Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
ཟབ་ལམ་འཕོ་བའི་མན་ངག་མཁའ་སྤྱོད་བགྲོད་པའི་ཐེམ་སྐས།
   
   
   
   
   
   
   
   
   
   
   
   
   
   


 
previousཟབ་ལམ་འཕོ་བའི་མན་ངག་མཁའ་སྤྱོད་བགྲོད་པའི་ཐེམ་སྐས།next

ཟབ་ལམ་འཕོ་བའི་མན་ངག་མཁའ་སྤྱོད་བགྲོད་པའི་ཐེམ་སྐས།


GLG010_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་འཕོ་བའི་མན་ངག་མཁའ་སྤྱོད་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།།


GLG010_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཌཱ་ཀི་ནྱཻ། དཔལ་ལྡན་ཕུན་ཚོགས་ཟབ་དོན་འབྱོར་པའི་མཛོད། །ལྷུན་གྲུབ་སྐལ་བཟང་གདུལ་བྱ་སྨིན་མཛད་པའི། །གྲུབ་པའི་དབང་ཕྱུག་ཆེན་པོ་རས་ཆེན་པ། །ཟབ་དོན་གདམས་པའི་གཏེར་གྱུར་ཕྱག་གི་ཡུལ། །ངག་དབང་འཇམ་དབྱངས་གཞོན་ནུའི་མཁྱེན་དཔྱོད་ཅན། །དུས་ཀུན་བཀྲ་ཤིས་དམ་པའི་ཆོས་ཀྱི་མཛོད། །ཀུན་དགའི་དགའ་སྟོན་སྩོལ་བའི་རྡོ་རྗེ་འཛིན། ཁྱབ་བདག་བླ་མ་རིགས་ཀྱི་བདག་པོར་བཞུགས། །རྣལ་འབྱོར་དབང་མོའི་ཞལ་ལུང་བྱིན་རླབས་ཀྱི། །དྲོད་ལྡན་མཁའ་འགྲོའི་ཁ་རླངས་ཟིལ་དངར་ཅན། །འདའ་ཀའི་ཉམས་ལེན་ཐེམ་སྐས་ལ་བརྟེན་ནས། །མཁའ་སྤྱོད་བསྒྲུབ་པའི་གདམས་པ་བཤད་ཀྱི་ཉོན། །དེ་ལ་འདིར་འདའ་ཀ་མའི་ཉམས་ལེན་རྣམས་ཀྱི་ནང་ནས་ཟབ་པ་ལས་ཀྱང་ཆེས་ཟབ་པ་འཕོ་བ་ནི་གུ་མར་གྲགས་པའི་ཟབ་ཁྲིད་ཉམས་སུ་ལེན་པར་བྱེད་པ་ལ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བའི་ཕྱིར་བརྒྱུད་པའི་ལོ་རྒྱུས་དང་། དེ་ལས་འོངས་པའི་གདམས་པ་གཉིས། དང་པོ་ནི། དབྱངས་ཅན་མས་རྗེས་སུ་བཟུང་བའི་པཎྜི་ཏ་ཆེན་པོ་བོ་དོང་པ་འཇིགས་མེད་གྲགས་པའམ་ཕྱོགས་ལས་(༢ན)


GLG010_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྒྱལ་ཞེས་མཚན་གྱི་རྔ་དབྱངས་ཕྱོགས་བྲལ་གྱི་རྣ་བར་འགོད་པ་གང་དེའི་སློབ་མའི་མཆོག་གྲུབ་པའི་དབང་ཕྱུག་རས་ཆེན་དཔལ་འབྱོར་བཟང་པོ་དེ། རྗེ་བོ་དོང་པ་ཞིང་ཁམས་གཞན་དུ་འཕོས་པའི་རྐྱེན་གྱིས་ཐུགས་སྐྱོ་ནས་འདུ་འཛིའི་རྣམ་གཡེང་མཐའ་དག་བསྐྱུངས་ཏེ་རྡོ་རྗེ་ཕག་མོའི་བསྒྲུབ་པ་ཞིག་མཛད་པས། བསྒྲུབ་པ་འཐོན་ཁར་དངོས་ཉམས་ཀྱི་མཚན་མ་ལ། བྱམས་ཆེན་ཆོས་རྗེས་རྗེས་སུ་འཛིན་པར་འདུག་པས་གཙང་བྱམས་ཆེན་དུ་སོང་ཟེར་བ་ཞིག་བྱུང་བས་ལུང་བསྟན་ཚད་མར་མཁྱེན་ཏེ་བྱོན་པ་ན། ཆོས་རྗེ་གྲགས་པ་བའི་བྲང་ཁང་དུ་བྱམས་ཆེན་ཆོས་རྗེ་གདན་དྲངས་འདུག་པའི་ལམ་དུ་བསྒུག་སྡོད་བྱས་པས། དར་ཅིག་ནས་བྱམས་ཆེན་ཆོས་རྗེ་ཕེབས་བྱུང་བར་རྒྱུ་མཚན་ཞུས་པས། ཁྱོད་སྨྱོ་བའམ་འཁྲུལ་པ་ཞིག་ཡིན་པ་འདྲ་གསུང་བར་ཞབས་ལ་འཇུས་ཏེ་ནན་གྱིས་གསོལ་བ་བཏབ་པས། འོ་ན་དོ་ནུབ་བརྟག་པ་བྱེད་པས་སྒུགས་ཤིག་གསུངས། སང་ནང་པར་ཚ་བ་སོགས་བདག་རྐྱེན་ཐུགས་ལ་བཏགས་ནས། ཁྱོད་ཀྱི་ལུང་བསྟན་དེ་རྣམ་དག་ཡིན་པར་འདུག་ཀྱང་དེ་ང་དང་ལས་འབྲེལ་ཆེ་བར་མི་འདུག་པས་ཕན་མི་ཐོགས། བདེ་ཆེན་སྟེང་དུ་ཨ་མོ་སྔགས་མཁན་མ་བྱ་བ་ཡོད་པས་དེས་རྗེས་(༢བ)


GLG010_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འཛིན་པས་སོང་གསུང་པ་ལྟར་བྱོན། བུ་མོ་ཞིག་འདུག་པར་གཏམ་དྲིས་པས། ཨ་མ་གྲོང་ཆོག་ལ་བྱོན་ནས་མེད། དོན་གལ་ཆེ་བར་ཡོད་ན་ཞག་གཉིས་གསུམ་ལས་མི་འགྱངས་བས་འདིར་སྒུགས་ངེད་ཀྱི་འཚོ་བ་འདྲེན་གསུང་པ་ལྟར་དེ་ནུབ་བཞུགས་པའི་རྨི་ལམ་དུ། ལྕགས་ཕག་ནག་པོ་ཞིག་རྨིས། ནང་པར་བུ་མོ་ལ་གཤད་པས་ཨ་མ་འབྱོན་པའི་རྟགས་ཡིན་ཟེར། ཉི་མ་གུང་ལ་ཟིན་ཙམ་ལ་ཨ་མ་ཡོན་བདག་གི་གླང་ལ་ཞོན་ནས་བྱོན་བྱུང་བར་ཕྱག་བཙལ་ཞིང་རྒྱུ་མཚན་ཞུས་པས། ཁྱོད་སྨྱོ་བའམ་འཁྲུལ་བ་ཞིག་འདུག །འོན་ཀྱང་དོ་ནུབ་བརྟག་པ་བྱེད་པས་སྒུགས་གསུངས། སང་ནང་པར་ང་དང་ལས་འབྲེལ་ཆེ་བར་མི་འདུག་པས། ཤངས་ན་བུ་མོ་ལོ་བཅུ་དྲུག་ཙམ་ལོན་པའི་མཚན་ལྡན་ཞིག་ཡོད་པས། དེའི་དྲུང་དུ་སོང་རྗེས་སུ་འཛིན་ཞེས་ལུང་བསྟན་པ་ལྟར་ཤངས་ཀྱི་མདའ་ནས་ལྷ་ཕུའི་བར་དུ་བཙལ་ཡང་མ་རྙེད། ཕྱིར་འཚོལ་ཀྱིན་ལོག་བྱོན་པས། ཐང་མགོ་བྲག་སྣེ་ཞིག་ཏུ་བུ་མོ་སྤ་ཐུམས་འཁུར་བ་ཞིག་དང་ཕྲད་པ་ལུང་བསྟན་དང་མཐུན་བྱུང་ནས་ཕྱག་བཙལ་ཞིང་ན་བཟའ་ནས་འཇུས་ཏེ་ལོ་རྒྱུས་ཞུས་པས། ཁྱོད་རྣལ་འབྱོར་པ་སྨྱོན་པ་ཞིག་འདུག་པ་ལམ་དུ་འགྲོ་བ་མི་གཏོང་བར། གཞན་གྱིས་མཐོང་ན་ངེད་རང་གཉིས་ལ་འཕྱས་སྨོད་ཀྱང་བྱེད་ཟེར། ནན་གྱི་གསོལ་བ་བཏབ་པས། འོ་ན་གསང་སྔགས་ཟབ་མོའི་ཆོས་ཞུ་བར་ཚོགས་ཀྱི་འཁོར་ལོ་དགོས་པས་ཨ་ཡོད་གསུང་བར། ད་ལྟ་མ་མཆིས་པས་ཞག་གཅིག་གཉིས་ཀྱི་བར་རྩོལ་བ་ཞིག་བྱེད་ལགས་ཞུས་པས། དེས་མི་འོང་བ་ལྟ་དགོས་གསུངས་ཏེ་ཤུག་པ་ཞིག་རྒྱབ་སོང་བས། ཕ་རི་ཚུ་རི་ནས་རྫི་བོ་བུ་ཚ་བུ་མོ་མང་པོ་འདུས་བྱུང་སྟེ། དེ་རྣམས་ཀྱི་མཛར་བ་བླུག་པའི་སྣོད་ཀྱི་ནང་ནས། ཤ །ཆང་། ཟན་སོགས་ལོངས་(༣ན)


GLG010_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཆེན་པོ་སྤུངས་བྱུང་བ་ལ་ཚོགས་ཀྱི་འཁོར་ལོར་མཛད་གདམས་པ་ཟབ་མོ་རྫོགས་པར་གནང་། ཁྱད་པར་ཟབ་མོ་འཕོ་བའི་མན་ངག་འདི། དབུས་གཙང་རུ་བཞི། ཉང་ལོང་ཀོང་གསུམ་སོགས་སུ། ལ་ཕྲད་ལ་རུ་ཐོབ། ལུང་ཕྲད་ལུང་དུ་ཐོབ་གསུངས་ནས། བུ་མོ་སོགས་ཐམས་ཅད་འཇའ་ཡལ་པ་ལྟར་གྱུར། དེ་ནས་ལུང་བསྟན་ལྟར་ཕྱོགས་མེད་དུ་འགྲོ་དོན་མཛད་པས། འཕོ་བ་བཏབ་པ་རྣམས་ལ་སྤྱི་གཙུག་རྡོལ་ཏེ་འཇག་མ་བཙུགས་ཆོག་པ་བྱུང་བས་འཕོ་བ་འཇག་བཙུགས་མར་གྲགས། ཡར་ལུང་གད་པ་སྟེང་དུ་བུ་མོ་ཞིག་ནང་མི་དང་མ་མཐུན་པར་གྱུར་པ་ལ་གདམས་པ་འདི་བསྟན་པས་མཁའ་སྤྱོད་དུ་སོང་བ་སོགས་ལོ་རྒྱུས་ཤིན་དུ་མང་། རྗེ་རས་ཆེན་དཔལ་འབྱོར་བཟང་པོ་ནས་བཟུང་སྟེ་རྩ་བའི་བླ་མའི་བར་དུ་བརྒྱུད་པ་ཟམ་མ་ཆད། གདམས་པའི་ཆུ་བོ་མ་ནུབ། བྱིན་རླབས་ཀྱི་དྲོད་མ་ཡལ་བའི་ལོ་རྒྱུས་ངོ་མཚར་བ་མང་ཡང་འདིར་མ་སྤྲོས་སོ། །གཉིས་པ་ལ་དེ་ལས་འོངས་པའི་གདམས་པ་དངོས་ནི། རྡོ་རྗེ་མཁའ་འགྲོ་ལས། ཉིན་རེ་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ཡི་བྱེད་པ་དང་། །བརྐུ་འཕྲོག་འདོད་ལ་སྤྱོད་པ་ཡང་། །ལམ་འདི་ཡིས་ནི་དག་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་ཞིང་། །སྲིད་པའི་སྐྱོན་ལས་རིང་དུ་གྲོལ། །ཞེས་ཕན་ཡོན་རྒྱ་ཆེར་བསྔགས་པ་དང་མཐུན་པའི་ཉམས་ལེན་ལ། སྔོན་འགྲོ་སྦྱང་བའི་རིམ་པ་དང་། དངོས་གཞི་ལས་ལ་སྦྱང་བ་གཉིས། དང་པོ་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་གསུམ་ལས། དང་པོ་སྔོན་དུ་འགྲོ་བ་སྐྱབས་སེམས་ཀྱི་རིམ་པ་ནི། ཕྱག་ལེན་ལྟར་རྒྱས་བསྡུས་སྐབས་སུ་སྦྱར་བར་བྱ། གཉིས་པ་ནི། རང་གི་ལུས་མན་ཤེལ་གྱི་མདོག་ལྟར་དྭངས་གསལ་རྙོག་པ་མེད་པའི་སུམ་མདོ་ནས་སྤྱི་གཙུག་(༣བ)


GLG010_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གི་བར་རྩ་དབུ་མ་ཕྲ་སྦོམ་མདའ་སྨྱུག་ཙམ་པ། ཕྱི་དཀར་ནང་དམར། བར་སྔོ་བ་འཇའ་ཚོན་ལྟ་བུ། སུམ་མདོའི་ཐད་དུ་པདྨ་དཀར་པོ་འདབ་མ་བཞི་པའི་ལྟེ་བར་རང་སེམས་ཀྱི་ངོ་བོ་ཡི་གེ་ཨཱཿདཀར་པོ་དངས་ཤིང་འཚེར་བ་སྣུམ་ལ་འགྲིལ་བར་གསལ་བཏབ། སྤྱི་བོར་རྗེ་བཙུན་རྡོ་རྗེ་ཕག་མོ་མཁའ་སྤྱོད་མ་སྐུ་མདོག་ཛི་ཝ་ཀའི་མེ་ཏོག་ལྟར་དམར་བ། ཞལ་གཅིག་ཕྱག་གཉིས། ཕྱག་གཡས་པ་རྡོ་རྗེས་མཚན་པའི་གྲི་གུག་གི་རྩེ་ཐུར་དུ་བསྟན་པ་འཛིན་པ། གཡོན་གྱིས་ཐོད་པ་དཀར་པོ་རཀྟས་བཀང་བ་ནམ་མཁའ་ལ་འཕྱར་བའི་ཚུལ་གྱིས་བསྣམས་པ། ཡབ་དཔའ་བོ་སྦས་པའི་ཚུལ་གྱིས་ཁ་ཊྭཱཾ་ག་ཕྲག་པར་བཀལ་བ། ཞབས་གཉིས་བགྲད་པ། ཞལ་དང་བྷ་ག་ནས་རཀྟ་འབབ་པ། ལང་ཚོ་དར་ལ་བབས་ཤིང་ནུ་འབུར་ཟུང་དང་ལྡན་པ། བདེ་བ་སྐྱེད་པའི་ཉམས་ཅན། ཐལ་བ་སྤངས་པའི་ཕྱག་རྒྱ་ལྔས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་མོས། དེ་ནས་འཇམ་རླུང་ཅུང་ཟད་བཟུང་སྟེ་རྩ་ལམ་ནས་རྣམ་ཤེས་བསྐུལ་བས། འཕར་ཡེད་ཡེད་འདར་ལྷེབ་ལྷེབ་ཡོད་པར་བསམ། ཡར་བལྟས་པའི་རྐྱེན་གྱིས་དད་པ་དང་མོས་དུང་སོགས་བྱས་ཏེ་གསོལ་བ་གདབ་པ་ནི། ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །ལོངས་སྐུ་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས། །སྤྲུལ་སྐུ་མཁའ་འགྲོ་ནི་གུ་ལ་གསོལ་བ་འདེབས། །རས་ཆེན་དཔལ་འབྱོར་བཟང་པོ་ལ་གསོལ་བ་འདེབས། །མཁས་གྲུབ་བྱ་བྲལ་ཆོས་རྗེ་ལ་གསོལ་བ་འདེབས། །མཚུངས་མེད་བསམ་གཏན་ཀློང་པ་ལ་གསོལ་བ་འདེབས། །མཁན་ཆེན་ཀུན་དགའ་རྒྱལ་མཚན་ལ་གསོལ་བ་འདེབས། །དྲིན་ཅན་བཀྲ་ཤིས་རྒྱ་མཚོ་ལ་གསོལ་བ་འདེབས། །རིགས་འཛིན་ཀུན་དགའ་ཚེ་མཆོག་ལ་གསོལ་བ་འདེབས། །རྗེ་བཙུན་ཡེ་ཤེས་གྲུབ་པ་ལ་གསོལ་བ་འདེབས། །འཇམ་དབྱངས་བཀྲ་ཤིས་ཀུན་དགའ་ལ་གསོལ་བ་འདེབས། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཟབ་ལམ་(༤ན)


GLG010_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །འཕྱུགས་མེད་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་ཅིང་རླུང་གིས་བསྐུལ་བ་དང་། ཨ་ཨ་ཧི་ཀ་ཅེས་བརྗོད་པའི་སྒྲ་དང་བཅས་ཏེ། ཨ་ཡིག་དེ་ཉིད་དབུ་མའི་ལམ་བརྒྱུད་ལྟེ་བར་སླེབས། དེ་ནས་སྙིང་ག་མགྲིན་པ་སྤྱི་བོའི་བར་དུ་འཕོས་ནས། སླར་ཡང་ཧིཀ་ཀ་ཞེས་པའི་སྒྲ་དང་བཅས་ཏེ་འབེབས་སོ། །སྦྱངས་པའི་དགོས་པ་ནི་གདན་བཞི་ལས་རིམ་ལ་སོགས་པས་མ་ཕོག་པར་འཕོ་བ་སྦྱོང་བ་མཆོག་ཡིན་ནོ་ཞེས་པ་སྟེ། ཐོག་མ་ནས་ཉམས་འོག་ཏུ་ཚུད་པར་མ་སྦྱངས་ན་ཇི་ལྟ་བ་མི་འབྱུང་ངོ་། །མཇུག་གི་ཉམས་ལེན་སྤྱི་ལྟར་ལ། དེ་ལྟར་ནན་ཏན་དུ་ཉམས་སུ་བླངས་པས་འབྱོངས་པའི་རྟགས་སྤྱི་གཙུག་ཟླ་བ། ཕྲིག་པ། ཆུ་སེར་འབབ་པ། ཐོད་མཚམས་ན་བ། ཤེས་པ་བཟི་ཐོམ་མེ་བ། བརྒྱལ་བ་སོགས་བྱུང་ན་ཐལ་གྱི་དོགས་པ་ཡོད་པས་མཚམས་འཇོག་ཅིང་། ཐལ་བར་ཉེ་བའི་རྟགས་བྱུང་ན་སྤྱི་གཙུག་ཏུ་རིན་པོ་ཆེ་འགེབས་པ་དང་། རླུང་འབུད་པ། རྐང་མཐིལ་བརྡུང་བ། རྡོ་ཚན་སོགས་ཀྱི་གདུགས་བྱ། གཅིག་པུར་སྦྱངས་ན་ཐལ་ཉེན་ཆེ་བས་གྲོགས་མེད་པར་མི་བྱེད། འབྱོངས་རྗེས་རྒྱུན་དུ་ཉམས་སུ་བླངས་ན་ཚེ་ལ་གཟན་པས་མ་གསུང་ངོ་། །དངོས་གཞི་ལས་ལ་སྦྱོར་བ་ནི། རྡོ་རྗེ་མཁའ་འགྲོ་ལས། དུས་ལ་བབ་ན་འཕོ་བྱ་སྟེ། དུས་མིན་ལྷ་རྣམས་གསོད་པར་འགྱུར། ལྷ་རྣམས་བསད་པ་ཙམ་གྱིས་ནི། །དམྱལ་བར་ངེས་པར་སྲེག་པར་འགྱུར། །དེ་བས་འཆི་བའི་མཚན་མ་ནི། །མཁས་པས་འབད་དེ་ཤེས་པར་བྱ། །ཞེས་གསུངས་པ་ལྟར། ཕྱི་ནང་གསང་བའི་འཆི་ལྟས་ཀྱི་མཚན་མ་རྣམས་བྱུང་ན། འཆི་བསླུ་ཉེའུ་འདོན་པ། སཱཙྪ། གཏོར་མའི་ཆོ་ག་གསུང་(༤བ)


GLG010_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བཀླགས། སྤོམ་ཐག་སོགས་དགེ་བ་རྒྱ་ཆེན་པོས་བཟློག་པའི་ཐབས་ལ་འབད། འཆི་བསླུ་བྱས་ཀྱང་མི་བཟློག་པའི་མཚན་མ་བརྟན་པོ་མཐོང་ན་ཉམས་སུ་བླང་བར་བྱ་དགོས་པས། སྔོན་འགྲོས་རྒྱུད་དག་པར་བྱས་ནས། དངོས་གཞི་ལ། ཕཊ་ཅེས་བརྗོད་པས་རང་གི་རིག་པའི་ངོ་བོ་རྡོ་རྗེ་རྣལ་འབྱོར་མར་གསལ་བ་སྙིང་ག་ནས་རྒྱངས་ཏེ་འཐོན་དེ་ཉིད་ཀྱིས་རང་གི་ཕུང་པོ་རྙིང་པ། ཆེ་བ། ཚོ་བ། སྣུམ་པ་དེ་ལ་གཟིགས་ནས་ཕཊ་ཅེས་བརྗོད་པའི་གྲི་གུག་གིས་མགོ་བོ་གཏུབས་ཏེ། སྒྱིད་པོ་རི་རབ་ཙམ་པ་གསུམ་གྱི་ཚུལ་དུ་བྱས་པའི་སྟེང་དུ་རིམ་པ་བཞིན་དུ་ཕཊ་ཀྱི་སྒྲ་དང་བཅས་པ། གྲི་གུག་གི་སྨིན་མཚམས་ནས་བྲེགས་ཏེ་ཐོད་པ་ཕྱི་དཀར་ལ་ནང་དམར་བ་སྟོང་གསུམ་དང་མཉམ་པ་ཞིག་བཙུགས་པའི་ནང་དུ། རྐེད་པ་ཡན་གྱི་ལུས་ཀྱི་ཆ་ཤས་རྣམས་གཏུབས་ཏེ་བླག་པས་ཤའི་རི་བོ། རུས་པའི་གྲམ་གྲོད། ཁྲག་གི་རྒྱ་མཚོ་ཆེན་པོར་གྱུར་པར་མོས་ཏེ། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿཞེས་བརྗོད་ཅིང་། གཡས་པའི་གྲི་གུག་གིས་དཀྲུགས། གཡོན་པའི་ཐོད་པས་འཕྱར་བས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་མོས། ཕེམ་རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། མགྲོན་རིགས་བཞི་རྣམས་སྤྱན་དྲངས་ཤིང་བཀུག་པས་མདུན་གྱི་སྟེང་འོག་བར་གསུམ་གང་བར་མོས། དེ་ནས་ལུས་ཐམས་ཅད་ལ་རིམ་པ་ལྟར་མཆོད་པ་འབུལ་བ་དང་སྦྱིན་པ་རྒྱ་ཆེན་པོ་བཏང་བས་ཐུགས་མཉེས་ཤིང་ཚིམ་པར་བསམ། མཆོད་ཡུལ་མཆོད་རྫས་མཆོད་པ་པོ་ཐམས་ཅད་ལ་མི་དམིགས་པའི་རྒྱས་བཏབ་སྟེ་ཅུང་ཟད་མཉམ་པར་བཞག །དེ་ནས་དཀྱུས་ལྟར་ལས་ལུས་སྨད་གཞུའི་དབྱིབས་ཅན་གྱི་རྣམ་པ་རྩ་དབུ་མའི་ཡར་སྣེ་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་(༥ན)


GLG010_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་པདྨའི་ནང་དུ་ཚུད་པར་བསམ། གཞུང་ལྟར་བསྐུལ་གསོལ་གྱི་རྐྱེན་གྱིས། པདྨ་ནས་བྱུང་བའི་འོད་ཟེར་དམར་པོའི་སྣེ་ལ་ཁམས་དམར་པོ་སྲན་མ་ཙམ་སྦ་ཐག་བཏང་བ་ལྟ་བུ་ནར་གྱིས་བྱུང་། ཨ་ཡིག་ལ་རེག་པས་ཁབ་ལེན་གྱིས་ལྕགས་འདྲེན་པ་ལྟར་དང་། དཀྱུས་བཞིན་ལྟེ་བ་སོགས་ནས་ཡར་རིམ་པ་ལྟར་སོང་བ་དང་དུས་མཉམ་པར། རྐང་མགོ་རྐང་ལ་ཐིམ། རྐང་བརླ་ལ་ཐིམ། བརླ་ཁོག་སྨད་ལ་ཐིམ། ཁོག་སྨད་དབུ་མ་ལ་ཐིམ། དེའི་ཚེ་རྣམ་ཤེས་དང་རྩ་ཐམས་ཅད་ལྷན་ཅིག་ཏུ་ཧིཀ་དང་བཅས་རྡོ་རྗེ་རྣལ་འབྱོར་མའི་ཐུགས་ཀར་འཕོས་པར་མོས་ཤིང་། དེ་ནས་ཕཊ་ལན་གསུམ་གྱི་དང་པོས་ཐུགས་རྒྱུད་བསྐུལ། གཉིས་པར་གར་སྟབས་དང་བཅས་ཏེ་འབྱོན་པར་མངོན་དུ་ཕྱོགས་གསུམ་པས་མཁའ་སྤྱོད་ཀྱི་གནས་སུ་སྐར་མདའ་འཕངས་པ་ལྟར་གཤེགས་པར་བསམ་མོ། །གསུམ་པ་མཇུག་གི་རིམ་པ་ནི། གང་ཟག་གཞན་ལ་ཕན་གདགས་པར་འདོད་ན། ཕུང་པོ་ཉལ་སྟབས་ཅན་དེ་བློས་དྲང་པོར་ཡོད་པར་བསམས། དམིགས་པ་ཁ་སྤོ་བ་མ་གཏོགས་ཁྱད་པར་མེད་ལ། དགེ་བ་བསྔོ་ཞིང་སྨོན་ལམ་གྱིས་རྒྱས་བཏབ་བོ། །གླེན་ལྐུགས་དང་དུད་འགྲོ་སོགས་ལ་དམིགས་པ་ཟུར་དུ་བྱ་བ་ནི་མན་ངག་ཞལ་ཤེས་ལྟར་རོ། །གསོལ་འདེབས་སྤྲོས་པ་ཆེ་བར་འདོད་ན། རིགས་བརྒྱའི་ཁྱབ་བདག་རྗེ་བཙུན་རྡོ་རྗེ་འཆང་། །རྒྱལ་བ་ཀུན་ཡུམ་རྡོ་རྗེ་ཕག་མོ་དང་། །བདེ་ཆེན་ཡེ་ཤེས་བསྐྱེད་མཛད་ནི་གུ་མ། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །འཇིགས་སྐྲག་བར་དོའི་འཕྲང་ལས་བསྐྱབ་ཏུ་གསོལ། །ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །འཕྱུགས་མེད་དག་པ་མཁའ་སྤྱོད་གནས་མཆོག་དེར། །ཐོགས་(༥བ)


GLG010_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དྲོངས་ཤིག་བླ་མ་ཡི་དམ་ལྷ། །མཁའ་འགྲོས་རྗེས་བཟུང་རས་ཆེན་དཔལ་འབྱོར་བཟང་། །ཆོས་བརྒྱད་འཆིང་བ་ཀུན་གྲོལ་བྱ་བྲལ་རྗེ། །མཁས་དང་གྲུབ་པའི་དབང་ཕྱུག་བསམ་གླིང་པ། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །འཇིགས་སྐྲག་བར་དོའི་འཕྲང་ལས་བསྐྱབ་ཏུ་གསོལ། །ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །འཕྱུགས་མེད་དག་པ་མཁའ་སྤྱོད་གནས་མཆོག་དེར། །ཐོགས་མེད་དྲོངས་ཤིག་བླ་མ་ཡི་དམ་ལྷ། །མཁན་ཆེན་དམ་པ་ཀུན་དགའ་རྒྱལ་མཚན་དང་། །རས་ཆུང་རྣམ་སྤྲུལ་བཀྲ་ཤིས་རྒྱ་མཚོའི་ཞབས། །གདམས་པའི་བང་མཛོད་ཀུན་དགའ་ཚེ་མཆོག་རྗེ། སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །འཇིགས་སྐྲག་བར་དོའི་འཕྲང་ལས་བསྐྱབ་ཏུ་གསོལ། །ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །འཕྱུགས་མེད་དག་པ་མཁའ་སྤྱོད་གནས་མཆོག་དེར། །ཐོགས་མེད་དྲོངས་ཤིག་བླ་མ་ཡི་དམ་ལྷ། །ངག་གི་དབང་ཕྱུག་ཡེ་ཤེས་གྲུབ་པའི་ཞབས། །གསང་ཆེན་བསྟན་པའི་ཉི་མ་ཨཱ་ནནྡ། །གང་ཤར་རང་སར་གྲོལ་བའི་རིག་པ་འཛིན། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །འཇིགས་སྐྲག་བར་དོའི་འཕྲང་ལས་བསྐྱབ་ཏུ་གསོལ། །ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །འཕྱུགས་མེད་དག་པ་མཁའ་སྤྱོད་གནས་མཆོག་དེར། །ཐོགས་མེད་དྲོངས་ཤིག་བླ་མ་ཡི་དམ་ལྷ། །དལ་བའི་རྟེན་བཟང་རྙེད་དཀའ་འཇིག་པ་སླ། །སྲིད་པ་བར་དོའི་འཕྲང་རིང་འཇིགས་པ་ཆེ། །མཐའ་མེད་འཁོར་བ་སྡུག་བསྔལ་མཚོར་ཤེས་ནས། །སྐྱབས་མཆོག་རྣམས་ལ་སྙིང་ནས་གསོལ་འདེབས་ན། །ད་ལྟ་ཉིད་དུ་མཁྱེན་བརྩེའི་སྤྱན་གྱིས་གཟིགས། །མྱུར་བ་ཉིད་དུ་བྱིན་རླབས་མཐུ་དཔུང་སྐྱེད། །འདུག་ས་འདི་ནས་མཁའ་སྤྱོད་གནས་སུ་ཁྲིད། །སྐད་ཅིག་ཉིད་ལ་བདེ་ཆེན་ས་རུ་སྦྱོར། ཞེས་གསོལ་བ་བཏབ་ཀྱང་རུང་ངོ་། །དེང་སང་བླ་མ་མ་བསྟེན་པར་དཔེ་ཆ་ལ་བླ་མ་བཅོལ་ནས་ཉམས་ལེན་བྱེད་པ་མང་བས། དེ་ནི་བརྒྱུད་པའི་བྱིན་རླབས་མེད་ཅིང་ཆོས་ལ་དབང་བཟའ་བ་དང་རང་གཞན་གཉིས་ཀར་ཕན་པར་མི་འགྱུར་ལ། རྒྱུན་མེད་ཆོས་ཀྱིས་རྒྱལ་ཁམས་གང་ཉེན་ཡོད་པས་སྣོད་མིན་ལ་བཀའ་རྒྱ་གལ་ཆེའི། སྨྲས་པ། ཚེ་འདིར་ཁ་སྦྱོར་བདུན་ལྡན་མངོན་བྱེད་པའི། །ལམ་བཟང་རྡོ་རྗེ་ཐེག་དང་མཇལ་གྱུར་ཡང་། །བློ་དང་བརྩོན་པ་ཞན་པས་དོན་མེད་དང་། །འཇིག་རྟེན་ཕ་རོལ་བགྲོད་པའི་སྐྱེ་བོ་མང་། །སྟོབས་དང་འབྱོར་པའི་བསོད་ནམས་ཕུན་ཚོགས་ཤིང་། །ཚིག་བཤད་སྙན་(༦ན)


GLG010_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པའི་པི་ཝཾ་བརྡུང་མཁས་ཀྱང་། །ཉམས་ལེན་དྲོད་རྟགས་འཐོན་པའི་གནད་མེད་ན། །བར་དོའི་འཕྲང་དེར་ངལ་ཞིང་དུབ་པ་མང་། །དཔེ་འཁྱམ་སྣ་ཚོགས་བསྡུས་པའི་བཤད་ཡམ་དང་། །འགྲིག་འགྲིག་རང་བཟོའི་ཁ་བཤད་མང་པོ་ཡིས། །མི་ཤེས་བླུན་པོའི་མགོ་བོ་བསྐོར་བ་དང་། །འཁྲུལ་མེད་བརྒྱུད་པའི་ཟབ་ཆོས་འདི་མི་འདྲ། །དེ་ཕྱིར་སྐལ་ལྡན་མང་པོར་ཕན་པའི་ཆེད། །མན་ངག་ཡི་གེའི་འཕྲེང་བར་སྤེལ་བ་ལ། །ཆོས་སྲུངས་མཁའ་འགྲོས་བཟོད་པར་མཛད་ནས་ཀྱང་། །དུས་ཀུན་དགེ་བའི་བཀྲ་ཤིས་ཆར་དུ་ཕོབ། །ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས་རས་ཆེན་དཔལ་འབྱོར་བཟང་པོ་ལ་དངོས་སུ་སྩལ་བའི་ཟབ་ལམ་འཕོ་བའི་མན་ངག་ཡི་གེར་བཀོད་པ་མཁའ་སྤྱོད་བགྲོད་པའི་ཐེམ་སྐས་ཞེས་པ་འདི་ནི། རྒྱ་ཆེན་རྒྱུད་སྡེ་རྒྱ་མཚོར་རྣམ་དཔྱོད་མཆོག་ཏུ་ཡངས་པའི་ཞ་ལུ་རི་ཕུག་གི་སློབ་དཔོན་རིན་ཅེན་བསོད་ནམས་མཆོག་གྲུབ་ལ་ཉམས་ཁྲིད་བགྱིས་སྐབས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །ཞེས་པ་འདི་ནི་ཟླ་༡༢ཚེས་༡༧ལ་ཞ་ལུ་རི་ཕུག་དུ་སྦྱར།


previousཟབ་ལམ་འཕོ་བའི་མན་ངག་མཁའ་སྤྱོད་བགྲོད་པའི་ཐེམ་སྐས།next