Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་སྲིད་ཞིའི་གདུང་སེལ།།
   
   
   
   
   
   
   


 
previousསྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་སྲིད་ཞིའི་གདུང་སེལ།།next

སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་སྲིད་ཞིའི་གདུང་སེལ།།


GLG010_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་སྲིད་ཞིའི་གདུང་སེལ་བཞུགས་སོ། །རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་སྙིང་རྗེའི་ལྷ། །དྲན་པས་སྲིད་ཞིའི་གདུང་སེལ་འཇིག་རྟེན་དབང་། །ཁྱེད་ཀྱི་སྒྲུབ་པའི་ཐབས་ཀྱི་རིམ་པ་རྣམས། །ཚད་ལྡན་མཁས་པའི་གཞུང་བཞིན་འདི་ན་སྤེལ། །དེ་ལ་འདིར་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཡི་གེ་དྲུག་མའི་སྒྲུབ་ཐབས་ཉམས་སུ་བླང་བར་བྱ་བ་ལ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ་ལས། དང་པོ་སྔོན་དུ་འགྲོ་བ་ལ། གནས་ཁང་ཡིད་དུ་འོང་བར། འདི་ཉིད་ཀྱི་རྟེན་དང་ཅི་འབྱོར་བའི་མཆོད་པ་བཤམ། བདེ་བའི་སྟན་ལ་འདུག་སྟེ། སྐྱབས་འགྲོ་སེམས་བསྐྱེད་རྒྱས་པ་སྤྱི་འགྲོ་ལྟར་རམ། འཁྱེར་བདེ་བར་འདོད་(༡༥ན)


GLG010_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ན། སངས་རྒྱས་ཆོས་ཚོགས་མ་བྱ། དེ་ནས་ཚོགས་གསོག་པ་ནི། རང་སྐད་ཅིག་གིས་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་ཐུགས་རྗེ་ཆེན་པོས་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མོ་སརྦ་ཏ་ཐཱ་ག་ཏ་ཨཱཪྻ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་མཎྜལ་ལ༔ ཞེས་པས་ཕྱག་རྒྱ། ཨོཾ་ཨཱཪྻ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། རྒྱུན་བཤགས་ལན་གསུམ་བྱ་ཞིང་ཚད་མེད་བཞི་བསྒོམ། གཉིས་པ་དངོས་གཞི་ནི། ཤཱུ་ནྱ་ཏཱའི་སྔགས་བརྗོད་དེ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་ཆ་ཤས་ཉ་གང་བའི་སྟེང་དུ། རང་གི་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་ཐུགས་རྗེ་ཆེན་པོ་འཕགས་མཆོག་སྤྱན་རས་གཟིགས་སྐུ་མདོག་གངས་རི་ལ་ཉི་མ་ཤར་བ་ལྟར་དཀར་བ། ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་ནང་བུམ་ཆུ་ཤེལ་གྱི་ཕྲེང་བ་བརྒྱ་རྩ་བརྒྱད་པ་འདྲེན་པའི་ཚུལ་གྱིས་འཛིན་ཅིང་། གཡོན་འོག་མས་མེ་ཏོག་པདྨ་དཀར་པོ་འདབ་མ་རྣམ་པར་རྒྱས་པའི་ཡུ་བ་ནས་འཛིན་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། གདུ་བུ། འོག་པགས་སེ་མོ་དོ། དོ་ཤལ་སོགས་ཀྱིས་མཛེས་པ། ལྷ་རྫས་ཀྱི་སྟོད་གཡོགས་དང་སྨད་གཡོགས་ལྷབ་ལྷུབ་ཏུ་གསོལ་བ། རི་དྭགས་ཀྲ་ཎ་སཱ་རའི་པགས་པས་ནུ་མ་བཀབ་(༡༥བ)


GLG010_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། འཇའ་ཟེར་འཁྲུག་པའི་དབུས་ན་དངས་གསལ་རྙོག་པ་མེད་པ་འོད་ཀྱི་རང་བཞིན་ཅན་དུ་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། པོ་ཏ་ལ་ནས་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་པཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ་ཞེས་དབང་བསྐུར། ལུས་ཐམས་ཅད་བདུད་རྩིའི་ཆུ་རྒྱུན་གྱིས་གང་། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ལས། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་བསམ། མཆོད་པ་རྣམས་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ས་དང་བར་སྣང་གི་ཁྱོན་ཐམས་ཅད་གང་བར་གྱུར། ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས། ཨོཾ་ཨཱཪྻ་ལོ་ཀཻ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད། སྐྱོན་གྱིས་མ་གོས་(༡༦ན)


GLG010_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མདོག་དཀར། །ཞེས་སོགས་ཀྱིས་བསྟོད། དེ་ནས་བཟླས་པ་བྱ་བ་ནི། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧྲཱིཿཡིག་དཀར་པོའི་མཐའ་སྐོར་དུ། ཡི་གེ་དྲུག་མའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་མཆོད་པས་མཉེས་པར་བྱས། དེ་རྣམས་ཀྱི་བྱིན་རླབས་དང་ནུས་པ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་རང་ལ་བསྟིམ། འོད་ཟེར་རྣམས་འགྲོ་བ་རིགས་དྲུག་སོ་སོའི་གནས་སུ་འཕྲོས། རིགས་དྲུག་སོ་སོའི་སྡུག་བསྔལ་དང་། དེའི་རྒྱུ་ལས་ཉོན་བག་ཆགས་དང་བཅས་པ་བྱང་ཞིང་དག་པར་བྱས། སེམས་ཅན་ཐམས་ཅད་ཀྱང་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་གོ་འཕང་ལ་བཀོད། སྣོད་བཅུད་ཐམས་ཅད་རྟེན་དང་བརྟེན་པའི་རྣམ་པར་ཤར་བ་སྣང་བ་སྐུའི་འཁྱེར་སོ། །སྒྲ་ཐམས་ཅད་སྔགས་ཀྱི་གདངས་སྒྲར་ཤེས་པ་གྲག་སྟོང་གསུང་གི་འཁྱེར་སོ། །ཆོས་ཐམས་ཅད་སྣང་སྟོང་དབྱེར་མེད་དུ་ཤེས་པ་དྲན་རྟོག་ཐུགས་ཀྱི་འཁྱེར་སོ་སྟེ། འཁྱེར་སོ་གསུམ་དང་ལྡན་པའི་སྒོ་ནས། ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་པའི་ཡི་གེ་དྲུག་མ་ཅི་ནུས་སུ་བཟླ། སྐབས་འགར་ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཞེས་པའི་ཡི་གེ་བདུན་མ་དང་། ཨོཾ་ཨཱཿཧཱུཾ་ཧྲཱི༔ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པའི་ཡི་གེ་བཅུ་མ་ཡང་བཟླ་བར་བྱའོ། །མཇུག་ཆོག་ནི། རང་ཉིད་ལྷར་གསལ་བ་འོད་དུ་ཞུ་ནས། ཐུགས་ཀའི་སྔགས་འཁོར་ལ་ཐིམ། དེ་ཉིད་ཀྱང་ཧྲཱིཿལ་ཐིམ། ར་བཏགས་ཁོག་པ་ལ་ཐིམ། ཁོག་པ་མགོ་བོ་ལ་ཐིམ། མགོ་བོ་གི་གུ་ལ་ཐིམ། གུ་གུ་ཡང་ནམ་མཁར་འཇའ་ཡལ་བ་ལྟར་ཇེ་ཕྲར་སོང་སྟེ་མི་དམིགས་པ་སྟོང་པ་ཉིད་དུ་བཞག །སྟོང་པའི་ངང་ལས་ཆུ་ལས་ཆུ་ལྦུར་རྡོལ་བའི་ཚུལ་དུ་སྐད་ཅིག་གིས་ཐུགས་རྗེ་ཆེན་(༡༦བ)


GLG010_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

པོར་གསལ་བའི་སྒོ་ནས། དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་སྨོན་ལམ་ཅི་རིགས་པ་བྱའོ། ཨེ་མ་ངོ་མཚར་རྨད་བྱུང་དམ་པའི་ཆོས། །བྱ་སླ་ཚེགས་ཆུང་དོན་ཆེ་སྒྲུབ་པའི་ཐབས། །སྔོན་མེད་དཔག་བསམ་ཡོངས་འདུ་གསར་པ་འདི། །དོན་གཉིས་གྲུབ་པའི་བསམ་འཕེལ་དབང་གི་རྒྱལ། །འདི་འདྲ་འཛམ་གླིང་ཡངས་པའི་ཁོར་ཡུག་ཀུན། །བསོད་ནམས་སྟོབས་ཀྱི་དཔུང་པས་དབང་སྒྱུར་བའི། །དཔལ་ལྡན་གོང་མ་ཆེན་པོའི་རྒྱལ་ཁབ་ཏུ། །གྲངས་མེད་དགེ་ལེགས་སྤེལ་བའི་བྱེད་པོའི་ཆེད། །གདན་གསུམ་ཚང་བའི་དེད་དཔོན་རྡོ་རྗེ་འཆང་། །ངུར་སྨྲིག་གར་གྱིས་རོལ་པ་འཁོན་སྟོན་རྗེ། །སྤྱི་གཙུག་པད་མཚོར་བསྟེན་པའི་རྒྱལ་ཁམས་པ། །ཟ་ཧོར་རིགས་ཀྱི་བནྡེས་ཡི་གེར་བཀོད། །དགེ་དེས་གནམ་གྱིས་བསྐོས་པའི་ཚངས་པ་ཆེ། །སྲས་བཅས་བློན་འབངས་འཁོར་བཅས་སྐུ་ཚེ་དང་། །ཆབ་སྲིད་མངའ་ཐང་ཡར་ངོའི་ཟླ་བ་ལྟར། །འཕེལ་ཞིང་རྡོ་རྗེ་ལྟ་བུར་བརྟན་གྱུར་ཅིག །རབ་དཀར་གངས་ཀྱི་རི་བོ་མཛེས་སྡུག་གི །ཕུན་ཚོགས་ལང་ཚོ་རྒྱས་པའི་འཇོ་སྒེག་ཅན། །དུས་གསུམ་རྒྱལ་བའི་ཡུམ་གཅིག་འཆི་མེད་ལྷ། །ཚེ་བྱིན་ཡིད་བཞིན་འཁོར་ལོས་རྟག་ཏུ་སྐྱངས། །རྒྱ་གར་མཁས་གཞུང་མེས་པོའི་ཐོད་ཡངས་ལས། །ལོ་ཆེན་སྐལ་ལྡན་ཤིང་རྟས་དྲངས་པའི་ཀླུང་། །སྐྱུག་མཁས་བློ་གསལ་རྒྱ་མཚོ་དྲང་སྲོང་ཆེའི། །ལེགས་བཤད་གངྒཱ་ཆུ་རྒྱུན་ཟད་པ་མེད། །གང་དེའི་གདམས་པའི་མཛོད་འཛིན་འཁོར་ལོའི་མགོན། །སྐལ་བཟང་གདུལ་བྱའི་བསོད་ནམས་མཆོད་སྡོང་ཆེ། །རྣམ་ཀུན་མཆོག་དང་ལྡན་པའི་རྡོ་རྗེ་འཆང་། །བྱང་ཆུབ་བར་དུ་སྙིང་གི་པད་མཚོར་རོལ། །དེ་ལ་འདིར་རྗེ་བཙུན་(༡༧ན)


GLG010_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་པའི་ཐབས་ཀྱི་རིམ་པ་གངས་ཅན་གྱི་ལྗོངས་སུ་ཇོ་བོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། གཉན་ལོ་ཙཱ་བ་དར་མ་གྲགས། བ་རི་ལོ་ཙཱ་བ་རིན་ཅེན་གྲགས། ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་སྟེ། པཎ་གྲུབ་ཆེན་པོ་བཞིའི་གདམས་པ་སོ་སོ་ལས་འོངས་པའི་ནང་ཚན། བླ་མ་བ་རི་བའི་ལུགས་ཉིད་གཙོ་བོར་བྱས་པའི་རྒྱུན་ཁྱེར་གྱི་རིམ་པ་བརྗོད་པ་ནི། སྔོན་འགྲོ་དངོས་རྗེས་ཀྱི་རིམ་པ་གསུམ་ལས། སྔོན་དུ་འགྲོ་བ། སྐྱབས་སེམས་ཚོགས་གསོག་ཚད་མེད་བསྡོམ་པ་རྣམས་ལས། སྐྱབས་སེམས་ནི་སྤྱི་དང་འདྲ། །ཚོགས་གསོག་པ་ལ། རང་རྗེ་བཙུན་མར་གསལ་བའི་ཐུགས་ཀའི་ཏཱཾ་ཡིག་ལས་འཕྲོས་པའི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་རྗེ་བཙུན་མ་ལ་བླ་མ་འོད་དཔག་མེད་ཀྱིས་དབུ་བརྒྱན་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མ་ཨཱཪྻ་ཏཱ་ར་ས་པ་རི་ཝཱ་རེ་བྷྱཿ སྔགས་མཇུག་ཏུ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། རྒྱུན་བཤགས་དང་ཚད་མེད་པ་བཞི་བསྒོམ་པ་སྤྱི་ལྟར་བྱ། གཉིས་པ་དངོས་གཞི་ནི། སྭ་བྷཱ་ཝས་སྟོང་བར་སྦྱངས། སྟོང་བའི་ངང་ལས་པཾ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཏཱཾ་ཡིག་དཀར་པོ་ལས་འོད་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཞལ་གཅིག་ཕྱག་གཉིས་པ། ལང་ཚོ་བཅུ་དྲུག་ལོན་པའི་རྣམ་པ་ཅན། །ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་། གཡོན་མེ་ཏོག་ཨུཏྤལ་དཀར་པོའི་ཡུ་བ་ནས་འཛིན་པའི་རྩ་བ་གཅིག་ལ་རྩེ་མོ་གསུམ་དུ་གྱེས་པའི་སྙན་གྱི་ཐད་ཀར་མེ་ཏོག་འབྲས་བུ་གང་བུ་གསུམ་གྱིས་དུས་གསུམ་(༡༧བ)


GLG010_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སངས་རྒྱས་མཚོན་པ། དབུ་སྐྲ་རལ་པའི་ཟུར་ཕུད་ལྟག་པར་བཅིངས་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་གསོལ་བ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཞལ་རས་ཀྱི་སྤྱན་གསུམ་དང་ཕྱག་ཞབས་ཀྱི་སྤྱན་བཞི་སྟེ་སྤྱན་བདུན་དང་ལྡན་པ། ཟླ་བའི་རྒྱབ་ཡོལ་ལ་སྐུ་དྲང་པོར་བརྟེན་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཁྱེད་རྣམས་ཀྱི་བདག་ལ་མངོན་པར་དབང་བསྐུར་བསྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མཱ་ཡ་ཤྲཱི་ཧཱུཾ་ཞེས་བུམ་པའི་ཆུས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་བསམ། ཨོཾ་ཨཱཪྻ་ཏཱ་ར་ས་པ་ར་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། འཁོར་བ་ལས་སྒྲོལ་ཏཱ་རེ་མ། ཞེས་སོགས་ཀྱིས་བསྟོད། རང་གི་ཐུགས་ཀར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ལྟེ་བ་མུ་ཁྱུད་ལྔ་སྦྲགས་དང་བཅས་པར་བཟླས་བྱའི་སྔགས་དང་དབྱངས་གསལ་རྟེན་འབྲེལ་སྙིང་པོ་སོགས་ཀྱིས་བསྐོར་བར་གསལ་གདབ། སྤྱི་བོའི་རིགས་བདག་གནས་འགྱུར་བའི་མགོན་པོ་ཚེ་དཔག་མེད་ཀྱི་ཐུགས་ཀའི་ས་བོན་ལས་འཕྲོས་པའི་འོད་ཟེར་གྱི་སྤྲོ་བསྡུ་ལས་བྱུང་བའི་བདུད་རྩིའི་རྒྱུན་དང་། རང་གི་ཐུགས་ཀའི་སྔགས་འཁོར་ལས་བབས་པའི་བདུད་རྩིའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་(༡༨ན)


GLG010_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། སླར་ཡང་རང་གི་སྙིང་གའི་ཏཱཾ་ཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དཀར་སེར་དམར་མཐིང་ལྗང་གུ་མཆེན་ཁའི་ཚོགས་རྣམས་རིམ་པ་བཞིན་དུ་འཕྲོས། འོད་ཟེར་དེ་དག་གི་གུར་ཁྱིམ་བསྐལ་པའི་རླུང་ཙམ་ཡང་མི་ཐར་པའི་རང་བཞིན་ཅན་དུ་གྱུར་པའི་བར་མཚམས་ཐམས་ཅད་མེ་ཏོག་ཨུཏྤལས་ཁེབས་པ། རང་ཉིད་ཀྱི་ཕྱི་རོལ་ཏུ་གདོན་བགེགས་རྣམས་ཀྱིས་གླགས་ལྟ་བར་མི་ནུས་པའི་སྲུང་བའི་འཁོར་ལོ་བཙན་པོ་རྣོ་ངར་དང་ལྡན་ཞིང་མེ་ཕུང་འཁྲུག་པར་གསལ་གདབ། གོང་གི་བདུད་རྩིའི་རྒྱུན་སྤྲོ་བསྡུ་དང་བཅས་པའི་དམིགས་པ་གསལ་བའི་ངང་ནས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུཿཔུཎྱ་ན་པུཥྚིཾ་ཀུ་རུ་སྭཱཧཱ། ཞེས་ཅི་ནུས་སུ་བཟླ། ཐུན་མཚམས་སུ་སྔར་ལྟར་མཆོད་བསྟོད་བྱ། ཡི་གེ་བརྒྱ་ལས་བྱིན་རླབས་བརྟན་ཅིང་ལྷག་ཆད་ཁ་བསྐང་། མཇུག་ཏུ་དགེ་བ་བསྔོ་བ་དང་། བཀྲ་ཤིས་སྨོན་ལམ་སྤྱི་ལྟར་བྱའོ། །དེ་ལྟར་བསམ་པ་ཙམ་གྱིས་དུས་མིན་གྱི། །འཆི་བའི་ཡུལ་ལས་རྣམ་པར་རྒྱལ་བའི་ལྷ། །འདོད་པའི་རེ་སྐོང་དཔག་བསམ་ཡོངས་འདུའི་ལྗོན། །རྗེ་བཙུན་འཕགས་མ་ཡིད་བཞིན་འཁོར་ལོ་ཡི། །སྒྲུབ་ཐབས་རྒྱུན་ཁྱེར་ཉམས་སུ་བླང་བདེ་བ། །ཁོ་བོའི་བློ་གྲོས་རིན་ཆེན་ཡོལ་གོའི་ནང་། །ལེགས་བཤད་བེཌཱུར་དཀར་པོ་ཞུན་མའི་མཚོ། །ཀུན་ཡིད་དགའ་བའི་འཛུམ་རླབས་གཡས་སུ་འཁྱིལ། །དགེ་དེས་རྩོད་པའི་དུས་ཀྱི་གནམ་སྐོས་ལྷ། །འཁོར་བཅས་སྐུ་ཚེ་ཉི་ཟླ་དང་མཉམ་ཞིང་། །འཇིགས་ཆེན་བརྒྱད་སོགས་མི་མཐུན་ཀུན་ཞི་ནས། །བསམས་དོན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་རྗེ་བཙུན་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་རྒྱུན་འཁྱེར་དུ་ཚིག་ཉུང་བ་གཙོ་བོར་བྱས་པ་འདི་ནི། ཚེ་ཁྲིད་ཟླ་བའི་ཆུ་རྒྱུན་གྱི་སྙིང་པོ་བསྡུས་པའི་དགོངས་(༡༨བ)
དོན་ལྟར། གནམ་བསྐོས་སའི་ཚངས་པའི་རྒྱལ་ཁབ་ཏུ་དགེ་ལེགས་སྤེལ་བའི་སླད་དུ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོའི་རིང་ལུགས་འཛིན་པ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་སྨོན་འགྲོ་པཎ་ཆེན་ནོ། །


previousསྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་སྲིད་ཞིའི་གདུང་སེལ།།next