Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དབྱངས་ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཤེས་རབ་སྣང་བ་རྒྱས་བྱེད།
   
   
   
   
   
   


 
previousའཇམ་དབྱངས་ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཤེས་རབ་སྣང་བ་རྒྱས་བྱེད།next

འཇམ་དབྱངས་ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཤེས་རབ་སྣང་བ་རྒྱས་བྱེད།


GLG010_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཤེས་རབ་སྣང་བ་རྒྱས་བྱེད་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷི། མཚམས་སྤྲིན་རྡུལ་མང་བརྩེགས་པའི་ལྷུན་པོ་ལ། །རྟ་བདུན་བྱེ་བའི་འོད་ཀྱིས་ལེགས་འཁྱུད་པའི། །རབ་མཛེས་མཚན་དཔེའི་གར་མཁན་ངག་གི་ལྷ། །འཇམ་མགོན་ཟུར་ཕུད་ལྔ་པས་རྟག་ཏུ་སྐྱོངས། །གང་དེས་དངོས་སུ་བྱིན་བརླབས་ཛེ་ཏཱ་རི། །རྡོ་རྗེ་གདན་པ་ལོ་ཆེན་བ་རིའི་ཞབས། །ས་སྐྱའི་རྗེ་བཙུན་ཁུ་དབོན་ལས་འོངས་པའི། །སྒྲུབ་ཐབས་ངག་འདོན་གསལ་བར་འགོད་བྱེད་ན། །གང་ཞིག་གསུང་རབ་རྒྱ་མཚོར་འཇུག་པ་ལ། །བློ་གྲོས་རྣམ་པར་རྨོངས་པ་ལྕགས་ཀྱི་ཁམས། །རྣམ་དཔྱོད་གསེར་སྦྱངས་བཙོ་མར་བསྒྱུར་ནུས་པའི། །ཤེས་རབ་སྣང་བ་རྒྱས་བྱེད་བཤད་ཀྱིས་ཉོན། །དེ་ལ་འདིར་འཇམ་དབྱངས་ཨ་ར་པ་ཙ་ན་སྒྲུབ་པའི་ཐབས་ཀྱི་རིམ་པ། སྤྱི་བཀའ་སྒྲུབ་ཐབས་བསྡུས་པ་ཆེ་འབྲིང་ཆུང་གསུམ་གྱི་ནང་ན་བཞུགས་པ་དང་། ཟུར་བཀའ་རྒྱལ་བ་བཙོང་ཁ་པ་ལ་འཇམ་དབྱངས་ཀྱིས་དངོས་སུ་གནང་བའི་ཆོས་སྐོར་གྱི་ནང་དུ་བཞུགས་པ་སོགས་རྣམ་གྲངས་མང་དུ་ཡོད་པ་ལས། ད་ལམ་འདིར་བླ་མ་བ་རི་བས་རྗེ་བཙུན་ས་སྐྱ་པར་གནང་བའི་འཇམ་དབྱངས་ཨ་ར་པ་ཙ་ནར་གྲགས་པའི་སྒྲུབ་ཐབས་འབྲི་བར་བྱ་བ་ལ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་གསུམ་ལས། དང་པོ་ལ། གནས་ཁང་ཡིད་དུ་འོང་བར་ཁྲུས་དང་གཙང་སྦྲ་དང་ལྡན་པས། བདེ་བའི་སྟན་ལ་འདུག་ནས། སྐྱབས་སུ་འགྲོ་བ་སྤྱི་འགྲོ་ལྟར་དང་། སེམས་བསྐྱེད་པ་ནི། (༡༩ན)


GLG010_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ནས་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཕྱིར་དུ་འཕགས་པ་འཇམ་དཔལ་གྱི་ལམ་གྱི་རིམ་པ་ཉམས་སུ་བླང་བར་བྱའོ་ཞེས་བརྗོད། ཚོགས་ཞིང་ནི། རང་ཉིད་སྐད་ཅིག་གིས་འཕགས་པ་འཇམ་དཔལ་དུ་གསལ་བའི་ཐུགས་ཀར་པད་ཟླའི་གདན་ལ་དྷཱིཿཡིག་དམར་སེར་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་འཕགས་པ་འཇམ་དཔལ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མཿསརྦ་ཏ་ཐཱ་ག་ཏ་ཨཱཪྻ་མཉྫུ་ཤྲཱི་ས་པ་རི་ཝཱ་རི་བྷྱཿ ཞེས་པས་ཕྱག་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཪྻ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། རྒྱུན་བཤགས་དང་ཚད་མེད་བཞི་བསྒོམ་པ་སྤྱི་ལྟར་བྱ། གཉིས་པ་དངོས་གཞི་ནི། སྭ་བྷཱ་ཝས། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས། རང་གི་སྙིང་སྒོ་ང་ལྟ་བུའི་ནང་དུ་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དྷཱིཿདམར་སེར་གུར་ཀུམ་གྱི་མདོག་ལྟ་བུ། དེ་ལས་འོད་ཟེར་འཕྲོས། རང་གི་ལུས་ཐམས་ཅད་གང་བས་སྡིག་པ་དང་སྒྲིབ་པ་མི་ཤེས་རྨོངས་པའི་མུན་པ་ཐམས་ཅད་བཅོམས། དྲི་མ་མེད་པའི་འོད་ལྟར་གྱུར་པ་ལས། སྐད་ཅིག་གིས་རང་ཉིད་འཕགས་པ་འཇམ་དཔལ་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་མི་ཤེས་རྨོངས་པ་གཅོད་པའི་རལ་གྲི་དང་། གཡོན་པས་ཨུཏྤལའི་ཡུ་བ་ཐུགས་ཀར་བཟུང་ནས་མེ་ཏོག་སྙན་གྱི་ཐད་ཀར་ཁ་ཕྱེ་བའི་སྟེང་ན། ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་(༡༩བ)


GLG010_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཞུགས་པ། རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་དར་སྣ་ཚོགས་ཀྱི་ཤམ་ཐབས་གསོལ་བ། གཞོན་ནུ་བཅུ་དྲུག་ལོན་པའི་ན་ཚོད་ལྟར་མཛེས་པ། ཟླ་བའི་རྒྱབ་ཡོལ་ཅན། རལ་པའི་ཅོད་པན་སྟོད་དུ་བཅིངས་པའི་ལྷག་མ་རྣམས་ཐུར་དུ་འཕྱང་བ་ཟུར་ཕུད་ལྔའི་ཚུལ་གྱིས་གཡོན་དུ་སྤུད་པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། དངས་གསལ་འོད་ཀྱི་རང་བཞིན་ཅན་དུ་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་འཕགས་པ་འཇམ་དཔལ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛ་ས་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་ཀཱུ་ལ་ས་པ་རི་ཝ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་སརྦ་ཏ་ཏཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ་ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གི་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་བུམ་པའི་ཆུས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཪྻ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། གཞོན་ནུའི་སྐུ་ལུས་འཆང་བའོ། །ཡེ་ཤེས་སྒྲོན་མེ་རབ་གསལ་ཞིང་། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། རང་གི་(༢༠ན)


GLG010_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གར་པདྨ་དང་ཟླ་བའི་སྟེང་དུ། དྷཱིཿདམར་སེར་གྱི་མཐར་ཨ་ར་པ་ཙ་ན་དྷཱིཿ ཞེས་པའི་སྔགས་ཀྱི་ཕྲེང་བས་བསྐོར་བ། ལྕེའི་རྩ་བར་དྷཱིཿནག་པོ་གྲེ་ཕུགས་སུ་བསྟན་ནས་ཉལ་ཐབས་སུ་གསལ་བཏབ་པ་ལ་དམིགས་ནས་བཟླས་པ་བྱ་ཞིང་། སྐབས་འགར་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས། རྒྱལ་བ་སྲས་དང་བཅས་པ་མཆོད། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་མི་ཤེས་རྨོངས་པའི་མུན་པ་ཐམས་ཅད་བསལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁས་པ་པཎྜི་ཏ་རྣམས་ཀྱི་འཆད་རྩོད་རྩོམ་གསུམ་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཐམས་ཅད་བསྡུས་ནས་མི་སྐྱོ་བའི་བར་དུ་བཟླ། བཟླས་པའི་རྗེས་སུ་སྔར་ལྟར་མཆོད་བསྟོད་བྱ་ཞིང་ཡི་གེ་བརྒྱ་པས་བྱིན་རླབས་བརྟན་པར་བྱ། ཐུན་མཐར་དབུགས་ཐེངས་གཅིག་ལ་དྷཱིཿབརྒྱ་རྩ་གཅིག་བགྲངས་ཏེ། ལུས་ཐམས་ཅད་དྷཱིར་གྱུར་པར་བསམ། ཐུན་བསྡུ་བ་ནི། རང་ཉིད་ལྷར་གསལ་བ་འོད་དུ་ཞུ་ནས་ཐུགས་ཀའི་སྔགས་འཁོར་ལ་ཐིམ། དེ་ཉིད་ཀྱང་དྷཱིཿ ལ་ཐིམ། དྷཱིཿགུ་གུ་ལ་ཐིམ། གུ་གུལ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་བསམ་ནས་ཅུང་ཟད་མཉམ་པར་བཞག །སླར་ཡང་ཆུ་ལས་ཆུ་ལྦུར་རྡོལ་བའི་ཚུལ་དུ་འཇམ་དབྱངས་ཀྱི་ང་རྒྱལ་དང་མ་བྲལ་བ་བྱེད། མཇུག་ཏུ་དགེ་བ་བསྔོ་ཞིང་སྨོན་ལམ་བཀྲ་ཤིས་སོགས་སྤྱི་ལྟར་བྱའོ། །ཨེ་མ་དཔག་བསམ་ཡོངས་འདུའི་ལྗོན་པ་ལས། །ཕུན་ཚོགས་འདོད་པའི་རེ་བ་སྐོང་བྱེད་ན། །རྒྱལ་ཀུན་ཡབ་གཅིག་འཕགས་མཆོག་འཇམ་པའི་དབྱངས། །བསྟེན་ན་མཆོག་ཐུན་དངོས་གྲུབ་ཅིས་མི་ཐོབ། །དེ་ཕྱིར་གང་དེའི་སྒྲུབ་ཐབས་སྔོན་བྱོན་གྱི། །མཁས་གྲུབ་དམ་པའི་ཕྱག་སྲོལ་མ་ཉམས་པ། །མ་ཚང་ཁ་བསྐངས་གབ་དཀྲུགས་རྣམས་བསྡེབས་ནས། །བཀླགས་པས་དོན་གྲུབ་ཉུང་ངུ་རྣམ་གསལ་འདི། །རིགས་ཀུན་ཁྱབ་(༢༠བ)


GLG010_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དཀྱིལ་འཁོར་འཁོར་ལོའི་མགོན། །ངུར་སྨྲིག་གར་གྱིས་རོལ་བ་བླ་མ་རྗེའི། །རྡོ་རྗེའི་གསུང་གིས་འཚོ་བའི་ལྡུམ་བུ་བ། །ཟ་ཧོར་བནྡེས་བྱང་ཕྱོགས་ཏལ་ཁར་སྦྱར། །དགེ་བ་དེས་ཀྱང་འགྲོ་བ་མ་ལུས་པ། །མི་ཤེས་རྨོངས་པའི་དགྲ་ལས་རྣམ་རྒྱལ་ནས། །ཇི་ལྟ་ཇི་སྙེད་ཆོས་ཀུན་གཟིགས་པ་ཡི། །དཔལ་ལྡན་སྟོབས་བཅུའི་གོ་འཕང་ཐོབ་གྱུར་ཅིག །ཅེས་འཇམ་དབྱངས་ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཤེས་རབ་སྣང་བ་རྒྱས་བྱེད་ཅེས་བྱ་བ་འདི་ཡང་། གནམ་སྐོས་སའི་ཚངས་པ་འཇམ་དབྱངས་གོང་མ་རྒྱལ་པོའི་གསེར་ཡིག་པ་ཤ་ཇི་དྷ་ར་ཁོན་ཆིན་གྱིས་བསྐུལ་བའི་ངོར། ཁྱབ་བདག་རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ་སོགས་ཚད་ཐུབ་ཀྱི་རྡོ་རྗེ་སློབ་དཔོན་དུ་མའི་གསུང་གི་བདུད་རྩིས་འཚོ་བའི་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་བ་ནི་སྨོན་འགྲོ་པཎ་ཆེན་ནོ། ། ན་མ་ཝ་རཱ་སུ་ཁ་ཤུཀླཱ་ཡཿ ཐབས་ཤེས་ཟུང་དུ་འཇུག་པའི་ཆུ་གཏེར་ཆེར། །གཅིག་ལས་དུ་མར་སྣང་བ་ཕྱག་རྒྱའི་གར། །མཚན་བཟང་ཉི་མ་འབུམ་གྱིས་དཔལ་འབར་བའི། །འཁོར་ལོའི་དབང་ཕྱུག་ཧེ་རུ་ཀ་དཔལ་རྒྱལ། །མགོན་དེས་ཐུན་མཚམས་བླ་གོས་ཟོལ་སྦྱོར་གྱི། །ཐུན་མོང་གདུལ་བྱའི་སྣང་ངོར་བཤེས་གཉེན་ཚུལ། །སྟོན་མཛད་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ། །བགྲང་ཡས་དུས་གསུམ་རྒྱལ་བ་ཀུན་གྱི་ཡབ། །ཁྱོད་གསུང་རྡོ་རྗེའི་ཚིགགི་རྔ་བོ་ཆེ། །རྨད་བྱུང་འཆི་མེད་དཔལ་སྟེར་སྙན་པའི་སྒྲ། །སྤེལ་ལེགས་ཚིག་སྦྱོར་དབྱུ་གུས་རབ་བསྐུལ་ན། །མ་ཡེངས་སྒྲ་འཛིན་གླགས་ཏེ་ལེགས་པར་ཉོན། །དེ་ལ་འདིར་རྗེ་བཙུན་འཇམ་པའི་དབྱངས་ཀྱིས། ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོ་ལ་དངོས་སུ་གནང་བའི་འཇམ་དབྱངས་ཀྱི་ཆོས་སྐོར་ཞེས། ཞྭ་སེར་ཅོད་པན་འཛིན་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཟབ་ཆོས་སུ་བྱེད་པའི་ནང་ཚན་དཔལ་འཁོར་ལོ་སྡོམ་པ་(༢༡ན)


GLG010_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོའི་སྒོ་ནས་ཚེ་བསྒྲུབ་པའི་རིམ་པ་ལ། ཐོག་མར་ལུགས་སྲོལ་འདི་ཉིད་ཀྱི་བརྒྱུད་པ་དང་ཕྱག་ལེན་གྱི་རིམ་པ་ཟམ་མ་ཆད་པ་ལས་བྱུང་བའི། སྨིན་བྱེད་ཚེའི་དབང་གི་རིམ་པ་ཐོབ་པ་སྔོན་དུ་བཏང་ནས། ཉམས་སུ་བླང་བའི་ཚུལ་ལ། རང་དོན་དུ་བསྒྲུབ་པ་དང་། གཞན་དོན་དུ་བསྒྲུབ་པའི་རིམ་པ་གཉིས་ལས། དང་པོ་ལ། ཕྱི་ནང་གི་མཆོད་གཏོར་རྣམས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བཤམས། སྐྱབས་འགྲོ་སེམས་བསྐྱེད་ནི། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཐེག་པ་གསུམ་པོ་ཐམས་ཅད་དང་། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་སྐྱབས་སུ་མཆི་བར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེརུ་ཀར་གྱུར་ནས། །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་བགོད་པར་བགྱི། །ཚོགས་བསགས་པ་ནི། རང་སྐད་ཅིག་གིས་བཅོམ་ལྡན་འདས་འཁོར་ལོ་སྡོམ་པར་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ཡབ་ཡུམ་བླ་མ་རིགས་ཀྱི་བདག་པོའི་རྣམ་པར་བཞུགས་པ་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མཿཤྲཱིཿཙཀྲ་སམྦ་ར་སི་ཏ་མཎྜ་ལེ་བྷྱཿ ཞེས་པས་ཕྱག་བྱ། ཨོཾ་ཙ་ཀྲ་སམྦ་ར་སི་ཏ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། རྒྱུན་བཤགས་བཞིར་ཚད་མེད་བཞི་བསྒོམ། ལྷ་བསྐྱེད་པ་ནི། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་(༢༡བ)


GLG010_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཀྱི་ངོ་བོ་ཧཱུཾ་དཀར་པོ་དངུལ་ཆུའི་མདོག་ལྟར་འཚེར་བ་དང་། ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ཞལ་སྦྱོར་གྱི་རྣམ་པ་ཅན་དུ་གྲུབ་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཧཱུཾ་དཀར་པོ་དེ་ཉིད་ཡོངས་སུ་གྱུར་པ་ལས། རང་ཉིད་དཔལ་འཁོར་ལོ་བདེ་མཆོག་སྐུ་མདོག་ཤེལ་དཀར་གྱི་ལྷུན་པོ་ལ་ཉི་མ་ཤར་པ་ལྟར་དཀར་ཞིང་དྲི་མ་མེད་པའི་འོད་ཟེར་ཕྱོགས་བཅུར་འཕྲོ་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ། ཞི་ཞིང་འཛུམ་ལ་རྗེས་སུ་ཆགས་པའི་ཉམས་ཅན། བུང་བ་ལྟར་གནག་པའི་དབུ་སྐྲ་རལ་པའི་ཐོར་ཚུགས་བཅིངས་པའི་རྩེར་ཟླ་ཚེས་དང་མཚོགས་མའི་སྟེང་དུ་སྣ་ཚོགས་རྡོ་རྗེས་བརྒྱན་པ། ཕྱག་གཉིས་ཀྱིས་འཆི་བ་མེད་པའི་བདུད་རྩིས་གང་བའི་བུམ་པ་དམར་པོར་རེ་རེ་བཟུང་ནས་ཡུམ་ལ་འཁྱུད་པ། དར་གྱི་སྟོད་གཡོགས་ལྷབ་ལྷུབ་ཏུ་མཛེས་ཤིང་རུས་པའི་རྒྱན་དྲུག་དང་རིན་པོ་ཆེས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། དེའི་པང་ན་ཡི་གེ་ཧྲཱིཿདམར་པོ་དེ་ཉིད་ཡོངས་སུ་གྱུར་པ་ལས། ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་པདྨ་རཱ་ག་ལྟར་དམར་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་ལང་ཚོ་དར་ལ་བབ་ཅིང་ནུ་མ་དང་བྷ་ག་རྒྱས་པ། དབུ་སྐྲ་སྣུམ་ཞིང་ནག་པ་སིལ་བུར་ཕབ་པ། ཕྱག་གཉིས་ཀྱིས་འཆི་བ་མེད་པའི་བདུད་རྩིས་བཀང་བའི་ཐོད་པ་རེ་རེ་བཟུང་སྟེ་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། ཞབས་གཉིས་པདྨའི་སྐྱིལ་མོ་ཀྲུང་གི་ཚུལ་གྱིས་རྐེད་པ་ནས་འཁྲིལ་པ། པཉྩ་ལི་ཀའི་སྟོད་གཡོགས་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་མཛེས་ཤིང་། ཐལ་བ་སྤངས་པའི་ཕྱག་རྒྱ་ལྔས་བརྒྱན་པ། ཡབ་ཡུམ་གཉིས་ཀའང་འོད་ཀྱི་དཀྱིལ་འཁོར་གྱི་དབུས་སུ་(༢༢ན)


GLG010_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

འགྱིང་བག་སྒེག་པའི་ཉམས་ཀྱིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱིས་གནས་ནས། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་ལ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ། ཡང་འོད་འཕྲོས་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་པཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་འཁོར་བཅས་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་པས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་གསུང་ཞིང་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བས། ལུས་ཐམས་ཅད་གང་དྲི་མ་ཐམས་ཅད་དག །ལྷ་རྣམས་བདེ་བ་ཆེན་པོའི་བདག་ཉིད་དུ་གྱུར་པ་སྤྱི་བོ་ནས་སྐུ་ལ་ཞུགས་པའི་ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། མཆོད་པ་ནི། ཨོཾ་ཙཀྲ་སམྦ་ར་སི་ཏ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུཾ་ཧ་ཧེ་ཧྲཱི༔ ཕྱག་རྒྱ་དང་བཅས་པས་ནང་མཆོད་བྱིན་གྱིས་བརླབས། མཆོད་དོ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྒྱལ་བ་རྡོ་རྗེ་འཆང་། རྗེ་བཙུན་འཇམ་དཔལ་དབྱངས། གྲུབ་ཆེན་དཔའ་བོ་རྡོ་རྗེ། ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོ། རྗེ་ཆོས་བཟང་(༢༢བ)


GLG010_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། པཎ་ཆེན་ཡེ་ཤེས་རྩེ་མོ། །མཁས་གྲུབ་ཆོས་ལྡན་པ། མར་སྟོན་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་རིན་ཆེན། རྡོ་རྗེ་འཆང་སྔགས་རམས་པ་དགེ་འདུན་བཀྲ་ཤིས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། སྤྱན་སྔ་ཆོས་དཔལ་གཞོན་ནུ་བཟང་པོ། །འཇམ་དབྱངས་སྣང་མཛད་རྡོ་རྗེ། རྡོ་རྗེ་འཆང་དཔལ་འབྱོར་འཕྲིན་ལས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཨོཾ་ཨཱཿཧཱུཾ། ཆོས་སྐྱོང་སྲུང་མའི་ཚོགས་དང་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱི་ཞལ་དུ་། ཨོཾ་ཨཱཿཧཱུཾ། ཨོཾ་ཨ་མྲྀ་ཏ་སྭ་ད་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་྅ཧཾ། ཞེས་བདུད་རྩི་མྱང་། བསྟོད་པ་ནི། མཛེས་ཤིང་ལྟ་བས་མི་ངོམས་མཚན་དཔེའི་སྐུ། །རབ་སྙན་དྲུག་ཅུའི་དབྱངས་ཅན་ཚངས་པའི་གསུང་། །མཁྱེན་བརྩེ་ནུས་མངའ་བླ་མེད་ཡེ་ཤེས་ཐུགས། །གསང་གསུམ་དཔལ་ལྡན་བདེ་མཆོག་འཁོར་ལོར་བསྟོད། བཟླས་པ་བྱ་བ་ནི། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བདུད་རྩིས་གང་བའི་བུམ་པ་དམར་པོ། །དེའི་དབུས་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བའི་ནང་དུ། རང་གི་སེམས་ཀྱི་ངོ་བོ་ཧཱུཾ་དཀར་པོ། །དེའི་སྟེང་དུ་བླ་མ་དང་གཉིས་སུ་མེད་པའི་འཁོར་ལོ་སྡོམ་པ་ཡབ་ཡུམ་གཞུང་བཞིན་གསལ་གདབ། ཧཱུཾ་གི་མཐར་མདུན་ནས་བརྩམས་ཏེ། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཚེ་ལ་སྲུངས་ཤིག །ཅེས་པས་གཡས་སྐོར་དུ་བསྐོར་བར་བསྒོམ། སྙིང་གའི་ཡི་དམ་ཡབ་ཡུམ་གྱི་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། འཁོར་འདས་ཀུན་གྱི་ཚེ་བཅུད་བཀྲག་མདངས་མ་ལུས་པ་བསྡུས་ཏེ་ཕྱག་གི་བུམ་པ་དང་ཐོད་པ་གང་། དེ་ལས་བདུད་རྩིའི་རྒྱུན་བབས་ཏེ་ཧཱུཾ་ཡིག་ལ་ཐིམ་པས། ཚེ་ཡར་པ་འཁུགས། ཉམས་པ་སོས། འཆི་མེད་ཀྱི་དངོས་གྲུབ་ཐོབ་(༢༣ན)


GLG010_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམས་ལ་བཟླས་པ་ཅི་ནུས་སུ་བྱ། ཐུན་མཚམས་གཏོར་མ་འཕུལ་བར་འདོད་ན། གཏོར་མ་གོང་གི་ནང་མཆོད་ལྟར་བྱིན་གྱིས་བརླབས། ཕེཾ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། དཔལ་འཁོར་ལོ་བདེ་མཆོག་དཀར་པོ་ཡབ་ཡུམ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཆུ་གཉིས་ཉེར་སྤྱོད་རོལ་མོས་མཆོད། ཡབ་ཡུམ་གྱི་ལྗགས་ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་དཀར་པོ་ནས་འབྲུ་ཙམ་འཁོད་པའི་འོད་ཟེར་གྱི་སྦུ་གུས་དྲངས་ནས་གསོལ་བར་གྱུར་པར་བསམས་ལ་ཨོཾ་བཛྲ་ཨ་ར་ལ་ཧོ། ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནྱ་ས་མ་ཡ་སྟྭཾ་ཏྲྀ་ཤྱ་ཧོཿ ཞེས་ལན་གསུམ་གྱིས་འབུལ། མཆོད་སྔགས་ཀྱི་མཐར་ཨོཾ་ཨཱཿཧཱུཾ་བཏེགས་ལ་ནང་མཆོད་འབུལ། བསྟོད་པ་ནི། ཆུ་སྐྱེས་འདབ་སྟོང་བཞད་པའི་ཟེའུ་འབྲུའི་རྩེར། །རྟ་བདུན་བདག་པོའི་དཀྱིལ་འཁོར་རབ་རྒྱས་སྟེང་། །བདེ་སྟོང་ཟུང་འཇུག་ཉམས་ཀྱི་འཇོ་སྒེག་ཅན། །འཆི་མེད་ཚེ་ཡི་དངོས་གྲུབ་སྟེར་ལ་འདུད། །བརྗོད་དུ་མེད་པ་སྟོང་པ་སེམས་ཀྱི་མཁར། །སྣང་བ་ལྷ་སྐུར་ཤར་བའི་འཇའ་རིས་ཅན། །རང་བཞིན་མེད་ཀྱང་དོན་ཀུན་བསྒྲུབ་ནུས་པའི། །ངོ་མཚར་སྒྱུ་འཕྲུལ་དྲ་བའི་རོལ་གར་མཁན། །ཆུ་ཤེལ་པད་དཀར་དུང་དང་ཟླ་འོད་ཀྱིས། །བསྐྲུན་པར་ནུས་མིན་ལང་ཚོ་དར་བའི་སྐུ། །འདོད་བྲལ་ཤེས་རབ་མ་ལ་རྗེས་ཆགས་པའི། །ཟག་མེད་བདེ་ཆེན་འགྲོ་ལ་ངོམ་པ་བཞིན། །མཉེན་འཇམ་ཕྱག་གིས་བུམ་བཟང་ལེགས་བཏེག་ནས། །འགྲོ་ལ་འཆི་མེད་དངོས་གྲུབ་སྟེར་བ་དང་། །ལྷན་ཅིག་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མར། །མཉམ་སྦྱོར་འཁྱུད་པའི་རྩེ་དགའ་ཁོང་ནས་དགོད། །དབང་སྔོན་ལྟར་མཐིང་དབུ་སྐྲའི་ཐོར་ཚུགས་རྩེར། །འགྲོ་ལ་ལྷག་བསམ་མཚོན་པའི་ཟླ་ཚེས་(༢༣བ)


GLG010_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

དཀར། །འཛུམ་ལྡན་ཞལ་གྱིས་བསུས་པའི་མ་འདྲིས་འགྲོ ། དཀྱུས་རིང་སྨན་གྱིས་རྟག་ཏུ་བརྩེ་བ་བཞིན། །ཨུཏྤལ་ནག་ཀླུང་ལྟ་བུའི་སྨིན་འཁྱོགས་ཤིང་། །ཤང་ཀྱི་གཟེངས་མཐོ་སྙན་ཤལ་རིང་དུ་འཕྱངས། །རབ་དམར་མཆུ་སྒྲོས་འདབ་མ་རྒྱས་པའི་ནང་། །ཚེམས་དཀར་ཟེའུ་འབྲུའི་མུ་ཏིག་འཕྲེང་བ་དགོད། །སྤྲོས་པ་ཀུན་བྲལ་སྟོང་གཟུགས་ཕྱག་རྒྱའི་སྐུ། །སྣ་ཚོགས་རིན་ཆེན་རུས་པའི་རྒྱན་གྱིས་སྤུད། །སྒྲིབ་བྲལ་མཚན་དཔེའི་སྣང་བརྙན་སྟོན་པའི་ཆེད། །ཕྱི་ནང་གསལ་བ་དར་གྱི་ན་བཟས་མཛེས། །ཤེས་རབ་ལྷ་མོར་ཤར་བའི་མཚོན་རྣོན་གྱིས། །དུག་ལྔའི་གཡུལ་ལས་རྒྱལ་ཡང་མ་ཚིམ་པར། །གཉིས་མེད་གཉིས་སུ་སྣང་བའི་ལུས་ཕྲ་མར། །མི་ཕྱེད་མཛའ་བའི་ཕྱག་རྒྱ་དམ་པོར་བཅིངས། །ངེས་པའི་དོན་དུ་ཆོས་སྐུའི་རང་བཞིན་ཅན། །གདུལ་བྱའི་སྣང་ངོར་བཞིན་ལག་སྤྲུལ་སྐུའི་གཟུགས། །འཆི་མེད་ཚེ་ཡི་མཆོག་སྦྱིན་བཅོམ་ལྡན་འདས། །འཁོར་ལོ་སྡོམ་པ་ཡབ་ཡུམ་ལ་ཕྱག་འཚལ། །བསྙེན་ཅིང་མཆོད་བསྟོད་གསོལ་བཏབ་ལྷ་ལམ་ངོས། །ཐུགས་རྗེའི་ཆུ་འཛིན་དཀར་པོ་འཁྲིགས་པ་ལས། བྱིན་རླབས་འཛད་མི་ཤེས་པའི་ཆར་རྒྱུན་གྱིས། །ཚེ་དཔལ་བསོད་ནམས་མྱུ་གུ་སྨིན་པར་མཛོད། །ཚེ་རབས་ཀུན་ཏུ་དལ་བའི་རྟེན་བཟང་ཐོབ། །མཚན་ཉིད་ལྡན་པའི་བཤེས་གཉེན་མགོན་གྱིས་ཟིན། །ཟབ་རྒྱས་དམ་པའི་ཆོས་ལ་ལོངས་སྤྱད་ནས། །འགྲོ་བ་ཀུན་གྱི་མགོན་དུ་འགྱུར་བར་ཤོག །ཅེས་བསྟོད་ཅིང་སྨོན་ལམ་དུ་བྱས་ནས། ཡི་གེ་བརྒྱ་པའི་མཐར། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨཱ་ཡོ་ག་ཤུདྡྷ་྅ཧ། ཞེས་གཏོར་མགྲོན་གྱི་ལྷ་རྣམས་རང་ཉིད་ལ་བསྡུ། ཉེར་བསྡུ་བྱ་བ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། །ཡུམ་ཡབ་(༢༤ན)


GLG010_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐིམ། ཡབ་བུམ་པ་ལ་ཐིམ། བུམ་པ་རྡོ་རྗེ་ལ་ཐིམ། རྡོ་རྗེ་སྔགས་འཕྲེང་ལ་ཐིམ། སྔགས་འཕྲེང་ཧཱུཾ་ཡིག་ལ་ཐིམ། །དེ་ཉིད་ཀྱང་ཞབས་ཀྱུ་ནས་རིམ་བཞིན་ནཱ་དའི་བར་དུ་ཐིམ་ནས། མཐར་སྤྲོས་བྲལ་གི་ངང་དུ་ཅུང་ཟད་མཉམ་པར་བཞག །སླར་ཡང་ལྷའི་སྐུར་ལངས་ཏེ་སྨོན་ལམ་ནི། སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་དཀར་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །སྣ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་པར་ལྡན། །ཧེ་རུ་ཀ་དཔལ་དེ་དང་ལྷན་ཅིག་གར་བྱེད་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། དེས་བརྗོད་གསུང་ཡང་མཆོག་ཏུ་ཚད་མ་སྟེ། །བདེན་པ་དེ་དག་གིས་ནི་ལྷ་མོ་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ནས། །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་འགོད་པར་ཤོག །ཅེས་བཀྲ་ཤིས་དང་སྨོན་ལམ་ཅི་རིགས་པ་བྱའོ། །གཉིས་པ་གཞན་དོན་དུ་སྒྲུབ་ན། པདྨ་འདབ་མ་བརྒྱད་པའི་སྟེང་དུ་བུམ་པ་བཅུད་ལྡན་མདུན་རང་ལ་བསྟན་ཏེ་བཞག །མཆོད་གཏོར་སོགས་གཞུང་བཞིན་བཤམས། ཤཱུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་བྱུང་བའི་བུམ་པ། ལྟོ་བ་ཆེ་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་བ་དཀྲིས་པ། ནང་ཐར་པ་ཆེན་པོའི་གཞལ་ཡས་ཁང་གི་དབུས་སུ། པཾ་ལས་སྣ་ཚོགས་པདྨ་ཞེས་པ་ནས་བཟུང་སྟེ། མཆོད་བསྟོད་ཀྱི་བར་གཞུང་བཞིན་བྱ། དེ་ནས་གཟུངས་རྡོར་གཟུངས་ཐག་རིགས་ལྔའི་རང་བཞིན་དུ་མོས་ཏེ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་གཟུངས་ཐག་ལ་འཁྲིལ་(༢༤བ)


GLG010_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལྷའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། ཡབ་ཡུམ་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས། འབྱུང་བ་སོགས་བརྟེན་པ་སྣོད་ཀྱི་ཡོན་ཏན་རྣམས་དང་། སངས་རྒྱས་བྱང་སེམས། ཉན་རང་། ཚངས་པ། དབང་ཕྱུག །ཁྱབ་འཇུག །འཁོར་ལོས་སྒྱུར་རྒྱལ་སོགས་གཡོ་བ་བཅུད་ཀྱི་གང་ཟག་རྣམས་ཀྱི་ཚེ་དང་བསོད་ནམས་སོགས་མདོར་ན་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་བསྡུས་ཏེ། ལྷ་དང་བུམ་ཆུ་ལ་ཐིམ་པར་མོས་ནས། བཟླས་པ་བྱ་ཞིང་ཐུན་མཚམས་སུ་མཆོད་བསྟོད་བྱེད། དེ་ལྟར་བསྒྲུབས་པས་དངོས་གྲུབ་ཀྱི་ལྟས་བཟང་བ་བྱུང་བ་དང་། ལྷ་ཡབ་ཡུམ་རྗེས་ཆགས་ཀྱི་མེས་འོད་དུ་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་མོས་ནས། བསྒྲུབ་བྱ་ལ་སྟེར་ཞིང་རང་ཉིད་ཀྱིས་ལོངས་སྤྱོད་པ་ཡང་རུང་ངོ་། །སྨྲས་པ། རྒྱལ་ཀུན་ཡབ་གཅིག་ཟུར་ཕུད་ལྔ་པོ་གང་། བཤེས་གཉེན་གཟུགས་ཀྱི་རྣམ་རོལ་བཙོང་ཁ་པའི། །ཐུགས་བཅུད་ཟབ་ལས་ཆེས་ཟབ་བདུད་རྩིའི་རྒྱུན། །བརྒྱུད་ལྡན་བླ་མའི་མཁྱེན་ཡངས་ཡོལ་གོར་གཏམས། །ཚིག་ཉུང་དོན་རྒྱས་རྡོ་རྗེའི་གསང་བའི་གསུང་། །གབ་དཀྲུགས་བསྡེབས་ཤིང་མ་ཚང་ཁ་བསྐང་ནས། །བློ་ལྡན་ཉམས་སུ་ལེན་པ་ཁྱེར་བདེ་བའི། །སྒྲུབ་ཐབས་འདི་ཀོ་སྔོན་མེད་ཡིད་བཞིན་ནོར། །འབྲེལ་མེད་གཞན་གྱི་རྒྱས་བཀབ་འདྲ་ཆོས་དང་། །དཔེ་འཁྱམས་སྣ་ཚོགས་བསྡུས་པའི་འགྲིག་འགྲིག་ཚིག །རྟོག་གེའི་རིགས་པས་བསྒྲུབས་པའི་རང་བཟོ་དག །མ་ཡིན་དམ་པའི་ཕྱག་བཞེས་བཞིན་དུ་བྲིས། །དེ་འདྲ་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །བཤེས་གཉེན་དམ་པར་ཤར་བ་འཁོན་སྟོན་རྗེའི། །ཞབས་རྡུལ་གཙུག་ཏུ་བསྟེན་པའི་དཱ་རི་དྲ། །ཟ་ཧོར་རིགས་ཀྱི་བནྡེས་ཡི་གེར་བཀོད། །(༢༥ན)


GLG010_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བས་གྲངས་མེད་ལུས་ཅན་མ་ལུས་ཀུན། །འཆི་བདག་བདུད་ཀྱི་གཡུལ་ལས་རྣམ་རྒྱལ་ཏེ། །འཆི་མེད་གྲུབ་པ་སྟོབས་བཅུ་མངའ་བ་ཡི། །བླ་ན་མེད་པའི་གོ་འཕང་མཆོག་ཐོབ་ཤོག །ཅེས་དཔལ་མཉམ་མེད་རི་བོ་དགའ་ལྡན་པའི་ཟབ་ཆོས་ཐུན་མོང་མ་ཡིན་པ། འཇམ་དཔལ་དབྱངས་ཀྱི་ཆོས་སྐོར་གྱི་ནང་ཚན་བདེ་མཆོག་དཀར་པོའི་སྒྲུབ་ཐབས་ཆོག་སྒྲིགས་སུ་བཀོད་པ་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་འདི་ནི། ཤར་དྭགས་པོའི་ཡུལ་ནས་རིག་པའི་གནས་དུ་མ་ལ་ཐོས་བསམ་བགྱི་འདོད་ཀྱི་འདུན་པ་མི་དམན་པའི་རྣམ་དཔྱོད་ཅན། ལྕང་ར་སྡེ་པ་མགོན་པོ་ཚེ་དབང་རབ་བརྟན་དང་། ཀོང་ཡུལ་གྱད་ཀྱི་གྲོང་ཁྱེར་ལྗོན་པའི་ནགས་ཚལ་གྱི་འཕྲེང་བ་ཚར་དུ་དངར་བའི་སའི་ཆ་ནས་ཕན་བདེ་སྤྲུལ་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱི་གསུང་གིས་བསྐུལ་བ་དང་དུ་བླངས་ཏེ། ཟ་ཧོར་གྱི་རིགས་ལས་བྱ་བཏང་རྣམ་གཡེང་ཅན་ངག་དབང་བློ་བཟང་རྒྱ་མཚོས་དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་གྲྭར་སྦྱར་བའི་ཡི་གེ་པ་ནི་སྔགས་བན་ངག་དབང་འཕྲིན་ལས་སོ། ། སྲིད་ཞིའི་ཆོས་ཀུན་གདོད་ནས་སྟོང་པའི་གཤིས། །རྟེན་དང་བརྟེན་པའི་འཁོར་ལོར་རྣམ་བཀྲ་བ། །ཟག་མེད་བདེ་ཆེན་མཆོག་ཏུ་རོ་གཅིག་པའི། །དཔལ་ལྡན་ཧེ་རུ་ཀ་དཔལ་ལ་བཏུད་དེ། །མགོན་ཁྱོད་སྒྲུབ་ཐབས་ཚངས་པའི་རལ་ཀླུང་ལས། །ཉུང་ངུ་རྣམ་གསལ་ཡན་ལག་བརྒྱད་ལྡན་ཆུ། །ལྔ་རིགས་ཁྱབ་འཇུག་དགྱེས་བསྐྱེད་ཞབས་བསིལ་དུ། །བསྒྲེང་བའི་སྐལ་ལྡན་ཤིང་རྟ་འདི་ནའོ། །འདིར་དཔལ་འཁོར་ལོ་བདེ་མཆོག་ཡབ་ཡུམ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་ཉམས་སུ་བླང་པ་ལ། འདི་ཉིད་ཀྱི་བྲིས་སྐུ་རབ་གནས་དང་ལྡན་པའི་དྲུང་དུ་(༢༥བ)


GLG010_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ནང་མཆོད་བཤམས། གཏོར་མ་འབུལ་བར་སྤྲོ་ནའང་དེ་ཉིད་ཀྱང་མངོན་པར་འདུ་བྱས་སྟན་བདེ་བ་ལ་འདུག་སྟེ། སྐྱབས་སེམས་ནི། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཐེག་པ་གསུམ་པོ་ཐམས་ཅད་དང་། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་སྐྱབས་སུ་མཆི་བར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ནས། །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་འགོད་པར་བགྱི། །རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། །རང་གི་སྤྱི་བོར་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་སྙེམ་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་དང་དར་གྱི་ན་བཟའ་ཅན། ཐུགས་ཀར་ཟླ་གདན་ལ་ཧཱུཾ་གི་མཐར་ཡི་གེ་བརྒྱ་པའི་སྔགས་ཀྱིས་བསྐོར་བར་མོས་ལ། བཅོམ་ལྡན་འདས་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། སྔགས་འཕྲེང་ས་བོན་དང་བཅས་པ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱི་བདུད་རྩི་བསྡུས་ནས་ཡི་གེ་རྣམས་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཐིམ་པ། རང་གི་ཚངས་བུག་ནས་ཞུགས་ཏེ་སྡིག་སྒྲིབ་ཐམས་ཅད་བཀྲུས་ཤིང་ཕྱིར་ཐོན་ཏེ་དག་པར་བསམས་ལ། ཧེ་རུ་ཀའི་ཡི་གེ་བརྒྱ་པ་ཅི་ནུས་སུ་བརྗོད། བདག་(༢༦ན)


GLG010_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མི་ཤེས་རྨོངས་པ་ཡིས། །ཞེས་སོགས་ཀྱི་མཐར། རྡོ་རྗེ་སེམས་དཔས། དམ་ཚིག་དང་ཉམ་ཆགས་ཐམས་ཅད་ཕྱིར་དག་གོ །ཞེས་གསུངས་ནས་རང་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་པར་བསམ་མོ། །དག་པ་གསུམ་གྱི་རྣལ་འབྱོར་ནི། རང་སྐད་ཅིག་གིས་ཧེ་རུ་ཀར་གསལ་བར་མོས་ནས། ཤྲཱི་ཧེ་རུ་ཀོ྅ཧཾ། ལན་གསུམ་བརྗོད། དབྱངས་གསལ་ཨོཾ་དང་ཧཱུཾ་ཕཊ་ཀྱི་ཐོག་མཐའ་ཅན་ལན་གསུམ་བརྗོད། རང་གི་ལྟེ་བར་དབྱངས་གསལ་ལན་གསུམ་བསྐོར་བ་ལས་ཧེ་རུ་ཀའི་ཚོགས་འཕྲོས། སྣ་བུག་གཡས་ནས་ཐོན་བགེགས་བསྐྲད། སྣ་བུག་གཡོན་ནས་ཞུགས་ཏེ་སྔགས་འཕྲེང་ལ་ཐིམ་པར་གྱུར་བར་བསམ། ཚོགས་ཞིང་ནི། རང་ཧེ་རུ་ཀར་གསལ་བའི་ཐུགས་ཀར་ཧཱུཾ་ལས་འོད་ཟེར་འཕྲོས་པས། བླ་མ་དང་འཁོར་ལོ་སྡོམ་པའི་ལྷ་ཚོགས་མདུན་གྱི་ནམ་མཁའི་གནས་སུ་བཛྲ་ས་མཱ་ཛཿས་སྤྱན་དྲངས། གང་གི་དྲིན་གྱི་བདེ་ཆེན་གནས། །ཞེས་པའི་ཤློ་ཀའི་མཐར། ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེའི་དབང་ཕྱུག་དང་། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་དེ་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པ་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་ལ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཞེས་ཕྱག་བྱ། ཨོཾ་ཙཀྲ་ས་བར། ཨརྒྷཾ་ནས་ཤཔྡའི་བར་དང་། ཨོཾ་ཨཱཿབཛྲ་ཨཱ་དཪྴེ་ཧཱུཾ། ཨོཾ་ཨཱཿབཛྲ་ཝི་ཎི་ཧཱུཾ་ཕཊ། ཨོཾ་ཨཱཿ་བཛྲ་གནྡྷེ་ཧཱུཾ། ཨོཾ་ཨཱཿབཛྲ་རཱ་སེ་ཧཱུཾ། ཨོཾ་ཨཱཿ་བཛྲ་སྤཪྴ་ཧཱུཾ། (༢༦བ)


GLG010_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿབཛྲ་དྷརྨེ་ཧཱུཾ། ཞེས་བརྗོད། དེ་བཞིན་དུ་བདུད་རྩིས་ཀྱང་མཆོད་པར་བསམས་ལ། ཨོཾ་སརྦ་བཛྲ་ཀྵ་མི་ནི་སརྦ་བྷཀྵ་ཤོ་དྷ་ལ་གུ་ཧྱ་བཛྲ་ཎ་སྭཱ་ཧཱ། ཡབ་ཡུམ་སྙོམས་པར་ཞུགས་ཏེ་བདེ་བ་ཆེན་པོ་བསྐྱེད་པས་ལྷ་ཐམས་ཅད་ཀྱིས་ཀྱང་བདེ་བ་ཆེན་པོ་ཉམས་སུ་མྱོང་བར་གྱུར་བར་བསམས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་པ་ནས་བཟུང་སྟེ། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་བར་གྱིས་རྒྱུན་བཤགས་ལན་གསུམ་བྱ་ཞིང་། ཚད་མེད་པ་བཞི་སྤྱི་འགྲོ་ལྟར་བྱ། ཚོགས་ཞིང་རྣམས་རང་གི་སྨིན་མཚམས་སུ་ཐིམ་པར་བསམས་ལ། འཆི་བ་ཆོས་སྐུ་དང་བར་དོ་ལོངས་སྐུའི་ལམ་ཁྱེར་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཱ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བརྟན་གཡོ་ཐམས་ཅད་སྦྱངས་ཏེ་འོད་དུ་གྱུར་བ་རང་ལ་ཐིམ་ཞིང་། རང་ཡང་སྟོད་སྨད་ནས་རིམ་གྱིས་ཐུགས་ཀའི་ཧཱུཾ་ལ་ཐིམ། ཧཱུཾ་གི་ཨཱུ་ནི་ཧའི་ལུས་པ། དེ་མགོ་བོ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ལ། ནཱ་ད་ཡང་འོད་གསལ་དུ་ཐིམ་པར་གྱུར། ཨོཾ་ཤུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས། རང་གི་སེམས་ནཱ་དའི་གཟུགས་གྱེན་དུ་བསྒྲེང་བ་དཀར་ལ་དམར་བའི་མདངས་ཆགས་པར་གྱུར་པར་བསམ། སྲུང་འཁོར་ནི། སུཾ་བྷའི་སྔགས་བརྗོད་ཅིང་། སྔགས་ཚན་དང་པོ་ཤར་དུ་ཁ་དོག་ནག་པོ། །གཉིས་པ་བྱང་དུ་ལྗང་གུ །གསུམ་པ་ནུབ་ཏུ་དམར་པོ། བཞི་པ་ལྷོར་སེར་པོར་གྱུར་པ་ལས་འོད་ཟེར་འཕྲོས་པ་ཡོངས་སུ་གྱུར་ཏེ། སྣ་ཚོགས་རྡོ་རྗེའི་ས་གཞི་དང་། རྡོ་རྗེ་རྩེ་ལྔ་པའི་ར་བ། དྲ་བ། གུར། བླ་བྲེ་དང་བཅས་པའི་སྲུང་འཁོར་དུ་གྱུར། ཨོཾ་མེ་དི་ནཱི་བཛྲ་བྷཱ་ཝ་བཛྲ་བནྡྷ་ཧཱུྃ། (༢༧ན)


GLG010_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་པྲ་ཀ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་པཉྩ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་བེ་ཏཱ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་སཱ་ར་ཛཱ་ལ་ཏྲཾ་མཾ་ཏྲཾ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཧཱུཾ་ཧཱུཾ། སུཾ་བྷ་སྔར་བཞིན་བརྗོད། རྟེན་བརྟེན་པ་གསལ་འདེབས་ཤིང་སྐྱེ་བ་སྤྲུལ་སྐུར་ཁྱེར་བ་ནི། ནང་དུ་ཡཾ་རཾ་ཁཾ་ལཾ་སུཾ་རྣམས་ལས་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། པཾ་ལས་པདྨའི་སྟེང་དུ་དབྱངས་དཀར་པོ་ཕྲག་གཉིས་དང་གསལ་བྱེད་དམར་པོ་ཕྲག་གཉིས་ཞུ་བ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་དཀར་ལ་མེ་ལོང་ལྟ་བུའི་ཡེ་ཤེས་དམར་མདངས་མཉམ་པ་ཉིད་ཀྱི་ཡེ་ཤེས། དེའི་དབུས་སུ་རང་སེམས་ནཱ་དའི་གཟུགས་ཅན་དེ་ཞུགས་པས་ཐིག་ལེ་ནས་ཨཱུའི་བར་རིམ་པར་གྲུབ་པའི་ཧཱུཾ་ཡིག་རྒྱུ་རྡོ་རྗེ་འཛིན་པ་སོ་སོར་རྟོག་པའི་ཡེ་ཤེས། དེ་ལས་འོད་འཕྲོས་འགྲོ་བ་རྣམས་འཁོར་ལོ་སྡོམ་པའི་གོ་འཕང་ལ་བཀོད། དཔའ་བོ་དང་རྣལ་འབྱོར་མ་རྣམས་སྤྱན་དྲངས་སྙོམས་པར་སྦྱར་བས་ཞུ་ནས་ནཱ་དར་ཐིམ་པས་ཧཱུཾ་ལྷན་ཅིག་སྐྱེ་དགའི་རང་བཞིན་ནི་བྱ་བ་གྲུབ་པའི་ཡེ་ཤེས། ཨོཾ་ཨཱཿཧཱུཾ་ཨོཾ་སརྦ་བི་ར་ཡོ་གི་ནཱི་ཀཱ་ལ་ཝཱ་ཀ་ཙི་ཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱཿ་བཛྲ་ཤུདྡྷོ྅ཧཾ། ཟླ་བ་དབྱངས་གསལ་ཧཱུཾ་བཅས་ཡོངས་སུ་གྱུར་པ་ལས་རྟེན་བརྟེན་པའི་དཀྱིལ་འཁོར་གྲུབ་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་སྲུང་འཁོར་གྱི་ནང་དུ་གཞལ་ཡས་ཁང་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། གྲུ་བཞི་སྒོ་བཞི་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རང་ཉིད་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་པ། དཔྲལ་བར་རྡོ་རྗེ་རྩེ་ལྔ་པའི་ཕྲེང་བ་(༢༧བ)


GLG010_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ། ཞབས་གཡས་བརྐྱང་པས་འཇིགས་བྱེད་ནག་པོའི་མགོ་བོ་དང་། གཡོན་བསྐུམ་པས་དུས་མཚན་མ་དམར་མོའི་ནུ་མ་མནོན་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རལ་པའི་ཐོར་ཅོགས་སྣ་ཚོགས་རྡོ་རྗེས་མཚན་ཅིང་། རྡོ་རྗེའི་འཕྲེང་བ་ལ་བརྒྱུས་པའི་ཐོད་སྐམ་ལྔས་དབུ་བརྒྱན་པ། དབུའི་གཡོན་དུ་ཟླ་བ་ཕྱེད་པ་འཕྱང་བ། དྲང་སྲོང་ཁྲོས་པའི་ཉམས་ཅན་གྱི་མཆེ་བ་གཙིགས་ལ། གར་དགུའི་ཉམས་དང་ལྡན་པ། སྟག་ལྤགས་ཀྱི་ཤམ་ཐབས་དང་། རྒྱུ་མ་ལ་བརྒྱུས་པའི་མགོ་འཕྲེང་ལྔ་བཅུ་འཕྱང་བ། ཕྱག་རྒྱ་དྲུག་གིས་བརྒྱན་པའོ། །དེའི་པང་དུ་ཡུམ་རྡོ་རྗེ་ཕག་མོ་དམར་མོ། སྤྱན་གསུམ་པ། གཅེར་མོ་སྐྲ་གྲོལ་བ། གཡོན་ཐོད་ཁྲག་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡས་སྡིགས་མཛུབ་དང་བཅས་པའི་གྲི་གུག་འཕྱར་བ། བྱིན་པ་གཉིས་ཀྱིས་ཡབ་ཀྱི་བརླའི་སྟེང་དུ་འཁྲིལ་བ། མི་མགོ་སྐམ་པོ་ལྔའི་ཐོད་དང་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་སྤྲས་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ། བྱཱ་སེར་པོ་ལས་བྱུང་བའི་ནོར་བུ་དམར་པོ་བྱཱ་སེར་པོས་མཚན་པ། ཡུམ་གྱི་གསང་གནས་ཨཱཿདམར་པོ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་གསུམ་པ་དྱཱ་སེར་པོ་ལས་བྱུང་བའི་བྱང་སེམས་དཀར་པོ་དྱཱ་སེར་པོས་མཚན་པ། ཡབ་ཀྱ་ལྟེ་བར་ཟླ་གདན་ལ་ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཐུགས་ཀར་ཟླ་གདན་ལ། སརྦ་བུདྡྷ་ཌཱ་ཀི་ནཱི་བཛྲ་ཝརྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། མགྲིན་པར་ཉི་གདན་ལ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧུཾ་ཕཊ་ཌཱ་ཀི་ནི་ཛཱ་ལ་སཾ་བྷ་རཾ་སྭཱཧཱ། དཔྲལ་བར་ཉི་གདན་(༢༨ན)


GLG010_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཡུམ་གྱི་ལྟེ་བར་ཉི་གདན་ལ་ཨོཾ་ཤྲཱི་བཛྲ་སོགས། ཐུགས་ཀར་ཉི་གདན་ལ་ཨོཾ་ཧྲཱིཿཧ་སོགས། མགྲིན་པར་ཟླ་གདན་ལ་ཨོཾ་བཻ་རོ་སོགས། དཔྲལ་བར་ཟླ་གདན་ལ་ཨོཾ་སརྦ་བུདྡྷ་སོགས་ཡབ་ཀྱི་སྐབས་ལྟར་གོ་ལྡོག་ནས་བརྗོད། སྔགས་རྣམས་ཀྱང་ཕན་ཚུན་ཞལ་སྦྱོར་དུ་གྱུར། ཨོཾ་ཤྲཱི་མ་ཧཱ་སུ་ཁ་བཛྲ་ཧེ་ཧེ་རུ་རུ་ཀཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་སྙོམས་པར་ཞུགས་པས། ཡས་བབས་མས་བརྟན་གྱི་དགའ་བཞི་རྒྱུད་ལ་སྐྱེས་པའི་བདེ་སྟོང་དབྱེར་མེད་དུ་སྦྱར་བས་ཡང་དག་པའི་ཏིང་འཛིན་དཔལ་ཧེ་རུ་ཀ་ཡབ་ཡུམ་གྱི་ལྷ་སྣང་ལ་རང་བཞིན་མེད་པར་མེ་ལོང་གི་གཟུགས་བརྙན་ལྟར་གྱུར་པར་བསམ། རང་གི་ཐུགས་ཀར་ཟླ་བ་ལ་རྡོར་སེམས་ཀྱི་ངོ་བོ་ཨོཾ་ཧ་དཀར་པོ། །མགོ་བོར་ཉི་མ་ལ་རྣམ་སྣང་གི་ངོ་བོ་ན་མ་ཧི་སེར་པོ། །སྤྱི་གཙུག་ཏུ་ཉི་མ་ལ་པདྨ་གར་དབང་གི་ངོ་བོ་སྭཱ་ཧཱ་ཧུ་དམར་པོ། །ཕྲག་པ་གཉིས་སུ་ཉི་མ་ལ་ཧེ་རུ་ཀའི་ངོ་བོ་བཽ་ཥ་ཊ་ཧ་ནག་པོ། །མིག་གཉིས་སུ་ཉི་མ་ལ་རྡོ་རྗེ་ཉི་མའི་ངོ་བོ་ཧཱུཾ་ཧཱུཾ་ཧོ༔དམར་སེར། དཔྲལ་བར་ཉི་མ་ལ་རྟ་མཆོག་གི་ངོ་བོ་ཕཊ་ཧ་ལྗང་གུ། ཡུམ་གྱི་ལྟེ་བར་ཉི་མ་ལ་རྡོ་རྗེ་ཕག་མོའི་ངོ་བོ་ཨོཾ་བཾ་དམར་མོ། །སྙིང་གར་ཉི་མ་ལ་གཤིན་རྗེ་མའི་ངོ་བོ་ཧཾ་ཡོམ་སྔོན་པོ། །མགྲིན་པར་ཟླ་བ་ལ་རྨོངས་བྱེད་མའི་ངོ་བོ་ཧྲི་མོ་དཀར་པོ། །མགོ་བོར་ཉི་མ་ལ་སྐྱོད་བྱེད་མའི་ངོ་བོ་ཧྲེཾ་ཧྲིཾ་སེར་པོ། སྤྱི་གཙུག་ཏུ་ཉི་མ་ལ་སྐྲག་བྱེད་མའི་ངོ་བོ་ཧཱུཾ་ཧཱུཾ་ལྗང་གུ །དཔྲལ་བར་ཉི་མ་ལ་ཙཎྜི་ཀའི་ངོ་བོ་ཕཊ་ཕཊ་དུད་ཁ་རྣམས་ཀྱིས་མཚན་པར་གྱུར་པར་བསམ་མོ། །ཡེ་ཤེས་པ་སྤྱན་འདྲེན་པ་ནི། ཕཻཾ་རང་གི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་ལས་འོད་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་དབང་གི་ལྷ་དང་བཅས་པ་བཛྲ་ས་མཱ་ཛཿས་(༢༨བ)


GLG010_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་དྲངས། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ་ཞེས་མཆོད་ཡོན་ཕུལ། ཛཿཧཱུཾ་བཾ་ཧོ༔ས་གཉིས་མེད་དུ་བསྟིམ། གནས་གསུམ་ཡི་གེ་གསུམ་གྱིས་མཚན་པར་གྱུར། ཨོཾ་ཡོ་ག་ཤུ་དྡྷཱཿསརྦ་དྷརྨཱཿཡོ་ག་ཤུདྡྷོ྅ཧཾ། ཨོཾ་ཨཱ་ཧཱུཾ་སརྦ་བི་ར་ཡོ་ག་ན་ས་བཛྲ་ཤུདྡྷོ྅ཧཾ། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། སྒོ་མཚམས་མས་བགེགས་བསྐྲད། དཔའ་བོས་ཤིས་པ་བརྗོད། དཔའ་མོས་རྡོ་རྗེའི་གླུ་ལེན། གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་གྱིས་བུམ་པ་ཐོགས་ཏེ་དབང་བསྐུར་བར་གྱུར་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་དབང་བསྐུར་ལུས་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་གནས་པ་ལས། ཡབ་ལ་རྡོར་སེམས་དང་། ཡུམ་ལ་རྣམ་སྣང་གིས་དབུ་བརྒྱན་པར་གྱུར་པར་བསམ་མོ། མཆོད་པ་ནི། ཡིད་ཀྱིས་སྤྲུལ་པའི་མཆོད་ལྷས་ཕུལ་བར་བསམས་ཏེ། ཨོཾ་ཙཀྲ་སམྦ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། པཱ་དྱཾ། ཨཉྩ་མཱ་ནཱཾ། པྲོཀྵ་ཎཱི། བཛྲ་པུཥྤེ་ནས་ཤ་བྡའི་བར་གྱིས་མཆོད། བདུད་རྩི་མྱང་བ་ནི། ཨོཾ་ཨཱཿཧཱུཾ། ཧ་ཧོ་ཧྲི་ཞེས་ཕྱག་རྒྱ་དང་བཅས་བྱིན་གྱིས་བརླབས། རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུཾ་ཕཊ་ཨོཾ་ཨཱཿཧཱུཾ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ་ཨོཾ་ཨཱཿཧཱུཾ། ཆོས་སྐྱོང་སྲུང་མའི་ཚོགས་དང་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཡུལ་ལྷ་གཞ་ིབདག་དང་བཅས་པའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཨོཾ་ཨ་མྲྀ་ཏ་སྭ་ད་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཞེས་བརྗོད་ལྕེ་ཐོག་ཏུ་ཡང་མྱང་ངོ་། (༢༩ན)


GLG010_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པ་ནི། ཨིནྡྲ་ནཱི་ལའི་ལྷུན་པོ་ལ། །བྱུ་རུའི་འཁྲི་ཤིང་གིས་འཁྱུད་པ། །སྔོན་མེད་གར་དགུའི་རོལ་གར་མཁན། །བཅོམ་ལྡན་ཡབ་ཡུམ་ལ་ཕྱག་འཚལ། །ཞེས་པའམ་རྒྱས་པར་སྤྲོ་ན་རྒྱ་སྐད་བོད་སྐད་ཀྱི་བསྟོད་པ་དཀྱུས་ལྟར་རོ། །བཟླས་པ་ནི། བགྲང་འཕྲེང་ལ་ནང་མཆོད་གཏོར། བསངས་སྦྱངས། སྟོང་པའི་ངང་ལས་འཕྲེང་བ་སྐད་ཅིག་གིས་པདྨ་གར་དབང་དུ་གྱུར་པའི་གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་དེ་ལས་འོད་འཕྲོས་ཡེ་ཤེས་པ་ཛཿཧཱུཾ་བཾ་ཧོཿས་བསྟིམ། ཨརྒྷཾ་ནས་ཤཔྟའི་བར་དང་། རང་སྔགས་འབྲུ་གསུམ་བཏགས་པའི་ནང་མཆོད་འབུལ། ཨོཾ་སྭཱ་ཧཱ་ཧཱུཾ་ཧཱུཾ་ཕཊ་ཉེར་གཅིག་བཟླ། དེ་ཉིད་ཞུ་བ་ལས་འཕྲེང་བའི་རྣམ་པར་གྱུར་པར་བསམ། རང་གི་ཐུགས་ཀར་ཉི་གདན་ལ་ས་བོན་གྱི་མཐར་སྔགས་ཀྱིས་བསྐོར་བ་ལས་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲོས། འགྲོ་བའི་དོན་བྱས་ཚུར་འདུས་ཏེ་སྤྲོ་བསྡུའི་ངང་ནས། ཡབ་ཡུམ་གྱི་སྙིང་པོ་དང་ཉེ་སྙིང་བཟླ་ཞིང་ཐུན་འཇོག་ཁར་ཧེ་རུ་ཀའི་ཡི་གེ་བརྒྱ་པ་བཟླའོ། །གཏོར་མ་འབུལ་བར་སྤྲོ་ན་ཆོ་ག་རྒྱལ་བ་རྣམས་ལས་ལྷ་མང་ཉུང་མ་གཏོགས་འཕྲི་བསྣན་དགོས་པ་མེད་ཅིང་རྒྱུན་གྱི་རྣལ་འབྱོར་ལ་མ་བྱས་པས་ཆོག་གོ ཉེར་བསྡུ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། སྲུང་འཁོར་དུར་ཁྲོད་དང་བཅས་པ་གཞལ་ཡས་ཁང་ལ་ཐིམ། དེ་གཙོ་བོ་ཡབ་ཡུམ་ལ་ཐིམ། ཡབ་ཡུམ་གཉིས་ཀྱང་ཐུགས་ཀའི་ཧཱུཾ་ལ་ཐིམ། ཧཱུཾ་ཡིག་ཡོངས་སུ་སུ་གྱུར་པ་ལས་རང་དཔལ་ཧེ་རུ་ཀ་ཡབ་ཡུམ་དུ་གྱུར་པའི་ཐུགས་ཀར་ཟླ་བ་ལ་རྡོར་སེམས་ཀྱི་ངོ་བོ་ཨོཾ་ཧ་དཀར་པོ་ནས། ཙཎྜི་ཀའི་ངོ་བོ་ཕཊ་ཕཊ་དུད་ཀ་རྣམས་ཀྱིས་མཚན་པའི་བར་བརྗོད། སྨོན་ལམ་ནི། སེམས་ཅན་ཀུན་(༢༩བ)


GLG010_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ནས། །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་འགོད་པར་ཤོག །སྨོན་ལམ་ཤིས་བརྗོད་རྒྱས་པར་སྤྲོ་ན་ཡི་གེ་རྙིང་པ་ལས་ཤེས་པར་བྱའོ། །རྣལ་འབྱོར་གསང་མཐའི་ཆུ་གཏེར་ལས་འོངས་པའི་སྒྲུབ་ཐབས་ཚིག་ཉུང་དོན་ཚང་རྟ་ལྗང་ཅན། །རྣམ་གཡེང་མུན་པས་སྒྲིབ་པར་ནུས་མིན་པ། །ཕན་བདེའི་སྣང་བའི་འོད་སྟོང་ཆེས་དཀར་འདི། །འོད་གསལ་འཆི་མེད་གདུང་གིས་མངོན་མཐོ་ཞིང་། །བསོད་ནམས་དཔུང་པས་ས་ཆེན་ལེགས་སྐྱོང་བའི། །ལྷ་རིགས་རྣམ་དཔྱོད་ཡངས་པའི་ངག་གི་དབང་། །དགའ་ལྡན་རབ་ཏུ་བརྟན་དེའི་རྒྱུན་ཁྱེར་དུ། །མདོ་རྒྱུད་གཞུང་དང་ཐ་སྙད་རིག་པའི་གནས། །སྨྲ་བའི་མགྲིན་པ་གཟེངས་སུ་ཉེར་མཐོ་བར། །མཁས་རློམ་གཞན་གྱིས་རྒོལ་བར་ནུས་མིན་པའི། །ངག་དབང་བློ་བཟང་རྒྱ་མཚོས་ཡི་གེར་བཀོད། །ཕ་མཐའ་ལས་འདས་དགེ་བའི་ལྷ་ལམ་ངོས། །དཔའ་བོ་མཁའ་འགྲོའི་ཆུ་འཛིན་འཁྲིགས་པ་ལས། །བྱིན་རླབས་ཆར་གྱིས་འགྲོ་ཀུན་ལུས་ངག་ཡིད། །རབ་བརླན་བདེ་ཆེན་མྱུ་གུ་སྨིན་རྒྱས་ཤོག །ཅེས་བདེ་མཆོག་ལྷན་ཅིག་སྐྱེས་པ་ཡུམ་བཅས་ཀྱི་མངོན་པར་རྟོགས་པ་ཚིག་ཉུང་ངུར་བྱས་པའི་རྒྱུན་ཁྱེར་ཀུན་འདུས་ནོར་བུའི་མགྲིན་རྒྱན་ཞེས་བྱ་བ་འདི་ནི། རུ་བཞིའི་རྒྱལ་ཁམས་ལས་ལྷོ་རྒྱུད་བདེ་བར་སྐྱོང་བའི་ནོར་འཛིན་དབང་པོ་ལྷ་ངག་དབང་དགའ་ལྡན་རབ་བརྟན་གྱི་རྒྱུན་ཁྱེར་ཉམས་ལེན་དུ་ཤིན་ཏུ་བསྡུས་པ་འདི་ལྟ་བུ་ཞིག་དགོས་ཞེས་གསུང་གིས་བསྐུལ་བ་ལ་བརྟེན་ནས། དྲིལ་བུ་ལྷ་ལྔའི་མངོན་པར་རྟོགས་པ་ལས་ཉེ་བར་བཏུས་ཏེ་ཟ་ཧོར་གྱི་བནྡེས་དགའ་ལྡན་ཕོ་བྲང་དུ་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །མི་བཟད་མཐུ་(༣༠ན)


GLG010_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་རྡོ་རྗེ་འབར་བའི་གཟིས། །བགེགས་དཔུང་རྣམ་པར་འཇོམས་ལ་ཆེས་དཔའ་བ། །ལྷ་མཆོག་ཞབས་ཟུང་སྙིང་གི་པད་མཚོ་རུ། །བཀོད་ནས་སྒྲུབ་ཐབས་རྒྱུན་ཁྱེར་ཉུང་ངུར་འདྲི། །རྡོ་རྗེ་རྣམ་པར་འཇོམས་པའི་རྒྱུན་ཁྱེར་གྱི་སྒོམ་བཟླས་བྱ་བ་ལ། སངས་རྒྱས་ཆོས་ཚོགས་མ་ཚར་གསུམ་གྱི་སྐྱབས་འགྲོ་སེམས་བསྐྱེད་བྱ། ཚོགས་ཞིང་ནི། རང་གི་སྙིང་གའི་ནང་དུ་པད་ཉི་གནས་པའི་ཧཱུཾ་ལྗང་སྔོན་ལས་འོད་འཕྲོས། ལུས་གང་། སྡིག་སྒྲིབ་དག འོད་ཟེར་སྣ་བུག་ནས་ཕྱིར་འཕྲོས། རང་བཞིན་གྱི་གནས་ནས་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་བི་དཱ་ར་ཎ་ས་པ་ར་ཝཱ་རེ་བྷྱཿ ཞེས་ཕྱག་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་རཱ་ར་ཎ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་པ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་གི་བར་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་བརྗོད། དངོས་གཞི་ལ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། པཾ་ལས་པདྨ་དང་། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རྡོ་རྗེའི་གུར་ཁང་མེ་དཔུང་དང་བཅས་པའི་ནང་དུ་པཾ་ལས་པདྨ་དང་རཾ་ལས་ཉི་མའི་སྟེང་དུ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་(༣༠བ)


GLG010_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཁྲོ་གཉེར་ཅུང་ཟད་བསྡུས་ཤིང་ཡིད་ཙམ་འཛུམ་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། གོང་ལྟར་སྔགས་ཀྱིས་མཆོད། ཛཿཧཱུཾ་བཾ་ཧོཿས་བསྟིམ། ཡང་འོད་འཕྲོས་རིགས་ལྔ་འཁོར་བཅས་སྤྱན་དྲངས། པཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་དབང་བསྐུར། ལུས་གང་། དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། སྔར་ལྟར་སྔགས་ཀྱིས་མཆོད། གང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས། །རྡོ་རྗེ་རིན་ཆེན་ཀུན་ནས་འབར་བའི་མཐུས། །བདུད་བཞིའི་སྟོབས་རྣམས་རྣམ་པར་འཇོམས་མཛད་པ། །རྡོ་རྗེ་རྣམ་པར་འཇོམས་ལ་ཕྱག་འཚལ་ལོ། །ཞེས་བསྟོད། རང་གི་ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུཾ་གི་མཐར་སྔགས་ཀྱིས་བསྐོར་བ་ལ་དམིགས་ནས། ན་མ་ཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་བཟླས་པ་བྱ། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་པར་གྱུར། ཞེས་བརྗོད། སྔགས་ཀྱིས་མཆོད་ཅིང་བསྟོད། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། ཨོཾ་བཛྲ་སཏྭ་ཧཱུཾ་གིས་ལྷག་ཆད་ཁ་བསྐང་། མ་འབྱོར་(༣༡ན)


GLG010_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་ཉམས་པ་དང་། །གང་ཡང་བདག་བློ་རྨོངས་པས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། དེ་ཀུན་མགོན་པོས་བཟོད་པར་མཛོད། སེ་གོལ་དང་བཅས་ཨོཾ་བཛྲ་མུཿ ཞེས་ཡེ་ཤེས་པ་རང་གནས་སུ་གཤེགས་པར་བསམས་ལ་དགེ་བ་བསྔོའོ། །རྡོ་རྗེ་རྣམ་པར་འཇོམས་པའི་རྒྱུན་ཁྱེར་ཤིན་ཏུ་ཉུང་ངུར་བྱས་པ་ཞིག་དགོས་ཞེས་སྤེལ་ནག་དངོས་གྲུབ་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །ན་མ་སྟཱ་ར་ཧ་རི་ཏཱ་ཡ། མཛེས་སྡུག་ལང་ཚོའི་དཔལ་ལྡན་འཇོ་སྒེག་ཅན། །ཡེ་ཤེས་འོད་སྣང་བཀྲ་བའི་བདེ་སྟོང་སྐུ། །བྱ་གྲུབ་མར་གད་མདོག་ལ་དབང་གཞུའི་མདངས། །བརྗོད་བྲལ་རྒྱལ་བའི་ཡུམ་མཆོག་ལ་བཏུད་ནས། །ཁྱོད་ཉིད་བསྙེན་ཅིང་གསོལ་བ་བཏབ་པ་ལས། །བྱིན་རླབས་འཇུག་བྱེད་སྒྲུབ་ཐབས་ཨ་ཏི་ཤའི། །ལུགས་སྲོལ་འཁྲུལ་བ་མེད་པས་ཉམས་ལེན་དག །བླུན་རྨོངས་རང་བཟོའི་བསྲེ་བསླད་བྲལ་འདིའོ། །རྗེ་བཙུན་སེང་ལྡེང་ནགས་སྒྲོལ་གྱི་སྒྲུབ་ཐབས་ཉམས་ལེན་རྒྱུན་ཁྱེར་བྱ་བར་འདོད་པས། བདེ་བའི་སྟན་ལ་བསམ་གཏན་གྱི་འདུག་སྟང་གིས་འཁོད་དེ་སྐྱབས་འགྲོ་སེམས་བསྐྱེད་སྤྱི་ལྟར་བྱ། རང་སྐད་ཅིག་གིས་རྗེ་བཙུན་མར་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་རྗེ་བཙུན་བཅོམ་ལྡན་འདས་མ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མ་ཨཱཪྻ་ཏཱ་ར་མཎྜ་ལེ་བྷྱཿ ཞེས་ཕྱག་བྱ་གོང་གི་སྔགས་གཤམ་དུ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་སོགས་ཀྱིས་རྒྱུན་བཤགས་བྱ། ཚད་མེད་(༣༡བ)


GLG010_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བསྒོམ། སྭ་བྷཱ་ཝས་སྟོང་པར་སྦྱངས་སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་རྣམ་པར་ཤེས་པའི་ངོ་བོ་ཏཱཾ་ཡིག་ལྗང་གུ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་མ་སྒྲོལ་མ་སྐུ་མདོག་མར་གད་ཀྱི་རི་བོ་ལ་ཉིན་བྱེད་ཀྱི་འོད་ཀྱིས་ཕོག་པ་ལྟ་བུར་ལྗང་ཞིང་། དྲི་མ་མེད་པའི་ཤེལ་ལྟར་དངས་ལ་འོད་ཟེར་འཕྲོ་བ། ཞལ་གཅིག་ཕྱག་གཉིས་པ་ལང་ཚོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་ཨུཏྤལའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་འཛིན་པ་འདབ་མ་སྙན་གྱི་ཐད་ཀར་ཁ་ཕྱེ་བ། དབུ་སྐྲ་མཐོན་མཐིང་རལ་པའི་ཟུར་ཕུད་ཕྱེད་བལྟབ་པར་ཐོར་ཅོག་གི་ཚུལ་དུ་བཅིངས་ཤིང་ཕྱེད་ལན་བུའི་ཚུལ་དུ་གཡོན་ཕྱོགས་ནས་ཐུར་དུ་འཕྱང་བ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་ཤིང་། དར་སྣ་ཚོགས་ཀྱི་སྟོད་གཡོགས་སྲབ་མོས་ནུ་མ་བཀབ་པ། དར་དམར་པོའི་ཤམ་ཐབས་ཅན། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་ཟླ་བའི་རྒྱབ་ཡོལ་ལ་བརྟེན་པ་སྣང་ལ་རང་བཞིན་མེད་པ་འོད་ཀྱི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། འོག་མིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་ཨོཾ་བཛྲ་ས་མཱ་ཛཿས་མདུན་གྱི་ནམ་མཁར་སྤྱན་དྲངས། ན་མ་ཨཱཪྻ་ཏཱ་ར་མཎྜ་ལེ་བྷྱཿཞེས་ཕྱག་བྱ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། མདུན་དུ་བཞུགས་པའི་ཡེ་ཤེས་སེམས་དཔའ་དེ་ཉིད་ཀྱི་ཕྱག་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པའི་འོག་ཏུ་བདག་དང་བསྐྱབ་བྱ་ཐམས་ཅད་ཆུད་པར་མོས་ཏེ་ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་ཅི་ནུས་སུ་འདོན། དེ་ནས་ཛཿཧཱུཾ་བཾ་ཧཱོ་ཞེས་བརྗོད་པས་དམ་ཚིག་(༣༢ན)


GLG010_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ཡེ་ཤེས་པ་ངོ་བོ་དབྱེར་མེད་གཅིག་ཏུ་བསྟིམ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་མཐིང་ཁ་མཚན་པར་མོས་ནས། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏའི་མཐར་མཆོད་པ་ལྔས་མཆོད། དེ་བཞིན་གཤེགས་པ་ཁྱེད་རྣམས་ཀྱིས་བདག་ལ་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་སོགས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་གསུང་ཞིང་བདུད་རྩིའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་བསམ། དེ་ལྟར་བསྟོད་པའི་ནུས་བསྔགས་ཀྱིས་འགྲུབ་པར་བྱེད་པ་ཡིན་པས་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱཾ་ཡིག་གི་མཐར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་པའི་སྔགས་གྱེན་བསྒྲེང་གི་རྣམ་པ་ཅན་གྱིས་གཡས་སྐོར་དུ་འཁོད་པར་བསམས་ལ་ཀོག་དར་ལྟ་བུའི་ཚུལ་གྱིས། བུལ་བ་དང་། མྱུར་བ་དང་། མི་གསལ་བ་སོགས་ཀྱི་སྐྱོན་སྤངས་ནས་བཟླས་ཏེ་ཐུན་འཇོག་ཁར་ཡི་གེ་བརྒྱ་པས་བྱིན་རླབས་བརྟན་པར་བྱ། དེ་ནས་ཡེ་ཤེས་པ་ཕྱུང་ནས་མདུན་དུ་བཞུགས་པ་ལ་མཆོད་བསྟོད་གསོལ་འདེབས་སྔར་ལྟར་བྱས་ཏེ་རང་གནས་སུ་གཤེགས། རང་ཉིད་ལྷར་གསལ་བའི་གདན་པད་ཟླ་ནས་ཡར་འོད་དུ་ཞུ། སྐུའི་སྟོད་ནས་མར་འོད་དུ་ཞུ་ཐུགས་ཀའི་ཟླ་གདན་སྔགས་འཁོར་དང་བཅས་པ་ལ་ཐིམ། དེ་ཉིད་ཏཱཾ་ལ་ཐིམ། དེ་ཡང་ཀླད་ཀོར་ལ་ཐིམ། དེ་ཉིད་ནམ་མཁའ་ལ་འཇའ་ཡལ་བ་(༣༢བ)


GLG010_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གྱུར་ཏེ། སྟོང་པའི་ངང་དུ་ཅུང་ཟད་མཉམ་པར་བཞག །དེ་ལས་སྐད་ཅིག་གིས་ལྷར་གསལ་བའི་སྒོ་ནས། དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་སྨོན་ལམ་ཅི་རིགས་པས་མཚམས་སྦྱར་བར་བྱའོ། །སྨྲས་པ། དྲན་པ་ཙམ་གྱིས་འཇིག་པ་བརྒྱད་སྐྱོབ་ཅིང་། །དངོས་གྲུབ་ཀུན་སྩོལ་བསམ་འཕེལ་དབང་གི་རྒྱལ། །བཅོམ་ལྡན་མ་ནི་བསྙེན་དང་གསོལ་གདབ་པ། །ཚུལ་བཞིན་ཤེས་ན་འདི་ཕྱིའི་ཕན་བདེའི་དཔྱིད། །འོན་ཏེ་མུན་ནག་འདོམ་པར་འཇལ་བ་ཡི། །མི་ཤེས་རྨོངས་པའི་རང་བཟོའི་ཚིག་སྦྱོར་གྱིས། །བླང་དོར་དམིགས་བུ་བྲལ་བའི་སྐྱེ་བོ་རྣམས། །དོན་མེད་ངལ་བའི་འཁོར་ལོ་བསྐོར་དེ་ནོངས། ཁོ་བོས་ཡོངས་འཛིན་དུ་མའི་ཞལ་གྱི་ལུང་། །སྙིང་དབུས་བསྟེན་པས་རྒྱ་བོད་མཁས་གྲུབ་ཀྱི། །ལུགས་སྲོལ་ཇི་བཞིན་ཤེས་པས་འཁྲུལ་མེད་དུ། །ཡི་གེར་བཀོད་འདིས་དཔྱོད་ལྡན་དགའ་བ་བསྐྱེད། །རབ་དཀར་དགེ་བའི་ཆོས་ཀྱི་རྔ་བོ་ཆེ། །སྒོ་གསུམ་འབད་པའི་དབྱུག་གུས་བསྐུལ་བ་ལས། །འགྲོ་རྣམས་ཕན་བདེའི་ས་མོས་རྒྱས་བྱེད་པའི། །སྒྲུབ་ཐབས་ཆུ་ཤེལ་དབང་པོ་དེང་འདིར་ཤར། །མཐའ་དང་ཟད་པའི་ཚད་བྲལ་མཁའ་མཉམ་གྱི། །འགྲོ་རྣམས་སྡུག་བསྔལ་དེ་རྒྱུ་ལས་གྲོལ་བའི། །ཀུན་མཁྱེན་རྒྱ་མཚོར་འཇུག་པའི་ལྷག་བསམ་གཟིངས། །རྗེ་བཙུན་ཐུགས་རྗེའི་རླུང་དང་ཕྲད་གྱུར་ཅིག །རྗེ་བཙུན་སེང་ལྡེང་ནགས་སྒྲོལ་གྱི་སྒྲུབ་ཐབསཀུནྡའི་གཉེན་གྱུར་ཞེས་པ་འདི་ནི། ཨེར་ཏེ་ན་ད་ལས་བཱ་དུར་དང་ཚེ་དབང་བསྟན་འཛིན་གཉིས་ཀྱིས་བསྐུལ་བ་ལྟར། འདི་ཉིད་ལ་ལུགས་སྲོལ་མི་འདྲ་བ་མང་དུ་ཡོད་པའི་ནང་ནས། མཉམ་མེད་(༣༣ན)
ཇོ་བོ་ཆེན་པོ་ལས་བརྒྱུད་པ་དཔལ་སྣར་ཐང་པའི་བཀའ་སྲོལ་བཞིན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་སྔགས་བན་ངག་དབང་འཕྲིན་ལས་སོ།། །།


previousའཇམ་དབྱངས་ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཤེས་རབ་སྣང་བ་རྒྱས་བྱེད།next