Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་མི་འཁྲུག་པ་ལྷ་དགུའི་དཀྱིལ་འཁོར་གྱི་ཆོ་ག་ངན་སོང་ཚ་གདུང་ཀུན་སེལ་ག་བུར་གསར་པའི་ཆུ་རྒྱུན།།
   
   
   
   
   
   
   
   
   
   


 
previousརྡོ་རྗེ་མི་འཁྲུག་པ་ལྷ་དགུའི་དཀྱིལ་འཁོར་གྱི་ཆོ་ག་ངན་སོང་ཚ་གདུང་ཀུན་སེལ་ག་བུར་གསར་པའི་ཆུ་རྒྱུན།།next

རྡོ་རྗེ་མི་འཁྲུག་པ་ལྷ་དགུའི་དཀྱིལ་འཁོར་གྱི་ཆོ་ག་ངན་སོང་ཚ་གདུང་ཀུན་སེལ་ག་བུར་གསར་པའི་ཆུ་རྒྱུན།།


GLG010_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་མི་འཁྲུག་པ་ལྷ་དགུའི་དཀྱིལ་འཁོར་གྱི་ཆོ་ག་ངན་སོང་ཚ་གདུང་ཀུན་སེལ་ག་བུར་གསར་པའི་ཆུ་རྒྱུན་བཞུགས་སོ།།


GLG010_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཤྲཱི་མཉྫ་ཡེནྡྲོཏྟརགུརཝེ། ཟུང་འཇུག་དབང་གི་རྒྱལ་པོའི་ཟ་མ་ཏོག །སྐལ་བཟང་འགྲོ་ལ་སྩོལ་བའི་རྡོ་རྗེ་འཆང་། །བསམ་བཞིན་སྲིད་འདིར་ངུར་སྨྲིག་ཟློས་གར་ཅན། །འཇམ་མགོན་བློ་བཟང་གྲགས་པ་གཙུག་ན་རྒྱལ། །དཀྱིལ་འཁོར་རྒྱ་མཚོ་སྤྲོ་བའི་བྱེད་པོ་མཆོག །དཔལ་ལྡན་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཛིན། །དངོས་གྲུབ་འབྱོར་བའི་འཕྲིན་ལས་ལྷུན་གྲུབ་པ། །དྲིན་ཅན་བླ་མ་མཆོག་དེས་རྟག་ཏུ་སྐྱོངས། །རྡོ་རྗེའི་རིགས་རྣམས་ཀུན་གྱིས་བདག་ཉིད་ཆེ། །ཕན་བདེའི་དཔལ་གྱི་མཆོག་སྦྱིན་སྩོལ་མཛད་པའི། །བཅོམ་ལྡན་མི་འཁྲུག་འཁོར་ལོའི་ལྷ་ཚོགས་ཀྱིས། །མཐའ་ཡས་འགྲོ་ལ་དུས་ཀུན་ཤིས་པར་མཛོད། །(༢ན)


GLG010_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སོང་སྡུག་བསྔལ་ཚ་གདུང་ཀུན་སེལ་ཞིང་། །དག་པའི་ཞིང་མཆོག་ཀུནྡའི་འདབ་སྟོང་སྒོ། །རབ་འབྱེད་སྒྲུབ་ཐབས་ཟླ་གཞོན་གསར་པ་ཡི། །ག་བུར་ཐིག་པའི་ཆུ་རྒྱུན་དེང་འདིར་སྤྲོ། འདིར་རྡོ་རྗེ་མི་འཁྲུག་པའི་ཆོ་ག་མཚན་ཉིད་དང་ལྡན་པ་ཉམས་སུ་ལེན་པར་འདོད་པས། སྟ་གོན་རྣམ་པ་བཞི་ལ་ཉེ་བར་མཁོ་བའི་དྲི་ཐིག་ཚོམ་བུ་སྤྱི་མཆོད། སྒོས་མཆོད། གཏོར་མ། བུམ་པ། བུམ་རྫས། སོ་ཤིང་སོགས། ཚུལ་འདི་ལ་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་མངོན་པར་འདུ་བྱས་ཏེ། ཐོག་མར་བདག་སྐྱེད་སྒོམ་པ་ནི། ཁྲུས་བྱས། ཐེག་པ་ཆེན་པོའི་གསོ་སྦྱོང་ཀུན་འགྲུབ་ན་བྱ། མཆོད་པ་རྣམས་ཨ་མྲྀ་ཏ་ཧཱུཾ་ཕཊ་ཀྱིས་བསངས། (༢བ)


GLG010_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་བཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག༔ །བདུག་སྤོས། མར་མེ། དྲི་མཆོག །ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོག་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། སོ་སོའི་ཕྱག་རྒྱ་དང་བཅས་པས། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤཾ་སྭཱ་ཧཱ་ཞེས་སོགས་ནས། ཨོཾ་བཛྲ་ཤཔྟ་སྭཱ་ཧཱ། ཞེས་པའི་མཐར། ཨོཾ་དྷརྨ་ར་ཎི་ཏ་སོགས་རོལ་མོ་དང་བཅས་པས་བྱིན་དབབ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་རྡོ་རྗེ་མི་འཁྲུག་པར་གསལ་བའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧཱུཾ་སྔོན་པོ་དེ་ལས་འོད་ཟེར་འཕྲོས་པས། བླ་མ་དང་རྡོ་རྗེ་མི་འཁྲུག་པའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར། ཨོཾ་བཛྲ་ས་མཱ་ཛཿ རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སྤྱན་དྲངས། ཐལ་མོ་སྦྱར་ཏེ། ན་མོ་གུ་རུ་བྷྱཿ ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་ཨཀྵོ་བྷྱ་མཎྜལ་ས་པ་རི་ཝ་རེ་བྷྱཿ ཞེས་པས་ཕྱག་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨཀྵོ་བྷྱ་མཎྜ་ལ་ས་པ་རི་ཝཱ་ཨརྒྷཾ་པྲ་ཏིཙྪ་སྭཱཧཱ། ཞེས་སོགས་(༣ན)


GLG010_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་གྱིས་རྒྱུན་བཤགས་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །ཅེས་སོགས་ཚད་མེད་བཞི་བསྒོམ། ཨོཾ་ཤཱུ་ནྱཱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། རང་དང་བསྒོམ་བྱའི་ལྷ་གཉིས་གང་ཟག་དང་ཆོས་ཀྱི་བདག་མཐའ་དག་གིས་སྟོང་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བདག་དང་ལྷའི་དེ་ཁོ་ན་ཉིད་དབྱེར་མི་ཕྱེད་པར་རྟོག་པ་གཉིས་སུ་སྣང་བ་ཐམས་ཅད་དབེན་པའི་རང་གི་སེམས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ཉིད་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རྣམ་པར་གྱུར། དེའི་སྟེང་དུ་ན་མོ་རཏྣ་ཏྲ་ཡཱ་ཡ། །ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲ་ས་ནི་ཏྲ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རམ་པ་རཱ་ཎི་མེ་སརྦ་ས་ཏྭཱ་སྭཱཧཱ། ཞེས་པའི་སྔགས་ཀྱི་རང་གདངས་ཀྱི་སྒྲ་དྲིལ་བུའི་སྒྲ་བཞིན་གྲགས་པར་གྱུར། སྔགས་ཀྱི་གདངས་གྲག་པ་དེ་ཉིད་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡིག་འབྲུ་བྲིས་པའི་རྣམ་པ་ཅན་དུ་འཁོད་བར་གྱུར་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་སྔགས་ཀྱིས་མཚན་པར་གྱུར། ཟླ་བ་ཕྱག་མཚན་སྔགས་(༣བ)


GLG010_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པའི་འོད་ཟེར་གྱི་མཐུ་ལས་རྒྱལ་བ་ཐམས་ཅད་མཆོད་ཅིང་། ཐུགས་རྗེའི་ཆར་རྒྱུན་གྱིས་དམྱལ་བ་སོགས་ཀྱི་སྡུག་བསྔལ་ཐམས་ཅད་སྦྱངས། །ཚུར་འདུས་ཡོངས་སུ་གྱུར་པ་ལས། པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུག་པ་སྐུ་མདོག་ཨིནྡྲ་ནཱི་ལའི་ལྷུན་པོ་ལ་ཉི་མ་ཤར་བ་ལྟར་རབ་ཏུ་དངས་ཤིང་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོ་བ། ཞལ་གཅིག་ཕྱག་གཉིས་པ་གཡས་ས་གནོན་དང་། གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་རྡོ་རྗེ་རྩེ་ལྔ་པ་འཛིན་པ། སྤྱན་དཀྱུས་རིང་བའི་སྤྱན་གཉིས་སེམས་དཔའི་ལྟ་སྟངས་ཀྱི་འགྲོ་བ་མཐའ་དག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིང་ཞལ་འཛུམ་ཞིང་རབ་ཏུ་ཞི་བ། དབུ་སྐྲ་རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་ཤིང་ལྷག་མ་ཅུང་ཟད་ལྕང་ལོའི་ཚུལ་དུ་འཕྱང་བ། ལྷ་རྫས་ལས་གྲུབ་པའི་དར་གྱི་སྟོད་གཡོགས་དང་ཤམ་ཐབས་གསོལ་བ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱ་དམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དམ་ཚིག་གི་ཕྱག་རྒྱ་གནས་གསུམ་དུ་རེག་པ། ཀཾ་ཀ་ནི། ཚར་རེ་རེ་བརྗོད་ཅིང་བྱིན་གྱིས་བརླབས། རང་གི་སྙིང་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བཅོམ་(༤ན)


GLG010_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་རྡོ་རྗེ་མི་འཁྲུག་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་པ་ལ་ཨོཾ་ཨརྒྷཾ་སྭཱ་ཧཱ་ཞེས་པས་མཆོད་ཡོན་ཕུལ། ཛཿཧཱུཾ་བཾ་ཧོཿ དེ་རྣམས་རང་ཉིད་ལ་ཐིམ་པ་འོད་དུ་ཞུ། རང་གི་ཐུགས་ཀར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དབུས་སུ་ཧཱུཾ་ལས་མི་བསྐྱོད་པ་སྔོན་པོ་གཡས་ས་གནོན། གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། ཤར་དུ་ཨོཾ་ལས་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ། ལྷོར་ཏྲཾ་ལས་རིན་ཆེན་འབྱུང་ལྡན་སེར་པོ་གཡས་མཆོག་སྦྱིན་གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། ནུབ་ཏུ་ཧྲཱིཿལས་འོད་དཔག་མེད་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། །བྱང་དུ་ཨཱཿ ལས་དོན་ཡོད་གྲུབ་པ་ལྗང་ཁུ་གཡས་སྐྱབས་སྦྱིན་གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་ཤིང་འོད་ཟེར་སྣ་ཚོགས་འཕྲོ་བའོ། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨཀྵོ་བྷྱོ་མཎྜལ་ས་པ་རི་ཝཱ་ར་ཞེས་པ་རེ་རེའི་འགོར་སྦྱར་བའི་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། བསྟོད་པ་རྒྱས་པར་སྤྲོ་ན་མཉམ་ཉིད་མ་སོགས་ཀྱི་བསྟོད་ཅིང་། འཁྱེར་བདེ་བའི་སླད་དུ། ཆོས་དབྱིངས་རྣམ་དག་མཁའ་ཀློང་ཡངས་པ་ལས། །དཔལ་ལྡན་ལོངས་(༤བ)


GLG010_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་རྫོགས་སྐུའི་བཅུ་གཉིས་བདག །དངོས་གྲུབ་ཀུན་གྱི་འོད་སྟོང་རབ་འགྱེད་པའི། །རྡོ་རྗེའི་རིགས་ཀྱི་བདག་པོར་ཕྱག་འཚལ་བསྟོད། །ཀུན་གསལ་ལན་བརྒྱར་མེ་ལྕེས་རབ་བཞུ་བ། །བྱེད་པོས་པིར་གྱིས་ལྷུན་པོར་བྱུགས་པས་ཀྱང་། ཁྱོད་སྐུའི་ཆ་ཤས་ལ་འགྲན་སྐལ་བ་ཡིས། །དབེན་པར་སྟོན་པ་བཅོམ་ལྡན་སྐུ་ལ་བསྟོད། །ཁྱོད་སྐུ་མཚན་དང་དཔེ་བྱད་བཟང་པོ་ཡིས། །ནམ་ཡང་ཡིད་གཅུགས་མཛའ་བ་མ་བཏང་ཚེ། །རླུང་གི་རྒྱལ་མཚན་མཛེས་མ་ཕྲག་དོག་གིས། །ལྷ་ལམ་གཞོན་ནུར་འཁྱུད་པའི་ངལ་བ་བསྟེན། །སྒྲིབ་གཉིས་ཟད་པར་སྤངས་ཀྱང་རྒོད་པ་སོགས། །ཆགས་པའི་ཉམས་ཀྱི་རྣམ་འགྱུར་ཅི་ཡང་སྟོན། །སྣ་ཚོགས་སྤྲོས་པའི་འཆིང་ལས་རྟག་གྲོལ་ཀྱང་། །དར་ཟབ་རིན་ཆེན་རྒྱན་གྱིས་མངོན་པར་མཛེས། །གང་གི་རྣལ་འབྱོར་མེ་ཡིས་སྒྲིབ་པའི་ཤིང་། །མ་ལུས་སྲེག་ཀྱང་ཐུགས་རྗེའི་ཆར་རྒྱུན་གྱིས། །འཇིགས་རུང་ངན་སོང་ཚ་གདུང་ཀུན་སེལ་བའི། །བཅོམ་ལྡན་མི་འཁྲུག་པ་ལ་ཕྱག་འཚལ་བསྟོད། །རང་གི་ཐུགས་ཀའི་ཟླ་གདན་ལ་སྔགས་འཕྲེང་དཀར་པོས་བསྐོར་བ་ལས་འོད་འཕྲོས། །རྒྱལ་བ་སྲས་བཅས་མཆོད་ཅིང་། །དེ་དག་གི་ཡོན་ཏན་མ་ལུས་པ་གཟུངས་སྔགས་ལ་ཐིམ། །བདུད་རྩིའི་རྒྱུན་གྱིས་སྡིག་སྒྲིབ་འགལ་རྐྱེན་འགྲོ་དྲུག་གི་སྡུག་བསྔལ་མ་ལུས་པ་སྦྱངས་པར་གྱུར་པར་བསམས་ལ། ཀཾ་ཀ་ནི་ཅི་ནུས་བཟླས་པའི་(༥ན)


GLG010_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

མཐར། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་རླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་བདག་གི་སྙིང་ཁ་ནས་ཡེ་ཤེས་པ་རྣམས་མདུན་གྱི་ནམ་མཁར་བྱོན་པར་གྱུར་པར་བསམ་མོ། །དེ་ལ་མཆོད་བསྟོད་གོང་ལྟར་བྱས་ལ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ལན་གསུམ་གྱི་མཐར། ནོངས་པ་བཟོད་པར་གསོལ། ཨོཾ་བཛྲ་མུཿ ཡེ་ཤེས་པ་གཤེགས། རང་དམ་ཚིག་པའི་ང་རྒྱལ་གྱིས་འཁོད་པར་བསམས་ལ་དཀྱིལ་འཁོར་གྱིས་ལས་རྣམས་བྱའོ། །སྟ་གོན་ལས་ལྷའི་ཚོམ་བུ་ཨ་མྲྀ་ཏས་བསངས། ཤུ་ནྱ་ཏྭས་སྦྱངས། རང་གི་ལག་པ་གཡས་པ་ས་ལ་རེག་པའི་རྐྱེན་གྱིས་ཚོམ་བུའི་སྟེང་དུ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སའི་ལྷ་མོ་སྐུ་མདོག་སེར་མོ་ཞི་བའི་ཉམས་ཅན། ཕྱག་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། བདག་ལ་ཞལ་ཕྱོགས་ཏེ་བཞུགས་པར་གྱུར། དེ་ལ་ཨོཾ་པྲི་ཐི་བི་དེ་ཝཱི་ཞེས་པ་རེ་རེའི་འགོར་སྦྱར་བའི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་(༥བ)


GLG010_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། གཏོར་མ་ཆུ་གཙང་གིས་བྲན་ལ་ཨོཾ་ཨཱཿཧཱུཾ་ལན་གསུམ་གྱི་བྱིན་གྱིས་བརླབས་ལ། ཨོཾ་པྲི་ཐི་དེ་ཝཱི་སྔོན་དུ་འགྲོ་བའི་ཨ་ཀཱ་རོའི་སྔགས་ལན་གསུམ་དང་མཆོག་སྦྱིན་གྱི་ཕྱག་རྒྱས་ཕུལ་ལ། །སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་གྱི་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་འདྲི། །ཞེས་ལན་གསུམ་གྱིས་མཁྱེན་པར་གསོལ་བས། །རིག་པ་འཛིན་པ་ཁྱེད་དཀྱིལ་འཁོར་གྱི་ལས་ཅི་བདེ་བར་གྱིས་ཤིག །ཅེས་གནང་བ་བྱིན་པར་བསམས་ལ། ལག་པ་གཡས་པ་ས་ལ་རེག་སྟེ། །ཨོཾ་བཛྲ་མུཿསའི་ལྷ་མོས་དེ་ཉིད་ལ་ཐིམ་པར་བསམ། ལྷ་སྟ་གོན་ནི། ཚོམ་བུ་གོང་ལྟར་བསང་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་ས་གཞི། ར་བ་དྲྭ་བ་དང་། གུར། བླ་བྲེ། ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། པཾ་ལས་སྣ་ཚོགས་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པའི་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ཤར་དཀར་ལྷོ་སེར་ནུབ་དམར། བྱང་ལྗང་(༦ན)


GLG010_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སྔོན་པོའི་ལྟེ་བར་བྷྲཱུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་པ། སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན་དུ་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། དེའི་སྟེང་རིན་པོ་ཆེའི་ཕ་གུ་སེར་པོས་བསྐོར་བ། དེའི་སྟེང་དུ་རིན་པོ་ཆེའི་བྲ་སྲུལ་གྱི་སྟེང་དུ་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་བྱུང་བའི་དྲྭ་བ་དང་དྲྭ་བ་ཕྱེད་པ་དང་། དྲིལ་བུ་དང་ཟླ་བ་རླུང་གིས་བསྐྱོད་པ་དང་། མེ་ཏོག་གི་ཕྲེང་བ་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་འཕྱང་བ། དེའི་སྟེང་དུ་བྱ་འདབ་ལས་འཐུར་དུ་འཕྱང་བའི་མདའ་ཡབ་དང་། སྟེང་དུ་ལངས་པའི་རིན་པོ་ཆེའི་དྲྭ་མིག་སེང་མིའི་པུ་ཤུས་བསྐོར་བ། རྩིག་པའི་ཕྱི་རོལ་ཏུ་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་གནས་པའི་མཆོད་པའི་ལྷ་མོ་བཅུ་དྲུག་གིས་མཆོད་པ་བྱེད་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེས་མཚན་པ། ནང་ཀ་བ་བརྒྱད་དང་ལྡན་པའི་སྟེང་རྡོ་རྗེའི་གདུང་ཟླུམ་པོ་དང་། དེའི་སྟེང་རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་བྲེས་ཤིང་མཛེས་པར་ཕུབ་པ། དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་ཕྱེད་པ་དང་། ནོར་བུ་རིན་པོ་ཆེའི་ཏོག་གི་སྤྲས་པ། སྒོ་བཞིའི་སྟེང་གི་ཐད་སོར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཞི་དང་ལྡན་པའི་རྩེ་མོར་པདྨ་ལ་(༦བ)


GLG010_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་ཆོས་ཀྱི་འཁོར་ལོ་དང་། གདུགས་དང་། གཡས་གཡོན་ན་རི་དྭགས་ཕོ་མོ་དང་བཅས་ཤིང་། སྣམ་བུ་སོ་སོ་ལ་རྒྱལ་མཚན་དང་། བ་དན་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་གཞལ་ཡས་ཁང་གི་ལྷ་རྣམ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ་བ། དེའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་རྣམས་ལ་ཟླ་བའི་དཀྱིལ་འཁོར་རེ་རེ་དབུས་ཀྱི་གདན་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུག་པ་ཞེས་པ་ནས་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཞེས་པའི་བར་གྱིས་གོང་ལྟར་གཙོ་བོ་བསྐྱེད། འདབ་མ་བརྒྱད་ལ་ཤར་དུ་ཤཾ་ལས་དཔལ་བེའུ་ཤཾ་གིས་མཚན་པ་ལས་པདྨ་ཅན་དཀར་མོ་གཡས་དཔལ་བེའུ་འཛིན་པ། ལྷོར་པཾ་ལས་པདྨ་པཾ་གྱིས་མཚན་པ་ལས་འོད་ལྡན་མ་དམར་མོ་གཡས་པདྨ་འཛིན་པ། ནུབ་ཏུ་ཚཾ་ལས། གདུགས་ཚཾ་གིས་མཚན་པ་ལས་མདངས་ལྡན་མ་སྔོན་མོ་གཡས་གདུགས་འཛིན་པ། བྱང་དུ་ཤཾ་ལས་དུང་ཤཾ་གྱིས་མཚན་པ་ལས་དྲི་མེད་མ་ལྗང་ཁུ་གཡས་དུང་འཛིན་པ། མེར་ཙཾ་ལས་འཁོར་ལོ་ཙཾ་གྱིས་མཚན་པ་ལས་འཇིགས་བྱེད་མ་དཀར་མོ་གཡས་འཁོར་ལོ་འཛིན་པ། སྲིན་པོར་དྷྭཾ་ལས་རྒྱལ་མཚན་དྷྭཾ་གྱི་མཚན་པ་ལས་རྣལ་འབྱོར་མ་སྔོན་མོ་གཡས་རྒྱལ་མཚན་འཛིན་པ། རླུང་དུ་ཀཾ་ལས་བུམ་པ་ཀཾ་གིས་མཚན་པ་ལས་དཀར་ཤམ་(༧ན)


GLG010_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

མ་དམར་སྐྱ་གཡས་བུམ་པ་འཛིན་པ། དབང་ལྡན་དུ་མཾ་ལས་གསེར་ཉ་མཾ་གྱིས་མཚན་པ་ལས་ཡིད་གཞུངས་མ་ལྗང་ཁུ་གཡས་གསེར་ཉ་འཛིན་པ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ། གཡས་པས་རང་རང་གི་ཕྱག་མཚན་ཐུགས་ཀར་འཛིན་ཞིང་གཡོན་པ་དཀུར་བརྟེན་པ། ནུ་འབུར་ཟུང་གིས་མཛེས་ཤིང་ལང་ཚོ་དར་ལ་བབས་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཟླ་བ་ལ་རྒྱབ་བརྟེན་ཅིང་། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་ལ་སོགས་པ་ཡི་གེ་གསུམ་གྱིས་བརླབ། རང་གི་སྙིང་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཅོམ་ལྡན་འདས་རྡོ་རྗེ་མི་ཁྲུག་པ་ལྷ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་རྣམ་པར་ཨོཾ་ས་མཱ་ཛཿ སྤྲིན་བྲལ་མཁའ་ལ་ཡིད་འོང་འཇའ་ཚོན་བཞིན། །ཆོས་དབྱིངས་ངང་ལསགཟུགས་སྐུའི་རྣམ་རོལ་གྱིས། །གྲངས་མེད་འགྲོ་བའི་དོན་མཛད་ལྷའི་འཁོར་ལོ། །རྟེན་དང་བརྟེན་པར་བཅས་པ་གཤེགས་སུ་གསོལ། ཞེས་བརྗོད། ལས་སྔགས་ལན་གསུམ་གྱིས་སྔགས་པའི་མཆོད་ཡོན་གྱི་སྣོད་དམ་ཚིག་གི་ཕྱག་རྒྱས་བཟུང་ལ་འཛུབ་མོ་གཡོབ་ཅིང་། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །མཆོད་པས་(༧བ)


GLG010_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་དགྱེས་པར་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏཱ་བཛྲ་ཀྵོ་བྷྱ་ཨེ་ཧྱེ་ཧི། ཞེས་དང་། ཨོཾ་མཾ་ག་ལ་ཤྲཱི་ཛ་དྨ་ཛ་སྭཱ་ཧཱ། དེ་བཞིན་དུ་སྔགས་ཀྱི་ཐོག་མཐའ་འདྲ་བར་སྦྱར་ལ། མིག་ལ་པདྨ། མཾ་ག་ལ་ཚ་ཏྲཾ་ག །མཾ་ག་ལ་ཤཾ་ཁ །མཾ་ག་ལ་ཙཀྲ། མཾ་ག་ལ་དྷྭ་ཛ། མཾ་ག་ལ་ཀ་ལ་ཤ །མཾ་ག་ལ་ཉ་ཚ་སྭཱ་ཧཱ། ཞེས་པ་རྣམས་རེ་རེའི་མཐར་ཨེ་ཧྱེ་ཧི། ཞེས་བརྗོད་ཅིང་། སོ་སོའི་མཐར་བཟེད་ཞལ་གྱི་ནང་དུ་མཆོད་ཡོན་ཅུང་ཟད་རེ་བླུག་ཅིང་སྤྱན་དྲངས། ཨོཾ་ཨཱཿབིགྷཱུན་ཏྟ་ཀྲི་ཏ་ཧཱུཾ་ཕཊ་ཅེས་ལན་གསུམ་གྱིས་ཕྱི་འབྲང་གི་བགེགས་བསྐྲད། རྡོ་རྗེ་དྲིལ་བུ་འཛིན་པས། བདེ་བར་གཤེགས་སོ་བཅོམ་ལྡན་འདས། ཞེས་སོགས་ཀྱི་གཤམ་དུ། ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་ར་ཝ་སངྒཱ་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སྤྲོ་ན། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་སོགས་སྔགས་དང་བཅས་པས་ཁྲུས་གསོལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། ཞེས་སོགས་ཀྱི་མཇུག་ཏུ། ཨོཾ་པདྨ་ཀརྨ་ལ་ཨེ་སྟྭཾ། ཞེས་པས་གདན་ཕུལ་ལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཞེས་སོགས་ཀྱིས་མཆོད། ཐལ་མོ་སྦྱར་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཏྟ་པྲ་ཎ་མེན་བཛྲ་བནྡྷཾ་ཀ་རོ་མི་ཞེས་པས་ཕྱག་བྱ། དམ་ཚིག་གི་ཕྱག་རྒྱ་བསྟན་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏོ་དྦྷ་ཝ་ཡོ་སྭཱ་ཧཱ། ཞེས་བརྗོད་པས་ལྷ་ཐམས་ཅད་མཉེས་པར་བསམ། ཛཿཧཱུཾ་བཾ་ཧོཿ ཞེས་པས་བསྟིམ། མཆོད་པ་བསངས་སྦྱངས་བྱིན་གྱིས་བརླབས་ལ། ཐལ་མོ་སྦྱར་ཏེ། འཇིག་(༨ན)


GLG010_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །སངས་རྒྱས་སྲས་དང་བཅས་ལ་འབུལ། །བཞེས་ནས་འགྲོ་བའི་དོན་ཀུན་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨཀྵོ་བྷྱོ་མཎྜལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཞབས་བསིལ་ནས་རོལ་མོའི་བར་དུ་འདོན་པ་བསྒྱུར་ལ་སོ་སོའི་སྔགས་དང་ཕྱག་རྒྱ། མཐར་དྷརྨ་ར་ཎི་རོལ་ཆེན་དང་བཅས་པ་བྱ། སྤྲོ་ན། གོས་ཟུང་གཞན་ནས་འབྱུང་བ་ལྟར་ཕུལ་ལ། བཀྲ་ཤིས་རྟགས་བརྒྱད་ནི། །མགོན་པོ་ཐུགས་རྗེ་ཆེན་པོ་ཞེས་སོགས་ཀྱིས་འཕུལ་བའི་ཡང་ན། ཕུན་ཚོགས་བཀྲ་ཤིས་དགེ་མཚན་མ་ལུས་ཀུན། །གཅིག་ཏུ་རབ་འཁྱིལ་ཡིད་འོང་དཔལ་བེའུ། །དངོས་བཤམས་ཡིད་སྤྲུལ་དཀྱིལ་འཁོར་ལྷ་ཚོགས་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མཾ་ག་ལ་ཤྲི་ཛདྨ་ཛ་པུ་ཛི་ཏེ་ཧཱུཾ། དེ་བཞིན་དུ་ཚིག་རྐང་འོག་མ་གཉིས་འདྲ་བའི། སྟོང་གསུམ་ཀུན་ལ་ཐོགས་མེད་དབང་སྒྱུར་བའི། །གསེར་སྦྱངས་ལས་གྲུབ་འཁོར་ལོ་རྩིབས་སྟོང་འདི། །སྔགས་ཀྱི་ཐོག་མཐའ་འདྲ་བ་ལ། ཤྲཱི་ཛདྨ་ཛའི་ཚབ་ཏུ་ཙཀྲ། རྙོག་བྲལ་ཡིད་བཞིན་དལ་འགྲོ་འཁྱིལ་བའི་དབུས། །མཉེན་འཇམ་འདབ་སྟོང་འཛུམ་པའི་པད་དཀར་འདི། པདྨ། འདོད་དགུའི་ཆར་འབེབས་ནོར་བུའི་ཏོག་གིས་མཛེས། །སྲིད་པའི་རྩེ་མོར་བསྒྲེང་བའི་རྒྱལ་མཚན་འདི། དྷྭ་ཛ། རིན་ཆེན་ཕྲ་ཚོམ་གྱིས་སྤྲས་(༨བ)


GLG010_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཡུ་བ་ཅན། །ལྷ་རྫས་དར་གྱི་ཤམ་བུ་གཡོ་བའི་གདུགས། ཚ་ཏྲཾ་ག །ཟག་པ་མེད་པའི་བདུད་རྩིའི་བཏུང་བ་ཡིས། །མངོན་པར་གང་བའི་བུམ་པ་བཟང་པོ་འདི། །རབ་སྙན་ཚངས་པའི་དབྱངས་ཀྱི་སྒྲ་ཆེན་པོ། །ཕྱོགས་བཅུར་སྒྲོག་པའི་དུང་དཀར་གཡས་འཁྱིལ་འདི། ཤཾ་ཁ། གཟུགས་ཀུན་གསལ་མཐོང་འདྲེན་བྱེད་རབ་ལྡན་པའི། །འཛམ་བུ་ཆུ་བོའི་གསེར་ལས་གྲུབ་པའི་ཉ། ཉ་ཚར། ཞེས་ཕྱག་རྒྱ་མེད་པ་རྣམས་ལ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱས་དབུལ། རྒྱས་པར་སྤྲོ་ན་འདོད་ཡོན་ལྔ་སྤྱི་འགྲོ་ལྟར་དང་། རྒྱལ་སྲིད་བདུན་གྱི་སྔགས་ཀྱང་སརྦ་ཏ་ཐཱ་ག་ཏ་མཾ། སོ་སོའི་སྔགས་སྦྱོར་ལུགས་སྤྱི་དང་མཐུན། ཚིགས་སུ་བཅད་པ་འདི་ལྟར། བཻ་ཌཱུར་སེར་པོའི་བརྟན་པ་འཕྲོག་བྱེད་པའི། །གཟི་འོད་འབར་བའི་རྩིབས་སྟོང་འཁོར་ལོ་འདི། །མི་འཁྲུག་དཀྱིལ་འཁོར་འཁོར་ལོའི་ཚོགས་ལ་འབུལ། །ཇི་སྙེད་ཕན་བདེའི་མཆོག་དེ་སྩལ་དུ་གསོལ། །བསམ་པ་ཙམ་གྱིས་འདོད་པའི་དོན་རྣམས་ཀུན། །རབ་སྟེར་ནོར་བུ་དབང་གི་རྒྱལ་པོ་འདི། །མི་འཁྲུགས་དཀྱིལ་འཁོར་འཁོར་ལོའི་ཚོགས་ལ་འབུལ། །ཇི་སྙེད་ཕན་བདེའི་མཆོག་དེ་སྩལ་དུ་གསོལ། །སྔོ་བསངས་རི་དྭགས་མིག་ཅན་སྐྱེངས་བྱེད་པའི། །སྒྱུ་རྩལ་ཉམས་ལྡན་ཐུན་མཚམས་མཛེས་མ་འདི། །མི་འཁྲུག་དཀྱིལ་འཁོར་འཁོར་ལོའི་ཚོགས་ལ་འབུལ། །ཇི་སྙེད་ཕན་བདེའི་མཆོག་དེ་སྩལ་དུ་གསོལ། །བློ་གྲོས་ཆུ་གཏེར་ཆེ་ལས་ཆོས་ཀྱི་སྲིད། །རྦ་རླབས་གྱེན་འཕྱུར་ཁྱིམ་བདག་རིན་ཆེན་འདི། །མི་འཁྲུག་དཀྱིལ་འཁོར་འཁོར་ལོའི་ཚོགས་ལ་འབུལ། །ཇི་སྙེད་ཕན་བདེའི་མཆོག་དེ་སྩལ་དུ་གསོལ། །བསེར་(༩ན)


GLG010_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ལྷུན་པོར་རྒྱན་གྱི་འཕྱང་མོ་ཡུག །འཛིན་བྱེད་སྟོབས་ལྡན་གཉིས་འཐུང་དབང་པོ་འདི། །མི་འཁྲུགས་དཀྱིལ་འཁོར་འཁོར་ལོའི་ཚོགས་ལ་འབུལ། །ཇི་སྙེད་ཕན་བདེའི་མཆོག་དེ་སྩལ་དུ་གསོལ། །རྡུལ་གྱི་རྒྱལ་མཚན་ངལ་བའི་གནས་བསྟེན་པར། །བྱེད་པོ་ཅང་ཤེས་ཡིད་འོང་རྟ་མཆོག་འདི། །མི་འཁྲུག་དཀྱིལ་འཁོར་འཁོར་ལོའི་ཚོགས་ལ་འབུལ། །ཇི་སྙེད་ཕན་བདེའི་མཆོག་དེ་སྩལ་དུ་གསོལ། །དཔའ་རྩལ་སྟོབས་ཀྱིས་ར་གྷུའི་སྲས་པོ་ཡང་། །ཞུམ་པར་བྱེད་པའི་ཕུན་ཚོགས་དམག་དཔོན་འདི། །མི་འཁྲུག་དཀྱིལ་འཁོར་འཁོར་ལོའི་ཚོགས་ལ་འབུལ། །ཇི་སྙེད་ཕན་བདེའི་མཆོག་དེ་སྩལ་དུ་གསོལ། །རྡོ་དྲིལ་འཛིན་པས། བདག་བསྐྱེད་ཀྱི་བསྟོད་པ་རྣམས་ཀྱི་རྗེས་སུ། ཆོས་དབྱིངས་མཉམ་ཉིད་མའི། །ཡང་ན། གྲངས་མེད་འགྲོ་ལ་བྱང་ཆེན་སྩོལ་བའི་སླད། །མཛེས་སྡུག་ཡིད་འོང་སྤྲུལ་པའི་ལྷ་མོ་བརྒྱད། །མཁའ་ལ་དབང་པོའི་གཞུ་ལྟར་རྣམ་བཀྲ་བའི། །བགྲང་ཡས་ལྷ་ཡི་ཚོགས་ལ་ཕྱག་འཚལ་ལོ། །སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས། མི་འཁྲུག་རྒྱལ་པོ་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་བསྟོད། །བདག་ནི་སྙིང་བརྩེར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང་། ཁྱེད་རྣམས་ལ་ཡང་མཚོན་པའི་ཕྱིར། །སང་ནི་དཀྱིལ་འཁོར་འདྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལགས། །དེ་བས་གནང་བར་མཛད་པའི་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང་། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གསང་སྔགས་ལྷ་གཞན་གང་རིགས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་(༩བ)


GLG010_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཉ་གང་འབྱུང་པོ་མཐུ་ཆེན་དང་། །གང་དུ་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་ཏུ་གསོལ། །རིག་པ་འཛིན་པ་བདག་གིས་ནི། །སང་ནི་དཀྱིལ་འཁོར་བཟང་པོའི་མིང་། །མི་འཁྲུག་དཀྱིལ་འཁོར་ཅི་ནུས་ཀྱིས། །ཆོ་ག་བཞིན་དུ་འདྲི་ལགས་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཆགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །ཞེས་སྙན་གསན་ལན་གསུམ་ཕབ་པས། རིག་པ་འཛིན་པ་ཁྱོད་གཞན་དོན་རྒྱ་ཆེ་བར་གྱིས་ཤིག་ཅེས་གནང་བ་བྱིན་པར་བསམ་མོ། །བུམ་པ་སྟ་གོན་ནི། །བསངས་སྦྱངས་སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་ལ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། །ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་བུམ་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་རྣམས་ལ་ཟླ་བའི་དཀྱིལ་འཁོར་རེ་རེ། རང་གི་སྙིང་ཁའི་ཧཱུཾ་ལས་ཞེས་སོགས་ནས་སྔགས་ཀྱིས་བསངས་པའི་མཆོད་ཡོན་ཐོགས་ཏེ་གོང་ལྟར་ཚིགས་བཅད་སྔགས་དང་བཅས་པས་སྤྱན་དྲངས། ཕྱི་འབྲང་གི་(༡༠ན)


GLG010_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་བསྐྲད། དམ་ཚིག་གི་ཕྱག་རྒྱ་བསྟན་ཏེ་མཉེས་པར་བསམས། ཛཿཧཱུཾ་བཾ་ཧོཿ ལྷ་རྣམས་བུམ་པའི་ནང་དུ་བྱོན་ཏེ། སོ་སོའི་གདན་གྱི་སྟེང་དུ་འཁོད། ཅེས་སམ། མཚན་སྔགས་རེ་རེ་བཞིན་སྦྱར་བའི་ཆུ་གཉིས་ཉེར་སྤྱོད་རོལ་ཆེན་དང་བཅས་པས་མཆོད། བསྟོད་པ་རྒྱས་བསྡུས་གང་རིགས་ཀྱིས་བསྟོད། རང་གི་སྙིང་ཁ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ཏེ་སོང་བ་བུམ་ནང་གི་ལྷ་རྣམས་ལ་ཕོག་པས་དེ་རྣམས་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་བདུད་རྩིའི་ཆུ་རྒྱུན་བྱུང་བས་བུམ་པ་གང་བར་བསམས་ལ། གཟུང་ཐག་ནས་བཟུང་སྟེ། གཟུངས་རིང་དང་ལྷ་མོ་བརྒྱད་ཀྱི་སྔགས་བརྒྱ་རྩ་རེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་པ་དང་། ཨ་མྲྀ་ཏེ་ཉེར་གཅིག་བཟླས་ལ་གོང་ལྟར་མཆོད། བསྟོད་པ་བྱ། འདོད་དོན་ཞུས་ཏེ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པའི་མཐར། མ་འབྱོར་བ་ཞེས་སོགས་ཀྱིས་བཟོད་པར་གསོལ་ལ། དུང་ཆོས་ཀྱི་ཆུ་བུམ་པར་བླུག་སྟེ། ཨོཾ་ཨཱཿཧཱུཾ་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ལྷ་རྣམས་འོད་དུ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུ་ནུས་པ་དང་ལྡན་པར་བསམ། ཆ་གསུམ་བཏང་ལ་ཉེ་རེག་བྱའོ། །སློབ་མ་སྟ་གོན་ནི། ལུས་ཀྱི་བྱ་བ་རྣམས་གཞུང་ལས་འབྱུང་བ་ལྟར་བྱ། མྱང་འདས་ཀྱི་བསམ་པ་བསྐྱེད་པ་ནི། གསང་(༡༠བ)


GLG010_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྤྱི་རྒྱུད་ལས། ཁ་ཅིག་གསང་སྔགས་བསྒྲུབ་དོན་གཉེར། དཀྱིལ་འཁོར་དུ་ནི་འཇུག་པར་འགྱུར། དེ་བཞིན་གཞན་གྱི་བསོད་ནམས་འདོད། གཞན་དག་འཇིག་རྟེན་ཕ་རོལ་གཞོལ། །བློ་བཟང་ཕལ་ཆེར་དད་བྱས་ནས། འཇིག་རྟེན་ཕ་རོལ་དོན་གཉེར་འཇུག །འཇིག་རྟེན་འདི་འབྲས་དར་ནས་ནི། །འཇིག་རྟེན་ཕ་རོལ་འབྲས་གཉེར་ན། །གང་ཕྱིར་ཚེ་འདི་བདེ་བླག་འགྲུབ། །འདི་ཡིས་འཇིག་རྟེན་ཕ་རོལ་མིན། །དེ་ཕྱིར་འཇིག་རྟེན་ཕ་རོལ་གྱི། །དོན་དུ་ཡིད་ནི་བརྟན་པར་གྱིས། །ཅེས་པའི་དོན་བཤད། །ཁྱད་པར་ཅན་གྱི་དོན་ཞུ་བའི་སླད་དུ། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །ཞེས་སོགས་ཀྱིས་གསོལ་བ་བཏབ། སེམས་བསྐྱེད་པའི་སླད་དུ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་སོགས་ཀྱི་རྒྱུད་དག་པར་བྱ། སྐྱབས་སེམས་ཁྱད་པར་ཅན་གྱི་སླད་དུ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དང་། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །བར་ཆད་བསྲུང་བའི་སླད་དུ། བུམ་པའི་(༡༡ན)


GLG010_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་གཏོར་ཏེ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། བྱིན་གྱིས་བརླབ་པ་ནི། ཁྱེད་རྣམས་སྐད་ཅིག་གིས་མི་འཁྲུགས་པར་གསལ་བ་ལ་དྲི་ཆུ་རྡོ་རྗེ་དང་བཅས་སྟེ། ཨོཾ་ཨཱཿཧཱུཾ་ཞེས་བརྗོད་པས་ཁྱེད་རྣམས་ཀྱི་དཔྲལ་བར་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་ཨས་མཚན་པ། སྙིང་ཁར་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། མཆོད་པའི་སླད་དུ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དྷུ་པེ། ཨ་ལོ་ཀེ། གྷནྡྷེ་ཞེས་མཆོད། སོ་ཤིང་ནི་བུམ་ཆུ་གཏོར་ཞིང་། ཨ་མྲྀ་ཏས་བྱིན་གྱིས་བརླབས་ནས་བྱིན་ཏེ་དངོས་གྲུབ་ཀྱི་ལྟས་བརྟག་གོ །ཁྱོར་ཆུ་ནི། ཨ་མྲྀ་ཏེ་བཟླས་པའི་ཧྲཱིཿབི་ཤུདྡྷའི་སྔགས་ཀྱིས་ལན་བདུན་བྱིན་ནོ། །བསྲུང་སྐུད་ནི། ཨ་མྲྀ་ཏས་བྱིན་གྱིས་བརླབས་པའི་བསྲུང་སྐུད་དམར་པོ། །མདུད་པ་གསུམ་ལྡན་དཔུང་བར་གཙོ་བོའི་སྔགས་བཟླ་ཞིང་བཅིངས། བུམ་ཆུ་གཏོར། ཡི་གེ་བརྒྱ་པས་བརྟན་པར་བྱའོ། །ཀུ་ཤ་ནི། ཨ་མྲྀ་ཏ་བཟླས་པའི་ཀུ་ཤ་ཆུང་བ་གཡས་སུ་དྷི་དང་། ཆེ་བ་གཡོན་དུ་ཧ་ཞེས་པས་སྦྱིན། སྤྲོ་བ་སྐྱེད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཅེས་སོགས་བརྗོད། རྨི་ལམ་བརྟགས་ཤིང་ངན་ན་བསྲུང་བ་བྱ་བ་ཡང་དཀྱུས་བཞིན་ནོ། །མཇུག་ཆོག་དང་། ལྷ་འདྲེ་གྲྭ་པ་རྣམས་ཕྱག་ལེན་ལྟར་བྱ། དངོས་གཞི་ལ་བྲིས་སྐུ་རབས་གནས་ཅན་འགྲམ་སྤྱི་སྒོས་ཀྱི་མཆོད་པ་(༡༡བ)


GLG010_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཕྱག་ལེན་ལྟར་བཤམ། ཁྲུས་སོགས་སྔར་ལྟར་བྱ། རང་དམ་ཚིག་པའི་ང་རྒྱལ་གྱིས་ཨོཾ་ཨཱཿཧཱུཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པར་བདག་དང་གནས་དང་རྣལ་འབྱོར་བསྲུང་། །མདུན་བསྐྱེད་བསངས་སྦྱངས་ནས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བསྐྱེད་དེ་གནས་གསུམ་བྱིན་བརླབ་ཀྱི་བར་སྟ་གོན་བཞིན་བྱ། ཡེ་ཤེས་པ་སྤྱན་འདྲེན་གྱི་ཚེ་དངོས་གཞི་ཉིན་སྦྲེལ་ཡིན་ན། ཉི་མ་སྔ་ཕྱིར། བདེ་བར་ཤེས་དགོས་ལ། མཆོད་ཡོན་གྱིས་སྤྱན་དྲངས། ཕྱི་འབྲང་གི་བགེགས་བསྐྲད་པ་ནས་ཡེ་ཤེས་པ་བསྟིམ་པའི་བར་ལྷ་སྟ་གོན་བཞིན་དུ་བྱས་ལ་བུམ་བསྐྱེད་ཀྱི་སྐབས་སུ་བཤད་པ་ལྟར་གྱི་མཆོད་བསྟོད་བྱ། མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སོ་སོའི་ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་ཁ་དོག་དཀར་པོ་འཕྲོས་པས་བདག་དང་དམིགས་ཡུལ་གྱིས་གཙོ་བྱས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་། སྡུག་བསྔལ་ཐམས་ཅད་སྦྱངས་ནས་འོད་ཟེར་རྣམས་སླར་འདུས་ཏེ་ལྷ་རྣམས་ཀྱི་ཐུགས་ཀར་ཐིམ་པར་བསམས་ལ། ལྷ་སོ་སོ་ལ་དམིགས་ཏེ་གཙོ་བོ་ལ་གཟུངས་རིང་དང་། འཁོར་རྣམས་ལ། ཨོཾ་མ་ག་ལ་ཤྲི་ཛདྨ་ཛ་སྭཱ་ཧཱ། ཞེས་སོགས་རེ་རེ་ནས་ཀྱང་བརྒྱ་རྩོལ་བཟླས་ལ། མཐར་ཐལ་མོ་(༡༢ན)


GLG010_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ཏེ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བ་ཐམས་ཅད་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། མཆོད་བསྟོད་ལྷ་སྟ་གོན་གྱི་སྐབས་ལྟར་བྱ། རྒྱས་པར་སྤྲོ་ན། ནམ་མཁའི་མདངས་ལྟར་ཀུན་ནས་གསལ་བའི་སྐུ། ཞེས་སོགས་ཀྱིས་བསྟོད། བུམ་བསྐྱེད། ཕྱི་རོལ་པ། ཉེ་རེག་རྣམས་བྱ། བདག་འཇུག་བླང་། སློབ་མ་རྗེས་སུ་འཛིན་པ་ལ། སློབ་མ་རྣམས་ཁྲུས་བྱ་བ་ནས། ཡན་ལག་བདུན་པའི་བར་བྱ། ཨོཾ་ཙཀྵུ། བནྡྷ་ཝ་ར་མ་ནཱ་ཡ་ཧཱུཾ། ཞེས་པས་གདོང་བཅིངས། ཨཱཿཁཾ་ཝཱི་ར་ཧཱུཾ། ཞེས་མེ་ཏོག་གི་ཕྲེང་བ་བྱིན། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཞེས་བགེགས་བསངས། རིགས་ངེས་པའི་སླད་དུ། །ཀྱེ་དགའ་བ་ལ་དགའ་ཁྱོད་སུ་ཡིན། ཞེས་དྲི། བདེ་ཆེན་བདག་ནི་སྐལ་བཟང་ལགས། ཞེས་ལན་གདབ། རང་གི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྫོགས་པ་ཉ་གང་བ། དེའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བ་ཞིག་བྱུང་བར་མོས། སུ་ར་ཏི་ས་མ་ཡ་སྟྭི་ཧོཿསིདྡྷི་བཛྲ་ཨ་ཐཱ་སུ་ཁཾ། ཞེས་བརྟན་པར་བྱ། གསང་བར་གདམས་པ་ནི། སྤྱི་བོར་རྡོ་རྗེ་བཞག་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་(༡༢བ)


GLG010_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རིགས་སུ་ཞུགས་ཀྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ་མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཨཱཿཁཾ་ཝཱི་ར་ཧཱུཾ། ཞེས་རྡོ་རྗེ་དང་བཅས་ནང་དུ་ཁྲིད་པར་མོས། ཡེ་ཤེས་དབབ་པའི་དོན་དུ་མཎྜལ་ཕུལ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །རྡོ་རྗེ་མི་འཁྲུག་པ་བདག་ལ་དབབ་ཏུ་གསོལ། ཞེས་གསོལ་བ་བཏབ་ནས། ཁྱེད་རང་སྐད་ཅིག་གིས་མི་འཁྲུགས་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་གཡོན་མཉམ་བཞག་གི་སྟེང་ན་རྡོ་རྗེ་འཛིན་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་སྐུར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་སྔོན་པོ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་ཐུགས་ཀར་ཕོག །ཐུགས་རྒྱུད་བསྐུལ་ཏེ་ཐུགས་ཀ་ནས་འོད་ཟེར་ཕོ་ཉ་ལྟ་བུ་བསམ་གྱིས་མི་ཁྱབ་པ་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀར་ཕོག་པས་དེ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཏེ། ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཧཱུཾ་ཡིག་སྔོན་པོ་བསམ་གྱིས་མི་ཁྱབ་པ་བྱུང་སྟེ། ཁྱེད་རང་(༡༣ན)


GLG010_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཐུགས་ཀའི་ཧཱུཾ་ཡིག་ལ་གཉིས་སུ་མེད་པར་ཐིམ། དེ་བཞིན་དུ་མདུན་བསྐྱེད་སློབ་དཔོན་དང་བཅས་པའི་ཐུགས་ཀ་ནས་དེ་འདྲ་བ་དུ་མ་བྱུང་སྟེ་ཁྱེད་རང་གི་ཐུགས་ཀར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས། གཟུངས་རིང་གི་མཐར། ཨོཾ་བཛྲ་ཨ་ཝེ་ཤ་ཡ་ཨ་ཨཱཿ ཏིཥྛ་བཛྲ། ཞེས་རྡོ་རྗེ་དང་བཅས་བརྟན་པར་བྱ། སྤྱི་བོར་དམ་རྒྱ་དང་ཀཾ་ཀ་ནི་ཚར་གསུམ་གྱིས་བྱིན་གྱིས་བརླབས། གསོལ་བ་གདབ་པ་ནི། རྡོ་དྲིལ་འཛིན་པས། ཡང་དག་དཀྱིལ་འཁོར་འདི་རུ་ནི་ཞེས་སོགས་ལན་གསུམ་བརྗོད། ནམ་མཁའི་ཁ་དོག་དྲི། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་མེ་ཏོག་གཏོར། ཨོཾ་པྲ་ཏི་གྲཧྣ་སྟྭཾ་མཾ་སཏྭ་མ་ཧཱ་བ་ལ། ཞེས་མེ་ཏོག་བཅིང་། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། ཞེས་སོགས་ནས་ཧེ་བཛྲ་པ་ཤྱའི་བར་གྱི་མིག་རས་བསལ། དཀྱིལ་འཁོར་དབང་པོ་འདི་ལ་ལྟོས། །ང་ནི་དད་པ་རབ་ཏུ་སྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བའི་ཕུན་ཚོགས་དངོས་གྲུབ་ཀྱང་། །ཐམས་ཅད་ཁྱོད་ལ་མངོན་དུ་འགྱུར། །དངོས་གྲུབ་ཕྱིར་ནི་དམ་ཚིག་སྲུངས། །གསང་སྔགས་རིག་ལའང་བརྩོན་པར་གྱིས། ལྷ་ངོ་བསྟན། དངོས་གཞིའི་དོན་དུ་མཎྜལ་ཕུལ། བྱང་ཆུབ་རྡོ་རྗེ་སོགས་ཀྱིས་གསོལ་བ་གདབ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དབང་སྟེགས་ཀྱི་(༡༣བ)


GLG010_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་དབུས་སུ་རིན་པོ་ཆེའི་ཁྲི་ལ་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཁྱེད་རང་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུག་པ་ཞེས་སོགས་ཀྱིས་བདག་བསྐྱེད་ཀྱི་སྐབས་བཞིན་བསྐྱེད། དེའི་སྟེང་དུ་བླ་བྲེ། གཡས་སུ་གདུགས། གཡོན་དུ་རྒྱལ་མཚན། མཐའ་སྐོར་ཀུན་ཏུ་དུང་ལ་སོགས་པའི་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པས་བསྐོར་བར་བསམ། སློབ་དཔོན་གྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་བས་དབང་གི་ལྷ་རྡོ་རྗེ་མི་འཁྲུག་པ་ལྷ་དགུའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་བདུན་གྱི་ནམ་མཁར། ཨོཾ་བཛྲ་ས་མཱ་ཛཿཞེས་སྤྱན་དྲངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་སོགས་དང་། ཀཾ་ཀ་ནིའི་རྗེས་སུ་ཨོཾ་བཛྲ་ཨ་བྷི་ཥིཾཉྩ་མི། ཞེས་གསུང་ཞིང་དབང་བསྐུར་བས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་དག་ནས་བདག་ཉིད་རྡོ་རྗེ་མི་འཁྲུག་པའི་སྐུར་གྱུར་པ་བརྟན་པར་མོས། དམ་ཚིག་གི་ཕྱག་རྒྱ་སྤྱི་བོར་བཞག་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏོདྦྷ་ཝ་ཡ་སྭཱ་ཧཱ། ཞེས་ཅོད་པན་གྱི་དབང་བསྐུར་ནས། དེ་ལ། བཛྲ་པུཥྤེ་ཨཱཿཧཱུཾ། ཞེས་སོགས་ཀྱིས་མཆོད། མཐའ་བརྟེན་ནི། འདི་ནི་ཁྲུས་མཆོག་སོགས་དང་། (༡༤ན)


GLG010_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་མཾ་ག་ལ་ཤྲཱི་ཛདྨ་ཛ་སྭཱ་ཧཱ། དེ་བཞིན་དུ། ཇི་ལྟར་བལྟམས་པ་སོགས་དང་། པདྨ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་པ། །གཏོང་བ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །ཚ་ཏྲ་བ་ཕར་ཕྱིན་ལྔ་པོ་ལ་ཡང་ཚིགས་བཅད་སོ་སོའི་མཇུག་ཏུ་རིམ་པ་ལྟར། ཤཾ་ཁ། ཙཀྲ། དྷ་ཛ། ཀ་ལ་ཤ །ཉ་ཚ། རྡོ་རྗེ་སློབ་མ་རྣམས་ཀྱི་སརྦ་པཱ་པཾ་བྷྱཿ ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་ཏུ་སྦྱར་ཏེ། སརྦ་བིགྷྲཱ་ན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་རོ་ག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་དུཥྚ་ན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་གྲ་ཧེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་ཛྭ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་བྱ་དྷི། སརྦ་ཨུ་པ་དྲ་བྲེ། སརྦ་ཨ་ཀཱ་ལ་ཨ་མྲྀ་ཏྱ། སརྦ་དུ་ར་སྭ་བ་ནི། སརྦ་དུ་ར་མི་ཏེ། སརྦ་ཙིཏྟ་ཀུ་ལེ་བྷྱཿ ཤཱནྟིཾ་ཀུ་རུ་སྭཱཧཱ། ཞེས་པས་བཀྲུས། བྱབ་པ་ནི་ཆུ་ཁ་ནང་དུ་ཅུང་ཟད་བཟུང་། རྡོ་རྗེ་དང་བཅས་པས་སྒྲོས་བྱབ་ཅིང་གཟུངས་ཀྱི་མཐར་རྡོ་རྗེ་སློབ་མ་རྣམས་ཀྱི་སརྦ་པཱ་པཾ་བྷྱཿཨ་པ་ནཱ་ཡ་སྭཱ་ཧཱ། དེ་བཞིན་དུ་གཞན་རྣམས་ལའང་སྦྱར་ཏེ་མཐར་ཁའི་ཆུ་སྣོད་དུ་ཕོ། བསྲུང་བ་ནི། རྡོ་རྗེ་སློབ་མ་རྣམས་ཀྱི་སརྦ་པཱ་པཾ་བྷྱཿརཀྵ་རཀྵ། ཞེས་སོགས་སྦྱར་ལ། གནས་བདུན་དུ་རྡོ་རྗེ་རྒྱ་གྲམ་དུ་བཞག་གོ །ཤེས་པར་བྱ་བའི་སླད་དུ་བཀྲ་ཤིས་ཀྱི་རྫས་རྣམས་ལ་བུམ་ཆུ་གཏོར་ཏེ་བསང་སྦྱངས་སྟོང་པའི་ངང་ལས་མཾ་ལས་བྱུང་བའི་བཀྲ་ཤིས་ཀྱི་རྫས་བརྒྱད་རྡོ་རྗེ་སློབ་མ་རྣམས་ཀྱི་ཚེ་དང་བསོད་ནམས་དང་(༡༤བ)


GLG010_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འབྱོར་རྒྱས་པར་བྱེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་མཾ་ག་ལ་ཨཥྟ་བྷྱཿཧཱུཾ་ཕཊ། ཞེས་པས་བྱིན་གྱིས་བརླབས། རིམ་པ་བཞིན་དུ་བྱིན་ལ། སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕྱག་ཏུ་ཕུལ་བ་ཞེས་སོགས་ཚིགས་ལྷུག་པ་དང་། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡི་ཞེས་སོགས་ཚིགས་བཅད་རྣམས་དཀྱུས་ལྟར་བརྗོད། རྡོ་རྗེ་སློབ་མ་རྣམས་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །གཙོ་བོས་སོགས་དང་གཏང་རག་དེང་ནས་སོགས་བྱས་རྗེས་ཆོ་ག་མཆོད་བསྟོད་འདོད་དོན་ཞུ་བ་བཟོད་གསོལ་རྣམས་བྱ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་ཞེས་པ་ནས་བཟུང་སྟེ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་གཏོར། སྨོན་ལམ་ནི། གདོད་ནས་དག་པ་སྟོང་གསལ་ནམ་མཁའི་དབྱིངས། །མི་འཁྲུག་དཀྱིལ་འཁོར་འཇའ་ཚོན་ལྟར་བཀྲ་བ། །མཆོད་བསྟོད་སྒོམ་དང་བཟླས་པ་ལ་སོགས་པའི། །གྲངས་མེད་དགེ་བའི་ཚོགས་ཀུན་བསགས་པའི་(༡༥ན)


GLG010_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

མཐུས། །ཚེ་རབས་ཀུན་ཏུ་དལ་འབྱོར་རྟེན་ཐོབ་ནས། །ཡང་དག་དགེ་བའི་བཤེས་གཉེན་གྱིས་རྗེས་བཟུང་སྟེ། །སྐྱེས་བུ་ཆེ་འབྲིང་ཆུང་གསུམ་ལམ་གྱི་གནད། །འཁྲུལ་མེད་བརྩོན་པས་ཉམས་སུ་ལེན་པར་ཤོག །ཐུན་མོང་ལམ་གྱིས་རྒྱུད་སྦྱངས་སྔོན་སོང་ནས། །རྣམ་དག་དབང་གིས་དྲི་མ་ཀུན་བཀྲུས་ཏེ། །ཡེ་ཤེས་མཆོག་གི་ས་བོན་ལེགས་ཐེབས་ནས། །རང་གི་རྒྱུད་ནི་ཡོངས་སུ་སྨིན་པར་ཤོག །དམ་ཚིག་སྡོམ་པ་མིག་གི་འབྲས་བུ་ལྟར། །ལེགས་པར་བསྲུངས་ཤིང་མཚན་བཅས་མཚན་མེད་ཀྱི། །རྣལ་འབྱོར་སྒོམས་པས་ཚེ་འདིར་བཅོམ་ལྡན་འདས། །མི་འཁྲུག་རྒྱལ་པོའི་གོ་འཕང་ཐོབ་པར་ཤོག །གལ་ཏེ་རྟེན་འདིར་མངོན་དུ་མ་གྱུར་ན། །ཚེ་འདིའི་སྣང་བ་འགགས་པར་གྱུར་པའི་དུས། །ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་དེར། །སྐྱེས་ནས་ཐེག་མཆོག་ཆོས་ལ་སྤྱོད་པར་ཤོག །མདོར་ན་བདག་དང་དམིགས་པའི་ཡུལ་ལ་སོགས། །ནམ་མཁའི་མཐའ་དང་མཉམས་པའི་སེམས་ཅན་ཀུན། །བཅོམ་ལྡན་མི་འཁྲུགས་རྒྱལ་པོས་རྗེས་བཟུང་སྟེ། །དངོས་གྲུབ་རྣམ་གཉིས་ལྷུན་གྱིས་གྲུབ་པར་ཤོག །སྨོན་ལམ་རྒྱས་པར་སྤྲོ་འདོད་ན། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དཔལ་བཟང་པོས་མཛད་པའི་རང་བཞིན་རྣམ་དག་མ་བྱའོ། །ཤིས་བརྗོད་ནི། (༡༥བ)


GLG010_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དག་ལྷ་ཡི་ལམ་ལ་བཅོམ་ལྡན་འདས། །ལྷ་མོ་བརྒྱད་སོགས་གྲངས་མེད་འཁོར་ཚོགས་ཀྱིས། །སྙན་པའི་གླུ་དང་རོལ་མོའི་སྒྲ་དབྱངས་སྒྲོགས། །བཀྲ་ཤིས་མེ་ཏོག་ཕྱོགས་ཀྱི་འཁོར་ལོ་འགེངས། །འཇིགས་རུང་ཁྲོ་བོས་བདུད་སྡེའི་དཔུང་ཚོགས་བསྐྲད། །སྣ་ཚོགས་སྒེག་མོས་ཀུན་བཟང་མཆོད་སྤྲིན་སྤྲོ། །ཕུལ་བྱུང་དག་པ་རབ་འབྱམས་བཀྲ་ཤིས་ཀྱི། །ཕྱོགས་དུས་ཀུན་ཏུ་དགེ་ལེགས་རྒྱ་མཚོ་སྩོལ། །སངས་རྒྱས་འཇམ་དཔལ་ཛྙཱ་ན་གརྦྷ་དང་། ཛྙཱ་ན་ཤཱནྟ་བུདྡྷའི་མཚན་ཅན་ཟུང་། །ཀུ་སཱ་ལི་པ་དྷརྨཱ་ཀཱིརྟིའི་ཞབས། །ཨ་ཏི་ཤ་སོགས་དངོས་དང་བརྒྱུད་པ་ཡི། །བཀའ་དྲིན་མཉམ་མེད་བླ་མའི་ཚོགས་རྣམས་ཀྱི། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་མཛོད། །རྨད་བྱུང་མཁྱེན་བརྩེ་ནུས་པའི་བཀྲ་ཤིས་ཤོག །འདབ་སྟོང་ལྟེ་བར་ཆུ་ཤེལ་དབང་པོའི་སྟེང་། །ཨིནྡྲ་ནཱི་ལའི་ལྷུན་པོ་ཉིན་བྱེད་ཀྱིས། །ལན་བརྒྱར་འཁྱུད་པའི་མཚན་དཔེའི་གར་མཁན་མཆོག །བཅོམ་ལྡན་མི་འཁྲུག་ལྷ་ཡི་བཀྲ་ཤིས་ཤོག །ཕྱོགས་མཚམས་བརྒྱད་ཀྱི་པདྨའི་གདན་སྟེང་དུ། །ལང་ཚོ་དར་བབ་མཛེས་སྡུག་ལྷ་མོའི་ཚོགས། །བཀྲ་ཤིས་རྟགས་ཀྱི་མཛེས་པའི་ཕྱག་མཚན་ཅན། །དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །གཞན་ཡང་བཀྲ་ཤིས་ཀྱི་ཚིགས་སུ་གཅད་པ་ཅི་རིགས་པ་བྱའོ། །དེ་དང་འབྲེལ་བར་གཤིན་པོ་རྗེས་སུ་འཛིན་ན། ཞག་སྦྲེལ་དང་ཉིན་གཅིག་གི་ཁྱད་པར་ཤེས་(༡༦ན)


GLG010_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ལ། སྦྱང་ཆས་རྣམས་བཤམས། རྟེན་ཨ་མྲྀ་ཏས་བསངས། ཤུ་ནྱ་ཏས་སྦྱངས། སྟོང་པའི་ངང་ལས་ནྲི་ལས་ཚེ་ལས་འདས་པ་ཆེ་གེ་མོ་རང་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ་གསོན་པོའི་རྣམ་པ་ཇི་ལྟ་བ་བཞིན་དུ་གྱུར་པར་བསམ། རང་གི་ཐུགས་ཀའི་ཧཱུཾ་དང་ཚེ་འདས་ཀྱི་སྙིང་ཁའི་ནྲི་ལས་འོད་ཟེར་འཕྲོས་པས། ཚེ་འདས་ཀྱི་རྣམ་ཤེས་གང་ན་གནས་པ་ནས་བཀུག་པར་བསམ་ཞིང་ལྷའི་ང་རྒྱལ་བརྟན་པོས་འཇིག་རྟེན་གསུམ་རྒྱལ་གྱི་ཕྱག་རྒྱ་བཅས་ཏེ་རྗེ་བཙུན་རྩ་བ་དང་རྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་རིགས་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་ཁྲོ་མོ་རྣམས་ཀྱི་བཀའ་བདེན་པ་དང་། བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བགྱི་བ་ཁམས་གསུམ་སྐྱེ་གནས་བཞི་རིགས་དྲུག་གང་ན་གནས་ཀྱང་སྐད་ཅིག་ལ་འདིར་མཆིས་པར་གྱུར་ཅིག །ཨོཾ་ཊཀྐི་ཧཱུཾ་ཛཿཞེས་ལན་གསུམ་དང་། ཨོཾ་ཤོ་དྷ་ནི་ཤོ་དྷ་ནེ་སརྦ་པཱ་བཾ་ཨ་པ་ནཱ་ཨ་ཧཱུཾ། རྣམ་ཤེས་ཨ་ཐུང་གི་རྣམ་པར་བཀུག་སྟེ་རྟེན་ལ་སྟིམ། གཏོར་མ་རྟེན་ལ་བསྐོར་ཞིང་། ཨོཾ་སརྦ་བིགྷྣན་སོགས་ལན་གསུམ། (༡༦བ)


GLG010_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ལོ་དང་ཆང་བུ་ལན་གསུམ་བསྐོར་ཞིང་། རྡོ་རྗེ་གསོར་སུམྦྷ་ནི་ལན་གསུམ་བརྗོད། ཚེ་ལས་འདས་པ་ཆེ་གེ་མོའི་གསོན་གྱི་དུས་ན་ཚེ་གནས་པ་དང་། གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་བཅོད་པར་བྱེད་པའི་གདོན་བགེགས་ལོག་པར་འདྲེན་པ་ཐམས་ཅད་གཏོར་མ་ལམ་བརྔན། ཏིང་ལོ་ལམ་སྒྲོན། ཆང་བུ་ལ་ལམ་བརྒྱགས་ཀྱི་ཚུལ་དུ་ཁྱེར་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག །གོང་ལྟར་རྗེ་བཙུན་རྩ་བ་དང་སོགས་ནས་བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱི། ཚེ་ལས་འདས་པ་ཆེ་གེ་མོ་གསོན་གྱི་དུས་ན་ཚེ་གནས་པ་དང་། གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་པར་འདྲེན་པའི་རིགས་གང་ཡིན་པ་དེ་དག་ལ་རྒྱུད་སྡེ་དང་མཐུན་པའི་སྦྱང་བ་རྣམ་པར་དག་པ་བྱས་ཟིན་པས། དེས་ཚིམ་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག །གང་དག་མི་འགྲོ་བ་དེ་དག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་རྡོ་རྗེ་འབར་ཞིང་རབ་ཏུ་འབར་བ་འདིས་མགོ་བོ་ཚལ་བ་བརྒྱར་འགས་པར་འགྱུར་ཏ་རེ་གུ་གུལ་ཡུངས་ཀར་རོལ་མོ་དང་བཅས་བྱའོ། །དེ་ལྟར་ཞི་བ་དང་། ཞི་དྲག་ཕྱེད་མ་དང་། དྲག་པོའི་སྦྱང་བ་རྣམས་ཀྱི་སྐབས། ཁྲོ་བོ་སྤྱན་འདྲེན་སོགས་སྤྲོ་ན། གཞན་ལས་བྱུང་བ་ལྟར་བྱའོ། །ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་(༡༧ན)


GLG010_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀཾ་ཡིག་ནག་པོའི་རྣམ་པས་སྣ་སྒོ་ནས་འཐོན་ཏེ། སྡིག་པ་རྭ་ཅན་གྱི་རྣམ་པས་ཏིལ་ལ་ཐིམ་པར་བསམས་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། ཞེས་བརྗོད་པས་མེར་བསྲེག་ཅིང་ཆུར་དོར། རྟེན་ལ་ཀཾ་ཀ་ནི་བཟླ་ཞིང་བྱེ་མ་འམ་ཡུང་ཀར་གྱིས་བྲབ་ལ། མཐར་ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཅེས་བརྗོད། དཀྱིལ་འཁོར་ལ་མེ་ལོང་བསྟན་ཏེ། ཇི་ལྟར་བལྟམས་པ་སོགས་དང་། འདི་ནི་ཁྲུས་མཆོག་སོགས་དང་། དེ་བཞིན་གཤེགས་པ་སོགས་སྔགས་དང་བཅས་པས་བཀྲུ། དེ་དག་སྐུ་ལ་སོགས། སྔགས་དང་བཅས་པས་སྐུ་ཕྱིས་ལ། ཆུས་བུམ་པར་བླུགས་ཏེ། རྟེན་དངོས་སམ་མེ་ལོང་ལ་གཟུགས་བརྙན་ཆར་དུ་བཅུག་ལ། འདི་ནི་སྦྱིན་པའི་སོགས་དྲུག་དང་། གཟུངས་ཀྱི་མཐར་ཆེ་གེ་མོའི་སརྦ་པཱ་པཾ་བྷྱཿ ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སོགས་ཀྱི་བཀྲུ། ཚེ་འདས་ཀྱིས་བྱེད་པར་བསམས་ལ། བདུན་རྣམ་དག་དང་། གཙོ་བོ་རྒྱལ་བ་སོགས་ལན་གསུམ་རེ་བརྗོད། རང་དང་ཆོས་འབྲེལ་མེད་ན་དཀྱིལ་འཁོར་གྱི་གཙོ་བོས་མཛད་པར་བསམས་ལ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། ཞེས་སོགས་ཀྱི་སྐྱབས་སེམས་འབོགས། དབང་བསྐུར་བར་སྤྲོ་ན། གོང་གི་བདུན་རྣམ་དག་བཞག་ལ། མཐའ་རྟེན་རྣམས་དོར་ནས་འཇུག་པ་དང་དངོས་གཞིའི་དབང་ཙམ་བསྐུར། (༡༧བ)


GLG010_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འདས་ལྷར་གྱུར་པ་ལ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཀྱིས་མཆོད། གཟུང་འཛིན་རྡོ་རྗེ་བརྟན་པའི་ས། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །བདུད་འདུལ་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་མི་བསྐྱོད་རྡོ་རྗེ་ལ། ཞེས་པས་བསྟོད། ཟས་གཏད་བྱེད་ན། ཁ་དོག་དབྱིབས་ལེགས་སོགས་ཀྱིས་དབུལ། བྱང་དུ་བསྲེག་པ་ནི། སྟོང་ཉིད་ཡེ་ཤེས་འབར་བའི་མེས། །ཚེ་འདས་སྒྲིབ་པའི་བུད་ཤིང་དང་། །འཁོར་བའི་སྡུག་བསྔལ་མ་ལུས་པ། །ཡེ་ཤེས་སྣང་བར་འབར་གྱུར་ཅིག །ཅེས་དང་། ཀཾ་ཀ་ནི་བརྗོད་ཅིང་བསྲེག་གོ །ལམ་སྦྱང་བསྟན་པ་ནི། དྲིལ་བུ་བསིལ་ཞིང་མེ་ཏོག་གཏོར་ལ། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱི། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། བརྟེན་ནས་སྡིག་པ་ཀུན་སྦྱངས་ནས། །འཕགས་པའི་ལམ་དེར་འགྲོ་བར་ཤོག །ཨོཾ་རཏྣེ་རནྟེ་མ་ཧཱ་ར་ཏྭཱེ་རཏྣ་སཾ་བྷ་ཝེ། རཏྣ་ཀི་རཏྣེ། རཏྣ་མཱ་ལ་བི་ཤུདྷེ་ཤོདྷ་ཡ་སརྦ་པཱ་པཾ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་། ཚེ་འདས་ཀྱི་རྣམ་ཤེས་ཨ་དཀར་པོ་དྲི་མ་མེད་པའི་རྣམ་པ་ཅན་དེ་ཤར་ཕྱོགས་མངོན་པར་དགའི་བའི་ཞིང་ན་བཞུགས་པའི་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པའི་ཐུགས་ཀར་འཕོ་(༡༨ན)


GLG010_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསམ་ལ་རོལ་མོ་བྱ། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པ། །སྲིད་པའི་པདྨོ་ལས་བྱུང་བའི། །མངོན་དགའི་ཞིང་དུ་སྐྱེ་བར་ཤོག །ཨོཾ་པདྨེ་པདྨེ་པདྨ་ཨུཏྦྷ་ཝེ་མ་ཧཱ་ཨ་བྷི་ནནྟཾ་གཙྪནྟུ་སྭཱ་ཧཱ། ཞེས་བརྗོད་ཅིང་རོལ་མོ་བྱའོ། །འདི་ནས་ཉིང་མཚམས་སྦྱར་མ་ཐག །དག་པའི་ཞིང་ཁམས་མངོན་དགའ་རུ། །པདྨའི་སྙིང་པོ་དམ་པ་ལ། །བརྫུས་ཏེ་སྐྱེ་བ་ལེན་པར་ཤོག །ཅེས་དང་གཞན་ཡང་སྨོན་ལམ་གང་ཤེས་བྱ། །ལྟ་བའི་རྒྱས་བཏབ། རྗེས་ཀྱི་ཆོ་ག་རྣམས་གོང་བཞིན་བྱས་ཏེ། ཕྱོགས་ཀུན་ཏུ་མེ་ཏོག་སིལ་མ་གཏོར། །བཀྲ་ཤིས་ཀྱི་གླུ་དང་རོལ་མོའི་སྒྲ་རྒྱ་ཆེར་བྱའོ། ། སྨྲས་པ། ཤིན་ཏུ་རྟོགས་དཀའི་གསང་ཆེན་རྒྱུད་སྡེའི་དོན། །གོང་འོག་ལམ་གྱི་བགྲོད་ཚུལ་ཁྱད་པར་སོགས། །མ་ཕྱེད་བྱ་བའི་རྒྱུད་དང་བླ་ན་མེད། ཕན་ཚུན་བསྲེས་པའི་ཚིག་ཚོགས་ངལ་བའི་གནས། །འཁྲུལ་པའི་སྨིག་སྒྱུ་རྙོག་བྲལ་ཆུ་ཀླུང་དུ། །མངོན་པར་ཞེན་པའི་སྐོམ་ཚད་གདུང་བ་ཡིས། །མནར་བའི་འགྲོ་རྣམས་རྨད་བྱུང་ལེགས་བཤད་ཀྱི། །གངྒཱའི་ཆུ་རྒྱུན་འདི་ཀོ་ད་འཐུངས་ཤིག །མ་ཚང་འགལ་དང་མ་འབྲེལ་བཟློས་པ་སོགས། །ཉེས་མང་འཕེལ་དང་འགྲིབས་པ་མི་མངའ་བའི། །སྔོན་མེད་ཆུ་ཤེལ་(༡༨བ)


GLG010_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོའི་དཀྱིལ་འཁོར་འདི། །བྱེད་པོ་དབྱངས་ཅན་དགའ་བའི་བཤེས་གཉེན་གྱི། །དེ་སྐད་ལྷར་བཅས་འགྲོ་བ་མ་ལུས་པའི། །གཉེན་གཅིག་རྡོ་རྗེ་འཆང་འབང་འཁོན་སྟོན་རྗེའི། །ཟླ་མེད་བཀའ་དྲིན་མཆོག་གི་ལེགས་བསྐྱངས་པའི། །ཟ་ཧོར་བནྡེས་འབྲས་སྤུངས་ཆོས་སྡེར་སྦྱར། །དེ་ལྟའི་རྣམ་དཀར་དགེ་ཚོགས་གྲུ་རྫིངས་ཀྱིས། །ཕན་བདེའི་ནོར་གྱིས་དབུལ་བའི་ལུས་ཅན་ཀུན། །མཚན་བཅས་མཚན་མེད་རྣལ་འབྱོར་ཆུ་གཏེར་ཆེ། །བརྒལ་ཏེ་རྣམ་འདྲེན་ནོར་བུ་ཐོབ་གྱུར་ཅིག །ཅེས་ཇོ་བོ་ཆེན་པོ་དཔལ་མར་མེ་མཛད་ཀྱི་བཀའ་སྲོལ་ལས་ཉེ་བར་འོངས་པའི་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུག་པ་ལྷ་དགུའི་དཀྱིལ་འཁོར་གྱི་ཆོ་ག་ངན་སོང་ཚ་གདུང་ཀུན་སེལ་ག་བུར་གསར་པའི་ཆུ་རྒྱུན་ཞེས་བྱ་བ་འདི་ཡང་། ནོར་འཛིན་གྱི་ཁྱོན་ཀུན་ལ་དབང་སྒྱུར་བ་ལུགས་གཉིས་ལ་བལྟ་བའི་རྣམ་དཔྱོད་ཀྱི་རྩལ་དང་ལྡན་པ་རང་གི་གམ་དུ་ཉེ་བར་བཅར་བའི་ཕྱག་མཛོད་ས་སྐྱོང་བསོད་ནམས་རབ་བརྟན་གྱིས་བསྐུལ་བ་ལ་བརྟེན་ནས། ཛེ་ཏཱ་རའི་རྒྱ་གཞུང་དང་། འཛམ་གླིང་བསྟན་པའི་མངའ་བདག་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི་གསུང་རབས་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གཉིས་ཀྱི་དགོངས་པ་གཙོ་བོར་བྱས། ཕྱོགས་འདི་ལ་ཚད་མར་གྱུར་པའི་མཁས་པ་(༡༩ན)


GLG010_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ལེགས་བཤད་ལ་བརྟེན་ནས་ངག་འདོན་གྱི་གོ་རིམས་མཐའ་དག་ཁྲིགས་ཆགས་སུ་བསྒྲིགས། དམིགས་པ་དང་མཚམས་སྦྱོར་གྱི་རིམ་པ་རྣམས་རྒྱས་པར་བཀོད་ན་ཡི་གེ་མངས་བས་འཇིགས་ནས་ཁུངས་ཐུབ་ཀྱི་ཡིག་ཆ་གཞན་དང་མཐོང་རྒྱུད་ཀྱི་ཕྱག་ལེན་ལ་ཁ་འཕངས་ཏེ། རྒྱལ་བ་རྡོ་རྗེ་འཆང་འཁོན་སྟོན་ཆོས་ཀྱི་རྒྱལ་པོ་དཔལ་འབྱོར་ལྷུན་གྲུབ་སོགས་ཡོངས་འཛིན་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་ལས་གསང་སྔགས་གསར་རྙིང་གི་རྒྱུད་སྡེའི་དོན་མ་འདྲེས་པར་ཁོང་དུ་ཆུད་པའི་ཨ་ཝ་དྷུ་ཏཱི་བ། ཟ་ཧོར་གྱི་བཙུན་པ། ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་ཉིན་འབྱེད་དབང་པོ་ཉ་ཁྱིམ་དུ་སྤྱོད་པའི་ཕྱོགས། ཕྱི་མའི་བཟང་པོ་དང་པོའི་ཚེས་ལ་དགའ་ལྡན་ཕོ་བྲང་མེ་ཏོག་མངོན་པར་བཀྲ་བའི་ལྡིང་ཁང་དུ་སྦྱར་བའི་ཡི་གེ་པ་ནི་སུ་དྷཱི་ཨཱ་ཡུ་དཱིརྒྷའོ། །མངྒ་ལཾ། །


previousརྡོ་རྗེ་མི་འཁྲུག་པ་ལྷ་དགུའི་དཀྱིལ་འཁོར་གྱི་ཆོ་ག་ངན་སོང་ཚ་གདུང་ཀུན་སེལ་ག་བུར་གསར་པའི་ཆུ་རྒྱུན།།next