Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་དྲག་པོའི་ཉམས་ལེན་རྒྱུན་འཁྱེར་བཻ་ཌཱུར་བཞུན་མའི་ཆུ་རྒྱུན།
   
   
   


 
previousའཇམ་དཔལ་དྲག་པོའི་ཉམས་ལེན་རྒྱུན་འཁྱེར་བཻ་ཌཱུར་བཞུན་མའི་ཆུ་རྒྱུན།next

འཇམ་དཔལ་དྲག་པོའི་ཉམས་ལེན་རྒྱུན་འཁྱེར་བཻ་ཌཱུར་བཞུན་མའི་ཆུ་རྒྱུན།


GLG010_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་དྲག་པོའི་ཉམས་ལེན་རྒྱུན་འཁྱེར་བཻ་ཌཱུར་བཞུན་མའི་ཆུ་རྒྱུན་བཞུགས་སོ། །གང་ཞིག་བསྒོམ་དང་བཟླས་པ་ཙམ་གྱིས་ཀྱང་། །མི་(༦༧ན)མཐུན་ཉེས་སེལ་འཇམ་དབྱངས་ནག་པོ་ཡི། །ངག་འདོན་ཉམས་སུ་བླང་བྱར་ཁྱེར་བདེ་བའི། །སྒྲུབ་ཐབས་བཻ་ཌཱུར་ཞུན་མའི་ཆུ་རྒྱུན་འདྲི། །དེ་ལ་འདིར་དཔལ་ལྡན་ས་སྐྱ་པའི་ལྕགས་རི་མི་འདའ་བའི་གསེར་ཆོས་བཅུ་གསུམ་གྱི་ནང་ཚན་འཇམ་དཔལ་ནག་པོའི་སྒོམ་བཟླས་ཉམས་སུ་བླང་བར་འདོད་པས་ཐོ་རེངས་ཕྱི་སྒོ་མ་ཕྱེ་བའི་དུས་ཁ་ཤར་དུ་ཕྱོགས་ལ་སྐྱིལ་མོ་ཀྲུང་བཅས། སྒལ་ཚིགས་དྲང་པོར་བསྲངས་ནས་བདེ་བའི་སྟན་ལ་འཁོད་དེ་སྔོན་འགྲོ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་སངས་རྒྱས་མ་ཐོབ་ཀྱི་བར་དུ་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་སོགས་ཅི་རིགས་པ་བརྗོད། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་འཇམ་དཔལ་ནག་པོའི་སྒོམ་བཟླས་ལ་བརྩོན་པར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། དངོས་གཞི་ནི། སྭ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཀྱི་ངོ་བོ་དྷཱིཿམཐིང་ནག་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་འཇམ་དཔལ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་རལ་གྲི་ནམ་མཁའ་ལ་འཕྱར་ཞིང་གཡོན་མཐེབ་སྲིན་གྱིས་ཨུཏྤལའི་ཡུ་བ་ནས་ཐུགས་ཀར་བཟུང་སྟེ་འདབ་མ་སྙན་གྱི་ཐད་ན་ཁ་ཕྱེ་བའི་སྟེང་དུ་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་ཤམ་ཐབས་ཅན། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་སྐད་ཅིག་དྲན་རྫོགས་སུ་གསོལ་འདེབས། གནས་གསུམ་བརླབ་པ། ཡེ་ཤེས་པ་གཞུག་ཅིང་དབང་བསྐུར་(༦༧བ)
རྒྱས་གདབ་མི་དགོས་པ་བརྒྱུད་པའི་གསུང་རྒྱུན་ཡིན་ཀྱང་དིང་སང་མཁས་རློམ་གཞན་གྱིས་རྒྱས་འགེབས་བྱེད་སྲིད་པས། དེ་རིགས་ཀྱི་བློས་བྱས་རྣམས་ངན་སྐྱུགས་བཞིན་སྤང་བ་གནད་དོ། །དེ་ལྟར་ཏིང་འཛིན་གསལ་བའི་ངང་ནས། ཨོཾ་པྲ་སོད། ཆུ་སོད། དུར་ཏ་སོད། སྙིང་མགོ་ལ་ཆད། ཁ་ཛ། ཀཾ་ཤཾ་ཏྲཾ་རྦད་ཕཊ་སྭཱཧཱ། ཞེས་པ་བརྒྱའམ་ཉེར་གཅིག་གིས་མཚོན་པའི་ཇི་ལྟར་རིགས་པ་བཟླ། མཇུག་ཏུ། དགེ་བ་འདི་ཡིས་མྱུར་དུ་བདག །འཕགས་པ་འཇམ་དཔལ་འགྲུབ་གྱུར་ནས། ཞེས་སོགས་ཀྱི་བསྔོ་སྨོན་བྱའོ། །དེ་ལྟར་ཉམས་སུ་བླངས་བས་མཐུ་བྱད་ནད་གདོན་སོགས་ཉེ་བར་འཚེ་བའི་ཚོགས་ཞི་བར་འགྱུར་ཞིང་གནད་ཀྱི་གདམས་པའི་མན་ངག་ལྷག་མ་རྣམས་ནི་གོང་མའི་ཡིག་རྙིང་དང་བླ་མའི་ཞལ་ལས་ཤེས་པར་བྱའོ། །ཁུངས་ལྡན་རྒྱ་བོད་མཁས་པའི་གསེར་གྱི་ཆོས། །མཚན་ལྡན་བླ་མའི་དྲིན་ལས་ལེགས་རྙེད་པ། །སྐལ་ལྡན་མང་པོར་ཕན་ཕྱིར་ཉེར་བཀོད་པས། །དོན་ལྡན་རྣམ་མཁྱེན་འགྲོ་ཀུན་གྱིས་ཐོབ་ཤོག །འཇམ་དཔལ་ནག་པོའི་ཉམས་ལེན་རྒྱུན་འཁྱེར་བཻ་ཌཱུར་ཞུན་མའི་ཆུ་རྒྱུན་ཞེས་པ་འདི་ནི་གནམ་གྱི་ལྷ་གོང་མ་རྒྱལ་པོའི་གསེར་ཡིག་པ་བསམ་བློ་ཨེར་ཏེ་ན་རབ་འབྱམས་ཆོས་རྗེས་བསྐུལ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི། གནས་བརྟན་འཇམ་དབྱངས་གྲགས་པའོ།། །།


previousའཇམ་དཔལ་དྲག་པོའི་ཉམས་ལེན་རྒྱུན་འཁྱེར་བཻ་ཌཱུར་བཞུན་མའི་ཆུ་རྒྱུན།next