Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟ་མགྲིན་གསང་སྒྲུབ་ཀྱི་ལས་བྱང་དབང་ཆེན་དགྱེས་པའི་རོལ་གར།
   
   
   
   
   
   
   
   


 
previousརྟ་མགྲིན་གསང་སྒྲུབ་ཀྱི་ལས་བྱང་དབང་ཆེན་དགྱེས་པའི་རོལ་གར།next

རྟ་མགྲིན་གསང་སྒྲུབ་ཀྱི་ལས་བྱང་དབང་ཆེན་དགྱེས་པའི་རོལ་གར།


GLG010_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་གསང་སྒྲུབ་ཀྱི་ལས་བྱང་དབང་ཆེན་དགྱེས་པའི་རོལ་གར་ཞེས་བྱ་བ་བཞུགས་སོ། །དཔལ་ལྡན་རྒྱལ་ཀུན་འཕྲིན་ལས་རྣམ་བཞིའི་གར། །འཇིགས་རུང་ཁྲོ་བོའི་ཉམས་ཀྱི་རོལ་བ་ཅན། །དབང་ཆེན་རྟ་མཆོག་དཔལ་ལ་གུས་བཏུད་ནས། །རྒྱུན་འཁྱེར་འཕྲིན་ལས་རིམ་པ་དེང་འདིར་འདྲི། སྐྱབས་འགྲོ་ནི། བདག་དང་ནམ་མཁའི་མཐའ་མཉམ་སེམས་ཅན་ཀུན། །བླ་མ་སངས་རྒྱས་ཆོས་དང་དགེ་འདུན་སོགས། །ཕྱི་ནང་གསང་གསུམ་སྐྱབས་ཡུལ་དམ་པ་ལ། །ཟོལ་མེད་རྩེ་གཅིག་སེམས་ཀྱིས་སྐྱབས་སུ་མཆི། །འཁོར་བར་འཁྱམས་པའི་འཁྲུལ་བས་འགྲོ་བ་རྣམས། །ཡ་གྲལ་ཀུན་བཟང་ས་ལ་འགོད་པའི་ཆེད། །དཔལ་ཆེན་ཁྲོ་བོའི་དབང་པོ་ལེགས་བསྒྲུབས་ནས། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སེམས་ཅན་ཐམས་ཅད་བདེ་བ་དང་སོགས་བརྗོད། ཚོགས་ཞིང་ནི། མདུན་གྱི་ནམ་མཁར་དཔལ་རྟ་མགྲིན་གྱི་རིགས་བདག་ཏུ་རྡོ་རྗེ་སློབ་དཔོན་བཞུགས་པར་གྱུར། ཛཿཧཱུཾ་བཾ་ཧོཿ རྩ་བ་གསུམ་གྱི་ལྷ་ཚོགས་ལ། །ཕྱག་འཚལ་དངོས་འབྱོར་མཆོད་པ་འབུལ། །སྔོན་ནས་བསགས་པའི་སྡིག་པ་བཤགས། །དགེ་ཚོགས་(༡༣ན)


GLG010_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་ཡི་རང་ཞིང་། །ངེས་པས་ཆོས་འཁོར་བསྐོར་བ་དང་། །བསྐལ་བརྒྱར་མི་འགྱུར་བརྟན་པར་གསོལ། །རང་གཞན་དགེ་རྩ་མ་ལུས་པ། །ཀུན་མཁྱེན་ཡེ་ཤེས་ཐོབ་ཕྱིར་བསྔོ། །སྲུང་འཁོར་ནི། རང་ཉིད་སྐད་ཅིག་གིས་དཔལ་ཆེན་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་དང་གཡོན་སྡིག་མཛུབ་ཀྱི་རྩེ་ལ་མེ་འབར་བ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའི་ཐུགས་ཀའི་ཧྲཱིཿལས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་འཕྲོ་བར་གྱུར། ཧཱུཾ། ཐམས་ཅད་བདེ་གཤེགས་རྒྱལ་བའི་རང་བཞིན་ལ། །ང་བདག་གཟུང་འཛིན་རྡུལ་ཙམ་མི་དམིགས་ཀྱང་། །དབང་ཆེན་འདུ་བའི་ལྷ་ཚོགས་མ་གཏོགས་པ། །ལོག་འདྲེན་བར་གཅོད་བགེགས་རྣམས་ཕྱིར་དེངས་ཤིག །ཨཱོཾ་སུཾ་བྷ་སོགས་བརྗོད། ཧཱུཾ། རྡོ་རྗེ་གཏུམ་པོ་རི་རབ་རྩེ་བརྒྱད་ནས། །འབར་བའི་ལྷ་ཆེན་དབང་ཆེན་བཀའ་སྟེང་དུ། །ཤིན་ཏུ་གཏུམ་དྲག་ཁྲོ་རྒྱལ་འཇིགས་པའི་སྐུ། །སྐུ་ལས་ཁྲོ་ཚོགས་མཚོན་ཆའི་འོད་ཟེར་འབར། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར། །བདུད་སྡེ་དཔུང་བཅས་འདའ་བར་མ་བྱེད་ཅིག །ཨཱོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྷྲཱི་ཝ་གནོད་བྱེད་ཐམས་ཅད་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། བྱིན་འབེབས་ནི། ཆོས་སྐུ་འགྱུར་བ་མེད་པའི་ངང་ཉིད་ལས། །ལོངས་སྐུ་རྟ་མགྲིན་ཁྲོ་བོའི་ལྷ་ཚོགས་ཀྱིས། །གནས་མཆོག་འདི་རུ་བྱིན་ཆེན་མྱུར་ཕོབ་ལ། །རྣལ་འབྱོར་བདག་ལ་དབང་བསྐུར་དངོས་གྲུབ་སྩོལ། །སྨན་རག་གཏོར་མ་བྱིན་གྱིས་བརླབ་པ་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། སྨན་རག་གཏོར་མཆོད་རྣམས་ངོ་བོ་ཟག་པ་མེད་པའི་བདུད་རྩི། (༡༣བ)


GLG010_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་སོ་སོའི་བྱེད་ལས་ཅན་དུ་གྱུར། ཨཱོཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཧཱུཾ། ཨཱོཾ་མ་ཧཱ་རཀྟ་ཧཱུཾ། ཨཱོཾ་མ་ཧཱ་བྷ་ལིནྟ་ཧཱུཾ། ཨརྒྷཾ་ནས་ཤབྡའི་བར་བརྗོད། དངོས་གཞི་ནི། ཆོས་ཀུན་སྐྱེ་འགག་གནས་གསུམ་དང་བྲལ་བ། མ་རྟོགས་འགྲོར་བརྩེས་ཀུན་ཁྱབ་དབྱེར་མེད་པའི། །རང་གདངས་རྡོ་ར་མེ་དཔུང་ཆེར་འབར་བའི། །སྲུང་འཁོར་དབུས་སུ་པདྨ་ཉི་མ་དང་། །ཀླུ་ཆེན་བརྒྱད་པོ་བསྣོལ་བའི་ཁྲི་སྟེང་དུ། །བདག་ཉིད་ཁྲོ་བོ་རྟ་མགྲིན་དབང་གི་རྒྱལ། །ཞལ་གསུམ་རྩ་ཞལ་དམར་པོ་གཡས་པ་ལྗང་། །གཡོན་ཞལ་དཀར་པོ་སྤྱན་གསུམ་དམར་ལ་ཟླུམ། །མཆེ་གཙིགས་ལྗགས་འགྲིལ་སྨིན་མ་སྨ་ར་འཁྱུག །དམར་སེར་དབུ་སྐྲ་གྱེན་དུ་བརྫེས་པའི་ཁྲོད། །དབུ་གསུམ་ལས་ཐོན་རྟ་མགོ་ལྗང་ཞུར་ཅན། །གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རལ་གྲི་དང་། །གཡོན་གསུམ་སྡིགས་མཛུབ་མདུང་ཐུང་རྒྱུ་ཞགས་འཛིན། །ཞབས་བརྒྱད་གཡས་བསྐུམ་གཡོན་བརྐྱང་བརྫིས་པའི་ཚུལ། །ཐོད་སྐམ་དབུ་རྒྱན་ཁྲག་འཛག་མགོ་འཕྲེང་ཅན། །གླང་ཆེན་མི་ལྤགས་སྟོད་གཡོགས་སྟག་ཤམ་དཀྲིས། །རིན་ཆེན་རུས་པ་བྱུགས་རྫས་སྦྲུལ་ལ་སོགས། །ཚངས་སྐུད་དུར་ཁྲོོད་ཆས་ཀྱིས་རྣམ་པར་སྤྲས། །མགུར་ནས་ལོང་བུའི་བར་ཀུན་ཁྲོ་ཆུང་གཏམས། །བསྐལ་པའི་མེ་དཔུང་འབར་བའི་ཀློང་དཀྱིལ་ན། །འཇིགས་རུང་གར་དགུའི་ཉམས་ཀྱིས་བཞུགས་པར་གྱུར། སྤྱན་འདྲེན་ནི། ཧྲཱིཿ ཆོས་ཀྱི་དབྱིངས་ལས་གཡོ་མེད་ཀྱང་། །བདེ་ཆེན་དབང་དྲག་རོལ་པ་ཡི། །བསྐལ་པའི་མེ་དཔུང་འབར་ཀློང་ནས། །དབང་གི་རྒྱལ་པོ་གཤེགས་སུ་གསོལ། །ཏ་ལ་གྷྲི་ཝ་ཨེ་ཧྱེ་ཧི་ཛཿཧཱུཾ་བཾ་ཧོཿ བཞུགས་གསོལ་ཕྱག་མཆོད་ནི། འགྱུར་མེད་གདན་ལ་བརྟན་(༡༤ན)


GLG010_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བ་སྨན་རག་དང་། །གཏོར་མ་འབུལ་ལོ་བཞེས་སུ་གསོལ། །ཧ་ལ་གྷྲཱི་དྲ་མ་ཧཱ་པཉྩ་རཀྟ་བྷ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཨཱོཾ་ཧ་ཡ་གྷྲཱི་ཝ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་བརྗོད། འཇིགས་རུང་དུས་མཐའི་མེ་ལྟར་འབར་བའི་སྐུ། །མི་བཟད་དྲག་སྔགས་ང་རོ་སྒྲོག་པའི་གསུང་། །མཁྱེན་བརྩེ་ནུས་པ་དཔག་པར་དཀའ་བའི་ཐུགས། །ཁྲོ་རྒྱལ་དབང་པོའི་སྐུ་གསུང་ཐུགས་ལ་བསྟོད། །འཇབ་བགྲང་པ་ནི། རང་གི་སྐུ་དང་ཐུགས་ཀ་སོགས། །གནས་ལས་མེ་འོད་འཕྲོས་པ་ཡིས། །བདེ་གཤེགས་ནུས་མཐུ་བདག་ལ་ཐིམ། །གདུག་པའི་ཚོགས་རྣམས་ཚར་གཅོད་གྱུར། །ཨཱོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྷྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། བསྙེན་པ་དངོས། ཐུན་མཚམས་ལ། ཨཱོཾ་དུན་བྷྱོ། ཏྲི་ག་ནན། ཛ་ཛཿ ས་མ་ཡ་སྟྭཾ། ལས་སྔགས། ས་མ་ཡ་ཛཿས་མ་ཡ་བཟློག །ས་མ་ཡ་བྷྱོ། ས་མ་ཡ་ག ཏུབས། ས་མ་ཡ་བྱེར། ས་མ་ཡ་རྦད། ས་མ་ཡ་རྦད་རྦུད་ཕཊ་ཡ། འབྱུང་པོ་མཱ་ར་ཡ་ཛཿ ཛཿརྣམས་སྦྲེལ་ནས་ཉེར་གཅིག་བཟླ། པདྨ་ས་ཏྭ་ས་མ་ཡ་ཞེས་སོགས་ཡིག་བརྒྱ་བཟླས། ཧ་ཡ་གྷཱིཝ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། སྲུང་འཁོར་ལྷ་བཅས་མི་དམིགས་པ། སྤྲོས་མེད་སྟོང་པའི་ངང་དུ་ཡལ། །སླར་ཡང་ཞལ་གཅིག་ཕྱག་གཉིས་པ། །ཆུ་ལས་ཉ་ལྡང་ལྟ་བུར་གྱུར། །སྨྲས་པ། སྙིགས་དུས་བདུད་སྡེའི་དམག་དཔུང་ཚོགས། །ཐལ་བར་རློག་བྱེད་རྟ་མཆོག་དཔལ། །པདྨའི་ཟབ་ཆོས་ཡིན་པའི་ཕྱིར། །སྔ་འགྱུར་དགོངས་དོན་ཇི་བཞིན་བཀོད། །བསྙེན་ཅིང་བསྒྲུབ་པའི་ཁ་སྐོང་ལ། །མེད་(༡༤བ)
དུ་མི་རུང་ཚོགས་མཆོད་དག །འགྲོ་འདུལ་གླིང་པའི་གསང་འདུས་ལས། །བླངས་པས་འགྲུབ་བོ་ཤེས་ལྡན་ཀྱཻ། །དགེ་ཚོགས་གངས་ཀྱི་རི་བོ་ལ། །འགྲན་པའི་ཆེས་དཀར་འོ་མཚོ་དེས། །འགལ་རྐྱེན་དྲི་མ་དྲུངས་ཕྱུང་ནས། །དངོས་གྲུབ་དགའ་སྟོན་འཕེལ་གྱུར་ཅིག །རྟ་མགྲིན་སྐྱེར་སྒང་ལུགས་འདི་སྙེ་མོ་ཞུ་ཡས་ཀྱི་གཏེར་ཡིན་ནའང་། ལས་བྱང་སྔ་འགྱུར་གཙང་མ་ཞིག་ཆེར་མི་འདུག་པ་དང་། གཏེར་གཞུང་དངོས་ཆ་ཚང་ཡང་དཀོན་པས། བླ་མའི་ངག་དང་རཏྣ་གླིང་པའི་གསང་འདུས་ནས་བརྒྱན་ཏེ། ཚོགས་མཆོད་མ་གཏོགས་ཚང་ཞིང་འཁྱེར་བདེ་དབང་ཆེན་དགྱེས་པའི་རོལ་གར་ཞེས་པ་འདིའང་རྒྱ་བོད་ཀྱི་ཡི་གེའི་རིགས་དུ་མ་དང་རི་མོ་སོགས་ལ་བློ་གྲོས་ཀྱི་རྩལ་དང་ལྡན་ཞིང་ཚུལ་བཞིན་བསྒྲུབ་པའི་དྲུང་ཡིག་ངག་དབང་དགེ་ལེགས་དང་སྔགས་བན་བློ་བཟང་དོན་གྲུབ་གཉིས་ཀྱིས་བསྐུལ་བ་ལྟར་ལ་སླར་མ་དག་པ་རྣམས་བཅོས་ཏེ། ཟ་ཧོར་གྱི་བཙུན་པ་བཞེད་པ་རྩལ་གྱིས་དགའ་ལྡན་ཕོ་བྲང་དུ་སྦྱར།།


previousརྟ་མགྲིན་གསང་སྒྲུབ་ཀྱི་ལས་བྱང་དབང་ཆེན་དགྱེས་པའི་རོལ་གར།next