧོར་གྱི་བནྡེས་ཡོངས་འཛིན་ཞེས་པ་ཆུ་བྱི་ཧོར་ཟླ་དྲུག་པའི་ཡར་ངོའི་བཟང་པོ་གཉིས་པའི་ཚེས་ལ་བཀོད་པའི་ཡི་གེ་པ་ནི་སྡོམ་བརྩོན་འཇམ་དབྱངས་གྲགས་པ་རང་གིས་བགྱིས་པ་སིདྡྷི་རསྟུ། །སརྦ་མངྒ་ལཾ།།


previousལམ་ཟབ་ཕྱི་མའི་ཉམས་ལེན་གནད་སྒྲིལ་འཇུག་བདེ།next