Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་འཁྲིད་ཀྱི་ཟིན་བྲིས་བསྟན་པ་རྒྱས་བྱེད་ཅེས་བྱ་བ་ལས་བུམ་དབང་གི་རྨི་ལམ་མན་གྱི་ཟིན་བྲིས་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བ།
   
   
   
   
   
   
   
   
   
   
   
   
   
   
   


 
previousགསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་འཁྲིད་ཀྱི་ཟིན་བྲིས་བསྟན་པ་རྒྱས་བྱེད་ཅེས་བྱ་བ་ལས་བུམ་དབང་གི་རྨི་ལམ་མན་གྱི་ཟིན་བྲིས་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བ།next

གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་འཁྲིད་ཀྱི་ཟིན་བྲིས་བསྟན་པ་རྒྱས་བྱེད་ཅེས་བྱ་བ་ལས་བུམ་དབང་གི་རྨི་ལམ་མན་གྱི་ཟིན་བྲིས་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བ།


GLG010_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་འཁྲིད་ཀྱི་ཟིན་བྲིས་བསྟན་པ་རྒྱས་བྱེད་ཅེས་བྱ་བ་ལས་བུམ་དབང་གི་རྨི་ལམ་མན་གྱི་ཟིན་བྲིས་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བ་བཞུགས་སོ།།


GLG010_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་བརྒྱུད་པ་དང་བཅས་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ། །གྲངས་ཡས་བསྐལ་པར་བསགས་པའི་བསོད་ནམས་ཀྱིས། །རྙེད་དཀའ་རྣལ་འབྱོར་དབང་ཕྱུག་བཞེད་པའི་བཅུད། །ཡང་སྙིང་གསང་ཆེན་སློབ་བཤད་བདུད་རྩིའི་གཏེར། །འདི་འདྲ་འཐུང་བའི་ཤེས་ལྡན་སྐལ་བ་བཟང་། །སྦྱང་གཞི་མ་དག་འཁྲུལ་པའི་འགྲོ་བ་ཀུན། །སྦྱོང་བྱེད་དབང་བཞིའི་ལམ་གྱི་བྱེད་པོ་ཡིས། །སྦྱངས་འབྲས་སྐུ་བཞི་མངོན་པར་ལེགས་འགྲུབ་པ། །ཚེ་གཅིག་སངས་རྒྱས་སྒྲུབ་པའི་ཐབས་ཀྱི་མཆོག །འདི་སྣང་ཚེ་འདིའི་ཆོས་བརྒྱད་རྒྱབ་བོར་ནས། །ལམ་མཆོག་སྙིང་པོ་ཉམས་སུ་ལེན་པ་ཡི། །བརྩོན་པའི་དཀའ་ཐུབ་བསྟེན་ན་ཚེ་འདི་ལ། །ཟུང་འཇུག་བདེ་ཆེན་གླིང་དེར་བགྲོད་པར་ངེས། །གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཁྲིད་ཡིག་ཁའུ་བྲག་རྫོང་པའི་བཞེད་པ་ཚར་བ་རྡོ་རྗེ་འཆང་གི་གསུང་རྒྱུན་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་ཟིན་བྲིས་སུ་མཛད་པ་ལ། བུམ་དབང་གི་བར་དོའི་ཁྲིད་གྲུབ་མཚམས་ནས་འཕྲོར་ལུས་འདུག་པའི། རྨི་(༢ན)


GLG010_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་ཁྲིད་མན་ཆད་ཀྱི་ཟིན་བྲིས། འ་ཞྭའི་རྡོ་རྗེ་འཛིན་པ་ཆེན་པོ་འཇམ་མགོན་བསོད་ནམས་མཆོག་ལྡན་གྱི་གསུང་རྒྱུན་གསུང་ངག་སློབ་བཤད་ཀྱི་ཁྱད་ཆོས་རྣམས་ཀྱིས་ལེགས་པར་བརྒྱན་ཏེ་འདྲི་བ་ལ། དྲུག་པ་རྨི་ལམ་ནི། རྡོ་རྗེ་ཐེག་པའི་ལམ་གྱི་ཉམས་ལེན་གྱི་ཚོད་འཛིན་པ་ནི་རྨི་ལམ་ཡིན་ལ། དེ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལ་སྦྱོར་དངོས་གཉིས་ལས། དང་པོ་ནི། ལུས་ཧ་ཅང་དྲག་ཤུལ་དང་ངལ་དུབ་ཏུ་མ་སོང་བར། ངག་གི་སྨྲ་བརྗོད་ཀྱང་བག་གིས་ཉུང་བར། ཡིད་ཀྱི་རྟོག་པ་རྒྱ་འབྱམས་སུ་རྒྱ་ཆེར་མི་སྤྲོ་བར། གཉིད་འཐུག་པོའི་རྒྱུ་ཟས་བཅུད་ཅན་དང་། ཡེར་བའི་རྒྱུ་ཇ་གར་པོ་སོགས་སྤངས་ནས་སྤྱོད་ལམ་ཐམས་ཅད་འཇམ་ལ་ཆ་མཉམ་པ་བྱ་བ་དང་ཉིན་ཕྱེད་ཡན་ལ་ཉིན་མོའི་སྣང་བ་གང་ཤར་ལ་རྨི་ལམ་གྱི་སྣང་བར་འདུག་ངེས་རྨི་ལམ་འདི་ཅི་ནས་ཀྱང་འཛིན་ཐུབ་པ་ཞིག་བྱ་སྙམ་པ་དང་། ངག་ཏུ་ཡང་རྨི་ལམ་ཡིན་ཞེས་པ་ཡང་ཡང་བརྗོད་ཅིང་འདུན་པ་དྲག་ཏུ་བཏང་། ཉིན་ཕྱེད་ཚུན་ནས་དྲག་དྲགས་ན་སང་འབྱམས་ཀྱི་རྒྱུ་བྱེད་པས། འདུན་པ་དང་བརྗོད་པ་གཉིས་ཀ་རན་ཙམ་བྱ།གཉིས་པ་ལ། བཟུང་བ། སྦྱང་བ། བསྒྱུར་བ། དེ་(༢བ)


GLG010_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་ཉིད་ལ་བློ་བཞག་པ་དང་བཞི། དེ་དག་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། སྲོད་ཐུན་གྱི་རྣལ་འབྱོར་བསྡུས་ནས། སངས་རྒྱས་ཆོས་ཚོགས་ལྟ་བུའི་སྐྱབས་སེམས་མདོར་བསྡུས་དང་། བདག་གནས་རྣལ་འབྱོར་སྲུང་བའི་རིམ་པ་རྣམས་སྔར་ལྟར་བྱ། སྤྲོ་ན་རྨི་ལམ་ཟིན་པར་བླ་མ་ལ་གསོལ་བ་འདེབས་པ་སོགས་བྱ། གཉིས་པ་ནི། གཞོགས་གཡས་པ་ཕབ་སྟེ་བདེ་བར་ཉལ་བའི་མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པའི་འདབ་མ་ལ་མདུན་ནས་གཡས་སྐོར་གྱིས་ཨ་ནུ་ཏར་ལྟེ་བར་ཨོཾ་དང་བཅས་པ་གསལ་གདབ། ཁ་དོག་དཀར་དམར་ཡིད་ཡུལ་དུ་གང་འཆར་བ་བྱེད། ཐོག་མར་མདུན་གྱི་ཨ་ལ་དམིགས་པ་གཏད་དེ། ཨ་འདི་ཡང་རྨི་ལམ་གྱི་ཡི་གེ་ཡིན། སྣང་བ་འདི་ཡང་རྨི་ལམ་གྱི་སྣང་བ་ཡིན། རྨི་ལམ་གྱི་སྣང་བ་ལ་གང་སྦྱང་སྦྱང་དང་བསྒྱུར་བསྒྱུར་ཡིན། དེས་ན་རྨི་ལམ་ཅིས་ཀྱང་ཟིན་པ་བྱ་སྙམ་པ་བྱས་ནས་རྣམ་རྟོག་གཞན་གྱིས་བར་མ་ཆོད་པའི་ངང་དུ་གཉིད་ཀྱིས་མཚམས་སྦྱར་དེ་འཕྲལ་གཉིད་དུ་སོང་ནས་ཟིན་ན་དེས་ཁྱབ། ད་དུང་ཡེར་བའམ་རྟོག་པ་འཕྲོ་ན། གཡས་ཀྱི་ནུ་ནས་ཨོཾ་གྱི་བར་ལའང་རེ་རེ་ནས་རིམ་བཞིན་དུ་སེམས་བཟུང་། དེས་ཀྱང་མ་ཟིན་ན་སྨིན་མཚམས་སུ་ཐིག་ལེ་ནག་པོ་འོད་ཀྱི་རང་བཞིན་སྲན་མ་ཙམ་པ་རེག་ལ་མ་འབྱར་བའི་ཚུལ་དུ་གཡོན་ཕྱོགས་སུ་འཁོར་བ་ཞིག་གསལ་འདེབས། དེ་ཡང་ལམ་གཞན་དུ་རྨི་ལམ་གྱི་འགེགས་བཞིར་གསུངས་ཀྱང་། འདིར་རྣལ་འབྱོར་དབང་ཕྱུག་གི་བཞེད་པས། སད་འབྱམས་དང་འཁྲུལ་འབྱམས་གཉིས་ཡོད་པའི་དང་པོ་ནི། སྔར་གྱི་ཐིག་ལེ་ནག་པོས་ཀྱང་སེལ། དེས་མ་སེལ་ན། ཐིག་ལེ་མཐའ་ནག་པ་དབུས་སྐྱ་སིང་ངེ་གཡོན་སྐོར་དུ་ཤུགས་དྲག་ཏུ་(༣ན)


GLG010_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ཞིག་བསམས་ལ་སེམས་གཏད་པས་སེལ། དེས་ཀྱང་མ་སེལ་ན་ཐིག་ལེ་ནག་ཀྱང་གཡོན་འཁོར་སྔར་ལྟར་ལས་འོད་ཟེར་ནག་པོ་སོལ་བའི་ཕྱེ་ལྟ་བུ་ཐིབ་ཐིབ་བྱུང་ནས་རང་ལུས་ཐམས་ཅད་གཡོགས་པ་ལྟ་བུ་ལ་སེམས་གཏད་པས་སད་འབྱམས་དེ་གྲོལ་འགྲོ་ནའང་། འདིས་ཧ་ཅང་ཤེས་པ་བྱིང་བ་སོགས་སུ་འགྱུར་བས་དཔོགས་ཆོག་ལྟ་བུ་སྟེ་ཡེ་མ་ཟིན་ན་མ་གཏོགས་མི་བྱེད་པར་བླ་མ་སྔ་མ་རྣམས་གསུང་ངོ་། །འཁྲུལ་འབྱམས་སེལ་བ་ལ་བློ་འདས་ཀྱི་སྤྱོད་པ་ནི། མི་མེད་པའི་དབེན་ཅིང་ཡངས་པའི་སར་ལུས་གཅེར་བུར་བྱས་ལ། རྒྱུག་མཆོང་སོགས་ལུས་ཀྱི་སྤྱོད་ལམ་མ་ངེས་པ་སྣ་ཚོགས་བྱ། ངག་གི་ཀུན་ཅོ་ལ་སོགས་པ་བརྗོད་བྱ་མ་ངེས་པ་སྣ་ཚོགས་དང་རྨི་ལམ་ཡིན་ཞེས་མང་དུ་བརྗོད། ཡིད་ལ་རྨི་ལམ་གྱི་སྣང་བ་ཡིན་སྙམ་པ་རྩེ་གཅིག་ཏུ་བྱས་པས་སེལ། ཡང་ན་བྲག་ལ་ཆུ་འཐབ་ཀྱི་བྲག་རྩེ་དང་། གད་གཡང་དང་མཁར་མཐོན་པོའི་རྩེ་ལྟ་བུ་གཡང་ཐ་ཆོད་པའི་གནས་སུ་བསྡད་ལ། ཞེད་སྣང་དེ་ཁ་རྨི་ལམ་གྱི་སྣང་བ་ཡིན་བསམ་པ་ཡང་ཡང་བྱས་པས་སེལ་ལོ། །གཉིས་པ་སྦྱོང་བ་ནི། དེ་ལྟར་བཟུང་བས་རྨི་ལམ་གྱི་སྐབས་སུ་འདི་ལྟར་རྨི་ལམ་གྱི་སྣང་བར་འདུག་སྙམ་པ་ཤར་བའི་ཚེ། དེ་གང་སྦྱང་སྦྱང་དང་བསྒྱུར་བསྒྱུར་ཡིན་པས། རི་རབ་ཀྱི་རྩེར་ཕྱིན་ནས་གླིང་བཞི་བལྟ། དེ་ནས་ཀྱང་ཉི་ཟླའི་སྟེང་དུ་ཕྱིན་ནས་ཚངས་པའི་འཇིག་རྟེན་བལྟ། དེ་ནས་རིམ་གྱིས་མངོན་དགའ་ལྟ་བུ་དག་པའི་ཞིང་ཁམས་སུ་བློ་གཏད་ལ་རྨི་ལམ་བཟུང་བས་སངས་རྒྱས་མཇལ་བ་དང་ཆོས་ཉན་པ་སོགས་ལ་བསླབ་བོ། །གསུམ་པ་བསྒྱུར་བ་ནི། དེ་ལྟར་འབྱོངས་པ་ལྟར། རང་གི་ལུས་ཀྱང་གཅིག་ལས་གཉིས་དང་གཉིས་(༣བ)


GLG010_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གསུམ་སོགས་མང་པོར་སྒྱུར་ཏེ་སངས་རྒྱས་མཆོད་པ་དང་། ངན་སོང་དུ་ཕྱིན་ལ་སེམས་ཅན་གྱི་དོན་བྱེད་པ་སོགས་སུ་བསྒྱུར་རོ། །བཞི་པ་དེ་ཁོ་ན་ཉིད་ལ་བློ་བཞག་པ་ནི། རྩ་རྒྱུད་ལས། བདེན་མིན་རྫུན་མིན་ཐམས་ཅད་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །ཐམས་ཅད་རྣལ་འབྱོར་མས་ཤེས་བྱ། །ཞེས་གསུངས་པ་ལྟར། བདེན་པ་མ་ཡིན་ཏེ་གཉིད་སད་པའི་རྗེས་སུ་དེ་དག་བྱུང་བའི་ཤུལ་ཙམ་ཡང་མི་སྣང་། རྫུན་པའང་མིན་ཏེ་རྨི་ལམ་གྱི་གནས་སྐབས་སུ་ཉམས་སུ་མྱོང་དུ་ཡོད་པའི་ཕྱིར་རོ། །མདོར་ན་སྣང་བ་ཐམས་ཅད་བདེན་མེད་ཀྱི་རྒྱས་བཏབ་ནས་འཁོར་འདས་དབྱེར་མེད་དུ་བསྲེའོ། །དེ་ཚོད་འཛིན་པ་སྒྱུ་ལུས་ལ། མ་དག་པའི་རྒྱུ་ལུས་དང་། དག་པའི་སྒྱུ་ལུས། གཉིས་བསྡུས་ཀྱི་སྒྱུ་ལུས་དང་གསུམ་ལས། དང་པོ་ནི། ཁམས་གསུམ་གནས་ལུས་ལོངས་སྤྱོད་སྣ་ཚོགས་སུ་ཤར་བ་འདི་ཐམས་ཅད་སེམས་ལ་ལས་དང་ཉོན་མོངས་པས་བསླད་སྐྱོན་སྣ་ཚོགས་དང་འཕྲད་པའི་དབང་གིས་མེད་བཞིན་དུ་ཤར་བ་འདི་དག་གོ །གཉིས་པ་ནི། ལམ་ཟམ་མོ་ཉམས་སུ་བླངས་པས་བསྐྱེད་རིམ་བརྟན་པའི་ལྷའི་རྣམ་པ་དང་། ཉམས་མྱོང་སྣང་བ་གསུམ་གྱི་ལམ་སོགས་སུ་འཆར་བ་རྣམས་སོ། །གསུམ་པ་ནི། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་གདོད་མ་ནས་བདེན་པར་གྲུབ་པ་སྐྲའི་རྩེ་མོ་ཙམ་ཡང་མེད་བཞིན་དུ་སྣ་ཚོགས་སུ་སྣང་བ་སྟེ། དཔེར་མཚོན་ན་མེ་ལོང་དུ་གཟུགས་འཆར་བར་བྱས་ལ་དེ་རྐྱེན་མ་ཚོགས་པའི་ཚེ་ན་རང་བཞིན་གྱི་རྐྱེན་གྱིས་རྒྱུས་སྟོང་། ཚོགས་པའི་ཚེ་གཟུགས་བརྙན་དུ་སྣང་། དེ་མ་ཐག་འགགས་པས་གནས་པ་མེད་པས་ངོ་བོས་སྟོང་། དེ་ཡང་འདི་ལྟ་བུར་ཐིམ་སོང་པའམ་བརྗོད་དུ་མེད་པས་མཐར་འབྲས་བུས་སྟོང་། དེ་བཞིན་དུ་རང་གི་(༤ན)


GLG010_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱང་ཕ་མའི་འདུ་འཕྲོད་མེད་པའི་སྔོན་དུ་སྐྱེ་བ་རྒྱུས་སྟོང་། རྐྱེན་སྣ་ཚོགས་ཚོགས་པས་ད་ལྟ་ལུས་སུ་གྲུབ་པ་དེ་ཡུན་དུ་མི་གནས་པར་འཇིག་པས་ངོ་བོས་སྟོང་། མཐར་ཕུང་པོ་སྦྱངས་པའི་ཚེ་འདི་འདྲ་ཞིག་ཏུ་ཐིམ་བརྗོད་དུ་མེད་པས་མཐར་འབྲས་བུས་སྟོང་སྟེ། དེ་དངོས་སུ་ཉམས་སུ་མྱོང་བས་ན། བསྟོད་སྨད་བདེ་སྡུག་སོགས་ཐམས་ཅད་ལ་འཛིན་པ་སྤངས་ཏེ་འཁོར་འདས་དབྱེར་མེད་ཀྱི་ལམ་དུ་བསྒྱུར་རོ། །དེ་ལྟར་ན་ཉིན་མོ་སྒྱུ་ལུས་དང་མཚན་མོ་རྨི་ལམ་སྟེ་དེ་གཉིས་ཟུང་དུ་འཇུག་པས་བར་དོའི་གྲུབ་མཐའ་སྙོགས། དེ་ཡང་མེ་ལོང་གི་གཟུགས་ལ་བསྟོད་སྨད་སོགས་ཀྱི་རྣམ་པ་ཡང་ཡང་མང་དུ་བྱས་ལ་བསླབ་བོ། །དེ་ལྟར་གཞི་ཆོས་ཅན་འཁོར་བའི་གནས་ཚུལ་གྱི་རྗེས་སུ། ལམ་བགྲོད་པའི་རིམ་པ་ནི། ལྷན་ཅིག་སྐྱེས་པའི་ཆོས་གསུམ་གྱི་སྒོ་ནས་མདོར་བསྟན་པ་ནས་བཤད་མ་ཐག་པ་ཡན་གྱིས་ལེགས་པར་སོང་ལ། འབྲས་བུ་སངས་རྒྱས་ཀྱིས་བཤད་པ་ནི། གང་ཟག་རབ་ཚེ་དེར་ས་དྲུག་པ་མན་ཆད་མངོན་དུ་བྱས་ནས་གྲུབ་མཐའ་སྙོགས། འབྲིང་འཆི་བ་འོད་གསལ། མཐའ་མར་བར་དོར་སྣང་བ་བསྒྱུར། ཤིན་ཏུ་མཐའ་མས་སྨོན་ལམ་གྱིས་མཚམས་སྦྱར་ཏེ། སྐྱེ་བ་བླངས་ནས་ལམ་ལྷག་མ་ལ་བསླབ་པ་ནི། བུམ་དབང་གི་ལམ་གྱི་རིམ་པའི་འབྲས་བུའོ། །དེ་རྩའི་འགྲོས་ཐིམ། བསྐྱེད་རིམ་གྱི་ལམ་མངོན་དུ་བྱེད་དོ། །ས་དྲུག་མངོན་དུ་བྱས་ནས་གྲུབ་པའི་མཐའ། །སྙོགས་བྱེད་བུམ་དབང་དང་འབྲེལ་ཁྲིད་རིམ་རྣམས། །འཁྲུལ་མེད་བརྒྱུད་པའི་གསུང་སྒྲོས་ལྟར་བཀོད་ཀྱི། །སྐལ་བཟང་ཚོགས་རྣམས་དགའ་བའི་གར་བྱོས་ཤིག །བུམ་དབང་ཉམས་ལེན་གྱི་རིམ་པ་རྗེ་བླ་མའི་གསུངས་རྒྱུན་རྣམས་ལེགས་པར་གྲུབ་བོ། །ལུས་ཐབས་རྒྱུད་ལ་དབང་བཞི་དང་འབྲེལ་བའི་ལམ་བསྒོམ་པའི་གཉིས་པ་གསང་(༤བ)


GLG010_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་ལམ་ལ། སྦྱོར་དངོས་རྗེས་གསུམ། དང་པོ་ལ་ཁྱབ་བྱེད་ཀྱི་གདམས་ངག་དང་། ཁྱབ་བྱའི་གདམས་ངག་གཉིས་སམ། ཡང་ན་ཁྲིད་ཀྱི་སྔོན་འགྲོ་དང་། ཐུན་གྱི་སྔོན་འགྲོ་གཉིས། དང་པོ་ལ། དབང་ཞུ་བ། ལེན་པ། བསག་སྦྱང་གསུམ་ལས་ཕྱི་མ་སྔར་ལྟར་བྱེད། གཉིས་པ་ལ་སྦྱང་བ་གསུམ། སྒོམ་པ་གསུམ། གནད་ལ་དབབ་པ་གསུམ། དང་པོའི་གསུམ་གྱི་དང་པོ་ནི། ཡན་ལག་ལྔ་སྦྱོང་བྱ། གཉིས་པ་སྨྲ་བརྗོད་བཞད་བགད་ཀློག་དབྱངས་སོགས་ང་རོ་དྲག་པོ་རྣམས་ཉུང་བར་བྱེད། གསུམ་པ་ནི་གསལ་སྟོང་འཛིན་མེད་ལ་འཇོག །བར་པ་གསུམ་གྱི་དང་པོ་ནི། སངས་རྒྱས་ཆོས་ཚོགས་མ་སྔོན་དུ་བཏང་ནས། དེ་ཁོ་ན་ཉིད་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་བསྒོམ། གཉིས་པ་ནི་ཧཱུཾ་རེ་བརྗོད་ནས་སྲུང་འཁོར་དང་ལྷ་གསལ་གདབ། གསུམ་པ་ནི། སྤྱི་བོར་བླ་མ་ཞལ་བརྒྱད་པར་བསྒོམས་ནས། བདག་རྒྱུད་བྱིན་གྱིས་བརླབ་པར་གསོལ་བ་འདེབས་ཤིང་རང་ལ་བསྟིམ། ཐ་མའི་གསུམ་ནི། ལུས་རྣམ་སྣང་གི་ཆོས་བདུན་ལྡན། ངག་རླུང་དགུ་ཕྲུགས་སུ་འབུད་པ་ཡིད་སྐྱོ་ཆོད་དེ་གཞག་གོ །གཉིས་པ་དངོས་གཞི་ལ་རྡོ་རྗེའི་ཚིག་རྐང་ལས། ཁམས་གསུམ་འདུས་པ་དང་པོ་རླུང་གཏུམ་མོ་དྲོད་རྟགས་ཀྱི་ལམ་འཁྲིད་པ་ཞེས་གསུངས་པ་འདི་ལ་སྤྱིར། དུས་འཁོར་ལས་སྲོག་རྩོལ་འདུས་པ་ལ་སྒྱུ་ལུས། བདེ་མཆོག་དང་འདིར་རང་བྱིན་རླབས་སམ་ཙཎྜ་ལི་གཏུམ་མོ་རྣམས་སུ་རྣམ་གྲངས་སུ་གསུངས་པ་ལས། རྩ་རྒྱུད་ལས། འབྱུང་བ་ཉིད་ཀྱིས་ལྟུང་བར་བྱེད། རྔུབས་པ་ཉིད་ཀྱིས་དབང་དུ་བྱེད། དགང་བ་ཉིད་ཀྱིས་དགུག་པར་བྱེད། །ཞི་བ་ཡིས་ནི་རིངས་པར་བྱེད། ཅེས་པས། འབྱུང་འཇུག་གནས་གསུམ་གང་བ་དང་བཅས་པའི་བཞི་ལ་ཀུན་རྫོབ་ཏུ་ཕ་རོལ་འཇོམས་པའི་ལས་བཞི་དང་། ངེས་དོན་དུ་(༥ན)


GLG010_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་རིམ་རླུང་གི་རྣལ་འབྱོར་དུ་གསུང་བ་ལ། རྣལ་འབྱོར་དབང་ཕྱུག་གིས་མན་ངག་བདུན་དུ་མཛད་དེ། སྲོག་རྩོལ་རྡོར་བཟླས་ཕྱིར་དབྱུང་བ་གསུམ། ནང་དུ་འཇུག་པ་མཉམ་གཞག་གཉིས། གནས་པ། ཁ་སྦྱོར་ཏེ་བདུན། གཏུམ་མོ་བཅོ་བརྒྱད། འཕྲུལ་འཁོར་འཕྲིན་ལས་སོ་གཉིས་དང་བཅས་པ་རྣམས་སུ་འདུས་པ་ལས། དང་པོ་སྲོག་རྩོལ་ནི། ཐོག་མར་གཡོན་ནས་རླུང་རྒྱུ་བའི་ཚེ་སྒོ་བསྟུན་ལ་ཉམས་སུ་ལེན་དགོས་ཤིང་། གལ་ཏེ་གཡས་ནས་རྒྱུ་བ་དང་ཐུག་ན་ནུ་མ་བཅུད་ལ་བོར་བའི་གདམས་པས་གཡོན་དུ་རྒྱུ་བའི་ཐབས་བྱེད། བླ་མས་ཁྲིད་གནང་བའི་དུས་ཀྱང་དེ་ལྟར་མཛད་པའི་ཕྱག་ལེན་དུ་མཆིས། དེ་ནས་ཐོག་མར་གཡོན་ནས་ནང་དུ་ཞུགས། ནང་དུ་གནས། ཕྱིར་ཐོན་པ་གསུམ་ལ་གཅིག་ཏུ་བྱས་པ་རླུང་མ་འཁྲུལ་པའི་གྲངས་འཕྲེང་བ་ལྟ་བུར་བཟུང་བའི་མང་མཐའ་ལ་ཚད་བཟུང་མེད། ཉུང་མཐའང་བརྒྱ་རྩ་ཙམ་བྱ། གྲངས་ཉི་ཤུ་ཙམ་རྗེས་རླུང་སྣ་བུག་གང་ནས་རྒྱུ་ཡང་ཁྱད་མེད་དོ། །དེ་ལྟར་བསྒོམས་པས་གང་ཟག་མཆོག་ལ་ཏིང་ངེ་འཛིན་ཁྱད་པར་ཅན་དང་མངོན་ཤེས་གྲུབ་པ་སོགས་བྱུང་། འཇུག་པ་སེལ་བའི་ཉམས་མྱོང་རྒྱུད་ལ་སྐྱེ་བ་དང་། ཐ་མའང་བཀྲུ་བཤལ་གྱིས་སྣོད་དག་པ་ལྟར་བུམ་ཅན་གྱི་དུས་རླུང་ལས་སུ་རུང་བའི་ཡོན་ཏན་བསྐྱེད་དོ། །དེ་ལས་ཀྱང་རྫོགས་རིམ་གྱི་ཏིང་ངེ་འཛིན་གྱི་ཡོན་ཏན་བསྐྱེད་པར་འདོད་པས་རླུང་ལ་སྔོན་བདག་གིས་སྦྱིན་པ་ནི། དང་པོ་ནི་གཡས་ཀྱི་རྩོལ་བའི་རླུང་ལ་སེམས་གཏད་ལ། ཕྱིར་འགྲོའི་རླུང་རང་གི་ངོས་ནས་ཅུང་ཟད་བཅོས་པ་ཕྱིར་རིང་དུ་བཏང་། ནང་དུ་འཇུག་གནས་གཉིས་ཐུང་ངུར་བྱ། དེ་སྔར་ལྟར་གྲངས་བཟུང་དེས་བར་ཆད་སེལ། དེ་ལ་གོམས་ནས་གཉིས་པ་ནི། སྲོག་(༥བ)


GLG010_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

གི་རླུང་གཡོན་ནས་ནང་དུ་འཇུག་པ་དང་གནས་པ་རང་བབས་ཀྱིས་རིང་དུ་བཏང་། ཕྱིར་འགྲོ་བ་ཐུང་བར་བྱེད། དེས་ཚེ་སྒྲུབ་མཆོག་ཏུ་འགྱུར་ཞིང་མི་རྟག་པ་ཡང་རིམ་གྱིས་སྐྱེ། རྡོ་རྗེའི་བཟླས་པ་ནི། ཐོག་མའི་འབྱུང་འཇུག་གནས་གསུམ་གྱི་རླུང་གི་གདངས་འབྲུ་གསུམ་དུ་བསྒྱུར་ཞིང་ནང་འཇུག་ཨོཾ་ནས་འགོ་འཛིན་ནོ། །ཕྱིར་བཏང་གི་ཡན་ལག་གསུམ་ལས། དང་པོ་ནི། ལག་གཡས་པ་ཁུ་ཚུར་དུ་བྱས་པའི་མཛུབ་མོ་གུང་མོའི་རྒྱབ་མནན་པའི་གུང་མོས་སྣ་བུག་གཡས་མནན་གཡོན་ནས་ཅུང་ཟད་ཚུར་རྔུབ་པའི་ངོས་ཕྱིར་དྲག་ཏུ་བཏང་ཞིང་ནན་ཙམ་བྱ། འཇུག་གནས་ངལ་གསོ་ཙམ་གྱི་ཅུང་ཟད་བྱེད། གཉིས་པ་ནི། སྣ་བུག་གཉིས་ཀ་ནས་དྲག་ཏུ་གཏོང་ཞིང་། གཏོང་ལུགས་སྔར་དང་འདྲ། ཐོག་མར་ཁྲུ་གང་ཙམ། དེ་ནས་སྟོང་གསུམ་གྱི་མཐར་སླེབ་པ་ཙམ་བྱེད། གསུམ་པ་ནི། ཁ་ནས་སྒྲ་བཅས་སུ་སོ་ཡར་མར་སྤྲད་པ་ཅུང་ཟད་རེག་ཙམ་བྱས་ནས། སིའི་སྒྲ་དང་བཅས་གཏོང་བ་གོང་དང་མཚུངས། ནང་དུ་འཇུག་པ་ལ་གཉིས་ལས། དང་པོ་ནི། ལྟེ་བའི་ཁྱིལ་ཁྱིལ་གྱི་ཐད་དུ་བྱ་གསར་གྱི་སྒོ་ང་ཙམ་གྱི་ཕྱི་དཀར་ནང་དམར་བ་དབུས་སུ་ཨ་ཤད་དམར་པོ་ནས་འབྲུ་ཙམ་པ་གསལ་བཏབ། སྔར་ལྟ་བུའི་ལོག་པ་ཁུ་ཚུར་གྱིས་གཡས་ཀྱི་སྣ་བུག་བཀག །གཡོན་ནས་ཡུན་རིང་དུ་རྔུབས་ལ་རླུང་རྣམས་ཨ་ཤད་ལ་སིབ་སིབ་ཐིམ་པར་བསམས་ཤིང་རྔུབ་པའི་ཤུགས་རྫོགས་པ་དང་། མགོ་གཡས་སྐོར་དུ་གཅུ་ཞིང་མཆིལ་མའི་རྟ་དང་བསྟུན་རླུང་གང་ཐུབ་བཟུང་། གཉིས་པ་ནི། སྒོ་ངའི་ཚབ་ཏུ་ཆོས་འབྱུང་གི་སྔོན་པོ་གསལ་འདེབས་པ་དང་། མཐར་ཆོས་འབྱུང་སྟོང་གསུམ་གང་བར་དམིགས་པ་སོགས་ཙམ་མ་གཏོགས་གཞན་ཐམས་ཅད་གོང་མ་དང་མཚུངས་(༦ན)


GLG010_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །རླུང་ཕྱིར་དབྱུང་དྲགས་པའི་བགེགས་སེལ་ལམ་བོགས་འདོན་ནི། ལུས་ཐབས་འགལ་གྱིས་འཕྲུལ་འཁོར་བྱས། མིང་གཞན་མེ་ཏོག་དྲུག་བཅིངས་ཡང་ཟེར་རོ། །སྤྱི་བོ་ནས་རླུང་སྔོན་པོ་སྤོས་རེང་གི་དུད་པ་འདི་པ་ཐུར་དུ་སང་། འོག་སྒོ་ནས་ཁྲུ་གང་ཙམ་པ་ལ་སྔོ་ཁྱིལ་ལེ་ཡོད་པར་སེམས་གཏད་ནས་སྟེང་རླུང་ཅུང་ཟད་གནོན། ཡང་ནང་དུ་འཇུག་དྲགས་པའི་བོགས་འདོན་གེགས་སེལ་ནི། སྐྱིལ་ཀྲུང་བྱས་ལ་ལག་གཡས་ཀྱིས་རྐང་པ་གཡོན་པའི་མཁྲིག་མ་ནས་བཟུང་། གཡོན་གྱིས་གཡས་པ་བཟུང་ནས། གསང་གནས་ནས་རླུང་སྔོན་པོ་ཡར་སོང་སྤྱི་བོ་ནས་ཁྲུ་གང་ཙམ་ཡོད་པ་ལ་སེམས་གཏད་དོ། །བདུན་པ་བུམ་ཅན་ནི། ལྟེ་བར་ཨ་ཤད་སྒོམ་སྟེང་རླུང་ཐོག་མར་གནོན་པ་བགེགས་ཆུང་བས། མཆིལ་མ་སྒྲ་མེད་དུ་མིད་ནས་ལྟེ་བར་སླེབ་པ་ཙམ་དུ་གནོན། འོག་རླུང་ཀྱང་ཐེན་ནས་ཁ་སྦྱོར་དུ་འཛིན། གྲངས་ཚད་པུས་མོ་གཡོན་ནས་གཡས་སུ་བསྐོར་བ་དབུས་སུ་སེ་གོལ་གཏོག་པ་རེ་ལ་གཅིག་ཏུ་བརྩིས་པའི་རབ་གྲངས་མེད་འབྲིང་དྲུག་ཅུ་རྩ་བཞི། ཐ་མ་མ་ངེས་སོ། །རླུང་གི་རྣལ་འབྱོར་བདུན་པོའི་དམིགས་རྐང་རེའི་གཤམ་དུ་འཛིན་མེད་དུ་འཇོག་གོ །གཉིས་པ་གཏུམ་མོའི་དམིགས་པ་ལ། སམྦུ་ཊི་ནས་རྣམ་གྲངས་ཉེར་དགུ་གསུངས། རྣལ་འབྱོར་དབང་ཕྱུག་གིས་བཅོ་བརྒྱད་དུ་བསྡུས་པ་ཡིན། དེ་ཡང་། རྩ་ཐིག་རླུང་མེ་བཞི་ག་འཛོམ་ན་གཏུམ་མོ་འཐུག་པོ། །གཉིས་འཛོམ་ན་གཏུམ་མོ་གང་བ། མེ་གཅིག་པུ་ལ་གཏུམ་མོ་གཅེར་བུ་ཡིན། རང་ལུགས་བཅོ་བརྒྱད་ལ་འཁོར་ལོ་ལ་མ་བརྟེན་པ་ལྔ། བརྟེན་པ་གསུམ། མན་ངག་གི་གནད་ལས་བྱུང་བ་བཅུ་ཡོད་པ་ལས། ལྔ་པོ་ལ། མེ་གསོ་(༦བ)


GLG010_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཚངས་པའི་ཐོག་རྩའི་རྣལ་འབྱོར། སྲུབས་ཤིང་གི་རྣལ་འབྱོར། ཐེག་ལེའི་རྣལ་འབྱོར་ལས། དེ་རེ་རེ་ལའང་། ལམ་སྦྱོང་བ། ལྟ་བ་སྐྱོང་བ། ཉམས་བྱུང་རྒྱལ་དུ་སྐྱོང་བ། ཐུན་གྲངས་མ་ངེས་པ། ཐུན་ཚད་མ་ངེས་པ། ཡིད་འཇུག་ཡུལ་བརྟག་པ། ཁམས་ཚོད་བཟུང་བ། ཟས་སྤྱོད་ལམ་ལྕག་གིས་བསྐུལ་བ་དང་བརྒྱད་ཀྱིས་བསྡུས་སོ། །ལྔ་པོའི་དང་པོ་ནི། རང་ལྷར་བསྒོམ། ལག་པ་གཅིག་གིས་ཅིག་ཤོས་ཀྱི་ཉ་ནས་བཟུང་སྟེ་བསྣོལ། རྐང་པ་ཡང་ཕན་ཚུན་བསྣོལ་ཏེ་ཙོག་པུར་བསྡད་པས་གྲུ་གསུམ་དྲུག་འབྱུང་བའི་ལུས་ཐབས་འགལ་གྱི་འཕྲུལ་འཁོར་བྱ། འོག་སྒོའི་ནང་དུ་རླུང་དཀྱིལ་སྔོན་པོ་ཟླ་གམ་བཅད་ཁ་ཡར་བསྟན་པ། གསུམ་མདོར་མེ་གྲུ་གསུམ། ལྟེ་འོག་ཀྵ་དམར་པོ་མགོ་ཐུར་བསྟན་ལྟེ་བར་ཨཾ་དམར་པོ་མགོ་གྱེན་བསྟན་བསྒོམ། འོག་རླུང་ཐེན་ཙམ་གསུམ་བྱས་རྗེས་ནར་གྱིས་ཐེན་པ། རླུང་གཡོས་མེ་སྦར། དེ་ལས་ཀྵ་ལ་མེ་འབར་བས་ཨ་ལས་ཐིག་ལེ་དམར་པོ་ཧྲེལ་མོ་སྲན་མ་ཙམ་གཉིས་བྱུང་ཀྵ་ལ་ཐིམ་པས། མེ་ལ་མར་ཁུ་ཐིགས་པ་ལྟར་དྲག་ཏུ་འབར། དེས་རྐྱེན་བྱས་ཨཾ་ལས་ཁམས་ཐིགས་པས་མེ་དང་དེ་གཉིས་སྐྲ་ཤད་འཇིགས་པ་ལྟར་སོང་བ་དང་སྟེང་རླུང་མནན་ཏེ་བཞག་གོ །གཉིས་པ་ནི། འོག་སྒོར་རླུང་གཞུའི་དབྱིབས་ཅན་མདེའུ་ཐུར་བསྟན་བསམ། རྩ་དབུ་མ་མདའ་སྙུག་ཙམ་པ་སྤྱི་གཙུག་བར་ཐལ་ལེ་བསྒོམ། སྤྱི་བོར་ཧཾ་དཀར་པོ་མགོ་ཐུར་བསྟན་བསྒོམ། འོག་རླུང་སྔར་བཞིན་བྱས་པའི་རྐྱེན་གྱིས་གཞུའི་འཆང་བཟུང་ཡར་བསྟན་ཏེ་མདའ་རྩ་ནང་ནས་གྱེན་དུ་སོང་བ་ཧཾ་ལ་ཕོག་པས། དེ་ལས་ཁམས་འཇགས་ཏེ་ལུས་ཐམས་ཅད་ཁྱབ་པའི་བདེ་བ་ལ་སེམས་གཏད་རླུང་སྔར་བཞིན་བཟུང་། འདི་ཐུན་རེ་ལ་ལན་རེ་ལས་མི་བྱེད་གསུང་། (༧ན)


GLG010_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ནི། འབྱུང་འཇུག་གནས་གསུམ་ལ་བརྟེན་ནས་རིམ་པ་བཞིན་རོ་རྐྱང་དབུ་གསུམ་གསལ་བཏབ། རོ་རྐྱང་གི་ཡ་མཐའ་སྨིན་མཚམས་ཀྱི་ཐད་ཙམ། དབུ་མ་སྤྱི་གཙུག །མར་སྣ་གསུམ་ཁ་གསང་གནས་ལ་ཐུག་པར་བསྒོམ། རྐྱང་མ་ནས་རླུང་འཇུག་པའི་ཚེ་ཨོཾ། དབུ་མའི་སྒོར་གནས་པའི་ཚེ་ཨཱཿ རོ་མ་ནས་འབྱུང་བའི་ཚེ་ཧཱུཾ་གི་རྡོར་བཟླས་བྱེད་དོ། །བཞི་པ་ནི། ལག་པས་པུས་མོ་གཉིས་བསྡམས་ཏེ་ཙོག་པུ་བྱ། ལྟེ་བ་ཨཾ་རྩ་དབུ་མར་སྣ་དེའི་སྟེང་ཟུག་པ། ལྟེ་བའི་ལྟག་ཙམ་ནས་རོ་མས་དབུ་མ་ལ་ལན་གསུམ་དུ་དཀྲིས། དེ་ལྟག་རྐྱང་མས་གཡོན་སྐོར་དུ་ལན་གསུམ་དཀྲིས། དེ་གཉིས་ཀྱི་གཡས་གཡོན་དུ་ཐེན་པའི་རྐྱེན་གྱིས་དབུ་མས་ཨ་སྲུབས་པས་མེ་དམར་ཕྲོམ་ཕྲོམ་བྱུང་དེས་དབུ་མ་གང་། དེ་ནས་རིམ་གྱིས་ལུས་ཐམས་ཅད་གང་བར་དམིགས་སོ། །ལྔ་པ་ནང་གསེས་ལ་བཞི་ལས། ཏིང་ངེ་འཛིན་སྐྱེ་བར་འདོད་ན་སྙིང་གའི་ཉི་ཟླ་ཁ་སྦྱོར་ནི། སྙིང་སྒོང་ལྐོགས་ལྟ་བུའི་ནང་དུ་ཐིག་ལེ་དཀར་པོ་སྲན་མའི་ཕྱེད་ཙམ་དང་། དེ་སྟེང་ཐིག་ལེ་དམར་པོ་སྲན་ཕྱེད་ཙམ་ཁ་སྦྱར་བའི་ནང་དུ་སེམས་ཧཱུཾ་སྔོན་པོ་གསལ་བཏབ། དེ་ནས་ཐིག་ལེའི་ནང་ནས་སིང་ཟེར་བའི་སྐད་ཅིག་བྱུང་བས་རྐྱེན་བྱས་གའུའི་སྟེང་དུ་བུག་པ་ཆུང་ངུ་གཅིག་བྱུང་དེ་ལ་སེམས་གཏད་དེ། དེར་མིག་གིས་བལྟ་བ་ལྟ་བུ་བྱ། ཁ་ནང་ནས་སྒྲ་མེད་དུ་རླུང་རྔུབས་པས་གའུ་ལ་ཐིམ། བུག་པ་ནས་འོད་ཟེར་ཁ་དོག་ལྔ་ལྡན་རྟ་རྔ་ཙམ་པ་ནར་གྱིས་བྱུང་ནས་རྒྱབ་མདུན་དུ་གསུམ་དང་། གཡས་གཡོན་དུ་སུམ་དཀྲིས་གཡོན་གྱི་སྣ་རྒྱབ་ཕྱོགས་སུ་སོང་ནས་སྟེང་གི་ཕྱེད་ཙམ་དུ་སླེབ་པར་བསམས་ཏེ། རླུང་ཁ་སྦྱོར་དུ་བཟུང་། ཕྱིར་གཏོང་ཚེ་འོད་ཟེར་དེ་(༧བ)


GLG010_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ནས་སྔར་གྱི་བྱུང་ཤུལ་དུ་རང་གནས་སུ་ཐིམ་མོ། །གསལ་བར་འདོད་ན། ལྟེ་བའི་དཔའ་བོ་འབའ་ཞིག་པ་ནི་ལྟེ་བར་ཐིག་ལེ་དཀར་པོ་སྲན་ཆུང་ཙམ་པ་འཚེར་བ་འགྲིལ་བ་གསལ་བ་སྟེ། ཆོས་གསུམ་ལྡན་བསྒོམ། རླུང་ཁ་ནས་སྒྲ་མེད་དུ་རྔུབས་དེ་ལ་ཐིམ་པར་བསམས་ཏེ། ཁ་སྦྱོར་དུ་འཛིན་ནོ། །བདེ་བ་བསྐྱེད་པར་འདོད་ན། གསང་གནས་བདེ་བའི་ཐིག་ལེ་ནི། རྟགས་ཀྱི་ནོར་བུའི་ནང་ངམ། བུད་མེད་ལ་བྷ་གའི་ནང་དུ་ཐིག་ལེ་དམར་པོ་ཡུངས་ཀར་ཙམ་ཆོས་གསུམ་ལྡན་བསྒོམ། འོག་རླུང་ཅུང་ཟད་འཐེན་ལ་རླུང་ཐམས་ཅད་དེ་ལ་ཐིམ་པར་བསམས་ཏེ། ཁ་སྦྱོར་རོ། །བདེ་བ་ཆས་ནས་འཛག་གེགས་བྱུང་དོགས་ནས་སྨིན་མཚམས་སུ་ཤེས་པ་གཏད་པས་སེལ་ལོ། །སྨིན་མཚམས་སྐྲ་དཀར་གནོན་པ་འཇོམས་པའི་ཐིག་ལེ་ནི། ཐབས་འགལ་གྱི་ཕྱག་རྒྱ་བཅས། ལྕེ་རྩེ་རྐན་ཕུགས་སུ་སྦྱར་ནས་ཅུང་ཟད་གཞིབས། སྤྱི་བོར་ཧཾ་དཀར་བདེ་བའི་རང་བཞིན་མགོ་ཐུར་བསྟན། ལྕེ་ཆུང་གི་ཐད་ཙམ་དུ་སུམ་དཀར་པོ་མགོ་ཐུར་བསྟན། སྙིང་གར་ཧཱུཾ་སྔོན་པོ་མགོ་གྱེན་བསྟན། དེ་རྣམས་བྱང་སེམས་དཀར་པོ་དར་སྐུད་ལྟ་བུར་སྦྲེལ་བ། རྩོལ་བའི་རང་ནང་དུ་འཇུག་པས་ལྷག་པའི་ཕྱོགས་སུ་སོང་ནས་ཧཾ་སྲོས་པས་དེས་ཐིག་ལེ་བདེ་བའི་རང་བཞིན་ཤེལ་དཀར་ཞུ་བ་ལྟ་བུར་བྱུང་སྟེ། ཐིག་ལེ་དར་སྐུད་ལྟ་བུའི་ལམ་བརྒྱུད་ནས་སུམ་ལ་ཐིམ་པས་སུམ་བདུད་རྩིའི་རང་བཞིན་དུ་རྒྱས། དེ་ནས་ཀྱང་སྔར་ལྟར་བབས་ཏེ་ཧཱུཾ་ཚིམ་པར་བསམས་ཤིང་། ལྕེ་རྩེས་རྐན་ཕུགས་དལ་བུས་གཞིབས། སྤྲོ་ན་རླུང་གཡོན་ནས་འཇུག་པ་དང་མཉམ་དུ་ཁ་སྦྱོར་རོ། །མཆིལ་པ་གཞན་དུ་མི་འདོར་རོ། །འདི་ལྕེ་ཆུང་བ་བཞོ་བའི་གདམས་པ་ཟེར་རོ། །འཁོར་ལོ་ལ་བརྟེན་པར། གཅིག་ལ་(༨ན)


GLG010_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པ་རྣོ། གཉིས་ལ་བརྟེན་པ་མྱུར། གསུམ་ལ་བརྟེན་པ་བརྟན་པའོ། །དང་པོ་ནི། ལྟེ་བའི་རྩ་འཁོར་ལོ་གསལ་བཏབ། འོག་སྒོའི་རླུང་དང་། སུམ་མདོའི་མེ་སྔར་ལྟར་བྱ། རྩ་འཁོར་གྱི་ལྟེ་བ་ཨེ། འདབ་མ་ནང་དུ་བརྒྱད་ལ་ཨ་ཀ་ཙ་ཊ་སོགས་ཡི་གེ་ཐམས་ཅད་དམར་པོར་བསྒོམ། འོག་རླུང་འཐེན་ཚུལ་སྔར་རྣམས་ལྟར་བྱས་པས། རླུང་གིས་མེ་སྤར། དེ་ལས་ཡི་གེ་རྣམས་ལས་ཀྱང་མེ་སོར་བཞི་ཙམ་འབར་བར་དམིགས་ནས་ཁ་སྦྱོར་དུ་བཟུང་ངོ་། །གཉིས་པ་ནི། ལྟེ་བ་མན་ཆད་ཀྱི་དམིགས་པ་དངོས་གཞི་སྔ་མ་ལ། ཨཾ་ཨོཾ་དུ་བསྒྱུར། སྙིང་གའི་རྩ་འདབ་བརྒྱད་ཀྱི་ལྟེ་བར་ཧཱུཾ་སྔོན་པོ་བསྒོམ། ཧཱུཾ་དང་ཨོཾ་གྱི་བར་དུ་རྩ་དབུ་མ་ཕྲ་མོ་ཞིག་གསལ་གདབ། འོག་རླུང་འཐེན་པ་སོགས་སྔར་ལྟར་བྱས་པས། ལྟེ་བའི་ཡི་གེ་རྣམས་ལས་མེ་འབར་དབུ་མའི་ལམ་ནས་ཞུགས་ཏེ་མེ་ལྕེས་ཧཱུཾ་ལ་རེག་པས། དེ་ལ་ཐིག་ལེ་དཀར་པོ་བབས་ཏེ་སྐྲ་ཤད་འཛིངས་པ་ལྟར་བསམ་མོ། །གསུམ་པ་ནི། འོག་སྒོའི་རླུང་དཀྱིལ་ནས་བཟུང་མེ་ཀྵ་ཡིག་གི་བར་སྔོན་མ་རྣམས་ལྟར་གསལ་བཏབ། དེ་ནས་རྩ་དབུ་མ་སྦོམ་ཕྲ་སྡོམ་གྱི་བ་ཐག་ཙམ་ལ་སྦུགས་སྡོང་ཡོད་པ་དམར་པོ་ཡར་སྣ་ཚངས་བུག །མར་སྣ་ལྟེ་འོག་ཙམ་དུ་སླེབ་པ། གཡས་སུ་རོ་མ་རཀྟས་གང་བ་དབུ་མ་ལས་ཀྱང་ཅུང་ཕྲ་བ་མེའི་རང་བཞིན་དམར་པོ། །གཡོན་དུ་རྐྱང་མ་སྦོམ་ཕྲ་རོ་མ་དང་མཉམ་པ་ཁམས་དཀར་པོས་གང་བ་ཆུའི་རང་བཞིན་དཀར་པོ། །གཉིས་ཀ་ཡར་མར་གྱི་སྣ་དབུ་མ་དང་མཉམ་པ་གསལ་བཏབ། ལྟེ་བར་རོ་རྐྱང་ལས་གྱེས་པའི་རྩ་བཞི་བཞི་སྟེ་བརྒྱད། དེ་ལས་དྲུག་ཅུ་རྩ་བཞི། དབུས་སུ་ཨཾ། འདབ་མ་བརྒྱད་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་ཨ་ཀ་ཙ་ཊ་སོགས་(༨བ)


GLG010_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཕྱི་མ་ལ་མདུན་ནས་གཡོན་སྐོར་དུ་ཨཱ་ལི་ཕྲག་གཉིས། གཡས་བསྐོར་དུ་ཧ་ཀྵ་སྤངས་པའི་ཀཱ་ལི་ཕྲག་གཅིག་མགོ་གྱེན་བསྟན། རྩ་ཡིག་ཐམས་ཅད་དམར་པོ། །སྙིང་གའི་རྩ་འདབ་བརྒྱད་ཀྱི་དབུས་སུ་ཧཱུཾ་འདབ་མ་བརྒྱད་ལ་མདུན་ནས་ཕྱོགས་བཞི་ལ་གཡས་སྐོར་གྱིས་བྷྲཱུཾ་ཨཾ་ཛི་ཁཾ། ཤར་ལྷོ་ནས་གཡོན་སྐོར་གྱིས་ལཾ་མཾ་པཾ་ཏཱཾ་མགོ་ཐུར་བསྟན་ཐམས་ཅད་སྔོན་པོ། མགྲིན་པའི་རྩ་འཁོར་གྱི་དབུས་སུ་ཨོཾ། འདབ་མ་ལ་མདུན་ནས་གཡོན་སྐོར་གྱི་ཨཱ་ལི་མགོ་གྱེན་བསྟན་ཐམས་ཅད་དམར་པོ། སྤྱི་བོའི་རྩ་འདབ་ཀྱི་དབུས་སུ་ཧཿ འདབ་མ་ལ་མདུན་ནས་གཡོན་སྐོར་ཨཱ་ལི། གཡས་སྐོར་གྱིས་ཀ་ནས་ཏའི་བར་མགོ་ཐུར་བསྟན་ཐམས་ཅད་དཀར་པོར་གསལ་བཏབ། འོག་སྒོ་འབྱེད་འཛུམ་གསུམ་ཙམ་བྱས་རྗེས་འོག་རླུང་ཐེན་པས་རླུང་གཡོས་མེ་འབར་ནས་རོ་མའི་ནང་བརྒྱུད་ནས་གཡས་སྐོར་གྱིས་ལྟེ་བའི་རྩ་འཁོར་གྱི་ནང་གི་ལྗན་ལྗིན་སྙིགས་མ་ཐམས་ཅད་བསྲེགས། རིམ་གྱིས་སྤྱི་བོའི་བར་དེ་ལྟར་བྱས་ལ་མེ་ཧཾ་ལ་རེག་པས་ཧཾ་ལས་ཐིག་ལེ་དཀར་པོ་བབས་པས་རྐྱང་མའི་ནང་བརྒྱུད་གཡོན་སྐོར་གྱིས་སྤྱི་བོའི་རྩ་འཁོར་ཐམས་ཅད་གང་ཡི་གེ་རྣམས་ཀྱང་ཇེ་གསལ་དུ་སོང་། རིམ་གྱིས་ལྟེ་བའི་བར་དེ་ལྟར་བྱས་ནས་ཐིགས་པ་གཅིག་ཀྵ་ལ་ཕོག་པས། དེ་ལས་མེ་འབར་ཨཾ་ནས་ཧཾ་གི་བར་དབུ་མའི་ནང་དུ་ཐལ་གྱིས་སོང་བས། ཧཾ་ལས་ཐིག་ལེ་བབས། སྨིན་མཚམས་ཀྱི་ཐད་ཙམ་དུ་འབར་འཛག་བྱས། དེ་བཞིན་དུ་མགྲིན་པ། སྙིང་ག །ལྟེ་བ་གསུམ་ཀའི་འོག་ཙམ་དུ་རེ་རེ་ནས་འབར་འཛག་ལ་སེམས་གཏད་ནས་བུམ་ཅན་ཁ་སྦྱར་བཟུང་། དེ་རྗེས་བུམ་ཅན་དྲུག་ཅུ་རྩ་བཞིའི་གྲངས་ཅན་བཅུ་གཉིས་དང་། གྲངས་མེད་བཅུ་གཉིས་སྦྲེེལ་ཏེ་བཟུང་། །གྲངས་ཅན་ལ་དམིགས་པ་དེ་ག་དང་གྲངས་(༩ན)


GLG010_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལ་འཛིན་མེད་དུ་འཇོག་གོ །མན་ངག་གི་གནད་ཀྱི་དམིགས་པ་བཅུ་ལས། གསུམ་སྔར་གྱི་ཐིག་ལེའི་གྲངས་བཞིའི་ནང་དུ་འཐོན་ནས། སླད་དུ་བདུན་ལས། མེ་དམར་སྐྱ་ནི་མེ་ཏོག་དྲུག་བཅིང་བྱས་ལ་སྐད་ཅིག་གིས་ལུས་ཀྱི་ནང་ཐམས་ཅད་མེ་དམར་སྐྱས་གང་བར་བསམ་ལ་བུམ་ཅན་བཟུང་ངོ་། བཤད་མ་ཐག་པའི་གཏུམ་མོ་འཐུག་པའི། མེ་སྐྱ་གཉིས་ལ་གྲངས་ཅན་གྲངས་མེད་བཅུ་གཉིས་རེ་འཛིན་དགོས་པ་ནི་དམིགས་བསལ་ཏེ། སྤྱིར་བཏང་ལ་ཐུན་ཚད་མ་ངེས་པར་གསུངས་སོ། །མེ་འབར་བ་ནི་རྐང་མཐིལ་གཉིས་སུ་རཾ་དམར་ནག་མེ་འབར་ལ་ཁད་པར་བསམ། རྐང་པའི་མཛུབ་མོ་བརྐྱང་བསྐུམ་བྱས་པའི་རྐྱེན་གྱིས་རཾ་ལས་མེ་འབར་ལོང་བུ་དང་བརླ་ཤའི་རྩ་བོ་ཆེའི་ནང་བརྒྱུད་སུམ་མདོའི་མེ་དང་འདྲེས་པས། དེ་ལས་མེ་སྟག་དམར་ཕྲོམ་བྱུང་བས་ལུས་ཐམས་ཅད་གང་བར་བསྒོམས་པ་ཁ་སྦྱར་བཟུང་ངོ་། ཐིག་ལེའི་ཐབ་མོ་ནི། སུམ་མདོའི་མེ་གནས་འགྱུར་བ་ལས། སུམ་མདོར་སྟེང་དུ་ཐིག་ལེ་དཀར་པོ་དང་འོག་ཏུ་དམར་པོ་མཐེབ་ཚིགས་ཙམ་པ་གསལ་གདབ། རླུང་ཁ་སྦྱར་བའི་རྐྱེན་གྱིས་དེ་གཉིས་འཐབས་པ་ལས་མེ་སྟག་སྔར་ལྟར་བསམ་མོ། མེའི་འཁོར་ལོ་ནི། མེའི་སྲོག་ཤིང་ཕྲ་མོ་སྤྱི་གཙུག་ནས་གསང་གནས་ཀྱི་བར་ཐལ་ལེ་ཡོད་པ་བསྒོམ། འཁོར་ལོ་རྩིབས་བརྒྱད་པ་དམར་ནག་རྩིབས་སྟོང་དུ་ཨཱ་ལི་ཡི་གེ་ཉིས་གཤིབས་སུ་གཡོན་སྐོར་དུ་བསྒོམ། ཁ་སྦྱར་བའི་རྐྱེན་གྱིས་འཁོར་ལོ་འཁོར་བས་ལྟེ་བར་འཁོར་ལོ་ལས་མེ་དམར་ལྷབ་ལྷབ་འབར་བར་བསམ་མོ། ཆེར་འབར་བ་ནི། སྔོན་མའི་དམིགས་པ་དེ་ག་ནས་མགྲིན་པ་མན་མེས་གང་ངོ་། དྲག་ཏུ་འབར་བ་ནི་སྔོན་མའི་སྟེང་དུ་ལུས་ཐམས་ཅད་གང་སྟེ། ལུས་(༩བ)


GLG010_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམ་པ་མ་ཞིག་ཙམ་ནས་ལྕགས་བསྲེགས་ལྟ་བུར་བསམ་མོ། །ཐམས་ཅད་དུ་འབར་བ་ནི། གནས་ཁང་ནས་བརྩམས་ཏེ་སྣང་སྲིད་མེས་དམར་འུར་གྱིས་འབར་བར་བསྒོམ། བཅོ་བརྒྱད་པོ་ཐམས་ཅད་ཀྱི་མཇུག་ཏུ་ལྟ་བ་བསྐྱང་ངོ་། །དེ་ལྟར་ཉམས་སུ་བླངས་པས་ལྟ་བ་བཞི་འཆར་ཏེ། ལམ་བསྒོམ་པའི་སྟོབས་ཀྱིས་བྷ་གའི་ཡི་གེ་སོགས་སུ་རླུང་སེམས་འདུས་པའི་རྐྱེན་གྱིས་ཕྱི་རོལ་གྱི་རྐྱེན་ལ་མ་བལྟོས་པར་དུག་གསུམ་དྲག་པོ་སྐྱེས་པ་ནི་ཉོན་མོངས་རང་བྱུང་། རོ་རྐྱང་མས་སྣར་རླུང་སེམས་འདུས་པས་སྤུ་གྲིའི་རང་སྟོབས་སུ་འགྱུར་ཏེ། རྣམ་རྟོག་དྲག་པོ་སྐྱེས་ནས་སེམས་གནས་སུ་མི་སྡོད་པ་ཙམ་འབྱུང་བ་ནི་རྣམ་རྟོག་རང་བྱུང་། རྡོ་རྗེའི་ལུས་ལ་རྩ་འཕྲེང་ལ་ཡོད་པའི་ནང་དང་། དབུ་མ་དང་རོ་མའི་མས་སྣ་རྩ་ཁང་སྟེང་ལྟ་བུར་རླུང་སེམས་འདུས་པས་ཕྱི་རོལ་གྱི་ཟས་སྤྱོད་ལ་མ་བལྟོས་པར་ཤེས་པ་རྨུགས་པ་དང་བྱིང་བ་སོགས་འབྱུང་བ་ནི་སྣྲེལ་ཞི་རང་བྱུང་། སྙིང་གའི་བྷྲཱུཾ་སོགས་སུ་རླུང་སེམས་འདུས་པས་གཟུང་འཛིན་གྱི་རྟོག་པ་འགགས་ནས་སྟོང་གསལ་མཆོག་གི་ཏིང་ངེ་འཛིན་དང་། ལུས་ཤིང་བལ་ལྟར་ཡང་བ་ཉམས་སུ་མྱོང་བ་ནི། གསལ་ཤིང་ཡང་ལ་རང་བྱུང་གི་ཏིང་ངེ་འཛིན་ཏེ་སྔོན་མ་གསུམ་ནི་ལམ་བསྒོམས་པ་ལས་བྱུང་བའི་ཉམས་ཡིན་ཀྱང་། སྒྲོ་སྐུར་གྱིས་བསྡུས་པས་སྐྱོན་ཅན་ཡིན་ལ། ཕྱི་མ་ནི་མཚོན་བྱེད་དཔེའི་ཡེ་ཤེས་ཡིན་ནོ། །ལྟ་བ་དེ་ལྟ་བུ་སྤྱོད་པ་གསུམ་གྱི་སྒོ་ནས་ཉམས་སུ་བླངས་པས། ནང་གི་རླུང་སེམས་མཁའ་འགྲོ་ཡབ་ཡུམ་བཅུས་བྱིན་གྱིས་བརླབས། དེ་ལ་བརྟེན་ཡུལ་ཉེར་བཞིའི་དཔའ་བོ་མཁའ་འགྲོ་ཐམས་ཅད་དབང་དུ་འདུས། ཅིར་སྣང་གྲོགས་སུ་འཆར། སེམས་ནང་དུ་གནས། ཕུང་པོ་ལྔ་ཐུལ། རྩ་བའི་རླུང་ལྔ་ཟིན་གཏུམ་མོའི་མེ་(༡༠ན)


GLG010_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

འབར། ཐིག་ལེ་མང་དུ་ཁ་འདུས། གྲུབ་མཐའ་མ་འདྲེས་ལ་ཡོངས་སུ་རྫོགས་པ་མཐར་ཕྱིན་པ་ནི། གང་ཟག་མཆོག་གི་ལམ་མོ། འདའ་ཀ་མ་འོང་གསལ་བ་ནི། སྦྱང་བ་བསྒོམ་པ་ལས་ལ་སྦྱར་བ་གསུམ་ལས། དང་པོ་ནི། རྩ་དབུ་མ་དམར་པོ་ཕྲ་སྦོམ་རན་པ་ཡར་སྣར་ཧཾ་ཐུར་བསྟན། མས་སྣ་ཨཾ་གྱེན་བསྟན་བསྒོམ། རྩོལ་བའི་རླུང་ཕྱིར་བུས་ཏེ་ནང་དུ་རྔུབ་པའི་ཚེ་ཨཾ་ནང་བྱུང་སྟེ་ཧཾ་ལ་ཐིམ། སྲོག་གི་རླུང་རྔུབས་པའི་ཚེ་ཧཾ་ལས་བྱུང་སྟེ་ཨཾ་ལ་བསྟིམ་པ་ཡང་ཡང་བྱས་པས་འཆི་ཁར་རོ་རྐྱང་གི་རླུང་དབུ་མར་འདུས་ཏེ། དེའི་རྐྱེན་གྱིས་འོད་གསལ་མ་བུ་འཕྲོད་པ་ཡིན་ནོ། །གཉིས་པ་ནི། གསང་དབང་གི་རང་བྱུང་ཡེ་ཤེས་སྟོན་པའི་བླ་མ་ལ་ཙཎྜ་ལི་ལྟ་བ་རང་བྱུང་གི་ཡེ་ཤེས་རྣམས་ཡང་ཡང་དྲན་པར་བྱས་ཤིང་། ཐིམ་རིམ་གྱིས་དུ་བ་སྨིག་རྒྱུ་ལ་སོགས་ཨཱ་ལི་ཀཱ་ལིར་གསལ་འདེབས་ཤིང་རང་བྱུང་གི་ཡེ་ཤེས་སུ་ངོ་ཤེས་པའོ། །གསུམ་པ་ལ་གཉིས་ལས། སྔོན་མ་ནི་བུམ་དབང་གི་སྐབས་ཀྱི་འོད་དང་སྒྲས་འཕོ་བ་དེ་ཀ་ཡིན་ལ་ཕྱི་མ་ནི་གླིང་དང་སྐྱེ་གནས་ལ། སྦྱང་བ་ཞེས་པ་དོན་བུམ་དབང་གི་སྐྱེ་གནས་འདམ་པ་དེ་ཀ་ཡིན་ནོ། །བར་དོ་ནི། དངོས་གཞི་བུམ་དབང་གི་སྐབས་དང་འདྲ་བ་ལ། ཡང་བའི་གནས་གསུམ་སོགས་བར་དོའི་སྣང་བ་ཐམས་ཅད་ཀྱང་གསལ་ལ་རངས་པ་རང་བྱུང་གི་ཡེ་ཤེས་ཡིན་སྙམ་པ་ཡང་ཡང་བྱའོ། །རྨི་ལམ་ནི་དངོས་གཞི་འདྲ་བ་ལ་ཨ་ནུ་ཏ་ར་སོགས་ཀྱང་རང་བྱུང་གི་ཡེ་ཤེས་ཡིན་སྙམ་པ་དང་། རྨི་ལམ་དུ་ཡང་རང་བྱུང་གི་ཡེ་ཤེས་དེ་ངེས་པར་འཆར་བར་བྱེད་སྙམ་པ་དྲན་འདུན་ཡང་ཡང་བྱའོ། །སྒྱུ་ལུས་ཀྱང་དངོས་གཞི་འདྲ་བ་ལ་ཉིན་མོའི་སྣང་བ་འདི་ཡང་། མེ་ལོང་(༡༠བ)


GLG010_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རང་བྱུང་གི་ཡེ་ཤེས་ཡིན་བསམ་པ་ཡང་ཡང་དུ་བསྒོམ་པར་བྱའོ། །རྗེས་ནི་དེ་དག་གི་ཁམས་འདུས་པ་དང་པོ་ཆོད། ནཱ་ཡི་གེའི་འགྲོས་ཐིམ། ཡི་གེ་གནས་འགྱུར། ལོངས་སྐུའི་གོ་འཕང་མངོན་དུ་བྱེད་དོ། །བདུན་པའི་ས་དེ་མངོན་དུ་གྱུར་བྱེད་པའི། །གསང་དབང་ལམ་གྱིས་བགྲོད་པའི་སྒྲོས་རྣམས་ཀུན། །འཁྲུལ་མེད་གདམས་པའི་གནད་ལྟར་བྲིས་པ་ན། །རྣལ་འབྱོར་དབང་ཕྱུག་དགྱེས་པའི་འཛུམ་ཞལ་སྟེན། གསང་དབང་གི་ལམ་ཉམས་ལེན་རྗེ་བླ་མའི་གསུང་གི་ཉིང་ཁུ་དེ་ཙམ་མོ། །ལུས་ཐབས་རྒྱུད་ལ་དབང་བཞི་དང་འབྲེལ་བའི་ལམ་བསྒོམ་པའི་གསུམ་པ་ནི། དཀྱིལ་འཁོར་འཁོར་ལོའི་ལམ་མམ། ཕོ་ཉའི་ལམ་མམ། ཤེས་རབ་ཡེ་ཤེས་ཀྱི་ལམ་ཞེས་པ་རྣམ་གྲངས་ཡིན་ལ། དེ་ལ་ཡང་། སྦྱོར་དངོས་མཇུག་གསུམ། དང་པོ་ལ་ཁྲིད་ཀྱི་སྔོན་འགྲོ་དང་། ཐུན་གྱི་སྔོན་འགྲོ་གཉིས། དང་པོ་ནི། བསག་སྦྱང་སོགས་སྔར་དང་འདྲ། གཉིས་པ་ལ་ཡང་། སྒོམ་པ་གསུམ། གནད་ལ་དབབ་པ་གསུམ་སྟེ་དྲུག་པོ་གསང་དབང་གི་སྐབས་ལྟར་རོ། །གཉིས་པ་དངོས་གཞི་ལ་རིག་མ་དག་པ། ལུས་ངག་མཉམ་པ། བྱིན་རླབས་མཉམ་པ། འདོད་པ་མཉམ་པ། མན་ངག་ལས་བྱུང་བའོ། །དང་པོ་ནི། དངོས་དང་། ཡེ་རྒྱ་གཉིས་ལས་ཕྱི་མའི་དབང་དུ་བྱ་ཞིང་། རིག་མ་དེ་ལུས་དང་ལང་ཚོ་ཕུན་སུམ་ཚོགས་པ་དབང་ཐོབ་ཅིང་སྣོད་དུ་རུང་བའོ། །གཉིས་པ་ནི། རང་ཀྱེ་རྡོ་རྗེ་དང་རིག་མ་བདག་མེད་མར་གསལ་བས་ལུས་མཉམ། དེ་གཉིས་ཀས་རྩ་སྔགས་བརྗོད་པས་ངག་མཉམ་མོ། །གསུམ་པ་ནི། རང་གི་རིག་མའི་མཁའ་སྒྲུབ་ཐབས་ལྟར་བྱིན་གྱིས་བརླབས། རིག་མས་ཀྱང་རང་གི་གསང་གནས་དངོས་གཞི་སྒྲུབ་ཐབས་ལྟར་(༡༡ན)


GLG010_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྡོ་རྗེའི་རྐེད་པར་ཨོཾ་གྱི་ཕྲེང་བ་དང་། བུག་པ་ཕཊ་ཀྱིས་བཀག་པར་བསམ་མོ། །བཞི་པ་ནི། བདག་ཀྱང་རིག་མ་འདི་ལ་བརྟེན་ནས་དགའ་བཞི་བསྒྲུབ་སྙམ་པ་དང་། རིག་མས་ཀྱང་། བདག་ལ་བརྟེན་ནས་བདེ་ཆེན་བསྒྲུབ་པར་བསམ་མོ། །ལྔ་པ་ལ། དབབ་པ། བཟུང་བ། བཟློག་པ། འགྲེམས་པ། མི་ཉམས་པར་བྱ་བ་དང་ལྔ་ལས། དང་པོ་ནི། གཟུགས་མཛེས་པ་ལ་བལྟ་བ། ཆགས་པའི་གཏམ་གྱིས་སྒྲ་ལ་ཉན་པ། ལུས་ཀྱི་དྲི་ལ་སྣོམ་པ། མཆུ་འཇིབ་པ་སོགས་རོལ་མང་བ། འཁྱུད་པ་སོགས་རེག་བྱ་ལ་སྤྱོད་པ་རྣམས་བྱས་ནས། རིག་མ་ཡང་ཆགས་མྱོས་ཀྱི་རྣམ་འགྱུར་འབྱུང་ཞིང་། རང་ལ་བདེ་བ་ཆེར་འབྱུང་། བདེ་བ་ཧ་ཅང་ཆེས་པས་ཁམས་ཕྱིར་འཛགས་དོགས་ན། རྗེ་བཙུན་གོང་མའི་གསུང་སྒྲོས་ལས། བགྲད་པས་མཐའ་བསྲུང་། གསང་ཐུབ་པ་གཅེས་གསུང་པ། ལག་པ་ཁུ་ཚུར་བྱས་སྙིང་གར་བསྣོལ། ལྟོ་བ་སྒ་ཚིགས་ལ་སྦྱར། ཉྭ་བཞི་སྒྲིལ། རྐང་པའི་མཛུབ་མོ་བསྐུལ། མིག་གྱེན་དུ་བལྟ། ཁ་ནས་ཧལ་ཧལ་ལམ་ཧཱུཾ་ཧཱུཾ་བརྗོད་དོ། །དེ་ནི་བྱ་བ་མང་ལ་བདེ་བ་ཆུང་བས། དགའ་བའི་ཡེ་ཤེས་ཟེར། གསང་ཐུབ་པ་ནི་དེ་མ་ཐག་སྙོམས་འཇུག་མི་བྱ་བའི་དོན་ནོ། །ཡང་རྡོ་རྗེ་དང་པདྨ་འདུ་བྱས་པས་བྱང་སེམས་སྤྱི་བོ་ནས་རིམ་བཞིན་བབས་ཏེ་ནོར་བུའི་རྩེའི་བར་དུ་བྱུང་བར་བསམ་ཞིང་། དེའི་ངོ་བོ་གང་དུ་ཡང་མ་གྲུབ་པའི་འཛིན་མེད་ཀྱི་ངང་ལ་འཇོག་གོ ། གཉིས་པ་རྒྱ་མཚོ་རི་རབ་ལ་སྐམ་ཞེས་པའི་ལྟོ་བ་སྒལ་ཚིགས་ལ་སྦྱོར། གླིང་བཞི་དབང་དུ་སྡུད་ཅེས་པ་ཡན་ལག་གི་མཛུབ་(༡༡བ)


GLG010_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

མོ་བསྐུམ། རོ་འཛིན་རང་གནས་སུ་བཟློག་ཅེས་པ་ནི་ལྕེ་རྐན་ཕུགས་སུ་སྒྲིལ། དབང་པོའི་མཆོག་གྱེན་ལ་བཟློག་པ་ནི་མིག་ཡར་སྒྲིལ་ལ་བཟུང་བའོ། །གསུམ་པ་ནི། ངག་སྟོབས་ཧཱུཾ་གིས་དྲང་པ་ཧཱུཾ་དྲག་ཏུ་ལྕེ་རྩེ་སྒྲིལ་ཞིང་བརྗོད་པ་ཡིན་ལ། ཏིང་ངེ་འཛིན་ཧཱུཾ་ཕཊ་ཀྱི་མདའ་གཞུས་འཕུལ་བ་ཧཱུཾ་གིས་ཡར་དྲངས་ཤིང་ཕཊ་ཀྱིས་འཕུལ་བས་ཡར་བཟློག་པར་བསམ་མོ། །བཞི་པ་ནི། རླུང་གི་སྐ་རགས་བཅིངས་པ་ལག་པ་གཉིས་ཁུ་ཚུར་གྱེན་བསྟན་གྱིས་སྐེད་པ་ལ་རྒྱབ་བདུན་དུ་ཤུགས་དྲག་པོས་གཡས་སྐོར་གཡོན་སྐོར་བྱེད། ཞགས་པ་འཕེན་པ་ནི་ལག་གཉིས་དྲག་ཏུ་བཤད་པ་འམ། ཡང་ན་མདའ་གཞུ་འགེངས་པའི་སྟངས་ཀ་ཤུགས་ཆེན་པོ་བྱེད། གཏན་ཤིང་གི་འཁོར་ལོ་བསྐོར་བ་ནི། ལྟོ་བ་གཡས་སྐོར་གཡོན་སྐོར་ཤུགས་ཆེར་བྱེད་བྱིས་པའི་སྤྱོད་ལམ་ནི། རྡོ་རྗེ་སྐྱིལ་ཀྲུང་དང་། ལག་པ་མེ་ཏོག་དྲུག་བཅིང་གི་སྐབས་ལྟ་བུ་བྱས་ལ་གན་རྐྱལ་དང་ཁ་བུབ་བྱས་སྐེ་གཡས་གཅུ་གཡོན་གཅུ་བྱེད་པ་ཡིན་ནོ། །ལྔ་པ་ནི། དེ་ལྟར་བྱས་པས་མི་ཉམས་ལ་གལ་སྲིད་བདེ་བ་ཆེས་པ་འམ། གྲིབ་དང་གདོན་གྱི་དབང་གིས་འཛགས་ན་ཁྲུས་བྱ་བ་ནི། རབ་དབང་བཞི་ཞུ། འབྲིང་སཱཙྪ་འདེབས། ཐ་མའང་རྣམ་འཇོམས་ཀྱི་ཁྲུས་ཆོག་བྱའོ། ཁྱད་པར་ཞལ་ཤེས་ལ། སླ་ང་མེ་འཇམ་ཙམ་གྱི་སྟེང་དུ་བཞག །ནང་དུ་གུ་གུལ་དང་ཡུངས་ཀར་གཉིས་བླུག་པས་མེ་ཞུ་བྱུང་བའི་སྟེང་པདྨ་རཀྟ་གྲི་ཀྭང་བཏབ། དེ་སྟེང་ཐལ་ཆེན་གྱིས་གཡོས་ནས་རིལ་བུ་རྡོ་རྗེའི་བུག་པར་ཤོངས་ཚོད་བྱས་ནས་བཅུག་པས་འཛག་པའི་རིགས་ཐམས་ཅད་ཆོད་དོ། །ལམ་བསྡུས་པ་ནི། སྔོན་འགྲོ་ཐུར་སེལ་དབང་དུ་བྱ་བ། དངོས་གཞི་དབབ་བཟུང་། རྗེས་ཁབ་འགེམ་མོ། །(༡༢ན)


GLG010_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། པུས་མོ་གཉིས་གྲུ་མོ་འོག་ཏུ་ཚུད་པར་བྱས། ལག་མཐིལ་གཡས་གཡོན་ཉི་ཟླར་བསྒོམ་པ་བསྣོལ་ནས་པུས་མོར་བཀབ་ནས། རླུང་རིང་པོ་ཐུང་ངུ་། ཤིན་ཏུ་ཐུང་ངུ་སྦྲེལ་ནས་མདུན་དུ་རྔུབས་ནས་ཁ་སྦྱོར་འཛིན། དེ་བཞིན་དུ། གཡས། མདུན། གཡོན། མདུན་ཏེ་ལྔར་བྱ། ཡང་མདུན་ནས་ཕྱིར་རིང་ཐུང་ཤིན་ཏུ་ཐུང་བ་བུས་རྗེས་འབྲེལ་ནས་ནང་དུ་རྡུལ་པ་ཡང་རིང་ཐུང་ཤིན་ཏུ་ཐུང་པ་སྟེ་གསུམ་བྱའོ། །མཐར་མགོ་སྒྱེད་སྒྱེད་པ་བྱ། གཉིས་པ་ནི། གཟུགས་ལ་བལྟ་བ་སོགས་ལྔ་བཞག །གཞན་རིག་མ་དག་པ་ནས་དབབ་པའི་བར་སྔར་ལྟར་ལ་བཞུགས་སྟངས་བཤད་མ་ཐག་པའི་ཙོག་པུ་བྱ། གུང་མཛུབ་གཡས་གཉིས་འཇིབ་ཚེ་མིག་གཡོན་གདངས། ཅིག་ཤོས་ཀྱང་དེ་ལས་བཟློག་པ་བྱས་པས་འཛིན་ནོ། །གསུམ་པ་ནི། གླང་ཆེན་ཧིང་ཞེས་པ། རྐང་མཐིལ་གྱི་སྦོ་སར་བཙུགས་རྟིང་པའི་སྟེང་དུ་ཕོངས་ཚོས་བཞག །ཧེ་ཧོང་གིས་ལྟེ་བ། དེ་བཞིན་དུ་ཧཱུཾ་ཧཱུཾ། ཧ་ཧ་གི །ཧི་ཧི་གིས་བྱང་སེམས་སྤྱི་བོའི་བར་དུ་དྲང་ངོ་། །སེང་གེ་རྣམ་རོལ་ཞེས་པ་མཐེ་བོང་། མཛུབ་མོ། གུང་མོ། སྲིན་མཛུབ། མཐེའུ་ཆུང་གི་རིམ་པ་ལྟར། མིག །རྣ་བ། སྣ། ཡས་མཆུ། མས་མཆུ་རྣམས་བཀབ་ལ་མགོ་གཡས་སྐོར་གསུམ། གཡོན་སྐོར་གསུམ། ཡང་མ་ངེས་པར་རྒྱུན་རིང་བར་འཁོར་རོ། །དེ་ལྟར་ཉམས་སུ་བླངས་པས་ལྟ་བ་དགའ་བཞི་ལ། ཕྱི་གོ་རིམ་ལ་བལྟོས་པ་ནི། གཟུགས་ལ་བལྟ་བ་ནས་རེག་བྱའི་བར་དགའ་བ། འབོལ་དང་ཀ་ཀོ་ལ་སྦྱོར་བ་མཆོག་དགའ། སློབ་པས་དགའ་བྲལ། དེ་ལས་རྩ་ཐིག་རླུང་གསང་། གནས་བཞི་ཁ་སྦྱོར་བ་ལྷན་སྐྱེས་ཀྱི་དགའ་བའོ། །ནང་གནས་ལ་བལྟོས་པའི་ཕྱི་ནང་(༡༢བ)


GLG010_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་ཕྱི་ནི། ཁོལ་བུ་དང་། ཕལ་ཆེར་དང་། ཐམས་ཅད་དང་། སྣང་བ་ཐམས་ཅད་ཀྱི་བཞི་ག་བདེ་བར་སོང་བ་རིམ་བཞིན་དགའ་བ་སོགས་སོ། །ནང་ནི་སྙིང་མགྲིན་ལྟེ་གསང་བཞིར་སླེབ་པ་ལ་རིམ་བཞིན་དགའ་བ་སོགས་སོ། །སྤང་བྱ་ནི། ཆོས་བརྒྱད་ཀྱི་རྟོགས་པ་ཅུང་ཟད་འགགས་པ། ཕལ་ཆེར་འགགས་པ། རིག་མ་ལ་ཞེན་པ་ཙམ་འགགས་པ། དག་པ་གསུམ་ལ་ཞེན་པ་འགགས་པ་རྣམས་ཀྱང་སྔར་ལྟར་རིམ་བཞིན་ནོ། །ངོ་བོ་ལ་བལྟོས་པ་ནི་བདེ་བ་ཅུང་ཟད་སྐྱེས་པ། ཆེར་སྐྱེས་པ་བདེ་བ་མི་རྟོག་པ་དང་ལྡན་པ། བདེ་སྟོང་ཟུང་དུ་འཇུག་པ་རྣམས་སྔར་ལྟར་རོ། །ཕྱི་མའི་གཅིག་པོ་ནི་སྐྱོན་མེད་དོ། གྲུབ་མཐའ་ནི། ལྟ་བ་དེ་སྤྱོད་པ་གསུམ་གྱིས་ཉམས་སུ་བླངས་ཏེ་ལམ་དུ་བྱས་པས། རྣལ་འབྱོར་བ་དེའི་ངོ་བོར་ཁམས་གསུམ་ཐམས་ཅད་བདེ་སྟོང་ཟུང་འཇུག་གི་རོལ་བར་འཆར་བ་ནི་གྲུབ་མཐའ་བདེ་སྟོང་རྒྱ་ཆུང་ངུའོ། །འདའ་ཀ་མ་ནམ་འཆི་བའི་ཚེ་རྡོ་རྗེ་སེམས་དཔའ་འབྱོན་པར་གྱུར་བ་ལ། སྦྱང་བསྒོམ་ལས་སྦྱར་གསུམ་ལས། དང་པོ་ནི། གསང་བ་བདེ་སྟོང་སྟོན་པའི་བླ་མ། ལམ་དཀྱིལ་འཁོར་འཁོར་ལོ། ལྟེ་བ་བདེ་སྟོང་ཟུང་འཇུག་རྣམས་ཡང་ཡང་དྲན་པར་བྱའོ། །གཉིས་པ་ནི། སྣང་མཆེད་ཐོབ་གསུམ་གྱི་ཕྲ་བའི་ཐིམ་རིམ་བྱུང་དུས་བདེ་སྟོང་གི་ལྟ་བ་ཅིས་ཀྱང་ཉམས་སུ་མྱོང་བར་བྱ་སྙམ་པ་ལ་བསྒོམ་མོ། གསུམ་པ་ནི། སྒྲ་དང་ཡི་གེས་འཕོ་བ་བུམ་དབང་གི་སྐབས་ལྟར་རོ། །ཐིམ་རིམ་དང་བར་དོའི་སྣང་བ་ཐམས་ཅད་ངོ་བོ་བདེ་སྟོང་ཟུང་འཇུག་ལ་ཐིག་ལེ་མུ་ཏིག་གི་རྡོག་མ་ལྟ་བུར་སྤྱད། རྨི་ལམ་སྒྱུ་ལུས་ཀྱི་སྣང་བ་ཐམས་ཅད་བདེ་སྟོང་ཟུང་འཇུག་ཏུ་ཐག་བཅད་ཅིང་བསྒོམ་མོ། །དེ་རྣམས་ཀྱིས་ཁམས་འདུས་པར་བར་མའི་ལམ་ཆོད། ཁམས་བདུད་(༡༣ན)


GLG010_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་འགྲོས་ཐིམ། ས་བརྒྱད་པ་དང་དགུ་པ་མངོན་དུ་བྱས། བདུད་རྩི་གནས་གྱུར། འབྲས་བུ་ཆོས་སྐུ་མངོན་དུ་བྱེད་དོ། །ལེགས་པའི་བློ་གྲོས་ས་དེ་མངོན་གྱུར་པའི། །ཐབས་མཆོག་ཤེས་རབ་ཡེ་ཤེས་ལམ་གྱི་འགྲོས། །ཟག་མེད་བདེ་བ་མཆོག་གི་དགའ་སྟོན་གྱིས། །ཟུང་འཇུག་མགྲོན་དེ་རིང་ནས་རིང་བསུ་བཞིན། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཉམས་ལེན་རྣམས་གསུང་སྒྲོས་ལྟར་བཀོད་ཟིན་ཏོ། །ཁམས་འདུས་པ་ཐ་མ་སྐྱོན་མེད་གཉུག་མ་ཡེ་ཤེས་ཀྱི་ལམ་གྱིས་ཁྲིད་པའམ། དབང་བཞི་པའི་ལམ་མམ་རྡོ་རྗེ་རྦ་རླབས་ཀྱི་ནི། རྡོ་རྗེ་སྟོང་པ་ཉིད་དང་། རྦ་རླབས་ནི་ལམ་དེ་བསྒོམས་པས་སྣང་བ་ཐམས་ཅད་བདེ་སྟོང་མཆོག་གི་ལམ་དུ་བསྒྱུར་ནས་སྟོང་པ་ཉིད་ལས་གཞན་མ་ཡིན་པའི་ཕྱིར། དེ་སྐད་ཅེས་བྱ་སྟེ་དཔེར་ན་རྒྱ་མཚོའི་རྦ་རླབས་དང་ལྦུ་བའི་འཕྲེང་བ་ལ་སོགས་པ་ཇི་སྙེད་འབྱུང་ཡང་དེ་ལས་འབྱུང་ཞིང་ཐིམ་ཀྱང་དེ་ལ་ཐིམ་པས་ཆུ་བུར་ཆུ་ཡི་ཡིན་ཏེ། དེ་ལས་ཐ་དད་མིན་པ་བཞིན་ནོ། །དེ་ཉམས་སུ་ལེན་པ་ལ་སྦྱོར་དངོས་རྗེས་གསུམ། དང་པོ་ནི། ཁྲིད་ཀྱི་སྔོན་འགྲོ་སྔར་དང་འདྲ། ཐུན་གྱི་སྔོན་འགྲོ་བསྒོམ་པ་གསུམ་དང་། གནད་ལ་དབབ་པ་གསུམ་སྔར་བྱས་རྗེས། རབ་འཕྲིན་ལས་སུམ་ཅུ་སོ་གཉིས་ལུགས་འབྱུང་ལུགས་ལྡོག་འཆོལ་བ་དང་བཅས་པའི་ཚར་གསུམ་གྲུབ་པར་བྱ། མ་གྲུབ་ན་ཡན་ལག་ལྔ་སྦྱོར་བ་བྱའོ། །གཉིས་པ་དངོས་གཞི་ལ་འོག་རླུང་བསྐུམ་པ་ལུས་ཀྱི་རྦ་རླབས་ནི། ལག་གཉིས་པུས་མོའི་སྟེང་དུ་བཀབ། ལྟེ་བ་རྒལ་ཚིགས་ལ་སྦྱར། སྣ་ནས་རླུང་དྲག་ཏུ་ཕྱིར་འབུད་པ་གསུམ་ནང་དུ་རྔུབ་པ་གསུམ་བྱས་ཁ་སྦྱར་བཟུང་ཚེ་འོག་རླུང་དལ་བུས་དྲངས་ལ་དྲག་ཏུ་འཐེན་འཕོངས་མཚོས་གཡས་གཡོན་རེ་མོས་ཀྱིས་འདེགས་འཇོག་བྱས་མནན། དེ་བཞིན་དུ་གཡས་(༡༣བ)


GLG010_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུའང་དེ་འདྲ་རེ་བྱའོ། །གསུམ་ག་ལ་ཁ་སྦྱར་བ་ཕྱིར་གཏོང་ཚེ་འོག་རླུང་སྔོན་དུ་གཏོང་། དེ་གོམས་པས་འོག་རླུང་བཏང་ཀྱང་སྟེང་རླུང་མི་འཆོར་བ་འབྱུང་བས་བུམ་ཅན་ཞབས་རྩགས་མ་ཟེར་རོ། །ཐུན་གྲངས་མེད་ཚད་མེད་དུ་ཉམས་སུ་བླངས་པས། ལུས་ལ་བདེ་བ་དང་སེམས་ལ་རྟོགས་པ་འཆར། དེའི་རྐྱེན་གྱིས་ཁམས་འཛག་པ་བྱུང་ན། རོ་སྟོད་དྲག་ཏུ་གཅུ་བ་དང་། མིག་གྱེན་དུ་བལྟས་པས་སེལ་ལོ། །གཉིས་པ་ངག་འདྲེན་པ་ཞི་དྲག་གི་རྦ་རླབས་ལས། དང་པོ་ནི། རྡོ་རྗེ་སྐྱིལ་ཀྲུང་ཁུ་ཚུར་སྙིང་གར་བསྣོལ། ལུས་ཅུང་ཟད་སྒུར་བར་བྱས་ལ། སོ་བར་ནས་རླུང་གི་གདངས་ཨིའི་རྣམ་པ་ལ་སྒྲ་མེད་དུ་རྔུབས། ཤུགས་རྫོགས་པ་དང་ལུས་བསྲངས་ཏེ་མགོ་བོ་སྒྱེད་སྒྱེད་པ་གཉིས་བྱ་ཞིང་། འོག་རླུང་ཀྱང་རྫོགས་པར་འཐེན་ནས་ཁ་སྦྱོར་ལྟ་བའི་ངང་དུ་བཞག །སྤྲོ་ན་གཡས་གཡོན་དུ་བྱས་ཀྱང་ཆོག །དྲག་པོ་ནི་འདུག་སྟངས་སྔར་ལས་རླུང་གི་གདངས་ཧཱུཾ་གི་སྒྲར་བསམ་སྒྲ་བཅས་སུ་འདྲེན་བཞིན་སྔར་དང་འདྲ། གཉིས་ཀ་ལ་རང་ལྷར་གསལ་བའི་རྡོ་རྗེའི་རྩེ་ནས་རླུང་འོད་ཟེར་ཁ་དོག་ལྔ་པ་བྱུང་ནས་ལྟེ་བ་བརྒྱུད་རིམ་གྱིས་སྤྱི་བོར་ཐིམ་པར་བསམ་མོ། །གསུམ་པ་ཏིང་ངེ་འཛིན་སེམས་ཀྱི་རྦ་རླབས་ལ། རིག་མ་དག་པ་ནས་རྡོ་རྗེའི་རྩེར་དབང་པའི་བར་ཤེར་དབང་ལྟར་ལ། བྱང་ཆུབ་ཀྱི་སེམས་དེ་གཉིས་འོད་ཟེར་ཁ་དོག་སྣ་ཚོགས་པ་རླུང་གི་རང་བཞིན་དུ་གྱུར་ནས་རོ་མའི་ལམ་ནས་གཡས་སྐོར་གྱིས་ལྟེ་བའི་འཁོར་ལ་གཡས་སུ་ལན་གསུམ་བསྐོར་བས་ཁམས་དཀར་པོའི་ནུས་པས་ནམ་ལངས་པ་ལྟར། དམར་པོའི་ནུས་པས་ཉི་མ་ཤར་བ་ལྟ་བུ་དང་། རླུང་གི་ནུས་པས་རྒྱུ་མ་ཕུས་བརྒྱངས་པ་ལྟར་བྱས། དེ་ནས་སྤྱི་བོར་རྩ་འཁོར་བར་རིགས་འགྲེ། དེ་ནས་འོད་ཟེར་སྤྱི་བོ་ནས་ཕྱིར་སོང་སྟེ་སྣོད་(༡༤ན)


GLG010_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ཁང་དུ་གྱུར། བཅུད་ཀྱི་སེམས་ཅན་ལ་དབང་བསྐུར་ཏེ་ལྷར་གྱུར། སེམས་ཅན་དེ་རྣམས་ཀྱང་འོད་ཟེར་གྱི་རྣམ་པར་བྱས་ནས་འོད་ཟེར་ལྔ་ལྡན་དང་མཉམ་དུ་མར་བྱུང་། རྐྱང་མ་ནས་གཡོན་སྐོར་དུ་ཐུར་ལ་སྤྱི་བོར་རྩ་འཁོར་ནས་གསང་གནས་ཡན་སྔར་ལྟར་བྱས། ཡང་དབུ་མའི་ལམ་བརྒྱུད་སྤྱི་བོའི་བར་དུ་སོང་བས་རིམ་བཞིན་མས་ནས་རང་ལུས་འཇའ་འོད་དུ་གྱུར་པས་བསམ་ཞིང་འཛིན་མེད་དུ་འཇོག །ལས་རྒྱ་དངོས་སུ་ཡོད་ན་བདག་རྒྱུད་གཞན་རྒྱུད་གཉིས་ཀའི་རྒྱུད་དག་པའི་དབང་དུ་བྱས་ན། རིག་མ་ལ་ཡང་དམིགས་པ་དེ་དག་བྱེད་ཅིང་སྤྱི་བོ་ནས་ཕྱིར་སྤྲོ་བ་དེ་མི་དགོས་སོ། །དེ་ལྟ་བུའི་འོད་ཁ་དོག་ལྔ་ལྡན་དེ་རོ་མར་དྲངས་པས་རོ་མ་དབང་དུ་འདུས། རྩོལ་བ་ལ་དབང་ཐོབ། རྣམ་པར་ཐར་པ་མཚན་མ་མེད་པ་མངོན་དུ་བྱེད། རྐྱང་མར་དྲངས་པས་རྐྱང་མ་དང་། སྲོག་ལ། སྨོན་པ་མེད་པ་གསུམ་ལ་སྔར་ལྟར་བྱེད། དབུ་མར་དྲངས་པས་དབུ་མ་དང་རླུང་གནས་པ། རྣམ་པར་ཐར་པ་སྟོང་པ་ཉིད་ལ་སྔར་ལྟར་རོ། །དེ་དག་ལས་བྱུང་བའི་ལྟ་བ་ནི། ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པ་མས་བརྟན་གྱི་དགའ་བ་བཞི་ནི། རྒྱུ་མཐུན་གྱིས་ནི་སྐྲ་དཀར་འཇོམས། །རྣམ་སྨིན་གྱི་ནི་སྟོབས་རབ་སྟེར། །སྐྱེས་བུར་བྱེད་པས་སྟོབས་རབ་འཕེལ། །དྲི་མ་བྲལ་བས་འཆི་མེད་སྟེར། །ཞེས་པ་ལྟར། ཁམས་དཀར་དམར་ལྟེ་བར་བྱེད་པས། ལྟེ་བ་མེ་ལོང་གི་ངོས་ལྟར་འཇམ་པ་སེན་མོས་ཀྱང་བཟུང་བར་མི་ནུས། སྐྲ་དཀར་དང་གཉེར་མ་མེད་པའི་གཞོན་ཤ་ཆགས་པ། སྙིང་གར་བྱོན་པས་སྲེད་མེད་ཀྱི་བུའི་སྟོབས་སམ་གླང་པོ་ཆེ་ཁྱུ་མཆོག་གིས་ཀྱང་འགྲན་པར་མི་བཟོད་པ་དང་སྟོབས་འཕེལ། མགྲིན་པར་བརྟན་པས་ལྕེས་གདོང་(༡༤བ)


GLG010_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཁེབས་པ། སྤྱི་བོར་བརྟན་པས་ལོ་སྟོང་ཐུབ་པ་འབྱུང་ངོ་། །སེམས་ལ་ཕན་གདགས་པ་ནི། ཡང་སྔར་གྱི་གནས་བཞི་པོར་རིམ་པར་བརྟན་པས། རང་གི་རིག་པ་བདེ་སྟོང་དུ་འཆར། སྣང་བ་ཐམས་ཅད་བདེ་སྟོང་། མྱངས་བའི་རོ་ཐམས་ཅད་འཁོར་འདས་ཀྱི་ཆོས་ཐམས་ཅད་བདེ་སྟོང་ཟུང་འཇུག་འབའ་ཞིག་ཏུ་འཆར་རོ། །ལུས་སེམས་གཉིས་ཀའི་ཡོན་ཏན་ནི་ཡང་རིམ་པ་ལྟར། མཐོང་ན་མི་མཐུན་པ་མེད་ཅིང་ཡིད་དུ་འོང་བ། མངོན་ཤེས་ཅུང་ཟད་འཆར། རོ་ཐམས་ཅད་ལ་ལོངས་སྤྱོད་པར་ནུས། རྫུ་འཕྲུལ་སྣ་ཚོགས་སྟོན་ནུས་སོ། །སྤྱོད་པ་གསུམ་སྔར་ལྟར་སྤྱད་པ་དང་། ལྷ་དང་བླ་མས་ལུང་བསྟན་པའི་པདྨ་ཅན་སོགས་གཞུང་ནས་བྱུང་བ་བཞིན་དུ་སྤྱོད་པ་བསྐྱངས་པས་གྲུབ་མཐའ་བདེ་སྟོང་རྒྱ་ཆེན་པོ་མཐར་འབྲས་བུའི་དབང་སླངས་བ་ལ་བརྟེན་ནས་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་མངོན་དུ་བྱེད་དོ། །འདའ་ཀ་མ་ཕྱག་རྒྱ་ཆེན་པོ་ནས་འཕོ་བ་ལ་སྦྱང་བསྒོམ་སྦྱར་གསུམ་ལས། དང་པོ་ནི། བླ་མ་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ལྟ་བ་སྟོན་པའི་བླ་མ། ལམ་ལྟ་བ་མས་བསྟན་གྱི་དགའ་བཞི་ཡང་ཡང་དྲན་པར་བྱ། གཉིས་པ་ནི། ལྟ་བ་བདེ་སྟོང་མཆོག་ཏུ་གྱུར་པ་ཡང་ཡང་དྲན་པར་བྱའོ། །གསུམ་པ་ལ། ཡི་གེ་དང་སྒྲས་འཕོ་བ་གཉིས་ལས། དང་པོ་ནི། བུ་གར་གུར་ཞག་པ་སྔར་ལྟར་རྩ་གསུམ་འཁོར་ལོ་བཞི་ཡི་གེ་དང་བཅས་པ་གཏུམ་མོ་འཐུག་པོ་ལྟར་བྱ། རོ་རྐྱང་གི་ནང་དུ་ཧ་ཀྵ་སྤངས་པའི་ཀཱ་ལི་ཐུར་བསྟན་དཀར་པོ། །ཨཱ་ལི་གྱེན་བསྟན་དམར་པོ། །དེ་ཡང་ཀ་ཁ་ཨ་གྷ་ཨཱ་ཞེས་པ་ལྟ་བུ་ཨཱ་(༡༥ན)


GLG010_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་ཡོད་པ་རེ་རེ་གསལ་གདབ། རྩོལ་བའི་རླུང་ཕྱིར་སོང་བའི་ཚེ། སྟོད་རླུང་རྣམས་སྤྱི་མགྲིན་གྱི་འཁོར་ལོ་ལ་ཐིམ། སྲོག་ནང་དུ་འཇུག་ཚེ་སྙིང་ལྟེའི་འཁོར་ལོ་ལ་ཐིམ་པར་བསམ། སྒྲས་འཕོ་བ་ནི། དངོས་གཞི་དེ་བ་ལ་སྲོག་རྩོལ་གྱི་ཚབ་ཏུ་ཧི་ཀ་ཁཨགགཧ་དང་ཀ་ཧི་བྱེད་དོ། །ཕྱི་དབུགས་ཆད་པའི་ཚོད་ཀྱི་ཚེ་གྲོགས་ཀྱིས་གསལ་བཏབ་པ་ལ་བརྟེན་ནས་སྔར་གྱིས་ཉམས་མྱོང་གིས་རྐྱེན་བྱས་པས་འབྲས་བུ་ཐོབ་པ་ནི་ཕྱག་རྒྱ་ཆེན་པོ་ནས་འཕོ་བའོ། །བར་དོ་དང་རྨི་ལམ་རྒྱུ་ལུས་གསུམ་ནི། བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ལ་རྣམ་བྱང་སོགས་དེ་དང་དེའི་སྐབས་སུ་གྱུར་པའོ། །ས་བཅད་ཕྱི་མ་རྣམས་དང་། ལམ་དང་འབྲས་བུ་བརྙེས་ཚུལ་ནི་གཞུང་བཞིན་ནོ། །སྐུ་བཞི་མངོན་གྱུར་ཟུང་འཇུག་རྡོ་རྗེ་འཆང་། །འགྲུབ་བྱ་བཞི་པའི་ལམ་གྱི་རིམ་པ་རྣམས། །དཔལ་ལྡན་ཆོས་སྐྱོང་ངུར་སྨིག་རྣམ་རོལ་བའི། །མཁས་གྲུབ་དམ་པའི་གསུང་རྒྱུན་འདི་བཞིན་བཀོད། །དབང་བཞི་པའི་ལམ་ཉམས་ལེན་གྱི་རིམ་པ་མཐའ་དག་མ་ཚང་བ་མེད་པར་བཤད་ཟིན་ཏོ། །ཐུབ་བསྟན་ཡོངས་སུ་རྫོགས་པའི་ཉམས་ལེན་ཀུན། །ལེགས་པར་བཤད་པ་རྣལ་འབྱོར་དབང་ཕྱུག་གི །གསུང་ངག་གཞི་ལམ་འབྲས་བུར་བཅས་པའི་ཆོས། །ཚེ་གཅིག་སངས་རྒྱས་བསྒྲུབ་པའི་ཉེ་བའི་ལམ། །ཚུལ་འདི་ཁ་བའི་ལྗོངས་སུ་འབྲོག་མི་དང་། །རྗེ་བཙུན་བརྩེ་བ་ཆེན་པོ་ས་སྐྱ་པ། །བརྒྱུད་པར་བཅས་པས་ཉི་ཟླ་ལྔར་གསལ་ཡང་། །དེང་དུས་ཡོངས་སུ་རྫོགས་པ་ཉིན་སྐར་བཞིན། །ཚོགས་བཤད་ཚིག་གི་སྦུན་པའི་བཤད་ཡམས་ཙམ། །མ་ཡིན་སྙིང་པོའི་ཉམས་ལེན་སློབ་བཤད་ཅེས། ཁའུ་བྲག་རྫོངས་བཞེད་སྲོལ་འཁྲུལ་(༡༥བ)


GLG010_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱིས། །ཕྱོགས་དུས་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་ཤོག །འདི་དག་རྣམས་ནི་མུས་ཆེན་སེམས་དཔའ་ཆེན་པོས་བདག་ཆེན་རྡོ་རྗེ་འཆང་ལ་ཐུན་མོང་མ་ཡིན་པར་སྩལ་བའི་སློབ་བཤད་དང་། ཐུན་མོང་མ་ཡིན་པའི་ཡང་ཐུན་མོང་མ་ཡིན་པ་ཡབ་འཇམ་དབྱངས་ཆོས་རྗེ་ནས་བརྒྱུད་པའི་ཟབ་གནད་རྣམས་དང་བཅས་ཏེ་དམིགས་རིམ་རྣམས་ཕྱོགས་གཅིག་ཏུ་ཟ་ཧོར་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་བཀོད་པ་ཡིན་གྱི། ལུང་སྦྱོར་སོགས་རྒྱས་པར་སྤྲོ་དགོས་པ་རྣམས་ཚིགས་སྦས་དོན་གསལ་བ་དང་། རྗེ་ཀླུ་སྒྲུབ་རྒྱ་མཚོས་མཛད་པ་རྣམས་ལས་ཤེས་པར་བྱའོ། །སརྦ་མངྒ་ལཾ།། །།


previousགསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་འཁྲིད་ཀྱི་ཟིན་བྲིས་བསྟན་པ་རྒྱས་བྱེད་ཅེས་བྱ་བ་ལས་བུམ་དབང་གི་རྨི་ལམ་མན་གྱི་ཟིན་བྲིས་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བ།next