Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
ཛེ་ཏཱ་རི་ལུགས་ཀྱི་རྗེ་བཙུན་རྣམ་པར་རྒྱལ་མའི་སྒྲུབ་ཐབས་འཆི་མེད་དཔལ་སྟེར།།
   
   
   
   
   
   
   
   
   
   
   


 
previousཛེ་ཏཱ་རི་ལུགས་ཀྱི་རྗེ་བཙུན་རྣམ་པར་རྒྱལ་མའི་སྒྲུབ་ཐབས་འཆི་མེད་དཔལ་སྟེར།།next

ཛེ་ཏཱ་རི་ལུགས་ཀྱི་རྗེ་བཙུན་རྣམ་པར་རྒྱལ་མའི་སྒྲུབ་ཐབས་འཆི་མེད་དཔལ་སྟེར།།


GLG010_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཛེ་ཏཱ་རི་ལུགས་ཀྱི་རྗེ་བཙུན་རྣམ་པར་རྒྱལ་མའི་སྒྲུབ་ཐབས་འཆི་མེད་དཔལ་སྟེར་བཞུགས་སོ།།


GLG010_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུཤྩོཥྞི་ཥ་བི་ཛ་ཡཱ་ཡཻ། རབ་དཀར་ཟླ་བ་ཞུན་མའི་མདངས་འཛིན་པ། །མཚན་དཔེའི་ལང་ཚོ་རྒྱས་པའི་འཇོ་སྒེག་ཅན། །མཛེས་སྡུག་ལྷ་མོའི་གཟུགས་ཀྱིས་ཚེ་སྦྱིན་མ། །གཙུག་ཏོར་རྣམ་པར་རྒྱལ་མས་དགེ་ལེགས་སྩོལ། །འཕགས་ཡུལ་མཁས་གྲུབ་དབང་པོ་ཛེ་ཏ་རིའི། །བཞེད་གཞུང་མ་དྲོས་ཀླུང་ཆེན་ལས་ཕབས་པ། །ལེགས་བཤད་ཡན་ལག་བརྒྱད་དང་ལྡན་པའི་ཆབ། །རྣམ་དཔྱོད་སྐལ་ལྡན་ཤིང་རྟས་འདི་ན་འདྲེན། །ཨ་ཧོ་མཚན་ཙམ་ཐོས་པས་འཆི་བདག་དཔུང་། །ཕ་མཐར་སྐྲོད་ན་ཚུལ་བཞིན་ཉམས་བླངས་ཚེ། །འཆི་མེད་དངོས་གྲུབ་སྟེར་བའི་ཡིད་བཞིན་ནོར། །བདུད་རྩིའི་བུམ་བཟང་ཐོབ་འདི་ཨེ་མ་མཚར། །དེ་ལ་འདིར་གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲུབ་ཐབས་ཉམས་སུ་བླང་བར་བྱ་བ་ལ། བདག་སྐྱེད་ལ་བརྟེན་ནས་བཟླས་པ་བྱ་བ། མདུན་སྐྱེད་སྟོང་མཆོད་ཀྱི་ཚུལ་དུ་ཚེའི་དངོས་གྲུབ་ཞུ་བ། སློབ་མ་རྗེས་སུ་འཛིན་པ་རྗེས་གནང་གི་རིམ་པ་དང་གསུམ་ལས། དང་པོ་ལ། སྐྱབས་སུ་འགྲོ་བ་ནི། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་(༢ན)


GLG010_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ། དམ་པའི་ཆོས་རྣམས་ལ། འཕགས་པའི་དགེ་འདུན་རྣམས་ལ། ཞེས་གྲངས་གསུམ་མམ་བདུན་གྱི་མཐར། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་རླབ་ཏུ་གསོལ། ཞེས་བརྗོད། སེམས་སྐྱེད་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་གཙུག་ཏོར་རྣམ་པར་རྒྱལ་མའི་སྒོམ་བཟླས་ལ་འཇུག་པར་བགྱིའོ། །ལན་གསུམ་བརྗོད། ཚོགས་ཞིང་ནི། རང་ཉིད་བཅོམ་ལྡན་འདས་མར་གསལ་བའི་ཐུགས་ཀའི་བྷྲཱུཾ་ཡིག་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུ་ལ་རྒྱལ་བ་སྲས་དང་བཅས་པས་བསྐོར་བ། ཨོཾ་བཛྲ་ས་མཱ་ཛཿཞེས་རྡོ་ཇེ་བསྡུ་བའི་ཕྱག་རྒྱ་བྱ། ཐལ་མོ་སྦྱར་ཏེ། དཔལ་ལྡན་ལྷ་མོ་སོགས་ཀྱིས་ཕྱག་བྱ། སོ་སོའི་ཕྱག་རྒྱ་དང་བཅས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་བརྗོད། ཐལ་མོ་སྦྱར་ཏེ་རྒྱུན་བཤགས་བྱ་ཞིང་ཚད་མེད་བཞི་བསྒོམ། དངོས་བཞི་ནི། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུཾ་ཡིག་དཀར་པོ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་ལས་གྲུབ་པའི་ས་འཛིན་གྱི་སྟེང་དུ་ཐེམ་སྐས་དང་(༢བ)


GLG010_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་ཁྲི་ལ་སྣ་ཚོགས་པདྨ། དེའི་སྟེང་དུ་རིན་པོ་ཆེ་ལས་གྲུབ་པའི་མཆོད་རྟེན་བང་རིམ་ཟླུམ་པོ་གསུམ་པ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་བུམ་རྟེན་དང་བཅས་པའི་བུམ་པ་ཟླུམ་པོ་སྒོ་དང་ལྡན་པ། དེའི་སྟེང་དུ་བྲེ། གདུགས་རིམ་པ་བཅུ་གསུམ། ཆར་ཁེབས། ཏོག་རྣམས་བརྩེགས་ཤིང་། མེ་ཏོག་གི་འཕྲེང་བ་དང་དར་གྱི་ལྡ་ལྡིས་མཛེས་པར་བྱས་ལ། བུ་སྟོན་ཐམས་ཅད་མཁྱེན་པ་དང་རྒྱལ་བ་ཙོང་ཁ་པ་ཆེན་པོའི་གསུང་རབ་རྣམས་སུ་ལྷ་དྲུག་གི་སྐྱེད་ཆོག་གསུངས་པ་ནི། སྤྱིར་བཏང་ལ་དགོངས་ཀྱི། ཐམས་ཅད་ལ་དགོས་པའི་ངེས་པ་མེད་པས། ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་དང་། འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཚེ་དཔག་མེད་ལྷ་དགུའི་མངོན་རྟོགས་སོགས་སུ་ཆོ་ག་གསུམ་སྐྱེད་ལས་མེད་པས་ཤེས་ནུས་ལ། ཛེ་ཏ་རེའི་རྒྱ་གཞུང་དུའང་དེ་བྱུང་བས། ཐམས་ཅད་ལ་ལྐུགས་པའི་རིགས་འགྲེ་བྱེད་མི་དགོས་སོ། །དེ་ལྟ་བུའི་བུམ་པའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲུཾ་ལས་སྣ་ཚོགས་རྡོ་རྗེ་ལྟེ་བར་བྷྲཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་བྷྲཱུཾ་ལ་ཐིམ་ཞིང་ཡོངས་སུ་གྱུར་པ་ལས། རང་ཉིད་གཙུག་ཏོར་རྣམ་པར་རྒྱལ་མ་སྐུ་མདོག་དཀར་མོ། ཞལ་གསུམ། ཕྱག་བརྒྱད་མ། རྩ་བའི་ཞལ་དཀར། གཡས་སེར། གཡོན་སྔོ་ཞིང་ཅུང་ཟད་ཁྲོས་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། གཡས་དང་པོས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་པ། གཉིས་པས་པད་དཀར་གྱི་སྟེང་ན་འོད་དཔག་མེད། གསུམ་པས་མདའ། བཞི་པ་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་གྱི་དང་པོས་སྡིགས་མཛུབ་དང་བཅས་པས་རྡོ་རྗེའི་ཞགས་པ། གཉིས་པས་གཞུ། གསུམ་པ་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པ། བཞི་(༣ན)


GLG010_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཉམ་བཞག་གི་སྟེང་ན་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པ་འཛིན་པ། དར་གྱི་སྟོད་གཡོགས་དང་ཤམ་ཐབས་གསོལ་བ། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། འོད་ཟེར་དཀར་པོའི་འཕྲེང་བས་བསྐོར་བའོ། །དེའི་གཡས་སུ་ཟླ་བ་ལ་སྤྱན་རས་གཟིགས་དཀར་པོ། གཡས་རྔ་ཡབ་དང་གཡོན་པདྨ་འཛིན་པ། གཡོན་དུ་ཉི་མ་ལ་ཕྱག་ན་རྡོ་རྗེ་སྔོན་པོ། གཡས་རྔ་ཡབ་དང་གཡོན་ལ་ལ་གནས་པའི་རྡོ་རྗེ་འཛིན་པ། གཉིས་ཀའང་ཞི་བའི་ཉམས་ཅན། རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་དར་གྱི་ན་བཟའ་གསོལ་བ། མཉམ་པའི་སྟབས་ཀྱིས་བཞེངས་པ། ཤར་དུ་མི་གཡོ་བ་སྔོན་པོ། གཡས་རལ་གྲི་འཕྱར་བ། ལྷོར་འདོད་རྒྱལ་སྔོན་པོ། གཡས་ལྕགས་ཀྱུ་འཕྱར་བ། ནུབ་ཏུ་དབྱུག་སྔོན་ཅན་སྔོན་པོ། གཡས་དབྱུག་པ་འཕྱར་བ། བྱང་དུ་སྟོབས་པོ་ཆེ་སྔོན་པོ། གཡས་རྩེ་གསུམ་འཕྱར་བ། བཞི་ཀའང་ཞལ་གཅིག་ཕྱག་གཉིས་ཀྱི་གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། སྤྱན་གསུམ་དང་ལྡན་ཞིང་སྐྲ་གྱེན་དུ་བརྫེས་པ། རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། པདྨ་དང་ཉི་མའི་གདན་ལ་ཞབས་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། གཙོ་མོའི་སྟེང་གི་ཕྱོགས་གཉིས་ནས་གནས་གཙང་མའི་རིས་ཀྱི་ལྷའི་བུ་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་ཐོགས་ནས་བཅོམ་ལྡན་འདས་མ་ལ་སྐུ་ཁྲུས་གསོལ་བ་དང་བཅས་པའོ། །དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། དཔྲལ་བར་ཏྲཱཾ་སེར་པོ། ལྟེ་བར་ཧྲཱི༔དམར་པོ། བརླ་གཉིས་ལ་ཨཾ་ཨཱཿལྗང་གུ །གཙོ་མོའི་ཐུགས་ཀར་ཧཱུཾ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་(༣བ)


GLG010_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

དགུའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ནས། ཤཔྟའི་བར་གྱིས་སྔར་ལྟར་མཆོད། ཛཿཧཱུཾ་བཾ་ཧོས་གཉིས་སུ་མེད་པར་བསྟིམ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མ་ཛས་སྤྱན་དྲངས། ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་གོང་ལྟར་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་སོགས་ཀྱི་མཇུག་ཏུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་མོ་ལ་རྣམ་པར་སྣང་མཛད། སྤྱན་རས་གཟིགས་ལ་འོད་དཔག་མེད། ཕྱག་ན་རྡོ་རྗེ་དང་ཁྲོ་བོ་བཞི་ལ་མི་བསྐྱོད་པ། ལྷའི་བུ་གཉིས་ལ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་གྱུར། སོ་སོའི་ཕྱག་རྒྱ་དང་བཅས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་བི་ཛ་ཡ་ས་པ་རི་ཝཱ་ར་ཞེས་པ་རེ་རེའི་འགོར་སྦྱར་བའི་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་པ་ནས། ཤཔྡའི་མཐར་དྷརྨ་ར་ཎི་རོལ་མོ་དང་བཅས་པའི་བར་གྱིས་མཆོད། དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། གཙོ་མོའི་ཐུགས་ཀར་པད་ཟླའི་སྟེང་དུ་བྷྲཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་སྔོན་པོའི་ནང་དུ་བྷྲཱུཾ་ཡིག་གི་སྟེང་དུ་བླ་མ། མདུན་དུ་ཕ་མ། གཡས་སུ་སློབ་མ། གཡོན་དུ་སྤུན་གྲོགས། རྒྱབ་ཏུ་གཡོག་འཁོར་རྣམས་དང་བཅས་པའི་མཐའ་སྐོར་དུ་སྔགས་ཀྱི་འཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། སྐུ་ལུས་ཀྱི་ནང་ཐམས་ཅད་གང་། བདག་(༤ན)


GLG010_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྲུང་བྱ་རྣམས་ཀྱི་འགལ་རྐྱེན་སྡིག་སྒྲིབ་སྦྱངས། འོད་ཟེར་ཕྱིར་འཕྲོས། དོན་གཉིས་བྱས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་འོད་ཟེར་གྱི་རྣམ་པར་བསྡུས། ཐུགས་ཀར་ཐིམ་པས་བདག་དང་བསྲུང་བྱ་རྣམས་ཀྱི་ཚེ་དང་བསོད་ནམས་ཡེ་ཤེས་རྒྱས་པར་གྱུར་ཅེས་པ་ཤུབ་བུར་བརྗོད་ནས། ལེགས་སོ་སྟེར་བའི་ཕྱག་རྒྱ་དང་བཅས་གཟུངས་རིང་ཚར་གཅིག་བཟླ། དེ་ནས་ཕྱག་རྒྱ་བཀྲོལ་ཏེ་གཟུངས་སྔགས་སྐབས་སྦྱར་བཟླས་རྗེས། ཨོཾ་ཨ་མི་ཏེ། ཨ་མི་ཏོད་བྷ་བེ། ཨ་མི་ཏ་བི་ཀཱནྟེ། ཨ་མི་ཏ་གཱ་ཏེ། ཨ་མི་ཏ་གཱ་མི་ནི། ཨ་མི་ཏ་ཨཱ་ཡུ་ད་ཏེ། ག་ག་ན་ཀྲཱིརྟི་ཀ་རེ་སརྦྦ་ཀྑེ་ཤ་ཀྵ་ཡཾ་ཀ་རཱི་ཡེ་སྭཱཧཱ། ཞེས་པའང་ཅུང་ཟད་བཟླ། གོང་གི་ལེགས་སོ་སྟེར་བའི་ཕྱག་རྒྱ་དང་སྔགས་འདི་ཉིད་རྒྱ་གཞུང་ན་ཡོད་པས་མ་ཆད་པ་གལ་ཆེ། དེ་ནས། ཨོཾ་ཨཱཿཧཱུཾ་ཏྲཱཾ་ཧྲཱིཿཨཾ་ཨཱཿམ་མ་སརྦྦ་སཏྭཾཙ་རཀྵ་རཀྵ་ཀུ་རུ་སྭཱཧཱ། ཞེས་ལན་གསུམ་བཟླས་པའི་མཐར་བདག་སྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་པར་གྱུར། ཅེས་བརྗོད། དེ་ལ་མཆོད་བསྟོད་གོང་ལྟར་བྱ། བཅོམ་ལྡན་འདས་མ་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་དང་། ཡིག་བརྒྱ་བརྗོད། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱི་མཐར་མཐེབ་སྲིན་གྱིས་སེ་གོལ་བརྡབ། བཛྲ་མུཿ ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་རང་ཉིད་ལ་ཐིམ་པར་གྱུར་ཅེས་བརྗོད་ཅིང་བསམ་མོ། །གཉིས་པ་མདུན་སྐྱེད་སྟོང་མཆོད་ལ་བརྟེན་ནས་ཚེའི་དངོས་གྲུབ་ཞུ་བ་ནི། སྤྱིར་རྒྱུད་སྡེ་དང་འབྲེལ་བའི་མདུན་སྐྱེད་སྒྲུབ་པ་ལ་ལུས་དཀྱིལ་མིན་ཕྱིན་དཀྱིལ་འཁོར་སོགས་དམིགས་རྟེན་ཞིག་ངེས་པར་དགོས་ཀྱི། དམིགས་རྟེན་མེད་པར་མདུན་སྐྱེད་འདོན་པ་ནི་དཔེ་ཆ་བཤད་སྦྱང་བྱས་པའི་ཕན་ཡོན་ཙམ་ལས་མི་(༤བ)


GLG010_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ལ། ཁྱད་པར་ཛེ་ཏཱ་རི་ལུགས་ཀྱི་རྣམ་པར་རྒྱལ་མ་དཀྱིལ་འཁོར་དང་འབྲེལ་བ་མ་ཡིན་པས། སྟོང་མཆོད་དམ་རྗེས་གནང་གང་རུང་དང་མ་འབྲེལ་པར་དཀྱིལ་འཁོར་གཞན་གྱིས་རྒྱས་བཏབ་ནས། མདུན་སྐྱེད་ཀྱི་རྣམ་གཞག་བྱེད་པ་ནི། ཞྭ་དཔེ་ལྷམ་ལ་བཀབ་པ་ལྟར་མི་མཁས་པ་ཞིག་གིས་རང་བཟོ་བྱས་པ་སྟེ། མཁས་གྲུབ་ཚད་ལྡན་གྱི་ལུགས་མིན་ནོ། །དེའི་ཕྱིར་བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཉ་དང་ཉུང་མ་མ་བསྲེས་པར་རིགས་པའི་དྭངས་སྙིགས་ཕྱེད་པར་བྱའོ། །དེས་ན་ལག་ལེན་གྱི་རིམ་པ་ལ་སྟེགས་བུ་སོགས་མངོན་པར་འདུ་བྱས། རྡོ་ཚོན་གྱིས་བྲིས་པའི་བུམ་གདན་གྱི་སྟེང་དུ་བཅུད་ལྡན་གྱི་བུམ་པ་མགུལ་ཆིངས་དང་བཅས་པ་བཞག །དེའི་སྟེང་དུ་རབ་གནས་དང་ལྡན་པའི་མཆོད་རྟེན་ཚད་ལྡན་བཞུགས་སུ་གསོལ། ཕྱི་མཆོད་དང་། ལྷ་བཤོས། མར་མེ། སྤོས། བ་དན། གདུགས། ལྡ་སྟི་སོགས་ཅི་འབྱོར་པའི་མཆོད་པ་སྟོང་གི་གྲངས་ལྡན། ཤར་དུ་ལྷའི་གཏོར་མ། ལྷོར་ཆ་གསུམ། སྐབས་སུ་གང་བབ་པར་གཏོར་མ་སྟོང་དང་དེ་བཤམ་པའི་སྣོད། གཞན་ཡང་སོ་སོའི་མདུན་དུ་མེ་ཏོག་དང་རོལ་མོ་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བཤམ་མོ། སྔོན་འགྲོ་གསོ་སྦྱོང་བླང་བ་ནི། ཕུན་སུམ་ཚོགས་པའི་ཡན་ལག་ཡིན་ཡང་རབ་ཏུ་བྱུང་བ་རྣམས་ཀྱིས་མ་བྱས་པར་ཆད་ལྷག་ཏུ་མི་འགྱུར་བས་རེ་ཞིག་བཏང་སྙོམས་སུ་བཞག །མཆོད་པ་བྱིན་གྱིས་བརླབ་པ་ནི། བཛྲ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། གཞན་ཡང་རོལ་མོ་དང་འཕན་གདུགས་ལ་སོགས་པའི་མཆོད་རྫས་བསམ་གྱིས་མ་ཁྱབ་པ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་(༥ན)


GLG010_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཨརྒྷཾ་སྭཱཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱཧཱ། ཨོཾ་བཛྲ་པུཥྤཾ་སྭཱཧཱ། ཨོཾ་བཛྲ་དྷཱུ་པཾ་སྭཱ་ཧཱ། ཨོཾ་བཛྲ་དྭི་པཾ་སྭཱཧཱ། ཨོཾ་བཛྲ་གནྡྷཾ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་སྭཱཧཱ། ཨོཾ་བཛྲ་ཤབྡ་སྭཱ་ཧཱ། ཨོཾ་བཛྲ་དྷརྨ་ར་ཎི་ཏ་སོགས་དང་། སོ་སོའི་ཕྱག་རྒྱ་བྱ། མཐར་རོལ་མོ་རྣམས་འབུད་དཀྲོལ་བྱ་ཞིང་བྱིན་དབབ། མཆོད་པ་བྱིན་བརླབ་འོག་མ་རྣམས་ལ་དྷརྨ་ར་ཎི་དང་རོལ་ཆེན་མི་དགོས། དེ་ནས་གོང་གི་བདག་སྐྱེད་རྫོགས་པར་བཏང་། མདུན་སྐྱེད་སྒྲུབ་པ་ནི་བུམ་པ་དང་མཆོད་རྟེན་ལ་དམིགས་ཏེ། ཨོཾ་བཛྲ་ཨ་མྲྀ་ཏས་བསང་། སྭཱ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་སྟེང་དུ་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་བྷྲཱུཾ་ཡིག་དཀར་པོ་ཞེས་སོགས་ཀྱི་མཆོད་རྟེན་ལྷ་དགུ་དང་བཅས་པ་སྐྱེད་པ་ནས། གཙུག་ཏོར་རྣམ་པར་རྒྱལ་མའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པའི་བར་གོང་བཞིན་བྱས་ལ། ཏིང་ཤག་རྡུང་ཞིང་། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། ཞེས་སོགས་ཤློ་ཀ་གསུམ་གྱི་མཐར། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། བདག་སྐྱེད་ཀྱི་སྐབས་ལྟར་བསྟིམ། དབང་ལྷ་སྤྱན་དྲངས། མཆོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་སྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། དབང་བསྐུར་རྒྱས་གདབ་གོང་བཞིན་བྱ། སྤོས་དང་མར་མེ་ལ་སོགས་(༥བ)


GLG010_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྤར་ལ་མཆོད་པ་བྱིན་གྱིས་བརླབ། ཐལ་མོ་སྦྱར་ཏེ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །སངས་རྒྱས་སྲས་དང་བཅས་ལ་དབུལ། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་ཞབས་བསིལ་སོགས་ལ་ཚིགས་བཅད་དང་སྔགས་འདོན་པ་བསྒྱུར་ཏེ། ཤཔྟའི་ཚེ་རོལ་ཆེན་བྱ། གདུགས་མཆོག་ཇི་སྙེད། ཚ་ཏྲཾ་ཀ །བ་དན་ཇི་སྙེད། པ་ཏཾ་ཀ །སྤྲོ་ན། ལྡ་ལྡི་ཇི་སྙེད། བ་ཌཾ་ད་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད། འདི་ལ་ཆུ་གཉིས། ཉེར་སྤྱོད་རོལ་མོ་རྣམས་ཀྱི་སྟེང་དུ་གདུགས། བ་དན་ལྡ་ལྡི་གསུམ་ལས་མེད་པས། གཞན་ནས་རྒྱས་བཀབ་ཀྱིན་རྒྱུ་མཚན་མེད་པའི་ཉི་མ་འཕུལ་ཐབས་ཀྱི་གང་དྲན་མང་པོ་གདགས་པར་མི་བྱའོ། །དཔལ་ལྡན་ལྷ་མོ་ཞེས་སོགས་ཀྱི་མཐར། རྣམ་རྒྱལ་འཇིག་རྟེན་དབང་ཕྱུག་གསང་བའི་བདག །མི་གཡོ་འདོད་རྒྱལ་དབྱུག་སྔོན་སྟོབས་པོ་ཆེ། །གནས་གཙང་ལྷ་ཡི་བུ་དང་བཅས་པ་ཡི། །རྣམ་རྒྱལ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། དེ་ནས་བདག་སྐྱེད་ལྟར་དམིགས་པ་དང་བཅས་གཟུངས་རིང་ཚར་གཅིག་བཟླས་ཏེ་ལེགས་སོ་སྟེར་བའི་ཕྱག་རྒྱས་མེ་ཏོག་བཟུང་སྟེ་མདུན་སྐྱེད་ལ་མེ་ཏོག་འཐོར། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་རེ་རེའི་འགོར་སྦྱར་བའི། མཆོད་ཡོན་ནས། ལྡ་ལྡིའི་བར་གྱིས་མཆོད། སྟོང་མཆོད་དངོས་ནི། དཔལ་ལྡན་ལྷ་མོ་སོགས་ཤློ་ཀ་གཅིག་གིས་བསྟོད། བཅོམ་ལྡན་འདས་མ་འཁོར་དང་བཅས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་འོག་གི་བུམ་པ་ཡོངས་སུ་གང་བར་གྱུར་ཅེས་བརྗོད་ཅིང་། ཨོཾ་ན་མོ་ཞེས་པའི་སྐབས་ཐལ་མོ་སྦྱར་ལ་མགོ་བོ་དུད་པའི་སྒོ་ནས་ཕྱག་བྱ་བར་མོས་ཏེ་གཟུངས་རིང་ཚར་བཅུ་རེ་སྟོན་པའི་རྗེས་སུ་གོང་ལྟར་མཆོད་བསྟོད་ཚར་(༦ན)


GLG010_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

རེ་བྱ། ལས་ཀྱི་རྡོ་རྗེས་མཆོད་པ་རྣམས་ལ་གསོ། དེ་འདྲ་བ་ལན་ལ་ཕར་བྱས་པའི་གཟུངས་ལྔ་བརྒྱ་ཙམ་སོང་བའི་ཚེ། གཟུངས་བཟླ་བ་དང་སྦྲགས་ནས་སྐོར་བའང་སྟོང་གྲུབ་པར་བྱ། མཆོད་བསྟོད་ཀྱི་ཚེ་གང་བབས་ཀྱི་རང་སར་འཁོད་དོ། །གཏོར་མ་གཏང་བ་ནི། མང་ཉུང་ཇི་ལྟར་འཚམ་པ་ཞིག་གིས་ཕྱི་རོལ་དུ་གཏོར་ཆ་བཅུ་ཚར་བཤམ། རིལ་བུ་བཅུ་བཅུ་བླུག་པ་ཆུ་དང་སྦྱར། བཛྲ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ལན་གསུམ་གྱིས་བྱིན་གྱིས་བརླབ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱ་ཨཱ་དྱ་ནུ་ཏྤནྣ་ཏྭཱ་ད་ཨོཾ་ཨཱཿཧཱུཾ་པ་རུ་སྭཱཧཱ། སྟོང་གིས་བསྔོ། སྔགས་བཅུའམ་བརྒྱའི་འཚམས་སུ་ཏིང་ཤག་རྡུང་ཞིང་། མཆོད་སྦྱིན་གཏོར་མ་དམ་པ་འདིས། །འཕགས་པའི་ཚོགས་རྣམས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་སྐོངས་གྱུར་ཅིག །རིགས་དྲུག་གཏོར་མས་ཚིམ་གྱུར་ནས། །ལན་ཆགས་བུ་ལོན་ཁྱེར་བ་དང་། བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་བརྗོད། ལྷ་ལ་གཏོར་མ་དབུལ་བ་ནི། གོང་ལྟར་བྱིན་གྱིས་བརླབ། གཟུངས་ཀྱི་མཐར་ཨ་ཀཱ་རོ་ལན་གསུམ་བཏགས་པས་དབུལ། བདག་སྐྱེད་ཀྱི་སྐབས་ལྟར་མཆོད་བསྟོད་བྱ། བཅོམ་ལྡན་འདས་མ་ནས། སྩལ་དུ་གསོལ་གྱི་བར་བརྗོད། གཏོར་མ་གཞན་གསུམ་ནི། ཆ་གསུམ་གྱི་ཆོ་གས་གཉིས་ནང་དང་གཅིག་ཕྱི་རོལ་དུ་གཏང་ངོ་། །རྗེས་ཆོ་ག་ནི། མཆོད་པ་རྣམས་ཁ་གསོ། བྱིན་གྱིས་བརླབ། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་བྲེ་དང་། མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་རྣམ་པར་རྒྱལ་མ་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྔོན་དུ་འགྲོ་བས། (༦བ)


GLG010_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྒྷཾ་ནས། པ་ཌཾ་དའི་བར་གྱི་སྔགས་རྣམས་འདོན་པ་བསྒྱུར་ཅིང་སོ་སོའི་ཕྱག་རྒྱ་དང་བཅས་པས་མཆོད། ལངས་ཏེ་ཕྱག་འཚལ་ཞིང་དཔལ་ལྡན་ལྷ་མོ་སོགས་ཀྱིས་བསྟོད། སླར་ཡང་ཙོག་པུར་འདུག་སྟེ། བཅོམ་ལྡན་རྣམ་པར་རྒྱལ་མ་ལ། མཆོད་ཅིང་གསོལ་བ་གདབ་པའི་མཐུས། །བདག་སོགས་རྣམས་དང་ཡོན་བདག་ལ། །འཆི་མེད་དངོས་གྲུབ་སྩལ་དུ་གསོལ། །ས་འོག་ས་སྟེང་ས་བླའི་གདོན། །ནད་རིམས་དུས་མིན་འཆི་བ་སོགས། །སྔོན་ལས་འཕྲལ་རྐྱེན་ཀུན་ཞི་ཞིང་། །འཆི་མེད་དངོས་གྲུབ་སྩལ་དུ་གསོལ། །སྲིད་དང་ཞི་བའི་ཡོན་ཏན་ཀུན། །ལེགས་ཐོབ་མི་ཉམས་གོང་དུ་འཕེལ། ཁྱད་པར་ཚེ་ལ་དབང་འབྱོར་བའི། །འཆི་མེད་དངོས་གྲུབ་སྩལ་དུ་གསོལ། །ཇི་སྲིད་སངས་རྒྱས་མ་ཐོབ་པར། །ལྷ་མོ་ཁྱེད་ཀྱིས་རྗེས་བཟུང་སྟེ། །འཆི་བདག་གཡུལ་ལས་རབ་རྒྱལ་བའི། །འཆི་མེད་དངོས་གྲུབ་སྩལ་དུ་གསོལ། །དཔག་བསམ་ཤིང་དང་བུམ་པ་བཟང་། །ཡིད་བཞིན་ནོར་འདྲའི་ལྷ་ཁྱོད་ཀྱིས། །ཐུགས་རྗེའི་འཆི་མེད་བདུད་རྩི་ཡིས། །སྙིང་གི་བུམ་བཟང་གང་བར་མཛོད། །ཅེས་འདོད་དོན་ཞུ། མེ་ཏོག་དང་བཅས་ཐལ་མོ་སྦྱར་ཏེ་ཡིག་བརྒྱ་བརྗོད། །མ་འབྱོར་བ་དང་སོགས་ཀྱིས་བཟོད་པར་གསོལ། ཕྱོགས་བཅུ་ན་བཞུགས་པ་སོགས་ཀྱིས་བརྟན་བཞུགས་བྱ། བཀྲ་ཤིས་བརྗོད་ཅིང་རོལ་མོའི་སྒྲ་དང་མེ་ཏོག་སིལ་མ་དཀྲམ་པར་བྱའོ། །གསུམ་པ་སློབ་མ་རྗེས་སུ་འཛིན་པ་རྗེས་གནང་གི་ཆོ་ག་དང་། གོང་དུ་དགོས་པའི་གསོ་སྦྱོང་བླང་བ། བསྟོད་པ་རྒྱས་པ། འདོད་གསོལ་རྒྱས་པ་སོགས་བྱ་བར་སྤྲོ་ན། ཚད་ལྡན་མཁས་པའི་ཡི་གེ་གཞན་ལས་བླང་བར་བྱའོ། །ལུགས་འདི་ལ་དབང་གི་རྣམ་གཞག་ཀྱང་མེད་པས། དཀྱིལ་འཁོར་ལ་བརྟེན་པའི་རྣམ་རྒྱལ་མ་ཞིག་འདོད་ན། ད་རཱ་ཎ་ཨཱ་ཙཱརྱའི་ལུགས་ཀྱི་རྣམ་རྒྱལ་ལྷ་མང་གི་ཡི་གེ་ལས་(༧ན)


GLG010_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱའོ། །གསང་སྔགས་ཀྱི་ཆོས་འདི་ངེས་པར་བླ་མ་བསྟེན་པའི་ཞལ་ལུང་ལ་རག་ལས་དགོས་པས། ནག་པོ་འགྲོ་ཤེས་སུ་འབྲི་བ་སོགས་ཕྲི་སྣོན་གྱི་རང་བཟོ་མ་བྱེད་ཅིག །སྨྲས་པ། མཛེས་མཛེས་ལྷ་མོའི་གཟུགས་ཅན་ཡིད་འཕྲོག་མ། །གསལ་གསལ་ཟླ་ལྟར་དཀར་བའི་བཞིན་རས་ཅན། །ལྡེམ་ལྡེམ་པད་དཀར་སྟེང་ན་འཇོ་སྒེག་མཁན། །སིལ་སིལ་གདུ་བུའི་སྒྲ་ལྡན་རྣམ་རྒྱལ་མ། །དུང་དུང་སྙིང་ནས་མི་ཕྱེད་དད་པ་དང་། །ཡང་ཡང་མཆོད་ཅིང་གསོལ་བ་བཏབ་པའི་འབྲས། །རིང་རིང་འཆི་མེད་ཚེ་ཡི་དངོས་གྲུབ་དེ། །བཟང་བཟང་སྐལ་བར་ལྡན་པ་བདག་གིས་ཐོབ། །ནམ་ཡང་འཆི་བ་མེད་པ་བདུད་རྩིའི་རྒྱུན། །རྒྱུན་ཆད་མེད་པར་འཐོབ་པའི་མན་ངག་མཆོག །མཆོག་ཏུ་རྣམ་པར་དཔྱོད་པས་ལེགས་བཀོད་ཚེ། །ཚེ་འདིར་ལྷག་པའི་ལྷ་མཆོག་འགྲུབ་གྱུར་ཅིག །ཛེ་ཏཱ་རི་ལུགས་ཀྱི་རྗེ་བཙུན་རྣམ་པར་རྒྱལ་མའི་སྒྲུབ་ཐབས་མཆོད་བསྟོད་ཀྱི་ཡི་གེ་འཆི་མེད་དཔལ་སྦྱིན་ཞེས་བྱ་བ་འདི་ནི། རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་འཁོན་སྟོན་ཆོས་ཀྱི་རྒྱལ་པོ་དཔལ་འབྱོར་ལྷུན་གྲུབ་སོགས་ཡོངས་འཛིན་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་ལས། སྔགས་གསར་རྙིང་ཐེག་པ་གོང་འོག་མཐའ་དག་གི་སོ་སོའི་ལུགས་སྲོལ་དང་རང་སྐད་མ་འདྲེས་པར་ཁོང་དུ་ཆུད་པའི་ཟ་ཧོར་བནྡྷེ་ངག་དབང་བློ་བཟང་རྒྱ་མཚོས། མྱོས་བྱེད་ཅེས་པ་ཤིང་ལུག་རྟ་ཆེན་གྱི་ཟླ་བའི་རྒྱལ་བ་དང་པོའི་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །(༧བ)


GLG010_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦྦ་ཏྭཻ་ལོ་ཀྱ་པྲ་ཏི་བི་ཤིཥྚཱ་ཡ། བུདྡྷ་ཡ་ཏེ་ན་མཿ ཏདྱ་ཐཱ། ཨོཾ་བྷྲཱུཾ་བྷྲཱུཾ་བྷྲཱུཾ་ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་ས་མ་ས་མནྟྭ་ཨ་བ་བྷཱ་ས་སྥ་ར་ཎ་ག་ཏི། ག་ག་ན་སྭ་བྷཱ་བ་བི་ཤུདྷེ། ཨ་བྷི་ཥིཉྩ་ནྟུ་མཱཾ། སརྦྦ་ཏ་ཐཱ་ག་ཏཱཿསུ་ག་ཏ་བ་ར་པ་ཙ་ན་ཨ་མྲྀ་ཏ་ཨ་བྷི་ཥེ་ཀ་ར། མ་ཧཱ་མུ་དྲཱ་མནྟྲ་པ་དཻཿ ཨཱ་ཧ་ར་ཨཱ་ཧ་ར། མ་མ་ཨཱ་ཡུསྶཾ་དྷ་ར་ཎི། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ག་ག་ན་སྭ་བྷཱ་བ་བི་ཤུདྡྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུདྡྷེ། ས་ཧ་སྲ་ར་སྨི་ས་ཉྩོ་དེ་ཏཻ། སརྦྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ནི། ཥཊྤཱ་ར་མི་ཏཱ་པ་རི་པཱུ་ར་ཎི། སརྦྦ་ཏ་ཐཱ་ག་ཏ་མཱ་ཏེ། ད་ཤ་བྷཱ་མི་པྲ་ཏིཥྛི་ཏེ། སརྦྦ་ཏ་ཐཱ་ག་ཏཱ་ཧྲྀ་ད་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། བཛྲ་ཀཱ་ཡ་སཾ་ཧ་ཏ་ན་པ་རི་ཤུདྡྷེ། སརྦྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ། པྲ་ཏི་ནིཝརྟ་ཡ་མ་མ་ཨཱ་ཡུར་བི་ཤུདྡྷེ། སརྦྦ་ཏ་ཐཱ་ག་ཏ་ས་མ་ཡ། ཨ་དྷིཥྵཱ་ན་ཨ་དྷི་ཥྛི་ཏེ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི། བི་མུ་ནི་བི་མུ་ནི་མ་ཧཱ་བི་མུ་ནི། མ་ཏི་མ་ཏི་མཧཱ་མ་ཏི། མ་མ་ཏི་སུ་མ་ཏི་ཏ་ཐ་ཏཱ། བྷཱུ་ཏ་ཀོ་ཊི་པ་རི་ཤུད་དྷེ། བི་སྥུ་ཊ། བུད་དྷི་ཤུད་དྷེ། ཧེ་ཧེ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར། སྥ་ར་སྥ་ར། སྥཱ་ར་ཡ་སྥཱ་ར་ཡ། སརྦྦ་བུད་དྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཤུདྡྷེ་ཤུདྡྷེ། བུདྡྷེ་བུདྡྷེ། བཛྲེ་བཛྲེ་མ་ཧཱ་བཛྲེ། སུ་བཛྲེ་བཛྲ་གརྦྷེ་ཛ་ཡ་གརྦྷེ། བི་ཛ་ཡ་གརྦྷེ། བཛྲ་ཛྭཱ་ལཱ་གརྦྷེ། བཛྲོ་དྦྷ་བེ། བཛྲ་སཾ་བྷ་བེ། བཛྲེ་བཛྲི་ཎི། བཛྲ་མྦྷ་བ་ཏུ་མ་མ་ཤ་རཱི་རཾ། སརྦྦ་ས་ཏྭཱ་ནཱཉྩ་ཀཱ་ཡ་པ་རི་ཤུད་དྷིརྦྷ་བ་ཏུ། མེ་ས་དཱ་སརྦྦ་ག་ཏེ་པ་རི་ཤུནྷཉྩ། སརྦྦ་ཏ་ཐཱ་ག་ཏཱཤྩ་མཱཾ་ས་མཱ་ཤྭཱ་ས་ཡནྟུ། པུ་དྷྱ་པུ་དྷྱ་སི་དྷྱ་སི་དྷྱ། བོ་དྷ་ཡ་བོ་དྷ་ཡ། བི་བོ་དྷ་ཡ་བི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ས་མནྟཱན་མོ་ཙ་ཡ་མོ་ཙ་ཡ། ས་མནྟ་ར་སྨི་པ་རི་ཤུད་དྷེ། སརྦྦ་ཏ་ཐཱ་ག་ཏཱ་ཧྲྀ་ད་ཡ་ཨདྷིཥྞཱ་ན་ཨ་དྷི་ཥཱི་ཏེ། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། མ་ཧཱ་མུ་དྲཱ་མནྟཱ་པ་དེཿསྭཱཧཱ། ཨོཾ་བྷྲཱུཾ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱཧཱ། ཨོཾ་ཨཱཿཧཱུཾ་ཏྲཱཾ་ཧྲཱིཿཨོཾ་ཨཿརཀྵ་རཀྵ་མཱཾ་སརྦྦ་ས་ཏྭཱཾ་ཤྩ་སྭཱ་ཧཱ།


previousཛེ་ཏཱ་རི་ལུགས་ཀྱི་རྗེ་བཙུན་རྣམ་པར་རྒྱལ་མའི་སྒྲུབ་ཐབས་འཆི་མེད་དཔལ་སྟེར།།next