Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱུད་སྡེ་རྣམ་བཞིའི་ལྷ་ཚོགས་རྣམས་ཀྱི་སྒྲུབ་འཕྲིན་བསྙེན་པ་རྗེས་གནང་སོགས་ཀྱི་ཉམས་ལེན་མཆོག་ཐུན་དངོས་གྲུབ་འདོད་དགུའི་སྙེ་མ་གཡུར་ཟ།
   
   
   
   
   
   
   
   
   


 
previousརྒྱུད་སྡེ་རྣམ་བཞིའི་ལྷ་ཚོགས་རྣམས་ཀྱི་སྒྲུབ་འཕྲིན་བསྙེན་པ་རྗེས་གནང་སོགས་ཀྱི་ཉམས་ལེན་མཆོག་ཐུན་དངོས་གྲུབ་འདོད་དགུའི་སྙེ་མ་གཡུར་ཟ།next

རྒྱུད་སྡེ་རྣམ་བཞིའི་ལྷ་ཚོགས་རྣམས་ཀྱི་སྒྲུབ་འཕྲིན་བསྙེན་པ་རྗེས་གནང་སོགས་ཀྱི་ཉམས་ལེན་མཆོག་ཐུན་དངོས་གྲུབ་འདོད་དགུའི་སྙེ་མ་གཡུར་ཟ།


GLG010_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྡེ་རྣམ་བཞིའི་ལྷ་ཚོགས་རྣམས་ཀྱི་སྒྲུབ་འཕྲིན་བསྙེན་པ་རྗེས་གནང་སོགས་ཀྱི་ཉམས་ལེན་མཆོག་ཐུན་དངོས་གྲུབ་འདོད་དགུའི་སྙེ་མ་གཡུར་ཟ་ཞེས་བྱ་བ་བཞུགས་སོ།།


GLG010_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤྩ་མྲྀ་དུ་ཤྲཱི་སྭ་རཱ་ཡསྟ་སྨཻ། གང་ལ་བརྟེན་ན་རྣམ་འབྱེད་ཤེས་རབ་མཆོག །འབད་མེད་ལག་རྩེར་སྩོལ་བའི་ཡིད་བཞིན་ནོར། །རྒྱལ་བའི་ཡབ་ཅིག་འཇམ་དབྱངས་བླ་མ་ལ། །གུས་པས་འདུད་དོ་ངག་གི་དངོས་གྲུབ་སྩོལ། །བློ་ཆེན་ཚངས་སོགས་རྒན་པོས་རྟོགས་དཀའ་བ། །སྐལ་བཟང་དགའ་བའི་ཐུབ་བསྟན་ཤིང་རྟ་ཆེ། །སྨད་བྱུང་གྲགས་པ་ཏམྦུ་ར་ཡི་རྒྱུད། །སྲིད་རྩེའི་བར་དུ་བརྡུང་མཁས་ཁྱོད་མིན་སུ། །གང་གི་ལེགས་པར་བཤད་པ་ཟབ་མོའི་དོན། །ཕན་ཚུན་གབ་དཀྲུགས་ཐོར་བུར་བཞུགས་པ་རྣམས། །ལག་ལེན་ཁྲིགས་སུ་བྱ་བའི་རིམ་པ་དག །འཁྲུལ་མེད་ཡི་གེའི་ཕྲེང་བར་དེང་འདིར་སྤེལ། །དེའང་རྗེ་བཙུན་འཇམ་དཔལ་དབྱངས་བསྒྲུབ་པར་འདོད་པའི་སྐྱེས་བུ་གང་ཞིག །གནས་ཡིད་དུ་འོང་བར་བྱི་དོར་ལེགས་པར་བྱས་ལ། རྗེ་བཙུན་གྱི་སྐུ་བྲིས་འབུར་རབ་གནས་ཅན་དང་། གཞན་ཡང་དཀོན་མཆོག་གི་རྟེན་གསུམ་གྱི་མདུན་དུ་ཅི་འབྱོར་བའི་མཆོད་གཏོར་རྣམས་བཤམ། རང་ཉིད་སྟན་བདེ་བ་ལ་འདུག་སྟེ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་སོགས་དང་། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་པ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་བར་གྱི་སྐྱབས་སུ་འགྲོ་བ་དང་(༢ན)


GLG010_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་པ་སྔོན་དུ་བཏང་ནས། རང་འཇམ་དབྱངས་སུ་གསལ་བའི་སྙིང་པདྨ་འདབ་མ་སྟོང་དང་ལྡན་པའི་དབུས་སུ། བྷྲཱུཾ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི། པདྨ་དང་ཉི་མའི་གདན་ལ་དྷཱིཿཧྲཱིཿཡོངས་སུ་གྱུར་པ་ལས། བླ་མ་དང་གཉིས་སུ་མེད་པའི་འཇམ་དབྱངས་དམར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དབྱངས་ཅན་མ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ་ཡབ་རྡོ་རྗེའི་སྐྱིལ་ཀྲུང་དང་ཡུམ་པདྨའི་སྐྱིལ་ཀྲུང་གིས་བཞུགས་པ། གཉིས་ཀའང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་སྤྲས་པའི་སྤྱི་བོར་རྣམ་པར་སྣང་མཛད། མགྲིན་པར་འོད་དཔག་མེད། ཐུགས་ཀར་མི་བསྐྱོད་པ། མིག་ཏུ་སའི་སྙིང་པོ། རྣ་བར་ཕྱག་ན་རྡོ་རྗེ། སྣར་ནམ་མཁའི་སྙིང་པོ། ལྕེར་འཇིག་རྟེན་དབང་ཕྱུག །ལུས་སྒྲིབ་པ་རྣམ་སེལ། ཡིད་ཀུན་ཏུ་བཟང་པོ། ཕུང་པོ་ལྔ་སྐུ་ལྔ། འབྱུང་བ་བཞི་ཡུམ་བཞི། ཕྱག་ཞབས་ཀྱི་སོར་མོ་ཉི་ཤུ་ཁྲོ་བོ་ཁྲོ་མོ་བཅུ། སྒལ་ཚིགས་སེམས་དཔའ་སེམས་མ་བཅུ་དྲུག །ཡན་ལག་བཞི་སྒོ་མ་བཞི། ཚིགས་ཆེན་བཅུ་གཉིས་མཆོད་པའི་ལྷ་མོ་བཅུ་གཉིས་སུ་གྱུར་པ་རྣམས་ཀྱི་སྤྱི་བོར་ཨོཾ། །མགྲིན་པར་ཨཱཿ(༢བ)


GLG010_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་དྷཱིཿཧཱུཾ་གིས་མཚན་པ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས། རྩ་བརྒྱུད་ཀྱི་བླ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ཨོཾ་མཱུ་ལ་མཱ་ལ་སྱ་གུ་རུ་བུདྡྷ་བོ་དྷི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད། སྐུ་གསུམ་མངའ་བདག་མཚན་དཔེས་བརྒྱན། །སྐུ་གཅིག་ལ་སོགས་གྲངས་མེད་སྐུས། །རྣམ་ཀུན་འགྲོ་རྣམས་སྒྲོལ་མཛད་པ། །རྗེ་བཙུན་སྐུ་ཡི་བྱིན་རླབས་སྩོལ། །ཞེས་གསོལ་བ་དྲག་ཏུ་བཏབ་པས། སྤྱི་བོའི་ཨོཾ་ཡིག་དཀར་པོ་ལས་འོད་ཟེར་འཕྲོས། །རྒྱལ་བ་སྲས་བཅས་ཀྱི་སྐུའི་ཡོན་ཏན་ཐམས་ཅད་གཟུགས་སྐུའི་རྣམ་པར་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས། སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་སེམས་སུ་གྱུར་པའི་བདུད་རྩིའི་རྒྱུན་བབས། ལུས་གང་། བུམ་པའི་དབང་ཐོབ། སྡིག་སྒྲིབ་དག །འབྲས་བུ་སྐུ་རྡོ་རྗེ་དང་། སྤྲུལ་པའི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག །གསུང་དབྱངས་རྫོགས་ནས་འགྲོ་བ་རྣམས། །ཇི་སྲིད་སངས་རྒྱས་མ་ཐོབ་པར། །ཆོས་ཀྱི་འཁོར་ལོ་བསྐོར་མཛད་པ། རྗེ་བཙུན་གསུང་གི་བྱིན་གྱིས་རློབས། ཞེས་གསོལ་བ་གཏབ་པས་མགྲིན་པའི་ཨཱཿཡིག་དམར་པོ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་ཡོན་ཏན་ཐམས་ཅད་ཨཱ་ལི་ཀཱ་ལི་སོགས་ཡིག་འབྲུའི་རྣམ་པར་སྤྱན་དྲངས། ཞལ་དུ་ཞུགས་པ་སོགས་སྔར་ལྟར་རིགས་འགྲེ། མགྲིན་པར་ཐིམ། གསང་བའི་དབང་ཐོབ། ངག་སྒྲིབ་དག་འབྲས་བུ་གསུང་རྡོ་རྗེ་དང་། ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག །བདུད་བཞི་གཏན་འཇོམས་ཡང་དག་མཐའ། །རྣམ་ཀུན་མངོན་གྱུར་ཐུགས་རྗེ་ཡིས། །འགྲོ་བ་མ་ལུས་སྒྲོལ་མཛད་པ། །རྗེབཙུན་ཐུགས་ཀྱི་བྱིན་རླབས་སྩོལ། །(༣ན)


GLG010_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསོལ་བ་བཏབ་པས། ཐུགས་ཀའི་ཧཱུཾ་ཡིག་མཐིང་ཁ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་ཐུགས་ཀྱི་ཡོན་ཏན་ཐམས་ཅད། རྡོར་དྲིལ་རལ་གྲི་གླེགས་བམ་སོགས་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས། ཞལ་དུ་ཞུགས་སོགས་སྔར་ལྟར་རིགས་འགྲེ། །སྙིང་གར་ཐིམ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་སྒྲིབ་དག་འབྲས་བུ་ཐུགས་རྡོ་རྗེ་དང་། ཆོས་ཀྱི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག །ཇི་ལྟར་མགོན་པོ་ཁྱེད་ཀྱི་ནི། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས། །གཞན་ཕྱིར་མངོན་དུ་མཛད་པ་ལྟར། །མགོན་པོས་བདག་ལ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། །སྙིང་གའི་བླ་མ་ཡབ་ཡུམ་གྱི་ཡུམ་ཡབ་ལ་ཐིམ། །ཡབ་ཐུགས་ཀའི་དྷཱི་ལ་ཐིམ། དྷཱིཿཚེག་དྲག་ལ་ཐིམ། ཚེག་དྲག་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་པའི་ངང་ལ་མཉམ་པར་བཞག །ཚིག་དབང་ཐོབ། ལུས་ངག་ཡིད་གསུམ་གྱི་སྒྲིབ་པའི་ས་བོན་དག །འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། རཾ་ལས་མེ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟ་བུའི་ནང་དུ། ཨ་ལས་རལ་གྲིའི་འཁོར་ལོ་ཉིས་བརྩེགས་ཁ་དོག་སྔོན་པོ་གོ་སྐབས་མེད་པ་རྩིབས་དྲུག་པ་ཕྱོགས་ཀུན་ཏུ་ཁྱབ་པའི་བར་མཚམས་རྣམས་སུ་རལ་གྲིས་གཏམས་ཤིང་། ཡེ་ཤེས་ཀྱི་མེ་འབར་བའི་བསྲུང་བའི་འཁོར་ལོའི་དབུས་སུ། པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དྷཱིཿལས་རལ་གྲི་དྷཱིཿས་མཚན་པ་དེ་ལས་འོད་འཕྲོས། འཕགས་པ་མཆོད། འགྲོ་བའི་མི་ཤེས་པའི་མུན་པ་བསལ། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་འཇམ་དཔལ་དམར་སེར་ཞལ་གཅིག་ཕྱག་གཉིས་པ་གཡས་ཤེས་(༣བ)


GLG010_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་རལ་གྲི་འཕྱར་ཞིང་། གཡོན་ཨུཏྤལའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་བཟུང་བའི་འདབ་མ་སྙན་གྱི་ཐད་ཀར་ཁ་ཕྱེ་བའི་སྟེང་ན་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། རལ་པའི་ཟུར་ཕུད་ལྔ་དང་ལྡན་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ་སོགས་ཀྱིས་སྤྲས་ཤིང་། དར་གྱི་ན་བཟའ་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་དྷཱིཿསྔོན་པོ་ལས་ཐུགས་ཀྱི་འཇམ་དབྱངས་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རལ་གྲི་དང་གླེགས་བམ་འཛིན་པ་རྒྱན་ཆ་ལུགས་གཙོ་བོ་དང་མཚུངས་པའི་ཐུགས་ཀར་པད་མ་འདབ་མ་བཞིའི་དབུས་སུ་རང་དང་འདྲ་བའི་འཇམ་དབྱངས་སྔོན་པོ། ཤར་དུ་དཀར་པོ། ལྷོར་སེར་པོ། ནུབ་ཏུ་དམར་པོ། བྱང་དུ་ལྗང་གུ །གཙོ་བོའི་མགྲིན་པར་ཟླ་བའི་གདན་ལ་དྷཱིཿདམར་པོ་ལས་གསུང་གི་འཇམ་དབྱངས་དམར་པོ་རལ་གྲི་དང་གླེགས་བམ་འཛིན་པ། རྒྱན་ཆ་ལུགས་གཙོ་བོ་དང་མཚུངས་པའི་ཐུགས་ཀར་པད་མ་འདབ་མ་བཞིའི་དབུས་སུ་རང་དང་འདྲ་བའི་སྣ་ཚོགས་མཁའ་འགྲོ་དམར་མོ། ཤར་དུ་རྡོ་རྗེ་མཁའ་འགྲོ་སྔོན་མོ། ལྷོར་རིན་ཆེན་མཁའ་འགྲོ་སེར་མོ། ནུབ་ཏུ་པདྨ་མཁའ་འགྲོ་དམར་མོ། བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་གུ །སྤྱི་བོར་ཟླ་བའི་གདན་ལ་དྷཱིཿདཀར་པོ་ལས་སྐུའི་འཇམ་དབྱངས་དཀར་པོ་རལ་གྲི་དང་གླེགས་བམ་འཛིན་པ། རྒྱན་ཆ་ལུགས་གཙོ་བོ་དང་མཚུངས་པའི་ཐུགས་ཀར་པདྨ་འདབ་མ་བཞིའི་དབུས་སུ་རྣམ་སྣང་དཀར་པོ། ཤར་དུ་མི་བསྐྱོད་པ་སྔོན་པོ། ལྷོར་རིན་འབྱུང་སེར་པོ། ནུབ་ཏུ་འོད་དཔག་མེད་དམར་པོ། བྱང་དུ་དོན་གྲུབ་ལྗང་གུ །བདག་ཉིད་ཀྱི་ལྕེ་པདྨ་འདབ་མ་བཞི་པའི་དབུས་སུ་རལ་གྲིའི་ཡུ་བ་དྷཱིཿས་མཚན་པ་ནང་དུ་བསྟན་ལ། རྩེ་མོ་(༤ན)


GLG010_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཨས་མཚན་པ་ཕྱིར་བསྟན། དེའི་ཤར་དུ་འཇམ་དབྱངས་དཀར་པོ་མཆོག་སྦྱིན་གྱི་ཕྱག་རྒྱ་དང་ཨུཏྤལ་དཀར་པོ་འཛིན་པ། ལྷོར་འཇམ་དབྱངས་སེར་པོ་རལ་གྲི་དང་གླེགས་བམ་འཛིན་པ། ནུབ་ཏུ་འཇམ་དབྱངས་དམར་པོ་ནོར་བུ་དང་རྒྱལ་མཚན་འཛིན་པ། བྱང་དུ་འཇམ་དབྱངས་ལྗང་གུ་གྲི་གུག་དང་ཐོད་ཁྲག་འཛིན་པ། ལྷ་ཉེར་གསུམ་པོ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས་རང་བཞིན་གྱིས་གནས་ནས། འཇམ་དཔལ་དབྱངས་ལུས་དཀྱིལ་གྱི་དཀྱིལ་འཁོར་ལྷ་ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཇི་ལྟར་མཁའ་ལ་ཟླ་བའི་དཀྱིལ་འཁོར་གཅིག །གྲངས་མེད་རྫིང་བུར་འཆར་བ་ཇི་བཞིན་དུ། །འཇམ་མགོན་ལྷ་ཡི་འཁོར་ལོའི་ཚོགས་རྣམས་ཀུན། །ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ། །ཨོཾ་མཉྫུ་གྷོ་ཥ་ཀཱ་ཡེ་བྷི་རྨཎྜ་ལཱ་ནཱི་དེ་ཝི་བཛྲ་ས་མ་ཡ་ཛཿ ཐུགས་ཀའི་འོད་ཀྱིས་དབང་གི་ལྷ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཇི་ལྟར་མགོན་པོ་ཁྱོད་ཀྱིས་ནི། །སྔོན་ཚེ་འགྲོ་ལ་དབང་བསྐུར་ལྟར། །དེ་བཞིན་ཐུགས་རྗེས་བདག་ལ་ཡང་། །དབང་བསྐུར་དམ་པ་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས། ཇི་ལྟར་སྔོན་ཚེ་འགྲོ་རྣམས་ལ། །དབང་བསྐུར་དམ་པ་མཛད་ཇི་བཞིན། །དེ་རིང་ཡེ་ཤེས་བདུད་རྩིའི་ཆུས། །བུ་ཁྱོད་ལ་ནི་དབང་བསྐུར་རོ། །ཨོཾ་ཨཱརྱ་མཉྫུ་ཤྲི་ཡེ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུས་གང་བས་སྤྱི་བོ་ནས་དབང་བསྐུར། ལུས་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ལས། གཙོ་བོ་ལ་རིན་འབྱུང་། ཐུགས་ཀའི་ལྷ་རྣམས་ལ་མི་བསྐྱོད་པ། མགྲིན་པའི་ལྷ་རྣམས་ལ་འོད་དཔག་མེད། སྤྱི་བོའི་(༤བ)


GLG010_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྣམས་ལ་རྡོ་རྗེ་སེམས་དཔའ། ལྕེ་སྟེང་གི་ལྷ་བཞི་ལ་རིམ་བཞིན་རྣམ་སྣང་། རིན་འབྱུང་། འོད་དཔག་མེད། དོན་གྲུབ་རྣམས་ཀྱིས་དབུ་བརྒྱན་ཅིང་། དབང་གི་ལྷ་རང་ཉིད་ལ་ཐིམ་པར་གྱུར། རིན་ཆེན་སྣོད་དུ་འཁྱིལ་བའི་རྙོག་བྲལ་མཚོར། །ཆུ་སྐྱེས་ལང་ཚོ་རྒྱས་པའི་གེ་སར་ལྡེམ། རྨད་བྱུང་དྲི་བསུང་མངར་བའི་བདུག་སྤོས་དང་། །མུན་པའི་གོ་སྐབས་འཕྲོག་པའི་མར་མེའི་ཕྲེང་། །བཟང་པོའི་སྨན་གྱི་དྲི་ཆབ་ཆལ་ཆིལ་གཡོ། །རོ་མཆོག་བརྒྱ་དང་ལྡན་པའི་ལྷ་ཡི་བཤོས། །སྣ་ཚོགས་སྙན་པའི་རོལ་མོའི་བྱེ་བྲག་རྣམས། །འཇམ་མགོན་ལྷ་ཡི་འཁོར་ལོའི་ཚོགས་ལ་འབུལ། །གོང་གི་སྔགས་གཤམ་དུ་ཨརྒྷཾ་ནས་ཤཔྟའི་བར་དང་། གཟུགས་མཛེས་འགྱིང་བག་ལྡན་པའི་ལུས་ཕྲ་མས། །སྙན་འགྱུར་པི་ཝང་བརྡུང་ཞིང་དྲི་མཆོག་དང་། །བཟའ་དང་བཅའ་བའི་ཁྱད་པར་ཅི་ཡང་ཐོགས། །ཟག་མེད་བདེ་བ་ཆེན་པོའི་རེག་བྱར་བཅས། །རྒྱལ་སྲིད་རིན་ཆེན་བདུན་དང་བཀྲ་ཤིས་ཀྱི། །རྟགས་བརྒྱད་རྫས་བརྒྱད་ལ་སོགས་མཆོད་པའི་ཚོགས། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་འདི། །འཇམ་མགོན་ལྷ་ཡི་འཁོར་ལོའི་ཚོགས་ལ་འབུལ། །གོང་གི་སྔགས་གཤམ་དུ་རཱུ་པ་ནས། སྤཪྴའི་བར་དང་། སབྷ་རཏྣཱཥྚཱ་ཐ་བྷ་ཝ་ཨཱཿཧཱུཾ། དེ་ནས་གཏོར་མ་སྤྱི་འགྲོ་ལྟར་བྱིན་གྱིས་བརླབས་ཏེ་ཕུལ། གཞོན་ནུའི་སྐུ་ལུས་འཆང་བ་པོ། །སོགས་དང་། རྒྱས་པར་སྤྲོ་ན་བསྟོད་སྤྲིན་རྒྱ་མཚོས་བསྟོད། གཞན་ཡང་སྐབས་སུ་འོས་པས་དེ་ལྟར་བྱའོ། །མཚམས་སྤྲིན་ལང་ཚོ་རྒྱས་པའི་མཚན་དཔེའི་སྐུ། །གྲངས་མེད་འགྲོ་ལ་རྗེས་སུ་ཆགས་པའི་ཉམས། །རྒྱལ་སྲས་གཞོན་ནུར་སྟོན་པའི་ངག་གི་ལྷ། །རྗེ་བཙུན་མཁྱེན་པའི་གཏེར་ལ་གསོལ་བ་འདེབས། །དྲི་མེད་རབ་དཀར་ཤེལ་གྱི་ཕུང་པོ་ལ། །(༥ན)


GLG010_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཚོན་གྱིས་ཁ་དོག་བསྒྱུར་བ་ལྟར། །གཅིག་ལས་དུ་མར་སྣང་བའི་སྤྲུལ་བསྒྱུར་མཁན། །ཐུགས་ཀྱི་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །ཆགས་བྲལ་ཆགས་པའི་ཉམས་ལྡན་ནུ་འབུར་རྒྱས། །རྐེད་སྐབས་རྐེད་མེད་བཞིན་དུ་རྣམ་པར་ཕྲ། །དངོས་གྲུབ་དངོས་སུ་སྟེར་བའི་མཁའ་འགྲོ་ལྔ། །གསུང་གི་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །གྲངས་མེད་གདུལ་བྱའི་ལྕགས་ཁམས་ཇི་སྙེད་པ། །རིགས་དང་འཕྲིན་ལས་སྣ་ཚོགས་དུ་མའི་རྩིས། །ཁྱབ་བདག་འཁོར་ལོའི་གསེར་དུ་སྒྱུར་བྱེད་པ། །སྐུ་ཡི་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །ཞི་རྒྱས་དབང་དང་དྲག་པོའི་འཕྲིན་ལས་ཀྱིས། །ཉེས་པའི་སྐྱོན་སེལ་མཐུན་པའི་ཡོན་ཏན་སྤེལ། །ལྗགས་སྟེང་རིགས་བཞིའི་ཟུར་ཕུད་ལྔ་པ་ལ། །གུས་པས་ལུས་བཏུད་སྙིང་ནས་གསོལ་བ་འདེབས། །རྒྱལ་ཀུན་མཁྱེན་བརྩེའི་དབང་ཕྱུག་དམ་པ་ལ། །གདུང་ཤུགས་དྲག་པོས་ཐུགས་དམ་རྒྱུད་བསྐུལ་ཞིང་། །མི་ཕྱེད་དང་བའི་ཡིད་ཀྱིས་གསོལ་འདེབས་ན། །སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་ལེགས་པར་གཟིགས། །དུག་གསུམ་ཉོན་མོངས་ཆུ་གཏེར་ཆེན་པོར་བྱིང་། །ལས་ངན་མི་མཐུན་རླུང་ཤུགས་དྲག་པོས་དེད། །ཉེས་བརྒྱའི་ཆུ་སྲིན་གདུག་པས་རབ་གཙེས་པ། །བདག་འདྲའི་ཉམ་ཐག་འགྲོ་ལ་ཐུགས་རྗེས་གཟིགས། །མི་ཤེས་རྨོངས་པའི་རྒྱུ་ཚོགས་ཆར་སྤྲིན་གཏིབས། །ཡང་དག་ལྟ་བའི་གོ་སྐབས་མུན་པས་བསྒྲིབས། །ངན་འགྲོའི་གཡང་ལ་འཕྱན་པའི་འགྲོ་རྣམས་ལ། །ཚད་མེད་ཐུགས་རྗེས་གཟིགས་ཤོག་འཇམ་དཔལ་དབྱངས། །དུཿཁས་མནར་བའི་འགྲོ་རྣམས་ཡལ་དོར་ན། །རིང་ནས་འགྲོ་རྣམས་སྒྲོལ་བའི་ཐུགས་བསྐྱེད་ཀྱིས། །རླབས་ཆེན་སྤྱོད་པའི་ཁུར་ཆེན་ཁྱེར་རོ་ཞེས། །སྙན་པའི་གྲགས་པ་བརྗོད་པའང་གཏམ་དུ་(༥བ)


GLG010_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཟད། །རབ་འབྱམས་རྒྱལ་བ་ཀུན་གྱི་གསང་བ་གསུམ། །ཐམས་ཅད་ལུས་པ་མེད་པར་གཅིག་བསྡུས་པ། །ངག་གི་རྒྱལ་པོ་འགྲུབ་པའི་མགོན་ཁྱོད་ལ། །རྣམ་འདྲེན་ཀུན་གྱི་ཡབ་ཅེས་གྲགས་མིན་ནམ། །དེ་ཕྱིར་ཐུགས་རྗེ་ཆེན་པོའི་མཚོན་རྣོན་གྱིས། །མི་ཤེས་རྨོངས་པའི་དྲ་བ་རབ་ཆོད་ལ། །ཤེས་བྱ་ཐམས་ཅད་གཟིགས་པའི་གོ་འཕང་མཆོག །འབད་མེད་ལག་རྩེར་སྩོལ་ཅིག་ལྷག་པའི་ལྷ། །ཞེས་གསོལ་བ་དྲག་ཏུ་འདེབས། དེ་ནས་བཟླས་པ་བྱ་བ་ནི། སྤྱི་བོའི་སྐུ་གསུང་ཐུགས་ཀྱི་ཟླ་བ་ལ་གནས་པའི་སྐུ་གསུང་ཐུགས་ཀྱི་ལྷ་ལྔ་ཕྲག་གསུམ་དང་། ལྗགས་སྟེང་གི་ལྷ་བཞི་སྟེ། ལྷ་བཅུ་དགུའི་ཐུགས་ཀར་འཁོར་ལོ་དཀར་པོ་རྩིབས་དྲུག་པ་ལྟེ་བ་བཅས་པའི་དབུས་སུ་དྷཱིཿ རྩིབས་ལ་ཨ་ཨ་ར་པ་ཙ་ན་ཞེས་པས་བསྐོར་བ་ལ་དམིགས་པ་གཏོད་དགོས་ཏེ། རྒྱས་པར་འཁོར་ལོ་བཅུ་དགུ་སྟེ་ཞེས་པའི་ལུགས་སོ། །དེའང་ཞི་བའི་ལས་བསྒྲུབ་ན། གོང་གི་མངོན་རྟོགས་ཀྱི་སྐབས་སུ་དྷཱིཿདཀར་བ་ལས་ཐུགས་ཀྱི་འཇམ་དབྱངས་དཀར་པོ་ཞེས་པ་དང་། འདབ་མ་བཞིའི་དབུས་དང་ཕྱོགས་བཞིར། རང་དང་འདྲ་བའི་འཇམ་དབྱངས་ཞེས་ལྔ་ཀ་དཀར་པོར་བསྐྱེད་ལ། གསུང་དང་སྐུ་ལ་ཡང་འདོན་པ་བསྒྱུར་ལུགས་རིགས་འགྲེ་ཞིང་། ལྗགས་ཀྱི་སྐབས་སུ། དེའི་ཕྱོགས་བཞིའི་འཇམ་དབྱངས་དཀར་པོ་ཞེས་བརྗོད། སྤྱན་འདྲེན་མཆོད་བསྟོད་སོགས་དངོས་གཞི་དང་འདྲ་ལ། གསོལ་འདེབས་ཀྱི་མཇུག་ཏུ། ཁྱད་པར་རྨོངས་པའི་མུན་པ་སྟུག་པོ་དང་། ནད་གདོན་བགེགས་དང་ཉེ་བར་འཚེ་བ་ཀུན། །མ་ལུས་བྱང་ཞིང་ཞི་བའི་དངོས་གྲུབ་རྣམས། །ཐོགས་མེད་འགྲུབ་པའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་སྔགས་མཇུག་ཏུ་མ་མ་སརྦ་ཛྭ་ར་ཤྩ་བི་ན་ཡ་ཀ་ཤནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་བཟླས་པ་བྱ་ཞིང་། ཐུགས་རྒྱུད་བསྐུལ་བས། ལྷ་ཚོགས་རྣམས་ཀྱི་ཐུགས་(༦ན)


GLG010_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ལས་འོད་ཟེར་འཕྲོས། རང་འདྲ་དཔག་ཏུ་མེད་པ་སྤྱན་དྲངས། བུམ་པའི་ཆུ་སྤྱི་བོ་ནས་བླུག་པས། མི་མཐུན་པའི་ཕྱོགས་གང་ཡིན་པ་དེ་དག་པར་བསམ། རྒྱས་པའི་སྐབས་སུ་ས་བོན་དང་ལྷ་རྣམས་སེར་པོར་བསྒྱུར་བ་སོགས་རིགས་འགྲེ་སྔར་ལྟར། ཕྱག་མཚན་རིན་པོ་ཆེ་དང་རྒྱལ་མཚན་འཛིན་པ། གསོལ་འདེབས་ཀྱི་སྐབས། འཆད་རྩོད་རྩོམ་དང་ཐོས་བསམ་སྒོམ་པ་ཡི། །ཆོས་ཀུན་རྣམ་པར་འབྱེད་པའི་ཤེས་རབ་དང་། །ཚེ་དང་བསོད་ནམས་དཔལ་འབྱོར་ལ་སོགས་པ། །རྣམ་པར་རྒྱས་པའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་གདབ་ཅིང་། སྔགས་ཀྱི་མཇུག་ཏུ། མ་མ་ཛྙཱ་ནཱ་ཡུཿཔུཎྱ་པུཥྚིཾ་ཀུ་རུ་སྭཱཧཱ། ཞེས་བཟླས་པ་བྱ་ཞིང་། ཐུགས་རྒྱུད་བསྐུལ་བས་གང་འདོད་པའི་དོན་འགྲུབ་པར་བསམ། དེའང་ཤེས་རབ་གཙོ་བོར་འདོད་ན་ཕྱག་མཚན་གླེགས་རལ། ནོར་ལྷ་ནོར་བུས་མཚན་པའི་རྒྱལ་མཚན། ཏིང་འཛིན་འཕེལ་བར་རྡོར་དྲིལ་སོགས་སྐབས་ཐོབ་ཀྱིས་འདོན་པ་སྤོ། དབང་གི་སྐབས་སུ། ཚེ་དང་། ལོངས་སྤྱོད། གང་ཟག་གསུམ་ལས། ས་བོན་སོགས་དཀར་པོར་བསྒྱུར་བ་རིགས་འགྲེ་ཞིང་། དུད་པའི་ཕྱག་མཚན་བུམ་པ་དམར་པོའི་འཆི་མེད་ཀྱི་བདུད་རྩིས་གང་བ་ལྟེ་བར་རལ་གྲིས་མཚན་པ་དང་། གཉིས་པ་ལ་རྒྱལ་མཚན་གྱི་རྩེ་ནོར་བུས་བརྒྱན་པ་དང་། བུམ་པ་བདུད་རྩིས་གང་བ། གསུམ་པ་ལ་ལྕགས་ཀྱུ་འཛིན་པར་འདོན་པ་བསྒྱུར། གསོལ་འདེབས་ཀྱི་མཇུག་ཏུ། བྱུ་རུའི་རྡུལ་མང་བརྩེགས་པའི་ལྷུན་པོ་ལ། །ཉིན་བྱེད་འབུམ་གྱིས་འཁྱུད་པའི་མདངས་འཛིན་པས། །བདག་ལ་འཆི་བ་མེད་པ་ཚེའི་དངོས་གྲུབ། མ་ལུས་དབང་དུ་བསྡུ་བའི་དངོས་གྲུབ་སྩོལ། ཞེས་དང་། གཞན་(༦བ)


GLG010_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་ཚིག་རྐང་གསུམ་པ་འདོན་པ་བསྒྱུར་ཏེ་གསོལ་བ་གདབ་སྔགས་མཇུག་ཏུ་ཨ་སུ་ཀ་ཝ་ཤ་ཀུ་རུ་སྭཱཧཱ། ཞེས་བཟླས་པ་བྱ་ཞིང་ཐུགས་རྒྱུད་བསྐུལ་བས། གང་འདོད་པའི་དངོས་གྲུབ་དབང་དུ་བསྡུས་པར་བསམ་མོ། །མཇུག་ཏུ་མཆོད་བསྟོད་བྱ། ཐུགས་ཀའི་ལྷ་རྣམས་འཇམ་དབྱངས་སྔོན་པོ་ལ་ཐིམ། མགྲིན་པའི་རྣམས་དམར་པོ་ལ་ཐིམ། སྤྱི་བོའི་རྣམས་དཀར་པོ་ལ་ཐིམ། ལྗགས་སྟེང་གི་རྣམས་རལ་གྲི་ལ་ཐིམ། དེ་བཞི་ཡང་གཙོ་བོ་ལ་ཐིམ། གཙོ་བོ་ཡང་ཐུགས་ཀའི་དྷཱིཿལ་ཐིམ། དེ་ཚེག་དྲག་ལ་ཐིམ། དེ་མི་དམིགས་པ་སྟོང་པའི་ངང་ལ་མཉམ་པར་བཞག །བསྔོ་བ་སྨོན་ལམ་ཅི་རིགས་པ་བྱའོ། །མན་ངག་དཔག་བསམ་ལྗོན་པ་ལས། །འཁྲུགས་སྡེབས་མེ་ཏོག་རབ་རྒྱས་ཤིང་། །དོན་བཟང་འབྲས་བུ་སྨིན་པ་འདི། །དོན་གཉེར་ལེགས་བྲིས་དགའ་སྟོན་མཚར། །ཞེས་འཇམ་དབྱངས་ལུས་དཀྱིལ་གྱི་སྒྲུབ་ཐབས་འདོད་འཇོའི་གཏེར་ཞེས་བྱ་བ་འདིའང་། བཀའ་བཅུ་པ་བསྟན་པ་དར་རྒྱས་ཀྱིས་ནན་གྱིས་བསྐུལ་བ་ལ་བརྟེན་ནས་ངག་དབང་བློ་བཟང་རྒྱ་མཚོས། འཇམ་དབྱངས་བླ་མའི་གསུང་ངག་གབ་འཁྲུགས་ཐོར་བུར་ཡོད་པ་རྣམས་བསྡེབས་ཏེ་སྦྱར་བའི་ཡི་གེ་པ་ནི་རིག་སྔགས་འཆང་བའི་བནྡེ་ཝཱ་གིནྡྲའི་མིང་ཅན་ནོ། །རབ་སྔོན་འབྲས་ལྡན་དུས་ཀྱི་ལྷ་ལམ་ངོས། །ཟླ་གཞོན་དཀྱིལ་འཁོར་རྒྱས་ལྟའི་ན་ཆུང་མ། །རྨད་བྱུང་ལང་ཚོའི་དཔལ་ལས་མཛེས་སྡུག་གི །ཆ་ཤས་ཡོངས་རྫོགས་དབྱངས་ཅན་ལྷ་དེར་འདུད། །བདག་སོགས་གྲངས་མེད་ལུས་ཅན་ཚོགས་རྣམས་ཀུན། །དེང་ནས་རྣམ་འདྲེན་གོ་འཕང་མ་ཐོབ་པར། །སླུ་མེད་རིན་ཆེན་གསུམ་ལ་སྐྱབས་སུ་འགྲོ། །དངོས་གྲུབ་དགའ་སྟོན་རྒྱ་མཚོ་སྩལ་དུ་གསོལ། །བདག་ཉིད་ངག་དབང་ལྷ་(༧ན)


GLG010_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

མོར་གསལ་བ་ཡི། །ཆོས་ཀྱི་འཁོར་ལོའི་ཧྲཱིཾ་ལས་འོད་འཕྲོས་པས། །སྐྱབས་གསུམ་ཀུན་འདུས་ཚངས་སྲས་ངག་གི་ལྷ། །ཐོགས་མེད་སྤྱན་དྲངས་མདུན་གྱི་མཁའ་ལ་བཞུགས། །ཨོཾ་སྭ་ར་སྭསྟཱི་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ་ཤབྡའི་བར་གྱི་མཆོད། སྐྱབས་གསུམ་ལ་འདུད་སྡིག་བཤགས་དག་ལ་སྨོན། །གཞན་ཕྱིར་འཇུག་པ་བྱང་ཆུབ་སེམས་མཆོག་བསྐྱེད། །འགྲོ་རྣམས་སྡུག་བསྔལ་དེ་རྒྱུ་རབ་བཅོམས་ནས། །གནས་སྐབས་མཐར་ཐུག་བདེ་བའི་དཔལ་ཐོབ་ཤོག །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཆོས་ཀུན་རང་བཞིན་གྲུབ་པས་སྟོང་ཉིད་དང་། །པཾ་ལས་རབ་དཀར་སྦྲང་རྩིའི་རྒྱལ་མཚན་ཅན། །འདབ་བརྒྱད་ལྟེ་བར་ཨ་ཡི་འཕྲོ་འདུ་ལས། །བསིལ་སྦྱིན་མཁན་པོའི་དཀྱིལ་འཁོར་ཉ་གང་སྟེང་། །ཤེལ་དཀར་མདངས་འཕྲོག་བདག་གི་སེམས་ཉིད་ཧྲཱིཾ། །འོད་ཀྱིས་འཕགས་ཚོགས་མཆོད་ཅིང་འགྲོ་རྣམས་ཀྱི། །ཆོས་ཀུན་ལྟ་ལ་རྨོངས་བྱེད་མུན་ཚོགས་བཅོམས། །ཤེས་རབ་འོད་རྒྱས་ཚུར་འདུས་ཡོངས་གྱུར་ལས། །རང་ཉིད་རྒྱལ་བ་ཀུན་ཡུམ་དབྱངས་ཅན་ལྷ། །ཟླ་གཞོན་འབུམ་གྱི་ཁེངས་པ་འཕྲོག་བྱེད་པའི། །དཀར་འཇམ་རྒྱུ་རྩལ་ཀུན་རྫོགས་སྒེག་མོའི་ལུས། །བཻ་ཌཱུར་དཀར་པོའི་ལྕུག་ཕྲན་གཞོན་ནུ་དེ། །བྱེད་པོས་སུག་པར་བྱས་སྙམ་ཟུང་གི་ཕྱག །ཚངས་དབྱངས་འབུམ་སྡེ་ཟིལ་གྱིས་གནོན་བྱེད་པའི། །སྟོང་གི་རྒྱུད་ལྡན་དྲི་ཟའི་པི་ཝང་དེ། །གཡོན་ཕྱོགས་དཀུར་བརྟེན་གཡས་པའི་སོར་མོས་བརྡུང་། །བགྲོད་བྱེད་ཕན་ཚུན་ཡིད་གཅུགས་མཛའ་བོ་ལྟར། །མི་ཕྱེད་དམ་བཅིངས་ཙོག་པུའི་ཚུལ་དུ་བཞུགས། །གྲངས་མེད་རིན་ཆེན་དར་གྱིས་ལེགས་བརྒྱན་པས། མིག་སྐྱའི་ནོར་ཀུན་སྡུས་སྙམ་ཡིད་ལ་གྲང་། །ཨིནྡྲ་ནཱི་(༧བ)


GLG010_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ལའི་ཕུང་པོ་དུས་མཐའི་མེས། །ལན་བརྒྱར་བཞུ་བའི་ཁུ་བ་མངོན་བྱུགས་ལྟའི། །ཟུར་ཕུད་སྤྱི་བོར་བཅིངས་པའི་ལྷག་མ་ནི། །སིལ་བུར་འཕྱང་བས་སྐུ་སྟོད་རབ་ཏུ་ཁེབས། །ཆུ་ཤེལ་དབང་པོ་མཁའ་དབྱིངས་ལ་འོངས་ཚེ། །འདི་བས་ལྷག་པའི་རབ་སྔོན་ཀུན་གསལ་ཞིག །ཡོད་སྙམ་བལྟ་ཕྱིར་མགོ་སྐྱེས་རྩེར་འོངས་བས། །ཐོར་ཚུགས་རྣམ་པར་མཛེས་པའི་དཔལ་དུ་གྱུར། །ཆོས་ཀྱི་འཁོར་ལོ་གྱེན་དུ་བསླང་བའི་ནང་། །སྲོག་གི་ངོ་བོ་ཨཾ་དཀར་ནཱ་ད་ལས། །འོད་ཟེར་སྣ་བུག་གཡས་ནས་ལྕགས་ཀྱུའི་དབྱིབས། །འཕྲོས་པས་ལྷོ་ཕྱོགས་ཆུ་གཏེར་ཆེན་པོའི་འགྲམ། །སྤང་ལྗོངས་མར་གད་ཞུན་མ་བཀྲམ་འདྲའི་དབུས། །རྐང་འཐུང་ཕྲེང་འཁྲིགས་འདབ་སྟོང་རྣམ་པར་བཞད། །དྲི་ཟའི་ཚོགས་ཀུན་གར་བསྒྱུར་སྒྲ་སྙན་སྒྲོག །ཡིད་འོང་དགའ་བའི་ཚལ་དེར་ལེགས་བཞུགས་པ། །ཐོགས་པ་མེད་སྤྱོན་དམ་ཡེ་དབྱེར་མེད་དང་། །སླར་མཆོད་ངག་དབང་ཤངས་བུག་ལམ་བརྒྱུད་དེ། །འཁོར་ལོ་ཁབ་ལེན་རྡོ་དང་ལྕགས་ཕྲད་བཞིན། །རང་གི་སྣ་བུག་གཡོན་དྲངས་ཧཱུཾ་ལ་ཐིམ། །དེ་ལས་སྙིང་གར་ཤེས་རབ་འཁོར་ལོ་ནི། པད་དཀར་འདབ་བརྒྱད་ཀུན་ཕན་དཀྱིལ་འཁོར་སྟེང་། །སེམས་ཉིད་ཧྲཱིཾ་གིས་ཐ་མར་བཅུ་དྲུག་དབྱངས། །མར་མེའི་ཕྲེང་ལྟར་དཀར་གསལ་འོད་མདངས་ཀྱིས། །ལུས་ཀྱི་ནང་ཁེངས་མི་ཤེས་མུན་པ་བསལ། ཧྲཱིཾ་ལས་ཧྲཱིཾ་འཕྲོས་ཞལ་ཐོན་ལྟེ་བར་ཞུགས། །མགལ་མེ་ལྟར་འཁོར་གྲངས་མེད་འོད་ཟེར་གྱིས། །སྲིད་གསུམ་གནས་རྣམས་ཀུན་ཏུ་འཕྲོས་པ་ཡིས། །ཕུན་ཚོགས་ཡོན་ཏན་ཤེས་བྱའི་གནས་ཀུན་དང་། ཁྱད་པར་རིག་གནས་བཅུ་ཕྲག་མ་ལུས་པའི། །འཆད་རྩོད་རྩོམ་དང་གཞུང་མང་འཛིན་པ་སོགས། །ཀུན་བསྡུས་སྙིང་གར་ཐིམ་པས་དོན་རྣམས་འགྲུབ། །ཅེས་(༨ན)


GLG010_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པ་བྱ་ཞིང་དེ་ནས་སྣོད་གཙང་མར་དཀར་གཏོར་བཤམས་ལ། །ཐུགས་ཀའི་འོད་ཀྱིས་ངག་དབང་དབྱངས་ཅན་ལྷ། །སྤྱན་དྲངས་ཟག་མེད་བདུད་རྩིས་ཚིམ་པར་གྱུར། །སྭ་ར་སྭསྟཱི་ཧྲཱིཾ་ཨཱ་ཀཱ་རོ་སོགས་ཀྱིས་འབུལ་ལོ། །མཛེས་སྡུག་ལང་ཚོ་རྨད་བྱུང་ཚངས་སྲས་ལྷ། །འཆད་རྩོད་རྩོམ་དང་གཞུང་མང་འཛིན་པ་སོགས། །ཕུལ་བྱུང་ངག་གི་དངོས་གྲུབ་མ་ལུས་པ། །ཐོགས་མེད་འགྲུབ་པའི་དགའ་སྟོན་སྩལ་དུ་གསོལ། །ལྷག་པའི་ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས་ཤེས་རབ་ཀུན་ཕན་གསར་པ་ཞེས་བྱ་བ་འདི་ཡང་། རང་དང་སྐལ་མཉམ་འགའ་ལ་ཕན་པའི་ཕྱིར་དུ། བཅུ་ཕྲག་རིག་གནས་འཛིན་པའི་ཚངས་སྲས་བཞད་པའི་རྡོ་རྗེས་བྲིས་པའོ། ། རབ་དཀར་ཁ་བའི་ས་འཛིན་དཀར་པོའི་འོད། །རྟ་བདུན་གོས་སུ་གྱོན་ཚེ་མཚན་དཔེའི་མདངས། ཡིད་ལ་དཔྱང་ཐག་རི་མོ་འདྲི་བྱེད་པའི། །འཕགས་མཆོག་ཕྱག་ན་པདྨས་དགེ་ལེགས་སྩོལ། །གང་གི་སྒྲུབ་ཐབས་ལྕུག་ཕྲག་གཞོན་ནུ་ཡིས། །དངོས་གྲུབ་གེ་སར་བདུད་རྩིའི་ཟིལ་མངར་ཅན། །དྲི་བཟུང་ཟད་མི་ཤེས་པའི་ལྕགས་ཀྱོ་ཡིས། །ཤེས་ལྡན་གཉིས་འཐུང་སྣ་ཡི་ཞགས་པ་འབིགས། །སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན་པར་བྱས་ལ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། ཨ་ལས་ཟླ་བའི་དཀྱིལ་འཁོར་དཀར་བསིལ་ཉ་གང་བའི་སྟེང་དུ། རང་གི་སེམས་ཉིད་ཡི་གེ་ཧྲཱིཿདཀར་པོ་ཡོངས་སུ་གྱུར་པ་ལས། རང་ཉིད་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་བཻཌཱུརྱའི་ལྷུན་པོ་ཉི་མ་བྱེ་བའི་འོད་ཀྱིས་འཁྱུད་པ་ལྟ་བུའི་དཀར་གསལ་འོད་ཀྱི་གཟི་མདངས་ཅན། ཞལ་གཅིག་ཕྱག་བཞི་དང་པོའི་སྙིམ་པ་ཐུགས་ཀར་ཟུམ་ཞིང་།(༨བ)


GLG010_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་འོག་མས་མན་ཤེལ་གྱི་འཕྲེང་བ་དང་། གཡོན་འདབ་སྟོང་དཀར་པོ་རྣམ་པར་བཞད་པའི་འཁྲི་ཤིང་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ལྷག་མ་སིལ་བུར་འཕྱང་བ། རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲས་ལེགས་པར་སྤུད་པའི་རྒྱན་གྱིས་དབུ་དང་ཕྱག་ཞབས་རབ་ཏུ་སྤྲས་ཤིང་། ལྷ་རྫས་ཀྱི་སྟོད་གཡོགས་དང་སྨད་གཡོགས་ལྷབ་ལྷུབ་ཏུ་མཛེས་པར་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་དབང་གཞུ་ལྟར་བཀྲ་བའི་གུར་ཁྱིམ་གྱི་དབུས་ན་བཞུགས་པར་བསམ་པར། པོ་ཊ་ལ་ནས་ཐུགས་རྗེ་ཆེན་པོ་འཁོར་བཅས་སྤྱན་དྲངས་ལ། རྣམ་པར་དག་པའི་བདེ་བ་ཆེན་པོའི་ཞིང་། གྲུ་འཛིན་སྤོ་ན་འཕགས་མཆོག་ཐུགས་རྗེའི་ལྷ། །མི་ཕྱེད་དད་དང་མོས་པས་སྤྱན་འདྲེན་ན། །བརྩེ་བས་དགོངས་ལ་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། དབང་གི་ལྷ་རྣམས་སྤྱན་དྲངས། བདུད་རྩིའི་ཆུས་སྤྱི་བོ་ནས་དབང་བསྐུར། ལུས་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ལས། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། རྨད་བྱུང་བཟང་པོའི་སྨན་གྱི་མངར་བའི་རོ། །ཆུ་གཏེར་ཆེན་པོ་ཁྲོད་དུ་བྲོ་བ་ལྷའི། །མཆོད་ཡོན་ཞབས་བསིལ་དབའ་རླབས་འཕྱོ་བ་འདི། །ཛ་ཧུའི་བུ་མོའི་རྒྱུན་བཞིན་རྣམ་པར་འབུལ། །མཆོད་སྦྱིན་བརྒྱ་པའི་ཁྲུས་ཀྱི་རྫིང་བུ་ལ། །ལྷ་མིའི་འདམ་སྐྱེས་ཚོགས་ཀུན་བྱེད་པོ་ཡིས། །གཅིག་ཏུ་བསྡུས་སམ་ཀུན་གསལ་ཞུ་བའི་དབུས། །མི་ལྟུང་འཕྲེང་བ་བརྒྱུས་ལྟར་རྣམ་པར་འབྲེལ། །བྲང་འགྲོས་འཁྱུད་པའི་རྐང་འཐུང་དབང་པོ་སོགས། །གྲངས་མེད་ལྗོན་པའི་ཕུང་པོ་རྒོད་མ་ཁས། །མངོན་པར་བསྲེགས་པའི་དུད་པ་གླང་པོའི་གྲོགས། །སྣ་ཡི་ལམ་དུ་དགྱེས་པ་བསྐྱེད་ཕྱིར་(༩ན)


GLG010_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། །གསེར་མངལ་ཅན་གྱིས་དུས་ཀྱི་མེ་དཔུང་ཕྲེང་། །ནོར་འཛིན་ཁྱོན་འདིར་བསྒྲིགས་སྙམ་བཅུ་གཉིས་བདག །ལྷ་ལས་བསྐོར་བའི་ཟོལ་གྱིས་བྱེད་པ་ལྷའི། །མུན་ཚོགས་སྟུག་པོའི་དགྲ་ལས་རྒྱལ་འདི་འབུལ། །གང་ཞིག་མྱངས་ཚེ་བདུད་རྩིའི་ཟ་མ་ཏོག །འཆི་མེད་གནས་ནས་གླིང་འདིར་འཕོས་འདྲ་བའི། །རོ་བརྒྱའི་བཅུད་ཀྱི་མ་མ་འདོད་དགུའི་དཔྱིད། །བཤོས་བཟའ་ཚར་དུ་དངར་བའི་ཕྲེང་འདི་འབུལ། །སྣ་ཚོགས་གླུ་དང་གྲངས་མེད་རོལ་མོ་ཡི། །སྙན་འགྱུར་རྣ་བའི་བཅུད་ལེན་ལང་ཚོའི་དཔལ། །དབྱངས་བདུན་རྒྱུད་ལས་ཉེར་དྲངས་མཆོད་པའི་ཚོགས། །དངོས་བཤམས་ཡིད་སྤྲུལ་བློ་ཡིས་བླངས་ཏེ་འབུལ། །དེ་ནས་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་གི་མཐར་ཡི་གེ་དྲུག་གིས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། རིགས་དྲུག་གི་སྡུག་བསྔལ་སྦྱངས། ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད་པར་མོས་ནས་འཁྱེར་སོ་གསུམ་དང་ལྡན་པས། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཞེས་བཟླས་བརྗོད་བྱའོ། །མཐར། དགེ་བ་འདི་ཡིས་མྱུ་དུ་བདག །ཅེས་སོགས་བརྗོད་ཅིང་སྨོན་ལམ་གདབ་པ། །ཞེས་པ་འདི་ཡང་ཨེར་ཁེ་ཐའི་ཇིའི་གསུང་གིས་བསྐུལ་བ་ལ་བརྟེན་ནས། ཨ་ཝ་དྷཱུ་ཏི་པ་ཝཱ་གཱི་ཤྭ་ར་སུ་དྷཱི་སཱ་ག་རས་སྦྱར་བའོ། །ན་མ་ཨཱརྱཱ་ཙ་ལ་ནཱི་ལཱ་ཡ། རིན་ཆེན་བཻ་ཌཱུར་བརྩེགས་པའི་ལྷུན་པོ་ལ། །ཉི་མ་འབུམ་གྱིས་འཁྱུད་པའི་གཟི་མདངས་ཅན། །རྒུད་པའི་དཔུང་འཇོམས་བཅོམ་ལྡན་མི་གཡོ་བའི། །སྒྲུབ་ཐབས་ཨུཏྤལ་ཆུན་པོ་དེང་འདིར་སྤེལ། །དེ་ལ་འདིར་བཅོམ་ལྡན་འདས་མི་གཡོ་བ་སྔོན་པོའི་སྒྲུབ་ཐབས་ཉམས་སུ་བླང་བར་བྱ་བ་ལ། (༩བ)


GLG010_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཡིད་དང་མཐུན་པར་སྟན་བདེ་བ་ལ་འདུག་སྟེ་སྐྱབས་འགྲོ་སེམས་བསྐྱེད་སྤྱི་ལྟར་བྱ། ཚོགས་ཞིང་ནི། རང་སྐད་ཅིག་གིས་བཅོམ་ལྡན་འདས་མི་གཡོ་བར་གསལ་བའི་ཐུགས་ཀར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་སྔོན་པོ་ལས་འོད་ཟེར་འཕྲོས་པས་བཅོམ་ལྡན་འདས་མི་གཡོ་བ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ན་མ་གུ་རུ་བྷྱཿ ན་མ་ཨཱརྱ་ཨ་ཙ་ལ་མཎྜ་ལ་ས་པ་རི་ཝཱ་རི་བྷྱཱཿ ཞེས་ཕྱག་བྱ། གོང་གི་སྔགས་མཐར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། རྒྱུན་བཤགས་བྱ་ཞིང་ཚད་མེད་བཞི་བསྒོམ་པ་སྤྱི་ལྟར་རོ། །དངོས་གཞི་ནི། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པད་མ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་སེམས་ཀྱི་ངོ་བོ་ཡི་གེ་ཧཱུཾ་མཐིང་ནག །དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་མི་གཡོ་བ་སྐུ་མདོག་མཐིང་ནག །ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་དམར་ལ་ཟླུམ་པ་ཞལ་མཆེ་བ་གཙིགས་པ། སྨིན་མ་དང་སྨ་ར་དམར་སེར་འབར་ཞིང་དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། ཕྱག་གཡས་ཡེ་ཤེས་ཀྱི་མེ་འབར་བའི་རལ་གྲི་ནམ་མཁའ་ལ་འཕྱར་ཞིང་། གཡོན་ཐུགས་ཀར་སྡིགས་མཛུབ་བསྒྲེང་བ། དར་སྔོན་པོའི་སྟོད་གཡོགས་དང་སྟག་གི་པགས་པའི་ཤམ་ཐབས་ཅན། རིན་པོ་ཆེ་དང་སྦྲུལ་གྱི་རྒྱན་གྱིས་བརྒྱན་པ། བགེགས་ཀྱི་རྒྱལ་པོ་གན་རྐྱལ་དུ་སྒྱེལ་བའི་སྟེང་དུ་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསམས་ལ། དེའི་ཐུགས་ཀར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་(༡༠ན)


GLG010_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་མཐིང་ནག་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་དཔའ་མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿས་སྤྱན་དྲངས་སྔར་ལྟར་མཆོད། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། རང་གི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་མོས་ཏེ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་རིགས་ལྔ་འཁོར་དང་བཅས་པ་བཛྲས་ས་མཱ་ཛཿས་སྤྱན་དྲངས། པཉྩ་ཀཱུ་ལའི་སྔགས་ཀྱི་མཐར་མཆོད། ཁྱེད་རྣམས་ཀྱིས་བདག་ལ་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར་བས་སྡིག་སྒྲིབ་ཐམས་ཅད་དག་ལུས་ཐམས་ཅད་བདུད་རྩིའི་རྒྱུན་གྱིས་གང་། ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་བསམ། བཟླས་པ་བྱ་བ་ནི། རང་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས་ཚུར་འདུས། སླར་ཡང་འོད་ཟེར་འཕྲོས། བཅོམ་ལྡན་འདས་མི་གཡོ་བའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱི་ནུས་པ་ཐམས་ཅད་བསྡུས་ཏེ། ས་བོན་སྔགས་འཁོར་དང་བཅས་པ་ལ་ཐིམ་པས། བདག་བྱིན་གྱིས་བརླབས་པར་བསམ་ལ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཅེས་མ་ཡེངས་པར་འབུམ་ཕྲག་བཅུ་སོགས་བཟླ་བར་བྱའོ། །ཐུན་མཚམས་སུ་བདག་བསྐྱེད་ཀྱི་ཡེ་ཤེས་བ་མདུན་གྱི་ནམ་མཁར་བྱོན་པར་གྱུར། ཞེས་བརྗོད་ལ་སྔར་བཞིན་མཆོད། བཅོམ་ལྡན་འདས་བདག་དང་སེམས་(༡༠བ)


GLG010_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། བཛྲ་མུས་རང་གནས་སུ་གཤེགས། ཉེར་བསྡུ་ནི་རང་ཉིད་ལྷར་གསལ་བ་འོད་དུ་ཞུ་ནས་སྔགས་འཁོར་ལ་ཐིམ། དེ་ཧཱུཾ་ལ་ཐིམ། དེའང་ཞབས་ཀྱུ་ཁོག་པ། ཁོག་པ་མགོ་བོ། དེ་ཀླད་ཀོར། དེ་ནཱ་ད། དེའང་མི་དམིགས་པའི་ངང་དུ་མཉམ་པར་བཞག །དེ་ལས་ལངས་ཏེ་བསྔོ་བ་སྨོན་ལམ་ཅི་རིགས་པ་གདབ། ཡི་གེ་བཅུ་པའི་བསྙེན་པ་ཐེམ་ནས་དམིགས་པ་སྐོར་གསུམ་གྱི་ཏིང་ངེ་འཛིན་དང་སྔགས་ཀྱི་ཉམས་ལེན་བརྒྱ་རྩའི་ནང་བཞིན་བྱའོ། །གོང་འོག་རྒྱུད་སྡེའི་མན་ངག་བདག་མདུན་སོགས། །འཁྲུལ་མེད་གནད་ཀྱི་ཉམས་ལེན་མི་ཤེས་པར། །སྤྲོས་འདོད་འབྲེལ་མེད་གཞན་གྱི་རྒྱས་འགེབས་སོགས། །ངལ་བའི་དཀའ་ཐུབ་ལྷུར་ལེན་ཙམ་དུ་ཟད། །དེ་ཕྱིར་ཉམས་ལེན་ཚར་ཞིང་ཁྱེར་བདེ་བ། །མཁས་གྲུབ་དམ་པའི་ཕྱག་ལེན་ཇི་བཞིན་དུ། །བཀོད་པའི་དགེ་འདིས་འགྲོ་བ་མ་ལུས་པ། །རྡོ་རྗེ་གཏུམ་པོས་རྗེས་སུ་འཛིན་གྱུར་ཅིག །ཅེས་བཅོམ་ལྡན་འདས་མི་གཡོ་བ་སྔོན་པོའི་སྒྲུབ་སྐོར་ལ། མཉམ་མེད་ཇོ་བོ་ཆེན་པོ་དང་། ལོ་ཆེན་བ་རིའི་བཀའ་སྲོལ་གཉིས་ལས། དཔལ་སྣར་ཐང་པའི་མན་ངག་བརྒྱ་རྩའི་ལུགས་ཀྱི་རྗེས་སུ་འབྲངས་པའི་སྒྲུབ་ཐབས་ཨུཏྤལ་ཆུན་པོ་ཞེས་བྱ་བ་འདི་ནི་བཀྲ་ཤིས་སྒོ་མངས་གྲ་ཚང་གི་འཆད་ཉན་པ་འཕྲིན་ལས་ཀྱིས་བསྐུལ་བའི་ངོར་འཇམ་མགོན་གྲུབ་པའི་དབང་པོ་དཔལ་འབྱོར་ལྷུན་གྲུབ་ཀྱི་ཕྱག་ལེན་ཇི་ལྟ་བར། ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་གདོང་ཁ་པ་དབང་རྒྱལ་ལོ། །ན་མོ་གུ་རུ་ཤྩ་ཝཱ་གཱི་ཤྭ་རཱ་ཡ། ཐུན་མཚམས་ལང་ཚོའི་རང་བཞིན་དྷཱིཿཡིག་གཟུགས། །ཐབས་ཤེས་ལུས་(༡༡ན)


GLG010_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲའི་མངལ་དུ་ལྕི་བའི་དཔལ། །མཚན་དཔེའི་སྣང་བ་མི་ཡི་སྲིད་པ་ཅན། །འཇམ་མགོན་བཙོང་ཁ་པ་དེར་གུས་བཏུད་ནས། །གང་དེར་བརྟན་པའི་འཁོར་ལོས་དཔལ་མགྲིན་ནས། །དངོས་སུ་སྩལ་བའི་ཟབ་དོན་ཆོས་ཀྱི་རིའི། །དགོངས་དོན་ཇི་བཞིན་འཇམ་དབྱངས་དམར་སེར་གྱི། །སྒྲུབ་པའི་ཐབས་ཀྱི་རིམ་པ་དེང་འདིར་འགོད། །དེའང་སྐྱབས་འགྲོ་སེམས་བསྐྱེད་ཚོགས་ཞིང་ཚད་མེད་བཞི་བསྒོམ་པ་སྤྱི་འགྲོ་ལྟར་སྔོན་དུ་བཏང་། རང་ཉིད་ཐ་མལ་དུ་གནས་པའི་སྙིང་སྒོ་ང་ལྟ་བུའི་རྩེ་མོ་གྱེན་དུ་བསྟན་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྒྱས་པའི་སྟེང་ན་ཡི་གེ་དྷཱིཿདམར་སེར་ཚེག་དྲག་དང་བཅས་པ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང་བས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག །འོད་ཟེར་བ་སྤུའི་སྒོ་ནས་ཕྱིར་འཕྲོས་པས། རྒྱལ་བ་སྲས་བཅས་ལ་མཉེས་པའི་མཆོད་པ་འབུལ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་བསྡུས་ནས་རང་ལ་ཐིམ། སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་བསལ། ཤེས་རབ་ཀྱི་སྣང་བ་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས། སྐད་ཅིག་གིས་རང་ཉིད་ཐ་མལ་གྱི་སྣང་ཞེན་དག་ནས། རྗེ་བཙུན་འཇམ་དཔལ་དབྱངས་དམར་སེར་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ཤེས་རབ་ཀྱི་རལ་གྲི་མཁའ་ལ་འཕྱར་ཞིང་། གཡོན་མེ་ཏོག་ཨུཏྤལ་ལའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་བཟུང་བའི་འདབ་མ་སྙན་གྱི་ཐད་དུ་ཁ་ཕྱེ་བའི་སྟེང་ན་ཤེས་རབ་ིཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བཞུགས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ་(༡༡བ)


GLG010_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་གདུབ་རྣམས་ཀྱིས་སྤྲས་ཤིང་། ལྷ་རྫས་ཀྱི་དར་གྱི་སྟོད་གཡོགས་དང་སྨད་གཡོགས་ལྷབ་ལྷུབ་ཏུ་འཕྱང་བ། རལ་པའི་ཟུར་ཕུད་གཡོན་དུ་སྤུད་པ། ཞི་འཛུམ་སྒེག་པའི་ཉམས་ལྡན། སྐུ་ལས་སྐྱེས་པའི་འོད་ཀྱི་ཕུང་པོའི་དབུས་ན་བཞུགས་པར་གྱུར། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ། ཐུགས་ཀར་ཧཱུཾ། དེ་ལས་འོད་འཕྲོས། རང་བཞིན་དག་པའི་གཞལ་ཡས་ཁང་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། ཨོཾ་ཨཱརྱ་ཝཱ་གཱི་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། བསྟོད་པ་ནི། རབ་དཀར་ཆུ་སྐྱེས་རྒྱས་པའི་ལྟེ་བ་ལ། །ཆུ་ཤེལ་དབང་པོའི་དཀྱིལ་འཁོར་རྫོགས་པའི་སྟེང་། །བཅུ་དྲུག་ལང་ཚོའི་གཟི་ལྡན་འགྱིང་བག་ཅན། །འཇམ་མགོན་གཞོན་ནུའི་སྐུ་ལ་ཕྱག་འཚལ་ལོ། །ཇི་སྙེད་འགྲོ་འདིའི་ཡིད་ངོར་འཆར་བའི་གདངས། །མ་འདྲེས་སོ་སོར་སྣང་བའི་ཚངས་པའི་དབྱངས། །སྐལ་བཟང་རྣ་བའི་རྒྱན་གྱུར་ངག་གི་ཚོགས། །འདོད་འཇོའི་དབང་ཕྱུག་གསུང་ལ་ཕྱག་འཚལ་ལོ། ཀུན་གསལ་ཞགས་པའི་ཚད་ཀྱིས་གཞལ་དཀའ་བའི། །ཕུལ་བྱུང་མཁྱེན་པའི་རྙོག་བྲལ་ཆུ་གཏེར་ངོས། །རབ་འབྱམས་ཤེས་བྱའི་སྣང་བརྙན་མ་ལུས་ཀུན། །གསལ་བར་འཆར་བྱེད་ཐུགས་ལ་ཕྱག་འཚལ་ལོ། ཞེས་དང་། གཞན་ཡང་། གཞོན་ནུའི་སྐུ་ལུས་འཆང་བ་པོ། ཞེས་སོགས་ཀྱིས་བསྟོད། དེ་ནས་བཟླས་པ་བྱ་བ་ནི། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་དྷཱིཿདམར་སེར་ཚེག་དྲག་དང་བཅས་པའི་མཐའ་སྐོར་དུ་ཨ་ར་པ་ཙ་ནའི་སྔགས་འཕྲེང་གིས་བསྐོར་བ་ལས་འོད་(༡༢ན)


GLG010_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་འཕྲོས། སངས་རྒྱས་བྱང་སེམས། ཉན་ཐོས་རང་རྒྱལ། ཕྱི་ནང་གི་མཁས་པ་པཎྜི་ཏ་སོགས་ཀྱི་ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་གྱི་ཤེས་རབ་རྣམས་བསྡུས་ཏེ། རང་ཉིད་ལ་ཐིམ་པར་བསམ་ལ་བཟླས་པ་བྱ། མཐར་ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་ཀྱི་སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པ་བརྗོད་པར་བྱའོ། །འཇམ་དབྱངས་དམར་སེར་གྱི་སྒྲུབ་ཐབས་འདིའང་། བཀའ་བཅུ་དར་རྒྱས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའོ། །ན་མོ་མུ་ནཱིནྡྲཱ་ཡ། གསེར་གྱི་ལྷུན་པོ་མཚམས་སྤྲིན་གཞོན་ནུ་ཡིས། །ལན་བརྒྱར་འཁྱུད་པའི་དཔལ་ལ་དགྲན་བཟོད་པའི། །ཀུན་མཁྱེན་ཉི་མའི་གཉེན་ལ་ཕྱག་བཙལ་ནས། །གང་གི་སྒྲུབ་ཐབས་ཅུང་ཟད་སྤེལ་བར་བྱ། །ཡིད་དང་མཐུན་པའི་གནས་སུ་བྲིས་སྐུ་དང་ཅི་འབྱོར་པའི་མཆོད་པ་བཤམས་ཏེ། སྐྱབས་འགྲོ་སེམས་བསྐྱེད་ཚོགས་ཞིང་ཚད་མེད་བཞི་བསྒོམ་པ་སྤྱི་ལྟར་བྱ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བཾ་ལས་པདྨ་དང་ཨ་ལས་ཟླ་བའི་གདན་གྱི་སྟེང་དུ། རང་སེམས་ཡི་གེ་མུཾ་སེར་པོ་ཡོངས་སུ་གྱུར་པ་ལས། རྒྱལ་བ་ཤཱཀྱ་ཐུབ་པ་དབུ་གཙུག་ཏོར་དང་ལྡན་པ། ཞལ་འཛུམ་བག་ཅན། ཕྱག་གཉིས་མཉམ་གཞག །ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། མཚན་དཔེ་གསལ་རྫོགས་ཀྱི་བདག་ཉིད་དུ་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤབྡའི་(༡༢བ)
བར་གྱིས་མཆོད། མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་བསྟོད། །ཐུགས་ཀར་ཟླ་བའི་སྟེང་དུ་སྔགས་ཀྱི་འཕྲེང་བ་ལས་འོད་ཟེར་གྱི་སྤྲོ་བསྡུ་དང་བཅས་ཏེ། །ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱཧཱ། །ཞེས་བཟླ་བར་བྱ། མཇུག་ཏུ་སྨོན་ལམ་ཅི་རིགས་པ་གདབ་བོ། །ཞེས་པ་ཡང་མགོན་པོ་སྐྱབས་ཀྱིས་བསྐུལ་བའི་ངོར། དཔལ་སྣར་ཐང་པའི་བཀའ་སྲོལ་ལྟར་སྦྱར།། །།


previousརྒྱུད་སྡེ་རྣམ་བཞིའི་ལྷ་ཚོགས་རྣམས་ཀྱི་སྒྲུབ་འཕྲིན་བསྙེན་པ་རྗེས་གནང་སོགས་ཀྱི་ཉམས་ལེན་མཆོག་ཐུན་དངོས་གྲུབ་འདོད་དགུའི་སྙེ་མ་གཡུར་ཟ།next