Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མ་ཎི་རིལ་བསྒྲུབ་ཉུང་ངུ་རྣམ་གསལ།
   
   
   
   


 
previousམ་ཎི་རིལ་བསྒྲུབ་ཉུང་ངུ་རྣམ་གསལ།next

མ་ཎི་རིལ་བསྒྲུབ་ཉུང་ངུ་རྣམ་གསལ།


GLG010_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཎི་རིལ་བསྒྲུབ་ཉུང་ངུ་རྣམ་གསལ་བཞུགས་སོ། །ན་མོ་ལོ་ཀེ་ཤྭ་རཱ་ཡ། དང་པོའི་སེམས་་ཀྱི་ཟླ་ཤེལ་གཙང་མའི་ངོས། །འཇིག་རྟེན་དབང་ཕྱུག་སྣང་བརྙན་རི་དྭགས་གཟུགས། །ལེགས་ཤར་ནོར་བུ་པདྨའི་མཚན་ཟེར་གྱིས། །སྡུག་བསྔལ་སྨག་རུམ་མཐར་བྱེད་ལྷ་གཅིག་སྔགས། །གང་གི་ཐུགས་རྗེ་བསྐུལ་བར་བགྱིད་པའི་སྒྲ། །ཡི་གེ་དྲུག་པའི་གདངས་སུ་ཤར་བའི་མིང་། །གངས་ཅན་ཕན་བདེའི་རྣ་ལུང་མཛེས་པའི་རྒྱན། །བྱིན་རླབས་རིན་ཆེན་ཕྲ་ཚོམས་ཅི་ཡང་སྤུད། །དེ་ཕྱིར་རིལ་བུ་སྣང་སྟོང་ལྷ་ཡི་སྐུར། །བཟླས་བརྗོད་དུང་ཕྱུང་གྲངས་ཀྱི་ནུས་བསྐྱེད་ནས། །འགྲོ་རྣམས་མྱོང་བས་གྲོལ་བར་བྱེད་པའི་ཐབས། །ཉུང་ངུ་རྣམ་གསལ་གཞན་ངོ་བསྲུང་ཕྱིར་སྤེལ། །དེའང་ལྷ་བཙུན་བྱང་ཆུབ་འོད་ཀྱིས་མཉམ་མེད་ཇོ་བོ་ཆེན་པོ་ལ་བདག་ཆོས་གསང་བ་འདུས་པ་དང་ལྷ་ཐུགས་རྗེ་ཆེན་པོ་ལ་མོས་པས་དེའི་སྒྲུབ་ཐབས་ཤིག་དགོས་ཞེས་ཞུས་པས་བརྟེན་གསང་འདུས་འཇིག་རྟེན་དབང་ཕྱུག་གནང་བའི་དབང་རྒྱུན་དིང་སང་རྩོད་མེད་ཡོངས་གྲགས་སུ་བཞུགས། བྱ་རྒྱུད་བནྡེའི་རིགས་ཀྱི་བྱང་ཆུབ་སེམས་དཔའི་སྐོར་ལ་སྤྱན་རས་གཟིགས་ཀྱི་ལྷ་ཚོགས་ཤས་ཆེ་ཞིང་དེ་དག་ལས་འཕྲོས་ཏེ་སྤྱིའི་བཀའ་ཨབྷ་ཡ་ལུགས་ཀྱི་སྒྲུབ་ཐབས་རྒྱ་མཚོ། པ་ཚབ་བརྒྱ་ཚ། བ་རི་བས་བསྒྱུར་བའི་སྒྲུབ་ཐབས་ཀུན་ལས་བཏུས་པ་ནས་བཤད་པའི་སྤྱན་རས་གཟིགས་ཀྱི་སྐོར་དང་། དཔལ་མོ། ཟླ་རྒྱལ། སྐྱེར་སྒང་ལུགས་སོགས་ཟུར་བཀའི་སྒྲུབ་ཐབས་རྣམས་དང་། སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་ཞུས་དག་མཛད་པའི་གསར་མ་རྒྱུད་འབུམ་གྱི་ནང་ནས་ཀྱང་མ་ནི་རིལ་སྒྲུབ་ཀྱི་ཁུངས་གསལ་བར་མ་རྙེད་ཅིང་མཁས་པ་མང་པོར་དྲི་མལ་གྱིས་གཏན་ལ་ཕབ་ཀྱང་གསལ་བར་མ་བྱུང་། སྔགས་རྙིང་མའི་(༦༢ན)


GLG010_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སུ་གཏེར་ཁ་གོང་འོག་གིས་ཐོག་དྲངས་པའི་ཐུགས་རྗེ་ཆེན་པོའི་སྒྲུབ་འཕྲིན་ལ་བརྟེན་ཏེ་སྐྱེ་བདུན་གྱི་སྐོར་ཤིན་ཏུ་རྒྱས་ནའང་དེ་རིས་གསར་མ་བ་ལ་འཇུག་ཆུང་ཞིང་ཁྱད་པར་མཚན་ཉིད་ཀྱི་གྲ་སར་གསར་རྙིང་ལ་མ་བལྟོས་པའི་སྔགས་ཕྱོགས་ཀྱི་སྤྲོས་པ་ཆེས་ན་བཀའ་པོད་ཀྱི་བཤད་ཉན་རྣམས་འཇའ་ལུས་འགྲུབ་ཏུ་ཉེ་བའི་དགག་བྱ་ཆེ་ཞིང་དགོས་པ་ཆུང་བར་མ་ཟད་རྙིང་མ་ལ་ཁུངས་བཅོལ་ནས་བྲོས་པས་མ་འགབ་ཅིང་གསར་མ་ནས་ཁུངས་མ་རྙེད་པས་རང་བཟོའི་བརྩམས་ཆོས་འདི་འདྲ་རྣམ་པ་གཅིག་ཏུ་བླ་ཆེན་སྤྱིའི་མཛད་པ་ཡིན་པས་སྐྱོན་དུ་མི་འགྱུར་ཤས་ཆེའང་ཆོས་ལ་དབང་ཟ་བ་རང་ཉིད་ཆོས་ཀྱིས་ཕོངས་པའི་རྒྱུ་དང་བག་ཚ་བ་ཅུང་ཟད་དང་ལྡན་པས་བྱེད་པར་མི་སྤྲོ་ནའང་དཔལ་ལྡན་མངའ་རིས་གྲྭ་ཚང་གི་སློབ་དཔོན་པས་ནན་གྱིས་བསྐུལ་བ་ངོ་མ་ཆོགས་པར་འདྲི་བ་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གདུང་ཤ་རཱི་རཾ་གྱིས་ཐོག་དྲངས་འཕགས་པ་གསུམ་གྱི་རིང་བསྲེལ། གྲུབ་ཐོབ་བརྒྱད་ཅུ་དང་རྒྱན་དྲུག་མཆོག་གཉིས་སོགས་རྒྱ་གར་གྱི་པཎ་གྲུབ་དང་ཆོས་རྒྱལ་མེས་དབོན། བསྟན་པ་སྔ་དར་དང་ཕྱི་དར་གྱི་དུས་སུ་བྱོན་པའི་ལོ་པཎ་སོགས་སྐྱེས་ཆེན་དམ་པ་མཚན་ཉིད་དང་ལྡན་པ་རྣམས་ཀྱི་སྐུ་གདུང་། སྐུ་བལ་རིང་བསྲེལ་གྱིས་མཚོན་པའི་དམ་རྫས་གང་ཆགས་ཟན་ནམ་ཅོང་ཞི་ལྟ་བུར་སྦྱར་བའི་རིལ་བུ་བུམ་པ་གྲངས་ཇི་ཙམ་བྱེད་པའི་ནང་དུ་བླུག །སྟེགས་ཀྱི་སྟེང་དུ་བུམ་པ་རྣམས་བཀོད། དེའི་མཐར་ཅི་འབྱོར་བའི་མཆོད་པ་བཤམ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་། བདག་དང་སྣང་བ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་བྱ། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་བྱ། (༦༢བ)


GLG010_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་བྱའོ། །ཞེས་ཚད་མེད་བཞི་བསྒོམ། གནས་སོགས་བྱིན་གྱིས་བརླབ་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལག་མཐིལ་སྟར་མཉམ་པ། ཐ་གྲུ་ཆེ་བ། ཡངས་པ། རེག་ན་འཇམ་ཞིང་བདེ་བ་དྲི་མ་མེད་ཅིང་འོད་གསལ་བ། ཙན་དན་སྦྲུལ་གྱི་སྙིང་པོའི་དྲི་བསུང་ངད་དང་ལྡན་པའི་ལྷའི་མེ་ཏོག་སྣ་ཚོགས་ཀྱི་གཅལ་བཀྲམ་པ། །མཐའ་རིན་པོ་ཆེའི་ཕ་གུས་བརྩེགས་པ། གསེར་དང་དངུལ་དང་མུ་ཏིག་གི་ཕྱེ་མ་གྲམ་བུར་བརྡལ་བ། ཨུཏྤལ་དང་ཀུ་མུ་ད་དང་པདྨ་འགྱིང་ཞིང་ལྡེམ་པས་ཁེབས་པར་གྱུར་ཅིང་ཆུ་བྱ་སྣ་ཚོགས་སྐད་སྙན་པར་སྒྲོག་པ། དགའ་ཞིང་འཕྱོ་ལ་ལྡིང་བས་བརྒྱན་པའི་ཡན་ལག་བརྒྱད་དང་ལྡན་པའི་མཚོ་དང་རྫིང་དང་ལྟེང་ཀ་དག་གིས་མཛེས་པར་བྱས་པ། རིན་པོ་ཆེ་དཔག་བསམ་གྱི་ཤིང་ལྗོན་པ་ལྷའི་ནོར་བུ་དང་མུ་ཏིག་གི་རྒྱན་འཕྲེང་དང་རིན་པོ་ཆེ་དཔྱངས་པ། མེ་ཏོག་གི་མགོ་ལྕོགས་དང་འབྲས་བུ་མཛེས་པར་ཆགས་པས་གཡུར་ཟ་ཞིང་ལྡེམ་པ། གསེར་གྱི་དྲིལ་བུ་གཡེར་ཁ་འཁྲོལ་བ་ལས་དམ་པའི་ཆོས་ཀྱི་སྒྲ་འབྱུང་བ་དང་ལྡན་པ་ཚར་དུ་བསྒྲེངས་བས་ལེགས་པར་བརྒྱན་པའི་ས་གཞིའི་དབུས་སུ་རིན་པོ་ཆེའི་བུམ་པ་ལྟོ་བ་ལྡིར་ཞིང་ཞབས་ཞུམ་པ། ཁ་གཡེལ་བ། མཆུ་འཕྱང་བ། མགྲིན་པ་ཕྲ་བ། ལྷའི་གོས་ཀྱིས་མགུལ་པ་བརྒྱན་པ། མཚན་ཉིད་ཐམས་ཅད་དང་ལྡན་ཞིང་ནང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཡེ་ཤེས་རང་འོད་འབར་བའི་གཞལ་ཡས་ཁང་གི་ལྟེ་བར་རིལ་བུ་རྣམས་འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་ལྷ་ཚོགས་གངྒཱའི་(༦༣ན)


GLG010_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུང་གི་བྱེ་མ་སྙེད་ཀྱི་རྡུལ་དང་མཉམ་པར་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མངའ་ཐང་དང་འཚམ་པར་གྲུབ་པ་མཛེས་པ་ཤ་སྟག་འབྱུང་བར་གྱུར་ཅིག །ཕྱི་ནང་ཀུན་ཏུ་ཡང་ཆོ་རིགས་དང་འཚམ་པར་ཡང་ལྷ་དང་མིའི་ཡོ་བྱད་དམ་པ་ཞལ་ཟས་དང་ན་བཟའ་དང་རྒྱན་དང་རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་ཕུང་པོ་གསུམ་པའི་མདོ་དང་བཟང་པོ་སྤྱོད་པའི་སྨོན་ལམ་ལས་འབྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་གང་ཞིང་རྒྱན་ཀླུབས་པ་དང་ལྡན་པར་གྱུར་ཅིག །ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པས་ཀྱང་དེ་བཞིན་དུ་བྱིན་གྱིས་བརླབས་ཤིང་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག །ཅེས་ལན་གསུམ་བརྗོད། དཀོན་མཆོག་གསུམ་གྱི་བདེན་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་དང་ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་དེ་བཞིན་དུ་གྱུར་ཅིག །ཅེས་ལན་གསུམ་བརྗོད། ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བཻ་ཌཱུཪྻའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །བདེ་ལྡན་འཇིག་རྟེན་བཀོད་པ་ལྟར། །རིན་ཆེན་ས་གཞི་མེ་ཏོག་གཅལ། །ལྗོན་ཤིང་ཆུ་མཚོ་མ་ཚང་མེད། །ཆོས་སྒྲ་རྒྱ་ཆེན་ལྡན་པར་ཤོག །འཇིག་རྟེན་འདས་པའི་དགེ་ལས་བྱུང་། །རིན་ཆེན་བདུན་ལས་གྲུབ་པ་ལ། །ཚད་མེད་འོད་ཟེར་འགྱེད་པའི་གནས། །རྒྱལ་བ་སྲས་བཅས་བཞུགས་གྱུར་ཅིག །རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འོང་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །རྒྱལ་བ་སྲས་བཅས་རྣམས་ལ་ཕུལ་བ་ཡིས། །འགྲོ་ཀུན་རྡོ་རྗེའི་གདན་ལ་བཞུགས་གྱུར་ཅིག །ལྷ་དང་མི་ཡི་མཆོད་པའི་རྫས། །དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ། །ཀུན་བཟང་མཆོད་སྤྲིན་བླ་(༦༣བ)


GLG010_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ན་མེད། །ནམ་མཁའི་ཁམས་ཀུན་ཁྱབ་གྱུར་ཅིག །ཐོག་མ་མེད་པའི་བསྐལ་པ་ནས་གྲངས་མེད་པའི་སེམས་ཅན་རྣམས་འདྲེན་པའི་ཐུགས་བསྐྱེད་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱིས་ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་སྐྱོབ་པའི་སླད་དུ་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཞིང་མཆིས་ན་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅི་གནང་། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། ཞེས་པ་ནས་མཎྜལ་གྱི་མཐའ་རྟེན་ཚིགས་བཅད་དང་བཅས་པའི་བར་ཆོས་སྤྱོད་རབ་གསལ་ཇི་ལྟ་བ་ལ་བཙོ་མ་གསེར་གྱི་མདོག་འདྲ་བ་ཞེས་པ། སྟོན་མཚན་ཟླ་བའི་མདོག་འདྲ་བ། །ཞེས་དང་། ཤཱཀྱའི་རྒྱལ་པོའི་དབུ་ལ། ཞེས་པ་ཐུགས་རྗེ་ཆེན་པོའི་དབུ་ལ་ཞེས་སོགས་ཚིག་ཟུར་བསྒྱུར། བསྡུས་པ་འདོད་ན་བཟང་སྤྱོད་ལས་བྱུང་བའི་ཡན་ལག་བདུན་པ་བྱ། །དཔལ་ལྡན་ཟླ་བ་གྲགས་པས་ཐུགས་རྗེ་ཆེན་པོ་ལ་བསྟོད་པ་བྱིན་རླབས་ཤིན་ཏུ་ཆེ་བ་ནི། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ། །རྣམ་དག་འོད་གསལ་ཟླ་བའི་དཀྱིལ་ན་མཛེས། །ཇི་ལྟར་མཁའ་ལ་ཉི་འོད་སྟོང་འབར་བཞིན། །དཔའ་བོ་འོད་ཟེར་སྟོང་འབར་ལྷམ་མེ་བ། །སྲིད་པ་གསུམ་གྱི་ས་མཁན་སྟོན་པར་གྲགས། ཁམས་གསུམ་འགྲོ་བ་ཀུན་གི་གཉེན་གཅིག་པུ། །བྱམས་མགོན་ཐུགས་རྗེའི་ལྷ་ཁྱེད་བདག་ལ་དགོངས། །བདག་ནི་ཐོག་མཐའ་མེད་པའི་དུས་མཐའ་ནས། །ལམ་ལོག་ལམ་སྟོར་སྲིད་པའི་འཁོར་བར་འཁྱམས། །སྔོན་ཚེ་ལམ་ལོག་སྡིག་པ་སྤྱད་པས་ནོངས། །སྡིག་པའི་ལས་རྣམས་ཅི་བྱས་རབ་གནོང་འགྱོད། །དར་ཞིང་དྲགས་པའི་ལས་དེ་དབང་བཙན་ནས། །(༦༤ན)


GLG010_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་སྡུག་བསྔལ་རྒྱ་མཚོར་བྱིང་གྱུར་ཏེ། །ཞེ་སྡང་འབར་བའི་མེས་ནི་བདག་རྒྱུད་བསྲེགས། །གཏི་མུག་མུན་པའི་ཚོགས་ཀྱིས་ཤེས་རབ་རྨོངས། །འདོད་ཆགས་རྒྱ་མཚོའི་ནང་དུ་རྣམ་ཤེས་བྱིང་། །ང་རྒྱལ་ཆེན་པོའི་རི་བོས་ངན་འགྲོར་མནན། །ཕྲག་དོག་རླུང་དམར་འཚུབས་པས་འཁོར་བར་གཡེངས། །བདག་ཏུ་ལྟ་བའི་མདུད་པ་དམ་པོས་བཅིངས། །འདོད་པ་མེ་མདག་འདོར་འདྲའི་འོབས་སུ་ལྷུངས། །སྡུག་བསྔལ་དྲག་པོའི་འདམ་རྫབ་ཆར་ལྟར་བབས། །མེ་ཁམས་ཉི་མའི་དུགས་ནི་སྟེང་ནས་ཚ། །ཆུ་ཁམས་ས་ཡི་བརླན་ནི་འོག་ནས་གྲང་། །ཕྱི་ཡི་བསེར་བུའི་ངད་ནི་ཐད་ཀར་ཚ། །ཀུན་ནས་འཁྲུགས་པའི་རླུང་ནི་ཁོང་ནས་ལྡང་། །དེ་ལྟར་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་ཡང་། །སྡོམ་པའི་ཡི་དམ་གཞིག་ཏུ་ག་ལ་རུང་། །སྡུག་བསྔལ་ཀུན་དང་བསྡོས་ནས་སྡོམ་བསྲུང་ཞིང་། །མོས་པའི་དད་པས་འཕགས་མཆོག་མི་གཏོང་ན། །འཕགས་མགོན་འགྲོ་དོན་མི་མཛད་ཅི་ལ་དགོངས། །བྱམས་མགོན་ཅི་སླད་བདག་ལ་ཐུགས་མི་བརྩེ། །བདག་འདྲ་བླུན་རྨོངས་ལས་ངན་སྡིག་པོ་ཆེ། །ལས་ཀྱི་དབང་གིས་སྙིགས་མའི་དུས་འདིར་སྐྱེས། །སྐྱེས་པས་འགྱོད་དེ་ལས་ལ་ཡི་རེ་ཆད། །ཡི་ཆད་འགྱོད་ཀྱང་ལས་དབང་བཅོས་སུ་མེད། །ལས་ཀྱི་ཤུགས་ནི་ཆུ་བོའི་རྒྱུན་དང་འདྲ། །ལས་དབང་ཆུ་ཀླུང་ལྡོག་པར་རབ་ཏུ་དཀའ། །དཀའ་ལ་ཞུགས་པས་བཀའ་བཞིན་རྔོ་མ་ཐོགས། །ལུས་ངག་ཡིད་གསུམ་སྡིག་པའི་དབང་དུ་གྱུར། །སྡིག་པའི་ལས་དབང་དྲག་པོ་མེ་འབར་བས། །རྣམ་ཤེས་དབང་པོའི་མྱུ་གུ་གདུངས་གྱུར་ཏེ། །ཕུང་པོ་སྒྱུ་མའི་ལུས་འདིས་མི་བཟོད་ན། །བྱམས་མགོན་ཐུགས་རྗེ་ཅན་གྱིས་བཟོད་ལགས་སམ། །ཉི་ལྟར་འོད་གསལ་ཟླ་ལྟར་མདངས་གསལ་བའི། །ཐུགས་རྗེའི་ཞལ་ཉིད་མཐོང་བར་འཚལ་ལགས་ན། །(༦༤བ)


GLG010_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་མ་མེད་ནས་མ་རིག་ལིང་ཏོག་གིས། །ལྡོངས་པའི་ཆུ་བུར་མིག་གིས་མ་མཐོང་ན། །འགྲོ་བའི་མགོན་ཁྱེད་ད་ལྟ་ག་ན་བཞུགས། །སྡུག་བསྔལ་དྲག་པོ་ཤིན་ཏུ་མི་བཟད་པས། །ཤིན་ཏུ་སྐྲག་ཅིང་སྐྱི་གཡའ་རབ་འཇིགས་ན། །དུང་དུང་གདུང་བའི་སྨྲེ་སྔགས་འདི་འདོན་ཞིང་། །ཉམ་ཐག་ཕོངས་པའི་ང་རོས་འོ་དོད་འབོད། །བྱམས་མགོན་ཐུགས་རྗེ་ཅན་གྱིས་གསན་ལགས་སམ། །ནམ་ཞིག་འཆི་འཕོ་ལུས་བརྗེས་གྱུར་པའི་ཚེ། །གཉེན་བཤེས་གྲོགས་དང་ཕྲལ་ཏེ་གཤིན་རྗེས་ཁྲིད། །དེ་ཚེ་འཇིག་རྟེན་ཉེ་དུས་མི་སྟོངས་ཏེ། །ལས་ཀྱི་དབང་གིས་བདག་འདྲ་གཅིག་པུར་ཁྲིད། །དུས་དེར་བདག་ལ་མགོན་སྐྱབས་མ་མཆིས་ན། །བྱམས་མགོན་ཁྱེད་ཀྱིས་འཁོར་བར་བདག་གཏོང་ངམ། །ལས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་བ། །ཐོག་མ་མེད་པའི་དུས་ནས་ལོག་བརྟགས་པས། ཁམས་གསུམ་འཁོར་བའི་གནས་ལས་མ་ཐར་ཏེ། །བསྐལ་བ་དཔག་མེད་སྐྱེ་བ་ཇི་སྙེད་དུ། །སྔོན་ཆད་ལུས་བླངས་གྲངས་མེད་ཞིག་གྱུར་ཏེ། །ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ། །རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འགྲོ་བསགས་ན་བསམ་འདས་བརྗོད་མི་ལང་། །ཁམས་གསུམ་བགྲང་ཞིང་སྐྱེ་བ་བདུན་བརྒྱུད་ཀྱང་། །བྱས་པའི་ལས་རྣམས་དོན་མེད་ཆུས་ཟོས་ཏེ། །སྐྱེ་བ་གྲངས་མེད་ཇི་སྙེད་དེ་ཙམ་ལས། །སྐྱེ་བ་གཅིག་གཅིག་ཁོ་ན་ཙམ་གྱི་ལས། །བླ་མེད་དོན་དུ་རབ་སྤྱད་ཇི་ཙམ་ན། །དེ་ཙམ་བྱས་པའི་ལས་ལ་དོན་རེ་ཡོད། །ལས་ནི་དབང་བཙན་ཉོན་མོངས་སྟོབས་ཆེ་བས། །ཤ་ཁྲག་འདྲ་བའི་ལུས་བླངས་འཁོར་བར་འཁྱམས། །སྡུག་བསྔལ་དྲག་པོས་སྲིད་པའི་བརྩོན་རར་ཚུད། །མི་བཟད་སྡུག་བསྔལ་དྲག་པོ་འདི་འདྲ་ན། །ཉེས་བྱས་ཐམས་ཅད་རང་གི་ལས་ལས་བྱུང་། །ཐུགས་རྗེ་ཆེན་པོས་ལས་རྣམས་རྒྱུན་བཅད་དེ། །ཉོན་མོངས་ལས་ཀྱི་རླུང་འདི་བཟློག་(༦༥ན)


GLG010_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གསོལ། །ཉོན་མོངས་ལས་ཀྱི་རླུང་འདི་དབང་བཙན་པས། །མ་རིག་མུན་པའི་ནང་དུ་གཏན་འཁྱམས་ན། །ཡེ་ཤེས་སྒྲོན་མེའི་ཟེར་གྱིས་མི་གཟིགས་སམ། །ཉེས་བྱས་ལས་ཀྱི་འབྲས་བུ་མི་བཟོད་ན། །ཐུགས་རྗེ་ཆེན་པོས་འཕྲིན་ལས་མི་མཛད་དམ། །དུག་གསུམ་བཟོད་དཀའི་ནད་ཀྱིས་གདུངས་ལགས་ན། །ཐུགས་རྗེ་ཐབས་མཁས་སྨན་གྱིས་མི་གསོ་འམ། །ཕྱིན་ཅི་ལོག་གི་གཡང་སར་ལྷུངས་ལགས་ན། །ཐུགས་རྗེའི་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམ། །སྡུག་བསྔལ་དྲག་པོའི་ལས་ཀྱི་མེ་འབར་ན། །ཐུགས་རྗེས་བསིལ་བའི་ཆར་རྒྱུན་མི་འབེབས་སམ། ཁམས་གསུམ་འཁོར་བའི་གནས་སུ་སྦྱངས་སྦྱངས་ནས། །ནམ་ཞིག་རང་གི་འབྲས་བུ་ཐོབ་པའི་ཚེ། །འཕགས་པའི་ཐུགས་རྗེས་ཅི་འཚལ་དོན་མ་མཆིས། །སེམས་ཅན་ལས་འཕྲོ་བཙན་པར་བཞག་ན་དག །འཕགས་པའི་ཐུགས་རྗེས་སུ་ལ་ཅི་ཞིག་བགྱི། །འཕགས་མཆོག་ཁྱོད་ལ་ཐུགས་རྗེའི་སྟོབས་མངའ་ན། །ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར། །སྙིང་ནས་གཟིགས་ཤིང་ཐུགས་རྗེ་རྒྱལ་བའི་ལྷ། །ཞེས་དང་གཞན་ཡང་སྐྱོན་གྱིས་མ་གོས་སོགས་བསྟོད་པ་ཅི་རིགས་པ་བྱ། །དེ་ནས་མདོ་ཆོག་ལས་བྱུང་བའི་མཚན་ལེགས་ཀྱི་སྨོན་ལམ་འདི་འདུས་ཆེ་བར་འདུག་པས། འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་དང་ཐུགས་རྗེའི་མཐུ་ལ་བརྟེན་ནས། བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་ཏེ་རིམས་དང་གཤེད་བྱེད་དང་བྱད་དང་རོ་ལངས་དང་འཇིགས་པ་སྣ་ཚོགས་ཀྱིས་གཙེས་པ་དེ་དག་ཐམས་ཅད་ཀྱི་གནོད་པ་དང་ནད་ཐམས་ཅད་འཕྲལ་དུ་ཞི་བར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་རིམས་དང་སྡིག་པ་ཅན་གྱི་གདོན་དང་ནད་ཐམས་ཅད་མེད་(༦༥བ)


GLG010_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལོང་བ་དང་འོན་པ་དང་སྨྱོན་པ་དང་ཤ་བཀྲ་དང་ནད་ཚབས་ཆེན་པོས་བཏབ་པར་གྱུར་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབང་པོ་ཐམས་ཅད་ཡོངས་སུ་ཚང་བར་གྱུར་ཅིག །སྡུག་བསྔལ་དང་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་བསྒྲིབས་པ། མཚམས་མེད་པ་ལྔ་བྱེད་པ། བྱ་བ་མ་ཡིན་པའི་སྤྱོད་པ་མང་བ། དམ་པའི་ཆོས་སྤོང་བ། སྡིག་པ་མི་དགེ་བའི་ལས་སྣ་ཚོགས་བྱེད་པ། ངན་སོང་གསུམ་དང་སེམས་ཅན་དམྱལ་བར་འགྲོ་བ་དེ་དག་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ནས་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་ཐམས་ཅད་ཀྱི་མཚམས་མེད་པ་ལྔ་ལ་སོགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་ཞིང་ཟད་པར་གྱུར་ཅིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དུ་སུ་ཡང་སེམས་ཅན་དམྱལ་བ་དང་ངན་འགྲོར་འགྲོ་བར་མ་གྱུར་ཅིག །ལྷ་ཡུལ་བའི་ལྷའི་བདེ་བ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དབུལ་པོར་གྱུར་ཏེ་ཟས་དང་སྐོམ་དང་གོས་དང་ནོར་དང་འབྲུ་དང་མལ་ཆ་དང་སྤོས་དང་ཕྲེང་བ་དང་ཡོ་བྱད་མི་བདོག་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབྱིག་དང་གོས་དང་ནོར་དང་འབྲུ་དང་མལ་ཆ་དང་སྤོས་དང་ཕྲེང་བ་དང་ཡོ་བྱད་འཕེལ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བཅིང་བ་དང་བརྡེག་པ་དང་གོ་རར་གཞུག་པ་དང་མཚོན་ཆའི་ཚོགས་རྣམ་པ་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་བ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བཅིང་བ་བརྡེག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །ལུས་ཀྱི་གདུང་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །བདག་(༦༦ན)


GLG010_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་ལ་སོགས་པ་སེམས་ཅན་གང་དག་མགོན་མེད་པར་གྱུར་པ་ལུས་ལ་གདུང་བའི་མེ་འབར་བ་དང་སེང་གེ་དང་སྟག་དང་དོམ་དང་དྲེད་དང་སྦྲུལ་གདུག་པའི་ནང་དུ་ཆུད་དེ་སྲོག་ལ་བབ་ཅིང་ཉམ་ཐག་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལུས་ལ་གདུང་བའི་མེ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །སེང་གེ་དང་སྟག་དང་དོམ་དང་དྲེད་དང་སྦྲུལ་གདུག་པ་དེ་དག་ཀྱང་བྱམས་པ་ལ་གནས་པར་གྱུར་ཅིག །འཇིགས་པ་མེད་པ་དང་ཞི་བའི་གནས་ལ་གནས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཕན་ཚུན་འཐབ་པ་དང་རྩོད་ཅིང་འགྱེད་པར་གྱུར་ཏེ་འཁྲུགས་ཤིང་འཇིགས་སྐྲག་ནས་དངངས་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་འཐབ་པ་དང་རྩོད་པ་དང་འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །ཕན་ཚུན་བྱམས་པ་ལ་གནས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཆུའི་ནང་དུ་སོན་པ་གྲུར་ཞུགས་པ་གླིང་མེད་པར་ཕྱིན་པ་སྲོག་འདོད་པ་ཆུ་ཀླུང་དང་རྒྱ་མཚོའི་ནང་དུ་སོན་ཏེ་སྨྲེ་སྔགས་སྣ་ཚོགས་འདོན་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཆུ་ཀླུང་ཆེན་པོ་དེ་ལས་དབུགས་འབྱིན་པ་སྦྱིན་པར་གྱུར་ཅིག །འཇིགས་པ་མེད་པར་བརྒལ་བར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་ནུབ་ཕྱོགས་བདེ་བ་ཅན་དུ་པདྨ་ལས་སྐྱེས་ནས་མགོན་པོ་འོད་དཔག་མེད་སྲས་ཀྱི་ཐུ་བོ་གཉིས་དང་བཅས་པས་རྗེས་སུ་བཟུང་སྟེ་རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པའི་མཐུ་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་གདབ། རྒྱལ་བའི་སྲས་པོ་འཕགས་མཆོག་སྤྱན་རས་གཟིགས། །གདུང་ཤུགས་དྲག་པོས་ཐུགས་རྗེའི་རྒྱུད་སྐུལ་ན། །དམ་རྫས་རིལ་བུ་འདི་ལ་བྱིན་རློབས་ལ། །འགྲོ་རྣམས་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །རྩེ་གཅིག་གསོལ་བ་བཏབ་པའི་བྱེད་པོ་ཡིས། །འཕགས་པའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་ནས། །རྒྱལ་བ་སྲས་བཅས་ཉན་རང་ལ་(༦༦བ)


GLG010_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ། །སྐྱབས་གནས་ཀུན་གྱི་བྱིན་རླབས་ནུས་མཐུའི་ཚོགས། །འོད་དང་འོད་ཟེར་བདུད་རྩིའི་ཆུ་རྒྱུན་དང་། །འཕགས་པའི་སྐུ་ཡི་རྣམ་པར་ཐོགས་མེད་བསྡུས། །རིལ་བུ་ཐུགས་རྗེ་ཆེན་པོའི་རྣམ་པ་ལ། །ཆུ་ལ་ཆུ་བཞག་བཞིན་དུ་རོ་གཅིག་གྱུར། །ཅེས་རིག་སྔགས་བགྲང་། ཐུན་འཇོག་ཁར་མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་ཞེས་སོགས་ཤློ་ཀ་གཉིས་ཀྱིས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། སྨོན་ལམ་དང་བརྟན་བཞུགས་བྱ། སང་ནང་པར་ཆོ་ག་ཚར་གཅིག་གཏོང་། ཞག་གྲངས་ཇི་ཙམ་བྱེད་པའི་རིང་བསྒྲུབས་ནས་གྲོལ་ཉིན་ཐུན་མཐར་མཆོད་པ་དང་བསྟོད་པ་རྒྱས་པར་བྱ། རྒྱལ་བའི་སྲས་པོ་འཕགས་མཆོག་སྤྱན་རས་གཟིགས་ཞེས་སོགས་ཀྱི་ཚིག་རྐང་ཐ་མ་གཉིས་འདོན་པ་བསྒྱུར་བ་ནི། རིལ་བུ་ཐུགས་རྗེ་ཆེན་པོར་གསལ་བ་རྣམས། །འོད་ཞུ་གཉིས་སུ་མེད་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས་རིལ་བུ་ཐུགས་རྗེ་ཆེན་པོའི་རྣམ་པར་བཞུགས་པ་འོད་དུ་ཞུ་ནས་རིལ་བུའི་རྣམ་པར་གྱུར། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །ཞེས་སོགས་དང་སུ་པྲ་ཏིཥྛ་བཛྲེ་སྭཱཧཱས་བརྟན་བཞུགས་བྱ་ཞིང་མེ་ཏོག་གཏོར། སྨོན་ལམ་ཤིས་བརྗོད་ཅི་རིགས་པ་བྱའོ། །མ་ཎི་རིལ་སྒྲུབ་ཉུང་ངུ་རྣམ་གསལ་ཞེས་པ་འདིའང་དཔལ་ལྡན་མངའ་རིས་གྲ་ཚང་གི་སློབ་དཔོན་བློ་བཟང་ནོར་བུས་ནན་ཏན་དུ་བསྐུལ་བ་ལ་བརྟེན་ནས། སྔགས་ཕྱོགས་ཀྱི་དབང་རྗེས་གནང་སོགས་ཐོབ་མ་ཐོབ་ལ་མ་བལྟོས་པར་འཇུག་པ་བདེ་བའི་སླད་དུ། བདེ་བར་གཤེགས་པ་བདུན་གྱི་སྨོན་ལམ་གྱི་ཆོ་ག་ཅུང་ཟད་བླངས་དོར་ཚང་བའི་ལུགས་སུ་བྱས་ཏེ་གཡར་ཁྲལ་ཙམ་དུ་ཟ་ཧོར་གྱི་བནྡེས་བཀོད་པར་མཁས་པ་རྣམས་ཐུགས་མི་ཁྲེལ་བར་གསོལ་བ་འདེབས་ཤིང་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ།། །།


previousམ་ཎི་རིལ་བསྒྲུབ་ཉུང་ངུ་རྣམ་གསལ།next