Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟ་མགྲིན་ཤྭ་ན་བཞི་བསྐོར་གྱི་སྒྲུབ་ཐབས་དང་རྗེས་གནང་གི་ཆོ་ག་ཡིད་ཆེས་སུམ་ལྡན།
   
   


 
previousརྟ་མགྲིན་ཤྭ་ན་བཞི་བསྐོར་གྱི་སྒྲུབ་ཐབས་དང་རྗེས་གནང་གི་ཆོ་ག་ཡིད་ཆེས་སུམ་ལྡན།next

རྟ་མགྲིན་ཤྭ་ན་བཞི་བསྐོར་གྱི་སྒྲུབ་ཐབས་དང་རྗེས་གནང་གི་ཆོ་ག་ཡིད་ཆེས་སུམ་ལྡན།


GLG010_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་ཤྭ་ན་བཞི་བསྐོར་གྱི་སྒྲུབ་ཐབས་དང་རྗེས་གནང་གི་ཆོ་ག་ཡིད་ཆེས་སུམ་ལྡན་བཞུགས་སོ། །ན་མོ་གུ་རུ་ཤྩ་ཏ་ཡ་གྲཱི་བ་ཤྲིཡེ། །འོད་མཚན་སྟོང་དུ་འབར་བ་གར་གྱི་དབང་། །སྡོམ་བརྩོན་གནས་ལྔ་རིག་པའི་བརྟུལ་ཞུགས་ཅན། ལྷ་གཅིག་དཱི་པཾ་ཀ་ར་ཁྱོད་ཞབས་རྡུལ། །སྙིང་དབུས་ཟེའུ་འབྲུར་བྱང་ཆུབ་བར་དུ་བསྟེན། །གང་གི་ཟབ་ཆོས་ཆད་མེད་གངྒཱའི་ཀླུང་། །བདག་བློའི་རྒྱ་མཚོར་འབབ་མཛོད་རྡོ་རྗེ་འཆང་། །རིན་ཆེན་བསོད་ནམས་མཆོག་ཏུ་ལྷུན་གྲུབ་པ། །རིགས་ཀྱི་བདག་པོར་བཞུགས་ལ་རྟག་ཏུ་སྐྱོངས། །ཤྭ་ན་(༦༨ན)


GLG010_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

བཞིས་བསྐོར་རྟ་མགྲིན་དབང་གི་ལྷའི། །སྒྲུབ་ཐབས་རྗེས་གནང་ཆོ་ག་ཨ་ཏི་ཤའི། །བཞེད་སྲོལ་འབྲུ་དཀར་རང་བཟའ་ཕུབ་མ་ཡིས། །མ་བསླད་ངོ་མཚར་ཡིད་ཆེས་སུམ་ལྡན་འདྲི། །དེ་ལ་འདིར་མཉམ་མེད་ཇོ་བོ་ཆེན་པོ་ནས་བརྒྱུད་པའི་རྟ་མགྲིན་ཤྭ་ན་བཞི་སྐོར་གྱི་སྒྲུབ་ཐབས་ཉམས་སུ་བླང་བས་རྡོ་རྗེ་ཐེག་པའི་དབང་གིས་རྒྱུད་སྨིན་ཅིང་ཁྱད་པར་འདི་ཉིད་ཀྱི་རྗེས་གནང་ནད་པ་སོགས་མཚན་ཉིད་དང་ལྡན་པའི་རྟེན་གྱི་གང་ཟག་གིས་བསམ་གཏན་གྱི་ཁང་པར་སྐྱང་ནུལ་བྱ། དཀོན་མཆོག་སྤྱི་དང་བྱེ་བྲག་གི་རྟེན་དགྲམ། གཏོར་མ་དང་རྡོ་རྗེ་དྲིལ་བུ་སོགས་མཁོ་བའི་རྫས་དང་ཡོ་བྱད་རྣམས་མངོན་པར་འདུ་བྱས་ཏེ་སྟན་བདེ་བ་ལ་འདུག་ནས་སྔོན་འགྲོ་ནི། སྐྱབས་འགྲོ་དང་སེམས་བསྐྱེད་སྤྱི་ལྟར་བྱ། ཚོགས་ཞིང་ནི། རང་ཉིད་རྟ་མཆོག་ཏུ་གསལ་བའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས་བླ་མ་འོད་དཔག་མེད་རིགས་བདག་ཏུ་བཞུགས་པའི་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མ་བཛྲ་ཀྲོ་དྷཱ་ཧ་ཡ་གྲཱི་ཝ་ས་པ་རི་ཝཱ་ར་མཎྜ་ལེ་བྷྱཿ ཞེས་ཕྱག་བྱ། སྔགས་མཇུག་ཏུ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། གུར་ལས་བྱུང་བའི་རྒྱུན་བཤགས་ལན་གསུམ་དང་ཚད་མེད་བཞི་བསྒོམ། དངོས་གཞི་ནི། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀ྅ཧཾ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་བསམ། སྟོང་པའི་ངང་ལས་སྔོན་གྱི་སྨོན་ལམ་རྗེས་སུ་དྲན་པས་རང་གི་རྣམ་ཤེས་ཀྱི་ངོ་བོ་ཡི་གེ་པཾ་ཡོངས་སུ་གྱུར་པ་ལས་པདྨ་འདབ་མ་བརྒྱད་པ། དེའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་མཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འོག་རྡོ་རྗེའི་ས་གཞི། ཕྱོགས་མཚམས་རྡོ་རྗེའི་ར་བ། སྟེང་རྡོ་རྗེའི་གུར་དང་བླ་བྲེ། ཕྱི་རོལ་དུ་(༦༨བ)


GLG010_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་མེ་ཁ་དོག་སྣ་ལྔ་དུས་མཐའི་མེ་ལྟར་འབར་བ་བར་མཚམས་མེད་པས་ཁྱབ་པར་བསམ། དེའི་དབུས་སུ་བྷྲཱུཾ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་དུ་ཕ་གུ་དྲ་བ་དྲ་ཕྱེད་མདའ་ཡབ་པུ་ཤུ་དང་རྩ་བར་འདིང་བའི་སྣམ་བུ་དང་བཅས་པ། ནང་ཀ་བ་བརྒྱད་དང་ལྡན་པའི་དབུས་ཀྱི་གདུང་ཟླུམ་པོར་བསྐོར་བའི་རེའུ་མིག་དབུས་མའི་སྟེང་དུ་ཀ་ཆུང་གིས་བཏེག་པའི་རྒྱ་ཕུབས་དང་སྒོ་བཞིར་སྒོ་རྐྱང་གི་རྣམ་པ་ཅན་མཚན་ཉིད་དང་ལྡན་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བ་ལ་ཧཱུཾ་དམར་ནག་དང་འདབ་མ་བཞིར་ཉི་མ་དང་རོའི་གདན་ལ་ཤར་ནས་རིམ་པ་བཞིན་དུ་ཧཱུཾ་ཏྲཱཾ་ཧྲཱིཿཨཿརྣམས་ལས་གྲི་གུག་གི་ཡུ་བ་ལ་སོ་སོའི་ས་བོན་གྱིས་མཚན་པ་ལས་འོད་ཟེར་འཕྲོས་བདེ་བར་གཤེགས་པ་མཆོད། བྱིན་རླབས་བསྡུས་སེམས་ཅན་ལ་ཕོག །སྡིག་སྒྲིབ་སྦྱངས། གནོད་བྱེད་འབྱུང་པོ་ཐམས་ཅད་ཚར་བཅད། ཚུར་འདུས་རྡོ་རྗེ་ཧཱུཾ་དང་བཅས་པ་ལ་ཐིམ། དེ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་རང་ཉིད་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་བཞི་པ། དབུས་ཞལ་དམར་པོ། གཡས་ཞལ་སྔོན་པོ། གཡོན་ཞལ་དཀར་པོ། ཞལ་གསུམ་གདངས་ཤིང་ཤིན་ཏུ་རྔམ་པ། མཆེ་བ་རབ་ཏུ་གཙིགས་ཤིང་ལྗགས་གློག་ལྟར་འཁྱུག་པ། ཞལ་རེ་རེ་ལའང་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་ཞིང་ཁྲོ་གཉེར་ཤིན་ཏུ་བསྡུས་པ། སྨིན་མ་དང་སྨ་ར་དམར་སེར་གྱེན་དུ་འབར་བ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་ཤིང་སངས་རྒྱས་རིགས་ལྔས་དབུ་ལ་བརྒྱན་པའི་ཞལ་དབུས་མའི་གཙུགས་ན་རྟ་མགོ་ལྗང་ཁུ་ཁ་གྱེན་དུ་བལྟས་ཏེ་རྟ་སྐད་འབྱིན་པས་གདུག་པ་ཅན་རྣམས་སྐྲག་པར་མཛད་པ། ཕྱག་དང་པོ་གཉིས་ཀྱིས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་དང་པདྨ་དམར་པོ་བསྣམས་(༦༩ན)


GLG010_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཐ་མ་གཉིས་ཀྱིས་མདའ་གཞུ་འགེངས་བས་གནོད་བྱེད་ཐམས་ཅད་ཚར་གཅོད་པ་མི་མགོ་སྐམ་པོ་ལྔས་དབུ་ལ་བརྒྱན་ཅིང་ཁྲག་འཛག་པ་ལྔ་བཅུའི་ཕྲེང་བ་དང་ཕྱག་ཞབས་སྦྲུལ་གྱིས་བརྒྱན་པ། སྐུ་སྨད་སྟག་གི་པགས་པའི་ཤམ་ཐབས་གསོལ་བ། ཞབས་གཡས་གཉིས་བསྐུམ་པས་ཚངས་པ་སེར་པོ་དང་བརྒྱ་བྱིན་དཀར་པོ། གཡོན་གཉིས་བརྐྱང་བས་དབང་ཕྱུག་སྔོན་པོ་དང་ཁྱབ་འཇུག་དམར་པོ་མནན་ནས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །འདབ་མ་བཞིའི་ཤར་དུ་རྡོ་རྗེ་ལས་བྱེད་མ་སྔོན་མོ། ལྷོར་གཤིན་རྗེ་ལས་བྱེད་མ་ནག་མོ། །ནུབ་ཏུ་ཀླུའི་ལས་བྱེད་མ་དཀར་མོ། །བྱང་དུ་གནོད་སྦྱིན་ལས་བྱེད་མ་ཤེའུ་ལོ་ཙཱ་དང་བཅོ་བརྒྱད་མཆོག་ལེགས་རྡོ་རྗེའི་ཡིག་ཆར་འདི་བཞིན་བྱུང་ཞིང་ཡིག་རྙིང་ཞིག་ན་ལྗང་གུར་འདུག་པ་བརྟག །སེར་མོ། །བཞི་གའང་ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག་དང་གཡོན་ཐོད་ཁྲག་བསྣམས་པ། དབུ་སྐྲ་དམར་སེར་ཕྱེད་རིངས་སུ་བྱས་པ་ལ་སོགས་པ་ཁྲོ་མོའི་ཉམས་ཐམས་ཅད་དང་ལྡན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་གར་སྟབས་ཀྱིས་བཞུགས་པའི་ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུཾ་སྔོན་པོ། །ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷྲཱི་པ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསམ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྣམས་བསྡུ་རྒྱ་དང་བཅས་ཨོཾ་པཉྩ་ཀཱུ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། གོང་གི་སྔགས་གཤམ་དུ་ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པ་ཐོགས་(༦༩བ)


GLG010_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཇི་ལྟར་བལྟམས་པ་ཙམ་གྱིས་ནི། ཞེས་པ་ནས་ཤྲཱི་ཧཱུཾ་ཞེས་དབང་བསྐུར་བས་ལུས་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་འོད་དཔག་མེད་འཁོར་རྣམས་ལ་གཙོ་བོ་ཉིད་ཀྱིས་དབུ་བརྒྱན་པར་བསམ། སྔགས་མཇུག་ཏུ་ཨརྒྷཾ་ནས་ཤབྡའི་བར་དང་རཱུ་པ་ནས་སྤཪྴའི་བར་གྱིས་མཆོད་ཧྲཱིཿ པདྨའི་རིགས་བདག་སྣང་བ་མཐའ་ཡས་གར། །གདུག་པ་འདུལ་ཕྱིར་རྟ་མགྲིན་དབང་གི་རྒྱལ། །ལས་བྱེད་མཁའ་འགྲོ་ཤྭ་ན་བཞིས་བསྐོར་བ། །ལྷ་ཚོགས་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཞེས་བསྟོད། བཟླས་པ་ནི། གཙོ་འཁོར་རྣམས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་རང་རང་གི་ས་བོན་ལ་བཟླ་བྱའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་དང་ཁྲོ་བོའི་ཚོགས་འཕྲོས་འཕགས་པ་མཆོད། བྱིན་རླབས་རྣམས་བསྡུས། གདུག་པ་ཅན་རྣམས་ཚར་བཅད། སླར་འདུས་སྔགས་ཀྱི་ཕྲེང་བ་ལ་ཐིམ་པའི་སྤྲོ་བ་དང་བསྡུ་བའི་མཛད་པ་ཅན་དུ་བསམ། སྙིང་པོ་འབྲུ་བཅུ་གསུམ་པ་ནི། ཨོཾ་ཧ་ཧ་ཧི་ཧི་ཧྲི་ཧྲི་ཧྲིཾ་ཧྲིཾ་ཧཱུཾ་ཕཊ་ཕཊ་ཅེས་དང་གཞན་ཡང་། ཉེ་སྙིང་འབྲུ་བཅོ་ལྔ་པ་ནི། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ལས་བྱེད་མ་བཞིའི་སྔགས་ནི། ཨོཾ་བཛྲ་ཤྭ་ན་ས་མ་ཡ་ཧཱུཾ། ཨོཾ་ཡ་མ་ཤྭ་ན་ས་མ་ཡ་ཧཱུཾ། ཨོཾ་ནཱ་ག་ཤྭ་ན་ས་མ་ཡ་ཧཱུཾ། ཨོཾ་ཁ་རག་ཤྭ་ན་ས་མ་ཡ་ཧཱུཾ། ཞེས་བཟླ། ཡིག་རྙིང་ཞིག་ན་འབྲུ་བཅུ་གཅིག་ཙམ་འདུག་པས་འདི་གཉིས་ཡོད་མེད་བརྟག །བསྙེན་པ་ཚད་དུ་ཐེངས་ནས་ལས་སྦྱོར་བྱ་བར་འདོད་ན་གཙོ་འཁོར་གྱི་སྔགས་མཇུག་ཏུ་ལས་སྦྱོར་གྱི་སྔགས་རིང་ནི། རྒྱལ་འགོང་རྒྱལ་ཚེ་ལ་མ་ཤ་དོམ་རོ་ལ་ཁྲག་འཐུང་། སྙིང་ཁྲག་བཛྲ་ས་དུ་ས་མ་ཡ་ཛཿབཛྲ་བཛྲི་ཏྲ་ག་རག་ཏ་འབྱུང་བ་མཱ་ར་ཡ་སྙིང་ཁྲག་ཛཿཧཱུཾ་བཾ་ཧོཿ བཛྲ་ཨཾ་ཀུ་ཤཱ་ཛཿ འབྱུང་པོ་ཚེ་ལ་མ་ཤ་དོམ། རོ་ལ་ཁྲག་འཐུང་། སྙིང་ཁྲག་འབྱུང་པོ་འབྱུང་མོ་པྲ་ཏི་པྲ་མོ་ཚེ་ལ་མ་ཤ་དོམ། རོ་ལ་ཁྲག་འཐུང་། སྙིང་ཁྲག་མ་ལ་མ་ལ། ཡེས་ཡེས་བྷྱོ་བྷྱོ། ཀྲོཾ་ཀྲོཾ་སྭཱ་ཧཱ། ཨོཾ་གུ་རུ་(༧༠ན)


GLG010_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཌ་ཙ་ལ་ཧཱུཾ་ཕཊ། ཏ་ཀོ་ཙ་ཏེ་བི་ཛ་ཏེ། ཧུ་ཡ་ཧུ་ཡ། ཧུ་ལུ་ཧུ་ལུ། སུ་རུ་ཏེ་སུ་རུ་ཏེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་སྦྲེལ་ནས་བཟླའོ། །གཏོར་མ་དབུལ་བར་འདོད་ན་ཉ་ཤ་སྒོག་བཙོང་སྤངས་པའི་གཏོར་མ་བཤམས་པ་ཆབ་ཀྱིས་སྦྲན། ཨ་མྲྀ་ཏས་བསངས། ཤཱུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་ཚོ་ཆེར་པོར་བསམ། རྡོ་རྗེ་བསྡམས་པའི་ཕྱག་རྒྱ་དང་བཅས་ཨ་ཀཱ་རོས་བྱིན་གྱིས་བརླབས། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བཅོ་བརྒྱད་མཆོག་ལེགས་པའི་དེར་གཏོར་མགྲོན་སྤྱན་དྲངས་ཤིང་ལུམ་པ་བའི་དེར་གསལ་ཁ་མི་འདུག་ཀྱང་བྱ་རྒྱུད་ཕལ་ཆེ་བ་ལ་ཡེ་ཤེས་པ་མདུན་དུ་ཕྱུང་བ་མང་བས་འདི་བཞིན་འཐད་དམ་སྙམ་བྱོན་པར་བསམ། རྡོ་རྗེ་ཐལ་མོ་ཁ་ཕྱེ་སྟེ། གཙོ་འཁོར་གྱི་སྔགས་གཤམ་དུ། ཨི་དཾ་བ་ལི་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་གྱིས་འབུལ། སྔར་བཞིན་མཆོད་ཅིང་བསྟོད། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། པདྨ་ས་ཏྭ་ས་མ་ཡ་སོགས་ཀྱི་ཡི་གེ་བརྒྱ་པ་ལན་གསུམ་བརྗོད། མ་རྙེད་ཡོངས་སུ་མ་ཤེས་དང་སོགས་དང་། ལྷག་པ་དང་ནི་ཆད་པ་དང་ཞེས་སོགས་ཀྱིས་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱི་མཇུག་ཏུ་བཛྲ་མུཿཞེས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། རང་ཉིད་དམ་ཚིག་པའི་དཀྱིལ་འཁོར་མེ་ལོང་ལ་ཧ་བཏབ་པ་བཞིན་ནཱ་དའི་བར་བསྡུས་ཏེ་མཐར་འོད་གསལ་གྱི་ངང་དུ་མཉམ་པར་འཇོག །དེ་ལས་ལངས་ནས་བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ་བོ། །འདིའི་རྗེས་གནང་ལ་སྔོན་འགྲོ། དངོས་གཞི། མཇུག་གསུམ་ལས་དང་པོ་ནི། རྒྱས་(༧༠བ)


GLG010_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤྲོ་ན་མཎྜལ་དྲི་བཟང་པོའི་ཆུས་བྱུག་པའི་སྟེང་དུ་དཀྱིལ་འཁོར་སྒོ་རྐྱང་གི་དབུས་སུ་པདྨ་འདབ་བརྒྱད་ཕྱོགས་བཞི་དམར། མེ་རླུང་སེར། དབང་ལྡན་སྔོ། བདེན་བྲལ་དང་ལྟེ་བ་ལྗང་། དབུས་སུ་ཟླ་ཉིའི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ཕྱོགས་བཞིར་གྲི་གུག་འབྲི་བའམ་བསྡུ་ན་པདྨ་འདབ་བརྒྱད་ལ་ཐར་མི་རིས་བསྐོརབ་འབྲི་སྲོལ་ཡོད་པ་རྗེས་གནང་རྒྱས་པ་ཙམ་ལས་དབང་དངོས་མིན་པས་ཐིག་ཚོན་གྱི་ཆོ་ག་དང་སློབ་མ་གྲངས་བཅད་མི་དགོས། རྒྱས་བསྡུས་གཉིས་ཀ་རས་བྲིས་བྱས་ཀྱང་རུང་། མཉྫིའི་ཁར་མཎྜལ་བཞག་གཡས་སུ་གཏོར་མ་གཙོ་འཁོར་ལྔ་པ་སྨྱུག་རྩེ་ཅན་རྒྱན་ལྡན། མདུན་ནས་བརྩམས་ཏེ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་མཚམས་འཛིན་དང་བཅས་སྒོར་མཆེད་སློབ་དཔོན་གྱི་ཅོག་ཙེའི་སྟེང་དུ་རྣམ་བུམ་དང་ལས་བུམ། རྡོར་དྲིལ། མེ་ཏོག །གཞན་ཡང་བགེགས་གཏོར། མིག་དར། ཙམ་པ་ཀ །དབུ་རྒྱན། རྡོ་རྗེ། པདྨ་མཎྜལ་སོགས་མཁོ་བའི་རྫས་དང་ཡོ་བྱད་རྣམས་འདུ་བྱས། ཐོག་མར་ཨ་མྲྀ་ཏས་བསངས། སྭ་བྷཱས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་རྫས་རྣམས་དངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་བསམ། ཨོཾ་ཨརྒྷཾ་ཨཱཿཧཱུཾ། ཨོཾ་པཱ་དྱཾ་ཨཱཿཧཱུཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷཱ་པེ་ཨཱཿཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿ ཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུཾ། ཨོཾ་བཛྲ་ཤབྡ་ཨཱཿཧཱུཾ། དྷརྨ་ར་ཎི་ཏ་ལན་གསུམ་གྱིས་རོལ་ཆེན་དང་བཅས་བྱིན་དབབ། སྐྱབས་འགྲོ་ནས་བཟུང་བཟླས་པའི་བར་བདག་བསྐྱེད་བཞིན་བྱ། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་དུ་ཕྱུང་བ་ལ་ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད་ཅིང་བསྟོད། འདོད་དོན་ལ་གསོལ་བ་བཏབ་ཅིང་བཟོད་པར་གསོལ་ནས་ཡེ་ཤེས་པ་གཤེགས། རང་ཉིད་དམ་ཚིག་པའི་ང་རྒྱལ་(༧༡ན)


GLG010_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་པས་བུམ་པ་གཉིས་ཨ་མྲྀ་ཏས་བསངས། སྭ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་ལྟོ་བ་ལྡིར་བ་ཞབས་ཞུམ་པ་མགྲིན་པ་ཕྲ་བ་ཁ་གཡལ་བ་མཆུ་འཆང་བ། ལྷའི་གོས་ཀྱིས་མགུལ་པ་དཀྲིས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བ་ཞེས་པ་ནས། གར་སྟབས་ཀྱིས་བཞུགས་པའི་བར་སྒྲུབ་ཐབས་བཞིན་བྱ། མཆོག་ལེགས་པའི་དེར་མི་དགོས་པ་འདྲ་ཞིག་འདུག་ཀྱང་སློབ་མ་ལྷར་བསྐྱེད་པ་སོགས་ལ་བགེགས་བསང་བ་འཐད་དམ་སྙམ། ལས་བུམ་གྱི་ནང་དུ་པཾ་ལས་པདྨ་དང་མཾ་ལས་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ཧཱུཾ་མཐིང་ནག་ཡོངས་སུ་གྱུར་པ་ལས་ཁྲོ་བོ་རྟོག་མེད་བགེགས་མཐར་བྱེད་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རྡོ་རྗེ་གསོར་ཞིང་གཡོན་སྡིགས་མཛུབ་དཀུར་བརྟེན་པ། ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། ཞེས་པ་ནས་གནོད་སྦྱིན་ལས་བྱེད་མ་དང་ཁྲོ་བོ་རྟོག་མེད་གཉིས་ལ་དོན་གྲུབ་ཀྱིས་དབུ་བརྒྱན་པར་བསམ་པའི་བར་དང་། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་བིགྷྣཱནྟ་ཀྲྀ་ཏ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་དང་རཱུ་པ་ནས་སྤཪྴའི་བར་གྱིས་མཆོད། བསྟོད་པའི་མཇུག་ཏུ། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང་། ཞེས་སོགས་ཀྱིས་བསྟོད། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ཏེ་སོང་བས་བུམ་པའི་ལྷའི་ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཅུབ་སེམས་དཔའ་རྣམས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་ཐུགས་ཀར་ཐིམ་པས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བབས་ཏེ་(༧༡བ)


GLG010_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་གང་བར་བསམས་ལ་གཙོ་འཁོར་ལྔའི་སྔགས་དང་ལས་བུམ་ལ་དམིགས་ཏེ་ཨོཾ་ཨ་མྲྀ་ཏ་ཧཱུཾ་ཕཊ། ཅེས་ཅི་ནུས་སུ་བཟླ། མཐར་མཆོད་ཅིང་བསྟོད། ཨོཾ་ཨཱཿཧཱུཾ་གིས་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་བུམ་པའི་ཆུ་དང་རོ་གཅིག་ཏུ་བསམས། ལས་བུམ་ལ་ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བགེགས་རྣམ་པར་བཟློག་པའི་ཕྲིན་ལས་མཛོད་ཅིག །ཅེས་མེ་ཏོག་གཏོར་ཞིང་འཕྲིན་ལས་གཞོལ། དཀྱིལ་འཁོར་བསངས་སྦྱངས་ནས་གཏོར་མ་འབུལ་ཞིང་འདོད་དོན་ལ་གསོལ་བ་གདབ་པའི་བར་བདག་བསྐྱེད་བཞིན་ལ་མི་འདྲ་བའི་ཁྱད་པར་རང་ཉིད་ཅེས་པ་དང་བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་པར་བསམས་པ་དོར་ཞིང་བཟླས་པའི་དམིགས་པ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག །དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས། སངས་རྒྱས་བྱང་སེམས་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས་མདུན་བསྐྱེད་ཀྱི་ལྷའི་ཐུགས་ཀར་ཐིམ་པར་བསམ། གཉིས་པ་དངོས་གཞི་ལ་མཆོག་ལེགས་པའི་ཡི་གེར་བདག་འཇུག་དགོས་མི་དགོས་བརྟག་གསུང་ཡང་རྗེས་གནང་ཡིན་པས་བཏང་སྙོམས་སུ་བཞག་སྟེ་འཇུག་པ་དང་དབང་གཉིས་ལས། དང་པོ་ནི་སློབ་མ་རྣམས་ཁྲུས་ནས་དབྱུང་། ཕྱག་དང་ཡོན་དབུལ། མེ་ཏོག་བཀྱེ་བསྡུ་བྱ། ཞི་བར་ཞི་དྲག་ཕྱེད་མ། དྲག་པོ་གསུམ་གྱི་བགེགས་སྐྲོད་སྔོན་དུ་འགྲོ་བའི་ཆོས་ཀྱི་ཕན་ཡོན་དང་སྤྱིའི་ཆེ་བ། བྱེ་བྲག་ཏུ་གསན་བྱའི་ཆོས་འདི་ཉིད་རྒྱུད་སྡེ་རིན་པོ་ཆེ་རྣམ་པ་བཞི་ལས་བྱ་བའི་རྒྱུད་ལ་རིགས་དྲུག་ཏུ་ཡོད་པའི་ནང་ཚན་པདྨའི་རིགས་ཀྱི་ཁྲོ་བོར་གཏོགས་པ་རྟ་མགྲིན་ཤྭ་ན་བཞི་སྐོར་ཇོ་བོ་ལུགས་སུ་གྲགས་པ་འདི་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་གིས་ཉེ་བར་བསྟན་པ་བདེ་བར་གཤེགས་པའི་གསུང་རབ་ཀྱི་སྙིང་པོ། (༧༢ན)


GLG010_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་བཅོམ་ལྡན་འདས་དཔལ་རྟ་མགྲིན་ནས་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི །སློབ་དཔོན་སངས་རྒྱས་ཞི་བ། སློབ་དཔོན་སངས་རྒྱས་གསང་བ། ཀུ་སཱ་ལི་ཆེ་ཆུང་གཉིས། ཆུང་བས་དཔལ་མར་མེ་མཛད་ལ་གནང་། ཇོ་བོ་ཆེན་པོ་ཁ་བ་ཅན་གྱི་སྐྱེ་དགུའི་བསོད་ནམས་ཀྱི་མགྲོན་དུ་ཕེབས་པའི་ཚེ་འཕན་ཡུལ་ལན་པའི་སྤྱིལ་བུར་ཀ་པ་ཤཱཀྱ་དབང་ཕྱུག་གིས་གདན་དྲངས་ཏེ་ཆོས་གསུང་བའི་ཚེ་ཇོ་བོ་རྗེ་ཆོས་ཁྲིའི་སྟེང་ནས་ལིངས་ཀྱིས་ཕོག་པ་ན་དགེ་བཤེས་སྟོན་པས་ཅི་ལགས་ཞུས་པའི་ལན་དུ། ན་མ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿ སཾ་གྷཱ་ཡ། ཨུ་བ་སི་ཀ་མི་མ་ཡིན་ཆེན་པོ་ཞིག་འདུག་པར་རང་ལ་མི་སྦྲོན་པ་གསུང་བའི་བར་ཆད་དྲན་ཀས་བརྩམས་ཀྱང་མ་ཚུགས་པར་གདའ། དེ་ནས་འདི་ཚར་གཅོད་ཅེས་རྟ་མགྲིན་ཤྭ་ན་བཞི་སྐོར་གྱི་སྒྲུབ་པ་མཛད་དེ་བཏུལ། དེ་ནས་བཤེས་གཉེན་སྟོན་པ་སོགས་སློབ་མ་དུ་མར་གནང་མོད་འདི་པའི་བརྒྱུད་ལུགས་ནི་ཇོ་བོ་རྗེ་ནས་ཡོལ་གྲུབ་ཐོབ་ཆོས་དབང་། མཐའ་བཞི་གྲུབ་ཐོབ་རིན་ཆེན་སྨོན་ལམ། བླ་མ་ཡེ་ཤེས་འོད། སློབ་དཔོན་ལེགས་པ་ཤེས་རབ། བླ་མ་བྱང་ཆུབ་རིན་ཆེན། སློབ་དཔོན་བྱང་ཆུབ། གཞོན་ནུ་འོད། མཁན་ཆེན་བྱམས་པ་རིན་ཆེན། མཁས་བཙུན་བྱང་སེང་བ། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎ་ཆེན་བཀྲ་ཤིས་རྣམ་རྒྱལ། སྤྱན་སྔ་བསོད་ནམས་ལྷ་དབང་། རྗེ་བཙུན་ངག་དབང་ཆོས་གྲགས་རྒྱལ་མཚན། བླ་མ་དཔལ་ལྡན་ཆོས་འབྱོར། ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ། ཁྲི་ཆེན་འཇམ་དབྱངས་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་འཇམ་དཔལ་རྡོ་རྗེ་ངག་དབང་བསོད་ནམས་དབང་ཕྱུག །རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཞ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། དེས་(༧༢བ)


GLG010_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་བཀའ་དྲིན་དུ་སྩལ་བ་ལགས། ཞེས་པ་ལྟ་བུས་སྤྲོ་བ་བསྐྱེད། སློབ་དཔོན་གྱིས་བགྱི་འོས་རྣམས་སྔོན་དུ་སོང་ཟིན་པ་ནས་སློབ་མ་རྣམས་ཀྱི་སྐུའི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་མཎྜལ་འཕུལ་བ་ཞུ་ཞེས་བརྡ་སྤྲད། གསོལ་བ་གདབ་པ་ནི། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་འདའ་བའི་ཕྱིར། དེང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་འཕགས་པ་རིག་པའི་རྒྱལ་པོ་ཁྲོ་བོ་ཆེན་པོ་རྟ་མགྲིན་ཡི་དམ་དུ་བཟུང་བར་འཚལ་བས། སློབ་དཔོན་གྱིས་བདག་ལ་འཕགས་པ་གསང་སྔགས་ཆེན་མོའི་རྗེས་སུ་གནང་བ་དང་སྙིང་པོ་བཟླས་པའི་ལུང་སྩལ་དུ་གསོལ། ལན་གསུམ་གྱི་རྗེས་ཟློས་བྱེད་ཅིང་མེ་ཏོག་འཐོར། བླ་མས། རིགས་ཀྱི་བུ་ཁྱོད་ཀྱིས་འཕགས་པའི་རྒྱལ་པོ་ཁྲོ་བོ་ཆེན་པོ་རྟ་མགྲིན་ཡི་དམ་དུ་བཟུང་བ་ལེགས་སོ། །ཞེས་ལན་གདབ། ཙཀྵ་བྷནྡྷས་གདོང་གཡོགས་འཆིང་། འབྲུ་ལྔས་མེ་ཏོག་གི་ཕྲེང་བ་གཏད། གུར་ལས་བྱུང་བའི་རྒྱུན་བཤགས་ལན་གསུམ་གྱིས་སྐྱབས་སུ་འགྲོ་ཞིང་སྨོན་པ་དང་འཇུག་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་འཇུས་ནས། ཨོཾ་བཛྲ་ས་མ་ཡ་ཧཱུཾ། ཞེས་དཀྱིལ་འཁོར་གྱི་ནང་དུ་འཁྲིད། དེ་ནས་ས་མ་ཡ་ཨཱཿའི་རྗེས་ཟློས་བྱེད་དུ་གཞུག །སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སྨོན་པའི་སེམས་དུང་བ་ཞིག་བསྐྱེད། དེ་ཉིད་གཟུགས་ཀྱི་རྣམ་པར་ལངས་པ་ཁྱེད་རང་རྣམས་ཀྱི་སྙིང་གར་ཟླ་བའི་དཀྱིལ་འཁོར་ཉ་ཡོངས་སུ་གང་བ་ལམ་གྱིས་གསལ་གདབ། ཡང་ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་དང་རང་གི་སེམས་རོ་གཅིག་ཏུ་གྱུར་པའི་དོན་དེས་བྱང་ཆུབ་ཀྱི་སེམས་དུང་བ་ཞིག་བསྐྱེད། དེ་ཉིད་གཟུགས་ཀྱི་རྣམ་པར་ལངས་པ་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་རྣམ་པར་གྱུར་པའི་མོས་པ་བྱས་ནས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཙིཏྟ་ཨུ་པ་ཏ་ཡ་མི། དེ་ཉིད་བརྟན་པར་བྱ་བའི་སླད་དུ་སློབ་དཔོན་གྱིས་རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་གར་གཏུགས་ཏེ། ཨོཾ་སུ་རེ་ཏེ་ས་(༧༣ན)


GLG010_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡེ་སྟྭཾ། སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྗོད། བླ་མས། བཅོམ་ལྡན་ཡེ་ཤེས་དབང་གི་བདག །རྟ་མགྲིན་དཀྱིལ་འཁོར་དགོངས་སུ་གསོལ། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །སློབ་མ་འདི་ལ་བྱིན་བརླབ་མཛོད། །ཅེས་ལྷ་ལ་གསོལ་བ་གདབ་ཅིང་གནང་བ་ཞུ། རྗེས་གནང་གི་གཞི་འགོད་པ་དང་ཡེ་ཤེས་འབེབས་པའི་ཆེད་དུ་སློབ་མ་བསངས་སྦྱངས། ཡིག་རྙིང་ཞིག་ན་འབྱུང་བཞི་རི་རབ་ཞལ་ཡས་ཁང་དང་བཅས་པ་བསྐྱེད་པར་བཤད་ཀྱང་ཡེ་ཤེས་འབེབས་པས་མེད་པ་འཐད་དམ་སྙམ་ཆོ་ག་གསུམ་གྱིས་གཙོ་བོ་མངོན་རྟོགས་བཞིན་བསྐྱེད། གནས་གསུམ་བྱིན་གྱིས་བརླབ། སྤྱི་བོར་ཡང་བསྒོམས་པ་དང་འདྲ་བའི་རྟ་མགྲིན་མངོན་རྟོགས་བརྗོད་དེ་བསྒོམ་དུ་གཞུག །འཕགས་པའི་སྐུ་ལས་འོད་ཟེར་དམར་པོ་རབ་ཏུ་འབར་བའི་ཚོགས་དཔག་ཏུ་མེད་པ་བྱུང་སྟེ་ཁྱེད་རང་གི་སྤྱི་བོ་དང་མགྲིན་པ་དང་སྙིང་གར་ཞུགས་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་བྱ་སྒྲོ་ལ་མེ་ཤོས་པ་ལྟར་ཆོམ་ཆོམ་བསྲེགས་ཏེ་ལུས་ཀྱི་ནང་ཐམས་ཅད་འོད་ཟེར་དམར་པོས་གང་བའི་མོས་པ་མཛོད་ལ་སྙིང་གི་དབུས་སུ་ཟླ་བའི་སྟེང་དུ་ཧཱུཾ་དམར་པོ་ཐིག་ལེ་སྒྲ་དང་བཅས་པ་ལ་སེམས་གཏོད། བླ་མ་དང་མདུན་བསྐྱེད་གཉིས་ཀའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་ནུས་པ་དང་རང་བཞིན་གྱི་གནས་ནས་དཔལ་རྟ་མགྲིན་གྱི་ལྷ་ཚོགས་ཁ་ཆར་བུ་ཡུག་འཚུབ་པ་ལྟ་བུ་བྱོན་ནས་ལུས་ལ་ཐིམ་པར་བསམས་ཏེ། བཛྲ་ཨ་བེ་ཤ་ཡ་ཨ་ཨཱཿ ཞེས་བརྗོད། དེ་ནས་སྤྱི་བོའི་འཕགས་པ་སློབ་མ་ལ་ཐིམ་པས་སྔར་ལས་ཀྱང་ཆེས་གསལ་བའི་སྐུར་གྱུར་པའི་མོས་པ་མཛོད། རྡོ་རྗེ་མགོ་བོར་བཞག་ལ། ཏིཥྛ་བཛྲ། ཞེས་བརྟན་པར་བྱ། པྲ་ཏཱིཙྪ་བཛྲ་ཧོཿ ཞེས་རྗེས་ཟློས་དང་བཅས་དཀྱིལ་འཁོར་གྱི་ལྷ་ལ་མེ་ཏོག་དོར་དུ་གཞུག །ཨོཾ་པྲ་ཏི་གྲཧྞ་སྟྭཾ་མཾ་ས་སྟྭ་མ་ཧཱ་བ་ལ། ཞེས་མེ་(༧༣བ)


GLG010_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་ཕྲེང་བའི་དབང་བསྐུར། ཧེ་བཛྲ་པཱ་ཤྱ། ཞེས་གདོང་གཡོགས་འགྲོལ་ཞིང་རྟེན་བརྟེན་པའི་ལྷར་མངོན་རྟོགས་བཞིན་བསྟན། རྡོ་རྗེ་སྙིང་གར་བཟུང་ནས། བླ་ན་མེད་པ་ཡང་དག་གི །བུ་ཁྱོད་སངས་རྒྱས་རིགས་ལས་སྐྱེས། །རྟ་མཆོག་དབང་གི་ཡེ་ཤེས་འདི། །བུ་ཁྱོད་དག་ལ་གནས་པར་གྱུར། །བུ་ཁྱོད་དབང་གི་དཀྱིལ་འཁོར་དུ། །མོས་པའི་སེམས་ཀྱིས་འཇུག་པར་གྱིས། །དམ་ཚིག་ཆེན་པོ་བསྲུང་བར་གྱིས། །རྒྱལ་བས་གསུངས་པའི་ཡེ་ཤེས་གང་། །དེ་འདིར་དངོས་གྲུབ་མཆོག་ཏུ་གསུངས། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །སློབ་དཔོན་ང་ཡི་བཀའ་མ་འདའ། །སྡོམ་པ་ལ་ནི་གནས་པར་གྱིས། །ཞེས་གདམས་སོ། །གཉིས་པ་ཞུགས་ཐལ་དབང་བསྐུར་བ་བུམ་པ། ཅོད་པན། ལྷ་སྔགས་དངོས་གྲུབ་བསྒྲུབ་པ། ཐུགས་ཀྱི་རྗེས་གནང་སྦྱིན་པ་དང་བཞི་ལས། དང་པོ་ནི། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དང་ཐ་མི་དད་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འཕྲོས་པའི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་ཡུམ་སེམས་དཔའ། ཁྲོ་བོའི་ཚོགས་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས་དབང་བསྐུར་བའི་མོས་པ་མཛོད། ཅེས་བརྡ་སྤྲད། བུམ་པ་སྤྱི་བོར་བཞག་ནས། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་པའི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། །ཨོཾ་རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃཿ ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཿ(༧༤ན)


GLG010_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དབང་བསྐུར་བས་འོད་དཔག་མེད་ལ་སོགས་པ་རིགས་ལྔའི་དབང་ཐོབ། འདོད་ཆགས་ལ་སོགས་པའི་དྲི་མ་ལྔ་སྦྱངས། འདུ་ཤེས་ལ་སོགས་པའི་ཕུང་པོ་ལྔ་གནས་གྱུར། སོ་སོར་རྟོག་པ་ལ་སོགས་པའི་ཡེ་ཤེས་ལྔ་མངོན་དུ་བྱེད་པའི་ནུས་པ་བཞག འོད་དཔག་མེད་ལ་སོགས་པའི་རིགས་ལྔ་དང་དེའི་རིགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དབང་བར་བྱ། ཞེས་དག་པ་བརྗོད། གཉིས་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་ཀཱུ་ལ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཾ། ཞེས་དབུ་བརྒྱན་བསྐོན། དབང་བསྐུར་རྡོ་རྗེ་སོགས་ཀྱིས་དབང་བསྐུར་བས་ལུས་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་འོད་དཔག་མེད། དཔྲལ་བར་མི་བསྐྱོད་པ། ལྟག་གཡས་པར་རིན་འབྱུང་། ལྟག་པར་རྣམ་སྣང་། རྣ་ལྟག་གཡོན་པར་དོན་གྲུབ་ཀྱིས་དབུ་བརྒྱན་པར་བསམ། སློབ་མ་ལ་ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད་ཅིང་ཤིས་པ་བརྗོད། གསུམ་པ་ལྷ་སྔགས་དངོས་གྲུབ་བསྒྲུབ་པའི་རྗེས་གནང་ནི། ལག་པ་གཡས་སུ་རྡོ་རྗེ་དང་གཡོན་དུ་དྲིལ་བུ་ཡིག་རྙིང་དང་ལུམ་བ་པའི་དེར་པད་མ་ཡོད་ཀྱང་མཆོག་ལེགས་པའི་དེར་དྲིལ་བུ་བྱུང་བ་གཙོ་བོའི་ཕྱག་མཚན་གཏོད་པའི་བར་བཀའ་མི་འདུག་པས་ཐབས་ཤེས་ཀྱི་དབང་དེ་བྱས་ན་འདི་བཞིན་འཐད་དམ་སྙམ། གཏད་ལ་རྡོ་རྗེ་ཆོས་སུ་གྱུར་སྙམ་པའི་མོས་པ་མཛོད། ཨོཾ་མ་ཧཱ་བཛྲ་ཧཱུཾ། ཨོཾ་བཛྲ་གྷཎྜེ་ཨཱཿ ཞེས་བརྗོད་ལ་དབང་བསྐུར། བླ་མ་སློབ་མ་གཉིས་ཀ་དཔལ་བཅོམ་ལྡན་འདས་རྟ་མགྲིན་དུ་གསལ་བའི་ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧཱུཾ། དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཅོ་ལྔ་ལ་ཉེ་སྙིང་། དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཅུ་གསུམ་ལ་སྙིང་པོ་རྣམས་གཡས་སྐོར་དུ་འཁོད་པར་བསམས་ཏེ་ཕྲིན་ལས་བཞིའི་འོད་ཟེར་སྤྲོ། དེའི་འཁོར་ལོའི་འོག་ཏུ་ལྷ་མོ་བཞིའི་སྔགས་རྣམས་གསལ་གདབ། བླ་མའི་ཐུགས་ཀའི་སྔགས་རྣམས་ཞལ་ནས་ཐོན། སློབ་མའི་སྣ་བུག་གཡོན་དུ་(༧༤བ)


GLG010_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས། ཐུགས་ཀའི་འཁོར་ལོའི་ཡིག་འབྲུ་ལ་ཐིམ་པར་མོས་ཤིང་ཉེ་སྙིང་། སྙིང་པོ། ཤྭ་ན་མ་བཞིའི་སྔགས་ཀྱི་རྗེས་ཟློས་ཐུགས་དང་འཁོར་ལོ་ལས་སྔགས་གསུམ་གྱི་རྗེས་སློབ་བྱེད་པ་ཡིག་རྙིང་ན་ཡོད་ནའང་དེང་སང་ཕྱག་ལེན་ལ་མི་མཛད། ལན་གསུམ་བྱེད་དུ་གཞུག །སློབ་མས་མེ་ཏོག་གཏོར་བ་དང་བཅས། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས་ཞེས་ལན་གསུམ་གྱིས་རྗེས་ཟློས་བྱེད། ཇི་ལྟར་སློབ་དཔོན་རིན་པོ་ཆེ་བརྒྱུད་པ་དང་བཅས་པ་རྣམས་དང་། འཕགས་པ་རིག་པའི་རྒྱལ་པོ་ཁྲོ་བོ་ཆེན་པོ་རྟ་མགྲིན་འཁོར་དང་བཅས་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་ཕོ་ཉ་དང་མངག་གཞུག་དང་མངག་གཞུག་མའི་ཚོགས་དང་བཅས་པ་རྣམས་ཀྱི་མཆོག་བརྙེས་པ་བཞིན་དུ་རིགས་ཀྱི་བུ་འདིའི་རྒྱུད་ལའང་སྩལ་ཞིང་བརྟན་པར་མཛད་དུ་གསོལ། བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པར་རིག་པ་དང་སྔགས་ཀྱི་གྲུབ་པའི་ཡོན་ཏན་མཐའ་དག་གི་ནུས་ལྡན་དམ་པ་མཛད་དུ་གསོལ། ཞེས་བརྗོད་ཅིང་མེ་ཏོག་གཏོར། བཞི་པ་ཐུགས་ཡིག་ཆ་གསར་རྙིང་ཕལ་ཆེར་ན་མི་སྣང་ཡང་ཐུགས་ཀྱི་རྗེས་གནང་སྤྱི་འགྲོ་ལྟར་འཐད་ཅེས་མཛད་ལ་ཅུང་ཟད་རྒྱས་བསྡུས་སྣང་བ་ཡིག་རྙིང་གི་རྗེས་སུ་འབྲངས་སོ། །ཀྱི་རྗེས་གནང་ནི། དཔོན་སློབ་གཉིས་ཀའི་ཐུགས་ཀར་རྟ་མགྲིན་མཚོན་གང་བའི་གདན་གྱི་འོག་ཏུ་ལྷ་མོ་བཞི་གསལ་བཏབ་པའི་རྟ་མགྲིན་གྱི་ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུཾ་ཡིག་དམར་ནག་ཡི་གེ་ལྔའི་ངོ་བོ་དང་བཅས་པ་མོས། རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་དང་བཅས་ཐུགས་ཀའི་ཡེ་ཤེས་སེམས་དཔའ་དང་ཏིང་འཛིན་སེམས་དཔའ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་སློབ་མའི་སྙིང་གར་ཐིམ་པར་བསམས་ཏེ། ཛཿཧཱུཾ་བཾ་ཧོཿཞེས་པའི་མཐར་རོལ་མོ་དང་བཅས་སྙིང་པོའི་རྗེས་སུ། ཨོཾ་བཛྲ་ཨ་བེ་ཤ་ཡ་ཨ་ཨཱཿ རྡོ་རྗེ་སྙིང་གར་བཞག་སྟེ། བཅོམ་ལྡན་རྟ་མགྲིན་དེང་ཁྱོད་ཉིད། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་(༧༥ན)


GLG010_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བརྗོད། རྡོ་རྗེ་གནས་བདུན་དུ་བཞག་སྟེ། སློབ་མའི་སྤྱི་བོར་ཧཱུཾ་དམར་ནག་གསལ་བཏབ་པ་ལས་ལུས་ཐམས་ཅད་རྡོ་རྗེའི་གོ་ཁྲབ་ཀྱིས་གཏམས་པར་བསམས་ལ། ཨོཾ་ཊུཾ་ཞེས་བསྲུང་བ་བྱ། དམ་ཚིག་བསྡུས་ཏེ་ཁས་བླངས། མཎྜལ་དབུལ། དེང་ནས་བརྩམས་ཏེ་སོགས་དང་། དགེ་བ་བསྔོའོ། །གསུམ་པ་མཇུག་ནི། གཏང་རག་གི་མཆོད་བསྟོད། ཡིག་བརྒྱ་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་སུ་གསོལ། བསྔོ་བ་སྨོན་ལམ་དང་བཀྲ་ཤིས་པའི་མེ་ཏོག་སིལ་མ་ཕྱོགས་ཀུན་ཏུ་ཁྱབ་པར་བྱའོ། །བྱ་རྒྱུད་པདྨའི་རིགས་ཀྱི་ཁྲོ་བོའི་རྒྱལ། །རྒྱ་གར་མཁས་པའི་མན་ངག་ཨ་ཏི་ཤའི། །ཐུགས་བཅུད་རྟ་མགྲིན་ཤྭ་ན་བཞི་སྐོར་ཞེས། །སྙན་གྲགས་ཕྱོགས་བྲལ་བུ་མོའི་རྣ་ལུང་མཛེས། །འོན་ཏེ་བྱིས་པ་ནམ་མཁའི་འཇའ་ཚོན་ལ། །སྦར་མོས་བསྙེག་ལྟར་མིང་ཙམ་ལ་ཞེན་འཁྲུལ། །ལ་ལས་སྒྲུབ་བརྒྱའི་རྗེས་གནང་ཁ་བསྒྱུར་ནས། །གཞན་འདྲིད་འཕྱོན་མའི་ཟློས་གར་ཅི་ཡང་རྩེན། །འདི་ཀོ་བཀའ་གདམས་བསྟན་པ་འབྱུང་བའི་ཁུངས། །དབུ་རུ་ལོ་དགོན་སྤྱན་སྔ་མང་བྱོན་གྱི། །ཞལ་ལུང་ཉམས་པ་མེད་པའི་དྲོད་པོ་ཆེ། ཁྱབ་བདག་བླ་མ་དམ་པའི་དྲིན་ལས་རྙེད། །བརྒྱུད་རིམ་མ་ཆད་རྗེས་གནང་བཀའ་མ་ནུབ། །ཡིག་རྙིང་ཁུངས་བཅོལ་གཞན་གྱི་རྒྱས་བཀབ་མེད། །གོང་མའི་ཕྱག་བཞེས་ཞུན་ཐར་ཡོངས་བཅད་པས། །ཡིད་ཆེས་གསུམ་དང་ལྡན་སྙམ་ཡི་གེར་བསྡེབས། །དགེ་དེས་བདག་ཏུ་འཛིན་པའི་གདོན་གྱི་ཚོགས། །སྣང་སྟོང་རྟེན་ཅིང་འབྲེལ་འབྱུང་ཁྲོ་རྒྱལ་གྱིས། །དྲུངས་ཕྱུང་མྱ་ངན་འདས་པའི་ཁང་བཟང་དུ། །ལུས་ཅན་མཐའ་དག་ངལ་གསོར་སྤྱོད་གྱུར་ཅིག །ཅེས་མཉམ་མེད་ཇོ་བོ་ཆེན་པོ་དཱི་པཾ་ཀ་རའི་ཡི་དམ་རྟ་མགྲིན་ཤྭ་ན་བཞི་སྐོར་གྱི་སྒྲུབ་ཐབས་དང་(༧༥བ)


GLG010_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་གནང་གི་ཆོ་ག་ཡིད་ཆེས་སུམ་ལྡན་འདི་ནི་དཔལ་ལྡན་བླ་མ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་རིན་ཆེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་རྩོམས་ཤིག་པར་གསུང་གིས་བསྐུལ་བ་དང་དུ་བླངས་ནས་རྩ་བའི་ཡིག་རྙིང་། ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས་བཅོ་བརྒྱད་ཆོས་རྗེ། མཆོག་ལེགས་རྡོ་རྗེ་གསུམ་གྱི་ཡིག་ཆ་སོགས་ཁུངས་ཐུབ་ལ་གཞི་བྱས་བརྒྱུད་ལྡན་བླ་མའི་ཕྱག་བཞེས་ཀྱིས་བརྒྱན་ཏེ་ཀུན་དགའི་ལོ་གྲོ་བཞིན་ཅན་གྱི་གྲལ་ཚེས་ལ་ཟ་ཧོར་གྱི་བནྡེས་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པས་བགྱིས་སོ། ། བླ་མ་བདེ་གཤེགས་སོགས་ཀྱིས་སྐྱབས་སེམས་བྱས་ལ། ཆོས་ཉིད་འཛིན་མེད་སྟོང་པའི་ངང་ཉིད་ལས། །པདྨ་ཉི་ཟླ་རུ་ཏྲ་བསྣོལ་བའི་སྟེང་། །རང་སེམས་ཧཱུཾ་གྱུར་དྲེགས་པ་ཚར་གཅོད་སྐུ། །ཕྱག་གཡས་གསེར་གྱི་རྡོ་རྗེ་མཁའ་ལ་འཕྱར། །གཡོན་པ་སྡིགས་མཛུབ་རྩེ་ལ་སྡིག་པ་འགྱེད། །དུར་ཁྲོད་ཆས་རྫོགས་གཡས་བསྐུམ་གཡོན་བརྐྱང་བཞུགས། །འཇམ་དཔལ་རྟ་མགྲིན་ཕྱག་རྡོར་རྣལ་འབྱོར་མ། །གནས་བཞིར་ཡོངས་གསལ་བ་སྤུའི་བུ་ག་ནས། །ཡཀྵ་མེ་སྦལ་ཚ་ཚ་སྐར་ལྟར་འཕྲོས། །ལྷ་ཚོགས་ཐམས་ཅད་བསྐལ་བ་དུས་མཐའི་མེ། །འུར་འུར་ཆེམ་ཆེམ་འབར་བའི་ཀློང་ན་བཞུགས། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པར་གྱུར། །སྔོན་བསྐལ་མས་སྤྱན་དྲངས། རྩ་བ་གསུམ་གྱི་ལྷ་ཚོགས་ལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆགས་ཉེས་ལྟུང་མ་ལུས་བཤགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཕྱག་རྡོར་གྱི་ཐུགས་ཀའི་ཧཱུཾ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལ་དམིགས་ནས་བཟླས་པ་དང་། བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ་བོ། །སངས་རྒྱས་ཆོས་ཚོགས་ཀྱི་སྐྱབས་སེམས་སྔོན་དུ་བཏང་ནས་སྭ་བྷཱ་ཝས་སྦྱངས་སྟོང་པའི་ངང་ལས་པད་(༧༦ན)


GLG010_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ཟླའི་སྟེང་དུ་རང་སེམས་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས། རང་ཉིད་ཚེ་དཔག་མེད་སྐུ་མདོག་དམར་པོ་ལོངས་སྐུའི་ཆ་ལུགས་ཅན་མཉམ་གཞག་གི་སྟེང་ན་ཚེའི་བུམ་པ་འཛིན་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། ཡང་འོད་འཕྲོས་དབང་ལྷ་གོང་བཞིན་སྤྱན་དྲངས། བདག་ལ་དབང་བསྐུར་བསྩོལ་ཞེས་གསོལ་བ་བཏབ་པས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་བསམ། ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུཾ་གིས་ནང་མཆོད་དབུལ། འཇིག་རྟེན་འདྲེན་པས་བསྟོད། ཐུགས་ཀའི་ཟླ་གདན་ལ་ཧྲཱིཿའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་འཕྲོས། ཚེ་བཅུད་རྣམས་བསྡུས་པར་བསམས་ཏེ་གཟུངས་རིང་ཐུང་ཅི་ནུས་བཟླ། མཐར་དགེ་བ་བསྔོ་ཞིང་སྨོན་ལམ་གདབ་བོ། །ཞེས་པའང་ཟུར་ཁང་ཁྱོ་ཤུག་གཉིས་ཀྱིས་ནན་གྱིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་ཚོགས་དབང་པོའོ། ། ན་མཿཔ་ར་ཧ་ཡེ་ལ་ལཱི་ཏཱ་ཡ། ཁྱོད་ཞལ་མཐོང་བའི་མོད་ལ་བདུད་སྡེའི་དམག །སྟབས་ཅིག་ལག་ཆ་འཆོར་བའི་ཁྲོ་བོའི་རྒྱལ། །རྟ་མཆོག་རོལ་ལ་ཉེ་བར་བསྙེན་པའི་སྒྲ། །ཕྱོགས་བྲལ་རྣ་བའི་བཅུད་དུ་ཆེས་ཆེར་དངར། །འོན་ཏེ་རྒྱ་གར་མཁས་པ་བདེ་འབྱུང་དང་། །བོད་ཡུལ་གྲུབ་བརྙེས་སྐྱེར་སྒང་དགོངས་པའི་གནད། །མ་རྟོགས་རང་བཟོར་སྤྱོད་པའི་ཆུ་འཛིན་གྱིས། །འཁྲུལ་མེད་དོན་གྱི་ཉི་འོད་བསྒྲིབས་པས་ནོངས། །(༧༦བ)


GLG010_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

སྙེ་མོ་གོང་རི་སངས་རྒྱས་དབང་ཆེན་གྱི། །གཏེར་བྱོན་དམ་པའི་དྲིན་ལས་ལེགས་ཐོས་པ། །ཤོག་སེར་ཙན་དན་ངད་དང་སྤང་སྤོས་དྲི། །དབྱེ་བའི་དཔྱོད་ལྡན་ཚོགས་རྣམས་དང་དུ་ལོངས། །དེའང་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམ་བྷ་བས་རྗེ་འབངས་ཉེར་ལྔ་དཔལ་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་སྨིན་པར་མཛད་པའི་པདྨ་གསུང་གི་སྐོར་ལ་རྟ་མཆོག་རོལ་པ། བདེ་གཤེགས་འདུས་པ། གསང་བ་འདུས་པ། པདྨ་དབང་ཆེན། བདུད་རྩི་ཐིགས་པ་སོགས་མང་དུ་ཡོད་པ་རྣམས་ཀྱི་ནང་ནས་ཤིན་ཏུ་ཟབ་པ་རྟ་མཆོག་རོལ་པ་གསང་སྒྲུབ་ཀྱི་སྐོར་མ་འོངས་སྙིགས་མའི་དུས་སུ་གདོན་བགེགས་འབྱུང་པོའི་གཉེན་པོར་ཟབ་གཏེར་དུ་སྦས་པ་སྙེ་མོ་རྒྱ་གོང་རི་བ་སངས་རྒྱས་དབང་ཆེན་གྱིས་སྤྱན་དྲངས་ཐང་ཡིག་ཏུ་འབྱུང་བའི་སྙེ་མོ་གཞུ་ཡས་གནོད་སྦྱིན་འབར་ཡང་འདིའི་མཚན་གྱི་རྣམ་གྲངས་སུ་བཞེད་པ་ཡོད་ཅིང་། གང་ལྟར་ཟབ་གཏེར་གདན་དྲངས་པ་དང་དུས་མཚུངས་སུ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཆིག་བརྒྱུད་རྡོ་རྗེའི་རྒྱས་བཏབ་རིན་ཆེན་སྣ་བདུན་དུ་གྲགས་པའི་ལྔ་པ་དབོན་སྟོན་སྐྱེར་སྒང་བ་ཆེན་པོས་ཤིང་ཕོ་རྟ་ལོ་དགུན་ཟླ་ར་བའི་ཚེས་བཅུ་བདུན་གྱི་ཐོ་རེངས་མནལ་ལམ་བཟུང་ནས་སློབ་དཔོན་ཆེན་པོའི་དྲུང་དུ་བྱོན་པ་ན་སྡེ་བརྒྱད་སྤྱི་དང་ཁྱད་པར་རྒྱལ་བསེན་གྱི་གཉེན་པོར་གྱུར་པའི་གདམས་པ་ཞུས་པ་བཞིན་གནང་བ་དང་གཏེར་སྟོན་ལ་ཤོག་སེར་ཆིག་བརྒྱུད་ཀྱང་གསན་པའི་བཀའ་གཏེར་ཟུང་འཇུག་སྐྱེར་སྒང་ལུགས་སུ་གྲགས་པ་འདི་ཉིད་རྒྱལ་གདོན་ལ་ཕན་ནོ་ཞེས་པའི་སྙན་གྲགས་ཀྱིས་ཡིད་དྲངས་ཏེ་རྨ་ཁར་ཁྱི་ཚིལ་གྱི་དཔེ་ལྟར་ས་དགེ་ཇོ་ཞལ་དྭགས་ཤངས་བོ་ལྕགས་སོགས་གྲུབ་མཐའ་ཐམས་ཅད་ལ་རླུང་ལྟར་གྲགས་གཤིས་ཡིག་ཆའང་མང་དུ་འདུག་པ་ཕལ་ཆེར་གཏེར་གཞུང་མ་གཟིགས་པའི་གསར་མའི་མངོན་རྟོགས་བཛྲ་ས་མཱ་ཛཿས་སྤྱན་དྲངས་པ་མང་ཞིང་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དང་ཚར་ཆེན་ཆོས་ཀྱི་རྒྱལ་པོས་(༧༧ན)


GLG010_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་སྒྲུབ་ཐབས་གཉིས་གཏེར་གཞུང་ལ་ཐུགས་གཞིག་ཆུག་པའི་རྣམ་དཔྱོད་ཆེ་ནའང་གཉིས་ཀར་ས་བོན་ལས་བསྐྱེད་པ་དང་ཐམས་ཅད་མཁྱེན་པའི་དེར་ཡེ་ཤེས་པ་སྤྱན་དྲང་པ་དགུག་བསྟིམ་མཆོད་བསྟོད་བྱེད་པར་གསུངས་པ་འདི་ཉིད་ཐེག་པ་རིམ་པ་དགུ་ལས་བསྐྱེད་པ་མ་ཧཱ་ཡོ་གར་གཏོགས་པས་མི་འགལ་མོད། འོན་ཀྱང་སྔགས་རྙིང་མའི་སྐབས་སུ་ཕྱོགས་མ་ཧཱ་ཡོ་གར་གཏོགས་ཀྱང་ཉམས་ལེན་ཨ་ཏི་ཡོ་ག་ལྟར་བྱེད་པ་དུ་མ་བྱུང་ཞིང་རྫོགས་ཆེན་གྱི་དུས་ས་བོན་ལས་མ་བསྐྱེད་པའི་ཕྱོགས་མང་བ་དང་སྤྱན་འདྲེན་གྱིས་མཚོན་པ་ཡོད་མེད་སྣ་ཚོགས་ཀྱང་ཡེ་ཤེས་པ་གདོད་མ་ནས་རང་བཞིན་ལྷུན་གྱིས་གྲུབ་པའི་དབང་དུ་བགྱིས་ཏེ་སྤྱན་འདྲེན་སོགས་ཀྱི་སྤྲོས་པ་མེད་པ་དུ་མ་འབྱུང་བས་གཏེར་གཞུང་གི་དགོངས་པ་ལྟར་ལྷ་ཉེ་བར་བསྙེན་པའི་སྒྲུབ་ཐབས་ངག་འདོན་དུ་བྱ་བ་ལ། གཞུང་དུ་མི་གསལ་ཡང་དོན་ལ་དགོས་པ་གཞིར་བཅས་ཤིང་སེམས་བསྐྱེད་བྲིས་ཆོག་མི་འདུག་པས་གཞན་ནས་བཀོད་སྐྱབས་འགྲོ་ནི། བདག་དང་མཁའ་མཉམས་སེམས་ཅན་མ་ལུས་པ། །ཁྱབ་བདག་ཀུན་བཟང་གོ་འཕང་མ་ཐོབ་པར། །དཀོན་མཆོག་འདུས་པའི་བདག་ཉིད་རྩ་བ་གསུམ། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆི། །ལན་གསུམ་མམ་བདུན་སོགས་ཇི་ལྟར་རིགས་པ་བྱ། སེམས་བསྐྱེད་ནི། མཐའ་མེད་མར་གྱུར་དྲིན་ཅན་འགྲོ་བ་ཀུན། །བླ་མ་སངས་རྒྱས་ས་ལ་འགོད་པའི་ཆེད། །དབང་ཆེན་རྟ་མཆོག་རོལ་པ་བསྙེན་པའི་ཐབས། །ཟབ་མོའི་སྒྲུབ་པ་ཉམས་སུ་བླང་བར་བགྱི། །ལན་གསུམ་གྱིས་རྒྱུད་དག་པར་བྱས་ལ། དངོས་གཞི་ནི། ཆོས་ཐམས་ཅད་ངོ་བོ་ཀ་ནས་དག་པ་སྤྲོས་པའི་མཐའ་ལས་འདས་པ་སྐྱེ་འགག་གནས་གསུམ་དང་བྲལ་བའི་རང་བཞིན་ལྷུན་གྲུབ་འདུ་མ་བྱས་པ་ལོངས་སྤྱོད་རྫོགས་པའི་སྐུ་གདངས་འགག་པ་མེད་པ་ཐུགས་རྗེ་སྤྲུལ་བའི་སྐུ་ཆུ་ལས་ཉ་ལྡང་བ་ལྟ་(༧༧བ)


GLG010_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་ཚུལ་དུ་སྣ་ཚོགས་པདྨའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་རང་གི་རིག་པ་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་པདྨ་ར་གའི་ལྷུན་པོ་ལ་ཉི་མ་འབུམ་གྱིས་འཁྱུད་པ་ལྟར་དམར་ཞིང་འཚེར་བ་གཞལ་གསུམ་ཕྱག་དྲུག་པ། གཡས་ཞལ་ལྗང་གུ །གཡོན་ཞལ་དཀར་པོ། དབུས་ཞལ་དམར་པོ། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་བགྲད་པ། ཞལ་གདངས་ཤིང་མཆེ་བ་རྣོན་པོ་བཞི་གཙིགས་པ། ལྗགས་འདྲིལ་ཞིང་ཧ་ཧ་དང་ཧཱུཾ་ཧཱུཾ་དང་ཕཊ་ཕཊ་ཀྱི་སྒྲ་ཆེན་པོ་འབྲུག་ལྟར་སྒྲོག་པ། སྨིན་མ་དང་སྨ་ར་དབུ་སྐྲ་ཁམ་སེར་གྱེན་དུ་རྫེས་པ། དབུ་རེ་རེའི་སྟེང་ན་རྟ་མགོ་ལྗང་ནག་ཞུར་དཀར་པོ་ཕྲུམ་ཕྲུམ་སེར་བ་རྔོག་མ་དམར་པོ་ཁ་གདངས་ཤིང་རྟ་སྐད་འཚེར་བ། རྔོག་མའི་གསེབ་ནས་མེ་སྟག་འཕྲོས་པས་སྟེང་ཚངས་པའི་འཇིག་རྟེན་ནས་འོག་དབང་ཆེན་གསེར་གྱི་ས་གཞིར་ཐུག་གི་བར་མེའི་ར་གུར་གྱིས་འགེང་བ། ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ། གཉིས་པ་ན་ཁ་ཊྭཱཾ་གའི་མི་མགོ་སུམ་བརྩེགས་ཀྱི་སྟེང་རྩེ་གསར་མའི་རྡོ་རྗེའི་ཚབ་ཏུ་རྙིང་མར་རྩ་གསུམ་མཛད་པ་ཡིན་གསུམ་གྱིས་མཚན་པ། གསུམ་པ་ན་རལ་གྲིའི་ཡུ་བ་རང་ལ་བསྟན་པ། གཡོན་གྱིས་དང་པོས་སྡིགས་མཛུབ། །གཉིས་པ་ན་མདུང་ཐུང་། གསུམ་པ་ན་རྒྱུ་མའི་ཞགས་པ་བསྣམས་པ། གླང་ཆེན་གྱི་ཀོ་རློན་དང་ཞིང་ཆེན་གྱི་གཡང་གཞིས་སྟོད་གཡོགས་པ། སྟག་གི་པགས་པའི་ཤམ་ཐབས་ཅན། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། ཁྲག་གི་ཐིག་ལེ། ཞག་གི་སོར་རིས། ཐལ་ཆེན་གྱི་ཚོམ་བུས་བྱུགས་པ། མི་སྐྲའི་ཚངས་སྐུད་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཞབས་གཡས་བཞི་བསྐུམ་ཞིང་གཡོན་བཞི་བརྐྱང་པས་ཀླུ་བརྒྱད་ཀྱི་ངོ་བོ་སྦྲུལ་བརྒྱད་བརྫིས་པ། སྒེག་ཅིང་དཔའ་བ། འཇིགས་སུ་རུང་བ་རྒོད་དང་གཤེ་དང་སྙིང་རྗེ་རྔམ་པ་འབར་ཁྲོ་ཞི་བ་སོགས་གར་དགུའི་ཉམས་(༧༨ན)


GLG010_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའི་མགུར་གྱི་བུམ་པ་ནས་ཞབས་ཀྱི་ལོང་བུ་ཡན་ཆད་ཁྲོ་ཆུང་མཚོན་གང་བ་སྡང་མིག་ཏུ་བལྟ་བ། ཁ་གདངས་ཤིང་མཆེ་བ་གཙིགས་པ། བྱེ་ཕྲུག་ཕྱག་སྦུག་ཏུ་བཅུག་པ་ལྟར་ཁ་བས་མིག་ཆེ་བའི་ཁྲོ་ཆུང་གིས་གཏམས་པ། ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་དང་ཐུགས་ཀར་ས་བོན་བཤད་པ་བྱིན་རླབས་ཀྱི་བཟླས་ལུང་སྐབས་དགོས་ཀྱི་འདིར་ཞལ་ནས་འཕྲོས་པས་ཆོག་པ་གཏེར་གཞུང་གི་དགོངས་པ་ཡིན་པ་སྔགས་འཁོར་གསོལ་མ་བཏབ་ན་ལྷ་དེ་ངན་པར་སོང་དོགས་པའི་བློ་འཚུབ་ལངས་མི་དགོས་འོད་ཟེར་ཡར་འཕྲོས། དུས་གསུམ་གྱི་སངས་རྒྱས་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་ཞིང་ཁམས་ཁྱབ། འདོད་པའི་ཡོན་ཏན་ལྔ་ལ་སོགས་པའི་ཟག་པ་མེད་པའི་མཆོད་པས་ཐུགས་རྒྱུད་མཉེས། །བྱིན་རླབས་རྣམས་ཚུར་འདུས་བདག་ལ་ཐིམ་པས་སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་སྤངས། ཡི་དམ་གྱི་ལྷ་དངོས་དང་ཁྱད་པར་མེད་པའི་ནུས་པ་ཐོབ། སྔགས་ཀྱི་སྒྲ་དང་འོད་ཟེར་མར་འཕྲོས། མནར་མེད་སོགས་ངན་སོང་གསུམ་དང་བདེ་འགྲོའི་སེམས་ཅན་རྣམས་ལ་ཕོག །ཚ་གྲང་བཙོ་སྲེག་བཀྲེས་སྐོམ་གླེན་ལྐུགས་འགྱུར་བ་དང་འདུ་བྱེད་ཀྱི་སྡུག་བསྔལ་ཐམས་ཅད་སྦྱངས་ཏེ་བདེ་བ་ལ་བཀོད། བ་སྤུ་ཉག་མ་རེའི་རྩ་བ་ན་རྟ་མགྲིན་དཔག་ཏུ་མེད་པ་དང་སྔགས་ཀྱི་སྒྲ་དང་འོད་ཟེར་འཕྲོས། རྒྱལ་འགོང་དམ་སྲི་སོགས་གནོད་བྱེད་སྡེ་བརྒྱད་འབྱུང་པོ་བྱད་མ་རྦོད་གཏོང་དང་བཅས་པར་ཕོག མགར་གྱི་སོལ་མལ་དུ་རྩ་སྦུར་བབས་པ་བཞིན་གནོད་བྱེད་དགྲ་བགེགས་ཐམས་ཅད་རང་སྲོག་རང་གིས་བཅད་པ་ལྟར་སྐྲག་དངངས་རེངས་བརྒྱལ་ཏེ་ཐལ་བར་བུན་བུན་སོང་། ལྷག་མ་རྣམས་ཀྱང་སྟོང་གསུམ་གྱི་འཇིག་རྟེན་དུའང་བསྡད་པའི་དབང་མེད་པར་བརླག་པར་བསམས་ལ། ཨོཾ་ཧྲཱིཿལ་ལ་བཛྲ་བྱེད་པ་དང་འགའ་ཞིག་ཏུ་ཧྲཱིཿདང་བཛྲ་གཉིས་ཀ་མེད་པའི་སྣ་ཚོགས་སྣང་བ་གཏེར་(༧༨བ)


GLG010_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་དུ་འབྱིན་འཇུག་གི་སྦས་པ་མ་རྟོགས་པར་ཡིག་ནག་ཐུག་ཕྲད་དུ་བཞག་པའི་ལོག་རྟོག་གིས་ནོངས་སོ། །པདྨཱནྟ་ཀྲི་ཏ་བཛྲ་ཀྲོ་ཏ་ཧ་ཡ་གྷྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་ཅི་ནུས་སུ་བཟླ། བསྙེན་པ་སོང་ནས་རྩ་སྔགས་གཤམ་དུ་དབང་དུ་བསྡུ་སྔགས། ཨཱཽ་བཛྲ་དུ་ན་བྷྱོ། ཏྲི་ག་ནན། ཛཿཛཿས་མ་ཡ་སྟྭཾ། ལས་སྔགས། ས་མ་ཡ་ཛཿ ས་མ་ཡ་བཟློག །ས་མ་ཡ་བྷྱ། ས་མ་ཡ་གཏུབས། ས་མ་ཡ་བྱེར། ས་མ་ཡ་རྦད། ས་མ་ཡ་རྦ་ར་རྦུད་ཕཊ་ཡ། འབྱུང་པོ་མཱ་ར་ཡ་ཛ་ཛཿརྣམས་སྤེལ་ནས་ཉེར་གཅིག་བཟླ། མི་དམིགས་པའི་ངང་ནས་ལྷར་ལངས་ཏེ། དགེ་བ་འདི་ཡིས་མྱུར་དུ་བདག་སོགས་བསྔོ་སྨོན་ཤིས་བརྗོད་བྱ། རྒྱན་གྱི་ཉམས་ལེན་ལ་གཏོར་མ་འབུལ་མི་དགོས་ཤིང་བསྙེན་པ་ལ་དགོས་པའི་གསལ་ཁ་མ་བྱུང་ཡང་དབང་ཆོག་ཏུ་སྤྱན་འདྲེན་མཆོད་བསྟོད་བཤད་པའི་ཤུགས་ལ་དོན་གྱིས་ཐོབ་པས་བྲིས་འབུར་གྱི་རྟེན་དང་སྒྲུབ་གཏོར་རྟ་མགོ་ཅན་བཀོད་པའི་མདུན་དུ་རྩ་བ་གསུམ་དང་གཞི་བདག་གཏོར་མ། སྨན་རཀ་བཤམ། བདག་བསྐྱེད་ཀྱི་སྒྲུབ་ཐབས་འདོན་པའི་དུས་མདུན་བསྐྱེད་གསལ་འདེབས་པའི་མདོ་ཙམ་བློས་མ་ལྕོགས་ན་ཐུན་མཚམས་སུ། མཆོད་རྫས་བརླབ་པ་ནི། ཧྲཱིཿ དམ་ཚིག་གསང་བའི་དཀྱིལ་འཁོར་འདིར། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས། །ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས། །ཐུགས་དམ་བསྐོང་ཕྱིར་འབུལ་གྱིས་བཞེས། །ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་ནས་ཤབྡའི་བར་དང་། འདི་དང་སྤྱན་འདྲེན་མཆོད་འབུལ་རྣམས་རང་གཞུང་དུ་མི་གསལ་པ་རཏྣའི་རྟ་མགྲིན་གསང་འདུས་ནས་བླངས། ཨཱོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲི་ཋ། ཨཱོཾ་ཨཱཿཧཱུཾ་མ་ཧཱ་པ་ལ་ཏ་ཧཱུཾ་ཧྲི་ཋ། ཨཱོཾ་ཨཱ་ཧཱུཾ་མ་ཧཱ་རཀྟ་ཧཱུཾ་ཧྲི་ཋ། ལན་གསུམ་རེ་བརྗོད། མདུན་བསྐྱེད་ཀྱི་རྟེན་རྣམས་བདག་བསྐྱེད་ལྟར་གསལ་གདབ། སྤྱན་དྲང་བ་ནི། ཧྲཱིཿ དམ་ཚིག་ཆེན་པོའི་དུས་ལ་བདེ། །བདེ་ཆེན་དབང་(༧༩ན)


GLG010_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་རོལ་པ་ཡི། །བསྐལ་པའི་མེ་དཔུང་འབར་ཀློང་ནས། །དབང་གི་རྒྱལ་པོ་གཤེགས་སུ་གསོལ། ཨཱོཾ་ཧ་ཡ་གྷྲཱི་ཝ་ཨེ་ཧྱེ་ཧི་ཛཿཧཱུཾ་བཾ་ཧོཿས་བསྟིམ། བཞུགས་གསོལ་ནི། ཧྲཱིཿ སྤྲོས་བྲལ་བདེ་ཆེན་གཞལ་ཡས་དམ་པ་འདིར། །རྟེན་དང་གཉིས་མེད་ངང་དུ་སྒྲུབ་སླད་དུ། །དྲེགས་པ་འཇོམས་ཤིང་སྲིན་པོ་འདུལ་བའི་ལྷ། །རྔམ་བརྗིད་འགྱིང་བའི་ཚུལ་གྱིས་བཞུགས་སུ་གསོལ། །ཨོཾ་ཧ་ཡ་གྷྲཱི་ཝ་ས་མ་ཡ་ཏིཥྛ་ལྷན། ཕྱག་ནི། ཨ་ཏི་པ་ཧོ་པྲ་ཏཱིཙྪ་ཧོཿ ཨ་ལ་ལ་ཧོཿ ཉེར་སྤྱོད་ཕྱི་ནང་འབུལ་བ་ནི། ཧྲཱིཿདབང་ཆེན་གསང་བའི་དཀྱིལ་འཁོར་དུ། །བདུག་སྤོས་མེ་ཏོག་མར་མེ་དྲི། །ཞལ་ཡས་ཟིལ་སྙན་མཆོད་པའི་སྤྲིན། །སྣང་སྲིད་མཆོད་པར་འབུལ་གྱིས་བཞེས། །ཨོཾ་བཛྲ་པུཥྤེ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཧྲཱིཿ དབང་ཆེན་གསང་བའི་ལྷ་ཚོགས་ལ། །དབང་པོ་སྣ་ལྔའི་མེ་ཏོག་དང་། །གསུར་ཆེན་བདུག་སྤོས་དྲི་ཡིས་མཆོད། །ཞུན་ཆེན་སྣང་གསལ་མར་མེ་དང་། །རྡོ་རྗེ་དྲི་ཆུ་བྱུག་པས་མཆོད། །བདུད་རྩི་དྲི་ཆེན་ཞལ་ཟས་དང་། །རྐང་གླིང་ཐོད་པའི་རྔ་སྒྲས་མཆོད། །དུག་གསུམ་སྐུ་གསུང་ཐུགས་གསུམ་དང་། །དུས་ལྔ་ཡེ་ཤེས་ལྔ་རུ་མཆོད། །སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད། །མ་ཧཱ་པཉྩ་པཱུ་ཛ་ཧོཿ སྨན་གཏོར་རཏྐ་འབུལ་བ་ནི། ཧྲཱིཿ རྩ་བརྒྱད་སྟར་སྦྱར་བདུད་རྩི་ཨ་མྲྀ་ཏ། །དུག་ལྔ་གནས་གྱུར་ཡེ་ཤེས་སྒྲུབ་པའི་རྫས། །རོ་མཆོག་ཡོན་ཏན་ཀུན་དང་ལྡན་པ་འདི། །གསོལ་ཞིང་མཆོད་དོ་འགྲོ་བའི་དོན་དུ་བཞེས། །སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲིཿཋ། ཆོས་སྐུ་སྣང་མཐའ་ལོངས་སྐུ་པདྨ་དབང་། །སྤྲུལ་སྐུ་པད་འབྱུང་གཏེར་སྟོན་གོང་རི་བ། །ཆོས་ཀྱི་སེང་གེ་གཉན་སྟོན་ཆེན་པོ་ལ། །རྩ་བརྒྱད་སྟེང་སྦྱར་བདུད་རྩིའི་མཆོད་པ་འབུལ། །སརྦ་པ༝། །ཆོས་རྗེ་(༧༩བ)


GLG010_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་གཙང་མ་ཤངས་སྟོན་དང་། །རྒྱལ་མཚན་འབུམ་པ་ཁྱུང་པོ་ཚུལ་ཁྲིམས་མགོན། །སངས་རྒྱས་སེང་གེ་སངས་རྒྱས་རྡོ་རྗེ་ལ༝། །ཐར་པ་དཔལ་བཟང་སངས་རྒྱས་རྣམ་རྒྱལ་རྗེ། །ཚར་ཆེན་ཀུན་མཁྱེན་མཁྱེན་བརྩེ་དབང་རབ་ཞབས། །བཀའ་འགྱུར་བ་དང་བསོད་ནམས་མཆོག་གྲུབ་ལ༝༝། །སླར་ཡང་ཁྱུང་པོ་ཚུལ་ཁྲིམས་མགོན་པོའི་ཞབས། །ཐུགས་རྗེ་ཆོས་རྒྱལ་དོན་ཡོད་རྒྱལ་མཚན་དཔལ། །ཀུན་དགའ་རྒྱལ་མཚན་དགེ་འདུན་རྒྱ་མཚོའི་སྡེར༝། །ཆོས་རྗེ་ཡོན་མཆོག་བསོད་ནམས་རྒྱ་མཚོའི་དཔལ། །གྱེ་རེ་ལྷ་བཙུན་དཔལ་འབྱོར་ལྷུན་གྲུབ་རྗེ། །ཆོས་དབྱིངས་རང་གྲོལ་རྩ་བའི་བླ་མ་ལ༝། །དབང་དྲག་ཁྲོ་རྒྱལ་རྟ་མཆོག་རོལ་བའི་ལྷ། །མ་དང་མཁའ་འགྲོ་དམ་ཅན་ཆོས་སྐྱོང་ཚོགས། །གཏེར་གྱི་སྲུང་མ་ཡུལ་ལྷ་གཞི་བདག་ལ༝། །ཧྲཱིཿ ཕྱི་ནང་དམ་རྫས་གསང་བའི་གཏོར་ཆེན་པོ། །སྣང་སྲིད་གཞི་བཞེངས་འདོད་ཡོན་རོ་མཆོག་སྤུས། །ཤ་ཁྲག་དམར་དང་ཞག་གི་སྤྲིན་དུ་གཏིབས། །དབང་ཆེན་རྟ་མཆོག་ཞལ་དུ་རོལ་ཞིང་བཞེས། །གཏོར་བརླབ་རྒྱུད་སྡེ་འོག་མ་ལྟར་དང་འབུལ་སྔགས་ཟུར་བཤངས་པའི་ཡིག་རྙིངས་སུ་སྣང་བ་གཏེར་གཞུང་གི་དགོངས་པར་མ་མངོན་མ་ཧཱ་བྷ་ལིནྟ་ཁཱ་ཧི། ཧྲཱིཿ དུག་གསུམ་རྩོད་གཅོད་དགྲ་བགེགས་བསྒྲལ། །འཁོར་འདས་མཉམ་རྫོགས་བྷནྡྷར་འཁྱིལ། །དུག་ལྔ་གནས་སུ་གཞོམ་པའི་ཕྱིར། །དབང་ཆེན་རྟ་མཆོག་ཞལ་དུ་འབུལ། །མ་ཧཱ་རཀྟ་ཀོ་ནི་རི་ཏི་ཁཱ་ཧི། བསྟོད་པ་ནི། ཧྲཱི། རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གདུང་། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས། །སྤྱན་རས་གཟིགས་སྤྲུལ་ཧྲཱིཿལས་རྔམ་ཆེན་སྤྲུལ། །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་ལོ། །དབང་ཆེན་ཀུན་འདུས་དབང་གི་རྒྱལ་པོ་སྟེ། །དབང་གི་མདོག་དམར་བསྐལ་པའི་མེ་འདྲ་ལ། །དབང་ཆེན་རྔམ་བརྗིད་ཉི་མ་འབུམ་གྱི་(༨༠ན)


GLG010_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

གཞི། །དབང་མཛད་དབང་གི་སྐུ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་བྱམས་པའི་ངང་ལས་མ་གཡོས་ཀྱང་། །ལས་ངན་གདུག་པའི་སེམས་ཅན་སྒྲལ་མཛད་པ། །ཞེ་སྡང་གཏུམ་ཁྲོ་དུས་མཐའི་མེ་ལྟར་འབར། །རྔམ་བརྗིད་འགྱིང་པའི་སྐུ་ལ་ཕྱག་འཚལ་ལོ། །གཞི་བདག་ལ་གཏོར་མ་བསྔོ། །ཚོགས་བྱ་བར་འདོད་ན་ཡང་གསང་དང་གསང་འདུས་སོགས་ནས་བླངས་པས་འགྲུབ་ཅིང་། །ཚོགས་ཕུད་དང་པོ་སློབ་དཔོན་པདྨ། གཉིས་པ་ཡི་དམ། གསུམ་པ་ཆོས་སྐྱོང་། བཞི་པ་གཞི་བདག །ལྔ་པ་གནོད་བྱེད་རྣམས་ལ་འབུལ་བར་དམིགས་བསལ་དུ་བཤད། མཚམས་གྲོལ་ཁར་དངོས་གྲུབ་བླང་བ་བཤགས་པ། རྟེན་ལ་བརྟན་བཞུགས་སྨོན་ལམ་ཤིས་བརྗོད་བྱའོ། །རྒྱལ་ཀུན་གསུང་གི་རྡོ་རྗེ་སྣང་མཐའ་ཡས། །མི་བཟད་བགེགས་དཔུང་མཐར་བྱེད་རྟ་མཆོག་གི །གདམས་པའི་རིན་ཆེན་གླིང་བགྲོད་ཚོང་ཕྲུག་ཕལ། །ལོག་རྟོག་མཆིང་བུའི་ཁྲེས་ཀྱིས་གཅིག་ཏུ་ངལ། །ཨོ་རྒྱན་མཁན་པོའི་བཞེད་གཞུང་བཅུ་དྲུག་ཆ། །ཡོངས་གང་གཟུར་གནས་ཀུནྡ་འཛུམ་པའི་ཚེ། །འགལ་དུམ་སྤེལ་བའི་ཡིག་ནག་ཆུ་ནང་གཟུགས། །ཟླ་བར་འཛིན་རྣམས་བྱིས་པའི་བློ་གྲོས་བཞིན། །དེ་ཕྱིར་ཉམས་ལེན་ཁྱེར་བདེ་ཀུན་ཚང་བའི། །ཚིག་གི་སྲད་བུར་བརྒྱུས་པའི་པད་རག་ཕྲེང་། །ཤེས་ལྡན་མགུལ་པའི་རྒྱན་དུ་སྤུད་པའི་དགེས། །བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་གྱུར་ཅིག །དེའང་སྔ་ཐོག་ཕྱོགས་འདི་ལ་འདྲིས་པ་ཆུང་དུས་དྲུང་ཡིག་ངག་དབང་དགེ་ལེགས་དང་སྔགས་རམས་པ་བློ་བཟང་དོན་གྲུབ་གཉིས་ཀྱིས་བསྐུལ་མ་བྱུང་ཚེ་བྲག་སྣ་ཆོས་རྗེས་གཡས་ཞལ་དཀར་བ་དང་གཤོག་པ་ཡོད་པ་སོགས་འགྲིག་འགྲིག་མང་པོ་གླེང་བ་ཚད་མར་ཟུང་བའི་གཡར་ཁྲལ་ཞིག་བགྱིས་པ་དཔྱོད་ལྡན་(༨༠བ)


GLG010_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཁྲེལ་འདས་ཀྱི་རྒྱུ་ལས་མ་མཆིས། ཉེ་ལམ་སྒྲུབ་ཐབས་པདྨ་རཱ་གའི་ཕྲེང་བ་ཞེས་པ་འདི་ནི་དྲུང་ཡིག་དར་རྒྱས་བཀྲ་ཤིས་ཀྱིས་གསེར་གྱི་མཎྜལ་དང་བཅས་བསྐུལ་ཞིང་དགེ་སློང་ཡོན་ཏན་དཔལ་བཟང་དང་སྔགས་རམས་པ་བློ་བཟང་ཆོས་ལྡན། དགོན་ཀ་བ་བློ་བཟང་དོན་ལྡན་རྣམས་ཀྱིས་དགོས་ཚུལ་རིམ་པར་བྱུང་བ་དང་། གིང་ཆེན་ཚངས་པའི་སྐུ་ཁོག་དབང་འདུས་རྒྱལ་པོས་གསེར་སྲང་གང་སོགས་ཀྱི་སྐྱེས་དང་བཅས་བསྐུལ་བ་ལྟར་དཔྱད་ཤིན་ཏུ་བཟོད་པའི་ལུགས་སུ་བྱས་པ་མོན་པ་གྲོ་བའི་རྡོར་གཅོད་དུ་འགྲོ་ཤས་ཆེའང་ཐེག་དགུའི་རྣམ་གཞག་མཁྱེན་པ་རྣམས་ཀྱིས་མ་འཕྱ་བ་རྒྱུ་མཚན་དུ་བྱས་ཏེ་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་ལས་ཆོས་ཚུལ་འདི་ལ་བློ་མིག་ཡངས་པ་ཟ་ཧོར་གྱི་སྔགས་བཙུན་ཆེ་མཆོག་འདུས་པ་རྩལ་གྱིས་མེ་འབྲུག་ཆུ་སྟོད་ཀྱིས་ཉ་བ་བདེན་པ་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་གྱི་ཉིན་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་གྲགས་པའོ། ། ན་མོ་བཛྲཱ་ཡུདྷཱ་ཡ། གང་ཞིག་ཞབས་སེན་དམར་བའི་རྡུལ། །སྤྱི་བོར་ལྷུང་བའི་མོད་ཉིད་ལ། །ངན་འགྲོ་ལས་ལྡོག་མི་འཁྲུགས་པའི། །སྒྲུབ་པའི་ཐབས་ཀྱི་རིམ་པ་འདྲི། །དེའང་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་རྣལ་འབྱོར་རྒྱུད་དུ་བཀྲལ་བ་དང་། ལྷ་དགུ་བྱ་རྒྱུད་དུ་གཏོགས་པ་གཉིས་ཀར་དཀྱིལ་འཁོར་ལ་བརྟེན་པའི་མངོན་དཀྱིལ་གྱི་རྣམ་གཞག་ཡོད་ལ། འདིར་ཇོ་བོ་ཆེན་པོ་མར་མེ་མཛད་ནས་ཉེ་བར་བརྒྱུད་དེ་དཔལ་སྣར་ཐང་བའི་བཀའ་སྲོལ་ལས་བྱུང་བའི་གཙོ་རྐྱང་གི་མངོན་པར་རྟོགས་པ་ཉམས་སུ་བསྟར་བ་ལ་སྐྱབས་སེམས་སྤྱི་ལྟར་རམ་བསྡུ་ན། སངས་རྒྱས་ཆོས་ཚོགས་མ་བྱ། ཚོགས་ཞིང་ནི། རང་རྡོ་རྗེ་མི་འཁྲུགས་པར་གསལ་བའི་ཐུགས་ཀར་ཟླ་གདན་(༨༡ན)


GLG010_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་རྡོ་རྗེ་མི་འཁྲུགས་པ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་ཨཀྵ་བྷྱཿམཎྜ་ལེ་བྷྱཿས་ཕྱག་བྱ། ཨོཾ་བཛྲ་ཨཀྵོ་བྷྱཿཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། པཱ་དྱཾ་ནས་ཤཔྡའི་བར་གྱིས་མཆོད། གུར་ལས་བྱུང་བའི་རྒྱུན་བཤགས་དང་ཚད་མེད་བཞི་བསྒོམ། སྭ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་མཐིང་ཤུན་གྱི་མདོག་ལྟ་བུ་དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་རྣམས་ངན་འགྲོར་སྐྱེ་བའི་རྒྱུ་ལས་དང་ཉོན་མོངས་པའི་ཚོགས་དང་ཁྱད་པར་རང་གི་ལུས་རྣམ་སྨིན་ཤ་ཁྲག་རྡོས་བཅས་ཀྱི་ཕུང་པོ་དང་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། བཅོམ་ལྡན་འདས་ཀྱི་གོ་འཕང་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་གི་སེམས་ཀྱི་ངོ་བོ་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་སྐུ་མདོག་ཨིནྡྲ་ནཱི་ལའི་མདོག་ལྟར་སྔོ་བ། དབུའི་གཙུག་ཏོར་དང་ན་བཟའ་ཆོས་གོས་དམར་པོ་སོགས་སྤྲུལ་པའི་སྐུའི་ཆ་ལུགས་ཅན། ཞི་ཞིང་འཛུམ་པའི་སྤྱན་གཉིས་འགྲོ་ལ་གཟིགས་པ། ཕྱག་གཡས་ས་གནོན་དང་གཡོན་མཉམ་གཞག་མཛད་པ། ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་པདྨ་དང་ཟླ་བའི་གདན་ལ་བཞུགས་པའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པའི་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། གོང་གི་ཕྱག་མཆོད་བྱེད་ཅིང་། བསྟོད་པ་ནི། ཆོས་ཉིད་མཉམ་པ་ཉིད་ལས་མ་གཡོས་ཀྱང་། །ཐུགས་རྗེས་རྟག་ཏུ་མྱ་ངན་མི་གཡོ་བར། །མཐའ་ཡས་འགྲོ་བའི་དོན་བསྒྲུབ་ལྷུར་མཛད་པ། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྡོ་རྗེ་(༨༡བ)


GLG010_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཁྲུགས་པས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། ཡང་འོད་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས་ཨོཾ་པཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི་ཞེས་སོགས་ཀྱི་མཐར་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམ། རང་གི་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པའི་ཟླ་གདན་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭཱ་ནཱཉཙ་སྭཱ་ཧཱ། ཞེས་པའི་སྔགས་ཕྲེང་ཀློག་པའི་ཚུལ་ལམ། ཞལ་ནས་ཐོན་ཏེ་ལྟེ་བ་ནས་ཞུགས་སྐུའི་དབྱིབས་བརྒྱུད་མགལ་མེ་འཁོར་བ་ལྟར་དམིགས་ནས་བཟླས་པ་ཅི་ནུས་སུ་བྱ། ཡི་གེ་བརྒྱ་པས་བྱིན་རླབས་བརྟན་པར་བྱ། རང་ཉིད་ལྷར་གསལ་བའི་གདན་པད་ཟླ་ནས་ཡར་འོད་དུ་ཞུ། སྐུའི་སྟོད་ནས་མར་འོད་དུ་ཞུ་ཐུགས་ཀའི་ཟླ་གདན་སྔགས་འཁཽར་དང་བཅས་པ་ལ་ཐིམ། དེ་ཉིད་ཧཱུཾ་ལ་ཐིམ། དེའི་ཞབས་ཀྱུ་ཧ་ལ། ཧ་ཧའི་མགོ་བོ་ལ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ། ནཱ་ད་ཡང་མི་དམིགས་པར་བསམ། དེ་ལས་ལངས་ཏེ་ལྷར་གསལ་བས། དགེ་བ་འདི་ཡིས་མྱུར་དུ་བདག །མི་འཁྲུགས་རྒྱལ་པོ་འགྲུབ་གྱུར་ནས། །ཞེས་སོགས་ཀྱི་སྨོན་ལམ་ཤིས་བརྗོད་བྱའོ། །སྣར་ཐར་བརྒྱ་རྩའི་ནང་ཚན་རྡོ་རྗེ་མི་འཁྲུགས་པ་གཙོ་རྐྱང་གི་སྒྲུབ་ཐབས་ངན་འགྲོ་ཀུན་ཁེབས་ཞེས་པ་འདི་ནི་སྔགས་བན་ངག་དབང་རྒྱ་མཚོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་(༨༢ན)


GLG010_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། ། སྭསྟི། བདེ་གཤེགས་གཙུག་ཏོར་ལས་འཁྲུངས་ལྷ་མོའི་ཚུལ། །ཞབ་སེན་དམར་འོད་སྤྱི་བོར་བཀོད་པའི་མོད། །བདུད་བཞིའི་གཡུལ་ལས་རྒྱལ་བྱེད་གདུགས་དཀར་མོའི། །སྒྲུབ་ཐབས་འཇིགས་མེད་འབྱུང་གནས་བཞེད་སྲོལ་འདྲི། དེ་ལ་འདིར་ཇོ་བོ་གདུགས་དཀར་མོའི་མངོན་པར་རྟོགས་པ་དཀྱིལ་འཁོར་གྱི་ཆོ་ག་དང་གཙོ་རྐྱང་ལ་བརྟེན་པའི་ཟུར་བཀའ་དང་སྤྱི་བཀའི་རྣམ་གྲངས་མང་བ་ལས། རྡོ་རྗེ་གདན་གྱི་མ་ཧཱ་བོ་དྷིའི་གནང་བ་རྗེས་སུ་ཐོབ་ནས་སློབ་དཔོན་ཆེན་པོ་ཨ་བྷ་ཡཱ་ཀ་རས་སྒྲུབ་ཐབས་ཉིས་བརྒྱ་དང་ཞེ་གཉིས་གསུངས་པའི་ནང་ཚན་གཞན་གྱིས་མི་ཐུབ་མ་གཙུག་ཏོར་གདུགས་དཀར་མོའི་རྣལ་འབྱོར་ལ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། རང་སྐད་ཅིག་གིས་གཞན་གྱིས་མི་ཐུབ་པའི་གཙུག་ཏོར་གདུགས་དཀར་མོར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་གཞན་གྱིས་མི་ཐུབ་མ་ལ་བླ་མ་མི་བསྐྱོད་པའི་རྣམ་པས་དབུ་བརྒྱན་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་བཛྲ་ས་མཱ་ཛཿས་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་ནས་ཤབྡའི་བར་གྱིས་མཆོད། གུར་ལས་འབྱུང་བའི་རྒྱུན་བཤགས་ལན་གསུམ་དང་ཚད་མེད་བཞི་བསྒོམ། ཤཱུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་རང་གི་སེམས་ཨོཾ་དཀར་པོ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་པདྨ་དང་ཟླ་བའི་སྟེང་དུ་རང་ཉིད་གཞན་གྱིས་མི་ཐུབ་པའི་གདུགས་དཀར་མོ་ཅན་སྐུ་མདོག་དཀར་མོ་དཀར་སྔོ་དམར་པོའི་ཞལ་གསུམ་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། དབུ་སྐྲ་གནག་སྣུམ་རལ་པའི་ཐོར་ཚུགས་ལྷག་མའི་ལན་བུ་ཅུང་ཟད་འཕྱང་བ། ཕྱག་གཡས་ཐར་རྩེ་པའི་གསལ་སྒྲོན་དུ་གཡས་གསུམ་འཁོར་ལོ་མདའ་ལྕགས་ཀྱུ། གཡོན་གསུམ་རྡོ་རྗེ་གཞུ་ཞགས་པ་འཛིན་པ། བརྒྱ་རྩ་དང་མཐུན་པ་བྱུང་བས་དངོས་བསྟན་དང་དགོངས་པ་འགྲེལ་(༨༢བ)


GLG010_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཀྱི་ཁྱད་པར་ཡིན་ནམ་སྙམ། གསུམ་ན་འཁོར་ལོ་ལྕགས་ཀྱུ་གཞུ། གཡོན་གསུམ་ན་རྡོ་རྗེ་མདའ་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཅན། །རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། སེ་མོ་དོ། དོ་ཤལ། ཕྱག་ཞབས་ཀྱི་གདུ་བུ། འོག་པག་སྟེ་རིན་པོ་ཆེའི་རྒྱན་དང་། དར་གྱི་སྟོད་གཡོགས་དང་ཤམ་ཐབས་གསོལ་བ། ཁྲོས་པའི་ལྟ་སྟངས་ཀྱིས་ས་འོག་གི་གདོན་ཐམས་ཅད་འཇོམས་པར་མཛད་པ། ཞབས་སྐྱིལ་མོ་ཀྲུང་གིས་འོད་དང་འོད་ཟེར་འཕྲོ་བའི་དབུས་ན་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧྲཱི་སྔོན་པོ། །དེའི་སྟེང་དུ་ཟླ་བ་ལ་ཨོཾ་དཀར་པོ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡི་གེ་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། ཡང་འོད་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ་ཞེས་དབང་བསྐུར་བས་ལུས་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་བསམ། ཉེར་སྤྱོད་དང་རོལ་མོས་མཆོད། ཧཱུཾ། བདེ་གཤེགས་ཐུགས་རྗེའི་གཙུག་ཏོར་ལས་འཁྲུངས་ཤིང་། །བདེ་འབྱུང་བསྟན་ལ་གནོད་བྱེད་ཕྱིར་བཟློག་པ། །བདེ་གཤེགས་འབྲས་བུ་ཉེར་བར་སྩོལ་མཛད་པའི། །བདེ་མཆོག་གདུགས་དཀར་ཅན་ལ་ཕྱག་འཚལ་ལོ། །ཞེས་བསྟོད། ཐུགས་ཀར་ཟླ་གདན་ལ་ཨོཾ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་དམིགས་ཏེ། ཨོཾ་སི་ཏ་ཏ་པ་ཏྲེ། ཨ་པ་ར་མི་ཏ་སརྦ་གྲ་ཧ་ན། ཏྲཱ་ས་ཡ་ཏྲཱ་ས་ཡ། ཧ་ན་ཧ་ན། དྲུཾ་དྲུཾ། ཧཱུཾ་ཧཱུཾ། ཕཊ་ཕཊ་སྭཱཧཱ་ཞེས་བཟླ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། ཞེས་འདོད་དོན་ལ་གསོལ་བ་གདབ། དགེ་བ་(༨༣ན)


GLG010_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡིས་མྱུར་དུ་བདག །ཅེས་སོགས་ཀྱི་སྨོན་ལམ་དང་ཤིས་བརྗོད་ཅི་རིགས་བྱའོ། །དྲན་པའི་མོད་ལ་ཉེས་བརྒྱའི་སྨག་གི་རུམ། །མཐར་བྱེད་བཅོམ་ལྡན་གདུགས་དཀར་རྟ་བདུན་པས། །བྱང་ཆུབ་སྙིང་པོའི་བར་དུ་མགོན་མཛད་ནས། །སྲིད་ཞིའི་ཕུན་ཚོགས་སྣང་བ་འབར་བར་ཤོག །དེ་ལྟར་བཅོམ་ལྡན་འདས་གཞན་གྱིས་མི་ཐུབ་པའི་སྒྲུབ་ཐབས་རྡོ་རྗེ་ཕ་ལམ་ཞེས་པ་འདི་ནི་བྱ་ནག་རིགས་ཀྱི་ཐིག་ལེ་པཎ་ཆེན་དཀོན་མཆོག་ཆོས་གྲགས་དང་། གསུང་གླིང་དཀའ་བཅུ་རྒྱལ་མཚན་དར་རྒྱས་གཉིས་ཀྱིས་བསྐུལ་མ་བྱུང་བ་བཞིན་སྒྲུབ་ཐབས་རྒྱ་མཚོའི་རྒྱ་གཞུང་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་ཞབས་ཀྱི་གསུང་རབ་ཀྱི་དགོངས་དོན་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡ་ིགེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། ། ན་མོ་གུ་རུ་ཤྩ་གུ་ཧྱ་པ་ཏ་ཡེ། གྲངས་མེད་རྒྱལ་བའི་གསང་བ་ཀུན་གྱི་མཛོད། །འཛིན་མཛད་ལག་ན་རྡོ་རྗེའི་ངོ་བོ་ཉིད། །ཁྱབ་བདག་བླ་མའི་ཞབས་རྡུལ་གཙུག་བསྟེན་ནས། །སྒྲུབ་ཐབས་དངོས་གྲུབ་འདོད་པ་རྣམ་པར་འཇོ། །དེ་ལ་འདིར་དཔལ་གསང་བའི་བདག་པོ་གོས་སྔོན་ཅན་གྱི་རྣལ་འབྱོར་ཉམས་སུ་བླང་བ་ནི། །དབེན་པའི་གནས་སུ་བདེ་བའི་སྟན་ལ་བསམ་གཏན་གྱི་འདུག་སྟངས་དང་ལྡན་པའི་ངང་ནས་སྐྱབས་འགྲོ་སེམས་བསྐྱེད་རྒྱས་བསྡུས་གང་ཡང་རུང་བ་བྱ། རང་སྐད་ཅིག་གིས་ཕྱག་ན་རྡོ་རྗེར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་སྔོན་པོ་དེ་ལས་འོད་ཟེར་འཕྲོས་བླ་མ་དང་དཔལ་ཕྱག་ན་རྡོ་རྗེའི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་པས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ གང་གི་དྲིན་གྱིས་བདེ་ཆེན་ཉིད་སོགས་དང་། ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ། །གཏུམ་པོ་དྲག་པོ་རྡོ་རྗེའི་སྐུ། །མི་བཟད་ནམ་མཁའི་མདོག་འདྲ་བ། །འཇོམས་མཛད་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་ཕྱག་བྱ། །ཨོཾ་ནཱི་ལཾ་ཝ་ར་(༨༣བ)


GLG010_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

དྷ་ར་བཛྲ་པཱ་ཎི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། རྒྱུན་བཤགས་བྱ་ཞིང་ཚད་མེད་བཞི་བསྒོམ། ཨོཾ་ཤཱུ་ནྱ་ཏཱས་སྦྱངས། སྟོང་པར་གྱུར། སྟོང་པའི་ངང་ལས་ཧྲཱིཿལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཧཱུཾ་སྔོན་པོ་དེ་ལས་འོད་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་དཔལ་ཕྱག་ན་རྡོ་རྗེའི་གོ་འཕང་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་པས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་མཁའ་ལ་འཕྱར་བས་སྟེང་གདོན་རྣམས་སྐྲག་པར་བྱེད་པ། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པས་འོག་གདོན་རྣམས་འཇིགས་པར་བྱེད་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ་སྨིན་མ་དང་སྨ་ར་དང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། དར་སྔོན་པོའི་སྟོད་གཡོགས་དང་སྟག་གི་པགས་པའི་ཤམ་ཐབས་ཅན། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་པས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ། ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་རང་འདྲའི་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཛཿཧཱུཾ་བཾ་ཧོཿས་བསྟིམ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིནྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། ལུས་ཡེ་ཤེས་ཀྱི་བདུད་རྩིས་གང་། སྒོ་གསུམ་གྱི་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པ་(༨༤ན)


GLG010_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་དབུ་བརྒྱན་པར་གྱུར། ཚོགས་ཞིང་ལྟར་མཆོད། ཧཱུཾ། བཅོམ་ལྡན་རྡོ་རྗེ་གོས་སྔོན་པོ། །ཀླུ་ཆེན་བརྒྱད་ཀྱིས་སྐུ་ལ་བརྒྱན། །ཞེ་སྡང་ཅན་ནི་འཇོམས་པའི་རྟགས། །ཉོན་མོངས་སྤངས་ལ་ཕྱག་འཚལ་ལོ། །ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ། །རྡོ་རྗེ་ལན་གསུམ་གསོར་བ་ཡིས། །གནོད་སྦྱིན་དྲག་པོ་འཇོམས་མཛད་པའི། །གནོད་སྦྱིན་གོས་སྔོན་ཕྱག་འཚལ་ལོ། །ཞེས་པས་བསྟོད། རང་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་དེའི་ལྟེ་བར་ཡི་གེ་ཧཱུཾ་སྔོན་པོ། །དེའི་མཐའ་སྐོར་དུ། ཨོཾ་ནྲི་ལ་ཝ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཧཱུཾ་ཕཊ་ཀྱིས་བསྐོར་བ་ལ་དམིགས་ནས་མ་ཡེངས་པར་ཅི་འགྲུབ་བཟླས། གཏོར་མ་འབུལ་བར་འདོད་ན་ཁུངས་བཙུན་གྱི་ཡི་གེ་གཞན་ལས་ཤེས་པར་བྱ་ཞིང་། བདག་བསྐྱེད་ཀྱི་རྣལ་འབྱོར་ལ་མ་བྱས་ཀྱང་ཆད་ལྷག་ཏུ་མི་འགྲོ་བས་མ་སྤྲོས། ཐུན་མཚམས་སུ་གོང་ལྟར་མཆོད་བསྟོད་བྱ། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ཆད་ལྷག་ཁ་བཀང་། མ་འབྱོར་བ་སོགས་ཀྱིས་བཟོད་པར་གསོལ། རང་ཉིད་དམ་ཚིག་པའི་ང་རྒྱལ་གྱིས། འགྲོ་ལ་ཕན་བདེ་མ་ལུས་བསྐྱང་བའི་རྒྱུ། །ཐུབ་བསྟན་སྐྱོན་མེད་ཡུན་རིང་གནས་པ་དང་། །དེ་འཛིན་གང་ཟག་ཚོགས་རྣམས་ཆོས་འཕེལ་ཞིང་། །ཆོས་ཀྱི་བར་ཆད་མ་ལུས་ཞི་བར་ཤོག །ཅེས་དང་གཞན་ཡང་བསྔོ་བ་སྨོན་ལམ་ཅི་རིགས་པ་བྱའོ། །ཕྱག་ན་རྡོ་རྗེ་འབར་བའི་ཆེ་བ་བརྒྱད། །མ་རྟོགས་གསང་བདག་མིང་ཙམ་ལ་འབྲེལ་བའི། །མངོན་རྟོགས་བྱེད་པོ་ཕལ་ཆེར་གྲགས་སྐམ་གྱི། །མུན་པའི་ཁུང་བུར་སྤྱོད་མོད་བདེ་བར་ཉལ། །ཕྱོགས་འདིར་གཞན་དྲིང་མི་འཇོག་རྡོ་རྗེ་འཆང་། །རྣམ་གསུམ་ཞབས་རྡུལ་གཙུག་ཏུ་ཡོངས་བསྟེན་མཐུས། །ཅུང་ཟད་སྨྲ་བའི་མགྲིན་པ་གཟེངས་མཐོ་བ། །ཟ་ཧོར་རིགས་ཀྱི་བྷུ་སུ་ཀུ་ལིས་བཀོད། །བསོད་ནམས་ཕུང་པོ་རི་བོ་ལྟར་བརྩེགས་(༨༤བ)


GLG010_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །ལྕི་བས་ཡིད་སྲུབ་གསེར་ལྡན་རྔུལ་བའི་རྒྱུན། །འབབ་བྱེད་གསང་བདག་གར་དགུའི་རོལ་གར་གྱིས། །འཇིག་རྟེན་ཀུན་ཏུ་ཁྱབ་པའི་དཔལ་འབར་ཤོག །ཅེས་དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྒྲུབ་ཐབས་དངོས་གྲུབ་འདོད་འཇོ་ཞེས་བྱ་བ་འདི་ནི་ཆེན་པོ་ཧོར་གྱི་རྒྱལ་ཁམས་སུ་ཞྭ་སེར་ཅོད་པཎ་འཆང་བའི་བསྟན་པ་རིན་པོ་ཆེའི་གསལ་བྱེད་ཅོ་ནེ་ཆོས་རྗེ་བློ་བཟང་ཉི་མས་དོན་གཉེར་ཆེན་པོས་བསྐུལ་བ་ལ་བརྟེན་ནས་ཁྱབ་བདག་བཀའ་འགྱུར་བ་ཆེན་པོའི་གསུང་རབ་ཀྱི་དགོངས་དོན་བཞིན་ཟ་ཧོར་གྱི་བནྡེ་འཇམ་དབྱངས་དགའ་བའི་བཤེས་གཉེན་གྱིས་མེ་སྦྲུལ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དག་ལེགས་སོ། ། རྡོ་རྗེ་སེམས་དཔའི་སྒོམ་བཟླས་རྒྱུན་གྱི་རྣལ་འབྱོར་དུ་བྱེད་ན། སངས་རྒྱས་ཆོས་ཚོགས་མས་སྐྱབས་སེམས་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྦྱངས། འཁོར་འདས་ཆོས་ཀུན་སྟོང་པ་ཉིད་ཀྱི་ངང་། །པད་དཀར་འདབ་བརྒྱད་ཟླ་བ་ཉ་གང་སྟེང་། །དངུལ་ཆུའི་མདོག་ལྟར་འཚེར་བའི་ཧཱུཾ་ཡིག་ལས། །འོད་འཕྲོས་དོན་གཉིས་བྱས་ནས་ཚུར་འདུས་ཧཱུཾ། །ཡོངས་གྱུར་བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཆེ། །དྭངས་ཤེལ་ལྟར་གསལ་གངས་ཀྱི་རི་བོ་ལ། །ཉི་མས་ཁྱབ་འདྲའི་རབ་དཀར་གཟི་མདངས་ཅན། །ཞལ་གཅིག་ཕྱག་གཉིས་དགྱེས་འཛུམ་ཞི་བའི་ཉམས། །འགྲོ་ལ་རྗེས་ཆགས་གཟིགས་པའི་སྤྱན་དཀྱུས་ཅན། །སྨིན་མའི་ནགས་ཀླུང་འཁྱུག་ཅིང་མཆུ་ཡི་སྒྲོས། །རབ་དམར་སྙན་གཤོག་རྒྱས་ཤིང་ཤངས་དཀྱུས་རིང་། །དབུ་སྐྲ་བུང་བ་ལྟར་གནག་ཐོར་ཚུགས་མཛེས། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན། །གཡོན་པ་དྲིལ་བུ་དཀུ་ཡི་གཡོན་ཕྱོགས་འཛིན། །པྲོག་ཞུ་རྒྱན་ཆ་མགུར་ཆུ་དཔུང་པའི་རྒྱན། །སེ་མོ་དོ་དང་དོ་ཤལ་འོག་པག་དང་། །ཕྱག་ཞབས་གདུ་བུ་རིན་ཆེན་རྒྱན་གྱིས་སྤྲས། །པཉྩ་ལི་ཀའི་སྟོད་གཡོགས་ཤམ་ཐབས་གསོལ། །ཞབས་གཉིས་རྡོ་རྗེ་(༨༥ན)


GLG010_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ་ཀྲུང་ཚུལ་གྱིས་བཞུགས། །ཐུགས་ཀར་ཟླ་སྟེང་ཧཱུཾ་དཀར་སྤུ་ཤད་མཐར། །ཡི་གེ་བརྒྱ་པའི་སྔགས་ཀྱིས་བསྐོར་བ་ལས། །འོད་འཕྲོས་སངས་རྒྱས་བྱང་སེམས་ཉན་རང་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡི། །བྱིན་རླབས་ཀུན་འདུས་ས་བོན་སྔགས་ཕྲེང་ལ། །ཐིམ་ཞིང་དེ་དང་སྐུ་ཡི་ཆ་རྣམས་ནས། །བདུད་རྩི་འོ་མའི་མདོག་ཅན་དཔག་མེད་བབས། །བྲག་གི་སྟེང་ནས་ཆུ་བོ་འབབ་པ་བཞིན། །སྤྱི་བོའི་གཙུག་ཞུགས་ལུས་ཀུན་ཐམས་ཅད་ཁྱབ། །ཐོག་མེད་ནས་བཟུང་ད་ལྟའི་བར་བསགས་པའི། །སྡིག་པ་མི་དགེའི་ལས་ནི་བགྱིས་སོ་ཅོག ཁྱད་པར་དཀོར་དང་སྲོག་བཅད་གནོད་སེམས་སོགས། །རྒྱུད་ལ་བགོས་པའི་དྲི་མ་མཐའ་ཡས་པ། །དུད་ཁུ་སྣག་ཁྲག་བཤང་གཅི་ལྗན་ལྗིན་དང་། །སྲོག་ཆགས་རྣམ་པར་རྐང་མཐིལ་བཤང་གཅིའི་ལམ། །བ་སྤུའི་བུ་ག་ཀུན་ནས་ཕྱིར་ཐོན་ཏེ། །ས་འོག་ཏུ་སོང་རང་ལུས་ཤེལ་ལྟར་གྱུར། །ཞེས་པའི་དམིགས་པ་དང་བཅས་ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླ། བདག་ནི་མི་ཤེས་རྨོངས་པ་ཡིས། །ཞེས་པ་ནས་འགྲོ་བའི་གཙོ་ལ་བདག་སྐྱབས་མཆིའི་མཐར། །རྩ་བ་ཡན་ལག་དམ་ཚིག་ཉམས་ཆགས་དང་། །ལུས་ངག་ཡིད་ཀྱི་ལས་བཅུ་ལ་སོགས་པ། །སྡིག་སྒྲིབ་ཉེས་ལྟུང་ལས་ཉོན་དེ་འབྲས་ཀུན། །ལྷག་མེད་བྱང་ཞིང་དག་པར་མཛད་དུ་གསོལ། །རྩེ་གཅིག་གསོལ་བ་བཏབ་པས་བཅོམ་ལྡན་འདས། །ཟླ་བའི་དཀྱིལ་འཁོར་ལྟ་བུར་འོད་དུ་ཞུ། །སྤྱི་བོ་ནས་ཐིམ་རང་གི་སེམས་ཉིད་དང་། །ཆུ་ལ་ཆུ་བཞག་བཞིན་དུ་དབྱེར་མེད་གྱུར། །ཞེས་པའི་དོན་ལ་མཉམ་པར་བཞག་པའི་མཐར་དགེ་བ་བསྔོ་ཞིང་སྨོན་ལམ་གྱི་རྒྱས་བཏབ་བོ། །ཞེས་པ་འདིའང་སྡེ་པ་བློ་བཟང་སྦྱིན་པའི་ཉམས་ལེན་དུ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། ། མར་གད་འཁྲི་ཤིང་བསྐྱོད་འདྲའི་(༨༥བ)


GLG010_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་སོར་རྩེ། གཙུག་ཏུ་བཀོད་པའི་མོད་ལ་འཇིགས་ཆེན་བརྒྱད། །གཞིལ་མཛད་རྒྱལ་ཡུམ་སེང་ལྡེང་ནགས་ཀྱི་སྒྲོལ། །མཁྱེན་བརྩེ་ནུས་པས་བྱང་ཆུབ་བར་དུ་སྐྱོངས། །དཔལ་མཉམ་མེད་ཇོ་བོ་མར་མེ་མཛད་ཡབ་སྲས་ཀྱི་ཐུགས་དམ་གྱི་ཉིང་ཁུ་བཀའ་གདམས་ལྷ་བཞིར་གྲགས་པའི་ནང་མཚན་རྗེ་བཙུན་སྒྲོལ་མ་གཙོ་འཁོར་གསུམ་གྱི་སྒོམ་བཟླས་ཉམས་སུ་བླང་བར་བྱེད་པ་ལ་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་སྤྱི་ལྟར་རམ་བསྡུ་ན་སངས་རྒྱས་ཆོས་ཚོགས་མ་སྔོན་དུ་བཏང་ནས། རང་ཉིད་རྗེ་བཙུན་སྒྲོལ་མར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས་རྗེ་བཙུན་འཕགས་མ་སྒྲོལ་མ་གཙོ་འཁོར་གསུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུ་ཏཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་ཕྱག་བྱ་རང་གི་སྙིང་ག་ནས་མཆོད་པའི་ལྷ་མོ་སྤྲོས་ཏེ་མཆོད་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཪྻ་ཏཱ་ར་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། པུཥྤེ་ཨཱཿཧཱུཾ་ནས་ཤབྡ་ཨཱཿཧཱུཾ་གི་བར་བརྗོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་རྒྱུན་བཤགས་ལན་གསུམ་གྱི་རྗེས་སུ་ཚོགས་ཞིང་རྣམས་རང་ལ་བསྟིམ། སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་སོགས་ཚད་མེད་བཞི་བསྒོམ། སྭ་བྷཱ་བས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་སེམས་ཀྱི་ངོ་བོ་ཏཱཾ་ཡིག་ལྗང་གུ་དེ་ལ་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ་གཡས་མཆོག་སྦྱིན་དང་གཡོན་ཨུཏྤལའི་ཡུ་བ་མཐེབ་སྲིན་གྱིས་ཐུག་གར་འཛིན་ཅིང་། འདབ་མ་སྙན་གྱི་ཐད་དཀར་ཁ་བྱེ་བ། བར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གིས་(༨༦ན)


GLG010_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ། དེའི་གཡས་སུ་འོད་ཟེར་ཅན་སེར་མོ་ཞལ་གཅིག་ཕྱག་གཉིས། གཡས་མྱ་ངན་མེད་པའི་ཤིང་དང་། གཡོན་མེ་ཏོག་བ་ཀུ་ལ་བསྣམས་པ། གཡོན་དུ་ཁྲོ་གཉེར་ཅན་ནག་མོ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་པ། གཉིས་ཀའང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་ཞབས་ཕྱེད་སྐྱིལ་གྱིས་བཞུགས་པ། གཙོ་འཁོར་གསུམ་གྱི་དཔྲལ་བར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་སྒྲོལ་མ་གཙོ་འཁོར་གསུམ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་དམ་ཚིག་པ་ལ་བསྟིམ། སླར་ཡང་འོད་ཟེར་འཕྲོས་པས་དབང་ལྷ་སྔར་བཞིན་སྤྱན་དྲངས། ཨོཾ་པཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས་རིགས་ལྔའི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་བཞིའི་ཕྱག་ཏུ་བུམ་པ་བདུད་རྩིས་གང་བ་ཐོགས་ནས་ཇི་ལྟར་བལྟམས་པ་སོགས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཤྲཱི་ཧཱུཾ་ཞེས་དབང་བསྐུར་བས་སྒོ་གསུམ་གྱི་དྲི་མ་དག །ཡེ་ཤེས་བདུད་རྩིས་ལུས་ཐམས་ཅད་གང་། ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་མོ་ལ་དོན་ཡོད་གྲུབ་པ་དང་འཁོར་གཉིས་ལ་གཙོ་མོ་ཉིད་ཀྱིས་དབུ་བརྒྱན་པར་བསམ། ཐུགས་ཀ་ནས་བྱུང་བའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམས་ཏེ། ཨརྒྷཾ་པུཥྤེ་ནས་ཤབྡའི་བར་གྱིས་ཚོགས་ཞིང་གི་སྐབས་ལྟར་མཆོད། འཁོར་བ་ལས་སྒྲོལ་སོགས་ཀྱིས་བསྟོད། རང་གི་སྙིང་གར་ཟླ་བའི་སྟེང་དུ་ཏཱཾ་ཡིག་ལྗང་གུའི་མཐར་ཡི་གེ་བཅུ་པ་དང་གཟུངས་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་སེམས་ཅན་གྱི་དོན་བྱས་པར་དམིགས་ནས། ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་པ་བརྒྱ་རྩ་སོགས་དང་གཟུངས་རིང་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། (༨༦བ)


GLG010_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་བྲི་ཏེ་སརྦ་དུཥྚཱཾ་ན་ཡ། ཇི་བྷ་ལེ། ལྟཾ་བྷ་ཡ། མ་ཧ་ཡ། བནྡྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། སརྦ་དུཥྚཾ་དུཥྚཾ་བྷ་ནི་ཏཱ་ར་སྭཱ་ཧཱ། ཞེས་ཅི་ནུས་བཟླ། རྗེ་བཙུན་འཕགས་མ་སྒྲོལ་མས་བདག་སོགས་སེམས་ཅན་ཐམས་ཅད་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་སྐྱོབ་པ་དང་། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་དུ་གསོལ། ཞེས་གསོལ་བ་གདབ། འཁོར་གཉིས་འོད་དུ་ཞུ་ནས་གཙོ་མོ་ལ་ཐིམ་པར་བསམས་ལ་དགེ་བ་བསྔོ་ཞིང་སྨོན་ལམ་ཤིས་བརྗོད་ཅི་རིགས་པ་བྱའོ། །སྣང་སྟོང་ལྷ་སྐུར་གསལ་བའི་ངང་ཉིད་ལས། །སྔགས་སྟོང་བཟླས་པས་ཡི་དམ་ཐུགས་རྒྱུད་བསྐུལ། །རིག་སྟོང་སྤྲོས་བྲལ་དབྱིངས་ནས་དངོས་གྲུབ་ཀུན། །སྒྲུབ་ཐབས་དབང་གི་རྒྱལ་པོ་ཨེ་མ་མཚར། །ཞེས་ལྷག་པའི་བསམ་པ་རྣམ་པར་དག་པའི་སྒོ་ནས་ལུགས་གཉིས་ཀྱི་ཁྱབ་པ་དྲུང་གནས་རིན་པོ་ཆེ་གསུང་རབ་རྒྱ་མཚོར་འགྲན་བཟོད་པ་སྡེ་པ་བློ་བཟང་སྦྱིན་པའི་ཡི་དམ་གྱི་ལྷ་འཕགས་མ་སྒྲོལ་མར་བརྟག་པ་བབས་པ་བཞིན་རྒྱུན་ཁྱེར་གྱི་མངོན་པར་རྟོགས་པ་ཞིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། ཐུགས་རྗེ་ཟླ་བ་ཤར་པས་ཡིད་ཅན་རྣམས། །ངན་འགྲོའི་སྲིད་མུན་མཐར་བྱས་གདེངས་ཅན་ཚོགས། །བདེ་སྐྱིད་ཀུནྡ་བཞད་པའི་བཅོམ་ལྡན་འདས། །ཀླུ་དབང་རྒྱལ་པོའི་སྒྲུབ་ཐབས་དེང་འདིར་སྤེལ། །དེ་ཡང་ཐོག་མར་གཏོར་ཟླུམ་ཞིག་བཤམས་ལ་ཆབ་ཀྱིས་བྲན། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁཾ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པའི་འབྱུང་པོ་རྣམས་ཚིམ་པར་ནུས་པའི་བྱེད་ལས་ཁྱད་པར་ཅན་དང་ལྡན་པར་གྱུར་པར་བསམ། རང་སྐད་ཅིག་གིས་བགེགས་མཐར་བྱེད་དུ་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ལྕགས་(༨༧ན)


GLG010_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱུ་ལྟ་བུ་འཕྲོས་པས་ཕྱོགས་བཅུའི་བགེགས་རྣམས་བཀུག་པར་གྱུར་པར་མོས་ཏེ། ཨོཾ་ཨ་ཀཱ་ར་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ལན་གསུམ་གྱིས་བསྔོས། ཨོཾ་ཨཱཿབིགྷྣཱནྟ་ཀྲི་ཏ་ཧཱུཾ་ཕཊ། ཅེས་བརྗོད་པས་བགེགས་རྣམས་བསྐྲོད་པར་གྱུར་པར་བསམ། དེ་ནས་ཚད་མེད་བཞིའི་རྩིས་ཟིན་པའི་སྒོ་ནས་སྐྱབས་འགྲོ་བཞི་སྐོར་སྤྱི་ལྟར་ལན་གསུམ་བརྗོད། སེམས་བསྐྱེད་པ་ནི། བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱས་ལ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་ལས་ཉོན་རྣམས་སྦྱོང་ཞིང་། ངན་འགྲོའི་སྐྱེ་གནས་དང་། ཀླུ་ཐམས་ཅད་ཀླུའི་སྐྱེ་གནས་ལས་ཐར་བའི་ཆེད་དུ། བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོ་བསྒོམ་པར་བགྱིའོ་ལན་གསུམ་བརྗོད། །རང་ཐ་མལ་དུ་གནས་པའི་སྙིང་གར་ཧཱུཾ་བཻ་ཌཱུཪྻའི་མདོག་ལྟ་བུ་ལས་འཕྲོས་པའི་འོད་ཀྱིས་ལུས་ཀྱི་ནང་ཐམས་ཅད་ཁྱབ་པས་མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟར་ནད་གདོན་སྡིག་སྒྲིབ་མ་ལུས་པ་སངས། རང་ཉིད་དེ་བཞིན་གཤེགས་པ་ཀླུ་དབང་གི་རྒྱལ་པོའི་སྐུར་གྱུར་པའི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། མདུན་གྱི་ནམ་མཁར་དེ་བཞིན་གཤེགས་པ་ཀླུ་དབང་གི་རྒྱལ་པོ་གཙོ་འཁོར་ལྔ་ལ་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཇི་སྙེད་སུ་དག་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད་ཡན་གྱིས་ཕྱག་བྱ། མེ་ཏོག་དམ་པ་ནས། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི་ཞེས་པའི་བར་དང་། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་གིས་མེ་ཏོག་ཐོགས་པའི་ལྷ་མོ་སྔོན་མོ། །ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ་གིས་བདུག་སྤོས་ཐོགས་པའི་ལྷ་མོ་སེར་མོ། ཨོཾ་བཛྲ་དཱི་པེ་ཨཱཿཧཱུཾ་གིས་མར་མེ་ཐོགས་པའི་ལྷ་མོ་དམར་མོ། །ཨོཾ་(༨༧བ)


GLG010_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་གནྡྷེ་ཨཱཿཧཱུཾ་གིས་ནི་མཆོག་ཐོགས་པའི་ལྷ་མོ་སེར་མོ། །ཨོཾ་བཛྲ་ནི་ཝི་དྱ་ཨཱཿཧཱུཾ་གིས་ཞལ་ཟས་ཐོགས་པའི་ལྷ་མོ་སེར་མོ་རྣམས་སོ་སོར་ནམ་ཁའ་གང་བ་དང་། ཨོཾ་སརྦ་བི་ཤྭ་དྷ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ཧཱུཾ། ཞེས་པ་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་གདུགས་དང་རྒྱལ་མཚན་དང་བ་དན་དང་དྲིལ་བུ་དང་བླ་བྲེ་ལ་སོགས་པ་དང་འཁོར་ལོས་སྒྱུར་བའི་རིན་པོ་ཆེ་སྣ་བདུན་གྱིས་མཆོད་པར་གྱུར་པར་བསམ། སྡིག་པ་བཤགས་པ་སོགས་ཡན་ལག་ལྷག་མ་ལྔ་པོ། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི་ཞེས་སོགས་དཀྱུས་བཞིན་བྱ། ཚད་མེད་པ་བཞི་ཚིག་དང་བསྟུན་ནས་བསྒོམ། ཨོཾ་སྭ་བྷཱ་བ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མི་དམིགས་པའི་སྟོང་ཉིད་སྤྲོས་པ་དང་བྲལ་བ་ནམ་མཁའ་ལྟ་བུར་གྱུར། སྟོང་པ་ཉིད་ཀྱི་ངང་དུ་གནས་པས་སེམས་ཅན་གྱི་དོན་མི་འགྲུབ་པའི་ཕྱིར་སྤྲོས་བྲལ་ནམ་མཁའ་ལྟ་བུའི་དབྱིངས་ནས་སེམས་ཅན་རྣམས་ལ་རྗེས་སུ་བརྩེ་བའི་གདངས་འགག་པ་མེད་པ་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་པཾ་ལས་པདྨ་འདབ་མ་སྟོང་དང་ལྡན་པ་ཡངས་ཤིང་རྒྱ་ཆེ་བ་དེའི་སྟེང་དུ་ཆོས་ཐམས་ཅད་མཐའ་དབུས་མེད་པར་སྟོན་པར་བྱེད་པའི་ཡི་གེ་ཨ་དཀར་པོ་འོད་དུ་ཞུ་བ་ལས་ཟླ་བའི་དཀྱིལ་འཁོར་ཡངས་ཤིང་རྒྱ་ཆེ་བ། དེའི་སྟེང་དུ་རང་གི་སེམས་ཀྱི་ངོ་བོ་ཡི་གེ་ཧཱུཾ་མི་དམིགས་པ་རིན་པོ་ཆེའི་མདོག་ལྟ་བུ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད་ཀླུ་རྣམས་དང་སེམས་ཅན་གྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་དེས་བསྐྱེད་པའི་སྡུག་བསྔལ་ཐམས་ཅད་དག་པར་བྱས། འོད་ཟེར་ཚུར་འདུས་ཧཱུཾ་ལ་ཐིམ་ལ་ཡོངས་སུ་གྱུར་པ་ལས། སྐད་ཅིག་མ་གཅིག་ལ་བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོ་སྐུ་མདོག་མི་དཔོགས་པ་རིན་པོ་ཆེའི་མདོག་ལྟ་བུ་དྲི་མ་མེད་པའི་མཁའ་ལྟར་དངས་ཤིང་ཞལ་སྐྱིན་ཟླ་བ་ལྟར་དཀར་བ། དབུ་ལ་སྦྲུལ་མགོ་བདུན་གདེངས་པའི་རྒྱབ་ཡོལ་ཅན། །ཆོས་གོས་ངུར་སྨྲིག་(༨༨ན)


GLG010_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ། དབུ་གཙུག་ཏོར་དང་ལྡན་པ། ཀླུ་ཐམས་ཅད་ཀླུའི་སྐྱེ་གནས་ལས་ཐར་པར་བྱེད་པ་དང་། སེམས་ཅན་ངན་འགྲོའི་སྐྱེ་གནས་ལས་ཐར་བར་བྱེད་པའི་ཕྱག་རྒྱ་དང་ལྡན་པ། ཞལ་འཛུམ་བག་ཅན་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འོད་ཟེར་གྱི་དྲ་བའི་ཁོར་ཡུག་གི་དབུས་ན་བཞུགས་པ། དེའི་མདུན་དུ་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བ་སྐུ་མདོག་དཀར་པོ་རིན་པོ་ཆེའི་མྱུ་གུ་ཕྱག་གཡས་ན་བསྣམས་པ། གཡོན་ན་བུམ་པ་བསྣམས་ཤིང་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། གཡས་སུ་བྱང་ཆུབ་སེམས་དཔའ་བྱམས་པ་སྐུ་མདོག་དམར་པོ་ཀླུ་ཤིང་གི་མེ་ཏོག་དང་རིལ་བ་སྤྱི་བླུགས་བསྣམས་པ། རྒྱབ་ཏུ་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ་ལ་བསྣམས་པ། གཡོན་དུ་སྤྱན་རས་གཟིགས་དབང་ཕྱུག་དཀར་པོ་པདྨ་བསྣམས་པ། བཞི་གའང་བཅོམ་ལྡན་འདས་ལ་བལྟ་བའོ། །གཡས་ཕྱོགས་སུ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་། གཡོན་ཕྱོགས་སུ་དགྲ་བཅོམ་པ་དཔག་ཏུ་མེད་པ། འོག་གི་ཕྱོགས་སུ་ཀླུའི་ཚོགས་དཔག་ཏུ་མེད་པ་རིན་པོ་ཆེ་ཐོགས་པ་ཐལ་མོ་སྦྱར་བ་གྱེན་དུ་བལྟ་བར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཅོམ་ལྡན་འདས་ཀླུ་དབང་ཕྱུག་རྒྱལ་པོ་གཙོ་འཁོར་ལྷའི་རྣམ་པར་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ནཱ་གེནྡ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཀླུའི་དབང་ཕྱུག་རྒྱལ་པོས་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་ལས་དང་ཉོན་མོངས་པ་ཐམས་ཅད་བྱང་ཞིང་སྐྱེ་གནས་ངན་པ་ལས་ཐར་པ་དང་། ཀླུ་རྣམས་ཀླུའི་སྐྱེ་གནས་ལས་ཐར་ཞིང་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པས་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་གྱིས་ཀླུའི་གདོན་གྱིས་ཟིན་པའི་སེམས་ཅན་མཐའ་དག་ནད་དང་སྡུག་བསྔལ་ཀུན་ལས་ཐར་(༨༨བ)


GLG010_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛད་ནས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་དགྱེས་བཞིན་དུ་ཞལ་གྱིས་བཞེས་ནས་ཛཿཧཱུཾ་བཾ་ཧོཿས་དགུག་གཞུག་བཅིང་མཉེ་བྱས་ཏེ་གཉིས་སུ་མེད་པར་གྱུར་པར་བསམ། བཟླས་པ་བྱ་བ་ནི་རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་རྒྱལ་བ་སྲས་བཅས་ལ་མཆོད་པ་ཕུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་འོད་ཟེར་གྱི་རྣམ་པར་བསྡུས་ནས་རང་ལ་ཐིམ། རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས་ཐོག་མ་མེད་པ་ནས་བསགས་པའི་རྒྱུ་ལས་དང་ཉོན་མོངས་པས་བསྐྱེད་པའི་འབྲས་བུ་འཁོར་བ་སྤྱི་དང་བྱེ་བྲག་གནས་ངན་ལེན་གྱི་སྡུག་བསྔལ་ལས་ཐར་པར་བྱེད། ཁྱད་པར་ཀླུ་རྣམས་ནམ་མཁའ་ལྡིང་དང་བྱེ་ཚན་སོགས་གནོད་པ་སྣ་ཚོགས་ཀྱིས་གཙེས་ནས་ཉམ་ཐག་པ་དང་མཐར་ཀླུའི་སྐྱེ་གནས་ལས་ཐར་པར་བྱས། དེའི་མཐུས་ལས་དང་འཕྲལ་རྐྱེན་གྱིས་ཀླུའི་གདོན་དང་དུག་ནད་ཀྱིས་ཟིན་པ་མཐའ་དག་སྡུག་བསྔལ་དེ་ལས་རྣམ་པར་གྲོལ་ཏེ་བདེ་བ་དང་ལྡན་པར་བསམས་ལ། ཏདྱ་ཐཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་བྷ་ག་ཝ་ནཱ་ནཱ་ག་རཱ་ཛེ་ཤྭ་ར་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་འབུམ་ཕྲག་བཟླས་པས་མཛེ་ནད་དང་མྱོང་པར་ངེས་པའི་ལས་ཐམས་ཅད་འཛད་པར་འགྱུར་རོ། ཐུན་མཚམས་སུ་གཏོར་མ་འབུལ་བར་འདོད་ན་དཀར་གཏོར་གསུམ་བཤམས་པ་ཆབ་ཀྱིས་བྲན། ཨ་མྲྀ་ཏས་བསངས། སྭ་བྷཱ་བས་སྦྱངས། སྟོང་པའི་དང་ལས་བྷྲཱུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ལྷའི་ཞལ་ཟས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་སྟེང་དུ་ཨོཾ་ཨཱཿཧཱུཾ་གིས་མཚན་པ་ལས་འོད་འཕྲོས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བཀུག་ནས་འབྲུ་གསུམ་ལ་ཐིམ། དེ་ཡང་འོད་དུ་ཞུ་ནས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས། ཆ་དང་པོ་བཅོམ་ལྡན་འདས་ཀྱི་སྔགས་འོད་ཟེར་གྱི་བུ་གུས་གསལ་བར་བསམས་ལ། གོང་གི་མཚན་སྔགས་ཀྱི་མཐར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་དབུལ། ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད། གང་གི་མཚན་ཙམ་དྲན་པས་སྲིད་ཞི་ཡི། །མི་བཟད་སྡུག་བསྔལ་མཐའ་དག་སེལ་མཛད་པ། ཀླུ་ཡི་དབང་ཕྱུག་རྒྱལ་པོ་གཙོ་འཁོར་ལྡན། །ལུས་ངག་ཡིད་(༨༩ན)


GLG010_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་བསྟོད། གཉིས་པ་ནི་ཆ་གསུམ་གྱི་ཆ་དང་པོ་སོར་བཞག་འབུལ། ཆ་གསུམ་པ་ནི། ཨོཾ་ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱིས་རྒྱུ། །པདྨ་པདྨ་ཆེན་པོ་དང་། དུང་སྐྱོང་དང་ནི་རིགས་ལྡན་ནོ། །ལྷ་མོ་ལྷ་མོ་ཆེན་པོ་དང་། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང་། །སོག་མ་མེད་དང་ཧུ་ལུནྟ། །དགའ་བོ་དང་ནི་ཉེ་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང་། །ཚ་བ་ཚ་བ་ཆེན་པོ་དང་། །དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཆེན་འོད་དང་གཟུགས་མཛེས་དང་། །གཟུགས་མཛེས་ཆེན་པོ་སྦྲུལ་བཟང་དང་། །ལྟོ་འཕྱེ་ཆེན་པོ་ཚི་ལི་དང་། །ཚི་ལི་ཆེན་པོ་རྣམས་དག་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨཱ་གཙྪ་ཨཱ་གཙྪ་མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་སརྦ་བྷུརྦྷུ་བཿཕྲུཾ་བུ་སྭཱཧཱ། ཞེས་པས་མདུན་དུ་བྱོན་པར་བསམས། པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་ཕུལ། ཨོཾ་མ་ཧཱ་ནཱ་ག་ཨ་དྷི་བ་ཏ་ཡེ་གྲཾཧྞེ་དཾ་ཨརྒྷཾ་སྭཱཧཱ། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ་པུཥྤེ། དྷཱུ་པེ། དཱི་པེ། གནྡྷེ་བཅུག་པས་མཆོད། ཀླུ་དགའ་བར་བྱེད་པའི་ཕྱག་རྒྱ་དང་། ཨོཾ་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཧཱུྃ་ཕུ་སྭཱ་ཧཱ། ཞེས་སེ་གོལ་གཏོག་པ་དང་བཅས་ལན་གསུམ་དང་། ཨོཾ་བྷ་ཀྵ་ཡ་བྷ་ཀྵ་ཡ་ས་མ་ཡ་ཏིཥྛ་ཕྲུཾ་ཕུ་སྭཱཧཱ། ཞེས་པ་ལན་གསུམ་གྱི་གཏོར་མ་བསྔོ། ཡེ་དྷརྨཱ་དང་། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་ཆོས་ཀྱི་སྦྱིན་པ་བྱིན། ཀླུ་ཆེན་བརྒྱད་སོགས་ཀླུ་རིགས་ཐམས་ཅད་དང་། །བྱེ་བྲག་བདག་ཅག་རྣམས་ལ་གནོད་བྱེད་ཀུན། །གཏོར་མ་འདིས་ཚིམ་དགྱེས་ཤིང་གདུག་སེམས་ཞི། །ཕན་པ་(༨༩བ)


GLG010_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །ཅེས་སྨོན་ལམ་གདབ། ཨོཾ་ནཱ་ག་ཨ་དྷི་པ་ཏི་ས་པ་རི་ཝཱ་ར་གཙྪ་ཞེས་པས་དཀར་ཕྱོགས་ཀྱ་ིཀླུ་རིགས་རྣམས་རང་གནས་སུ་གཤེགས། བྱ་ཁྱུང་གི་ཕྱག་རྒྱ་དང་། ཨོཾ་ག་རུ་ཌ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱ་ཧཱ། ཞེས་ནག་པོའི་ཀླུ་རིགས་རྣམས་བསྐྲད་པར་མོས་སོ། །དེ་ནས་བཅོམ་ལྡན་འདས་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བཀང་། མ་འབྱོར་བ་དང་ཉམས་པ་དང་། ཞེས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། བཛྲ་མུཿས་གཏོར་མགྲོན་གྱི་ཡེ་ཤེས་པ་གཤེགས། བདག་བསྐྱེད་ཀྱི་གདན་པད་ཟླ་དང་དབུའི་གཙུག་ཏོར་གཉིས་ནས་རིམ་གྱིས་བསྡུས་ཏེ་ཐུགས་ཀའི་ཧཱུཾ་ལ་ཐིམ། དེ་ཡང་མཐར་ནཱ་དའི་བར་དུ་བསྡུས་ཏེ་ནམ་མཁའ་ལ་འཇའ་ཡལ་པ་ལྟ་བུའི་ངང་ནས་སླར་ཡང་ལྷའི་སྐུར་ལངས་ཏེ་བསྔོ་བ་སྨོན་ལམ་བཀྲ་ཤིས་བྱ། བུམ་སྒྲུབ་བྱ་བར་འདོད་ན་ལག་ལེན་ལོགས་སུ་ཤེས་པར་བྱའོ། །ཞེས་བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོའི་སྒྲུབ་ཐབས་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་རབ་དང་བཅོམ་ལྡན་རལ་གྲིའི་ཕྱག་བཞེས་ལ་ཁྱེར་བདེ་ནག་བགྲོས་ཀྱི་ཚུལ་དུ་ལས་དང་པོ་པ་རྣམས་ལ་ཕན་ཕྱིར་ལྕགས་མོ་བྱ་ལོ་ཆོ་འཕྲུལ་གྱི་ཟླ་བར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། ། ན་མ་སྤྲ་ཤུ་ཀླ་སྠི་ར་ཙཀྲ་མཉྫུ་ཤྲི་ཡེ། ཟླ་ཞུན་བྱེ་བས་ཉེ་བར་བྱུགས་པ་ཤེལ་དཀར་རྡུལ་བརྩེགས་ཁེངས་འཕྲོག་སྐུ། །ཚངས་པའི་དབྱངས་ཀྱིས་ཤེས་བྱར་སྲིད་རྣམས་སྨྲ་ལ་བརྗོད་པ་རྣམ་དག་གསུང་། །ལྐོག་གྱུར་ཆོས་རྣམས་གནས་ལུགས་གཟུགས་བརྙན་མཁྱེན་རབ་མེ་ལོང་ངོས་ཤར་ཐུགས། །གཞོན་ནུའི་ཚུལ་འཛིན་རྒྱལ་ཀུན་ཡབ་ཅིག་ཟུར་ཕུད་ལྔ་པས་རྟག་ཏུ་སྐྱོངས། །(༩༠ན)


GLG010_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

བུར་ཤིང་སོགས་ཀྱི་མངར་ཁྱད་འབྱེད་དཀའ་བཞིན། །འགྲོ་ངོར་བརྟན་པའི་འཁོར་ལོ་ཞི་ཁྲོའི་གར། །ཚད་བཟུང་མིན་ཀྱང་ཤེས་རབ་སྣང་བའི་གཏེར། །སྦྱིན་མཛད་གངས་རིའི་མདངས་ཕྲོག་འཇམ་དཔལ་རྒྱལ། །དཀར་བའི་མཚན་དང་བཀོད་པ་དཔག་ཡས་ནང་། །དགྲ་ལས་རྣམ་པར་རྒྱལ་བས་ལེགས་བཀྲལ་བ། །མ་ཏིའི་ལུགས་ཞེས་ཁ་ཆེ་པཎ་ཆེན་གྱི། །ཐུགས་དམ་རྣམ་བཞིའི་ནང་ཚན་འདི་རྨད་བྱུང་། །བརྒྱུད་ལུགས་ཆུ་བོ་བརྒྱ་ཕྲག་གཅིག་འདུས་ཀྱང་། །གྲགས་པ་དོན་ལྡན་པཎ་ཆེན་སྟག་ཚང་པའི། །ཞལ་གཟིགས་རྡོ་རྗེ་འཆང་དབང་ཚར་པ་ལ། །བཀའ་བབས་འདི་ཀོ་སྔོན་མེད་ལེགས་ལམ་སྲོལ། །རྨོངས་ཆེན་སྨག་རུམ་མཐར་སྐྲོད་བློ་གྲོས་ཀྱི། །ཉི་མའི་དཀྱིལ་འཁོར་འདྲེན་བྱེད་སྒྲུབ་པའི་ཐབས། །དྲི་བཞོན་རྟ་ལྗང་རྣམ་དཔྱོད་མཁར་རྒྱུ་ཚེ། །ལྐོག་གྱུར་ཤེས་བྱའི་མཚན་མོ་ད་ག་རེ། འདིར་པཎྜི་ཏ་ཆེན་པོ་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བའི་ཞལ་སྔ་ནས་ཀྱིས་ལེགས་པར་བཀྲལ་བའི་འཕགས་པ་འཇམ་པའི་དབྱངས་དཀར་པོ་པཎ་ཆེན་མ་ཏི་ལུགས་ཤེས་རབ་བློ་འཕེལ་དུ་གྲགས་པ་ཀསྨི་ར་པའི་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲིའི་ཐུགས་དམ་བཞིའི་ཡ་གྱལ་ཟབ་པ་ལས་ཀྱང་ཆེས་ཟབ་པ་ཁྱད་པར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ཐམས་ཅད་ལ་མཁྱེན་དཔྱོད་འགྲན་ཟླ་དང་བྲལ་བ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོར་སྐུའི་སྣང་བ་དངོས་སུ་བསྟན་པས་ཞལ་གཟིགས་མར་གྲགས་པ་ཚར་ཆེན་ཆོས་ཀྱི་རྒྱལ་པོར་བཀའ་བབས་པ་བརྒྱུད་པ་མ་ཉམས་པ་ལས་འོངས་པའི་བཞེད་སྲོལ་ལྟར་ཉམས་སུ་བླང་བ་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ། དང་པོ་ནི། ཤ་ཆང་སྒོག་བཙོང་སོགས་རོ་དང་དྲི་ངན་པ་རྣམས་སྤང་ཞིང་། རྫུན་དང་འཁུ་འཁྲིག་(༩༠བ)


GLG010_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་ལ་འཛེམ་པ་ཁྲུས་སོགས་གཙང་སྦྲ་ལྡན་པས་བདེ་བའི་སྟན་ལ་འདུག་སྟེ། ཐོག་མར་སྐྱབས་འགྲོ་བཞི་སྐོར་སྤྱི་དང་མཐུན། སེམས་བསྐྱེད་པ་ནི། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མི་ཤེས་རྨོངས་པའི་མུན་པ་བསལ་ནས་ཤེས་རབ་ཀྱི་སྣང་བ་རྒྱས་པར་བྱས་ཏེ། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཕགས་པ་འཇམ་དཔལ་དབྱངས་དཀར་པོ་ཤེས་རབ་བློ་འཕེལ་ཡི་དམ་གྱི་ལྷར་བཟུང་ཞིང་། དེའི་སྒོམ་བཟླས་ཟབ་མོ་ཉམས་སུ་བླང་བར་བྱའོ། ཞེས་ལན་གསུམ་བརྗོད། ཚོགས་ཞིང་ནི། རང་སྐད་ཅིག་གིས་རྗེ་བཙུན་འཇམ་པའི་དབྱངས་སུ་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱཿདཀར་པོ་དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བླ་མ་མི་བསྐྱོད་པའི་རྣམ་པ་རིགས་ཀྱི་བདག་པོར་བཞུགས་པའི་རྗེ་བཙུན་འཇམ་པའི་དབྱངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མ་སྶརྦ་ཏ་ཐཱ་ག་ཏ་ཨཱཪྻ་མཉྫུ་ཤྲཱི་ས་པ་རི་ཝཱ་རེ་བྷྱཿ ཞེས་པས་ཕྱག་བྱ། གོང་གི་སྔགས་གཤམ་དུ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། པཱ་དྱི་པྲ་ཏཱིཙྪ་ཡེ་སྭཱཧཱ། བཛྲ་པུཥྤེ་ཨཱཿཧཱུཾ་ནས། ཤབྡའི་བར་གྱི་ཕྱག་རྒྱ་དང་བཅས་ཏེ་མཆོད། གུར་ལས་བྱུང་བའི་རྒྱུན་བཤགས་ལན་གསུམ་དང་ཚད་མེད་བཞི་བསྒོམ། །གཉིས་པ་དངོས་གཞི་ནི། ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷ་རྨཱ་སྭ་བྷཱ་བ་ཤུདྡྷོ྅ཧཾ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པའི་སྟོང་ཉིད་སྤྲོས་བྲལ་ནམ་མཁའ་ལྟ་བུར་བསམ། སྟོང་པའི་ངང་ལས་ནམ་མཁའི་དབྱིངས་སུ་པཾ་ཡིག་དཀར་པོ་ཞུ་བ་ལས་བྱུང་བའི་བདུད་རྩི་འོ་མའི་རྒྱ་མཚོ་དཀར་ཞིང་བསིལ་བ། ཡངས་ཤིང་རྒྱ་ཆེ་བ་པད་ཚལ་གྱི་དྲ་བས་ཁེབས་ཤིང་(༩༡ན)


GLG010_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ནེའུ་གསིང་མེ་ཏོག་སྣ་ཚོགས་བཀྲ་བས་བསྐོར་བ། གླང་པོ་ཆེ་དཀར་པོ་མཆེ་བ་དྲུག་ལྡན་མཚན་ཉིད་ཡོངས་སུ་རྫོགས་པ་མང་པོ་དལ་བར་རྒྱུ་ཞིང་པདྨའི་རྩ་བ་ཟ་བ། ངང་ངུར་སོགས་ཆུ་བྱ་མང་པོ་རོལ་ཞིང་རྩེད་འཇོ་དང་བཅས་སྐད་སྙན་པའི་སྒྲ་སྒྲོག་པ། དེའི་དབུས་སུ་པཾ་ལས་པདྨ་དཀར་པོ་འདབ་མ་སྟོང་ལྡན་རྒྱས་པ་སྡོང་པོ་ཡལ་ག་ལོ་འབྲས་གསེར་ལས་བྱས་པ་མཉེན་ལྕུག་མཛེས་ཤིང་ཡིད་དུ་འོང་བས་དུད་ཅིང་དྲི་བསུང་ཕུན་སུམ་ཚོགས་པའི་ལྟེ་བ་ལྗང་སེར་ལ་གེ་སར་དམར་སེར་དུ་ཡོད་པའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་བསིལ་ཟེར་ཕྱོགས་བཅུར་འཕྲོ་བའི་གདན་ལ། རང་གི་སེམས་ཉིད་ཨཱཿདཀར་པོ་འོད་ཀྱི་དྲ་བ་སྣ་ཚོགས་དཔག་ཏུ་མེད་པ་འཕྲོ་བའི་འོད་ཟེར་གྱིས་འཕགས་པ་རྣམས་མཆོད། སེམས་ཅན་ཐམས་ཅད་ཀྱི་གཏི་མུག་གི་སྒྲིབ་པ་སྦྱངས། ཤེས་རབ་ཀྱི་སྣང་བ་ལ་བཀོད། འོད་ཟེར་སླར་ཨཱ་དཀར་པོ་ཉིད་ལ་འདུས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་འཇམ་དཔལ་དབྱངས་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་སྟོན་ཀའི་ཟླ་བ་བཞིན་དཀར་ལ་དྲི་མ་མེད་པའི་ཤེལ་དཀར་གྱི་ཕུང་པོ་ལྟར་དངས་ཤིང་འོད་ཟེར་འཕྲོ་བ། ལོ་བརྒྱད་ལོན་པའི་བྱིས་པ་གཞོན་ནུའི་གཟུགས་ཅན། ཞི་ཞིང་འཛུམ་ལ་སྒེག་པའི་ཉམས་ཀྱིས་འགྱིང་བ་ཟླ་བའི་རྒྱབ་ཡོལ་ཅན། ཟུར་ཕུད་ལྔ་དང་ལྡན་ཞིང་ལྟ་བས་ཆོག་མི་ཤེས་པ། ཕྱག་གཡས་མཆོག་སྦྱིན་པའི་ཕྱག་རྒྱས་པདྨ་དཀར་པོའི་རྩ་བ་ནས་བཟུང་བའི་འདབ་མ་སྙན་གྱི་ཐད་ཀར་རྒྱས་པའི་དབུས་སུ་ཤེས་རབ་ཀྱི་རལ་གྲི་དང་། གཡོན་ཨུཏྤལའི་སྡོང་པོ་ཐུགས་ཀར་འཛིན་པ། ཕྲག་གོང་གཡོན་གྱི་ཐད་དུ་ལེགས་པར་ཁ་བྱེ་བ་ལ་སྟོང་ཕྲག་བརྒྱ་པའི་པོ་ཏིས་མཚན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་བཅས་ཤིང་བརྟན་པར་བཞུགས་པའི་འོད་འབར་བ། རིན་པོ་ཆེ་དུ་མའི་རྒྱན་དང་དར་དཀར་གྱི་ན་བཟས་སྤྲས་པ། དེའི་དཔྲལ་(༩༡བ)


GLG010_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀར་ཟླ་བ་ལ་གནས་པའི་ཨཱཿཡིག་དཀར་པོ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་འཇམ་དཔལ་དབྱངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཚོགས་ཞིང་གི་སྐབས་ལྟར་མཆོད། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཇི་ཏར་བལྟམས་པ་སོགས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་དབང་བསྐུར། ལུས་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པས་མི་བསྐྱོད་པས་དབུ་བརྒྱན་པར་བསམ། སླར་ཡང་ཡིད་འབྱུང་གི་མཆོད་པས་ཚོགས་ཞིང་གི་སྐབས་ལྟར་མཆོད། རི་བོང་འཛིན་པ་ལྟར་དཀར་གླེགས་བམ་རལ་གྲིས་ཕྱག་མཚན་ཞིང་། །རབ་མཛེས་ཤིན་ཏུ་ཞི་བའི་གཞོན་ནུ་ཟུར་ཕུད་ལྔ་ལྡན་པ། །དཀའ་བ་རྒྱ་ཆེན་མཐར་མཆོག་སྤྱན་ནི་པད་མའི་འདབ་ལྟར་ཡངས། །བློ་གྲོས་ངན་པ་བསྲེགས་མཛད་འཇམ་པའི་དབྱངས་ལ་གུས་པས་འདུད། ཅེས་བསྟོད། ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་རྩེ་གཅིག་ཏུ་མཉམ་པར་བཞག །བསྒོམས་པས་སྐྱོ་ན་བཟླས་པ་བྱ་བ་ནི། རང་གི་སྙིང་རྩེ་མོ་གྱེན་དུ་བསྟེན་པའི་དབུས་སུ་ཟླ་བའི་སྟེང་དུ་འཁོར་ལོ་དཀར་པོ་རྩིབས་དྲུག་པའི་ལྟེ་བ་ལ་ཨཱཿ རྩིབས་དྲུག་ལ་མདུན་ཕྱོགས་ནས་བརྩམས་ཏེ་གཡས་བསྐོར་དུ་ཡི་གེ་འབྲུ་དྲུག་དཀར་པོ་འོད་(༩༢ན)


GLG010_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་དཀར་དམར་འཕྲོ་བ་འཁོར་ལོ་ཁ་མ་རེག་ཙམ་དུ་བཀོད་ལ། འཁོར་ལོ་ཆོས་འཁོར་དུ་མྱུར་དུ་འཁོར་ཞིང་ཡིག་འབྲུ་གཡོན་དུ་འཁོར་བ་ལྟ་བུ་སྣང་བ་ལ་དམིགས་ནས་སྡིག་སྒྲིབ་ཐམས་ཅད་དག་པར་བསམས་ཤིང་། ཨོཾ་ཝཀྱེ་དཾ་ན་མཿ ཞེས་ཅི་ནུས་སུ་བཟླ། བསྙེན་ཚད་ནི། སློབ་དཔོན་སྒེག་པའི་རྡོ་རྗེས། རིག་སྔགས་རྒྱལ་པོ་འབུམ་ཕྲག་གཅིག་གིས་འགྲུབ། །ཟླ་བ་གཅིག་གིས་བློ་འཕེལ་རིག་པ་འཛིན། །དངོས་སམ་རྨི་ལམ་ཉིད་དུ་མཐོང་ཐོས་ཤིང་། །གྲུབ་པའི་རྟགས་ནི་གཞན་ཡང་སྣང་བར་འགྱུར། །ཞེས་གསུངས་པ་འབྲས་བུ་དང་སྒྲུབ་པའི་དུས་ལ་དགོངས་ཤིང་། དེང་སང་དུས་ཆེར་སྙིགས་པའི་སྐབས་སུ་བསྙེན་ཚད་ལས་མང་བར་བཟླ་དགོས་པས་རྒྱ་སྟོན་གྱིས་འབུམ་ཚོ་གསུམ་དང་། ཇ་སྟོན་པ་རིན་ཆེན་རྒྱལ་མཚན་གྱིས་འབུམ་ཕྲག་དྲུག་བཟླ་བར་གསུངས། ཟླ་བ་གཅིག་གིས་དུས་ཀྱི་བསྙེན་པ། མཚན་མའི་བསྙེན་པ་ནི། ཞལ་མཐོང་ཞིང་གསུང་ཐོས་པའམ། གཞན་ཡང་པོ་ཏི་དང་། མཚོན་ཆ་མཐོང་བ་དང་། མེ་ཏོག་བཏུས་པ་དང་། མར་མེ་བལྟམས་པ་དང་། ཉི་ཟླ་ཤར་བ་དང་། དར་འཕྱར་ཞིང་རོལ་མོ་འབུད་དཀྲོལ་བྱེད་པ་ནམ་མཁའ་ལ་འཕུར་བ། ལུས་ལ་མེ་འབར་བ། ཆུ་ལ་བརྒལ་བ་དང་། གོས་དཀར་པོ་གྱོན་པ་ལ་སོགས་པ་རྨིས་སོ། །དམིགས་པའི་གནད་ནི། འཁོར་ལོའི་ལྟེ་བ་དང་། ཡི་གེ་རྣམས་མི་འགུལ་ཞིང་། མྱུར་དུ་འཁོར་བས་ཁམས་འདུས་པ་སོགས་སྐྱོན་སེལ་ཞིང་། བློ་གྲོས་མྱུར་བ་དང་། རྩེ་མོ་རྣམས་ཤེས་རབ་རྣོ་ཞིང་སྟོབས་ཆེ་བ་དང་། དཀར་ཞིང་འོད་ཟེར་འཕྲོ་བས་འཛིན་བློ་གསལ་བ་ནི། སློབ་དཔོན་ནོར་བུ་གླིང་པས། སྙིང་དབུས་བླ་མའི་འཁོར་(༩༢བ)


GLG010_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་རྩིབས་དྲུག་ལ། །འབྲུ་དྲུག་ཡི་གེ་བཀོད་ལ་གཡས་གཡོན་བསྐོར། །ཤུགས་དྲག་རྩེ་མོ་རྣོ་ཞིང་རབ་དཀར་བས། །ཉེས་འཇོམས་སྟོབས་ལྡན་མྱུར་འཛིན་རབ་གསལ་འགྱུར། །ཞེས་གསུངས། གསུམ་པ་མཇུག་ནི། ཐུན་མཚམས་སུ་བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་པར་གྱུར་ཞེས་ཞལ་ཚུར་གཟིགས་ནས་བཞུགས་པར་བསམ། རྒྱ་སྟོན་གྱིས་རང་ཐ་མལ་པའི་གཟུགས་ཞེས་གསུང་པ་བྱ་རྒྱུད་ལ་རྗེ་འཁོལ་གྱི་ཚུལ་དུ་བྱ་བ་ལ་དགོངས་པ་འདྲ། རང་དམ་ཚིག་པའི་ང་རྒྱལ་གྱིས་ཆུ་གཉིས་སྔོན་དུ་འགྲོ་བས་མཆོད། མཎྜལ་ཚོམ་བུ་བདུན་མར་བཤམས་ལ། འཛམ་བུ་གླིང་དང་གླིང་གཞན་རྣམས། །ནོར་བུ་རིན་ཆེན་གྱིས་བཀང་སྟེ། །སྟོང་གསུམ་ལ་སོགས་མ་ལུས་པ། །ཞུམ་པ་མེད་པར་བྱས་ཏེ་འབུལ། །ཞེས་འབུལ། མཚན་བརྗོད་འདོན། ཤིན་ཏུ་དཀར་བའི་མདངས་ལྡན་རྒྱ་མཚོའི་དབུས་ན་པད་མ་གེ་སར་རྒྱས། །སྡོང་པོ་འཁྲུངས་ཤིང་རི་བོང་འཛིན་པས་བརྒྱན་པའི་སྟེང་ན་འཇམ་དབྱངས་ནི། །གཞོན་ནུའི་ཚུལ་འཛིན་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་གངས་རི་དང་མཚུངས་པ། །ཞལ་གཅིག་ཕྱག་གཉིས་མཆོག་སྦྱིན་ལ་ལེགས་བསྣམས་འཇམ་དབྱངས་ཁྱེད་ལ་འདུད། ཞེས་པའམ། རྒྱས་པར་སྤྲོ་ན། དོན་ཟབ་སྔགས་ཀྱི་སྟོབས་ཀྱིས་རབ་སྦྱངས་པའི། །སྟོང་གསལ་ནམ་མཁའ་དྲི་མེད་དང་མཚུངས་པར། །པཾ་ཡིག་ལས་བྱུང་དཀར་དྭངས་བདུད་རྩིའི་མཚོ། །གཏིང་ཟབ་ཡངས་པ་ཅན་ལ་ཕྱག་འཚལ་ལོ། །མཚོ་མཐའ་གླང་ཆེན་ཐལ་ཀར་གྱིས་བསྐོར་ཞིང་། མཉེན་ལྕུག་འཁྲིལ་ལྡེམ་པད་ཟླུམ་དྲ་བས་ཁྱབ། །ལོ་མ་གུར་ལྡིང་དཀར་མཛེས་མེ་ཏོག་ལས། །ཡིད་འཕྲོག་དྲི་བསུང་ལྡན་ལ་ཕྱག་འཚལ་ལོ། །མཚོ་ཆེན་དབུས་ན་པཾ་ཡིག་ལས་བྱུང་བ།(༩༣ན)


GLG010_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

།པད་སྡོང་ཡལ་ག་ལོ་མ་ཕུན་ཚོགས་གསེར། །འདབ་རྒྱས་དཀར་སེར་གེ་སར་དམར་སེར་ཅན། །ལྟེ་བ་ལྗང་སེར་མཐོ་ལ་ཕྱག་འཚལ་ལོ། །དེ་སྟེང་ཨ་ཡིག་མཆོག་རབ་ཡོངས་གྱུར་ལས། །རབ་ཟླུམ་འཁོར་ལོ་རྣམ་དག་ཕུན་ཚོགས་མཛེས། །ཤིན་ཏུ་མདོག་དཀར་རི་བོང་འཛིན་གཟུགས་ཅན། །བསིལ་ཟེར་ཕྱོགས་བཅུར་འགྱེད་ལ་ཕྱག་འཚལ་ལོ། །དེར་བཞུགས་ཨཱཿ དཀར་ལས་གྲུབ་དཔའ་བོའི་སྐུ། །ཟུང་བཞིའི་ན་ཚོད་རྡོ་རྗེ་སྐྱིལ་ཀྲུང་བརྟན། །ཆུ་ཤེལ་དྲི་མེད་ཇི་བཞིན་རབ་དཀར་དྭངས། །མཚན་མཆོག་དཔེ་བྱད་འབར་ལ་ཕྱག་འཚལ་ལོ། །ཐོར་ཚུགས་རྩེ་ནས་རིན་ཆེན་ཏོག་མཛེས་ཤིང་། །རྩེ་མོ་ལྔ་ལྡན་ཟུར་ཕུད་ཤིན་ཏུ་གསལ། །སྙན་གོང་ཨུཏྤལ་དྲི་ལྡན་དར་དཔྱངས་ཕུར། །སྙན་ཤལ་ནོར་བུ་ཕྱང་ལ་ཕྱག་འཚལ་ལོ། །དེ་བཞིན་མགུལ་རྒྱན་དཔུང་རྒྱན་ཕྱག་གདུབ་དང་། །ཞབས་གདུབ་སྐ་རགས་དོ་ཤལ་བཟང་པོ་དང་། །སྣ་ཚོགས་ན་བཟའ་རིན་ཆེན་རྒྱན་གྱིས་སྤྲས། །སིལ་སིལ་སྒྲ་སྙན་འཁྲོལ་ལ་ཕྱག་འཚལ་ལོ། །ཕྱག་གཡས་མཆོག་སྦྱིན་ལེགས་པར་བརྐྱང་མཛད་ཅིང་། །གཡོན་པ་ཨུཏྤལ་སྡོང་པོ་ཐུགས་ཀར་འཛིན། །སྲབ་འཇམ་དུང་མདོག་ན་བཟས་རྣམ་བརྒྱན་ཅིང་། །མུ་མེད་འོད་ཟེར་འཕྲོ་ལ་ཕྱག་འཚལ་ལོ། །དཔལ་མཆོག་སྐུ་ཡི་རྣམ་པ་དྲན་གྱུར་པས། །རིག་སྔགས་ཅུང་ཟད་བཟླས་པ་ཙམ་གྱིས་ཀྱང་། །དུས་དེར་དར་དཀར་མ་ཤའི་སྦྱོར་བ་ཡིས། །ཕུན་ཚོགས་བློ་གྲོས་འཕེལ་ལ་ཕྱག་འཚལ་ལོ། །གཞན་ཡང་གཞོན་ནུ་དཔའ་བོས་ལེགས་བསྟན་པའི། །ཏིང་འཛིན་སྔགས་དང་རྫས་སྦྱོར་ཅི་རིགས་ཀྱིས། །གནས་སྐབས་མཐར་ཐུག་ཡོན་ཏན་མ་ལུས་ཀུན། །སླུ་མེད་ངེས་པར་འགྲུབ་ལ་ཕྱག་འཚལ་ལོ། །ངོ་བོ་མ་(༩༣བ)


GLG010_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་ཆོས་ཉིད་རབ་མཁྱེན་ཅིང་། །རྣམ་པ་མ་ལུས་ཆོས་ཅན་ལྷང་ངེར་གཟིགས། །ཐུགས་རྗེ་ཆེ་དང་ཐབས་ཚུལ་དཔག་མེད་ཀྱིས། །སྲིད་མཚོ་མཐའ་དག་སྐྱོབ་ལ་ཕྱག་འཚལ་ལོ། །འཇམ་དབྱངས་མགོན་པོ་གུས་པས་རྗེས་དྲན་ཞིང་། །སྒོམ་བཟླས་ལེགས་མཆོད་མངོན་པར་བསྟོད་པ་ཡིས། །བློ་ངན་མུན་ནག་འཐིབས་པའི་ཚོགས་རྣམས་ཀུན། །སྤྲིན་མེད་ཉི་མ་བཞིན་དུ་དྭངས་བར་མཛོད། །ཅེས་བསྟོད། བཅོམ་ལྡན་འདས་འཇམ་དཔལ་དབྱངས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་རློབས་ལ་ཤེས་རབ་ཕུན་སུམ་ཚོགས་པ་བསྐྱེད་ཅིང་། །མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་སྩལ་དུ་གསོལ། ཞེས་དང་། གང་ཚེ་བལྟ་བར་འདོད་པའམ། །ཞེས་སོགས་དང་། བརྩེ་ལྡན་ཁྱེད་ཀྱི་མཁྱེན་རབ་འོད་ཟེར་གྱིས། ཞེས་སོགས་ཀྱིས་གསོལ་བ་བཏབ། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བཀང་། མ་འབྱོར་བ་དང་ཞེས་སོགས་ཀྱིས་ནོངས་པ་བཟོད་པར་བསོལ། ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། ཅེས་སོགས་ཀྱི་མཐར། བདག་བསྐྱེད་ཀྱི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། རང་ཉིད་དམ་ཚིག་པའི་ང་རྒྱལ་ལ་གནས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿ་དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་བསམས་ལ་ལུས་བསྲུང་། ལེགས་བྱས་འདི་བསགས་འབྲས་བུས་ཚེ་རབས་སུ། །འཇམ་པའི་དབྱངས་ཀྱིས་དགེ་བའི་བཤེས་མཛད་ནས། །བདེན་པ་གཉིས་ཀྱི་གནས་ལུགས་མ་ལུས་པ། །ཇི་བཞིན་རྟོགས་པའི་ཤེས་རབ་སྩལ་དུ་གསོལ། ཞེས་དང་། གཞན་ཡང་སྨོན་ལམ་ཤིས་བརྗོད་ཅི་རིགས་པ་བྱའོ། །ངག་གི་དབང་ཕྱུག་ཞལ་ལུང་ཛཻ་ཏཱ་རིར། །མངོན་སུམ་སྩལ་བ་སྒེག་པའི་རྡོ་རྗེ་ལ། །བཀའ་བབས་ཁ་ཆེའི་ཡུལ་གྱི་ཁ་ཌཱི་ཏའི། །ཐུགས་ཀྱི་(༩༤ན)


GLG010_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བེར་གཏམས་པ་བདུད་རྩིའི་བཅུད། །ནོར་སྐྱོང་མི་དབར་མ་བཞུགས་མཁས་གྲུབ་ཕྲེང་། །ཆད་མེད་ལས་འོངས་ཟུར་ཆེན་ཐམས་ཅད་མཁྱེན། །ཁྱབ་བདག་ཞ་ལུ་པ་ཡི་བཀའ་དྲིན་ལས། །རྙེད་འདི་སྐྱེ་མང་བསོད་ནམས་ཟོང་གིས་བསྒྲུབས། །རང་གཞན་མང་པོར་ཕན་འདོད་ལྷག་བསམ་གྱིས། །འབད་པས་བསྒྲུབས་མཐུས་རྣམ་མཁྱེན་མ་ཐོབ་བར། །ཆོས་ཀུན་བལྟ་བའི་བློ་མིག་ཆེས་ཡངས་པ། །མགོན་པོ་འཇམ་པའི་དབྱངས་དང་བདག་མཚུངས་ཤོག །ཅེས་མ་ཏི་ལུགས་ཀྱི་འཇམ་དཀར་ཤེས་རབ་བློ་འཕེལ་གྱི་སྒྲུབ་ཐབས་རྟ་ལྗང་དབང་པོ་ནི་གཞུང་ལུགས་གསར་པའི་རབ་བྱམས་སྨྲ་བའི་བཤེས་གཉེན་སྐུ་སྐྱེ་བསྟན་འཛིན་རྒྱ་མཚོས་དོན་གཉེར་ཆེན་པོས་བསྐུལ་བ་ལ་བརྟེན་པཎྜིཏ་སྒེག་པའི་རྡོ་རྗེ། རྒྱ་སྟོན། བསོད་ནམས་པ་རིན་ཆེན་རྒྱལ་མཚན་རྣམས་ཀྱི་ཡི་གེ་ལ་གཞི་བྱས། བརྒྱུད་ལྡན་མཁས་པའི་ཕྱག་བཞེས་ཀྱིས་ལེགས་པར་བརྒྱན་ཏེ་ཟ་ཧོར་གྱི་བནྡེ་ཚངས་སྲས་བཞད་པའི་རྡོ་རྗེས་ལྕགས་མོ་བྱ་ལོ་སྣོན་གྱི་ཟླ་བར་ཕོ་བྲང་དམར་པོ་རིར་སྦྱར་པའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོས་བགྱིས་པ་པྲཛྙཱ་ཝརྡྷ་བྷ་ཝནྟུ། ཚངས་པའི་སྲས་མོ་ཡིད་འོངས་ལུས་དཀར་ཅན། །མགྲིན་དབུས་པད་མཚོར་བཞད་པའི་ཞལ་སྒོ་ལས། །ལེགས་བཤད་རྡོ་རྗེ་བླུན་རྨོངས་གཉེན་པོ་རུ། །གདངས་མཛད་བཀའ་དྲིན་ཟླ་བྲལ་བླ་མ་དང་། །ཀེ་ལ་ཤ་ཡི་མཛེས་སྡུག་འཕྲོག་པའི་ལྷ། །རྒྱལ་ཀུན་ཡབ་གྱུར་བརྟན་པའི་འཁོར་ལོའི་ཞབས། །དངོས་པོ་གཅིག་ཏུ་ལྟ་བའི་གདུང་ཤུགས་ཀྱིས། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་གསོལ་ནས། །རྣམ་འབྱེད་ཤེས་རབ་རལ་གྲིས་སྒྲིབ་གཉིས་ཀྱི། །འཆིང་རྒྱ་དབྲལ་ནས་སྲིད་ཞིའི་རྒྱ་མཚོ་ལས། །བློ་གྲོས་གཟིངས་ཀྱིས་བསྒྲལ་ཏེ་ལུས་ཅན་ཀུན། །འདྲེན་པའི་(༩༤བ)


GLG010_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

དེད་དཔོན་ཆེན་པོར་འགྱུར་བར་ཤོག །ཅེས་པ་འདིའང་སྐུ་སྐྱེ་བསྟན་འཛིན་རྒྱ་མཚོས་འཇམ་དཀར་གྱི་ཉམས་ལེན་སྐབས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། ། ན་མོ་྅ཛོཏ་ནཱ་ཐཱ་ཡ། བྱམས་བརྩེའི་ཤེལ་གྱིས་ལས་ཉོན་ཞུགས་ཀྱི་ཕུང་། །ཉེར་བསིལ་ཕན་བདེའི་ལོ་ཏོག་རྒྱས་མཛད་པ། །བསྐལ་བཟང་སངས་རྒྱས་ལྔ་པ་མ་ཕམ་མགོན། །རིང་པོའི་ཕྱག་ཁྱོད་བདག་སོགས་འགྲོ་དབུགས་ཕྱུང་། །རྣམ་འདྲེན་སྤྱན་སྔར་བླ་གོས་ཕྲག་པར་གཟར། །པུས་བཙུགས་ཐལ་སྦྱར་སྲ་མཁྲེགས་རྡོ་བའི་ངོས། །བྲིས་པའི་དམ་བཅའི་རི་མོ་ཟུབས་མིན་ཕྱིར། །གཟུངས་སྔགས་འབྲས་བུ་མྱོང་ལ་གཅིག་ཏུ་སྤྲོ། །མགོན་པོ་མཐའ་མེད་འཁོར་མཚོ་ཉེར་སྒྲོལ་བའི། །དེད་དཔོན་ཁྱོད་ལ་གཏན་གྱི་སྐྱབས་སོང་སྟེ། །སྒྲུབ་ཐབས་འཇིགས་མེད་འབྱུང་གནས་ཀྱིས་བཀྲལ་བའི། །རྗེས་འབྲང་གོ་སླའི་ངག་གིས་དེང་འདིར་སྤེལ། །དེའང་རྡོ་རྗེ་གདན་གྱི་མཧཱ་བོ་དྷིའི་གནང་བ་ཐོབ་པ་ལ་བརྟེན་ནས་པཎ་གྲུབ་ཆེན་པོ་ཨ་བྷ་ཡཱ་ཀ་ར་གུ་དྷས་ཤིང་རྟའི་སྲོལ་ལེགས་པར་ཕྱེ་བ་སྒྲུབ་ཐབས་ཉིས་བརྒྱ་ཞེ་གཉིས་གསུངས་པའི་ནང་ཚན་རྗེ་བཙུན་བྱམས་པའི་སྒྲུབ་ཐབས་བཀླགས་ཆོག་གི་ཚུལ་དུ་བཀོད་པ་ལ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ། དང་པོ་ནི། སྐྱབས་འགྲོ་བཞི་སྐོར་སྤྱི་ལྟར་བྱ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཕགས་པ་བྱམས་པའི་སྒོམ་བཟླས་ཟབ་མོ་ཉམས་སུ་བླང་བར་བྱའོ་ལན་གསུམ་གྱིས་སེམས་བསྐྱེད། ཚོགས་ཞིང་ནི། རང་སྐད་ཅིག་གིས་རྗེ་བཙུན་བྱམས་པ་མགོན་པོར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་རྗེ་བཙུན་བྱམས་པ་མགོན་པོར་བླ་མ་རྡོ་རྗེ་སེམས་(༩༥ན)


GLG010_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་རྣམ་པས་དབུ་བརྒྱན་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་ནས། ཤབྡའི་བར་གྱིས་མཆོད། གུར་ལས་བྱུང་བའི་རྒྱུན་བཤགས་ཚར་གསུམ་དང་ཚད་མེད་བཞི་བསྒོམ། གཉིས་པ་དངོས་གཞི་ནི། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་སེམས་མཾ་སེར་པོ་ལས་འོད་ཟེར་འཕྲོས་འཕགས་པ་རྣམས་མཆོད་པས་མཉེས་པར་བྱས། འགྲོ་བ་རྣམས་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཡོངས་སུ་གྱུར་པ་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་གདན་ལ་རང་ཉིད་འཕགས་པ་བྱམས་པ་གུར་གུམ་གྱི་མདོག་ལྟ་བུ་རྩ་ཞལ་སེར། གཡས་ནག་གཡོན་དཀར་བའི་ཞལ་གསུམ། སྤྱན་གསུམ་གསུམ་དང་ལྡན་པ། ཞི་ཞིང་འཛུམ་པ་དབུ་སྐྲ་བུང་བ་ལྟར་གནག་པའི་རལ་པའི་ཐོར་ཚུགས་ཅན། ཕྱག་བཞིའི་དང་པོ་གཉིས་ཐུགས་ཀར་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པ། གཡས་འོག་མས་མཆོག་སྦྱིན་དང་། གཡོན་འོག་མས་ནཱ་ག་གེ་སར་གྱི་མེ་ཏོག་གི་སྙེ་མ་བསྣམས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། ས་མོ་དོ། དོ་ཤལ་གྱིས་མངོན་པར་སྤྲས་ཤིང་། ལྷ་རྫས་དར་གྱི་སྟོད་གཡོགས་དང་པཉྩ་ལི་ཀའི་ཤམ་ཐབས་གསོལ་བ། ཟླ་བའི་རྒྱབ་ཡོལ་ཅན། འོད་ཀྱི་དཀྱིལ་འཁོར་གྱི་དབུས་ན་ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་སྟེང་དུ་ཟླ་བ་ལ་མེ་སེར་པོ། །དེ་ལས་འོད་འཕྲོས་རང་བཞིན་གྱི་གནས་ནས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། སླར་ཡང་འོད་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་བཅས་བཛྲ་ས་མཱ་(༩༥ན)


GLG010_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿས་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་དབང་བསྐུར་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡ་ཧཱུཾ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར། སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས། རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་བསམ། དེ་ནས་ཚོགས་ཞིང་གི་སྐབས་ལྟར་ཉེར་སྤྱད་རོལ་མོ་དང་བཅས་པས་མཆོད། བྱམས་ཆེན་མེ་ཡིས་ཞེ་སྡང་བུད་ཤིང་བསྲེག །སོགས་ཀྱིས་བསྟོད། བཟླས་པ་བྱ་བ་ནི། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མཻཾ་གྱི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཀྱི་སྡིག་སྒྲིབ་སྦྱངས། འཕགས་པ་བྱམས་པའི་གོ་འཕང་ལ་བཀོད། ཚུར་འདུས་ཐུགས་ཀའི་ས་བོན་ལ་ཐིམ་པའི་དམིགས་པའི་འཕྲོ་འདུ་དང་བཅས་ནས། ཨོཾ་མཻ་ཏྲ་ཡེ་སྭཱ་ཧཱ། ཞེས་ཅི་ནུས་སུ་བཟླ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། སྔར་བཞིན་མཆོད་ཅིང་བསྟོད། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། མ་རྙེད་ཡོངས་སུ་མ་ཤེས་སོགས་ཀྱིས་བཟོད་པར་གསོལ། བཛྲ་མུཿས་ཡེ་ཤེས་པ་གཤེགས། རང་ཉིད་དམ་ཚིག་པར་གསལ་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པས་ལུས་བསྲུང་། བསྔོ་བ་སྨོན་ལམ་བཀྲ་ཤིས་ཅི་རིགས་བྱའོ། །དེ་ལྟར་སྒྲུབ་ཐབས་རྒྱ་མཚོ་ལས་གསུངས་པའི་རྗེ་བཙུན་བྱམས་པའི་སྒྲུབ་ཐབས་དགའ་ལྡན་དུ་བགྲོད་པའི་ཐེམ་སྐས་འདི་ནི་དཀྱིལ་འཁོར་རྒྱ་མཚོ་སྤྲོ་བའི་བྱེད་པོ་ཆོས་རྗེ་སྔགས་རམ་པ་ནམ་མཁའ་བཟང་པོ་དང་། རབ་འབྱམས་པ་བློ་བཟང་རྡོ་རྗེས་བསྐུལ་བའི་ངོར། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གི་རེག་ཟིག་ལ་ཚིག་སྣ་ཅུང་ཟད་སྤྲོས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་(༩༦ན)


GLG010_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་མཆོག་གོ། ན་མོ་གུ་རུ་མཉྫུ་ཤྲི་ཡེ། འཁོར་ལོ་ཐ་མའི་སྙིང་པོ་ཕལ་ཆེན་ནས། །ཀུན་ཏུ་བཟང་པོའི་སྨོན་ལམ་གསུངས་པ་ཡི། །འཕྲོས་དོན་བདེ་ལྡན་ཞིང་དུ་འཕོ་བའི་ཐབས། །ཉལ་སྒོམ་མཁས་པའི་བཞེད་སྲོལ་དེང་འདིར་སྤེལ། དེའང་བཟང་པོ་སྤྱོད་པའི་བདག་ནི་འཆི་བའི་དུས་བྱེད་གྱུར་པའི་ཚེ། ཞེས་སོགས་ཀྱི་དགོངས་དོན་ལྟར་མགོན་པོ་འཇམ་དབྱངས་ཀྱིས་སློབ་དཔོན་ཛཻ་ཏཱ་རི་ལ་སྩལ་བ་རིམ་གྱིས་བརྒྱུད་པ་ར་ལོ་ཆེན་གྱི་མན་ངག་གོང་མ་ལྔའི་ཟབ་ཆོས་བརྒྱུད་པའི་ཆུ་བོ་ཟམ་མ་ཆད་པ་ལས་ཉེ་བར་འོངས་པ་ལ། སྦྱོར་བ་དངོས་གཞི་མཇུག་ཕན་ཡོན་དང་བཞི། དང་པོ་ནི། འཇམ་དབྱངས་ས་སྐྱ་ལོ་ཙཱ་བས། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་། །དེ་ནས་བྱང་ཆུབ་སེམས་བསྒོམ་བྱ། །མདུན་དུ་སྣང་བ་མཐའ་ཡས་བསྒོམ། །དེ་ལ་ཕྱག་འཚལ་མཆོད་པར་བྱ། །ཞེས་པའི་དོན། སངས་རྒྱས་འོད་དཔག་ཏུ་མེད་པའི་སྒོ་ནས་སྡིག་པ་སྦྱོང་ཞིང་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་འདོད་པའི་རྣལ་འབྱོར་པས་གནས་ཁང་བྱི་དོར་བྱས་པར་བདེ་བ་ཅན་གྱི་ཞིང་བཀོད་དམ། མ་འབྱོར་ན་སྣང་བ་མཐའ་ཡས་ཀྱི་སྐུ་བྲིས་འབུར་གང་ཡང་རུང་བ་ཞལ་ཤར་དུ་ཕྱོགས་པ་བཞུགས་སུ་གསོལ། མཆོད་པ་ཅི་འབྱོར་བ་བཤམས། དེའི་མདུན་དུ་ནུབ་མ་ཉལ་བའི་དུས་གཉིད་ལོག་པའི་སྔོན་དུ་སྟན་བདེ་བ་ལ་མགོ་ནུབ་ཏུ་བསྟན། གློ་གཡས་པ་འོག་ཏུ་བཅུག་ནས་ཉལ། འོད་དཔག་མེད་གཙོ་བོར་གྱུར་བའི་དཀོན་མཆོག་གསུམ་མཁའ་ཁྱབ་ཏུ་བཞུགས་པ་ལ་དམིགས་ནས་སྐྱབས་འགྲོ་བཞི་སྐོར་གྲངས་བདུན་ནམ་གསུམ་སོགས་ཅི་རིགས་པ་བྱའོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་འོད་དཔག་མེད་བསྒོམ་པར་བྱ་སྙམ་དུ་སེམས་བསྐྱེད། (༩༦བ)


GLG010_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཁང་དང་ས་ཕྱོགས་ཐམས་ཅད་དག་པའི་ཞིང་བདེ་བ་ཅན་དངོས་སུ་བསམས་ལ་རང་ཉིད་མོས་པའི་ཡི་དམ་གྱི་ལྷར་གསལ་བཏབ། མདུན་དུ་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་སྟེང་དུ་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱའི་སྟེང་ན་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། དར་གྱི་ན་བཟའ་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་ཤིང་སྣང་ལ་རང་བཞིན་མེད་པ་ནམ་མཁའི་འཇའ་ཚོན་ལྟ་བུ་བདག་ལ་དགྱེས་བཞིན་དུ་བཞུགས་པ། དེའི་མཐའ་སྐོར་དུ་ཆོས་འདི་སྟོན་པའི་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་དང་། དེའི་རྒྱབ་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྲིན་གྱི་ཕུང་པོ་འཁྲིགས་པ་ལྟར་བཞུགས་པར་བསམ། དེ་ལ་དམིགས་ནས་ཡིད་ཀྱིས་ཡན་ལག་བདུན་པ་ཚར་གསུམ་མམ། ཡང་ན་ས་པཎ་གྱིས་མཛད་པའི་ཆོས་སྤྱོད་བཅུ་པའམ། འཇུག་པ་བདེ་བར་བྱེད་ན་འཕགས་པ་རིན་པོ་ཆེས་མཛད་པའི། ན་མོ་བྷ་ག་བ་ཏེ་ཨ་མི་ཏེ་བྷྱཿ ཞེས་ཕྱག་འཚལ། མེ་ཏོག་ལ་སོགས་པས་མཆོད་པར་བསྒོམས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་སྐྱབས་སུ་མཆིའོ། །སྡིག་པ་ཐམས་ཅད་སོ་སོར་བཤགས་སོ། །བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །སངས་རྒྱས་ཐམས་ཅད་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ། །དགེ་བའི་རྩ་བ་འདིས་སངས་རྒྱས་འོད་དཔག་ཏུ་མེད་པའི་གོ་འཕང་ཐོབ་པར་གྱུར་ཅིག །ཅེས་ལན་གསུམ་བྱ། གཉིས་པ་དངོས་གཞི་ནི། སྡིག་པ་དག་པའི་ངེས་ཤེས་(༩༧ན)


GLG010_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད། །ཞེན་པ་ཐམས་ཅད་བཏང་བར་བྱ། །འཆི་བར་འཇིགས་པ་མེད་སེམས་ཀྱིས། །སྣང་བ་མཐའ་ཡས་ཏིང་འཛིན་བསྒྲུབ། །ཅེས་པ་ལྟར་སྣང་བ་མཐའ་ཡས་ལ་བླ་མ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་རྟེན་གྱི་སྟོབས། སྔོན་ཆད་ཀྱི་སྡིག་པ་ལ་དུག་ཁོང་དུ་སོང་བ་ལྟ་བུའི་འགྱོད་སེམས་རྣམ་པར་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བགྱིད་སྙམ་པ་ཉེས་པ་ལས་སླར་བཟློག་པའི་སྟོབས། ཡན་ལག་བདུན་པ་སོགས་ཀྱི་ཚོགས་གསོག་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ་སྟོབས་བཞི་ཚང་ན་སྡིག་པའི་ཕུང་པོ་རི་རབ་ཙམ་ཡང་འདག་པར་ངེས་ཤེས་བསྐྱེད། ཚེ་འདིའི་ལུས་ལོངས་སྤྱོད་ཉེ་དུ་འཁོར་གཡོག་སོགས་རང་འཆི་བའི་དུས་ངེས་པར་འབྲལ་བས་ཞེན་འཛིན་ཐམས་ཅད་བཏང་། བདག་འཆི་བའི་དུས་ན་བདེ་བ་ཅན་དུ་འགྲོ་སྙམ་པའི་གདེངས་ཚོད་ཀྱིས་འཁོར་བ་དང་ངན་སོང་ལ་མི་འཇིགས་པའི་བསམ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པས་བདག་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ནས་བྱང་ཆུབ་ཏུ་ལུང་བསྟན་པ་འཐོབ་པར་མཛད་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། དེ་ནས་དབུགས་ཕྱིར་རྒྱུ་བའི་ཚེ་རང་གི་རྣམ་པར་ཤེས་པ་འདི་དཀར་པོའི་རྣམ་པ་ཅན་སྣ་ཕུག་གཡོན་ནས་ཐོན། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་ཤངས་བུག་གཡས་སུ་ཞུགས་སྐུའི་དབྱིབས་བརྒྱུད་ཐུགས་ཀའི་ཧྲཱིཿལ་ཐིམ་པས་རྒྱལ་བའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསམ། དབུགས་ནང་དུ་འཇུག་པའི་ཚེ་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཧྲཱིཿལས་སེམས་ཀྱི་ངོ་བོ་འོད་དཀར་པོ་མར་མེ་གཅིག་ལས་གཉིས་མཆད་ཀྱི་རྣམ་པར་བྱུང་། ཤངས་བུག་གཡོན་ནས་ཐོན་ཏེ་རང་གི་སྣ་བུག་གཡས་སུ་(༩༧བ)


GLG010_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས། སྙིང་གར་ཐིམ་ནས་རྒྱལ་བའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསམ། དེ་ལྟ་བུའི་ཏིང་འཛིན་འགལ་མེ་འཁོར་བ་ལྟར་གྲངས་མི་བཟུང་བར་ཇི་ཙམ་ནུས་ཀྱི་བར་བྱ། གསུམ་པ་མཇུག་ནི། ཕྱི་ནང་རིམ་བཞིན་ལུས་ལ་བསྡུ། བདག་ཉིད་དད་པའི་ངོ་བོར་བསྐྱེད། དགེ་བ་སེམས་ཅན་རྣམས་ལ་བསྔོ། །ཕྱིས་ཀྱང་དེ་ལ་གོམས་པར་བྱ། ཞེས་པ་ལྟར་ཐུན་འཇོག་ཁར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་རྩ་བརྒྱུད་ཀྱི་བླ་མ་ལ་ཐིམ། བླ་མ་རྣམས་སངས་རྒྱས་སྣང་བ་མཐའ་ཡས་ལ་ཐིམ། དབུགས་ནང་དུ་འཇུག་པ་དང་བསྟུན་སྣང་བ་མཐའ་ཡས་འོད་དུ་ཞུ་ནས་བདག་ལ་ཐིམ། བདག་ཀྱང་འོད་དུ་ཞུ་ནས་སངས་རྒྱས་ཡི་དམ་རང་སེམས་གསུམ་དབྱེར་མེད་དུ་འདྲེས་པའི་ངང་ནས་མགོན་པོ་འོད་དཔག་མེད་སྔར་བསྒོམས་པ་ཇི་ལྟ་བ་བསྐྱེད་པ་ལ་དམིགས་པ་བསྟོད་དེ། ཨོཾ་ཨ་མ་ཧཱ་བྷ་ཧྲཱི༔སྭཱ་ཧཱ། ཞེས་ཅི་ནུས་བཟླ། དེ་ནས་འགྲུབ་ན་བཟང་པོ་སྤྱོད་པའི་སྨོན་ལམ་དང་། དེ་ཙམ་མ་ལྕོགས་ན། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །ཅེས་སྨོན་ལམ་བཏབ། དགེ་འདིས་བདག་གིས་གཙོ་བྱས་སེམས་ཅན་ཀུན། །ཉིང་མཚམས་སྦྱར་ཚེ་བདེ་བ་ཅན་ཞིང་དུ། །བརྫུས་ཏེ་སྐྱེས་ནས་འོད་དཔག་མེད་མགོན་གྱིས། །དགྱེས་བཞིན་རྗེས་སུ་འཛིན་པའི་རྒྱུ་རུ་བསྔོ། ཞེས་པས་མཚོན་ཏེ་བསྔོ་སྨོན་གྱིས་རྒྱས་འདེབས། ཨོཾ་བཛྲ་མུཿ ཞེས་པས་རང་ལ་བསྟིམ་པས་སངས་རྒྱས་བདེ་བ་ཅན་དུ་གཤེགས་པར་བསམས་ལ། རང་གི་དཔྲལ་བ་མགྲིན་པ་སྙིང་ག་རྣམས་སུ་ཨོཾ་ཨཱཿཧཱུཾ་གསུམ་བཀོད་པས་བསྲུངས་ནས་ཡིད་གཞན་དུ་མི་འགྱུར་བ་བདེ་བ་ཅན་དུ་འཕོ་བའི་འདུན་པ་དུང་ངེ་བའི་ངང་དུ་གཉིད་ལོག་(༩༨ན)


GLG010_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

གོ །ཉིན་མོ་སོགས་གནས་སྐབས་ཀྱི་སྤྱོད་ལམ་ཐམས་ཅད་འདུག་པའི་གནས་དེ་བདེ་བ་ཅན་གྱི་ཞིང་ཁམས་སུ་བསམས་ལ་རྟག་ཏུ་སངས་རྒྱས་འོད་དཔག་ཏུ་མེད་པ་དང་མི་འབྲལ་བར་བསྒོམ། འགྲོ་བའི་ཚེ་རང་གི་མདུན་དུ་སངས་རྒྱས་འོད་དཔག་ཏུ་མེད་པ་བཞུགས་པའི་ཕྱོགས་སུ་འགྲོ་བར་བསམ་མོ། །བཞི་པ་ཕན་ཡོན་ནི། འདི་ལ་ནད་དང་གདོན་མི་འབྱུང་། །འཆི་བའི་དུས་ན་སྡུག་བསྔལ་མེད། །བར་དོར་ཐུབ་པས་རྗེས་སུ་འཛིན། །ཕྱི་མའི་དུས་སུ་ཐར་པ་ཐོབ། །ཅེས་པས་དོན་དེ་ལྟ་བུའི་རྣལ་འབྱོར་ཉམས་སུ་བླངས་པས་ཚེ་འདིར་ནད་གདོན་བར་ཆད་མེད་ཅིང་ཚེ་རིང་བ་དང་། འཆི་ཀའི་དུས་འོད་དཔག་མེད་ཀྱི་ཐུགས་རྗེས་གནད་གཅོད་ཀྱི་སྡུག་བསྔལ་མི་འབྱུང་། བར་དོའི་འཇིགས་པ་ལས་བསྒྲལ་ནས་ལུས་འདི་སྦྲུལ་ཤུན་བརྗེས་པ་ལྟར་ནུབ་ཕྱོགས་བདེ་བ་ཅན་དུ་པདྨ་ལས་བརྫུས་ཏེ་སྐྱེས་ནས་སྣང་བ་མཐའ་ཡས་ལ་ཆོས་ཉན་པར་དཀོན་མཆོག་བརྩེགས་པ་ལས་གསུངས་ཤིང་། དེའི་གདམས་པ་ཉམས་སུ་བླངས་པས་ཐར་པ་ཐོབ་པར་གདོན་མི་ཟའོ། །རྒྱ་གར་མཁས་གྲུབ་བོད་ཀྱི་ལོ་ཙཱ་བའི། །མན་ངག་ས་སྐྱའི་འཇམ་མགོན་རིམ་བྱོན་གྱི། །དགོངས་དོན་འཁྲུལ་མེད་ཁྱེར་བདེར་བཀོད་པའི་དགེས། འགྲོ་ཀུན་བདེ་ལྡན་ཞིང་དུ་བགྲོད་པར་ཤོག །ཅེས་བཟང་སྤྱོད་ལས་བྱུང་བའི་ཉལ་སྒོམ་གྱི་ཉམས་ལེན་བདེ་ལྡན་ཞིང་གི་འཇུག་ངོག་ཞེས་པ་འདི་ནི་ལྷ་ས་བ་བློ་བཟང་དཔལ་འབྱོར་གྱིས་བསྐུལ་བས་རྐྱེན་བྱས་ཚུལ་འདིར་མོས་པའི་ལས་དང་པོ་བ་རྣམས་ལ་ཕན་ཕྱིར་ཁྱབ་བདག་ཞ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ་དང་མཁས་གྲུབ་ཆེན་པོ་ཁྲ་ཚང་པ་བློ་མཆོག་རྡོ་རྗེའི་དྲུང་དུ་ནོས་ཤིང་ཁོང་དུ་ཆུད་པའི་དྲིན་ལས་རྗེ་བཙུན་ས་པཎ་གྱི་རྩ་ཚིག་ལ་གཞི་བྱས། དེའི་རང་འགྲེལ་དང་ཆོས་ཀྱི་རྒྱལ་པོ་འཕགས་པའི་གསུང་རབ་ཀྱི་དོན་ཚང་བར་བསྡུས་ཏེ་ཟ་ཧོར་གྱི་བནྡེ་འཇམ་དབྱངས་(༩༨བ)


GLG010_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བའི་བཤེས་གཉེན་གྱིས་ལྕགས་བྱ་ཧོར་ཟླ་ལྔ་པའི་ཉེར་དྲུག་ལ་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་མཆོག་གོ ། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་ལས་བྱང་དང་འབྲེལ་བའི་ཚོགས་མཆོད་ནི། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པའི་རྩེར། །རཾ་ལས་ཡེ་ཤེས་མེ་ཡིས་རྫས་རྣམས་ཀྱི། །མ་དག་ཉེས་པའི་སྐྱོན་ཀུན་མ་ལུས་བསྲེགས། །ཡཾ་ལས་ཆོས་ཉིད་རླུང་གིས་རྫས་རྣམས་ཀྱི། །མ་དག་ཉེས་པའི་སྐྱོན་ཀུན་མ་ལུས་གཏོར། ཁཾ་ལས་མཚན་མེད་ཆུ་ཡིས་རྫས་རྣམས་ཀྱི། །མ་དག་ཉམས་པའི་སྐྱོན་ཀུན་མ་ལུས་བཀྲུས། །ཨོཾ་གྱིས་ཀུན་རྫོབ་ཆོས་ཀུན་སྟོང་པའི་ངང་། ཐབས་མཆོག་ཨཱཿལས་པད་མའི་སྣོད་ཡངས་པོར། །ཤེས་རབ་ཧཱུཾ་གིས་ཚོགས་ཀྱི་དངོས་པོ་ཀུན། །ཟུང་འཇུག་ཧྲཱིཿལས་ཟག་མེད་བདུད་རྩིར་བསྒྱུར། །སླར་ཡང་འོད་འཕྲོས་འབྱུང་བཞི་ལྷ་མོ་སོགས། །སྣོད་བཅུད་ཀུན་གྱི་ཡོན་ཏན་ཐམས་ཅད་དང་། །རྒྱལ་བ་ཞི་ཁྲོའི་སྐུ་གསུང་ཐུགས་བྱིན་རླབས། །འཁོར་འདས་ཡོངས་ཀྱི་རོ་བཅུད་ནུས་པའི་ཚོགས། །ཐོགས་མེད་བཀུག་ནས་དབྱེར་མེད་གཅིག་ཏུ་གྱུར། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུཾ། ལན་གསུམ་གྱི་བྱིན་གྱིས་བརླབས། སྤྱན་འདྲེན་ནི། རང་སྣང་དག་པའི་ཞིང་ཁམས་ནས། །རྩ་བ་གསུམ་གྱི་ལྷ་ཚོགས་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གནས་ཁང་འདི་རུ་བྱིན་གྱིས་རློབས། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །འདིར་ཚོགས་མཆེད་ལྕམ་ཉམས་རྟོགས་སྤོར། །སྣང་སྲིད་བདེ་བ་ཆེན་པོར་མཛོད། །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ བཞུགས་སུ་གསོལ་བ་ནི། སྒྲུབ་པའི་རྟེན་དང་གཏོར་མ་ལ། གཉིས་སུ་མེད་པར་བརྟན་པར་བཞུགས། པདྨ་ཀ་མ་(༩༩ན)


GLG010_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ལ་པ་སྟྭཾ། ཡི་གེ་བཅུ་པ་ལན་བདུན་བཟླས་ནས། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཚོགས་དང་པོ་འབུལ་བ་ནི། །འཕགས་མཆོག་ཐུགས་རྗེའི་དཀྱིལ་འཁོར་ལ། །གཟུགས་སྒྲ་དྲི་རོ་རེག་བྱ་སོགས། །འདོད་ཡོན་ཕྱི་མཆོད་ནམ་མཁའ་གང་། །བདུད་རྩི་སྨན་ཕུང་རཀྟ་དང་། །དམ་རྫས་རྒྱན་ལྡན་ནང་མཆོད་བཤམས། །མཛེས་སྡུག་ཕྱག་རྒྱར་མཉམ་སྦྱོར་བ། །གསང་བ་བདེ་ཆེན་མཆོད་པའི་རྫས། །ཀུན་ཀྱང་རིག་པའི་རང་གདངས་ལས། །མཆོད་བྱ་མཆོད་བྱེད་དང་བྲལ་བ། །འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ། །ཐུགས་དམ་སྐོངས་ལ་དགོས་གྲུབ་སྩོལ། །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལས་པ་རི་ཝཱ་ར་ག་ཎ་ཙཀྲཔཱུ་ཛ་ཁཱ་ཧི། བར་པ་བཤགས་པ་ནི། བདག་ཅག་མ་རིག་དབང་གྱུར་པས། །ཉམས་ཆགས་འགལ་འཁྲུལ་ཅི་མཆིས་པ། །རྩ་གསུམ་ལྷ་ཚོགས་རྣམས་ལ་བཤགས། །ཚངས་པ་ཁྲུས་ཀྱི་དངོས་གྲུབ་སྩོལ། །ཨོཾ་པདྨ་ས་ཏྭ་ས་མ་ཡ་སོགས་སྣང་བ་མཐའ་ཡས་ཀྱི་ཡི་གེ་བརྒྱ་པ་གསུམ་མམ་བདུན་བརྗོད། ཐ་མ་བསྒྲལ་བ་ནི། ཨེ་ལས་ཐར་མེད་འབྲུབ་ཁུང་འབར་བའི་ནང་། །རྣ྄ིདང་ཏྲི་ལས་གནོད་བྱེད་གཟུགས་ཕུང་ལ། །ཕོ་ཉ་རྣམས་ཀྱི་དགྲ་དང་བགེགས་ཀྱི་ཚོགས། །ཁུག་ཅིག་ཛཿཧཱུཾ་བཾ་ཧོཿས་གཉིས་མེད་གྱུར། །དབང་ཆེན་རབ་ཁྲོས་སྐུ་སྨད་ཕུར་པའི་དཔལ། །སྙིང་གར་བཏབ་པས་སྲོག་བཅད་རྣམ་ཤེས་སྤར། །སྤུ་གྲི་འབར་བས་ཡན་ལག་ཤ་ཁྲག་རུས། །ནང་ཁྲོལ་མ་ལུས་ཕྱེ་མ་དུམ་བུར་གཏུབས། །ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་དགྲ་བགེགས་ཀྱི་བླ་ཚེ་སྲོག་གསུམ་ཐམས་ཅད་མཱ་ར་ཡ་རྦད་ཅེས་བསྒྲལ། སྟོབས་(༩༩བ)


GLG010_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། ཕྱི་ལྟར་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །ནང་དུ་ཚོགས་བརྒྱད་དག་པའི་ཕུང་པོ་ལྔ། །གསང་བ་བདེ་སྟོང་ཡེ་ཤེས་ལྔའི་རང་བཞིན། །གནས་ལུགས་རང་ངོ་ཤེས་པའི་ངང་ནས་འབུལ། །གོང་གི་སྔགས་གཤམ་དུ་མ་ཧཱ་མཾ་ས་རཀྟ་ཀཾ་ནི་རི་ཏི་ཁ་རཾ་ཁཱ་ཧི། ལྷག་མ་ནི། ཁ་ཆུས་བྲན་ལ། ཕྱི་ཡི་འཁོར་ཡུག་ལ་གནས་པའི། །ཐུགས་རྗེ་ཆེན་པོའི་བཀའ་སྐྱོང་ཚོགས། །ཡང་འཁོར་སྡེ་བརྒྱད་ཕོ་ཉར་བཅས། །ལྷག་པའི་གཏོར་མ་འདི་ལོང་ལ། །སངས་རྒྱས་བསྟན་པ་བསྲུང་བ་དང་། །བསྟན་གནོད་དགྲ་བགེགས་འཇོམས་པ་དང་། །རྣལ་འབྱོར་སྡོང་གྲོགས་བྱ་བ་དང་། །འགྲོ་ཀུན་ཕན་བདེ་སྒྲུབ་པར་མཛོད། །ཨོཾ་ཨུ་ཙིཥྚ་བ་ལིཾ་ཏ་བྷ་ཀྵ་སེ་སྭཱཧཱ། ཆད་མཐོ་ནི། སྔོན་ཚེ་འོག་མིན་བདེ་ལྡན་ཞིང་ཁམས་སུ། །དཔལ་ལྡན་ཀུན་བཟང་གར་གྱི་དབང་པོ་ཡིས། །རང་ལས་གཞན་མིན་དག་པའི་འཁོར་རྣམས་ལ། །བྱར་མེད་ངང་ནས་ཆོས་ཀྱི་གནས་ལུགས་ཀུན། །ཚིག་དང་ཡི་གེ་མེད་པ་བསྟན་པའི་ཚེ། །གསང་བ་ཡེ་ཤེས་ལ་སོགས་མཁའ་འགྲོ་ཡིས། །ཇི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ། །གཏོར་མ་འདི་ལོང་བཅོལ་བའི་ཕྲིན་ལས་མཛོད། །དེ་འོག་བར་གྱི་བསྐལ་པ་དབུས་མ་ལ། །ར་ས་འཁྲུལ་སྣང་དཔལ་གྱི་གཞལ་ཡས་སུ། །སྲོང་བཙན་སྒམ་པོ་ཨོ་རྒྱན་ཁྲི་སྲོང་རྗེས། །འཕགས་མཆོག་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེ་ནས། །གཏེར་ཁ་གསུམ་དུ་ཟབ་གཏེར་སྦས་པའི་ཚེ། །དུང་སྐྱོང་མ་སོགས་ཆོས་སྲུང་གཏེར་བདག་གིས། །ཇི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ། །གཏོར་མ་འདི་ལོང་བཅོལ་བའི་འཕྲིན་ལས་མཛོད། །དེ་འོག་རྩུབ་འགྱུར་བསྐལ་བའི་ཐ་མ་ལ། །ལངྒའི་རྒྱལ་ཁབ་དཔལ་རིའི་ཕོ་བྲང་དུ། །སློབ་དཔོན་ཐོད་ཕྲེང་སློབ་མ་དངོས་གྲུབ་མྱང་། །ཤཱཀྱ་བཟང་པོ་གཏེར་སྟོན་རྣམ་གསུམ་གྱིས། །འཇིག་རྟེན་དབང་ཕྱུག་དཀྱིལ་འཁོར་ཞལ་ཕྱེ་ནས། །མ་སྲིང་དྲེགས་པ་དམ་ལ་བཏགས་(༡༠༠ན)


GLG010_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ། །ཇི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ། གཏོར་མ་འདི་ལོང་བཅོལ་བའི་ཕྲིན་ལས་མཛོད། །ད་ལྟ་བཀྲ་ཤིས་བྱིན་ཆགས་གནས་མཆོག་འདིར། །དམ་གཙང་རྡོ་རྗེའི་སྤུན་གྲོགས་མཆེད་ལྕམ་གྱིས། །འགྲོ་འདུལ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ། །བདག་དོན་བྱང་ཆུབ་ནར་མར་བསྒྲུབས་པའི་ཚེ། །ཡར་གནས་མཆོད་བྱིན་མར་གནས་སྦྱང་བ་དང་། །བསྟན་སྲུང་དམ་སྐང་གཡར་དམ་གསོ་བྱེད་ན། །ཇི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ། གཏོར་མ་འདི་ལོང་བཅོལ་བའི་ཕྲིན་ལས་མཛོད། །བསྟན་མ་བསྐྱང་བ་ནི། བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞི། །གངས་དཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་བཙུན་བཞི། །འཁོར་བཅས་དམ་རྫས་བདུད་རྩི་འདི་བཞེས་ལ། ། དབུས་གཙང་རུ་བཞིའི་ནད་རིམས་དལ་ཁ་ཆད། །སད་སེར་བཙའ་ཐན་ལོ་ཉེས་དམག་འཁྲུགས་སོགས། །ཉེར་འཚེ་ཀུན་ཞི་ཆོས་སྲིད་ལེགས་ཚོགས་རྣམས། །ཡར་ངོའི་ཟླ་ལྟར་འཕེལ་བའི་འཕྲིན་ལས་མཛོད། །བྲོ་བརྡུངས་ནི། གཏོར་གཞོང་རི་རབ་གསལ་བའི་འགོ །གནོད་བྱེད་དགྲ་བགེགས་དམ་སྲི་རྣམས། །ལུས་ངག་ཡིད་གསུམ་མནན་བྱས་ནས། །ཐར་པ་མེད་པའི་བྲོ་བརྡུང་ངོ་། །དབང་ཆེན་རྟ་སྐད་ཅེར་ར་ར། །རོལ་པའི་རྟ་བྲོ་ཆེམ་སེ་ཆེམ། ཁྲོ་བོ་རྣམས་ཀྱིས་བྲོ་བརྡུངས་བར། ཁྲོ་མོ་རྣམས་ཀྱིས་རྒྱས་འདེབས་སོ། །དབང་དྲག་ཞི་རྒྱས་བྲོ་བརྡུངས་བས། ཁམས་གསུམ་དབང་སྡུད་གནོད་བྱེད་བསྒྲལ། །ནད་གདོན་ཀུན་ཞི་ཚེ་དཔལ་རྒྱས། །ལས་བཞི་ཐམས་ཅད་ལྷུན་གྲུབ་ཤོག །པ་ཤི་ཀུ་རུ་མཱ་ར་ཡ་ཤནྟཾ་ཀུ་རུ། པུཥྚཾ་ཀུ་རུ་སྭཱཧཱ། ཞེས་རྒྱལ་པོ་བཀའ་འབུམ་དུ་ཚོགས་འཁོར་གྱི་ཚིག་ཟིན་མེད་ཅིང་གངས་རི་བའི་ཡིག་ཆར་ཕྱོགས་ཙམ་སྣང་བ་ཧ་ཅང་ཚང་བ་མི་འདུག་པ། ཉེ་ཆར་འཁྲུལ་སྣང་བྱ་འདབས་ཀྱི་མ་ཎི་བ་དགོས་བསྟན་སྤྱི་སོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེ་བྱང་སེམས་མྱུ་གུ་རྩལ་གྱིས་ལྕགས་བྱ་གླུ་དབྱངས་ཀྱི་ཟླ་བར་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་མཆོག་གོ །སརྦ་མངྒ་ལཾ།། །།


previousརྟ་མགྲིན་ཤྭ་ན་བཞི་བསྐོར་གྱི་སྒྲུབ་ཐབས་དང་རྗེས་གནང་གི་ཆོ་ག་ཡིད་ཆེས་སུམ་ལྡན།next