Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
བྲག་རྫོང་རྒྱུན་འཁྱེར་རྡོ་རྗེའི་གོ་ཁྲབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྲག་རྫོང་རྒྱུན་འཁྱེར་རྡོ་རྗེའི་གོ་ཁྲབ།next

བྲག་རྫོང་རྒྱུན་འཁྱེར་རྡོ་རྗེའི་གོ་ཁྲབ།


GLG011_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་རྫོང་རྒྱུན་འཁྱེར་རྡོ་རྗེའི་གོ་ཁྲབ་ཅེས་པ་བཞུགས་སོ། །


GLG011_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གསལ་སྐལ་བཟང་རྒྱ་མཚོ་ཆེན་པོའི་དབུས། །སྙན་བརྒྱུད་གྲགས་པའི་རྒྱལ་མཚན་བསྒྲེང་མཁས་པ། །རྡོ་རྗེ་འཆང་དབང་ཚར་ཆེན་ཆོས་ཀྱི་རྗེ། །ཡབ་སྲས་བརྒྱུད་པར་བཅས་ལ་གུས་བཏུད་ནས། །ཆོས་སྐྱོང་རྣམ་གཉིས་བདག་བསྐྱེད་ཆེས་ཟབ་པ། །སྙིང་གི་ཟུངས་ཁྲག་ལྟ་བུའི་བྲག་རྫོང་གི །རྒྱུན་འཁྱེར་གསང་ཆེན་སློབ་བཤད་བཞེད་སྲོལ་ལྟར། །ངག་འདོན་ཁྲིགས་ཆགས་ཡི་གེའི་འཕྲེང་བར་སྤེལ། །སྐྱབས་འགྲོ་ནི། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ། བླ་མ་དང་དཀོན་ཅོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་(༢ན)


GLG011_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་བདག་གི་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་བསྒོམ་པར་བགྱིའོ། །ལན་གསུམ། རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། བདག་གི་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ། སྐད་ཅིག་གིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཔལ་ཧེ་རུ་ཀ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་པང་ན་ཡུམ་རྡོ་རྗེ་བསྙེམས་མ་སྐུ་མདོག་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ། ཕྱག་རྒྱ་ལྔས་བརྒྱན་པ་དང་མཉམ་པར་སྦྱོར་བར་བསྒོམས་ལ། ཡབ་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་དཀར་པོ། དེ་ལས་འོད་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་ཧཱུཾ་ལ་ཐིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱིས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་(༢བ)


GLG011_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བཏབ་པས། ཧཱུཾ་ལས་བདུད་རྩི་བབས། ཧེ་རུ་ཀའི་སྐུ་གང་དེ་ནས་སྐུའི་དབྱིབས་བརྒྱུད་ཡུམ་གྱི་སྐུ་གང་། ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདུད་རྩི་བབས། བདག་གི་སྤྱི་གཙུག་ནས་ཞུགས་པས། ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུའམ། རྣག་ཁྲག་གི་རྣམ་པས་བཤང་གཅི་གཉིས་དང་རྐང་མཐིལ་གཉིས་ནས་འཐོན་ནས། ཤུལ་ཐམས་ཅད་བདུད་རྩིས་གང་བར་བསམ་ལ། ངག་ཏུ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྠ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་ར་ཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྩ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཾཿ ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧོཿབྷ་ག་ཝ་ན། བཛྲ་ཧེ་རུ་ཀ མཱ་མེ་མུཉྩ། ཧེ་རུ་ཀོ་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུཾ་ཕཊ། ཅེས་ལན་ཉི་ཤུ་རྩ་གཅིག་ཡན་ཆད་ཅི་ནུས་བཟླས་ནས། །རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ལ། །བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་འཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་པ་དང་ལྟུང་བ་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་ནས། སྤྱི་བོ་ནས་རང་ལ་ཐིམ་པས་རང་གི་ལུས་ཤེལ་གོང་ལྟ་བུར་བསམ། བླ་མའི་རྣལ་འབྱོར་ནི་(༣ན)


GLG011_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཁང་དུར་ཁྲོད་རོལ་བའི་གཞལ་ཡས་ཁང་དུ་གསལ་བའི་རང་གི་མདུན་གྱི་ནམ་མཁར་མགོན་པོ་འཁོར་བཅས་བཞུགས་པའི་སྤྱི་བོར་སེང་ཁྲི་པད་ཉི་བདུད་ཀྱི་གདན་ལ་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་ནས་བཟུང་སྟེ། རྡོ་རྗེ་འཆང་གི་བར་གྱི་བརྒྱུད་པའི་བླ་མ་ཐམས་ཅད་རྡོ་རྗེ་ནག་པོ་ཆེ་གུར་གྱི་མགོན་པོའི་རྣམ་པ་ཅན་མཐོ་བརྩེགས་སུ་རེག་ལ་མ་འབྱར་བའི་ཚུལ་གྱི་བདག་ལ་དགྱེས་ཤིང་འཛུམ་པའི་ཉམས་ཀྱིས་བཞུགས་པར་བསམ། སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་འདེབས་སོ། །སངས་རྒྱས་རྡོ་རྗེ་འཆང་ཆེན་པོས་བྱིན་གྱིས་རློབས་ཤིག །དེ་བཞིན་དུ། བྲམ་ཟེ་ཆེན་པོ་མཆོག་སྲེད་ལ་༝། སློབ་དཔོན་ནོར་བུ་གླིང་པ་ལ་༝། ཤྲཱིདྡྷ་ཀཱ་ར་ཝ་རྨ་ལ་༝། ལོ་ཙཱ་བ་རིན་ཆེན་བཟང་པོ་ལ་༝། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས་ལ་༝། རྗེ་བཙུན་མལ་ལོ་ཆེན་པོ་ལ་༝། ས་ཆེན་ཀུན་དགའ་སྙིང་པོ་ལ་༝། སློབ་དཔོན་བསོད་ནམས་རྩེ་མོ་ལ་༝། རྗེ་བཙུན་གྲགས་པ་རྒྱལ་མཚན་ལ་༝། ཆོས་རྗེ་ས་སྐྱ་པཎྜི་ཏ་ལ་༝། འགྲོ་མགོན་ཆོས་རྒྱལ་འཕགས་པ་༝། མཐུ་ཆེན་ཨ་ཉན་དམ་པ་༝། བླ་མ་བདག་ཉིད་ཆེན་པོ་༝། མཁས་བཙུན་ནམ་མཁའ་ལེགས་པ་༝། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་༝། བླ་ཆེན་ཀུན་དགའ་རྒྱལ་མཚན་༝། འཇམ་དབྱངས་ནམ་མཁའ་རྒྱལ་མཚན་༝། བདག་ཆེན་བློ་གྲོས་རྒྱལ་མཚན་༝། རྡོ་རིང་ཀུན་སྤངས་ཆེན་པོ་༝། ཚར་ཆེན་རྡོ་རྗེ་འཆང་༝། འཇམ་དབྱངས་མཁྱེན་(༣བ)


GLG011_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེའི་དབང་ཕྱུག་༝། མཁན་ཆེན་བསླབ་གསུམ་རྒྱལ་མཚན་༝། ཁྱབ་བདག་དབང་ཕྱུག་རབ་བརྟན་༝། རྗེ་བཙུན་མགོན་པོ་བསོད་ནམས་མཆོག་ལྡན་༝། རྡོ་རྗེ་འཛིན་པ་བཀྲ་ཤིས་ཀུན་དགའ་༝། བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་༝། ཞེས་གསོལ་བ་བཏབ་པས། རིམ་པ་བཞིན་དུ་བརྒྱུད་པའི་བླ་མ་རྣམས་འོད་དུ་ཞུ། རྩ་བའི་བླ་མ་ལ་ཐིམ་པར་གྱུར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་རིམ་གཉིས་ཀྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། མཁའ་འགྲོ་ཆོས་སྐྱོང་རྣམས་བདག་གི་དབང་དུ་འདུས་ནས་ལས་བཞིའི་འཕྲིན་ལས་ཐམས་ཅད་འབད་མེད་དུ་འགྲུབ་པར་བྱིན་གྱིས་བརླབ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཆོས་སྐྱོང་འཁོར་བཅས་བླ་མ་ལ་ཐིམ། །བླ་མ་དེ་ཉིད་འོད་ཟེར་སྔོན་པོར་ཞུ། རང་གི་སྤྱི་བོ་ནས་ཐིམ་པས་ལུས་ངག་ཡིད་གསུམ་དང་། །བླ་མའི་སྐུ་གསུང་ཐུགས་དབྱེར་མེད་དུ་བསམ། །དངོས་གཞི་ལ་བསྐྱེད་རིམ་སྲུང་བའི་འཁོར་ལོ་བསྒོམ་པ་ནི། རང་ཉིད་སྐད་ཅིག་གི་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོར་གསལ་བའི་ཐུགས་ཀའི་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས་པས། ནག་པོ་ཆེན་པོ་སྲུང་བའི་འཁོར་ལོ་ལ་བླ་མ་མི་བསྐྱོད་པའི་རྣམ་པས་གཙོ་བོའི་དབུ་ལ་བརྒྱན་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ། ན་མོ་གུ་རུ་བྷྱཿན་མཿཤྲི་མ་ཧཱ་ཀ་ལ་མཎྜ་ལི་བྷྱཿ ཤྲཱི་གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །(༤ན)


GLG011_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གནྡྷེ། ནཻ་ཝི་དྱེ། ཤབྡ་ཨཱཿཧཱུཾ། དཀོན་ཅོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་བརྗོད། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམ། །ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། །ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས་སུཾ་ལས་རྡོ་རྗེའི་བྲག་རྫོང་དམར་ནག་གྲུ་གསུམ་པ། མཐོ་ཞིང་ངམ་ཆོད་པ་དེའི་སྟེང་དུ་ཨེ་ལས་ཆོས་འབྱུང་གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བ་ནང་ཁྲག་ཞག་འཁྲུགས་པའི་རྒྱ་མཚོས་གང་བ་དེའི་དབུས་སུ་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས་(༤བ)


GLG011_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

པས། འོག་རྡོ་རྗེའི་ས་གཞི། ཁོར་ཡུག་རྡོ་རྗེའི་ར་བ། སྟེང་རྡོ་རྗེའི་གུར་དང་བླ་བྲེ། ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་དཔུང་འབར་ཞིང་འཁྲུག་པའི་སྲུང་བའི་འཁོར་ལོར་བསམ། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ལན་གསུམ་བརྗོད། སྲུང་འཁོར་གྱི་དབུས་སུ་ཧཱུཾ་ལས་གནམ་ལྕགས་ལས་གྲུབ་པའི་འཁོར་ལོ་རྩིབས་བཅུ་པ། རྩེ་མོ་རྣོ་བ། ཁོག་པ་སྟོང་པ་ཡངས་ཤིང་རྒྱ་ཆེ་བ། གོ་སྐབས་མེད་པར་གྱུར། ཨོཾ་བཛྲ་ཙཀྲ་རཀྵ་ཧཱུཾ་བྷྲུཾ་ཧཱུཾ། འཁོར་ལོའི་ནང་གི་དབུས་དང་ཕྱོགས་བཅུར་པདྨ་དང་ཉི་མ་མི་རོ་དམར་སེར་མགོ་གཡས་སུ་བསྟན་པའི་སྟེང་དུ་ཧཱུཾ་མཐིང་ནག་རེ་རེ། དེ་རྣམས་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། །དབུས་སུ་བདག་ཉིད་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ཆེ་ཞིང་ཆེར་འབར་བ། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་དང་། གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཕྱག་གཉིས་ཀྱི་དབུས་ན་རྣམ་འཕྲུལ་གྱི་གཎྜི་བསྣམས་པ། སྤྱན་གསུམ་དང་ལྡན་པ། ཞལ་མཆེ་བ་གཙིགས་པའི་གྲ་ནས་ཁྲག་འཛག་པ། དབུ་སྐྲ་སེར་པོ་གྱེན་དུ་བརྗེས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་། སྦྲུལ་གྱི་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། དར་སྣ་ཚོགས་ཀྱི་ཅོད་པན་དང་། ལྷབ་ལྷུབ་ཀྱིས་ཀླུབས་པ། མིའུ་ཐུང་གེལ་བའི་འདུག་སྟངས་ཀྱིས་རོའི་སྟེང་ན་བཞུགས་པ། དེའི་གཡས་(༥ན)


GLG011_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ན་བྱ་ནག་འབུམ་སྡེ་གཤོག་སྐོར་བྱེད་པ། གཡོན་ན་ཁྱི་ནག་འབུམ་སྡེ་འཁང་ཞིང་ཟུག་པ། རྒྱབ་ན་ཅེ་སྤྱང་འབུམ་སྡེ་གཡལ་ཞིང་རྒྱུག་པ། མདུན་ན་མི་ནག་འབུམ་སྡེ་གནམ་དུ་འོ་དོད་འབོད་པ། སྟེང་ན་ཁྱུང་ཆེན་འབུམ་སྡེ་ལྡིང་ཞིང་འཁོར་བ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཕྱོགས་བཅུའི་མགོན་པོ་རྣམས་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་གར་འཛིན་པ། རྒྱན་དང་ཆ་ལུགས་གཙོ་བོ་དང་མཐུན་པ། ཞབས་གཡས་བསྐུམ་གཡོན་རྐྱང་གི་སྟབས་ཀྱིས་བཞུགས་པ། འཁོར་ལོའི་རྒྱབ་ར་གུར་གྱི་ནང་དུར་ཁྲོད་བརྒྱད་ན། ཕྱོགས་སྐྱོང་། ཞིང་སྐྱོང་། ཀླུ་དང་། སྤྲིན་དང་། མེ་དང་། ཆུ་དང་། རོ་དང་། རོ་ལངས་ལ་སོགས་པ་དུ་མ་དང་། གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ། དྲེགས་བྱེད་དཔག་ཏུ་མེད་པས་བསྐོར་བ་དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་ནག་པོ་ཆེན་པོ་ལྷ་བཅུ་གཅིག་སྲུང་བའི་འཁོར་ལོ་དང་བཅས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་བཛྲ་ས་མཱ་ཛཿ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ། བཛྲ་ས་མཱ་ཛཿཁྱེད་རྣམས་ཀྱིས་བདག་ལ་མངོན་(༥བ)


GLG011_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥི་ཉྩ་ཧཱུཾ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས། ལྷ་བཅུ་གཅིག་ལ་མི་བསྐྱོད་པ་རེ་རེས་དབུ་བརྒྱན་པར་བསམ། གཙོ་བོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེའི་སྔོན་པོ་རྩེ་ལྔ་པ་གྱེན་དུ་ལངས་པའི་ལྟེ་བར་སེམས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཧཱུཾ་ཡིག་སྔོན་པོ་གསལ་ཞིང་འཚེར་བ་ལ། བསྲུང་བྱ་རྣམས་སྦ་ཞིང་གནས་པའི་མཐར་སྔགས་ཐུང་དང་། ཤཱ་ས་ན་ཁ་དོག་མཐིང་ཁས་གཡས་སུ་འཁོར་བའི་ཧཱུཾ་ཡིག་ལས་འཕྲོས་པའི་རྡོ་རྗེས་བསྒྲུབ་བྱའི་ལུས་ཐམས་ཅད་འཇིག་པ་མེད་པར་བསྲུང་བའི་རང་བཞིན་དུ་གྲུབ་ཅིང་། ལྷ་རྣམས་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་འབྲུག་ལྟར་སྒྲོག་པ། འཁོར་ལོ་འཁོར་བའི་མེ་དཔུང་དང་བཅས་པས་དགྲ་བགེགས་ཐམས་ཅད་ཚར་བཅད་པར་བསམ། ཨོཾ་མ་ཧཱ་ཀཱ་ལ་ཧཱུཾ་ཕཊ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཤཱ་ས་ན་བཟླ། རང་མགོན་པོར་གསལ་བའི་ལག་མཐིལ་གཉིས་འཁོར་ལོ་བསྣོལ་བའི་བར་དུ་དགྲ་བགེགས་ཐམས་ཅད་ཐལ་བའི་རྡུལ་ཕྲན་ཙམ་དུ་བརླག་པ་བསམ། ཨོཾ་བྷ་ཡ་ནཱ་ཤ་ན། ཏྲཱ་ས་ནི་སརྦ་མཱ་ར་པྲ་ཏྱངྒི་ར་བི་ནཱ་ཤ་ནི་ཡེ་ཀེ་ཙིཏ། དུཥྚཾ་ས་ཏྭ་མ་མ་བི་རཱུ་པ་གཾ་ཀུ་རྦ་ན། ཀྲྀ་ཏྱ་ནི་སརྦ་མཱ་ར་པྲ་ཏྱངྒིར་པ་ཏ་ཏྲུ་ཧཱུཾ་ཕཊ་སྭཱཧཱ། སུ་གང་དག་བདག་ཅག་དཔལ་ལྡན་བླ་མ་དམ་པ་རྣམས་དང་། སངས་རྒྱས་(༦ན)


GLG011_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བསྟན་པ་དང་། བསྟན་པ་འཛིན་པ་རྣམས་དང་། སེམས་ཅན་ཐམས་ཅད་ལ་སྡང་བའི་སེམས་དང་ལྡན་པ་རྣམས་དང་། གདུག་པའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། སྦྱོར་བ་ཕྱིན་ཅི་ལོག་བྱེད་པའི་དགྲ་བགེགས་ཐམས་ཅད་ཀྱི་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་གྱུར་ཅིག །གལ་ཏེ་ཞི་བར་མ་གྱུར་ན། དེའི་ཚེ་དེ་དག་ཐམས་ཅད་ཀྱི་ལུས་བཅིང་བར་བགྱིའོ། །ངག་བཅིང་བར་བགྱིའོ། །ཡིད་བཅིང་བར་བགྱིའོ། །མཐུ་བརླག་པར་གྱུར་ཅིག །རྫུ་འཕྲུལ་བརླག་པར་གྱུར་ཅིག །སྟོབས་བརླག་པར་གྱུར་ཅིག །དེ་ལ་འགོ་བའི་ལྷ་དེ་ཉིད་ཀྱིས་དེའི་ཤ་ལ་ཟ་བར་གྱུར་ཅིག །རྫས་སྔགས་ཏིང་ངེ་འཛིན་གྱི་ནུས་པ་ཐམས་ཅད་ཁོ་རང་གི་གཤེད་དུ་དབབ་བར་གྱུར་ཅིག །སྦྱོར་བ་ངན་པའི་འབྲས་བུ་དེ་ཉིད་ལ་འབྱུང་བར་གྱུར་ཅིག །ཁྲོ་བོ་འབར་བའི་ཚོགས་རྣམས་ཀྱིས། དགྲ་བགེགས་རྣམས་ནི་ཐམས་ཅད་ཀྱི། །ལུས་ངག་ཐལ་བའི་རྡུལ་དུ་རློག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས། ཧཱུཾཿ འཁོར་ལོ་ཐམས་ཅད་གཡས་སུ་འཁོར་ཞིང་། །ཧཱུཾ་ཁྲོ་བཅུ་རྣམས་ཞལ་ནང་དུ་གཟིགས་པས་སྲ་ཞིང་བརྟན་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། རྡོ་རྗེའི་ར་གུར་མ་གཏོགས་པའི་སྲུང་འཁོར་ཁྲོ་བཅུ་དང་བཅས་པ། རང་ཉིད་གུར་མགོན་དུ་གསལ་བའི་ཐུགས་ཀར་ཐིམ་པར་གྱུར། སྙན་བརྒྱུད་མཁའ་འགྲོའི་ཁ་རླངས་ཅན། (༦བ)


GLG011_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

མོང་མིན་པའི་མན་ངག་ལས། །བྲག་རྫོང་རྒྱུན་འཁྱེར་ངག་འདོན་ཙམ། །བརྒྱུད་པའི་གསུང་འགྲོས་ཇི་བཞིན་བཀོད། །སྦ་དང་གོ་གྱོན་ཇག་བཀྱེ་སོགས། །ཟབ་གནད་རྗེ་བཙུན་ཁའུ་བའི། །རྗེས་འབྲང་མཁས་གྲུབ་གསུང་ངག་ལས། །འབད་པས་བཙལ་ཏེ་ཉམས་སུ་ལོང་། །མཁས་འདོད་ལུང་མེད་དཔེ་ཚོགས་སྡུད། །རྒྱུས་མེད་མུན་ཁུང་འཁྱམས་པ་ཡི། །ཆོས་སྐྱོང་ཤེས་རློམ་དྲེགས་ལྡན་དང་། །རྟོག་གེ་སྐལ་དམན་སྤྱོད་ཡུལ་མིན། །དགེ་དེས་སྣོད་ལྡན་སྙིང་དབུས་ཀྱི། །བུམ་བཟང་སྙན་བརྒྱུད་ཀྱིས་བཀང་སྟེ། །གསང་ཆེན་སློབ་བཤད་རིང་ལུགས་མཆོག །དར་ཞིང་རྒྱས་པའི་དཔལ་གྱུར་ཅིག །ཅེས་ཁའུ་བྲག་རྫོང་པའི་ཁྱད་ཆོས་རྡོ་རྗེ་ནག་པོ་ཆེན་པོའི་བྲག་རྫོང་གི་ཉམས་ལེན་རྒྱུན་འཁྱེར་འདི་ཡང་ཕྱིར་འཁྲིད་ནང་འཁྲིད་འཇུག་བདེ་ཨརྠ་སིདྡྷི་ཤྲཱི་མཱན་གྱི་དོན་དུ་ཚར་ཆེན་གྱིས་ཞོ་ལུང་མཚོ་ཁའི་རི་ཁྲོད་དུ་མཛད་པ་སྙན་བརྒྱུད་ཡིད་བཞིན་ནོར་བུ་ལས་ཕྱི་འཁྲིད་ཀྱི་སྙིང་པོ་བསྡུས་པ་ཕན་བདེ་ལེགས་བཤད་གླིང་པའི་མགོན་པོ་ཆེ་ཆུང་གི་བདག་བསྐྱེད་ཐུན་མོང་མ་ཡིན་པའི་ཆེད་དུ་ཚར་པ་རྡོ་རྗེ་འཆང་གི་གསང་གསུམ་གྱི་རྣམ་ཐར་ལ་རྒྱུ་མཚན་ཤེས་ནས་དད་པ་ཐོབ་པའི་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར། །


previousབྲག་རྫོང་རྒྱུན་འཁྱེར་རྡོ་རྗེའི་གོ་ཁྲབ།next