Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཟུར་གནས་བློ་ལྡན་ངོ་མཚར་སྐྱེད་བྱེད་གཟུངས་འབུལ་གྱི་ལག་ལེན་འཁྲུལ་སྤོང་ཉིན་མོར་བྱེད་པ།
   


 
previousགཟུར་གནས་བློ་ལྡན་ངོ་མཚར་སྐྱེད་བྱེད་གཟུངས་འབུལ་གྱི་ལག་ལེན་འཁྲུལ་སྤོང་ཉིན་མོར་བྱེད་པ།next

གཟུར་གནས་བློ་ལྡན་ངོ་མཚར་སྐྱེད་བྱེད་གཟུངས་འབུལ་གྱི་ལག་ལེན་འཁྲུལ་སྤོང་ཉིན་མོར་བྱེད་པ།


GLG010_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

གཟུར་གནས་བློ་ལྡན་ངོ་མཚར་སྐྱེད་བྱེད་གཟུངས་འབུལ་གྱི་ལག་ལེན་འཁྲུལ་སྤོང་ཉིན་མོར་བྱེད་པ་བཞུགས་སོ།།


GLG010_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟཱི་སིདྡྷི། འགྱུར་མེད་ཆོས་སྐུ་དོན་དམ་མཁའ་ཁྱབ་སྤྲོས་དང་བྲལ་བའི་རང་བཞིན་ལས། །སྣ་ཚོགས་སྒྱུ་འཕྲུལ་དྲ་བའི་གར་མཁན་དཀྱིལ་འཁོར་བདག་པོར་མངོན་བཞེངས་པའི། །རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་དངོས་འཇམ་མགོན་བླ་མ་ཙོང་ཁ་པ། །ཟུང་འཇུག་དབང་གི་རྒྱལ་པོའི་འབྱུང་གནས་ཁྱོད་ཞབས་སྙིང་གི་པད་མཚོར་བཞུགས། །ཅུང་ཟད་བསྟེན་ཀྱང་རྣམ་པར་དཀར་བའི་འབྲས། །མངོན་པར་རྒྱས་མཛད་ཡང་དག་དགེ་བའི་བཤེས། །འཁོན་སྟོན་ཤེས་བྱ་ཀུན་མཁྱེན་ཁྱོད་ཉིད་ལས། ཁྱབ་བདག་འཁོར་ལོའི་མགོན་དེ་གཞན་ན་སུ། །གསང་ཆེན་རྒྱུད་སྡེ་རྒྱ་མཚོར་མངའ་བསྒྱུར་བའི། །མཁས་ཤིང་གྲུབ་པའི་དབང་ཕྱུག་རྡོ་རྗེ་འཛིན། །སྔོན་བྱོན་ཚད་མར་གྱུར་པའི་ཕྱག་བཞེས་དག །འཁྲུལ་པ་མེད་པའི་ལམ་དུ་དེང་འདིར་སྤེལ། །དེ་ཡང་མགོན་པོ་བྱམས་པས། །རིག་(༢ན)


GLG010_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་ཐོབ་མི་འགྱུར། ཞེས་གསུངས་པ་ལྟར་གྱི་རིག་པའི་གནས་ལྔའི་ནང་ནས་གཞན་རྗེས་སུ་འཛིན་པར་བཟོ་རིག་པར་གྲགས་པ་འདི་ཉིད་ལུས་ཅན་ཀུན་གྱི་ཕན་པ་དང་བདེ་བ་མ་ལུས་པའི་འབྱུང་གནས་སུ་བླ་ན་མ་མཆིས་པའི་རྒྱུ་མཚན། མཉམ་མེད་ཇོ་བོ་ཆེན་པོས། འཕགས་པ་རྣམ་པར་གྲོལ་བའི་སྡེའི་རྗེས་སུ་འབྲངས་ཏེ་གཙུག་ལག་ཁང་མཐའ་ཡས་པའི་གཉེར་ཁ་མཛད་དེ་ལྡེ་མིག་མང་དུ་བཟུང་བ་སོགས་རྣམ་ཐར་རྣམས་ལས་བྱུང་བ་ལྟར་དང་། སྟོན་པ་རིན་པོ་ཆེས་དགེ་འདུན་གྱི་གནས་གཞི་བཞེངས་པ་ལས་ལྷག་པའི་འདུས་བྱས་ཀྱི་དགེ་རྩ་མེད་པར་གསུངས་པ་ལ་བརྟེན་ནས། དགེ་བའི་བཤེས་གཉེན་སྤྱན་སྔ་བས་གཙུག་ལག་ཁང་དང་ཀུན་དགའ་ར་བ་མང་དུ་བཞེངས་པའི་སྔོན་བྱོན་དམ་པའི་རྣམ་ཐར་ལྟར་རོ། །དེ་ལྟ་བུ་ལ་རྟེན་གནས་གཞི་འདིང་བ་དང་། དེར་བཞུགས་པའི་བརྟེན་པ་སྐུ་གསུང་ཐུགས་ཀྱི་རྟེན་བཞེང་བའི་ཚུལ་ལ་གཉིས་ལས། དང་པོ་ནི། གནས་ཀྱི་མཚན་ཉིད་སྤྱིར་དགེ་བཅུ་ཚང་བ། བྱེ་བྲག་ཏུ་དཔལ་དཱི་པཾ་ཀཱ་རའི་ས་དཔྱད་འཕྲུལ་གྱི་ལྡེ་མིག །ཕུར་(༢བ)


GLG010_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་གསང་བླ་མེད། །རྗེ་ཡང་དགོན་པའི་རི་ཆོས་སོགས་ཡིག་ཆ་ཁུངས་ཐུབ་རྣམས་ལས་ཇི་ལྟར་འབྱུང་བ་བཞིན་ལེགས་པར་བརྟག་དགོས་ལ། གཙོ་བོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མཛད་པ་བཅུ་གཉིས་ལྟ་བུ་བསྟན་པའི་གནས་དང་། དཔའ་བོ་དང་མཁའ་འགྲོ་རྣམས་རང་བཞིན་གྱིས་འདུ་བའི་ཡུལ་ཉི་ཤུ་རྩ་བཞི་འམ་དེ་དང་འདྲ་བ། གཞན་ཡང་རྒྱ་བོད་ཀྱི་མཁས་གྲུབ་རྒྱལ་བློན་དམ་པ་ཚད་ལྡན་རྣམས་ཀྱི་ཞབས་ཀྱིས་བཅགས་ཤིང་། བྱིན་རླབས་མཛད་པ་རྣམས་ནི་གནས་ཀྱིས་གང་ཟག་བྱིན་གྱིས་བརླབས་པ་ཡིན་པས། དུས་དང་བསྟུན་པའི་རང་གཞན་གྱི་གང་ཟག་རྣམས་ལ་ལྷག་པར་སྨན་ཡོན་དུ་འགྱུར་བར་སེམས་ཤིང་། དོན་བསྡུ་ན་དུས་འཁོར་རྩ་རྒྱུད་ལས། གང་ལ་ས་སྐྱོང་ཆོས་ལྡན་ཞིང་། སྐྱེ་དགུ་བདེར་གནས་རྩོད་པ་མེད། ཅེས་དང་། མདོ་སྡེ་རྒྱན་ལས། བློ་ལྡན་གང་དུ་བསྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང་། །ས་བཟང་པ་དང་གྲོགས་བཟང་དང་། །རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དེར་བཞུགས་པའི་རྟེན་ལ། ངོས་འཛིན་ཚུལ། ཚེ་དང་ཕན་ཡོན། གཟུངས་གཞུག་འབུལ་ཚུལ་དང་བཞི། དང་པོ་ལ་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་ལས། དང་པོ་སྐུའི་རྟེན་ནི། ལོངས་སྐུ། སྤྲུལ་སྐུ་སོགས་སངས་རྒྱས་དང་། སེམས་དཔའ་བྱམས་འཇམ་དབྱངས་ལྟ་བུ་དང་། ཉན་རང་གི་རིགས་དང་། རང་རང་གི་དངོས་བརྒྱུད་ཀྱི་བླ་མའི་སྐུ་སོགས་རིགས་མང་ཞིང་། ད་ལྟ་ངོས་འཛིན་ཚུལ་ལ། བླ་མེད་ཀྱི་རིགས་ལྔ་ལྟ་བུ་ལོངས་སྐུ་དང་། །བདག་ཅག་(༣ན)


GLG010_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྟོན་པ་ལྟ་བུ་སྤྲུལ་སྐུའི་ཐ་སྙད་དུ་བྱེད་པ་ཡང་མི་རུང་བ་མ་ཡིན་མོད། འོན་ཀྱང་དེ་ཙམ་གྱིས་ལོངས་སྤྲུལ་གྱི་དབྱེ་བ་བྱ་བ་ནི་མ་ཡིན་ཏེ། འདུས་པ་དང་བདེ་དགྱེས་སོགས་དཀྱིལ་འཁོར་བའི་ལྷ་རྣམས་ནི་ངོ་བོ་ཡེ་ཤེས་ཀྱི་སྐུ། འབྱུང་ལུས་རགས་པ་དང་བྲལ་བའི་ལོངས་སྐུ་དེ་ལས་སྤྲུལ་བས་ན་སྤྲུལ་སྐུར་ངོས་འཛིན་པས་སོ། །དེ་ལྟར་དཀོན་མཆོག་གསུམ་གྱི་དབང་དུ་བྱས་ན་སྔ་མ་འདི་དག་ནི་སངས་རྒྱས་དཀོན་མཆོག་དང་། ཕྱི་མ་རྣམས་དགེ་འདུན་དཀོན་མཆོག་རྟེན་དུ་འགྱུར་རོ། །གཉིས་པ་གསུང་གི་རྟེན་ནི། མདོ་སྡེ་ལྟར་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དང་། སྔགས་ལ་ཕ་རྒྱུད་བྱེ་བ་ཕྲག་དྲུག །མ་རྒྱུད་བྱེ་བ་ཕྲག་བཅུ་དྲུག་སོགས་གླེགས་བམ་དུ་བཀོད་པ་སྟེ། དཀོན་མཆོག་གསུམ་ལས་ཆོས་དཀོན་མཆོག་གི་རྟེན་ནོ། །གསུམ་པ་ཐུགས་ཀྱི་རྟེན་ནི། །རང་བཞིན་ལྷུན་གྲུབ་གྱི་མཆོད་རྟེན་ནི། །སྣོད་བཅུད་ལ་སྦྱར་བ་དང་། །བླ་ན་མེད་པའི་མཆོད་རྟེན་ནི། །ཐིག་ལེ་དབང་གི་རྒྱུད་ལས་གླིང་བཞིར་ཚད་མེད་བཞི་ལ་སྦྱར་བ་དང་། །བྱིན་གྱིས་བརླབས་པའི་མཆོད་རྟེན་ནི་སྐུ་གདུང་ཆ་བརྒྱད་གླིང་བཞིར་སོ་སོར་བཞུགས་པ་དང་། དངོས་གྲུབ་འབྱུང་བའི་མཆོད་རྟེན་ནི་སྔོན་ཧེ་རུ་ཀས་དྲག་པོ་བཏུལ་བའི་ཚེ་ཡུལ་བརྒྱད་ཀྱི་དུར་ཁྲོད་དུ་མ་མོ་བརྒྱད་ཀྱི་དངོས་གྲུབ་འབྱུང་བའི་མཆོད་རྟེན་བརྒྱད་དང་། གཞན་ཡང་ཐེག་པ་སོ་སོའི་མཆོད་རྟེན་ཉན་ཐོས་རང་རྒྱལ་ཐེག་ཆེན་གྱི་རྟེན་དབྱིབས་ཚད་མི་འདྲ་བ་རྣམས་དང་། བྱེ་བྲག་ཏུ་འོ་སྐོལ་གྱི་སྟོན་པས་སྐུ་ཚེ་འདིའི་མཛད་པ་ཁྱད་པར་ཅན་རྣམས་ལས་གྲོང་ཁྱེར་སེར་སྐྱར་སྐུ་བལྟམས་པའི་ཚེ་བདེ་གཤེགས་(༣བ)


GLG010_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན། རྒྱལ་པོའི་ཁབ་ཏུ་མངོན་པར་བྱང་ཆུབ་པའི་ཚེ་བྱང་ཆེན་མཆོད་རྟེན། ཝཱ་ར་ཎ་སིར་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་ཡེ་ཤེས་མཆོད་རྟེན། མཉན་ཡོད་ཛེ་ཏའི་ཚལ་དུ་ཆོ་འཕྲུལ་བསྟན་པའི་ཚེ། །མུ་སྟེགས་ཕམ་བྱེད་ཀྱི་མཆོད་རྟེན། ཡངས་པ་ཅན་དུ་ལྷའི་དབྱར་གནས་མཛད་པའི་ཚེ། །སུམ་ཅུ་ལྷའི་མཆོད་རྟེན། རྒྱལ་པོའི་ཁབ་ཏུ་ལྷས་བྱིན་གྱིས་དགེ་འདུན་གྱི་དབྱེན་བྱས་པ་མཆོག་ཟུང་གཉིས་ཀྱིས་འདུམས་པའི་ཚེ། བྱང་དངོས་མཆོད་རྟེན། ཡངས་པ་ཅན་དུ་སྐུ་ཚེ་བྱིན་གྱིས་བརླབས་པའི་ཚེ། བྱིན་རླབས་མཆོད་རྟེན། །རྩྭ་མཆོག་གི་གྲོང་ཁྱེར་དུ་མྱ་ངན་ལས་འདས་པའི་ཚེ་མྱང་འདས་མཆོད་རྟེན། །གཞན་ཡང་རས་ཚིག་པའི་མཆོད་རྟེན། མ་ཚིག་པའི་མཆོད་རྟེན། སོལ་བའི་མཆོད་རྟེན། ཚེམས་ཀྱི་མཆེ་བ་ལྷ་དང་སྲིན་པོས་ཁྱེར་བའི་མཆོད་རྟེན། ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་མཆོད་རྟེན་བྱེ་བ་སོགས་རྣམ་གྲངས་མཐའ་ཡས་པ་སྟེ། སྐུ་གསུམ་ནང་ནས་ཆོས་སྐུའི་རྟེན་ནོ། །གཉིས་པ་ནི། དེ་ལྟ་བུའི་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཞེང་བ་ལ། དེ་དག་རྣམས་ཀྱི་ཚད་གནས་ཁང་དང་སྦྱིན་བདག་རྣམས་ཀྱི་འབྱོར་བ་དང་བསྟུན་པས་ཆེ་ཆུང་མཐའ་གཅིག་ཏུ་མ་ངེས་ཤིང་། ཕྱག་ཚད་ཀྱི་རིམ་པ་མཆོད་རྟེན། སྐུ་གཟུགས། ཕྱག་མཚན་དང་བཅས་པའི་ཐིག་རྩའི་རིམ་པ་དུས་འཁོར། སྡོམ་འབྱུང་རྩ་འགྲེལ། ཀྲི་ཡེ་ས་མུཙཌ། ཤཱ་རིའི་བུས་ཞུས་པའི་མདོ་ལ་བརྟེན་པའི་ཕྱག་ཚད། གཞན་ཡང་བོད་ཀྱི་མཁས་པ་ཐམས་ཅད་མཁྱེན་པ་ཞ་ལུ་བུ་སྟོན་དང་། སྐད་གཉིས་སྨྲ་བ་ཤེས་རབ་རིན་ཆེན། ཐམས་ཅད་མཁྱེན་པ་(༤ན)


GLG010_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་གྲུབ་ཀྱིས་ཟིན་བྲིས་སུ་མཛད་པ་ལ་སྨན་བླ་དོན་གྲུབ་ཀྱིས་ཁ་འགེངས་སྦྱར་བྱང་དང་བཅས་བཀོད་པ་སོགས་མཁས་པའི་གསུང་རབ་རྣམས་ལས་བྱུང་བའི་ཕྱག་ཚད་ཇི་ལྟ་བ་བཞིན་དུ་བཞེངས་ཤིང་། གླེགས་བམ་དང་འཇམ་པའི་དབྱངས་ཐོན་མི་སམྦྷོ་ཊ་དང་། དོན་གྱི་པཎྜི་ཏ་ཆེན་པོ་ཆོས་སྐྱོང་བཟང་པོ་སོགས་ཀྱིས་ལེགས་པར་བཤད་པ་ལས་བྱུང་བའི་སྡེབས་དང་བརྡ་དག་སོགས་རུང་བར་བྱ་དགོས་ཏེ། སྐུ་གཟུགས་ཕྱག་ཚད་མེད་པ་དང་། གླེགས་བམ་བརྡ་དག་མེད་པ་སོགས་ལ་རྒྱུ་སོང་གི་འབྲས་བུ་ནི་འབྱུང་མོད། དེ་ཡང་ཐེག་པ་གསུམ་པོ་གང་རུང་གི་མྱང་འདས་ལ་དམིགས་པའི་བསམ་པས་ཟིན་ན་སྒྲུབ་པོ་རང་ཉིད་ལ་ཕན་ཡོན་ནི་བླ་ན་མེད་པ་འབྱུང་བ་ཁྱིམ་བདག་དཔལ་སྐྱེས་ཀྱི་ཐར་པའི་ས་བོན་ཤིན་ཏུ་ཕྲ་བ་མདོ་ལས་གསུངས་པ་དཔེར་མཚོན་ཏེ་དཔོག་པར་ནུས་ལ། བསྟན་པའི་རྒྱུན་ལ་ནི་སྐུ་གཟུགས་དང་གླེགས་བམ་བཞེང་ཚུལ་མ་དག་པ་དེ་དག་གིས་གཞན་དག་མང་པོས་ཀྱང་ཆེ་གེ་མོ་ལ་འདི་དག་སྣང་ཞེས་དཔེར་བཟུང་ནས་མ་དག་པའི་རྒྱུན་ཆེན་པོར་འབྱམས་ཏེ་བསྟན་པ་དྲི་བཅས་སུ་འགྱུར་ཞིང་། ཁྱད་པར་རྒྱ་གར་ལྟ་བུའི་ཆོས་ཀྱི་དག་ཐེར་མེད་པའི་རང་ཅག་བོད་སོགས་མཐའ་འཁོབ་པ་རྣམས་ནི་མཁས་བླུན་དབྱེ་བ་མི་ཕྱེད་པའི་དབང་གིས། །གདུང་རུས་ཡུལ་གཉེན་པོར་གྲགས་པ་དང་། མཁས་པ་དང་གྲུབ་པའི་སྐྱེ་བ་དང་སྤྲུལ་པར་གྲགས་པ་དང་། འཁོར་གཡོག་མང་པོའི་འདུ་འགོད་སོགས་འཇིག་རྟེན་ཆོས་བརྒྱད་ཀྱི་གཡེང་བ་ཅན་རྣམས་ལ་སྐྱེས་བུ་དམ་པར་བརྩི་ཞིང་། དེ་དག་གིས་རྣམ་པར་(༤བ)


GLG010_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཚམ་པའི་སྣང་བ་ལ་གང་ཤར་གྱི་རང་བཟོ་ཆེན་པོ་ཞིག་བྱས་ཀྱང་། ཡང་དག་པར་འཛིན་པའི་དབང་གིས་བསྟན་པ་དང་རང་གཞན་མང་པོ་བསླུ་བའི་གཡང་ས་ཆེན་པོ་མཐོང་བ་དེའི་ཕྱིར། ཤེས་ལྡན་རྣམས་ཀྱིས་ཞིབ་མོར་དཔྱོད་པ་གནད་དུ་ཆེ་ཞིང་། སྐུ་གསུང་ཐུགས་རྟེན་འདི་ལྟ་བུ་བཞེངས་སོ་ཞེས་པའི་སྙན་གྲགས་ཙམ་འདོད་དེ་ལག་ཏུ་བླང་བའི་རིམ་པ་རྣམས་ཧྲལ་པོར་བྱེད་པ་དང་། ཚེ་འདི་དང་ཕྱི་མའི་བདེ་བ་ཙམ་དོན་དུ་གཉེར་བ་ནི་འཁོར་བའི་འཁོར་ལོ་བསྐོར་བར་ཟད་དོ། །གསུམ་པ་ཕན་ཡོན་ནི། །གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། །ཐུབ་པའི་མཆོད་རྟེན་བྱེད་དམ་བྱེད་བཅུག་པ། །མྱ་ངན་འཇོམས་དང་ལུས་ཀུན་གྲིམས་པ་དང་། །རིན་ཆེན་མཛོད་མང་འཇིག་རྟེན་གཙོར་འགྱུར་ཞིང་། །མི་དེ་དགྲ་ཡི་ཚོགས་ལས་རྒྱལ་བར་འགྱུར། །བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་ཡོད་པ། །དེ་འདྲའི་གྲངས་དེ་སྙེད་ཀྱི་རྒྱལ་སྲིད་དང་། །ལྷ་ཡུལ་ས་སྟེང་མི་ཡིས་ངེས་པར་འཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་འཛིན་ནི། །ཕུན་སུམ་ཚོགས་པའི་ས་མཆོག་ཀུན་མྱོང་ནས། །ཐ་མར་སྐྱེ་དང་རྒ་བ་ལ་སོགས་པའི། །སྡུག་བསྔལ་དང་བྲལ་སངས་རྒྱས་གོ་འཕང་འཐོབ། །འདི་ནི་རྒྱལ་བའི་སྐུ་གཟུགས་བྱེད་པ་ནི། །གཟུགས་དང་སྐལ་བཟང་ཡོན་ཏན་ཉེ་བར་ལྡན། །དེ་ནི་དབང་པོ་སྦས་དང་ཉི་མའི་འོད། །འཇིག་རྟེན་ཀུན་གྱིས་མཐོང་ན་དགའ་བར་འགྱུར། །བདེ་བར་གཤེགས་པའི་སྐུ་གཟུགས་བཞེངས་པ་གང་། །དེ་ཡི་ལུས་ནི་དྲི་མ་མེད་པ་དང་། །(༥ན)


GLG010_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ནད་དང་འཇིགས་དང་མྱ་ངན་སྡུག་བསྔལ་བྲལ། །པདྨའི་ནང་བཞིན་འཇམ་དང་ཡངས་པར་འགྱུར། །འདི་ན་རྒྱལ་བའི་སྐུ་གཟུགས་བྱེད་པ་གང་། །བྲན་དུ་མི་འགྱུར་དབུལ་པོའི་རང་བཞིན་མིན། །ལས་བྱེད་མ་ཡིན་སྐྱེ་བ་དམན་པར་མིན། །དབང་པོ་མ་ཚང་མིན་ཏེ་སྐྱེས་མཆོག་འགྱུར། ཞེས་དང་། སྡུད་པ་ལས། ལ་ལས་གངྒཱའི་ཀླུང་གི་བྱེ་སྙེད་ཞིང་རྣམས་ན། །སེམས་ཅན་ཇི་སྙེད་འཁོད་ཀུན་དགྲ་བཅོམ་ཉིད་བཏུལ་བས། །གང་གིས་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་བྲིས་ཏེ། །སེམས་ཅན་མཆོག་ལ་གླེགས་བྱིན་བསོད་ནམས་ཁྱད་པར་འཕགས། །ཞེས་སོགས་གསུངས་པ་ལྟར་རོ། །བཞི་པ་གཟུངས་གཞུག་འབུལ་ཚུལ་ལ། །འབུལ་ཡུལ་གྱི་རྟེན་དེ་ཉིད་སྦྱོར་དངོས་མཇུག་གསུམ་གྱི་སྒོ་ནས་མཚན་ཉིད་ཚང་དགོས་པར་བསྟན་པ། ལོག་རྟོག་བསལ་བ། མཚན་ཉིད་དེ་ལྡན་གྱི་རྟེན་ལ་གཟུངས་གཞུག་འབུལ་བ་དངོས་དང་གསུམ། དང་པོ་ནི། སྔར་བཤད་པའི་ཕྱག་ཚད་དེ་ཙམ་དང་ལྡན་པས་ཆོག་གམ་སྙམ་ན། དེ་ཙམ་གྱིས་ཀྱང་ཆོག་པ་མིན་ཏེ། རྒྱུའི་ཡན་ལག་སྦྱིན་བདག་དེ་ནི། །མཁས་པའི་གསུང་ལས། སྡིག་ལ་མི་འཛེམ་དད་འདུན་ཆུང་། །ཕན་ཡོན་མ་མཐོང་ཡིད་མི་ཆེས། །བསྒྲུབ་བློ་མེད་པའམ་ཡོད་ན་ཡང་། །ཚེ་འདིའི་ལོ་འདོད་གྲངས་འདོད་ཕྱིར། རྐྱེན་དང་མི་འཚམ་བློ་རྒྱ་བྱེད། །ངང་ཐུང་བློ་དོག་བཟོད་སྲན་ཆུང་། །ལྷ་དང་བཟོ་བོ་སྨོད་བྱེད་ཅིང་། །འགྱོད་པ་སྐྱེས་ནས་འཕྲོ་འཇོག་པའོ། །ཞེས་པ་ལྟ་བུའི་སྐྱོན་དང་མི་ལྡན་ཞིང་། །ཕན་ཡོན་མཐོང་བའི་ཤེས་རབ་ཅན། །རྩེ་གཅིག་སེམས་(༥བ)


GLG010_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསམ་གཏན་ཅན། །བརྟན་ཅིང་སྤྲོ་བའི་བརྩོན་འགྲུས་ཅན། །དཀའ་སྤྱད་མི་སྐྱོ་བཟོད་བསྲན་ཅན། །ངང་རིང་ཚིག་འཇམ་ཚུལ་ཁྲིམས་ཅན། །གཡོ་མེད་གཏོང་ཕོད་སྦྱིན་པར་ལྡན། །རིམ་གྱིས་དགའ་སྤྲོ་བསྒོམ་པའོ། །ཞེས་པའི་ཡོན་ཏན་དང་ལྡན་པ་ཞིག་དགོས་སོ། །དེ་བཞིན་དུ་བཟོ་བོ་ཡང་། །ཡོན་ཏན་མི་མཁས་ང་རྒྱལ་ཆེ། །འགྲོགས་པ་མི་བདེ་བཀུར་སྟི་འདོད། །འཕྲལ་དུ་ཚིག་རྩུབ་ཕུགས་འདོད་ཚེ། །ཡོན་བརྒྱགས་བླ་ཐང་ཚེད་མེད་འབེབས། །དེས་ཀྱང་མི་ཚིམ་རྒྱུ་ཆ་བརྐུ། །ཅུང་ཟད་ཙམ་ལ་བཟོ་འཕྲོ་འཇོག །འགྲོ་སྡིགས་བྱེད་ཅིང་ཆང་ནག་འཚོལ། །དགེ་ལས་སྡིག་པར་བསྒྱུར་མཁན་ཡིན། ཞེས་པའི་སྐྱོན་རྣམས་དང་མི་ལྡན་ཞིང་། ཡོན་ཏན་གྱི་ཁྱད་པར་སྡོམ་འབྱུང་ལས། །དུལ་ཞིང་བཟོ་རྣམས་ཀུན་ཤེས་ལ། །ཆོ་ག་མཐོང་ཞིང་མཉམ་གཞག་པ། ཞེས་དང་། དཔལ་ཁ་སྦྱོར་ལས། དུལ་ཞིང་དད་ལྡན་ལང་ཚོར་བབས། །དབང་པོ་རྣམ་གསལ་རྣམ་རྟོག་མེད། ཁྲོ་མེད་ལྐོག་འཕྱས་མི་བྱེད་ཅིང་། །ཤིན་ཏུ་མཁས་ལ་སྤྲོ་བ་ཆེ། །བཟོད་ལྡན་སྙིང་རྗེའི་ཆེན་པོ་ཅན། །ཞེས་རྒྱུད་སྡེ་རྣམས་ལས་ལེགས་པར་གསུངས་པ་དང་ལྡན་དགོས་ཤིང་། སྐུའི་རྒྱུ་རྣམས་ཀྱང་རང་ཉིད་ཀྱིས་འབྱོར་བཞིན་དུ་སེར་སྣས་བཅིངས་ཏེ་རྒྱུ་ངན་ངོན་ཙམ་བཏང་བ་ལ་འབྲས་བུ་བཟང་པོར་འདོད་པ་དང་། བློ་གྲོས་ཀྱི་རྩལ་དང་མི་ལྡན་པ་དག་གིས་བཀོད་པ་ལེགས་སུ་རེ་བ་རྣམས་ནི་ནམ་མཁའི་པདྨོ་དང་ཆོས་མཚུངས་ཤིང་། གཞན་ཡང་སྐུ་རྒྱུ་དང་རྒྱན་སྤྲོས་ཀྱི་རིམ་པ་སོགས་ཀྱང་སྤྱིར་བཏང་དམིགས་བསལ་གྱི་དབྱེ་བ་ལེགས་པར་ཕྱེད་དགོས་(༦ན)


GLG010_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

སོ། དེ་ཡང་ཐོག་མར་བཞེང་པའི་ཚེ། ས་འམ་ཡོ་བྱད་འཚོལ་བ་ན། ཕྱི་ལྟས་སྐྱེས་བུའི་བྱ་སྤྱོད། རྫས་དང་། སྐད་དང་། སྒྲ་ལ་སོགས་པ་བཟང་ངན་གྱི་རིམ་པ་ལ་བརྟེན་ནས་རྟེན་འབྲེལ་བརྟག་པ། དཔལ་གཡུལ་ལས་རྣམ་པར་རྒྱལ་བ་སོགས་རྩིས་ཀྱི་གཞུང་ལུགས་དང་། གཞན་ཡང་ལྟས་ཀྱི་བསྟན་བཅོས་རྣམས་ལས་ཤེས་དགོས་ཤིང་། དེའི་རྒྱུ་མཚན་ཡང་། སྤྱིར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོངས་ཀྱང་། ཐ་སྙད་དུ་བྱ་བྱེད་ཐམས་ཅད་འཐད་པས་ན་རྟེན་འབྲེལ་འགྲིག་པ་ནི་ལེགས་ཚོགས་འབྱུང་བའི་སྒོ་སྟེ། བཤེས་སྤྲིང་ལས། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །གང་གིས་འདི་ནི་ཡང་དག་མཐོང་བ་དེས། །སངས་རྒྱས་དེ་ཉིད་རིག་པ་རྣམས་མཆོག་མཐོང་། ཞེས་དང་། ལམ་འབྲས་དོན་བསྡུས་མ་ལས། །རྟེན་འབྲེལ་རྣམ་གསུམ་རང་ལ་འཛོམ་པ་ཡིས། །རྒྱུ་རྐྱེན་གཞན་མེད་རེ་དོགས་བྲལ་བར་མཛོད། ཅེས་དང་། རྒྱལ་བ་བཙོང་ཁ་པས། དེ་ཕྱིར་རྟེན་ནས་འབྱུང་བ་ལས། །མ་གཏོགས་ཆོས་འགའ་ཡོད་མིན་པས། །རང་བཞིན་གྱིས་ནི་སྟོངས་པ་ལས། །མ་གཏོགས་ཆོས་འགའ་མེད་པར་གསུངས། ཞེས་པ་ལྟར་རོ། །གཞན་ཡང་རྡོ་རྗེ་ཕྲེང་བ་དང་། རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་སོགས་དཀྱིལ་འཁོར་གྱི་ཆོ་ག་མང་པོ་ལས་གསུངས་པའི་ས་བརྟག་པ། བསླང་བ། སྦྱང་བ། བཟུང་བ། བགེགས་བཟློག་པ་རྣམས་ཚིག་གི་འདོན་བསྒྱུར་མ་གཏོགས་ལན་དགོས་ཤིང་། ལྟོ་འཕྱེ་བརྟག་པ་ལ་རྩིས་དཀར་ནག་དང་རྒྱུད་སྡེ་ནས་བཤད་པའི་རིགས་རྣམ་(༦བ)


GLG010_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མང་ཡང་། གཙོ་བོར་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་ལས་བཤད་པ་བཞིན་བྱས་ན་ལེགས་ཤིང་། ས་དང་། ལྷ་དང་། བུམ་པ་སྟ་གོན་ཡང་དཀྱིལ་འཁོར་གྱི་ཆོ་ག་ནས་བཤད་པ་ལྟར་བྱ་བར་རིགས་སོ། །དེ་བཞིན་དུ་བཟོ་བོ་དང་། སྐུ་རྒྱུ་དང་། ལག་ཆའི་རིམ་པ་རྣམས་བྱིན་གྱིས་བརླབ་པའི་སྟ་གོན་གྱི་ལག་ལེན་དང་། ངག་འདོན་གྱི་རིམ་པ་ནི་ཟུར་དུ་ཤེས་དགོས་ཤིང་། གཙུག་ལག་ཁང་དང་། མཆོད་རྟེན་སོགས་ལ་བུམ་གཏེར་གཞུག་པའི་ལག་ལེན་ཞིབ་མོ་ཡང་མན་ངག་ལས་ཇི་ལྟར་འབྱུང་བ་ལྟར་དང་། མདོར་ན་ལས་རྣམས་རྩོམ་པའི་ཐོག་མའི་ཚེ། དཀར་རྩིས་ལས་བཤད་པའི་གཟའ་སྐར་སྦྱོར་བྱེད་དང་། ནག་རྩིས་ཀྱི་ས་བདག་སོགས་བརྩིས་ཏེ་རས་སྤྱོད་གཟུ་ལུམས་སུ་མ་སོང་བ་སོགས་དགོས་ཏེ། རྒྱུ་མཚན་བཤད་མ་ཐག་པ་དེ་རྣམས་མཁས་གྲུབ་ཚད་ལྡན་རྣམས་ཀྱི་ཕྱག་ལེན་ལས་རིམ་པར་བྱུང་ཞིང་། ཁྱད་པར་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེན་པོའི་དགོངས་དོན་ཇི་ལྟ་བ་བཞིན་རྡོ་རྗེ་འཆང་སྔགས་རམ་པ་དགེ་འདུན་བཀྲ་ཤིས་སོགས་ཀྱིས་ཕྱག་ལེན་དུ་ལེགས་པར་བསྟར་མོད། དེང་སང་ནི་དུས་དབང་གིས་བསྟན་པའི་རྣམ་གཞག་རྣམས་རིམ་གྱིས་འགྲིབས་པས་སྐུ་གསུང་ཐུགས་རྟེན་བཞེང་པ་ལ་ཚུལ་དེ་དག་ལག་ཏུ་བླང་པ་ལྟ་ཅི་སྨོས། །དགོས་པའི་གཏམ་ཙམ་ཡང་ཆེར་མི་སྣང་ངོ་། །གཉིས་པ་ལོག་རྟོག་བསལ་བ་ནི། ཡོན་ཏན་ཕྱོགས་རེ་ཙམ་གྱིས་དྲེགས་ཤིང་། མདོ་བསྟན་བཅོས་དགོས་འགྲེལ་རིས་སུ་མ་ཆད་པ་ལ་ལྟ་བའི་བློ་མིག་རྣམ་པར་ལྡོོངས་པ་འདོད་པའི་ལྷས་རྫས་སུ་བཟུང་བ་ལ་ལ་དག་གིས་སྐུ་གཟུགས་(༧ན)


GLG010_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཆོད་རྟེན་སོགས་བཞེངས་པ་ལ་གཟུངས་གཞུག་འབུལ་བ་འདི་དག་བོད་ཀྱི་བླ་མ་རྣམས་ཀྱིས་བྱས་ཀྱི། རྒྱ་གར་ན་མེད་དོ་སྙམ་པའི་ལོག་རྟོག་གི་ངན་སྨྲས་སྒྲོག་ཅིང་། དེའི་ཁུངས་སུ། རྒྱ་གཞུང་འགའ་ཞིག་ན་རྟེན་འབྲེལ་སྙིང་པོ་ལྟ་བུའི་གཟུངས་དམིགས་བསལ་རེ་རེ་ཙམ་འཇུག་ཟེར་བ་ལས། དེང་སང་ཡོངས་སུ་གྲགས་པ་འདི་འདྲ་བྱེད་པའི་འཕྲོས་ཟུར་ཙམ་ཡང་མི་སྣང་བ་དང་། འཕགས་ཡུལ་གྱི་སྐུ་ལི་མ་རྣམས་གར་ལུགས་ཤས་ཆེ་བས་གཟུངས་གཞུག་མེད་པ་མངོན་སུམ་གྱིས་གྲུབ་ཅིང་། བོད་འདིར་སྔོན་དུ་བཞེངས་པའི་ལྡེར་བཟོ་ཞིག་པ་རྣམས་ལ་བརྟགས་ཚེ་ཡང་གཟུངས་གཞུག་ཇི་བཞིན་མི་འདུག་པ་མཐོང་བས་སོ་ཞེས་ཟེར་མོད། དེ་དག་གི་བདུད་ཀྱིས་ཁ་རྣམ་པར་ཕྱེ་བའི་གཏམ་སྟེ། མདོ་ལས། སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་བྱེ་བ་ཕྲག་དུ་མ་དང་བཅས་པ་ལ་ལོ་གྲངས་དཔག་ཏུ་མེད་པར་ཡོ་བྱད་ཀྱིས་བསྙེན་བཀུར་བྱས་པ་ལས། དེ་བཞིན་གཤེགས་པའི་སྐུ་གཟུགས་མཚོན་གང་བ་རིང་བསྲེལ་གྱི་སྙིང་པོ་ཅན་ཞིག་འཇིམ་པ་ལས་བསྒྲུབས་པ་བསོད་ནམས་ལྷག་པ་སོགས་མང་དུ་གསུངས་པས། རིང་བསྲེལ་ལ་རྣམ་གྲངས་མང་ཡང་། གཙོ་བོར་ཆོས་སྐུའི་རིང་བསྲེལ་ནི་གཟུངས་ལ་ངོས་འཛིན་པའི་ཕྱིར། གཟུངས་འབུལ་ཚུལ་གྱི་ལག་ལེན་ཞིབ་མོ་རྒྱ་གར་དུ་ཡོད་པ་ལུང་རིགས་གཉིས་ཀས་འགྲུབ་ཅིང་། རྒྱ་གཞུང་འགའ་ཞིག་ཏུ་གཟུངས་འབུལ་བའི་གསལ་ཆ་མེད་པ་ཙམ་གྱིས། རྒྱ་གར་དུ་མེད་པ་མི་འགྲུབ་སྟེ། མདོ་ལུགས་ཀྱི་དབང་དུ་བྱས་ན་བཤེས་སྤྲིན་ལས། ཇི་ལྟར་བདེ་གཤེགས་(༧བ)


GLG010_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། ཅེས་པ་ལྟར་དེ་བཞིན་གཤེགས་པའི་སྐུ་གཟུགས་གྲུབ་ཙམ་ཉིད་ནས་མཆོད་པའི་ཡུལ་དུ་གསུངས་ཀྱི། རབ་ཏུ་གནས་པར་མ་བཤད་པས། མདོ་ལུགས་ནས་མ་གསལ་བའི་རྒྱུ་མཚན་གྱིས་རབ་གནས་མི་འཐད་པར་ཁས་ལེན་དགོས་པར་འགྱུར་ཞིང་། གཞན་ཡང་མན་ངག་ཏུ་བྱས་ཏེ་ཞལ་དང་སྙན་ནས་བརྒྱུད་དགོས་པ་རྣམས་ཆོས་ཀྱི་སྤྱན་དང་ལྡན་པས་གཟིགས་ཚེ་རྒྱུད་སྡེ་རྣམས་ལས་གབ་དཀྲུགས་ཐོར་བུའི་ཚུལ་གྱིས་བསྟན་པ་ཤ་སྟག་ཡིན་ནའང་། རྨོངས་པ་མཁས་པར་རློམ་པ་རྣམས་ལ་ནི་རྒྱུད་སྡེ་རྣམས་ལས་ནག་པོ་འགྲོ་ཤེས་ལྟ་བུར་གསལ་བར་མ་བཀོད་པ་རྒྱུ་མཚན་དུ་བྱས་ནས། སངས་རྒྱས་ཀྱིས་མ་གསུངས་སོ་ཞེས་སྨྲེ་སྔགས་ཀྱི་ཐན་སྐད་སྒྲོག་ན། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་དབང་བཞི་པ་བསྐུར་ཚུལ་རྒྱུད་སྡེ་རྣམས་སུ་སྦས་པས། དབང་བཞི་པ་བསྐུར་ཚུལ་བོད་ཀྱི་བླ་མ་རྣམས་ཀྱི་བློས་བྱས་ཡིན་ནོ་ཞེས་རིགས་མཐུན་གྱི་བླུན་པོ་ཀུན་ལ་འབད་པས་སྒྲོགས་ཤིག །རང་གིས་ཨོཾ་བསྒྲུབ་ཚུལ་ཙམ་ཡང་མི་ཤེས་ན་རྒྱ་དཔེ་ལྟ་ཅི་སྨོས། །སྣང་ཚུལ་དེ་དང་ལྡན་བཞིན་དུ་རྒྱ་གར་ཁ་སྤུ་ཅན་གྱི་ལུགས་བྱེད་ཅེས་ཧམ་པ་བྱེད་པ་ནི་རྒྱ་དཀར་ནག་ལྟ་བུའི་ལུགས་གཉིས་ཀྱི་ཁྲིམས་མེད་པའི་སྐྱོན་ནོ། །ལིའི་རྒྱུ་རྣམས་ལ་སངས་རྒྱས་འོད་སྲུངས་ཀྱིས་བྱིན་རླབས་མཛད་པར་བཤད་པས། ལིའི་སྐུ་འགའ་ཞིག་ལ་གཟུངས་གཞུག་མེད་ཀྱང་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་ལས་ལྷག་པའི་གཟུངས་ཅི་ཞིག་དགོས། དེའི་དཔེས་གཞན་དག་ལ་(༨ན)


GLG010_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཁེགས་པར་འགྱུར་རོ་སྙམ་ན། ད་ལྟའི་གང་ཟག་རྣམས་ཀྱི་སངས་རྒྱས་འོད་སྲུངས་དང་ཤཱཀྱ་ཐུབ་པ་སོགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་མཛད་པ་དེ་དག་དངོས་སུ་སྟོན་ཞིག་དང་། ཁོ་བོས་སྙིང་ནས་རྗེས་སུ་ཡི་རང་བར་བྱེད་དོ། །སྔོན་གྱི་ལྡེར་བཟོ་རྙིང་པ་འགའ་ཞིག་ལ་གཟུངས་གཞུག་ཚད་ལྡན་མི་འདུག་གོ་ཞེས་ཟེར་བ་ནི་ཤིན་ཏུ་མི་རིགས་ཏེ། སྔ་རབས་ཀྱི་དུས་སུ་བྱུང་བ་རྒྱུ་མཚན་དུ་བྱས་ཏེ་ཁུངས་བཙུན་པར་འགྱུར་ན། བོད་དུ་ནང་པའི་བསྟན་པ་ལས་བོན་པོའི་བསྟན་པ་སྔ་ཞིང་། ཀ་མ་ལ་ཤཱི་ལའི་རིང་ལུགས་ལས་ཧྭ་ཤང་གི་གྲུབ་མཐའ་སྔ་བ་དང་། རྒྱལ་བ་ཙོང་ཁ་པ་ཆེན་པོའི་ལྟ་བའི་བཞེད་པ་ལས་ཇོ་མོ་ནང་པའི་ལྟ་བ་དག་སྔ་བའི་ཕྱིར་ན། སྔ་མ་རྣམས་དག་གི་ཕྱི་མ་རྣམས་མི་དག་གོ །ཞེས་སྨྲ་དགོས་པར་འགྱུར་བ་སོགས་གནོད་བྱེད་མི་ཟད་པ་ཐོག་ཏུ་འབབ་བོ། །གསུམ་པ་རྟེན་ལ་གཟུངས་འབུལ་བ་དངོས་ལ། དངོས་དང་། འཕྲོས་དོན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། ལོ་ཆེན་རིན་ཆེན་བཟང་པོའི་རབ་གནས་ཀྱི་སྡོམ་ལས། རིང་བསྲེལ་གཞུག་ཅིང་གསོལ་བ་གདབ། ཅེས་སོགས་གསུངས་པ་ལྟར། འཐད་ལྡན་ལག་ཏུ་བླང་བའི་རིམ་པ་ལ། སྲོག་ཤིང་ཡང་རབ་ཙནྡན། དེ་མ་འབྱོར་ནའང་ཤུག་པའམ་འབྲས་བུ་ཅན་གྱི་ཤིང་། མ་བཅད་པའི་སྔ་རོལ་ནས་ཕྱོགས་མི་ནོར་བའི་མཚན་མ་བཏབ་པ་ཞིག་དགོས་ཤིང་། དེའང་རབ་གནས་དོན་གསལ་སོགས་སུ། སརྦ་བིདྱཱའི་སྔགས་མཆོད་རྟེན་གྱི་སྲོག་ཤིག་ལ་འདྲི་ཞིང་། སྐུ་གཟུགས་འབུར་མ་ཡིན་ན་དབུ་ལ་གཞུག་པར་བཤད་པ་དང་། མངའ་དབུལ་གྱི་སྐབས་མཆོད་(༨བ)


GLG010_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལ་སྲོག་ཤིང་གི་མངའ་དབུལ་བྱུང་ཞིང་། སྐུ་གཟུགས་ལ་མ་བྱུང་བའི་རྒྱུ་མཚན་གྱིས། སྐུ་གཟུགས་ལ་སྲོག་ཤིང་མེད་དུ་མི་རུང་བ་ནི་མ་ཡིན་ལ། འོན་ཀྱང་བརྡུངས་མ་སྐུ་ཚད་ཆེ་བའི་རིགས་ལ་སྐུའི་ཚོ་འཛིན་པར་འགྱུར་ཞིང་ལེགས་པ་ཡིན་ནོ། །ལྡེར་བཟོ་རུས་ཤིང་འཇོག་པའི་ཚད་ལ། རུས་ཤིང་སྲོག་ཤིང་གཅིག་པར་བསྒྲུབས་ན་ལེགས་པར་སེམས་ཤིང་། འཕགས་པ་རིན་པོ་ཆེས་ཆོས་སྐྱོང་གི་སྐུ་ལ་སྲོག་ཤིང་ངེས་ཅན་དུ་གསུངས་པ་ནི། མན་ངག་དམིགས་ཀྱིས་བསལ་བ་སྟེ། ཆོས་སྐྱོང་གི་གཟུངས་འབུལ་སྐོར་ལ་ཁྱད་པར་གྱི་རྣམ་གྲངས་ཆེས་མང་བ་ནས། སྤྱི་འགྲོའི་ལག་ལེན་ཙམ་གྱིས་ཁྱབ་པ་མིན་ནོ། །དེ་ཡང་སྔར་བཤད་པའི་རྒྱུ་དེ་དག་ལས་གྲུབ་པའི་སྲོག་ཤིང་། མཆོད་རྟེན་གྱི་ཆོས་འཁོར་ཡན་ཆད་དམིགས་ཀྱིས་བསལ་བའི་ཟླུམ་པོ་དང་། གཞན་ཐམས་ཅད་གྲུ་བཞི་པ་རྩ་རྩེའི་རྣམ་པའི་ཕྲ་སྦོམ་ཡོད་པར་བྱས་ལ། དེའི་རྩེ་མོར་རྣམ་རྒྱལ་མཆོད་རྟེན་དང་། རྩ་བར་རྡོ་རྗེ་ཕྱེད་པ་འགྲུབ་ན་བརྐོ་བའམ། མ་འགྲུབ་ན་འདྲི་བ་གང་རུང་བྱེད། དེ་ཡང་རྩ་དབུ་མའི་མཚོན་དོན་ཡིན་པས་སྐུ་གཟུགས་ལ་རྡོ་རྗེ་སྐྱིལ་ཀྲུང་ཡན་ཆད་དམ། ཡང་ན་ལྟེ་བ་ཡན་ཆད་ཙམ་དང་། མཆོད་རྟེན་ལ་གདུང་ཆེན་ཡན་ཆད་ཀྱི་ཚད་དུ་བྱ་ཡི། དེ་མན་ཆད་དུ་གཏོང་བ་ནི་རུས་ཤིང་དང་སྲོག་ཤིང་གི་དབྱེ་བ་མ་ཕྱེད་པའོ། །གཡས་གཡོན་དུ་རོ་རྐྱང་མཚོན་པའི་རྟེན་འབྲེལ་དུ་དུར་བ་དང་ཀུ་ཤ་ཅུང་ཟད་འབུལ། སྲོག་ཤིང་ཁ་དོག་ཡི་གེ་གང་འདྲེའི་མདོག་དང་མི་ཟློས་པའི་ཚོན་གྱིས་བྱུགས། །སྐུའི་དབུའི་དབྱིངས་དང་མཆོད་རྟེན་གྱི་བྲེའི་ཐད་ཙམ་ལ། ཨོཾ་སརྦ་བིདྱཱ་སྭཱཧཱ་ཞེས་པ་དང་། རྟེན་གྱི་ཐུགས་ཀའི་ཐད་ཙམ་དུ་ཨོཾ་(༩ན)


GLG010_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་པ་དང་། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ་ཞེས་པ་བྲི། གནས་ལྔར་ཨོཾ་ཨཱཿཧཱུཾ་ཏྲཾ་ཧྲི་ཞེས་པ་བཀོད། གཞན་ཡང་ཤར་ངོས་ལ་གཙུག་ཏོར་རྣམ་རྒྱལ། ལྷོར་དྲི་མེད། ནུབ་ཏུ་གསང་བ་རིང་བསྲེལ། བྱང་དུ་བྱང་ཆུབ་རྒྱན་འབུམ་གྱི་གཟུངས་ཐུང་རྣམས་བྲི་ཞིང་། བཞི་གའི་གཤམ་དུ་རྟེན་འབྲེལ་སྙིང་པོ་དང་། བཟོད་པ་དཀའ་ཐུབ་དམ་པ་སོགས་དང་། རྟེན་འབྲེལ་སྙིང་པོ་བོད་སྐད་དུ་བསྒྱུར་བ་རྣམས་བྲི། ནང་རྟེན་ལྟ་བུ་ལ་གཤེགས་པ་དེ་ཉིད་རང་གི་རྩ་བའི་བླ་མའི་བྲིས་འབུར་གྱི་སྐུ་གང་ཡང་རུང་བ་དབུའི་གཙུག་ཏོར་གྱི་ནང་དང་། ལྷག་པའི་ལྷ་འམ་ཡི་དམ་གང་ཡིན་པ་དེ་ཉིད་ཀྱི་སྐུ་བྲིས་འབུར་གང་རུང་ཐུགས་ཀའི་ཐད་དུ་གཞུག་པ་ལ་མུ་ཏིག་དང་གསེར་ལ་སོགས་པའི་རིན་པོ་ཆེའི་ཕྲེང་བའི་རིགས་དང་། རིན་པོ་ཆེའི་ཕྱེ་མ་དང་དྲི་བཟང་པོ་སྨན་གྱི་ཚོགས་རྣམས་སྐུ་མདོག་དང་མཐུན་པའི་དར་གྱིས་གྲིལ་ལ་སྐུ་གཟུགས་གཉིས་དང་ལྷན་ཅིག་ཏུ་ལེགས་པར་གཏུམས་ཏེ་གཞུག་པའི་ཕྱི་རོལ་ཏུ་ཤོག་བུ་ལ། དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་སློབ་དཔོན་ཆེ་གེ་མོ་ཞེས་བགྱི་བས། སྦྱིན་བདག་གམ་ཚེ་འདས་ཆེ་གེ་མོ་ཞེས་བགྱི་བ་ལ་བྱིན་གྱིས་བརླབ་ཏུ་གསོལ། སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་རྣམས་བྱང་བ་དང་། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་ཐར་པ་དང་། མྱུར་དུ་རྡོ་རྗེ་འཛིན་པའི་ས་ཆེན་པོ་ཐོབ་པར་མཛད་དུ་གསོལ། ཞེས་པ་ལྟ་བུ་རྒྱས་བསྡུས་སྐབས་དང་སྦྱར། ཡི་དམ་ལ་ཡང་བཅོམ་ལྡན་འདས་ཡི་དམ་ཆེ་གེ་མོ་ཞེས་བསྒྱུར་བའི་ཤོག་དྲིལ་གྱིས་དཀྲིས། ཁྱད་པར་སྡིག་སྦྱོང་ལྟ་བུ་གཙོ་བོར་ཡིན་ན། ཐུགས་རྗེ་ཆེན་པོ། ཀུན་(༩བ)


GLG010_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

རིག །མི་འཁྲུགས་པ་སོགས་རང་གང་མོས་ཀྱི་ངན་སོང་སྦྱོང་བའི་ལྷའི་སྐུ་དང་། དེའི་མཐའ་སྐོར་དུ་སྔགས་ཕྲེང་སྤེལ་ཚིག་དང་བཅས་པ་ཡང་དགོས་པ་ཡིན་ནོ། །གསོན་པོའི་དོན་དུ་བཞེངས་པ་ལ་ཆེ་གེ་མོ་ཞེས་བགྱི་བ་ལ་གནས་སྐབས་སུ་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་རྣམས་ཉེ་བར་ཞི་ཞིང་། ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་སྙན་གྲགས་མཐུ་སྟོབས་སོགས་ལེགས་ཚོགས་ཐམས་ཅད་འཕེལ་བ་དང་། མཐར་ཐུག་གི་དོན་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་པའི་ཚིག་རྒྱས་བསྡུས་གང་འོས་དང་། བླ་མ་དམ་པ་ཞིང་གཞན་དུ་གཤེགས་པའི་དགོངས་རྫོགས་དང་བཞུགས་པའི་མཛད་པ་ལྟ་བུ་ལ་ནི་ཞིང་ཁམས་གཞན་དག་ཏུ་སེམས་ཅན་གྱི་དོན་རླབས་པོ་ཆེ་འགྲུབ་པ་སོགས་ཇི་ལྟར་བཞེད་པའི་དགོངས་པ་རྣམས་རྫོགས་པ་དང་། ཡང་ཞིང་འདིར་འགྲོ་བའི་དོན་དུ་མྱ་ངན་ལས་མི་འདའ་བར་བཞུགས་པ་དང་། སྐུ་ཚེ་མཛད་པ་འཕྲིན་ལས་རྣམས་འཕེལ་ཞིང་། གདུལ་བྱའི་ཚོགས་རྣམས་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་པ་སོགས་སྤེལ་ཚིག་རྒྱས་པར་བྱ། ལྟེ་བའི་འོག་ཙམ་དུ་བཞེང་ཡུལ་གྱི་སྐུ་དེ་བླ་མ་ལྟ་བུའི་ཡིན་ན་དེ་ཁའི་དང་། ཡང་ན་སྦྱིན་བདག་གི་འམ། རབ་གནས་ཀྱི་ཚེ་བསྐོ་རྒྱུའི་ཆོས་སྐྱོང་ལྟ་བུ། མདོར་ན་ཡུལ་དུས་གནས་སྐབས་སོགས་དང་བསྟུན་པའི་ཆོས་སྐྱོང་གི་སྐུ་མཐུན་རྫས་རྣམས་དང་ལྷན་ཅིག་ཏུ་བཞུགས་པ་ལ་མཐུན་རྐྱེན་བསྒྲུབ་པ་དང་དགྲ་བགེགས་སྒྲོལ་བ་སོགས་རྟེན་གཉེར་གཏད་ཀྱི་སྤེལ་ཚིག་རྒྱས་པར་བྱའོ། །རིང་བསྲེལ་ལ། སྐུ་གདུང་གི་(༡༠ན)


GLG010_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

རིང་བསྲེལ། ཡུངས་འབྲུ་ལྟ་བུའི་རིང་བསྲེལ། སྐུ་བལ་གྱི་རིང་བསྲེལ། ཆོས་སྐུའི་རིང་བསྲེལ་རྣམས་ལས། སྐུ་གདུང་ནི། སངས་རྒྱས། བྱང་སེམས། ཉན་རང་། བླ་མ་བརྒྱུད་པ་རྣམས་ཀྱི་གདུང་རུས་ལྟ་བུ། ཡུངས་འབྲུ་ནི། དེ་བཞིན་གཤེགས་པའི་འཕེལ་གདུང་དང་། མཁས་གྲུབ་རྣམས་ཀྱི་རིང་བསྲེལ། སྐུ་བལ་ནི་དབུ་སྐྲ། སེན་མོ་སོགས། ཆོས་སྐུའི་རིང་བསྲེལ་ནི་གཟུངས་རྣམས་ལ་ངོས་འཛིན་པས། དང་པོ་གསུམ་ནི་ཐེག་པ་གསུམ་གྱི་འཕགས་ཚོགས་དང་རྒྱ་བོད་ཀྱི་ལོ་པཎ་གོང་མ་རྣསམ་ཀྱི་བྱིན་རླབས་རྟེན་ཙམ་ཚོགས་པ་ཡིན་མོད། དེ་ཕྱིན་ཆད་ལ་འགའ་ཞིག་ཀུན་སློང་ངན་པས། ལྟ་གྲུབ་མི་གཅིག་པ་མི་འཇུག་པ་དང་། ལ་ལ་དག་སྣང་ཕྱོགས་མེད་འདོད་ནས། ཆོས་རྒྱུན་དང་འབུལ་སའི་རྟེན་གྱི་ཁྱད་པར་སོགས་ཀྱི་དབྱེ་བ་མེད་པར། བྱིན་རླབས་རྟེན་ལག་ཏུ་འབྱོར་ཚད་འཇུག་པར་འདུག་ཀྱང་། ལུགས་གཉིས་ཀ་འཐད་པར་མི་སེམས་ཤིང་། དཔེར་ན་གསང་བ་འདུས་པ་ལྟ་བུའི་སྐུ་ལ་མར་འགོས་ནས་བཟུང་སྟེ། དབང་བཀའ་བཤད་བཀའ་མན་ངག་གི་བརྒྱུད་པའི་བླ་མ་རྣམས་ཀྱི་བྱིན་རླབས་རྟེན་གང་རྙེད་གཙོ་བོར་འཇུག །གཞན་ཡང་རང་གིས་ཐོས་པའི་ཆོས་ཟབ་མོ་གཞན་དག་གི་བླ་མ་བརྒྱུད་པའི་བྱིན་རླབས་རྟེན་ཡང་འཇུག་རིགས་ལ། རང་དང་དམ་སེལ་ཡོད་པ་དང་ལྷ་གང་ཡིན་པ་དེའི་ཆོས་རྒྱུན་ལ་དམ་སེལ་ཡོད་པའི་རིགས་ནི་ཅིག་ཤོས་དེ་ཇི་ལྟར་འགངས་ཆེ་ཡང་མི་འཇུག་པ་གནད་དུ་ཟབ་བོ། །དེ་ཡང་དེ་བཞིན་གཤེགས་པའི་རིང་བསྲེལ་གཙོ་བོར་གྱུར་པའི་སྐུ་གདུང་སྐུ་བལ་རིང་བསྲེལ་ཇི་སྙེད་པ་རྣམས་དྲི་བཟང་པོ་དང་ལྷན་ཅིག་ཏུ་དར་(༡༠བ)


GLG010_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

རས་སེར་པོས་གཏུམས། གང་ཟག་དམན་པའི་རུས་པ་ནི་དེར་བཅུག་ན། གང་ཟག་ཁྱད་པར་ཅན་གྱིས་ཕྱག་མཆོད་མཛད་པ་སོགས་ཀྱིས་ཤིན་ཏུ་གནོད་པར་འོད་སྲུངས་རྫོགས་བྱེད་ཀྱི་གཏམ་རྒྱུད་ལས་འབྱུང་བ་ལྟར་མི་རུང་བས། རུས་ཆོག་བྱས་པའི་སོལ་བ་སྣག་ཚར་བསྲེས་ནས་གཟུངས་པར་འདེབས་པ་སོགས་ཀྱི་རྒྱུ་བྱས་ན་ལེགས་སོ། །བླ་མའི་སྐུ་ཆོས་དང་བེར་སོགས་ན་བཟའ་གཏོས་ཆེ་བར་ཡོད་ན་གཟུངས་ཀྱི་ན་བཟའི་ཚུལ་དུ་བཀྲི་ཞིང་། ན་བཟའ་སྤྱི་ཆགས་པའི་རིགས་དང་། ཞབས་ལྷམ་སོགས་ནི་འཇུག་ཏུ་མི་རུང་ཡང་། མཁས་རློམ་རྟོག་སྤྱོད་ཅན་རྣམས་ནི་དོགས་པའི་གནས་ཙམ་ཡང་བྱེད་པར་མི་སྣང་ངོ་། །ཆོས་སྐུའི་རིང་བསྲེལ་གཟུངས་ཀྱི་རིམ་པ་འབུལ་བ་ནི་རྒྱུད་སྡེ་ནས་བཤད་པའི་གཟུངས་རྣམས་ཧ་ཅང་མངས་པས་བྲི་བར་དཀའ་ཞིང་། ཆད་ལྷག་ཀྱང་འབྱུང་ཉེ་བས་ན་པར་དུ་བསྒྲུབ་པ་ལེགས་ཤིང་། དེ་ཡང་པར་ལ་ལ་དག་ནི་གཙུག་ཏོར་སོགས་གཟུངས་རིང་པོ་རྣམས་དཔེ་ཆ་ལྟར་ཡིག་ཕྲེང་དང་པོའི་མཇུག་གཉིས་པའི་འགོར་བྲིས་པ་སོགས་མཆིས་པས། །གཟུངས་དྲིལ་བའི་ཚེ་ཡང་སྟོད་སྨད་བར་གསུམ་ནས་དྲིལ་བ་འདྲ་ཞིག་མ་གཏོགས་ཚད་ལྡན་ཞིག་མི་འབྱུང་བས་ན། ཡིག་འཕྲེང་དང་པོའི་བཤམ་དེ་པར་ཤིང་གཉིས་པའི་ཡིག་ཕྲེང་དང་པོ་དང་། དེ་ལས་ཀྱང་མང་བ་དགོས་ན་པར་ཤིང་གསུམ་པ་སོགས་ཇི་སྙེད་ཀྱི་བར་དུ་ཡིག་ཕྲེང་དང་པོ་ཁོ་ན་ཡོད་པ་བྱས་པས། ཤོག་མཚམས་རྣམས་སྦྱར་བས་གཟུངས་ཇི་ལྟར་རིང་ཡང་ཡིག་ཕྲེང་གཅིག་ཏུ་འབྱུང་བ་ནི་ལེགས་པ་ཡིན་ནོ། འདྲི་དགོས་པ་རྣམས་ནི། གསེར། དངུལ། མཚལ་སྣག་གང་འབྱོར་(༡༡ན)


GLG010_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བླ་གཟུགས་ནི་གྷ་ཧཾ་དང་ཁ་ཆེས་བྲིས་ཀྱང་ལེགས་སོ། །དེ་ཡང་མཚན་སྔགས་ཀྱི་རིམ་པ་ནི། ཨོཾ་ཨཱཿན་མ་ཤྲཱི་ཛི་ནཻཿཔྲ་བྷུ་བཛྲེ་བྷི་དྷ་རཱ་ཡ་ཧཱུཾ། ཞེས་པ་ལྟ་བུ་འབྲུ་གསུམ་གྱི་བར་དུ་མཚན་སྔགས་ཕྱག་འཚལ་སྔོན་དུ་འགྲོ་བ་ཅན་ལེགས་སྦྱར་གྱི་སྐད་དུ་བསྒྱུར་བ་དང་ལཱཉྪ། ཝ་རྟུལ། ནཱ་ག་ར། རྒྱ་མཚོ་མཐའ། ཀསྨི་རའི་ཡི་གེ་ལྟ་བུ་འབྲི་བ་ལེགས་ནའང་། ལེགས་པར་སྦྱར་བའི་བསྟན་བཅོས་ཀ་ཙ་ན་སོགས་ལ་སྦྱངས་པ་རྣམས་ཀྱིས་བྱ་བར་རིགས་ཀྱིས། སྒྲ་མཚམས་སྦྱོར་ལྔ་པ་ཙམ་ཡང་མི་ཤེས་པར། སཾསྐྲྀ་ཏའི་སྐད་འདོད་ནས་རྣམ་དབྱེ་དང་རྐྱེན་གྱི་འཇུག་ཚུལ་ཅུང་ཟད་ཀྱང་མེད་པའི་སྐད་དོད་རྡོ་ཆག་བསྒྲིགས་མ་དག་པའི་ཕུང་པོ་ལ་སྙིང་པོ་མེད་པས། དེ་བས་འདི་ལྟར་བྱ་སྟེ། ཨོཾ་ཨཱཿརྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ་ཧཱུཾ། ཞེས་པས་དཔེར་མཚོན་ནུས་ཤིང་། བླ་མ་བརྒྱུད་པ་ཡང་རྒྱས་པར་སྤྲོ་ན། སོ་ཐར་བྱང་སེམས་སྔགས་ཀྱི་སྡོམ་པ་ཐོབ་པའི་བརྒྱུད་པ། དབང་རྗེས་གནང་གི་རིམ་པ་དང་། ཉམས་ཁྲིད། བཤད་བཀའ། མན་ངག་གི་བརྒྱུད་པ་སོགས་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་རེ་རེ་བཞིན་དགོས། བསྡུ་ན་རང་གཙོ་བོར་ཉམས་སུ་གང་ལེན་དང་། མ་མཐའ་ཡང་སངས་རྒྱས་བྱང་སེམས་ཡི་དམ་ཆོས་སྐྱོང་གི་སྐུ་གང་ཡིན་པ་དེ་ཁའི་ཆོས་རྒྱུན་གྱི་བླ་མ་ནི་ཚང་བར་དགོས་སོ། །གཟུངས་སྔགས་ཀྱང་མེད་དུ་མི་རུང་བའི་གཟུངས་ཆེན་སྡེ་ལྔ་ནི། རྣམ་རྒྱལ། དྲི་མེད། གསང་བ་རིང་བསྲེལ། བྱང་ཆུབ་རྒྱན་འབུམ། རྟེན་འབྲེལ་སྙིང་པོ་རྣམས་དང་། སངས་རྒྱས་བྱང་སེམས། ཡི་དམ་ཆོས་སྐྱོང་གང་ཡིན་པར(༡༡བ)


GLG010_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ཉེ་སྙིང་འཕྲེང་སྔགས་ལས་སྔགས་སོགས་དང་། བླ་མའི་སྐུ་གཟུགས་ལ། རྒྱ་སྐད་ཤེས་ན་མཚན་སྔགས་ལེགས་སྦྱར་གྱི་སྐད་དུ་བསྒྱུར་བ་དང་། བླ་མ་དེ་ཁའི་ཡི་དམ་ཆོས་སྐྱོང་གི་སྔགས་རྣམས་དགོས་ཤིང་། དེ་དག་གི་མཐར་མཆོག་ཐུན་གྱི་དངོས་གྲུབ་འགྲུབ་པའི་སྤེལ་ཚིག་མཇུག་ཏུ་པུཥྚིཾ་ཀུ་རུ་ཨོཾ་ཞེས་པ་སྦྱོར་བ་དང་། རྒྱས་པར་གྲུབ་ན་རྒྱུད་སྡེ་བཞིའི་ཡི་དམ་ཆོས་སྐྱོང་སོ་སོའི་སྔགས་ཀྱི་རིམ་པ་རྣམས་དང་། གཞན་ཡང་མདོ་ལས་འབྱུང་བའི་ནོར་བུ་རྒྱས་པའི་གཞལ་མེད་ཁང་དང་། ཡངས་པའི་གྲོང་ཁྱེར་དུ་འཇུག་པ། བཀྲ་ཤིས་པའི་ཚིགས་སུ་བཅད་པ་རྣམས་ཀྱང་འདྲི་བའམ་པར་དུ་འདེབས་པ་སོགས་རུང་བ་ཤོག་འཐུང་སོགས་མ་ནོར་བ་བྱས་ལ། དྲི་བཟང་པོས་བྱུགས། མ་དྲིལ་བ་དེ་ཉིད་ལ་བགེགས་བསྐྲད། རབ་གནས་བསྡུས་པ་སོགས་ལག་ལེན་ཟུར་དུ་འབྱུང་བ་ལྟར་བྱ། དེ་ནས་དྲིལ་བ་ནི། ཀུན་མཁྱེན་བུ་སྟོན་གྱིས་མཇུག་ནས་དྲིལ་བ་དང་། ས་སྐྱ་པའི་རྗེ་བཙུན་གོང་མ་རྣམས་ཀྱི་ཕྱག་བཞེས་རྗེ་ངོར་ཆེན་པའི་ལུགས་ལ། ཨོཾ་ནས་སྦྲུལ་འཁྱིལ་བ་ལྟར་མཇུག་མཐར་ཡོང་བའི་ལུགས་གཉིས། །སྟག་ཚང་ལོ་ཙཱ་བས། ཐམས་ཅད་དྲིལ་ལུགས་ཤིན་ཏུ་དམ་པ་མི་འཇིག་པ་དང་། དབུ་ཞབས་མ་ལོག་ཅེས་པ་ཙམ་ལས་གསལ་ཁ་མ་བྱུང་ལ། དེ་ཡང་ཆོས་རྗེ་བུ་སྟོན་ཞབས་ནི་རྩོད་མེད་ཡོངས་གྲགས་ཀྱི་པཎྜི་ཏ་ཆེན་པོ་ཡིན་ཅིང་། ངོར་ཆེན་པ་ནི་སངས་རྒྱས་ཀྱིས་ལུང་བསྟན་གྱིས་ཟིན་པའི་ཚད་ཐུབ་ཀྱི་རྡོ་རྗེ་སློབ་དཔོན་ཡིན་འདུག་པས། དེ་གཉིས་ལུགས་གཅིག་འཐད། གཅིག་མི་འཐད་ཅེས་ཁ་ཚོན་གྱིས་གཅོད་མི་ནུས་མོད། དེས་ན་རང་(༡༢ན)


GLG010_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་རྣམས་ནི་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་གསུང་རབ་ལས་ཇི་ལྟར་འབྱུང་བ་བཞིན་ལག་ཏུ་བསྟར་དགོས་ནའང་། གཟུངས་འབུལགྱི་སྐོར་འདི་ལ་རྗེ་བླ་མའི་གསུང་གསལ་བ་དྲི་མ་མེད་པ་ཞིག་ནི་མ་མཆིས་ཤིང་། རྗེས་འཇུག་གོང་མ་འགའ་ཞིག་གིས་ཞ་ལུ་བའི་ལུགས་དེ་ལ་རང་ལུགས་སུ་བྱེད་པར་མཆིས་པ་ནི་ཞ་ལུ་བའི་ལུགས་ལ་དགའ་བ་ཙམ་དུ་ཟད་དོ། དེའི་ཕྱིར་ན། རིམ་ལྔ་གསལ་བའི་སྒྲོན་མེ་ལས་སྔགས་ཀྱི་བརྡ་ནི་སྔགས་ཀྱི་མིང་སྟེ། དེ་ཡང་འགོར་ཨོཾ་དང་། མཐར་སྭཱ་ཧཱ་ཡོད་པའི་སྦྲུལ་དང་། ཨོཾ་ཡོད་ལ་སྭཱ་ཧཱ་མེད་པའི་མཐའ་མེད་དང་། དེ་ལས་ལྡོག་པའི་འགོ་མེད་དང་། གཉིས་ཀ་མེད་པའི་བཏུས་པ་ཞེས་པ་བཞི་དང་། སྙིང་པོ་ཉེ་སྙིང་སོགས་དུ་མ་ཞིག་ཡོད་ཀྱང་། ཞེས་པ་དང་། སྤྱོད་བསྡུས་ལས། རྡོར་ཟླས་ཀྱི་ཡི་གེ་གསུམ་གྱི་སྐབས་སུ། དེ་ལ་སྦྲུལ་ལ་སོགས་པའི་སྔགས་རྣམས་ནི། །ཨ་ལི་ཀ་ལི་ལས་བྱུང་བ་རྣམས་སོ། །ཞེས་གསུངས་པ་ལ་དཔགས་ནས་ངོར་ཆེར་གྱིས་གསང་སྔགས་སྦྲུལ་འཁྱིལ་བའི་དབྱིབས་ཅན་དུ་མཛད་པ་ལེགས་པར་མངོན་ཞིང་། ལག་ལེན་ཀྱང་དབུ་ནས་དྲིལ་བ་འདི་བཞིན་བྱས་ལ་དར་རས་ཀྱི་ན་བཟའ་སེར་པོས་གྲིལ་ཞིང་། དེའི་སྐུད་པས་དམ་དུ་བཀྲིའོ། །དེ་ནས་གཟུངས་འབུལ་བའི་གནས་ཁང་དེར། གསེར་ཟངས་སོགས་ཀྱི་སྐུ་དང་། རྒྱུ་དེ་ལས་གྲུབ་པའི་མཆོད་རྟེན་རྣམས་ལ་ནི་ཐོག་མར་བྱིན་རླབས་རྟེན། སྲོག་ཤིང་། སྐུ་གཟུགས་དང་། གཟུངས་དྲིལ་གྲུབ་པ་རྣམས་དང་། ཙནྡན་(༡༢བ)


GLG010_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤུག་པ་སོགས་སྤོས་ཀྱི་ཕྱེ་དང་། སྨན་སྣ་འབྲུ་སྣ། ཐུམས་རྫས་ཀྱི་གོས་དར་གསེར་གཡུ་སོགས་མདོར་ན་དེར་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པ་ལ། རྡོ་རྗེ་སློབ་དཔོན་ལྷའི་ང་རྒྱལ་ལ་གནས་པས་སྦྱང་བ་བགེགས་བསྐྲད་དྲག་ཏུ་བྱ། བསྲུང་འཁོར་བསྒོམ། སླར་ཡང་གཟུངས་རྣམས་ལ་རབ་གནས་བསྡུས་པ་ཞིག་བྱ། སྐུ་གཟུགས་ཀྱི་ནང་དང་མཆོད་རྟེན་གྱི་ནང་གི་གད་རོ་མ་ལུས་པར་བཏོན། ཕྱིའི་གསེར་མདངས་སོགས་ལ་མ་གནོད་པར་ཆུས་བཤལ་ནས་བསྡམ། གཟེར་གྱི་བུག་པ་དང་བསྒྲིགས་མཚམས་ལ་ཆུ་འགྲོ་བ་ཡོད་ན་མ་འོངས་པ་ན་སྐུ་རྗེན་པ་ལ་ཁྲུས་ཆབ་ལྟ་བུ་གསོལ་བའི་ཚེ་རླན་གྱིས་གཟུངས་རུལ་འགྲོ་བས། བསྒྲིགས་མཚམས་དམ་ཞིང་། འབྱོར་ན་འབེར་དང་། ཐ་མའང་བཀྲག་ཆུས་སྲུབས་མེད་པར་བྱས། དེ་ནས་ཙནྡན་དཀར་དམར། ཨ་ཀ་རུ། ཤུག་ཕྱེ་སོགས་ཀྱིས་གཞི་བྱས། དྲི་བཟང་པོའི་སྨན་ཚོགས་ཚད། སྤོས་རེང་གི་རིགས་སོགས་ཞིབ་ཏུ་བཏགས་པ་ཆུ་གཙང་གིས་སྤྲན་པའི་གར་སླ་ཞོ་ཙམ། གསེར་ཟངས་ཀྱི་ནང་དང་མཆོད་རྟེན་གྱི་ཤིང་སོགས་ཐམས་ཅད་ལ་ལན་མང་དུ་བྱུགས་ཏེ། སྲབ་མཐུག་བའི་ཀོ་བ་ཙམ་བྱུང་བ་དང་། དྲི་ངད་མི་ཡལ་བའི་ཕྱིར་གྲིབ་སྐམས་བྱ། སྨན་སྐུའི་རིགས་འགའ་ཞིག་ལ། གཟུངས་ཐོག་མ་ནས་ཕུལ་གྲུབ་པ་དགོས་པ་སོགས་གོ་རིམ་ཅུང་ཟད་མི་འདྲ་བ་རིགས་པས་དཔྱོད་དོ། །དེ་ནས་རྟེན་རྣམས་ལ་སྦྱང་གསུམ་སྔོན་དུ་འགྲོ་བའི་བགེགས་བསྐྲད་བྱས། གུ་གུལ་གྱིས་བདུགས། གཟུངས་འབུལ་བའི་ལས་བྱེད་ནང་གི་དེ་ཉིད་མངོན་དུ་གྱུར་བའི་རྡོ་རྗེའི་སློབ་དཔོན་ཆེན་པོ་རྣམས་ལ་རྟེན་མ་ངེས་(༡༣ན)


GLG010_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། དུས་ཀྱིས་རྙེད་པར་དཀའ་ཞིང་། གཞན་དུ་ན་རབ་དགེ་སློང་། འབྲིང་དགེ་ཚུལ། ཐ་མའང་དགེ་བསྙེན་ནམ། ཁྱིམ་པ་གསོ་སྦྱོང་ལ་གནས་པ་དག་གིས་ཁྲུས་བྱས། གོས་གསར་པ་གྱོན། ཤ་ཆང་སྒོག་བཙོང་སོགས་ཁ་ཟས་མ་རུངས་པ་དག་སྤངས་ཏེ། ཨོཾ་མནྟཱ་དྷཱ་ཏུ་གརྦྷཱ་ཡ་སྭཱ་ཧཱ། ཞེས་གཟུངས་འཇུག་པའི་བཀྲ་ཤིས་པའི་ཚིགས་སུ་བཅད་པ་འདོན་བཞིན་པའི་ངག་ནས་ལས་བྱེད། དེ་རྣམས་ལ་ཇ་བཟང་པོ་དང་། ཀ་ར་བུ་རམ། སྦྲང་རྩི་སོགས་དཀར་གསུམ་མངར་གསུམ་གྱིས་ཚིམ་པར་བྱས་ན་སྦྱིན་བདག་ལ་ལོངས་སྤྱོད་ཀྱི་རྟེན་འབྲེལ་དུ་ཆེ། གསེར་སྐུ་ལྟ་བུ་ལ། སྐྱེ་མཆེད་བྱིན་རླབས་རྣམས་གཙུག་ཏོར་སྨིན་མཚམས་སོགས་སོ་སོའི་ཐད་ཀར་སྦྱར། སྨན་སྐུ་ལ་ཚོན་འོག་ཏུ་བྲི། སངས་རྒྱས་ཀྱི་འཕེལ་གདུང་གིས་ཐོག་དྲངས། སྐུ་གདུང་། སྐུ་བལ། སྐུ་ཡུངས་འབྲུ་ལྟ་བུའི་རིང་བསྲེལ། ན་བཟའི་དུམ་བུ་རྣམས་གཙུག་ཏོར་རམ། ཐོར་ཙུགས་ཅན་གྱི་དབུ་སྐྲའི་ནང་ངམ། བླ་མ་ལྟ་བུའི་དབུའི་གཙུག །མཆོད་རྟེན་གྱི་ཏོག་དང་གདུགས་ཀྱི་ནང་དུ་གཞུག །དེའི་མཛོད་སྤུར་ནོར་བུ་རྒྱས་པའི་གཞལ་མེད་ཁང་ལ་རྒྱས་པའི་སྤེལ་ཚིག་སྦྱར་བ་དང་། དེའི་འོག་ཏུ་བླ་མ་བརྒྱུད་པའི་མཚན་གཟུངས་རྣམས་དང་། གཙུག་ཏོར་འཁོར་ལོས་བསྒྱུར་བའི་གཟུངས་ལ་བར་ཆད་ཞི་བའི་སྤེལ་ཚིག་དང་། གདུགས་དཀར་ལྟ་བུ་རྒྱུད་སྡེ་གོང་འོག་ལ་མི་ལྟོས་པར་དམིགས་བསལ་གྱིས་འཇུག །མཆོད་རྟེན་ཡིན་ན་བྲེ་ཡན་ཆོད་དུ་གཞུག །སྐུའི་མགུལ་དང་། མཆོད་རྟེན་གྱི་བྲེ་ཞབས་ཀྱི་ཐད་དུ་དབྱིངས་གསལ་གྱི་གཟུངས་གང་མང་། སྐུའི་སྟོད་དང་མཆོད་(༡༣བ)


GLG010_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་བུམ་སྟོང་ལ་བླ་མེད་ཀྱི་གཟུངས། དེ་ཡང་གཡས་སུ་ཕ་རྒྱུད། གཡོན་དུ་མ་རྒྱུད། ས་ཞལ་གཉིས་དབུས་སུ་གཉིས་མེད་ཀྱི་རྒྱུད་ཟེར་ཡང་། རང་ལུགས་བླ་མེད་ཀྱི་རྒྱུད་ཡིན་ན་གཉིས་མེད་ཀྱི་རྒྱུད་ཡིན་པས་ཁྱབ་པས། དགྱེས་རྡོར། དུས་འཁོར་ལྟ་བུ་ལ་གཉིས་མེད་ཀྱི་རྒྱུད་ཅེས་སྒེར་དུ་མིང་འདོགས་པའི་རྣམ་གཞག་མི་བྱེད་ཀྱང་། རང་གི་ལྷག་པའི་ལྷའི་བླ་མེད་ཀྱི་རྒྱུད་སྡེ་གང་ཡིན་དེ་དབུས་སུ་གཞུག་པ་ལེགས་པར་སེམས། སྐུ་གསུང་ཐུགས་ཀྱི་རྟེན་གྱི་རིགས་བྱིན་རླབས་ཅན་ཡོད་ན་གཞུག་དེ་འོག་སྐུ་སྐེད་དང་། བུམ་སྐེད་ལ་རྣལ་འབྱོར་རྒྱུད། སྤྱོད་རྒྱུད། བྱ་རྒྱུད་ཀྱི་གཟུངས་དཀྱུས་མ་རྣམས་གོ་རིམ་མ་ལོག་པར་གཞུག །ལྟེ་འོག །བུམ་སྨད་ལ་གཟུངས་ཆེན་སྡེ་སྔ། ཡངས་པའི་གྲོང་ཁྱེར་དུ་འཇུག་པ། གཞན་ཡང་མདོ་ལས་འབྱུང་བའི་གཟུངས་རྣམས་དང་། ཕྱག་ལ་གཟུངས་འཇུག་པར་ཤར་ན། བླ་མེད་ཀྱི་གཟུངས་ཀྱི་རིགས་དཔུང་མགོ་ནས་མཐེ་བོང་གི་བར་ལ་ཡས་བཅོལ་ནས་འཇུག །སྟོད་གཟུངས། སྨད་གཟུངས། བར་གཟུངས་རྣམས་ལ་གོས་དར་སེར་པོ་སོགས་ཀྱིས་མཚམས་དར་ལེགས་པར་བཏང་། སྐུའི་སྐྱིལ་ཀྲུང་དང་མཆོད་རྟེན་གྱི་བང་རིམ་རྣམས་ལ། རྒྱུད་སྡེ་བཞི་དང་ཐེག་པ་གོང་འོག་སོགས་གོ་རིམ་མ་འཛོལ་བར་བྱས་ཏེ། སངས་རྒྱས་ཀྱི་བཀའ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས། མངོན་རྟོགས་སྒྲུབ་སྐོར་ལས་ཚོགས་སོགས་ཀྱི་གླེགས་བམ། ཤོག་བུའི་བར་བར་ལ་ཡང་དྲི་བཟང་དང་བཅས། ནང་གྲིལ་གོས་དར་ཁ་དོག་སྣ་ཚོགས་གང་འབྱོར། ཕྱི་གྲིལ་དར་སེར་པོས་བྱས། དབུ་ཤོག་ཡར་ལོག །མདུན་ལོགས་ཀྱི་དབུ། རྟེན་གྱི་(༡༤ན)


GLG010_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་ཕྱོགས་སུ་ཡོད་པར་བྱས་ཏེ་ཅི་ཤོང་བཅུག །གཟུངས་དང་གླེགས་བམ་གྱི་སྲུབས་སྟོང་པར་ལུས་པ་རྣམས། ཤུག་ཕྱེ། སྤང་སྤོས། གཙོ་བོ་བུམ་རྫས་ཉེར་ལྔ། གཞན་ཡང་དྲི་བཟང་ཅི་འབྱོར་གྱི་ཕྱེ་མ་དང་རས་སེར་པོར་ཐུམས་བུ་བྱས་ནས་འགེངས། རྟེན་གྱི་པདྨའི་སྟོད་དམ། མཆོད་རྟེན་གྱི་སེང་ཁྲིའི་སྟོད་ཀྱི་ཐད་དུ། དབུས་སུ་བཀྲ་ཤིས་པའི་ཚིགས་བཅད་ལྷུག་དང་བཀྲ་ཤིས་པའི་གཟུངས་རྣམས་ཀྱི་ཤོག་དྲིལ། གཡས་སུ་ཆོས་སྐྱོང་བསྲུང་མ། གཡོན་དུ་དཔལ་མགོན་བདུན་ཅུ་རྩ་ལྔ། རྒྱབ་ཏུ་གནོད་སྦྱིན་ནོར་ལྷའི་གཟུངས་སྔགས། ཕྱོགས་སྐྱོང་རྒྱལ་ཆེན་སྡེ་བཞི། གཟའ་རྒྱུ་སྐར་ལྷ་ཀླུ་ས་བདག་མཐུ་བོ་ཆེ་རྣམས་ཀྱི་སྔགས། དེ་དག་རྣམས་ཀྱི་བར་དུའང་བྲ་བོ་དང་པད་ཁ་མ་ཡིན་པའི་འབྲུ་སྣའི་རིགས་དར་རས་སེར་པོས་གཏུམས་ཏེ་བཅུག་ལ། དར་རས་སེར་པོས་མཚམས་བཅད་དེ་མི་ལུག་པར་བྱའོ། །གཉིས་པ་འཕྲོས་དོན་བྱེ་བྲག་ཏུ་བཤད་པ་ལ། གནོད་སྦྱིན་འཁོར་ལོ་བཅའ་ཚུལ། དམིགས་བསལ་གྱི་རིམ་པ་གཉིས། དང་པོ་ལ། གཞན་ལུགས་མི་འཐད་པ་དགག་པ། རང་ལུགས་འཐད་ལྡན་དུ་བཞག་པ་གཉིས། དང་པོ་ནི། ཞ་ལུ་པའི་ལུགས་ཀྱི་ལག་ལེན་མོ་འཁོར་སྟེང་དུ་བྱ་བ་དང་། སྟག་ཚང་ལོ་ཙཱ་བས། འདབ་མའི་སྔགས་མགོ་ཕྱིར་བསྟན་ཕོ་འཁོར་སྟེང་དུ་བྱས་པ་ལ། འདབ་མའི་སྔགས་རྣམས་གཡས་བསྐོར་གཡོན་བསྐོར་ཁྱད་པར་མི་རིགས་པའི་སྒྲུབ་བྱེད་དང་བཅས་པའི་ལུགས། འགའ་ཞིག་གནོད་སྦྱིན་ཕོ་དགུ་མོ་དགུའི་ལྡེར་སྐུ་གཞུག་པ་དང་། ཤིང་བྱང་ལ་རི་མོ་བྲིས་(༡༤བ)


GLG010_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཁ་སྦྱར་དུ་བྱས་ནས་འཇུག་པ་སོགས་ལུགས་མང་ཞིག་མཆིས་པ། སྔ་མ་འཐད་པར་མི་སེམས་ཏེ། འཁོར་ལོ་འདི་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལེའུ་གཉིས་པ་ལས། གནོད་སྦྱིན་ཕོ་མོའི་འཁོར་ལོ་བྲིས་ཏེ་ནོར་དང་འབྱོར་བ་བསྒྲུབ་པའི་ཆེད་དུ་མོ་འཁོར་གཉིས་ཁ་སྦྱར་རམ། ཕོ་མོ་ཁ་སྦྱར་བར་གསུངས་པས། འདི་ཉིད་རྒྱུད་སྡེ་ནས་གསུངས་པའི་ནོར་བསྒྲུབ་ཀྱི་འཁོར་ལོའི་ལས་ཚོགས་ཡིན་པའི་ཕྱིར་ན། མོ་འཁོར་སྟེང་དུ་བྱེད་པ་རྒྱུད་སྡེ་གཞན་དག་གི་ལུགས་སྲོལ་དང་མི་མཐུན་པའི་ཉེས་པ་མངོན་སུམ་དུ་གྲུབ་པས་སོ། །རྒྱུ་མཚན་བདེ་དགྱེས། གསང་འདུས། དུས་འཁོར། ཁྱད་པར་དམར་ནག་འཇིགས་གསུམ་སོགས་གསང་སྔགས་གསར་མའི་རྒྱུད་སྡེ་ནས་བཤད་པའི་འཁོར་ལོའི་ལས་ཚོགས་རྣམས་དང་། གསང་སྔགས་རྙིང་མའི་ལས་ཚོགས་མཐའ་དག་གང་ལ་ཡང་། ཕོ་འཁོར་སྟེང་དུ་བྱས་ཏེ་བསྒྲུབས་པས་ལས་ཇི་བཞིན་མ་འགྲུབ་ན། སྤོགས་པའི་ཆོ་ག་ལ་ཕོ་མོ་གོ་བཟློག་སྟེ་བྱེད་པར་བཤད་པས། ཁྱེད་རང་རྣམས་ཀྱི་གནོད་སྦྱིན་འཁོར་ལོ་ལ་སྤོགས་ཆོག་ཏུ་འགྱུར་བའི་སྐྱོན་འབྱུང་ལ། སྤོགས་ཆོག་ནི་ལས་མཐའ་རྡུགས་ན་བྱེད་ཅིང་མི་ཤིས་པར་ཡང་བཤད་པས། སྦྱིན་བདག་སོགས་ལ་འབྱོར་བ་དང་བཀྲ་ཤིས་པར་བསྒྲུབ་པའི་འཁོར་ལོས། དེའི་བཟློག་ཕྱོགས་བསྒྲུབས་ཏེ་ཕྱིན་ཅི་ལོག་ཏུ་འགྱུར་རོ། །ཡང་འདི་ལ་སྐྱོན་མེད་དེ་རྒྱུ་མཚན། གསང་འདུས་ལྟ་བུའི་དཀྱིལ་ཐང་གན་རྐྱལ་དུ་བཞག་པའི་ཚེ་ཡབ་ཀྱི་སྟེང་དུ་ཡུམ་ཡོང་བ་མངོན་སུམ་གྱིས་གྲུབ་པས་སོ་ཟེར་ན། དེ་ཉིད་དོད་མཚུངས་ན་འཁོར་ལོ་(༡༥ན)


GLG010_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་སྦྱོར་བ་ལས་རས་གཞི་གཅིག་ལ་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་པར་གནོད་སྦྱིན་ཕོ་དགུ་མོ་དགུ་དཀྱིལ་ཐང་གི་ལྷ་ལྟར་བྲིས་ཀྱང་རུང་བར་འགྱུར་ཞིང་། གཞན་ཡང་འཁོར་ལོའི་དཔེ་དཀྱིལ་ཐང་ལ་འགེབས་ན། དཀྱིལ་ཐང་གིས་འཁོར་ལོའི་གོ་ཆོད་པར་ཁས་ལེན་དགོས། དེ་ལྟར་བླངས་ན། དམར་ནག་འཇིགས་གསུམ་ལྟ་བུ་ལ་འཕྲུལ་འཁོར་འདི་པ་སོགས་ཀྱི་དཀའ་བ་ཁྱད་དུ་བསད་དེ། དཀྱིལ་ཐང་ཙམ་ལ་བརྟེན་ནས་འཕྲུལ་འཁོར་གྱི་ལས་ཚོགས་སྒྲུབས་ཤིག །གཞན་ཡང་དཀྱིལ་ཐང་ཞལ་བསྒྱེལ་བ་དེའི་ཚེ་མོ་སྟེང་དུ་ཡོད་པས་བསྒྲུབ་ན། ཀཀྞི་སོགས་ཀྱི་གནམ་རྒྱན་ལ་མོ་འོག་ཏུ་འབྱུང་བས་ཅིས་མི་འགྲུབ། ལུགས་སྔ་མ་དེ་འདྲ་ནི་གསུང་རབ་ཀྱི་བརྡ་ཆད་ལྟ་ཞོག །འཇིག་རྟེན་ཐ་སྙད་ལས་ཀྱང་འགལ་བའི་གཏམ་མོ། །ལུགས་བར་པ་ཡང་མི་རིགས་ཏེ། དེ་ལྟ་ན་སྟེང་འོག་གཉིས་ཀ་གཡས་བསྐོར་བྱས་པའི་སྐྱོན་གྱིས་ལྷོའི་ལྷ་དང་བྱང་གི་ལྷ་ཞལ་སྦྱར་བ་ཞིག་ཡོང་ཞིང་། དེ་ལ་སྐྱོན་མི་ཡོང་ན་བྲིས་ཐང་གི་དཀྱིལ་འཁོར་ལྟ་བུ་ལ་ཡང་ཤར་གྱི་ལྷའི་ཡུམ་དེ་ནུབ་ཀྱི་ལྷ་དང་ཞལ་སྦྱོར་དུ་བྲིས་པ་དེ་ལ་ཉེས་པ་མི་འཇུག་པར་འགྱུར་རོ། །ཡང་མངོན་སུམ་ཕལ་པ་ལ་དེ་ལྟར་སྣང་བ་ཙམ་གྱིས་མི་གནོད་དེ། སྒོམ་དོན་ལ་ཕྱོགས་ཀྱི་ལྷ་རྣམས་མ་འདྲེས་པར་འབྱུང་བའི་ཕྱིར་དཔེར་ན་དཀྱིལ་ཐང་བཀྲམ་པའི་ཚེ་ཤར་ཕྱོགས་པ་རྣམས། དངོས་སུ་དབུ་འཐུར་ལ་བསྟན་ཀྱང་། སྒོམ་དོན་ལ་དེ་ལྟར་མིན་པས་སོ་ཟེར་ན། དེ་ལྟར་ན་མི་འཁྲུགས་པའི་དཀྱིལ་འཁོར་ལ་བརྟེན་ནས་གསང་བ་འདུས་པའི་དབང་ཡང་(༡༥བ)


GLG010_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་རུང་སྟེ། དཀྱིལ་འཁོར་དེ་མངོན་སུམ་དུ་ཕལ་པ་ལ་མི་འཁྲུགས་པའི་དཀྱིལ་འཁོར་དུ་སྣང་གི །སྒོམ་དོན་ལ་རྣལ་འབྱོར་པའི་དམིགས་པས་གང་འདོད་དུ་བསྒྱུར་ཐུབ་པ་སྔ་མ་དང་དོད་མཚུངས་པའི་ཕྱིར། ཡང་གཡས་བསྐོར་གཡོན་བསྐོར་དུ་བྱས་ན་ཐབས་ཤེས་སྦྱོར་བའི་ཚེ། ཞལ་གསུམ་ཡོད་པ་ལྟ་བུ་ལ། ཡབ་ཀྱི་གཡས་ཞལ་དང་ཡུམ་གྱི་གཡས་ཞལ་གཉིས་སྦྱོར་དགོས་པའི་རིགས་པ་གཏོང་བ་ནི་ཤིན་ཏུ་མི་རིགས་ཏེ། རྒྱུ་མཚན་དེ་ལྟར་ན། དམར་ནག་འཇིགས་གསུམ་གྱི་འཕྲུལ་འཁོར་གྱི་སྐབས་ཡི་གེ་བཅུ་བདུན་པོ་གཡས་བསྐོར་གཡོན་བསྐོར་དུ་འབྲི་བར་བཤད་འདུག་པས་ཕྱོགས་གཅིག་གི་ཡི་གེ་རྣམས་ལོག་པོར་འདྲི་དགོས་པར་འགྱུར་ཞིང་། དེས་ན་ཎ་དགོས་སར་ན་འདྲི་བ་སོགས་འཆུགས་ཚབས་ཆེན་པོར་འགྱུར་རོ། །མཚན་ཉིད་པ་རྒན་པོ་དང་། ཐ་སྙད་མཁན་པོ་དག་མན་ངག་དང་བྲལ་བའི་རང་བཟོ་ལ་བརྟེན་ནས་རྒྱུ་མཚན་མེད་པའི་བློས་བྱས་མ་མཛད་ཅིག །ལུགས་ཕྱི་མ་ནི་སྔ་མ་བཀག་པའི་ཤུགས་ཀྱིས་ཁེགས་སོ། །གཉིས་པ་རང་ལུགས་འཐད་ལྡན་དུ་བཞག་པ་ནི། དཔའ་བོ་གཅིག་གྲུབ་ནས་གསུངས་པའི་ཡབ་ཡུམ་གཉིས་མེད་ཀྱི་དངོས་གྲུབ་བླང་ཐབས་བསྙེན་པ་དང་བཅས་ཏེ་བསྒྲུབ་པ་དང་། བསྙེན་པ་མེད་ཀྱང་འཁོར་ལོ་བཅས་ལ་དངོས་གྲུབ་བླང་བའི་ཚུལ་གཉིས་ལས། འདིར་ཕྱི་མ་ལྟར་ཏེ། བྲི་གཞི་གསེར་དངུལ་ཟངས་ཀྱི་བྱང་ལེབ་བམ། མཐིང་ཤོག་གོས་རས་གྲོ་ཤོག་གང་འཛོམ་ལ་སྟེང་འོག་མཉམ་པར། གཟོང་བརྐོས་སམ་གསེར་དངུལ་རྒྱ་སྣག་མཚལ་ལྟ་བུ་ལ་སྨན་(༡༦ན)


GLG010_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྱེ་བཏབ་པ་སོགས་ཡོ་བྱད་འཛོམ་པ་དང་བཅས། རྒྱུ་སྐར་རྒྱལ་ལ་བབ་པའི་ཚེ་འམ། ཡང་ན་གཟའ་སྐོར་སྦྱོར་བྱེད་ལེགས་པ་ལ་ཕྲི་བ་ནི། དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལས། ཡང་ན་གསེར་ལ་སོགས་པའི་བྱང་བུ་ལ་བ་སུ་དྷཱ་ར་གནོད་སྦྱིན་མོ་དང་བཅས་པ་དང་། བྱང་བུ་གཉིས་པ་ལ་བཅོམ་ལྡན་འདས་ཛཾ་བྷ་ལ་གནོད་སྦྱིན་གྱིས་བསྐོར་བ་ཡང་དག་པར་བྲིས་ལ་ཁ་སྦྱོར་དུ་བྱས་ཏེ། ཞེས་གསུངས་པས། ནོར་རྒྱུན་མ་གཙོ་བོར་བྱ་སྟེ། འཁོར་ལོ་མུ་ཁྱུད་རིམ་པ་བཞི་བསྐོར་བའི་ལྟེ་བར་ནོར་རྒྱུན་མ་སེར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་གྱི་མཐིལ་ན་ཤིང་ཐོག་བྷིཉྫ་པཱུ་ར་དང་། གཡོན་འབྲས་ཀྱི་སྙེ་མ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞབས་སྐྱིལ་ཀྲུང་ཕྱེད་པས་བཞུགས་པའི་ཞབས་འོག་ན་པདྨའི་སྡོང་གི་གཏེར་མནན་པ། བུད་མེད་སྒྱུ་མའི་ང་རྒྱལ་གྱིས་འགྱིང་བའོ། །མུ་ཁྱུད་གཉིས་པ་ལ་པདྨ་འདབ་བརྒྱད་བྲིས་པ་ལ། གཙོ་མོའི་མདུན་ཤར་ནས་བརྩམས་ཏེ། གཙོ་མོ་དང་འདྲ་བའི་ནོར་རྒྱུན་མ་བརྒྱད་དབུ་ཕྱིར་བསྟན་པ་བྲིའོ། །དབུས་ཀྱི་ནོར་རྒྱུན་མའི་ཐུགས་ཀར་ཨོཾ་བྷཱ་སུ་དྷ་རི་ནི་སྭཱཧཱ། ཤར་གྱི་ཟླ་འོད་མའི་ཐུགས་ཀར་ཨོཾ་ཙནྡྲ་ཀནྟྱཻ་སྭཱ་ཧཱ། ལྷོར་ནོར་སྦྱིན་མའི་ཐུགས་ཀར་ཨོཾ་དན་ཏཱ་ཡཻ་སྭཱཧཱ། ནུབ་ཏུ་རབ་སྦྱིན་མའི་ཐུགས་ཀར་ཨོཾ་སུ་ད་ན་ཏཱ་ཡཻ་སྭཱཧཱ། བྱང་དུ་འཕགས་མའི་ཐུགས་ཀར་ཨོཾ་ཨཱརྱ་ཡེ་སྭཱཧཱ། ཤར་ལྷོར་རབ་བཟང་མའི་ཐུགས་ཀར་ཨོཾ་སུ་བྷ་དྲ་ཡེ་སྭཱཧཱ། ལྷོ་ནུབ་ཏུ་སྦས་མའི་ཐུགས་ཀར་ཨོཾ་བུ་པ་ཏཱ་ཡེ་སྭཱཧཱ།(༡༦བ)


GLG010_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་བྱང་དུ་མཛེས་མའི་ཐུགས་ཀར་ཨོཾ་དེ་བྱཻ་ཡཻ་སྭཱ་ཧཱ། བྱང་ཤར་དུ་དབྱངས་ཅན་མའི་ཐུགས་ཀར་ཨོཾ་སྭ་ར་སྭ་ཏྱེ་སྭཱ་ཧཱ། ཞེས་ཕྱོགས་མ་ནོར་བར་བྲིའོ། །གསུམ་པ་དང་བཞི་པ་ལ་རྡོ་ར་མེ་རིའོ། །གཉིས་པ་ཕོ་འཁོར་བྲི་བ་ནི། མུ་ཁྱུད་བཞི་བསྐོར་བའི་ལྟེ་བར། ཛཾ་བྷ་ལ་སེར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་གྱི་མཐིལ་ན་བྷིཉྩ་པཱུ་ར་དང་། གཡོན་ནེའུ་ལེ་རིན་ཆེན་སྐྱུག་པ་འཛིན་པ། ཞབས་སྐྱིལ་ཀྲུང་ཕྱེད་པས་གཏེར་གྱི་སྟེང་ན་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་ཐུགས་ཀར་ཨོཾ་ཛམ་བྷ་ལ་ཛ་ལེནྡྲ་ཡ་སྭཱཧཱ། མུ་ཁྱུད་གཉིས་པ་ལ་པད་འདབ་བརྒྱད་ལ་འཁོར་བརྒྱད་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་གཙོ་བོ་དང་འདྲ་བ་ལས། གཙོ་བོའི་མདུན་ཤར་ཕྱོགས་སུ་ཨུ་ཕྱིར་བསྟན་ནས། ནོར་བུ་བཟང་པོའི་ཐུགས་ཀར་ཨོཾ་མ་ཎི་བྷ་དྲ་ཡ་སྭཱཧཱ། བྱང་དུ་གང་བ་བཟང་པོའི་ཐུགས་ཀར། ཨོཾ་པུརྞ་བྷ་དྲ་ཡ་སྭཱཧཱ། ནུབ་ཏུ་ནོར་སྦྱིན་གྱི་ཐུགས་ཀར། ཨོཾ་དྷ་ན་ད་ཡ་སྭཱཧཱ། ལྷོར་རྣམ་ཐོས་སྲས་ཀྱི་ཐུགས་ཀར། ཨོཾ་བེ་ཤ་མ་ཎ་ཡ་སྭཱཧཱ། །བྱང་ཤར་དུ་རོལ་པའི་ཕྲེང་བའི་ཐུགས་ཀར། །ཨོཾ་ཀི་ལི་མཱ་ལི་ནེ་སྭཱ་ཧཱ། ནུབ་བྱང་དུ་འཇམ་པོ་འཁྱིལ་བའི་ཐུགས་ཀར་ཨོཾ་ཙི་བི་ཀུཎྜ་ལི་ནི་སྭཱཧཱ། ལྷོ་ནུབ་ཏུ་གདོང་གི་དབང་པོའི་ཐུགས་ཀར་ཨོཾ་མུ་ཁེན་དྲ་ཡ་སྭཱཧཱ། ཤར་ལྷོར་སྤྱོད་པའི་དབང་པོའི་ཐུགས་ཀར་ཨོཾ་ཙ་རེནྡྲ་ཡ་སྭཱ་ཧཱ། ཞེས་པ་རྣམས་བྲིའོ། །དབུས་ཀྱི་ཡི་གེའི་མགོ་དང་། ལྷ་གཙོ་བོའི་དབུ་ནུབ་ཏུ་བསྟན། ཕྱོགས་མཚམས་ཀྱི་ཡི་གེ་རང་ལྷའི་དབུ་ཕྱིར་བསྟན་ནོ། །འབྲིང་ལྷ་བྲི་བ་མ་(༡༧ན)


GLG010_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་ན། པད་འདབ་ལ་སྔགས་བྲིས་ཀྱང་རུང་ངོ་། །སྔགས་རྣམས་ཀྱི་སྭ་ཧཱའི་གོང་དུ། མ་མ་དྷ་ནཾ་དེ་ཧི་དེ་ཧི་ཞེས་པའམ། ཡང་ན་ཆེ་གེ་མོའི་ནོར་དང་འབྲུ་དང་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པར་མཛད་དུ་གསོལ། ཞེས་པ་ལ་སོགས་པའི་སྤེལ་ཚིག་གང་འདོད་བྲིའོ། །མུ་ཁྱུད་གསུམ་པ་དང་བཞི་པ་ལ་རྡོ་ར་མེ་རིའོ། །ཡང་ན་དངོས་གཞི་བྲི་ལུགས་སོགས་སྔར་ལྟར་ལ། པད་འདབ་ཀྱི་ལྷ་སྔགས་རྣམས་ཀྱི་དབུ་ནང་དུ་བསྟན། གཙོ་བོའི་དབུ་ཤར་དུ་བསྟན་པ་བྱས་ན་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གི་བཞེད་པའོ། །ལུགས་གཉིས་ཀ་ལ་རྒྱས་འབྲིང་གཉིས་འདྲི་བ་མ་འགྲུབ་ན། བསྡུས་པ་བ་དགུ་ཛཾ་དགུ་འདྲི་བ་ཕྱག་ལེན་ཡིན་ཀྱང་། འགའ་ཞིག་སྔགས་མེད་པར་ལྷ་རྐྱང་པ་འདྲི་བ་ནི་མ་དག་པའོ། །ལུགས་སྔ་མ་ནི་སྒྲུབ་ཐབས་བརྒྱ་རྩའི་ཛཾ་ལ་སྒྲུབ་ཐབས་རྒྱས་པ་ལས། དཔལ་ལྡན་མགོན་པོ་ཛཾ་བྷ་ལ། །ནོར་རྒྱུན་མ་ལ་འཁྱུད་མ་དང་། ཞེས་དང་། དཔའ་བོ་གཅིག་གྲུབ་ཏུ་མོ་གཙོ་བོར་གསུངས་པའི་རྒྱབ་རྟེན་ཤིན་ཏུ་བཟང་ལ། ས་སྐྱའི་རྗེ་བཙུན་གོང་མའི་བཞེད་པ་ཤར་ཆེན་ཡེ་ཤེས་རྒྱལ་མཚན་སོགས་མཁས་པའི་ཡིག་ཆར་བཀོད་པ་ལུང་རིགས་ཀྱི་སྒྲུབ་བྱེད་དང་འབྲེལ་ཆགས་ཤིང་། ཡང་ལུགས་ཕྱི་མ་ནི་ཛཾ་ལ་གཙོ་བོར་འདོད་པའི་དབང་དུ་བྱས་པ་ཡབ་ཡུམ་གོ་རིམ་འཁྲུག་ཅིང་སྔགས་སྤྱི་སྐད་དང་འབྲེལ་བས་ལུགས་དེ་འདོད་ཕྱིན་ཕོ་མོ་གོ་བཟློག་པ་སོགས་རྣམ་པར་མི་འཚམས་པའི་མུ་ཅོར་སྨྲ་མི་དགོས་པའི་ལེགས་བཤད། ལུང་དང་(༡༧བ)


GLG010_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པ་འབྲེལ་བའི་མཁས་པ་དགའ་བ་བསྐྱེད་པའི་གནས་སོ། །ལ་ལ་དག་འདབ་མའི་སྔགས་རྣམས་དབུ་ནང་དུ་བསྟན་པས་དྲག་པོར་འགྱུར་རོ་སྙམ་ན། དབུ་ཕྱིར་བསྟན་ལ་འཇམ་པོ་དང་ནང་བསྟན་ལ་དྲག་པོས་ཁྱབ་པར་ཤུགས་ལ་འགྲོ་ཞིང་དེ་ལྟར་ན་དམར་ནག་འཇིགས་གསུམ་གྱི་འཕྲུལ་འཁོར་ཐམས་ཅད་ལས་འཇམ་པོ་འབའ་ཞིག་ཏུ་འགྱུར་ལ། །བྲམ་ཟེ་སྡོམ་བཟང་གི་རླུང་འཁོར་སོགས་འཁོར་ལོ་ཁ་སྦྱར་གཅིག་གི་སྟེང་ནས་ཞི་དྲག་གཉིས་ཀ་ཡོད་པར་འགྱུར་རོ། །བྲིས་ཟིན་པ་དང་རས་ཤོག་བུ་ལྟ་བུ་ལ་ཚོན་གྱིས་བཀྲ་བར་བྱ། ཡང་ཚོགས་བདག་འཁོར་ལོ་ནི། མུ་ཁྱུད་རིམ་པ་ལྔ་པ་རྩིབས་བརྒྱད་དང་བཅས་པའི་ལྟེ་བར་ཧཱུཾ་ཧྲཱིཿབྷྲཱུཾ་མཐར་གུག་ན་པ་ཏ་ཡེ་དཱ་ན་པ་ཏི་ས་པ་རི་ཝཱ་ར་པུཥྚིཾ་ཀུ་རུ་ཨོཾ་གྱི་མཇུག་ཏུ་རྒྱས་པའི་སྤེལ་ཚིག་འདོད་བཅོལ་བྱ། གཉིས་པ་ལ་ཨོཾ་བཛྲ་ཨ་དུ་ཤ་མ་ཛ་ཏི་ག་ཏ་པེ་ཏ་ཨཱ་ཀཪྵ་ཡ་ད་ན་བ་སུ་ཨཱ་ཡུཿཔུཎྱཻ་པུཥྚིཾ་ཀུ་རུ་སྭཱཧཱ། ག་ག་ག་ག་ག་རྣམས་ཀྱི་མཐར་སྤེལ་ཚིག །རྩིབས་བརྒྱད་ལ་ག་བཞི་པ་ལ་རྟེན་འབྲེལ་སྙིང་པོ། ལྔ་པར་བཀྲ་ཤིས་རྟགས་བརྒྱད་འབྲི། དེ་རྗེས་དར་རས་གཙང་མའི་ལྟེ་བ་གཞིའི་སྟེང་དུ་རིན་པོ་ཆེའི་སྣོད་འབྲུས་བཀང་བའི་སྟེང་དུ་འཁོར་ལོ་རྣམས་བཞག །སློབ་དཔོན་ལྷའི་ང་རྒྱལ་ལ་གནས་པས་སྦྱང་གསུམ་སྔོན་དུ་འགྲོ་བས་བགེགས་བསྐྲད། གུ་གུལ་གྱིས་བདུགས། འཁོར་ལོ་རྣམས་ཀྱི་བསྐྱེད་ཆོག་སོགས་གཞུང་ལྟར་བྱས། འགྲུབ་ན་རས་ཞག་བདུན། འབྲི་ཞག་གསུམ། ཐ་མའང་ཉིན་ཞག་གཅིག་ཙམ་དུ་བསྒྲུབ་གྲོགས་སམ་རང་ཉིད་གཅིག་པུས་ཀྱང་རུང་སྟེ། འཁོར་ལོའི་(༡༨ན)


GLG010_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཅི་མང་བཟླས། རྟེན་འབྲེལ་སྙིང་པོའི་སྔགས་དང་བཅས་མེ་ཏོག་འཐོར། ཤིས་བརྗོད་དང་འོད་བཞུ་སོགས་རྒྱས་པར་བྱ་དགོས་སོ། །དེང་སང་ནི་འཁོར་ལོ་བྲིས་གྲུབ་འཕྲལ་ཁ་སྦྱར་ནས་འཇུག་ཐུབ་པ་གཙོ་བོར་འདོན་པ་མ་གཏོགས། འཁོར་ལོའི་རབ་གནས་བསྐྱེད་ཆོག་བསྒྲུབ་པ་སོགས་ཅུང་ཟད་ཀྱང་མི་བྱེད་པ་མང་དུ་འདུག་ལ། ལྟོ་ཕྱིར་རྒྱལ་ཁམས་ཀུན་ཏུ་གཟུངས་གཞུག་འབུལ་བར་ཝ་ལྟར་འཁྱམ་པ་ལ་ལ་ནི་ཚོགས་བདག་འཁོར་ལོ་ཡང་མི་དགོས་ཟེར་རོ། །དེ་འདྲའི་ལག་ལེན་འཆོལ་བས་རང་གཞན་བསླུ་བའི་བྱ་བ་ཕུབ་མའི་ཆུ་དོང་དག་རིང་དུ་སྤོངས་ལ་བློ་ལྡན་རྣམས་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་སྙིང་ལ་ཆོངས་ལ་དྲི་མ་མེད་པའི་ལག་ལེན་ལྟར་གྱིས་ཤིག །འཁོར་ལོའི་བསྒྲུབ་པ་ཐོན་ནས། སྦྲང་ཀ་ར་མར་གྱིས་བྱུག་ཅིང་པདྨ་ལྷ་སྔགས་རྣམས་མ་འཛོལ་བར་སྦྱར་ལ་སྐུད་པ་སེར་པོས་མི་མངོན་པར་རྒྱ་གྲམ་དུ་བཅིངས། དེ་ནས་སེང་ཁྲིའི་ནང་དུ་དར་རས་སོགས་ལེགས་པར་བཏིངས་པའི་སྟེང་དུ་ཚོགས་བདག་འཁོར་ལོ་དབུ་རྒྱབ་ཕྱོགས་སུ་བསྟན་ཏེ་བཞག །དེ་སྟེང་གནོད་སྦྱིན་འཁོར་ལོ་སྔགས་མགོ་ཕྱིར་བསྟན་ལ་དབུ་རྒྱབ་དང་། ཡང་ནང་བསྟན་ལ་སྐུའི་མདུན་དུ་ཡོང་བ་དང་། གཉིས་ཀ་ཕོ་སྟེང་མོ་འོག་མ་ནོར་བར་བཞག །སྨན་སྣ། ཟས་སྣ། འབྲུ་སྣ། རིན་པོ་ཆེ། དྲི་བཟང་། ས་སྣ། རྡོ་སྣ། ཤིང་སྣ། དར་སྣ། ཇ་ལ་སོགས་པའི་རིགས་ཐམས་ཅད་བུམ་གཏེར་དུ་བཅུག་ལ་འཁོར་ལོའི་སྟེང་གི་དབུས་དང་ཕྱོགས་མཚམས་སུ་བཞག་ན་དངོས་གཙང་ཞིང་ལེགས་སོ། ད་ལྟ་ཕལ་ཆེར་ཐམས་ཅད་འཁོར་ལོའི་སྟེང་(༡༨བ)


GLG010_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཁྲོག་ལུགས་སུ་བླུགས་པའི་སྦྱོར་བ་རྩིང་པོ་མང་ཞིང་དེ་འདྲའི་རིགས་རྟེན་གྱི་ནང་དུ་བྱི་བའི་ཚང་འཆའ་བའི་ཐབས་ཤ་སྟག་གོ །བུམ་གཏེར་ལའང་ལུགས་མི་གཅིག་པ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པ་སོགས་རྣམ་གྲངས་མང་བས། ཁྱད་པར་ཤེས་དགོས་ཀྱི། མི་ཤེས་བཞིན་དུ་རང་བཟོའི་ཟོབས་ཀྱིས་རྒྱལ་ཁམས་མ་འགེངས་ཤིག །གཞན་ཡང་རྟེན་ཆེན་ལ་སེང་ཁྲིའི་བར་སྟེང་དུ་ཇ་སྦབ་རྩེ་ཁྲབ་རྨོག་གི་རིན་པོ་ཆེའི་དཔྱད་པ་སོགས་བློས་དཔྱད་དེ་འཇུག་ཏུ་མི་རུང་པ་མ་ཡིན་པ་ཐམས་ཅད་འཁོར་ལོ་དང་བུམ་པར་མི་གནོད་པ་བྱས་ནས་འཇོག་ལ། །ལ་ལ་ཟས་ཀྱི་རྣམ་གྲངས་སུ་བསམས་ཏེ་ཤ་འཇུག་པ་འདུག་ཀྱང་གནོད་སྦྱིན་འཁོར་ལོ་བྱ་རྒྱུད་དུ་བཤད་པས། དེའི་རྒྱུད་སྡེའི་དོན་སྤྱི་མ་ཆགས་པའོ། །སྔོན་གྱི་བླ་མའི་ཕྱི་རྟེན་འགའ་ཞིག་ན། བླ་མ་དེ་ཁའི་ལྷུང་བཟེད་དཀར་ཡོལ་ཕོར་བ་སྡེར་མ་བཟེད་ཞལ་ཆབ་རིལ་སོགས་ཉེར་མཁོའི་ཆས་ཐམས་ཅད། བུམ་ནང་དུ་བླ་མའི་སྐུ་འདྲ་ལ་བསྐོར་ནས་བཞག་པའང་མཐོང་བ། སྤྱིར་བྱིན་རླབས་རྟེན་གྱི་དབང་དུ་བྱས་ཏེ་ཞལ་དཀར་ལྟ་བུ་ཡང་འཇུག་ཏུ་རུང་མོད། འོན་ཀྱང་། བླ་མ་བཞུགས་དུས་ཀྱི་རྣམ་པ་ལྟ་བུ་དེ་འདྲ་བྱེད་པ་ནི། བོན་ལུགས་ཀྱི་བང་སོ་དང་ཁྱད་པར་མ་མཆིས་པས། ཆོས་དང་བོན་བསྲེ་བར་མ་བྱེད་ཅིག །གཉིས་པ་དམིགས་བསལ་གྱི་རིམ་པ་ནི། བྱེ་བྲག་འབྱེད་པ་དང་། དགེ་འདུན་འདུ་བའི་འཁོར་ལོ་དང་། གཉྫི་རའི་ནང་གཞུག་འབུལ་ལུགས་སོགས་རྣམ་གྲངས་མང་བ་སྐུ་རྟེན་དང་ཐུགས་རྟེན་གྱི་གཟུངས་འབུལ་དངོས་གཞི་སྔར་བཤད་པས་ཁྱབ་ནའང་། བྱེ་བྲག་བླ་མའི་སྐུ་(༡༩ན)


GLG010_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞལ་བཞུགས་དང་བསྟུན་པའི་བརྟན་བཞུགས་ལ་ཚེ་བསྒྲུབ་ཀྱི་སྔགས་དང་འདོད་བཅོལ་རྫས་སོགས་དང་། ཞིང་གཞན་དུ་གཤེགས་པ་ལ་སྔོན་སངས་རྒྱས་རྣམས་ཀྱིས་དམ་བཅའ་མཛད་པའི་གཟུངས་དང་འདོད་གསོལ་དང་། ཡི་དམ་འདོད་ལྷའི་རིགས་ལ་ཡང་མཆོག་ཐུན་མོང་གང་བསྒྲུབ་ཀྱི་སྔགས་འཁོར་ལོ་འདོད་གསོལ་སྨོན་ལམ་རྒྱུད་ཚིག་རྫས་སོགས་སོ་སོར་དབྱེ་བ་ཕྱེད་པའི་གང་དགོས་དང་། ཐོས་བསམ་སྒོམ་པ་བཤད་སྒྲུབ་ཀྱི་བྱ་བ་གཙོ་བོར་བསྒྲུབ་ན་བློ་འཕེལ་གྱི་གཟུངས་འཁོར་ལོ་རྫས་འདོད་དོན་སྨོན་ལམ་དང་། བླ་མའི་གདན་ས་ལ་གང་སྟོངས་བྱུང་ན་བླ་མ་བརྒྱུད་པ་དང་། མི་རྒྱུད་ཕྲ་བ་ལ་སྲོག་ཤིང་དང་། ནོར་ལ་དར་རྒུད་བྱུང་ན་ནོར་ལྷའི་སར་ནན་ཏན་དང་། དམག་འཁྲུག་ནད་མུ་གེ་བདུད་རིགས་འདྲེ་གདོན་བཟློག་ན་གཉེན་པོའི་ཁྲོ་བོ་དང་གདུགས་དཀར་སོགས་ཀྱི་གཟུངས་རྫས། གཞན་ཡང་མན་ངག་ཟབ་མོ་དུ་མ་ལས་དེ་དང་དེའི་གཉེན་པོ་ཁ་འགེང་དང་། སྒྲིབ་སྦྱོང་ལ་རྩ་རིག །མི་འཁྲུགས་པ་ཐུགས་རྗེ་ཆེན་པོ་སོགས་ཀྱི་སྔགས་དང་འདོད་དོན་སྨོན་ལམ་གཙོ་བོར་བྱེད་དགོས་པས་ལག་ལེན་གྱི་ཐོ་ཙམ་བྲིས་ཀྱི། ཞིབ་ཏུ་མཐོང་བརྒྱུད་ལས་ཤེས་དགོས་ཤིང་། ཆོས་སྐྱོང་གི་གཟུངས་གཞུག་ཐུན་མོང་བ་ཡང་དཀྱུས་དང་མི་འདྲ་བའི་རྫས་སོགས་དགོས་ཀྱང་། ད་ལྟ་ཆོས་སྐྱོང་གི་སྐུ་ལ་དེ་རིགས་བྱ་བའང་དཀོན་ཞིང་། འགའ་ཞིག་ལ་ཐུན་མོང་མ་ཡིན་པ་བཤད་པ་དག་ནི། སྙན་བརྒྱུད་མ་ཡིན་པ་ལ་སྙན་བརྒྱུད་དུ་མིང་བཏགས་པ་ཚོ་དང་མི་འདྲ་བར། གྲགས་པ་དོན་ལྡན་གྱི་སྙན་བརྒྱུད་ཚད་མ་བཞི་(༡༩བ)


GLG010_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཤེས་པའི་རྡོ་རྗེའི་སློབ་དཔོན་གྱི་ཞལ་ལས་བླང་དགོས་ཀྱི། ཆེན་པོ་འུར་རྒྱངས་ཅན་དང་། རྟོག་གེ་ཐ་སྙད་ཙམ་གྱིས་དྲེགས་པའི་མཁས་རློམ་དང་། སྐྱེ་བ་དང་གདུང་རབས་མང་པོ་བགྲངས་པར་གྲགས་པ་ཕལ་ཆེར་གྱི་སྤྱོད་ཡུལ་མ་ཡིན་ནོ། །དགེ་འདུན་འདུ་བའི་འཁོར་ལོ་སྤྱིར་དབང་གི་ལས་ཚོགས་སུ་འདུ་ཞིང་། དེ་ཡང་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་གི་འཕྲུལ་འཁོར་ལས་བྱུང་བ་དང་། ཀླུ་བའི་གསེར་ཆོས་བཅུ་བཞིའི་ནང་གི་ཐུན་མོང་བསྒྲུབས་པས་མཆོག་ཞར་ལ་འབྱུང་བ་དམར་པོ་སྐོར་གསུམ་སོགས། དབང་གི་སྐོར་སྔགས་གསར་རྙིང་མཐའ་ཡས་པ་ནས་འབྱུང་བ་དེ་དག་གི་མན་ངག་ཞལ་ཤེས་རྣམས་རང་ཉིད་ཀྱིས་ཚུལ་བཞིན་ཁོང་དུ་ཆུད་པར་བྱ་དགོས་ཀྱི། མཐའ་མི་མང་གིས་བསྐོར་བའི་ཆོས་བརྒྱད་གང་འཕེལ་ལ་འགངས་ཆེར་བཟུང་བའི་ད་ལྟའི་བསྟན་འཛིན་ཕལ་ཆེར་ནི། ལོངས་སྤྱོད་དང་རྙེད་བཀུར་སྙན་གྲགས་ཀྱི་འདོད་པ་ནི་སྙིང་ལ་ཟུག །དཀའ་གནད་ཟབ་མོའི་ཆོས་ལ་ལག་ལེན་དམར་ཁྲིད་དུ་བསྟར་བའི་གདེངས་ནི་མེད། གྲྭ་རིགས་སྦྱིན་བདག་སོགས་ཀྱིས་རེ་བ་བཅས་ཚེ་བློ་གཟུར་གནས་ཤིག་ཡིན་ན་ཤེས་པ་དང་མི་ཤེས་པའི་རྒྱུ་མཚན་སོ་སོར་བྱེད་ཀྱང་། དུས་དབང་གིས་དམ་པར་རློམ་པ་རྣམས་མ་བསླབས་པའི་ཀུན་མཁྱེན་འདོད་ནས་མི་ཤེས་ཟེར་བ་ལ་ངོ་ཚར་བྱས་ཏེ། ཆོས་མ་ཐོབ་པའི་ཐོབ་རྫུ་མི་ཤེས་པའི་ཤེས་བརྫུའི་རང་བཟོའི་ཐོབ་ཀྱིས་གང་དྲན་ཞིག་བྱས་པ་ལ་སྟབས་འགྲིག་གི་ལེགས་པ་ཅུང་ཟད་བྱུང་ན་བྱིན་རླབས་དང་ཐུགས་རྗེ། ཉེས་པ་ཞིག་བྱུང་ན་སྔོན་ལས་སུ་མིང་བཏགས་ཏེ། རང་གཞན་བསླུས་ཤིང་མི་ཤེས་བཞིན་དུ་(༢༠ན)


GLG010_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལ་འཇུག་པ་ནི། རིགས་པའི་དབང་ཕྱུག་གིས། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། ཞེས་པའི་དོན་ཐོག་ཏུ་བབས་སོ། །ཤེས་རློམ་ཅན་འགའ་ཞིག་མན་ངག་ཞིབ་ཆ་དེ་འདྲ་རང་མི་དགོས་ཀྱི་ཏིང་ངེ་འཛིན་སོགས་བྱིན་རླབས་གཙོ་ཆེའོ་ཞེས་མཚན་ཉིད་དང་ལྡན་པ་བྱས་པ་ལ་ངོ་ཚར་འཛིན་ཅིང་། ཐོ་ཆོའི་སྤྱོད་རྩིང་ལ་ཁ་ཕོར་བྱས་ཏེ་རང་དང་རིགས་མཐུན་པའི་སྐད་ངན་ཁྭ་ཏའི་ཚོགས་དབུས་ལོང་བས་ལོང་བ་འཁྲིད་པ་མཁས་གྲུབ་ཀྱི་མཛད་པར་བྱེད་དོ། །ཡང་འཇིགས་བྱེད་ཀྱི་དབང་གི་འཕྲུལ་འཁོར་ལ་བརྟེན་པའི་དགེ་འདུན་འདུ་འཁོར་དུ་བྱས་པ་ལ་དབུས་ཀྱི་ཡི་གེ་འཕོ་དགོས་པ་ལ་མ་འཕོས་ཤིང་། ཁ་སྦྱར་མེད་པའི་འཁོར་ལོ་གཅིག་རྐྱང་སྔགས་བཏུམ་བྱས་པ་དང་། འབྲི་ཚུལ་དྲག་པོ་དང་འདྲེས་པའི་ནོར་བ་ཆེན་པོ་བྱེད་པ་ནི་རྭ་ལོ་ཙཱ་བ་དང་རྒྱལ་བ་ཙོང་ཁ་པ་ཆེན་པོ་ལ་མེད་པའི་མན་ངག་ཁྱད་པར་ཅན་གཅིག་ཁྱོད་ལ་ཡོད་འདུག་པས་རྡོ་རྗེ་འཆང་ལས་ཀྱང་ཁྱོད་ལྷག་པར་སྣང་ངོ་། །གཉྫི་ར་ལ་གཟུངས་འབུལ་བའི་ཚེ་འགའ་ཞིག་སྐུ་གཟུགས་མཆོད་རྟེན་སྒྲ་ཇི་བཞིན་པ་བྱེད་པའི་ལག་ལེན་ཡོད་པ་དེ་བཞིན་བྱས་ཀྱང་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་ཞིང་། མ་འགྲུབ་ཀྱང་འགལ་བ་མེད་ལ། མེད་དུ་མི་རུང་བ་ནི་སྲོག་ཤིང་གི་སྔགས་འགོད་ལུགས་སོགས་མཆོད་རྟེན་དང་མཚུངས་ཤིང་ཏོག་གི་ནང་དུ་དེ་བཞིན་གཤེགས་པའི་འཕེལ་གདུང་། རྒྱ་བོད་ཀྱི་བླ་མ་ཚད་ལྡན་རྣམས་ཀྱི་བྱིན་རླབས་རྟེན་གྱི་རིགས་ཇི་སྙེད་པ། གཙུག་ཏོར་གདུགས་དཀར་གྱི་གཟུངས། རྒྱལ་མཚན་རྩེ་མོའི་དཔུང་རྒྱན། མདོ་(༢༠བ)


GLG010_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འབྱུང་བའི་བཀྲ་ཤིས་པའི་ཚིགས་བཅད་ལྷུག །གཟུངས་བསྡུས་ནང་གི་མདོ་ཕྲན་གྱི་རིགས་གང་འཛོམ། སྐུ་གཟུགས་གདུང་རྟེན་གྱི་རིགས་བྱིན་ཅན། ས་རྡོ། སྨན་འབྲུ། རིན་པོ་ཆེ་གོས་དར་སོགས་ལེགས་པར་འཇུག་དགོས་པ་ཡིན་ནོ། །གཙུག་ལག་ཁང་དང་རྒྱལ་པོའི་ཕོ་བྲང་དང་། དགོན་གནས་གྲོང་ཁྱེར་སོགས་ལ་མི་དང་མི་མ་ཡིན་པའི་གནོད་པ་དང་འཚེ་བ་དག་སྲུང་བར་བྱེད་པ་ལ་གདུགས་དཀར་གྱི་བསྲུང་འཁོར་གཉྫི་རའམ་རྒྱལ་མཚན་གྱི་ནང་དུ་གཞུག་པ་བྱིན་རླབས་ཆེ་བས་དེ་འདྲི་ཚུལ་ནི། འཁོར་ལོ་མུ་ཁྱུད་རིམ་པ་བཅུ་གཅིག་ཏུ་བྱས་པའི་ལྟེ་བར་ཨོཾ་གྱི་མཐར། ཏདྱ་ཐཱ། ཨ་ན་ལེ། ཨ་ན་ལེ། བི་ཥ་དེ་བི་ཥ་དེ། བཻ་ར། བཻ་ར་མ་བཛྲ་དྷ་རི། བན་དྷ་བན་དྷ་ནི། བཛྲ་པཱ་ཎི་ཕཊ། ཧཱུཾ་ཧཱུཾ་བནྡྷ་ཕཊ། ཅེས་སྤེལ་ཚིག་དང་བཅས་པ་བྲི། དང་པོར་པད་འདབ་དམར་པོ་བརྒྱད་ལ་གཞན་གྱིས་མི་ཐུབ་པ་དང་གདུང་བདུན་ལ་ཕྱག་འཚལ་སྤེལ་ཚིག་དང་བཅས་པ་བྲི། གཉིས་པ་ལ། ཏདྱ་ཐཱ། སརྦ་ཏ་ཐཱ་ག་ཏོ། ཨོཾ་ཥྚོཾ་བན་དྷ་བན་དྷ་ཆེ་གེ་ལ་རཀྵ་རཀྵ་སྭཱཧཱ། ཨོཾ་བཛྲ་པཱ་ཎི་ཧཱུཾ་ཕཊ། ཨོཾ་རི་ཥི་ག་ན་པྲ་ཤཱསྟ་ཡ་ཏེ་ཉཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་དྲཱུཾ་སྤེལ་ཚིག་ཅན། གསུམ་པ་ལ་འཁོར་ལོ་དཀར་པོའི་རྩིབས་བརྒྱད་ལ་རིམ་བཞིན་དུ། ཛཾ་བྷ་ན་ཀ་རཱ་ཧཱུཾ་དྲཱུཾ། སྟཾ་བྷ་ན་ཀ་རཱི་ཧཱུཾ་དྲཱུཾ། མ་ཧཱ་བི་དྱཱ་སཾ་བྷཀྵ་ཎ་ཀ་རཱི་ཧཱུཾ་དྲཱུཾ། པར་བི་དྱཱ་སཾ་བྷཀྵ་ཎ་ཀ་རཱི་ཧཱུཾ་ཧཱུཾ། སརྦ་དུཥྚཱ་ནཱཾ་སྟཾ་བྷ་ཀ་རཱི་ཧཱུཾ་དྲཱུཾ། སརྦ་ཡཀྵ་རཱཀྵ་ས་གྲ་ཧཱ་ཎཱཾ་བི་དྷྭཾ་ས་ན་ཀ་རཱི་ཧཱུཾ་དྲཱུཾ། ཙ་ཏུ་ར་ཤཱི་ཏཱི་ནཱཾ་གྲ་ཧ་ས་ཧ་སྭཱ་ཎཱཾ་བི་དྷྭཾ་ས་ན་ཀ་རཱི་ཧཱུཾ་དྲཱུཾ། ཨཥྚཱ་བི་ཤ་ཏཱི་ནཱཾ་ནཀྵ་ཏྲཱ་ཎཱཾ་པྲ་སཱ་ད་ན་ཀ་རཱི་ཧཱུཾ་དྲཱུཾ། ཨཥྚཱ་མཱཾ་མ་ཧཱ་གྲ་ཧཱ་ཎཱཾ་བི་དྷྭཾ་ས་ན་ཀ་རཱི་ཧཱུཾ་དྲཱུཾ། འདོད་(༢༡ན)


GLG010_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་དང་བཅས་བྲི། །མཚན་བརྒྱད་ལ་གཏུམ་ཆེན་མ། པདྨའི་མངོན་མཚན་ཅན། འབར་ཆེན་མོ། གཞན་གྱིས་མི་ཐུབ་མ། གོས་དཀར་མོ། རྡོ་རྗེའི་མཆུ། སྒྲོལ་མ། རྒྱལ་བའི་རྡོ་རྗེ་མ་རྣམས་ཀྱི་མཐར། སྦྱོར་ངན། མཚོན། དུས་མིན་འཆི་བ། མེ་ཆུ། གསོད་བཅིང་། གནོད་སྦྱིན་སྲིན་པོ། རྨི་ལམ་ངན་པ། དུག་རྣམས་ཀྱི་གནོད་པ་བསྲུང་བའི་སྤེལ་ཚིག་རྒྱས་པར་བྲི། བཞི་པ་ལ་ཐམས་ཅད་ཀྱི་འགོ་བོར་ཨོཾ་སྦྱར་བའི། ཨོཾ་ནྡྲི་ཡེ། ཨགྣ་ཡེ། ཡ་མཱ་ཡེ། ནཻ་རྀ་ཏ་ཡེ། བ་རུ་ཎཱ་ཡ། བཱ་ཡ་བེ། ཀུ་བེ་ར་ཡེ། ཤཱ་ན་ཡེ། ཨུ་ར་དྷཾ་པྲ་ཧྨ་ཎ་ཡེ། སཱུརྱ་གྲ་ཧ་ཨ་དྷི་པ་ཏ་ཡེ། ཙནྡྲ་ན་ཀྵ་གྲ་ཨ་དྷི་པ་ཏ་ཡེ་ཨ་ར་དྷོ་པྲྀ་ཐི་ཝཱི་བྷྱཿཨ་སུ་རེ་བྷྱཿནཱ་གེ་བྷྱཿདྷྲི་ཏ་ར་ཏྲ། བཻ་རུ་ཌ་ཀ བི་རུ་པཀྵེ། བཻ་ཤྲ་པ་ཎ་ཡེ། མེ་གོ་ལ་ཡེ། ཤི་ཏཾ་ཤཾ་ང་ཡ། རཱཀྵ་ཨཾ་གྷ་ཀུ་མཱ་ར་ཡེ། ཤུ་ཏྲ་ཡེ། གྲྀ་ཧ་པ་ཏི། ཀིཥྞ་ཝརྞ་ཡེ། ཨ་མྲྀ་ཏ་པྲི་ཡཱ་ཡ། སརྦ་ནཀྵ་ཏྲ། རཱ་ཧུ་ལ་ཞེས་འདོད་གསོལ་དང་བཅས་བྲི། ལྔ་པ་ལ། སངས་རྒྱས། ཆོས་དགེ་འདུན། སངས་རྒྱས་བྱེ་བ་ཕྲག་བདུན་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། དགྲ་བཅོམ་པ། རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་། འཇིག་རྟེན་ན་ཡང་དག་པར་སོང་བ། ཡང་དག་པར་ཞུགས་པ། ལྷའི་དྲང་སྲོང་དམོད་པ་གྲུབ་པ། རིག་སྔགས་གྲུབ་པ། ཚངས་པ། དབང་པོ། ལེས་ལྡན་དྲག་པོ་དཀའ་ཐུབ་བཟློག་པའི་བདག་པོ་དང་ལྷན་ཅིག་པ། ལེགས་ལྡན་སྲེད་མེད་ཀྱི་བུ་ཕྱག་རྒྱ་ཆེན་པོ་ལྔས་ཕྱག་བྱས་པ། །ལེགས་ལྡན་ནག་པོ་ཆེན་པོ་གྲོང་ཁྱེར་སུམ་བརྩེགས་འཇིག་པར་བྱེད་པ་དུར་ཁྲོད་གནས་པར་མོས་པ་མ་མོའི་ཚོགས་ཀྱིས་ཕྱག་(༢༡བ)


GLG010_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ། རྫོགས་པའི་སངས་རྒྱས་དཔའ་བརྟན་པའི་སྡེ་མཚོན་ཆའི་རྒྱལ་པོ། འོད་དཔག་མེད། མི་འཁྲུགས་པ། སྨན་བླ། ས་ལའི་དབང་པོ་མེ་ཏོག་ཀུན་ཏུ་རྒྱས་པ། ཤཱཀ་ཐུབ། རིན་པོ་ཆེ་ཏོག་གི་རྒྱལ་པོ། ཀུན་བཟང་། རྣམ་སྣང་། སྤྱན་རྒྱས་པ་ཨུཏྤལའི་བསུང་གི་རྟོག་གི་རྒྱལ་པོ་ཞེས་པ་རྣམས་ལ་ཕྱག་འཚལ་བཏགས་ཏེ་བྲི། དྲུག་པ་ལ་འཁོར་ལོ་སྔོན་པོ་རྩིབས་བཅུ་ལ། ཨོཾ་བཛྲ་ཨུཥྞཱི་ཥ་ཀྲོ་དྷ་ཐམས་ཅད་ཀྱི་འགོ་དང་། ཀི་ལི་ཀ་ལཱ་ཡ་ཧཱུཾ་ཕཊ་ཐམས་ཅད་ཀྱི་མཇུག་ཏུ་སྦྱར་བའི་བར་དུ་རིམ་བཞིན་ཧཱུཾ་ཀཱ་ར། བི་ཛ་ཡ། ནཱི་ལ་དན་ཌ། ཡ་མཱན་ཏ་ཀ །ཨཱརྱ་ཨ་ཙ་ལ། ཧ་ཡ་གྲཱི་བ། མ་ཧཱ་བ་ལ། ཊཀྐི་རཱ་ཛ། ཨ་མྲྀ་ཏ། ཏྲཻ་ལོཀྱ་ཞེས་བྲི། མཚན་བཅུ་ལ་རིམ་བཞིན་ཁྲོ་བོ་རེ་རེའི་མཚན་གྱི་མཇུག་ཏུ་ཚངས་པ། དྲི་ཟ་མེ་ལྷ། གཤིན་རྗེ། སྲིན་པོ། ཆུ་ལྷ། ས་བདག །རླུང་ལྷ། གནོད་སྦྱིན། དབང་ལྡན་གྱི་གནོད་པ་རཀྵ་ཞེས་གཡོན་དུ་བསྐོར། བདུན་པ་ལ་ཡིག་མགོ་ནང་དུ་བསྟན་པ་འདི་རྣམས་བྲི། ཨོཾ་ཨ་སི་ཏ་ཨ་ན་ལཱརྐ་པྲ་བྷཱ་སྥུ་ཊ་བི་ཀ་སི་ཏཱ་ཏ་པ་ཏྲེ་ཨོཾ། ཛྭཱ་ལ་ཛྭཱ་ལ། ཁཱ་ད་ཁཱ་ད། ད་ར་ད་ར། བི་ད་ར་བི་ད་ར། ཙྪིན་ད་ཙྪིན་ད། བྷིནྡ་བྷིནྡ། ཧཱུཾ་ཧཱུཾ། ཕཊ་ཕཊ་སྭཱཧཱ། ཧེ་ཧེ་ཕཊ། ཧོ་ཧོ་ཕཊ། ཨ་མོ་གྷཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏཱ་ཕཊ། བ་ར་པྲ་དཱ་ཕཊ། ཨ་སུ་ར་བི་དྲཱ་བེ་ཀ་ཕཊ། སརྦ་དེ་བེ་བྷྱཿཕཊ། སརྦ་ནཱ་ག་བྷྱཿཕཊ། སརྦ་ཨ་སུ་རེ་བྷྱཿཕཊ། སརྦ་མ་རུ་དེ་བྷྱཿཕཊ། སརྦ་ག་རུ་ཌ་བྷྱཿ ཕཊ། སརྦ་གན་དྷརྦ་བྷྱཿཕཊ། སརྦ་ཀོ་ནཱ་རེ་བྷྱཿཕཊ། སརྦ་མ་ཧོ་ར་གེ་བྷྱཿཕཊ། སརྦ་ཡཀྵེ་བྷྱཿཕཊ། སརྦ་རཱཀྵ་སེ་བྷྱཿཕཊ། སརྦ་པྲེ་ཏེ་བྷྱཿཕཊ། སརྦ་(༢༢ན)


GLG010_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

པི་ཤཱ་ཙེ་བྷྱཿཕཊ། སརྦ་བྷཱུ་ཏེ་བྷྱཿཕཊ། སརྦ་ཀུ་མྦྷཱཎྜེ་བྷྱཿཕཊ། སརྦ་པཱུ་ཏ་ནེ་བྷྱཿཕཊ། སརྦ་ཀ་ཊ་པཱུ་ཏ་ནེ་བྷྱཿཕཊ། སརྦ་སྐན་དེ་བྷྱཿཕཊ། སརྦ་ཨུནྨཱ་དེ་བྷྱཿཕཊ། སརྦ་ཙྪཱ་ཡ་བྷྱཿཕཊ། སརྦ་ཨ་པ་སྨཱ་རེ་བྷྱཿཕཊ། སརྦ་ཨོ་སྟཱ་ར་གེ་བྷྱཿཕཊ། སརྦ་དུརླ་གི་ཏེ་བྷྱཿཕཊ། སརྦ་དུསྤྲེ་ཀྵི་ཏེ་བྷྱཿ ཕཊ། སརྦ་ཛྭ་རེ་བྷྱཿཕཊ། སརྦ་ཀྲི་ཏྱཱ་ཀརྨ་ཀ་ཁོ་རྡེ་བྷྱཿཕཊ། ཀི་ར་ཎེ་བེ་ཏཱ་ཌེ་བྷྱཿཕཊ། ཙིཙྪ་པྲེ་ཤ་ཀ་དུ་ཤྩརྡ་དུར་བྷུཀྟོ་བྷྱཿཕཊ། སརྦ་ཏཱི་ནྲི་ཀེ་བྷྱཿཕཊ། སརྦ་ཤྲ་མ་ཎེ་བྷྱཿཕཊ། སརྦ་བིདྱཱ་དྷ་རེ་བྷྱཿཕཊ། ཛ་ཡ་ཀ་ར་མ་དྷུ་ཀ་རེ་བྷྱཿཕཊ། སརྦ་ཨརྠ་སཱ་དྷ་ཀེ་བྷྱཿ ཕཊ། བིདྱཱ་ཙ་རེ་བྷྱཿཕཊ། ཙ་ཏུར་བྷྱོ་བྷ་གི་ནཱི་བྷྱཿཕཊ། བཛྲ་ཀཽ་མཱ་རཱི་ཡེ་བྷྱཿཕཊ། བི་དྱཱ་ར་ཛྙཱི་ཏེ་ཡེ་བྷྱཿ ཕཊ། མ་ཧཱ་པྲ་ཏྱཾ་གི་རེ་བྷྱཿཕཊ། བཛྲ་ཤྲིཾ་ཁ་ལཱ་ཡ། པྲ་ཏྱཾ་གི་རེ་རཱ་ཛཱ་ཡ་ཕཊ། མཧཱ་ཀཱ་ལཱ་ཡ་མཱ་ཏྲྀ་ག་ཎ་ན་མ་སྐྲྀ་ཏཱི་ཡེ་ཕཊ། བིཥྞ་བཱི་ཡེ་ཕཊ། པྲ་ཧྻ་ཎཱི་ཡེ་ཕཊ། ཨགྣ་ཡེ་ཕཊ། མ་ཧཱ་ཀཱ་ལཱི་ཡེ་ཕཊ། བཱ་ལ་དཎྜཱི་ཡེ་ཕཊ། ནྡྲཱི་ཡེ་ཕཊ། རཽ་ཌཱི་ཡེ་ཕཊ། ཀུ་མཱ་རཱི་ཡེ་ཕཊ། བཱ་རཱ་ཧྲཱི་ཡེ་ཕཊ། ཙཱ་མུན་ཌཱི་ཡེ་ཕཊ། རོ་དྲཱི་ཡེ་ཕཊ། ཀཱ་ལ་རཱ་ཏྲཱི་ཡེ་ཕཊ། ཡ་མ་དཎྜཱི་ཡེ་ཕཊ། ཀ་པཱ་ལཱི་ཡེ་ཕཊ། ཨ་ཏི་མུག་ཏི་ཤྨ་ཤཱ་ན་བ་སི་ནཱི་ཡེ་ཕཊ། བརྒྱད་པ་ལ། གདོན་ཐམས་ཅད་ཀྱིས་བྱིས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །དེས་འགྲེའོ། །ཀུན་ཏུ་རྒྱུས་བྱས་པའི། །མཁའ་འགྲོ་དང་མཁའ་འགྲོ་མས་བྱས་པའི། །ཕྱུགས་བདག་ཆེན་པོས་བྱས་པའི། །སྲེད་མེད་ཀྱི་བུས་བྱས་པའི། ནག་པོ་ཆེན་པོ་དང་མ་མོའི་ཚོགས་ཀྱིས་བྱས་པའི་མིའི་ཐོད་པ་ཅན་གྱིས་བྱས་པའི། རྒྱལ་བར་བྱེད་པ་དང་། སྦྲང་(༢༢བ)


GLG010_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

རྩིར་བྱེད་པ་དང་། དོན་ཀུན་གྲུབ་པས་བྱས་པའི། སྲིང་མོ་བཞིས་བྱས་པའི། བྷྲིང་གི་རི་ཏི་དང་། དགའ་བྱེད་དབང་ཕྱུག་དང་། ཚོགས་ཀྱི་བདག་པོ་དང་ལྷན་ཅིག་པས་བྱས་པའི། དགེ་སྦྱོང་གཅེར་བུས་བྱས་པའི། དགྲ་བཅོམ་པས་བྱས་པའི། འདོད་ཆགས་དང་བྲལ་བས་བྱས་པའི། གསང་བའི་བདག་པོ་ལག་ན་རྡོ་རྗེས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། ཞེས་པ་བྲི། དགུ་པ་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་བཟློག་པ་ཆེན་མོ། ཕྱག་སྟོང་མངའ་བ་ཆེན་མོ། དབུ་སྟོང་། སྤྱན་བྱེ་བ་བརྒྱ་ཕྱག་སྟོང་། མེ་ཕྱེད་འབར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་མོ་ས་གསུམ་གྱི་དཀྱིལ་འཁོར་ལ་མངའ་བ་ཆེན་མོ། ཀུན་ནས་ཆེ་གེ་ལ་བསྲུང་དུ་གསོལ་བསྲུང་དུ་གསོལ། ཨོཾ་རྒྱལ་པོའི་འཇིགས་པ་དང་། འགྲེ་འོ། ཆོམ་རྐུན་གྱི། མེའི། ཆུའི། དུག་གི །མཚོན་གྱི། ཕ་རོལ་གྱི་དམག་ཚོགས་ཀྱི། མུ་གེའི། དགྲའི་གནད་ཀྱི་ལྕེ་འབབ་པའི། དུས་མ་ཡིན་པར་འཆི་བའི། ས་གཡོ་བའི། སྐར་མདའ་ལྟུང་བའི། རྒྱལ་པོའི་ཆད་པའི་འཇིགས་པ་དང་། ལྷའི་གདོན་དང་། ཀླུའི་གདོན་དང་། ལྷ་མ་ཡིན་གྱི། རླུང་ལྷའི་ནམ་མཁའི་ལྡིང་གི །དྲི་ཟའི། མི་འམ་ཅིའི། ལྟོ་འཕྱེ་ཆེན་པོའི། གནོད་སྦྱིན་གྱི། སྲིན་པོའི། ཡི་དྭགས་ཀྱི། ཤ་ཟའི། འབྱུང་པོ་སྤྱིའི། གྲུལ་བུམ་གྱི། སྲུལ་པོའི། ལུས་སྲུལ་པོའི། སྐེམ་བྱེད་ཀྱི། བརྗེད་བྱེད་ཀྱི། སྨྱོ་བྱེད་ཀྱི། གྲིབ་གནོན་གྱི། རྣོན་པོའི། ནམ་གྲུའི། གཤིན་རྗེའི། བྱའི་མ་མོ་དགའ་བར་བྱེད་པའི། ཀུན་ཏུ་བྲེལ་བའི་(༢༣ན)


GLG010_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

ཚེར་མ་འདོན་པའི་གདོན་རྣམས་བཟློག་ཅིག །རིམས་ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། ཉིན་བདུན་པ་དང་། རྟག་པའི་རིམས་རྣམས་དང་། རིམས་མི་ཟད་པ་རྣམས་དང་། རིམས་ལྡང་དུབ་པ་རྣམས་དང་། རླུང་ལས་གྱུར་པ་དང་། འཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དག །འདུས་པ་ལས་གྱུར་པ་རྣམས་བཟློག་ཅིག །རིམས་ནད་ཐམས་ཅད་དང་། ཀླད་པ་ན་བ་དང་། གཞོགས་ཕྱེད་ན་བ་དང་། འགྲེའོ། ཡི་ག་འཆུས་པ་དང་། མིག །སྣ། ཁ། མགུལ། སྙིང་། ལྐོག་མའི་ལྷ་གོར། རྣ་བ། སོ་རྙིལ། རྩིབ་ལོགས། རྒྱབ། ལྟོ། སྐེད་པ། ཆུ་སོ། བརླ། རྗེ་ངར། ལག་པ། རྐང་པ། ཡན་ལག །ཉིང་ལག་ན་བ་རྣམས་ཕྱིར་བཟློག་པར་གྱུར་ཅིག །གཟི་བརྗིད་འཕྲོག་པ་དང་། མདངས་འཕྲོག་པ་དང་། ཟས་སུ་མངལ་ཟ་བ་དང་། ཟས་སུ་ཁྲག །ཟས་སུ་ཞག །ཟས་སུ་ཤ །ཟས་སུ་ཚིལ། ཟས་སུ་རྐང་། ཟས་སུ་བཙས་པ། སྲོག་འཕྲོག་པ་དང་། ཟས་སུ་སྐྱུག་པ། ཟས་སུ་མི་གཙང་བ། ཟས་སུ་གཅིན་འཐུང་བ་དང་། ཟས་སུ་སྟོར་ཁུང་ནས་འབབ་པ། ཟས་སུ་ལྷག་མ། ཟས་སུ་མཆིལ་མ། ཟས་སུ་སྣབས། ཟས་སུ་རྣག །ཟས་སུ་ཕྱི་ས། ཟས་སུ་ཕྲེང་བ། ཟས་སུ་དྲི། ཟས་སུ་བདུག་པ། ཟས་སུ་མེ་ཏོག །ཟས་སུ་འབྲས་བུ། ཟས་སུ་ལོ་ཏོག །ཟས་སུ་སྦྱིན་བསྲེག་ཟ་བ་རྣམས་ཕྱིར་བཟློག་པར་གྱུར་ཅིག །རིམས་དང་། ཤུ་བ་དང་། ཡམས་དང་། འབྲུམ་བུ་ཕྲ་མོ་དང་། མཛེ་དང་། ཕོལ་མིག་དང་དབལ་ལྷོགས་དང་། མེ་དབལ་དང་། གཡེན་པ་དང་། ལྷོག་པ་དང་། སྐོམ་པ་(༢༣བ)


GLG010_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྐྲག་པ་དང་། དབྱིག་དུག་དང་། དུག་སྦྱར་མ་དང་། བྱད་དང་། མེ་དང་། ཆུ་དང་། མི་ངས་དང་། དགྲ་དང་། གནོད་པ་དང་། དུས་མ་ཡིན་པར་འཆི་བ་དང་། སྦྲང་བུ་ཏྲཻ་མ་བུ་ག་དང་། ཏྲཻ་ལ་ཏ་དང་། སྡིག་པ་དང་། སྦྲུལ་དང་། སྲེ་མོང་དང་། སེང་གེ་དང་། སྟག་དང་། དོམ་དང་། དྲེད་དང་། སྤྱང་ཀི་དང་། ཆུ་སྲིན་དང་། བུང་བ་ལྟ་བུས་གཞན་གྱི་སྲོག་འཕྲོག་པ་རྣམས་བཟློག་པར་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་བཟློག་པ་ཆེན་མོ། ཕྱག་སྟོང་མངའ་བ་ཆེན་མོ། དབུ་སྟོང་། སྤྱན་བྱེ་བ་བརྒྱ་ཕྲག་སྟོང་མངའ་བ་ཆེན་མོ། །མི་ཕྱེད་འབར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་མོ་ས་གསུམ་གྱི་དཀྱིལ་འཁོར་ལ་མངའ་མཛད་མ་ཆེན་མོ་འདིས་དཔག་ཚད་བཅུ་གཉིས་ཀྱི་ནང་ཚུན་ཆད་དུ་ནད་དང་། གདོན་ཐམས་ཅད་དང་། གཞན་གྱིས་བྱས་པའི་རིག་སྔགས་ཐམས་ཅད་དང་། གནོད་པ་ཐམས་ཅད་བཟློག་ཏུ་གསོལ། །བཅུ་པ་ལ་རྟེན་འབྲེལ་སྙིང་པོ་དང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་རྣམས་མགོ་ནང་དུ་བསྟན་པ་དང་། དེ་དག་གི་ཕྱོགས་མཚམས་བརྒྱད་དུ་རྡོ་རྗེ་བརྒྱད་བྲི། བཅུ་གཅིག་པ་ལ་མི་རི། ཐམས་ཅད་ལ་སོ་སོའི་ཚོན་གྱིས་བྱུགས། །སྤྱན་གསུམ་སྔོན་དུ་འགྲོ་བའི་བགེགས་བསྐྲད། གུ་གུལ་གྱིས་བདུག་པ། བསྐྱེད་བསྟིམ་མཆོད་བསྟོད་བསྒྲུབ་པ་སོགས་གཞུང་བཞིན་བྱ། ཙཀྲ་ལག་ལེན་ལྟར་བལྟབ། དར་ཚོན་གྱིས་རྒྱ་གྲམ་དུ་བཅིངས། བསྲུང་བྱའི་ཡུལ་གྱི་ཁམས་དང་བསྟུན་པའི་དར་རས་ཀྱིས་གྲིལ་ཏེ་ཏོག་གི་ནང་དུ་འཇུག །གཉྫི་དང་རྒྱལ་མཚན་ལ་རབ་(༢༤ན)


GLG010_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དངོས་གཞི་བྱེད་པའི་ལུགས་ལྟར་རམ། །ཡང་ན་འཁོར་ལོ་ཡོད་པ་དང་བཅས་གདུགས་དཀར་གྱི་སྒྲུབ་མཆོད་སོགས་དང་མ་འབྲེལ་ཀྱང་། པདྨ་འདབ་མ་བརྒྱད་བྲིས་པའི་དབུས་སུ་བཞག་ལ། སྦྱང་ཁྲུས་བསྐྱེད་བསྟིམ་སོགས་གཞུང་བཞིན་བྱས། །ལེགས་ལྡན་མཆེད་གསུམ་དང་ཕྱོགས་སྐྱོང་རྣམས་ལ་གཏོར་མ་འབུལ་བའི་འདོན་ཆ་དང་བཅས་ལག་ལེན་ལྟར་བཙུགས། ཤིས་བརྗོད་རྒྱས་པར་བྱ། གཞན་ཡང་བཤད་སྒྲུབ་ཀྱི་བྱ་བ་དང་ཚེ་དང་བསོད་ནམས་རྒྱས་པའི་ཐབས། བྱད་ཁ་བཟློག་པའི་ཐབས། རིམས་ནད་བསྲུང་ཐབས། ཡུལ་འཁོར་བསྲུང་བ་ལ་བརྟེན་ནས་ཕ་རོལ་གྱི་དམག་ཚོགས་བཟློག་པ་སོགས། གསང་སྔགས་གསར་རྙིང་རྣམས་ལས་བཤད་པའི་མན་ངག་ཟབ་མོ་ཇི་སྙེད་པ་སོ་སོ་ལས་ཤེས་དགོས་ཀྱི། རྒྱས་པ་ནི་ཡི་གེ་མངས་ཀྱིས་དོགས་འཇིགས་ནས་མ་སྤྲོས་སོ། །སྨྲས་པ། ལེགས་ལམ་བྱེ་བའི་སྣང་མཛོད་ཆེས་དཀར་ལས། །ཕན་བདེའི་ཟླ་ཤེལ་འབུམ་དུ་འཛག་པ་ཡིས། །མཐའ་ཡས་ལུས་ཅན་ཀུནྡའི་ཉེར་འཚོའི་གཞི། །རིགས་བརྒྱའི་ཁྱབ་བདག་མཚན་མོའི་མགོན་པོ་མཆོག །བསམ་བཞིན་ཞིང་འདིར་ངུར་སྨྲིག་འཛིན་པའི་གར། །སྟོན་མཛད་རྒྱལ་བའི་ཡབ་གཅིག་ཙོང་ཁ་བའི། །དྲི་མེད་རིང་ལུགས་ནོར་བུའི་ཡུ་བ་ཡིས། །རབ་བཏེག་གདུགས་དཀར་འགྲོ་འདིའི་དཔལ་དུ་འཁོར། །བདེ་སྐྱིད་དབྱར་སྐྱེས་ལྗང་གཞོན་རྒྱས་བྱེད་པའི། །རྟེན་དང་བརྟེན་པའི་འཁོར་ལོའི་ཆར་ཆེན་པོ། །འཁྲུལ་བའི་རྙོག་བྲལ་མ་དྲོས་ཆུ་ཀླུང་ལས། །ཉེར་འོངས་ལེགས་བཤད་ཉལ་འགྲོས་ཕྱོགས་ཀུན་ཁྱབ། །མཁས་(༢༤བ)


GLG010_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

མང་ལུགས་སྲོལ་ཀུ་མུ་ད་ཡི་ཚལ། །བླུན་པོ་རང་བཟོས་སྦྱོར་བའི་སྲིན་བུའི་མེ། །དྲེགས་ལྡན་འབྱུང་པོའི་བྱ་ཡི་སྐད་ངན་སྒྲ། །བསྟན་བཅོས་ཉིན་བྱེད་ཤར་ཚེ་ཅིག་ཅར་ཉམས། །ཚེ་འདིའི་སྣང་ཤས་ཁེ་འདོད་གྲགས་པའི་ཆེད། །རྟེན་བཞེངས་གཟུངས་འབུལ་རབ་གནས་བྱེད་མང་ཡང་། །ཚད་ལྡན་ལག་ལེན་ཤེས་པའི་རིག་སྔགས་འཆང་། ཁ་བའི་ལྗོངས་འདིར་ཉིན་མོའི་སྐར་མ་བཞིན། །སྔོན་བྱོན་མཁས་གྲུབ་ཆུ་ལྷའི་མངལ་དུ་གཟིམས། །ཆེར་རློམ་དམ་པར་གྲགས་པའི་མུན་སྟུག་འཐིབས། །ཐུབ་བསྟན་བྱ་གཞག་སྣང་བ་མི་གསལ་བའི། །སྙིགས་མས་སྦགས་པའི་དུས་འདིར་སྐལ་ངན་བྱས། །གཟུར་གནས་སྣོད་ལྡན་རིན་ཆེན་ཡོལ་གོའི་ནང་། །བཤེས་གཉེན་སྤེ་རྒན་ཚོགས་ཀྱིས་ཉེར་ལྡུགས་པའི། །ཉེས་བཤད་མི་གཙང་བཤང་གཅིའི་ཕུང་པོ་ལ། །བླུན་རྨོངས་རྡོ་རྗེའི་རྣ་ལྡན་དགའ་བས་སྤྱོད། །སྟོབས་ལྡན་ཚོགས་ཀུན་ཟོག་པོ་གཙུག་ཏུ་འཁུར། །ཤེས་ལྡན་འགའ་ཞིག་ལྷ་བུའི་ཞགས་པས་བཅིངས། །མཁས་པར་གྲགས་རྣམས་བླུན་པོ་སྐྱབས་སུ་བསྟེན། །མང་དུ་ཐོས་ཀྱང་ལག་ཏུ་ལེན་ལ་རྡུགས། །ཟས་གཙང་སྲས་ཁྱོད་སྙིང་སྟོབས་གོ་ཆ་ཡིས། །མ་དག་འགྲོ་བ་འདྲེན་པའི་ཁུར་ཁྱེར་ན། །ད་དུང་གདུལ་དཀའི་སྐྱེ་བོ་མཐའ་ཀླས་པས། །ཐུགས་རྗེའི་མཐུ་དཔུང་སྐྱེད་ཅིག་ཤཱཀྱའི་གཙོ། །དེ་ལྟར་བསྟན་དང་འགྲོ་བའི་རྩ་ལག་མཆོག །བསོད་ནམས་ཞིང་གི་ཡུལ་གྱུར་རྟེན་མཆོད་ལ། །གཟུངས་འབུལ་འཁྲུལ་པ་སྤོང་བའི་ལག་ལེན་གྱི། །མན་ངག་ཉིན་མོའི་སྣང་བ་ཁྲིགས་སུ་བསྡེབས། །དགེ་དེས་རྒྱལ་(༢༥ན)


GLG010_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བསྟན་པ་རྒྱལ་མཚན་རྩེར། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི། །རིང་ལུགས་ཡིད་བཞིན་ནོར་བུས་ཕྱོགས་ཀུན་ཏུ། །དོན་གཉིས་འདོད་དགུའི་དཔལ་འབྱོར་རྒྱས་གྱུར་ཅིག །ཅེས་རྟེན་ལ་གཟུངས་གཞུག་འབུལ་བའི་ལག་ལེན་གྱི་རིམ་པ་ཁྲིགས་སུ་བསྡེབས་པ་འཁྲུལ་སྤོང་ཉིན་མོར་བྱེད་པ་ཞེས་བྱ་བ་འདི་ཡང་། རིང་པོ་ནས་དགེ་བའི་བཤེས་གཉེན་དུ་མས་བསྐུལ་བ་དང་། སླར་ཡང་དེ་མོ་སྤྲུལ་པའི་སྐུ་ངག་དབང་དགེ་ལེགས་རྒྱལ་མཚན་གྱིས་བསྐུལ་བའི་ངོར། ས་དཔྱད་བརྟག་ཅིང་། ས་དགྲ་འཆོས་པ། ཕྱག་ཚད་ཀྱི་ཞིབ་ཆ་དང་། ས་བརྟག་སློང་སོགས་ཀྱི་སྐོར། སྐུ་རྒྱུ་ལག་ཆ་གཟུངས་འཁོར་ལོ་རྣམས་ཀྱི་བསྐྱེད་བསྟིམ་རྒྱས་འདེབས། མཆོད་འབུལ་བསྒྲུབ་པ་རབ་གནས་སོགས་ཀྱི་ངག་འདོན་གྱི་རིགས་རྣམས་ཟུར་དུ་ཁ་འཕངས་ཤིང་། གཞན་མ་ལག་ལེན་གྱི་རིམ་པ་རྣམས། མན་ངག་གིས་བརྒྱན་པས་གསལ་ཞིང་མཐའ་ཆོད་པར་བྱས་ནས། རྒྱལ་བ་རྡོ་རྗེ་འཆང་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་བཀའ་དྲིན་གྱིས་འཚོ་བའི་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་ས་མོ་གླང་གི་ལོ་ཆུ་སྟོད་ཀྱི་ཟླ་བའི་ཕྱོགས་སྔ་མའི་དགའ་བ་དང་པོའི་ཚེས་ལ། ཕོ་བྲང་ཆེན་པོ་པོ་ཏ་ལའི་གཟིམས་ཆུང་ཁམས་གསུམ་ཟིལ་གནོན་དུ་སྦྱར་པའི་ཡི་གེ་པ་ནི་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོའོ། །མངྒ་ལཾ།།


previousགཟུར་གནས་བློ་ལྡན་ངོ་མཚར་སྐྱེད་བྱེད་གཟུངས་འབུལ་གྱི་ལག་ལེན་འཁྲུལ་སྤོང་ཉིན་མོར་བྱེད་པ།next