Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
དཔལ་མགོན་པོ་ཆེ་ཆུང་ལས་མཁན་རྣམས་ཀྱི་བསྐང་བཤགས་ཆོས་སྲུང་དགྱེས་པའི་སྒྲ་དབྱངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་མགོན་པོ་ཆེ་ཆུང་ལས་མཁན་རྣམས་ཀྱི་བསྐང་བཤགས་ཆོས་སྲུང་དགྱེས་པའི་སྒྲ་དབྱངས།next

དཔལ་མགོན་པོ་ཆེ་ཆུང་ལས་མཁན་རྣམས་ཀྱི་བསྐང་བཤགས་ཆོས་སྲུང་དགྱེས་པའི་སྒྲ་དབྱངས།


GLG011_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་པོ་ཆེ་ཆུང་ལས་མཁན་རྣམས་ཀྱི་བསྐང་བཤགས་ཆོས་སྲུང་དགྱེས་པའི་སྒྲ་དབྱངས་བཞུགས་སོ། །


GLG011_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཧཱ་ཀཱ་ལཱ་ཡ། དཀྱིལ་འཁོར་རྒྱ་མཚོའི་རིགས་ཀྱི་ཁྱབ་བདག་མཁས་གྲུབ་དབང་པོ་ས་སྐྱ་པ། །གང་གི་གསུང་ངག་སློབ་བཤད་འཛིན་མཁས་སྔགས་འཆང་དབང་པོ་རྡོ་རིང་པ། །ཁའུ་པ་ཡི་བསྟན་འཛིན་དབང་ཕྱུག་རྡོ་རྗེ་འཆང་དབང་ཚར་པ་རྗེ། །བརྒྱུད་པར་བཅས་པའི་རིག་སྔགས་འཆང་རྣམས་དུས་ཀུན་རྟག་ཏུ་རྒྱལ་གྱུར་ཅིག །གདུག་ཅན་སྙིང་ཁྲག་གིས་སྨྱོས་དཾ་ཅན་ཁྲིར། །རྔམས་བརྗིད་གར་གྱི་རོལ་བའི་ནག་པོ་ཆེ། །མཆོད་ཅིང་བསྐངས་བཤགས་ལས་རིམ་འབྲི་བྱེད་ན། །དགྱེས་པའི་སྤྱན་གྱིས་གཟིགས་ལ་སྣང་བ་སྩོལ། །ལོག་ལྟའི་དྲི་མའི་ཚོགས་ཀྱི་མ་སྦགས་ཤིང་། །གཟུར་གནས་བློ་ལྡན་བཻ་ཌཱུར་འཁྱིལ་བ་ཡི། །ཐོས་འཛིན་ནོར་བུའི་ཟ་མ་ཏོག་ཡངས་པར། ལྡུགས་སོ་སྐལ་བཟང་ཚོགས་རྣམས་དགའ་བདེར་སྤྱོད། དཔལ་མགོན་རྣམ་པ་གཉིས་པོ་འདི་གཉིས་ཀྱི་གཏོར་སྒྲུབ་བྱ་བ་ལ་ཉེ་བར་མཁོ་བའི་ལེ་ལག་བསྐངས་བཤགས་ཀྱི་ལག་ལེན་ཁྲིགས་སུ་བྱ་བ་ལ། །ཐོག་མར་སྒྲུབ་ཁང་། རྟེན་དང་བརྟེན་པའི་དམ་རྫས། ཕྱི་ནང་གི་མཆོད་གཏོར། །སྤྱན་(༢ན)


GLG011_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་རྣམས་ཚར་པ་རྡོ་རྗེ་འཆང་གིས་དཔལ་ས་སྐྱ་པའི་བཀའ་སྲུང་རྣམས་ཀྱི་གཏོར་སྒྲུབ་བསྐང་གསོའི་ཕྱག་ལེན་གྱི་གསལ་བྱེད་ལྷན་ཐབས་དང་། མཐོང་བརྒྱུད་ཀྱི་ཕྱག་ལེན་ལས་ཤེས་དགོས་ལ། ངག་འདོན་ལ་ཐོག་མར་གནས་ཁང་མཆོད་པ་བྱིན་གྱིས་བརླབས་པ་ནི། རྡོ་རྗེའི་རྩེས་ནང་མཆོད་གནད་དང་མཆོད་པ་རྣམས་ལ་གཏོར་ཞིང་། ཨ་མྲྀ་ཏས་བསངས། སྭ་བྷ་བས་སྦྱངས། སྟོང་པའི་ངང་ལས། གནས་ཁང་བྷྲཱུཾ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་མཛེས་པ། ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མཆོད་རྫས་རྣམས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལས་བྱུང་བ་ངོ་བོ་གཙང་ཞིང་བཟང་ལ་རྒྱ་ཆེ་བའི་ཡུལ་ནམ་མཁའི་མཐས་ཀླས་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་གནས་པ། འཕགས་པ་ཀུན་ཏུ་བཟང་(༢བ)


GLG011_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་བསམ་གྱིས་མི་ཁྱབ་པར་བསམ། ཨོཾ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ་སྦྱར་ཏེ། པཱ་དྱཾ། བཛྲ་པུ་ཥྤེ། དྷུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝེ་དྱེ། ཤབྡ། ཨོཾ་བཛྲ་གྷཎྚེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ། ཀྵེཏྲ་པྲཙཱ་ལི་ནེ། པྲ་ཛྙ་པཱ་ར་མི་ཏཱ་ནཱ་ད་སྭ་བྷ་ཝེ། བཛྲ་དྷརྨ་ཧྲི་ད་ཡ་སནྟོཋ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཧོཿཧོ་ཨ་ཁཾ་སྭཱ་ཧཱ། ཚར་གསུམ་བརྗོད་ཅིང་རོལ་མོའི་ཡོ་བྱད་ཐམས་ཅད་འབུད་དཀྲོལ་བྱས་ལ་གནས་དང་མཆོད་པའི་ཡོ་བྱད་རྣམས་བྱིན་དབབ་བོ། །བརྒྱུད་འདེབས་ནི། ཚར་ཆེན་གྱིས་མཛད། རྣམ་ཀུན་མཆོག་ལྡན་ཟུང་འཇུག་རྡོ་རྗེ་འཛིན། །ཟག་མེད་བདེ་བའི་གར་བསྒྱུར་རྡོ་རྗེ་གུར། །གྲུབ་པ་མཆོག་གི་དེད་དཔོན་བྲམ་ཟེ་ཆེ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཡུལ་དབུས་རྣལ་འབྱོར་མཁས་པ་བདེ་བའི་མཚན། །པཎ་གྲུབ་དབང་པོ། དད་རྗེས་གོ་ཆའི་ཞབས། །གངས་ཅན་བསྟན་པའི་སྒྲོན་མེ་ལོ་ཙཱ་བ། །སྙིང་ནས་༝། །སྔགས་འཆང་ནུས་པ་མཐར་ཕྱིན་བྲག་སྟེང་པ། །སྐད་གཉིས་སྨྲ་བའི་མཁས་གྲུབ་བློ་གྲོས་གྲགས། །རྣལ་འབྱོར་དབང་ཕྱུག་བརྩེ་ཆེན་ས་སྐྱ་པ། །སྙིང་ནས་༝། །འཇའ་ལུས་མཁའ་སྤྱོད་རོལ་མཛད་བསོད་ནམས་རྩེ། །གྲུབ་རིགས་རྒྱ་མཚོའི་གཙུག་རྒྱན་བླ་མ་རྗེ། །གངས་ཁྲོད་མཁས་པའི་དབང་པོ་པཎྜི་ཏ། །སྙིང་ནས་༝། །དྲེགས་ལྡན་གཙུག་གིས་ལེགས་མཆོད་འཕགས་པའི་མཚན། །འཇིགས་རུང་གཎྜི་འཛིན་པའི་ཀུན་དགའ་གྲགས། །མཁས་གྲུབ་རྒྱ་མཚོའི་འབྱུང་གནས་བཟང་པོ་དཔལ། །སྙིང་ནས་༝། །མཐུ་སྟོབས་བདུང་རྩིས་མྱོས་པའི་ནམ་མཁའ་ལེགས། །སྲིད་གསུམ་འགྲན་(༣ན)


GLG011_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བྲལ་བ་ཆོས་ཀྱི་རྗེ། །སྙན་བརྒྱུད་མངའ་བདག་བླ་ཆེན་ཀུན་རྒྱལ་བ། །སྙིང་ནས་༝། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡར་ཀླུངས་པ། །དེ་སྲས་ཐུ་བོ་བསོད་ནམས་རྒྱལ་མཆོག་ཞབས། །པདྨའི་རྣམ་འཕྲུལ་འཇམ་དབྱངས་ནམ་མཁའི་མཚན། །སྙིང་ནས་༝། །རྡོ་རྗེ་འཆང་དབང་བློ་གྲོས་རྒྱལ་མཚན་དཔལ། །མཐུ་སྟོབས་དབང་ཕྱུག་རྗེ་བཙུན་རྡོ་རིང་བ། །དངོས་གྲུབ་མཆོག་སྩོལ་རྗེ་བཙུན་ཚར་པ་ལ། །སྙིང་ནས་༝། །མཁྱེན་ཡངས་རིག་གནས་མཐར་ཕྱིན་མཁྱེན་བརྩེའི་དབང་། །མགོན་དེས་རྗེས་བཟུང་བསླབ་གསུམ་རྒྱལ་མཚན་དཔལ། །གསང་ཆེན་མངའ་བདག་དབང་ཕྱུག་རབ་བརྟན་ལ། །སྙིང་ནས་༝། །བསོད་ནམས་མཆོག་ལྡན་དཀྱིལ་འཁོར་འཁོར་ལོའི་མགོན། །རྡོ་རྗེ་འཆང་དབང་རྗེ་བཙུན་ཨཱ་ནནྡ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། སྙིང་ནས་༝། །དེང་ནས་དུས་ཀུན་རྒྱུད་རྒྱལ་ཀཻ་ལ་ཤ །སྙན་བརྒྱུད་ཚ་ཟེར་གྱིས་བྲན་གདམས་པའི་རྒྱུན། །མ་དྲོས་ཆུ་ཀླུང་ལས་འོང་བཀའ་བབས་བཞིའི། །ཟབ་དོན་བདུད་རྩིས་བདག་རྒྱུད་ཚིམ་པར་ཤོག །དབེན་པའི་དུར་ཁྲོད་ནགས་ཚལ་ཡིད་འོང་བར། །དྲུག་ལྡན་རྟེན་གྱི་ཚོགས་རྣམས་ལེཊ་གཏམས་ཤིང་། །རྣམ་གསུམ་དམར་ཆེན་གཏོར་མས་བྱུར་བུར་བཤམས། །ཕྱི་ནང་མཆོད་པས་བསྟན་སྲུང་མཉེས་བྱེད་ཤོག །རྟེན་གྱི་དཀྱིལ་འཁོར་གསང་བའི་དམ་རྫས་དང་། །རབ་ཟབ་བསྐྱེད་དང་བསད་པའི་འཁྲུལ་འཁོར་བཅས། །ཟབ་གསལ་ཏིང་འཛིན་མ་ནོར་གསང་བའི་སྔགས། །རྩེ་གཅིག་འབད་པས་བསྙེན་སྒྲུབ་མཐར་ཕྱིན་ཤོག །ཐུབ་བསྟན་མཆོག་དང་བསྟན་འཛིན་འཇོམས་པའི་དུག །མ་རིག་ནག་(༣བ)


GLG011_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྩ་ལག་སྡེར་བཅས་པ། །བདག་གི་མངོན་སྤྱོད་དྲག་པོའི་འཕྲིན་ལས་ཀྱིས། །བསྐྲད་གཟིར་བསྒྲལ་སྟེ་ཆོས་དབྱིངས་སྦྱོར་བར་ཤོག །དེ་ནས་གྲུབ་ཀྱང་དོན་ཆུང་ཚེ་འདིའི་ཆེད། །བོར་ནས་རྒྱང་རིང་དབེན་པའི་རི་སུལ་དུ། །བསེ་རུའི་རྣམ་ཐར་རྗེས་སུ་དྲན་བྱས་སྟེ། །རྫོགས་རིམ་ཟབ་མོའི་ལམ་མཆོག་བསྒོམས་པར་ཤོག །ནང་གི་དྲེགས་བྱེད་རྩ་གསུམ་འཁོར་ལོ་ལྔ། །དབབ་ལྡོག་བདུད་རྩིའི་མཆོད་པས་མཉེས་བྱས་ནས། །རླུང་སྦྱོར་རྡོ་རྗེའི་སྔགས་ཀྱིས་རྗེས་བསྐུལ་བས། །ཟག་མེད་བདེ་ཆེན་མགོན་པོ་འགྲུབ་པར་ཤོག །གསལ་སྟོང་ཟུང་འཇུག་གདོད་མའི་རྒྱུད་གསུམ་པོ། །སྤྲོས་བྲལ་བློ་འདས་ངང་དུ་བསྒྲུབས་པ་ཡི། །སྒྲིབ་གཉིས་འཁྲུལ་པའི་དགྲ་ཚོགས་དྲུང་ཕྱུངས་ནས། །ཟུག་འཇུག་རྡོ་རྗེ་འཛིན་པ་མངོན་གྱུར་ཤོག །གོ་འཕང་མཆོག་འདི་ཚེ་འདིར་མ་ཐོབ་ན། །འཆི་བ་འོད་གསལ་དོན་གྱི་ནག་པོ་ཆེ། །རིག་ནས་འགྲོགས་པའི་མཛའ་བོ་ཉམས་དགའ་དེ། །མཐོང་བའི་མོད་ལ་དབྱེར་མེད་འགྱུར་བར་ཤོག །དེར་ཀྱང་འཁྲུལ་ནས་བར་དོ་ཤར་གྱུར་ན། །བླ་མ་མཆོག་དང་དམ་ཅན་རྒྱ་མཚོར་བཅས། །ཡིད་འོང་མཆོད་སྤྲིན་གདུགས་དང་རྒྱལ་མཚན་ཐོགས། །མིང་ནས་ལུང་བསྟན་མཁའ་སྤྱོད་ཁྲིད་པར་ཤོག །མདོར་ན་དེང་ནས་ཚེ་རབས་ཐམས་ཅད་དུ། །རྗེ་བཙུན་བླ་མ་གཙུག་གི་ནོར་བུར་བསྟེན། །བཀའ་སྲུང་ཆོས་སྐྱོང་ལུས་དང་གྲིབ་བཞིན་འགྲོགས། །རིམ་གཉིས་ཏིང་འཛིན་དཔལ་ལ་སྤྱོད་པར་ཤོག །ཁྱད་པར་གྲུབ་མཆོག་རྗེ་བཙུན་ས་སྐྱ་པའི། །གདུང་བརྒྱུད་རིམ་པར་ཆིག་བརྒྱུད་ཞལ་གདམས་སུ། །བྱོན་པའི་བསྟན་སྲུང་ནག་པོའི་སྙན་བརྒྱུད་(༤ན)


GLG011_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །གངས་ཅན་ལྗོངས་འདིར་ཆེས་ཆེར་རྒྱས་གྱུར་ཅིག །མཐུ་ཆེན་ནག་པོའི་སྟོབས་དང་གཟི་བརྗིད་དང་། །འདོད་ཁམས་ལྷ་མོའི་བརྩེ་གདུང་དྲག་ཤུལ་དང་། །བཀའ་ཉན་ཕོ་ཉའི་མཐུ་སྟོབས་རྫུ་འཕྲུལ་གྱིས། །བཀྲ་ཤིས་དཔལ་གྱིས་བདག་ཅག་རིང་དུ་སྐྱོངས། །ཞལ་གྱི་བརྒྱུད་འདེབས་ཁོ་བོས་བརྩམས་པ། མཁའ་སྦྱོར་བདུན་ལྡན་ཁྱབ་བདག་རྡོ་རྗེ་འཆང་། །རྒྱལ་བ་གཉིས་པ་མགོན་པོ་ཀླུ་སྒྲུབ་ཞབས། །འཕགས་ཡུལ་པཎ་གྲུབ་དབང་པོ་བ་ལིང་ཏ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཇམ་དཔལ་རྡོ་རྗེའི་སྲོལ་འབྱེད་ཡེ་ཤེས་ཞབས། །འདུས་པའི་བསྟན་པ་རྒྱས་མཛད་མར་མེ་མཛད། །རིམ་གཉིས་རྟོགས་པ་མཆོག་བརྙེས་དཔལ་བདེ་བ། །གསོལ་བ་༝། །གསང་ཆེན་རིག་འཛིན་བི་མ་ལ་གུཔྟ། །ཐེག་མཆོག་རྣལ་འབྱོར་རིན་ཅེན་རྡོ་རྗེའི་དཔལ། །ཐུབ་བསྟན་གསལ་བྱེད་རིན་ཅེན་གྲགས་པ་ལ། །གསོལ་བ་༝། །མཁའ་འགྲོའི་དབང་མོ་རི་སུལ་རྣལ་འབྱོར་མ། །འཇིག་རྟེན་མིག་གཅིག་གཉན་ལོ་དར་མ་གྲགས། །སྔགས་འཆང་ནུས་པ་མཐར་ཕྱིན་ཁའུ་པ། །གསོལ་བ་༝། །གསང་སྔགས་རྒྱ་མཚོའི་མངའ་བདག་ས་སྐྱ་པ། །འཇའ་ལུས་མངོན་དུ་གྱུར་པའི་བསོད་ནམས་རྩེ། །ཟུང་འཇུག་སྐུ་བརྙེས་གྲགས་པ་རྒྱལ་མཚན་ཞབས། །གསོལ་བ་༝། །ཀུན་མཁྱེན་གཉིས་པ་ཆོས་རྗེ་པཎྜི་ཏ། །ཤར་ཕྱོགས་རྒྱལ་པོའི་ཅོད་པཎ་འཕགས་པའི་མཚན། །གསུང་ངག་འཛིན་མཁས་ཞང་སྟོན་ཆོས་རྗེ་ལ། །གསོལ་བ་༝། སྙན་རྒྱུད་བདུད་རྩིས་མྱོས་པའི་བྲག་ཕུག་པ། །སྐུ་བཞིའི་དབང་ཕྱུག་བསོད་ནམས་རྒྱལ་མཚན་ཞབས། །ཐུགས་སྲས་དམ་པ་བླ་ཆེན་ཀུན་རྒྱལ་བར། །གསོལ་(༤བ)


GLG011_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བ་༝། ཟབ་དོན་རྒྱ་མཚོའི་འབྱུང་གནས་ཡར་ཀླུངས་པ། །དེའི་གསུང་གསང་བ་ཀུན་འཛིན་རྒྱལ་བ་མཆོག །པདྨའི་རྣམ་འཕྲུལ་ནམ་མཁའ་རྒྱལ་མཚན་ལ། །གསོལ་བ་༝། །རྡོ་རྗེ་འཆང་དངོས་བདག་ཆེན་བློ་གྲོས་རྗེ། །གསང་ཆེན་སློབ་བཤད་བསྟན་འཛིན་རྡོ་རིང་པ། །སྙན་བརྒྱུད་མངའ་བདག་ཚར་པ་རྡོ་རྗེ་འཆང་། །གསོལ་བ་༝། །འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་ཕྱུག་ཞབས། །བསླབ་གསུམ་རྒྱལ་མཚན་སྔགས་འཆང་རྟ་ར་བ། །ཞིང་སྐྱོང་བྲན་འཁོལ་དབང་ཕྱུག་རབ་བརྟན་ལ། །གསོལ་བ་༝། །དང་པོའི་མགོན་པོ་བསོད་ནམས་མཆོག་ལྡན་པའི། །སྔགས་འཆང་དབང་པོ་བཀྲ་ཤིས་ཀུན་དགའི་ཞབས། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྡོ་རྗེའི་སློབ་དཔོན་གསང་གསུམ་ཡིད་བཞིན་ནོར། །རྨད་བྱུང་རྟེན་ཅིང་འབྲེལ་འབྱུང་ཐུགས་རྗེ་ལས། །ཟབ་དོན་སྙན་བརྒྱུད་འདོད་རྒུའི་ཆར་ཆེན་པོས། །བདག་རྒྱུད་ཚིམ་ཞིང་ལོངས་སུ་སྤྱོད་པར་ཤོག །དྲུག་ལྡན་རྟེན་དང་དམར་ཆེན་གཏོར་མའི་ཚོགས། །ཕྱི་ནང་གསང་མཆོད་དགྱེས་པ་སྐྱེད་པའི་རྟེན། །ལེགས་བཤམས་དཔལ་ལྡན་མགོན་པོ་དུས་ཀུན་དུ། །འབྲལ་མེད་ཉེ་བའི་བསྙེན་པས་མཉེས་པར་ཤོག །དཀྱིལ་འཁོར་འཁོར་ལོའི་རྫས་དང་བཅའ་གཞི་ཚོགས། གཟུགས་བྱད་བླ་ཚེ་བཀུག་ཅིང་དབྱེ་བ་སོགས། །དམ་ཅན་སྲུང་མ་རྦད་པའི་འཕྲིན་ལས་ཀྱིས། །མངོན་སྤྱོད་དྲག་པོའི་སྒྲུབ་པ་མཐར་ཕྱིན་ཤོག །ཏིང་འཛིན་འཕྲོ་འདུ་དྲག་སྔགས་རྣོ་དབལ་ཅན། །མཚོན་ཆར་དུག་རླངས་ནུས་ལྡན་མཐུན་རྫས་ཀྱིས། །དགྲ་བགེགས་ཚར་བཅད་(༥ན)


GLG011_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་མེད་ལྕགས་ཁང་ནང་། །འཇུག་པའི་ལས་སྦྱོར་འཕྲིན་ལས་འགྲུབ་པར་ཤོག །འོག་མིན་དག་པའི་ཞིང་དང་དུར་ཁྲོད་བརྒྱད། །གྲངས་མེད་གནས་སུ་འཇིགས་རུང་ཁྲོས་པའི་གར། །རབ་བསྒྱུར་དགྲ་བོའི་སྲོག་འཕྲོག་དབུཊ་ལེན་པའི། །སྟོབས་འཕྲོག་ཕྱི་ཡི་མགོན་པོ་འགྲུབ་པར་ཤོག །རང་ལུས་རྩ་གསུམ་འཁོར་ལོ་རྣམ་ལྔ་ཡི། །རྩ་ཁམས་རླུང་གི་ངོ་བོ་གཟུང་འཛིན་སོགས། །ཡོངས་འཕྲོག་ལྷན་སྐྱེས་ཡེ་ཤེས་སྦྱིན་མཛད་པའི། །ནང་གི་དཔལ་ལྡན་མགོན་པོ་འབྲལ་མེད་ཤོག །ཕྱི་ནང་དྲེགས་པའི་སྒྱུ་འཕྲུལ་སྣ་ཚོགས་ཀུན། །རང་སེམས་རོལ་བའི་རྩལ་དུ་ཡོངས་རྟོགས་པའི། །གསལ་སྟོང་ཟུང་འཇུག་བརྗོད་བྲལ་གསང་བའི་མགོན། རང་ཞལ་མཐོང་བའི་བདེ་ཆེན་ཐོབ་པར་ཤོག །ཐུན་མོང་མ་ཡིན་གསང་ཆེན་སློབ་བཤད་ཅེས། ཁའུ་བྲག་རྫོང་བཞེད་སྲོལ་འཁྲུལ་མེད་ལམ། །ཉམས་སུ་བླངས་པས་འཕྲིན་ལས་རྣམ་བཞི་དང་། །ཟུང་འཇུག་རྡོ་རྗེ་འཆང་དབང་འགྲུབ་གྱུར་ཅིག །དེ་ནས་བྲག་རྫོང་མའི་རྒྱུན་འཁྱེར་ཉམས་ལེན་དཀྱུས་ལྟར་བྱས་རྗེས། བཛྲ་ཨ་མྲི་ཏས་བསངས། ས་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་ཞེས་པ་ནས། ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་གྱིས་ནང་མཆོད་བྱིན་གྱིས་བརླབ། དེ་ནས་བཤཊ་པ་ནི། ཆོས་སྐྱོང་རྣམས་ཀྱི་འཁུ་ལྡོག་སེལ་བ་དང་། རྣལ་འབྱོར་པ་རང་གི་ཉེས་ལྟུང་དག་པར་བྱེད་པའི་དམིགས་པ་གསུང་རྒྱུན་ཁུངས་མ་ལས་འབྱུང་བ་མན་ངག་ལྟར་གྱི་དམིགས་པ་དང་བཅས་ཉམས་སུ་ལེན་དགོས་པས་ཟོག་པོ་འུར་རྒྱངས་ཅན་(༥བ)


GLG011_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རྟོག་གེ་ཐ་སྙད་མཁན་གྱི་སྤྱོད་ཡུལ་མ་ཡིན་ནོ། །རྒྱུ་མཚན་དེས་ན་གོང་འོག་ཏུ་དགོས་པ་རྣམས་བློས་བྱས་རང་བཟོར་མ་སོང་བའི་ཞིབ་ཏུ་དཔྱོད་པར་བྱའོ། །ཧེ་རུ་ཀའི་ཡི་གེ་བརྒྱ་པ་བརྒྱ་སོགས་ཅི་རིགས་པ་བཟླའོ། །དེ་ནས་རྣལ་འབྱོར་པ་རྣམས་ལངས་ཏེ་ཕྱག་འཚལ་བའི་ཐལ་མོ་སྦྱར་ཏེ་བཛྲ་ས་མཱ་ཛཿགང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དང་པོར་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །ཐམས་ཅད་དངོས་པོའི་རང་བཞིན་མཆོག །གདོད་ནས་ཐམས་ཅད་བདག་ཉིད་གནས། །ཐབས་དང་ཤེས་རབ་གཉིས་མེད་པས། །ཀྱེ་རྡོ་རྗེ་ལ་ཕྱག་འཚལ། །ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང་། །ཐབས་ཀྱི་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྲིན་པོའི་གཟུགས་ཀྱི་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་གསུམ་བརྩེགས་འཇིགས་བྱེད་པ། །གཏུམ་པོ་ཁྱོད་ལ་ཕྱག་འཚལ་ལོ། །གང་གི་སྐུ་གསུང་ཐུགས་ཀྱི་མཐུས། །འདོད་པའི་ཁམས་ཀུན་ཟིལ་མནན་ནས། །འདོད་པའི་ཁམས་ལ་དབང་སྒྱུར་མ། །འདོད་ཁམས་དབང་ཕྱུག་མ་ལ་བསྟོད། །དཔལ་ལྡན་དབང་ལྡན་སྲིད་གསུམ་དབང་སྒྱུར་ཞིང་། །མཆེ་བ་གཙིགས་ཤིང་མཆུ་འཕྱང་ཤུགས་ཆེ་བ། །སྒྲ་སྒྲོག་དྲིལ་བུའི་ཕྲེང་བས་བརྒྱན་པ་ཡི། །གཞོན་ནུའི་ལུས་ཅན་བགེགས་(༦ན)


GLG011_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་ཁྱོད་ལ་བསྟོད། །གཡུང་མོ་གཏུམ་མོ་སྲིན་མོ་དང་། །སིངྒ་ལ་གནས་རྣལ་འབྱོར་མ། །དམར་སེར་ལྗང་ནག་ཁྲོས་པའི་ཞལ། །གྲི་གུག་ཐོད་འཛིན་རྣམས་ལ་བསྟོད། །དཔལ་ལྡན་འཕྲིན་ལས་ཀུན་མཛད་པུ་ཏྲ་ཁྱོད། །སྐུ་མདོག་མཐིང་ནག་མེ་ཡི་འཕྲོ་འདུ་ཅན། །རྔམས་པའི་སྟོབས་ཀྱིས་འགྱིང་ཞིང་ཤང་ལང་བསྣམས། །གྱིང་ཆེན་གདུག་པ་འདུལ་ལ་ཕྱག་འཚལ་ལོ། །ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །མ་རུང་འདུལ་ཕྱིར་དྲག་པོའི་སྐུར་བསྟན་ནས། །མཐུ་སྟོབས་ཕུན་ཚོགས་བསྟན་པ་སྲུང་མཛད་པའི། །སྒྲོལ་གྱིང་སྲོག་བདག་དམར་པོ་ལ་ཕྱག་འཚལ། །གང་གི་སྤྲུལ་དང་མངོན་པར་ཤེས་པ་དཔལ། །ཉེ་བར་ཐོབ་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཅེན་བང་མཛོད་ལེགས་སྲུང་བའི། །རྡོ་རྗེ་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡི་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །བཤགས་པ་བྱ་བ་ནི། ལག་ཏུ་མེ་ཏོག་ཐོགས་ནས་འཐོར་ཞིང་། འཕགས་པས་མཛད། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་རྣམས་དང་། མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་མགོན་ཞལ་བཞི་པ་འཁོར་དང་བཅས་པ་རྣམས་ལ་ཞུ་ཞིང་གསོལ་བ་ནི། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱིས་ལས་དང་ཉོན་མོངས་པ་དང་། མི་ཤེས་པ་དང་། བག་མེད་པ་དང་། མ་གུས་པ་དང་། སྙོམས་ལས་ཀྱི་(༦བ)


GLG011_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་གྱུར་པའི་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་བགྱིས་པ་དང་། དམ་ཚིག་དང་མི་ལྡན་པ་དང་། དམ་ཚིག་མ་དག་པ་དང་ཚོགས་འདྲེས་པ་དང་། སྤྱོད་ཡུལ་གཅིག་ཏུ་གྱུར་པ་དང་། བསྙེན་པ་དང་སྒྲུབ་པ་ལ་མི་བརྩོན་པ་དང་། སྲུང་མ་ཁྱད་པར་ཅན་ཁྱེད་རྣམས་དུས་དུས་སུ་མ་མཆོད་ཅིང་མ་གསོལ་བའི་དབང་གིས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་སུ་གྱུར་པ་དང་། ཁྱེད་རྣམས་ཀྱི་ཐུགས་དང་འགལ་བར་གྱུར་བ་ཐམས་ཅད་སྤྲོས་མེད་རྣམ་པར་མི་རྟོག་པའི་ངང་ལས། །ཐུགས་རྗེ་དང་མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་མགོན་ཁྱད་པར་ཅན་ཁྱེད་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །བཟོད་པར་གསོལ་ལོ། །མཁའ་ལ་སྤྲིན་དེངས་པའམ། རྒྱ་མཚོ་ལ་རླབས་ཞི་བ་ལྟར་ནོངས་པར་སྤྱད་པ་དང་། དེའི་འབྲས་བུ་ཐམས་ཅད་མེད་པར་གྱུར་ཅིག །ཞི་བར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ཅིག །སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པས་མཆོད་སྦྱིན་གྱི་གཏོར་མ་དར་སྣ་ཚོགས་ཀྱིས་བརྒྱན་པ་འདི་དང་། རྟ་མཆོག་རྒྱན་གྱིས་བརྒྱན་པ་འདི་དང་། ཚོགས་ཀྱི་འཁོར་ལོ་དམ་པ་དང་བཅས་པའི་མཆོད་པ་འདིས་དཔལ་མགོན་སྲུང་མ་ཁྱད་པར་ཅན་ཁྱེད་རྣམས་ཀྱི་ཐུགས་དམ་བསྐོང་བར་གྱུར་ཅིག །བཞེད་པ་འགྲུབ་པར་གྱུར་ཅིག །རེ་བ་རྫོགས་པར་གྱུར་ཅིག །དེ་ལྟར་གྱུར་ནས་ཀྱང་རྣལ་འབྱོར་བདག་ཅག་དཔོན་སློབ་ཡོན་མཆོད་རྣམས་ཀྱི་སྔོན་གྱི་ལས་ལས་གྱུར་པ་དང་། འཕྲལ་གྱི་རྐྱེན་ལས་གྱུར་པའི་ནད་དང་གདོན་དང་རིམས་དང་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། དགྲ་དང་བགེགས་དང་ལོག་པར་འདྲེན་པ་ཐམས་(༧ན)


GLG011_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བཟློག་ཏུ་གསོལ། ཚེ་དང་བསོད་ནམས་དང་དཔལ་དང་འབྱོར་པ་དང་། དབང་ཕྱུག་ཕུན་སུམ་ཚོགས་པར་མཛད་དུ་གསོལ། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཁྱོད་ཐུགས་གསང་བ་དམ་པའི་མཛོད། །དགྱེས་པ་ཆེན་པོའི་སྒོ་ཕྱེ་ལས། །དངོས་གྲུབ་ཕྲིན་ལས་བདུད་རྩི་ཡིས། །རྒྱུན་གི་བདག་རྒྱུད་གཏམས་པར་མཛོད། ལན་གསུམ་དང་། བསྟན་སྲུང་རྒྱ་མཚོའི་ལྷ་ཚོགས་འཁོར་དང་བཅས་པའི་སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས་སོ། །བཟོད་པར་གསོལ་ལོ། །ཚངས་པར་སྩལ་དུ་གསོལ། ཞེས་ཕྱག་གསུམ་བཙལ་ཏེ་གྲལ་ལ་འཁོད་དོ། །བསྐང་རྫས་བྱིན་གྱིས་བརླབ་པ་ནི། བསྐང་རྫས་རྣམས་ལ་རྡོ་རྗེས་ནང་མཆོད་གཏོར། ཨ་མྲི་ཏས་བསངས། ས་བྷཱ་བས་སྦྱངས། སྟོང་པའི་ངང་ལས། གནས་ཁང་བྷྲཱུཾ་ལས་དྲག་པོའི་ལས་ཀྱི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་བསྐང་རྫས་རྣམས་དགྲ་བགེགས་གདུག་པ་ཅན་མ་ལུས་པ་བསྒྲལ་བ་ལས་བྱུང་བའི་ཁྲག་ཞག་གི་མཆོད་ཡོན། དབང་པོ་ལྔ་དང་དྲི་ལྡན་གྱི་མེ་ཏོག གསུར་ཆེན་གྱི་བདུག་སྤོས། ཞུན་ཆེན་གསལ་བའི་སྒྲོན་མེ། མཁྲིས་ཆེན་གྱི་དྲི་ཆབ། ཤ་རུས་གཏམས་པའི་བཟའ་བ། རྐང་གླིང་སྙན་པའི་རོལ་མོ། གཡང་གཞིའི་བླ་བྲེ། རྒྱུ་རློན་གྱི་ལྡ་ལྡི། གསང་བའི་རྔ་ཆུང་། མི་རྐང་གི་གླིང་བུ། གཞན་ཡང་མཛེས་པའི་སྤུ་སྡུག་(༧བ)


GLG011_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་ལྡིང་བ། རྟ་མཆོག་རིན་ཅེན་རྒྱན་གྱིས་བརྒྱན་པ། གཡག་རོག་ཞོལ་ཆེན་སྤྲིན་ལྟར་གཏིབས་པ། ལུག་ནག་སྤྱི་དཀར་ཤེལ་ལྟར་འཚེར་བ། ཁྱི་ནག་སྙིང་དཀར་དོམ་ལྟར་འཕྱོ་བ། མི་ནག་གྱིང་པོ་སྲོག་གི་གཤེད་མ། སྐྱེ་འགྲོ་སེམས་ཅན་ལ་སོགས་པ། སྟག་གཟིག་གོ་མཚོན་ལ་སོགས་པ། དམ་རྫས་རྒྱན་དང་ལྡན་པའི་གཏོར་མ། འཆི་མེད་བདུད་རྩི་སྨན་གྱི་རྒྱ་མཚོ། ཛ་གད་ཕུད་ཀྱི་བཏུང་བ་ལ་སོགས་པའི་བསྐང་རྫས། མཆོད་རྫས་བསམ་གྱིས་མི་ཁྱབ་པ་དྭངས་ཤིང་ཐོགས་པ་མེད་པ་འདི་དག་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་རྣམས་དང་། མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་མགོན་ཞལ་བཞི་པ་འཁོར་དང་བཅས་པའི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཨོཾ་སརྦ་བིད། པུ་ར་པུ་ར། སུ་ར་སུ་ར། ཨ་ཝ་རྟ་ཡ་ཨ་ཝ་རྟ་ཡ་ཧོཿ བཛྲ་སྥ་ར་ཎ་ཁཾ་སྭ་ཧཱ། ཞེས་བརྗོད་ཅིང་ནམ་མཁའ་མཛོད་ཀྱི་ཕྱག་རྒྱས་སེ་གོལ་གཏོག་པ་དང་བཅས་པ་ལན་གསུམ་བྱ། དེ་ནས་དར་ནག་དང་གསུར་ཆེན་སོགས་ཀྱི་ལག་ལེན། གཏོར་ཆོག་གི་ལྷན་ཐབས་ལྟར་བྱས་ཏེ་རོལ་མོས་བྱིན་ལེགས་པར་དབབ། དམིགས་པ་ལྷན་ཐབས་དང་མན་ངག་ལྟར་བྱས་ངོས། གུར་མགོན་གྱི་བསྐང་གསོ་ནི། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཞེས་པ་ནས། ཨོཾ་བཛྲ་ས་མཱ་ཛ༔ཞེས་པའི་བར་དང་། ཕྱག་རྒྱ་རྣམས་གཏོར་ཆོག་ལྟར་བྱེད། དབྱངས་ཀྱི་ང་རོ་དང་བཅས་པས། །དམ་པ་ཀུན་དགའ་གྲགས་ཀྱིས་མཛད། ཧཱུྃ། ཆོས་ཉིད་ངང་ལས་མ(༨ན)


GLG011_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གཡོས་ཀྱང་། །བསྟན་པ་བསྲུང་ཕྱིར་ཆོས་སྐྱོང་སྐུ། །ནག་པོ་ཆེན་པོ་སྟོབས་པོ་ཆེ། །དུས་ལ་བབ་ཀྱི་ལས་ལ་སྤྱོན། །ཧེ་རུ་ཀ་ཡི་སྤྲུལ་པ་སྟེ། །སྲིད་གསུམ་ཐམས་ཅད་སྒྲོལ་མཛད་པ། །སྐུ་ལས་སྤྲུལ་པ་དུ་མ་འཕྲོ། །མཆོད་པའི་གནས་འདིར་མྱུར་དུ་སྤྱོན། །ཧཱུྃ། ནག་པོ་ཆེན་པོ་འཁོར་བཅས་རྣམས། །འབར་བ་ཆེན་པོའི་དཀྱིལ་འཁོར་འདིར། །དྲག་པོའི་ལས་ལ་སྤྱན་འདྲེན་ནོ། །འདིར་བཞུགས་དགྲ་བགེགས་བཟློག་ཏུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། མ་ཧཱ་ཀཱ་ལཱི་དེ་ཝཱི་ཨ་ཀ་ཛཱ་ཊི་དེ་ཝཱི་ཨིནྡྲ་སི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་པ་ནས། པདྨ་ཀ་མ་ལཱ་ཡ་སྟྭཾ། སྔགས་མཆོད། དམ་བསྒྲགས། གཏོར་འབུལ། འཕྲིན་བཅོལ་རྣམས་བྱ། ཧཱུྃ༔ དཔལ་ལྡན་མགོན་པོ་འཁོར་བཅས་ལ། །མཐུན་པའི་དམ་རྫས་འབུལ་བ་ནི། །དམར་ཆེན་ཁྲག་གི་ཨརྒྷཾ་དང་། །དབང་པོ་ལྔ་ཡི་མེ་ཏོག་དང་། །ཚིལ་ཆེན་རྐང་ཀླད་བསྲེགས་པའི་སྤོས། །ཞུན་ཆེན་ཏིལ་མར་སྒྲོན་མེ་དང་། །རྡོ་རྗེ་རང་བྱུང་དྲི་ཆབ་དང་། །ཤ་ཆེན་རྣམ་ལྔའི་ཞལ་ཟས་དང་། །རྐང་གླིང་ཐོད་རྔ་སྙན་པའི་སྒྲ། །དངོས་འབྱོར་ཡིད་སྤྲུལ་མཁའ་ཁྱབ་པས། །མ་ཧཱ་ཀཱ་ལ་ལྕམ་དྲལ་དང་། །དམ་ཅན་པུ་ཏྲ་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོ་བསྐང་ཞིང་བཤགས། །སྐུ་གསུང་ཐུགས་མཆོག་མཉེས་ནས་ཀྱང་། །དགྲ་བགེགས་མ་ལུས་བསྐུལ་ནས་ནི། །སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ། །ཧཱུྃཿ གཞན་ཡང་མཆོད་རྫས་འབུལ་བ་ནི། །འབྲུ་བཅུད་སྟོང་སྦྱར་ཛ་གད་དང་། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་དང་། །དགྲ་བགེགས་བསྒྲལ་བའི་དོན་སྙིང་དང་། །ཤ་དང་རུས་པའི་(༨བ)


GLG011_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཚོགས་དང་། །དེ་བཞིན་ཚེ་འཛིན་ཁྲག་རྒྱུན་གྱིས། །མཚན་ལྡན་གྲི་ཐོད་བཀང་བ་རྣམས། །མ་ཧཱ་ཀཱ་ལི་༝ཞེས་པ་ནས། །གྲུབ་མཆོག་བདག་ལ་དངོས་སྒྲུབ་སྩོལ། །ཡན་སྦྱར་བ་འགྲེ །ཧཱུྃཿ དེ་ལས་གཞན་ཡང་མཆོད་པའི་ཚོགས། །ཞིང་ཆེན་བླ་བྲེ་འཕན་གདུགས་དང་། །རྒྱུ་རློན་ལྡ་ལྡི་སྙིང་འཕྲེང་དང་། །ཀེང་རུས་སྣ་ཚོགས་ས་གཞི་གང་། །ཤ་ཁྲག་དྲི་གསུར་རྒྱུན་མི་ཆད། །སྣ་ཚོགས་རྒྱན་གྱི་མཆོད་པ་འདིས། །མ་ཧཱ་༝། །ཧཱུྃཿ རྣམ་དག་ཚོགས་ཀྱི་གཏོར་མ་འདི། །སྣ་ཚོགས་རྒྱན་གྱིས་རབ་བརྒྱན་ནས། །སྔགས་དང་ཕྱག་རྒྱས་རྒྱ་ཆེར་སྤེལ། །རོ་བརྒྱ་ལྡན་པའི་མཆོད་གཏོར་འདིས། །མ་ཧཱ་༝། །ཧཱུྃཿ མཛེས་པའི་སྤུ་སྡུག་མཁའ་ལ་ལྡིང་། །བྱ་ནག་ལྕགས་ཀྱི་མཆུ་སྡེར་ཅན། །མ་ཧཱ་༝། །ཧཱུྃ། རྟ་མཆོག་ནག་པོ་སྤྲིན་གྱི་ཤུགས། །མྱུར་མགྱོགས་མཛེས་པའི་རྒྱན་དང་ལྡན། །ལྷང་ལྷང་འཚེར་འཚེར་ཕྱོགས་བཅུར་སྒྲོག །ཅང་ཤེས་རྫུ་འཕྲུལ་ཐོགས་མེད་འདིས། །མ་ཧཱ་༝། །ཧཱུྃ། གཡག་རྒོད་ལྕགས་རྨིག་ཁྲོ་ཆུའི་མིག །མཛེས་པའི་རཱ་དང་རྔ་ཡབ་ཅན། །མ་ཧཱ་༝། །ཧཱུྃཿཁྱི་ནག་དུང་གི་མཆེ་བ་ཅན་། །སེང་གེའི་སྟོབས་ལྡན་རྔམ་ཞིང་རྒྱུག །མ་ཧཱ་༝། །ཧཱུྃ། ལུག་ནག་ལྕགས་རུ་དར་གྱི་བརྒྱན། །བདུད་ཀྱི་སྤུ་ནོར་མཛེས་པ་འདིས། །མ་ཧཱ་༝། །ཧཱུྃཿ མི་ནག་གྱིང་ཆེན་རྫུ་འཕྲུལ་ཅན། །ལས་ཀུན་བྱེད་པའི་སྟོབས་ལྡན་འདིས། །མ་ཧཱ་༝། །ཧཱུྃཿ དཔལ་གྱི་ཞལ་ཟས་འབྲང་རྒྱས་མཆོག །རཀྟའི་ཐིག་ལེས་བརྒྱན་པ་དང་། །རགྷཱའི་ཡོན་ཆབ་རབ་བསྐྱིལ་བ། །སྲོག་རྩའི་ལམ་ནས་བཏོན་པ་འདིས། །མ་ཧཱ་༝། །ཧཱུྃ། གྲི་སྙིང་རྩ་ལག་མ་ཉམས་པ། །རིན་ཅེན་སྨན་གྱིས་(༩ན)


GLG011_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

བཀང་བ་དང་། །འབྲུ་སྣ་སྟོང་གི་བཅུད་བསྡུས་པའི། །གཟི་བརྗིད་ཆེ་བར་མངའ་བསྐྱེད་ཆང་། །མ་ཧཱ་༝། །ཧཱུྃ། སྨྱུག་མ་རྩེ་རྒྱལ་མཉེན་ལྡན་ལ། །སྤུ་སྡུག་བྱ་རྒོད་སྒྲོ་ཡིས་བརྒྱན། །ནམ་མཁའ་སྐུ་རྟེན་རྒྱང་བུ་ལ། །འཕན་གདུགས་མཛེས་པས་བསྐོར་བ་འདིས། །མ་ཧཱ་༝། །ཧཱུྃ། རྡོ་རྗེ་བྲག་རི་གཏམས་པའི་སྟེང་། །སྣ་ཚོགས་པདྨ་ཉི་མའི་གདན། སེམས་བྲལ་མི་རོའི་གདན་སྟེང་ན། །ཧཱུྃ་ལས་བྱུང་བའི་སྲིན་པོའི་གཟུགས། །སྐུ་ནི་མཐིང་ནག་ཆེན་པོ་སྟེ། །ཞལ་གཅིག་ཕྱག་ནི་གཉིས་དང་ལྡན། །ཕྱག་གཡས་གྲི་གུག་ཐུགས་ཀར་འཕྱར། །གཡོན་པ་ཐོད་ཁྲག་ཞལ་དུ་གསོལ། །རྣམ་འཕྲུལ་གཎྜི་ཐུགས་ཀར་འཛིན། །ཐོད་སྐམ་ལྔ་ཡི་དབུ་ལ་བརྒྱན། །ཐོད་རློན་ལྔ་བཅུའི་དོ་ཤལ་བྱས། །སྟག་གི་པགས་པའི་ཤམ་ཐབས་ཅན། །རོ་ཡི་སྟེང་ན་འགྱིང་ཞིང་བཞུགས། །དབུ་སྐྲ་སེར་པོ་གྱེན་དུ་འབར། །སྤྱན་གསུམ་ཞལ་བགྲད་མཆེ་བ་གཙིགས། །ཀླུ་བརྒྱད་སྐུ་ཡི་རྒྱན་དུ་བྱས། །དུར་ཁྲོད་ཆེན་པོའི་ཀློང་དཀྱིལ་ན། །ཡེ་ཤེས་མེ་འབར་དབུས་ན་བཞུགས། །དངོས་གྲུབ་རྣམ་གཉིས་སྩོལ་མཛད་པའི། །དཔལ་ལྡན་མ་ཧཱ་ཀ་ལ་དང་། །དཔལ་ལྡན་ལྷ་མོ་མཐུ་ཆེན་མ། །དམ་ཅན་འཁོར་དང་བཅས་རྣམས་ལ། །མཐུན་པའི་དམ་རྫས་འདི་འབུལ་གྱི། །ནག་པོ་ཆེན་པོ་འཁོར་བཅས་བཞེས། །ཧཱུྃཿ ནག་པོ་ཆེན་པོའི་ཐུགས་དམ་བསྐངས། །ལྷ་ཆེན་དཔལ་འབར་༝། །འཇིགས་བྱེད་ཆེན་པོའི་༝། །ལྷ་མཆོག་ནག་པོའི་༝། །ཚོགས་བདག་ཆེན་པོའི་༝། །གདུག་པ་འདུལ་མཛད་༝། ཁྲག་འཐུང་ནག་པོའི་༝། །བསྟན་སྲུང་(༩བ)


GLG011_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་༝། །ཧཱུྃཿ ཁྱོད་ཀྱི་ཐུགས་དམ་བསྐང་བའི་རྫས། །བསྟེན་པའི་དམ་རྫས་ཡིན་པའི་ཕྱིར། །ལུག་ནག་རྒྱལ་མཚན་དག་གིས་བསྐང་། །འབོད་པའི་དམ་རྫས་༝། །གཡབ་དར་ནག་པོས་༝། དམ་ཚིག་གཉན་པོ་བསྲོ་བའི་ཕྱིར། །བདུད་རྩི་སྨན་གྱིས་༝། །གསང་བའི་དམ་རྫས་༝། །གྲི་རྒོད་སྙིང་གིས་༝། །དགྱེས་པའི་དམ་རྫས་༝། །ལུག་ནག་སྙིང་གིས་༝། །དྲག་པོའི་ལས་ལ་ཤིས་པའི་ཕྱིར། །དམར་ནག་གཤོས་བུས་༝། །རཀྟ་སྐོམ་དུ་འཐུང་བའི་ཕྱིར། །དམར་ཆེན་ཨ་རྒྷས་༝། །གསུར་ཆེན་དྲི་ལ་བསྣོམ་པའི་ཕྱིར། །ཚིལ་ཆེན་དུད་པས་༝། །རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར། །རྟེན་གཏོར་ཆེན་པོས་༝། །རྒྱུན་དུ་ཕྲིན་ལས་མཛད་པའི་ཕྱིར། །རྒྱུན་གྱིས་གཏོར་མས་༝། །གསང་སྔགས་བསྟན་པ་སྲུང་བའི་ཕྱིར། །འདོད་ཡོན་ཚོགས་ཀྱིས༝། །མཐུན་པའི་དམ་རྫས་འདི་དག་གིས། །དཔལ་ལྡན་མགོན་པོ་འཁོར་བཅས་ཀྱིས། །ཐུགས་དམ་གཉན་པོ་བསྐང་ཞིང་བཤགས། །རྣལ་འབྱོར་བདག་གི་ཉམས་ཆགས་ཀུན། །སྐོང་གྱུར་དབང་དང་དངོས་གྲུབ་སྩོལ། །ཧཱུྃཿ མཐུན་པའི་དམ་རྫས་འདི་དག་གིས། །དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་། །མ་གཅིག་ལྷ་མོའི་༝། །གནོད་སྦྱིན་ནག་པོའི་༝། །བཀའ་སྡོད་པུ་ཏྲའི་༝། །དམ་ཅན་རྒྱ་མཚོའི་༝། །ནག་པོ་འབུམ་སྡེའི་༝། །ལས་མཁན་བྲན་གྱི་༝། །ཧཱུྃ༔ དཔལ་ལྡན་མགོན་པོ་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོ་སྐོངས་གྱུར་ནས། །བདག་ཅག་འཁོར་དང་བཅས་རྣམས་ཀྱིས། ཁྱོད་ལ་གསོལ་བ་འདེབས་པ་ནི། །བསྟན་ལ་སྡང་པའི་དགྲ་བོ་ཡིས། །དཀྱིལ་འཁོར་རྦོད་གཏོང་བྲལ་བ་སྲིད། །ཉེས་བྱེད་སྡེབས་སུ་ཤོར་བ་སྲིད། །བདག་ཅག་རྣལ་འབྱོར་(༡༠ན)


GLG011_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་པོ། །རྡོ་རྗེ་སློབ་དཔོན་སློབ་མར་བཅས། །རྡོ་རྗེ་མཆེད་དང་ལྕམ་དྲལ་དང་། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ལུས་ཀྱི་ནད་རིགས་ཐམས་ཅད་བཟློག །ནོར་གྱི་གོད་ཁ་ཐམས་ཅད་བཟློག །ཞིང་ལ་བཙའ་སེར་སད་མ་གཏོང་། །བདུད་ཀྱི་ཞགས་པ་ནག་པོ་ཆོད། །གཤིན་རྗེའི་ཁྲམ་ཁ་དགྲ་ལ་སྒྱུར། །མི་མཐུན་རྐྱེན་དང་བར་ཆད་སོལ། །འཁོར་བཅས་སྲུངས་ལ་རྐྱེན་ངན་བཟློག །སྡང་བའི་དགྲ་ལ་རྟགས་ཐོན་ཞིག །གནོད་པའི་བགེགས་རྣམས་མེད་པར་མཛོད། །འདོད་པའི་དངོས་གྲུབ་བདག་ལ་སྩོལ། །བཅོལ་བའི་འཕྲིན་ལས་མྱུར་དུ་མཛོད། མགོན་པོ་ཞལ་གྱི་བསྐང་གསོ་ནི། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཞེས་པ་ནས། ཨོཾབཛྲ་ས་མཱ་ཛཿཞེས་པའི་བར་དང་། ཕྱག་རྒྱ་རྣམས་གཏོར་ཆོག་ལྟར་བྱས། དབྱངས་ཀྱི་ང་རོ་དང་བཅས་པས། ཚེས་ལྔ་རིན་པོ་ཆེའི་ཐུགས་རྩོམས་རྩེ་ལུགས་ཀུན་བཟང་རྩེ་པའི་ཕྱག་བཞེས། ཧཱུྃཿ དུས་གསུམ་རྒྱལ་བའི་སྤྱན་སྔར་རང་རང་གིས། །སྲོག་གི་སྙིང་པོ་ཕུལ་ནས་དམ་བཅས་བཞིན། །དམ་ཚིག་ལྡན་པའི་བཀའ་སྲུང་ཡོངས་ཀྱི་གཙོ། །ལྷ་མཆོག་མ་ཧཱ་ཀཱ་ལ་གཤེགས་སུ་གསོལ། །ཏེ་སེའི་གངས་ལ་རྟག་པར་བཞུགས་པའི་ཚེ། །སྡེ་བརྒྱད་ཡུམ་བཞིའི་འཁོར་གྱིས་ཡོངས་སུ་བསྐོར། །རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ་མཐུ་རྩལ་ཅན། །དམག་དཔོན་ཆེན་པོ་གནས་འདིར་༝། །པོ་ཏ་ལ་ཡི་རི་ལ་བཞུགས་པའི་ཚེ། །གདོང་བཞིའི་སྤྲུལ་པ་ཕྱོགས་བཅུར་འགྱེད་པ་ཡིས། །དུས་དྲུག་ཏུ་ནི་བསྟན་པའི་བྱ་ར་མཛད། །ལྷ་ཆེན་དྲག་པོ་ཞལ་བཞི་༝། །བྱང་ཤར་ཧ་ཧ་དགོད་པའི་དུར་ཁྲོད་ནས། །ཞིང་སྐྱོང་དབང་ཕྱུག་ཆེན་པོའི་ཐུགས་ཀྱི་སྲས། །མ་མོ་མཁའ(༡༠བ)


GLG011_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཀུན་གྱི་གཙོ་བོ་སྟེ། །ཞིང་སྐྱོང་གཟི་ལྡན་དབང་ཕྱུག་༝། །བསིལ་པ་ཚལ་གྱི་དུར་ཁྲོད་གནས་ན་བཞུཊ། ཁ་སར་པ་ནིའི་རི་སུལ་རྣལ་འབྱོར་མས། །གཉན་གྱི་སྲུང་མར་བཀའ་བསྒོས་རབ་བཞུགས་པ། །བྲམ་ཟེའི་གཟུགས་ཅན་དཔའ་བོ་༝། །ད་ལྟ་དར་ལུང་གཉན་གྱི་ཕོ་བྲང་དུ། །བཀའ་བསྒོས་བཞིན་དུ་བསྲུང་བའི་ལས་རྣམས་མཛད། ཁྱོད་ཀྱི་རྟེན་ས་ཁའུ་བྲག་རྫོང་སྟེ། །བདག་གི་ལས་རྣམས་བསྒྲུབ་ཕྱིར་༝། །ཤར་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་ཡངས་ནས། །ཡུམ་ཆེན་གཡུང་མོ་ནག་མོ་༝། །ལྷོ་ཕྱོཊ་ནམ་མཁའ་༝། །ལས་མཛད་གཏུམ་མོ་ལྗང་ཁུ་༝། །ནུབ་ཕྱོགས་༝། །དམར་ནག་སྲིན་མོ་ཆེན་མོ་༝། །བྱང་ཕྱོགས་༝། །སེར་ནག་སིངྒ་གླིང་མ་༝། །རྒྱལ་ཆེན་སྡེ་བཞི་རུ་མཚོན་པུར་རུ་རུ། །རྒྱལ་ཆེན་སྡེ་བཞི་འཁོར་བཅས་༝། །ཕྱོགས་སྐྱོང་བཅུ་ནི་ནམ་མཁའི་སྤྲིན་ལྟར་གཏིབས། །ཕྱོགས་སྐྱོང་བཅུ་པོ་འཁོར་བཅས་༝། །ནག་པོ་སྟོང་གི་ལས་བྱེད་ཁྱུགས་སེ་ཁྱུག །ནག་པོ་སྟོང་གི་ཚོགས་རྣམས་༝། །ཤ་ཟའི་ཚོགས་རྣམས་རྐན་སྒྲ་ཏོགས་སེ་ཏོག །ཤ་ཟའི་ཚོགས་རྣམས་འཁོར་བཅས་༝། །མ་མོ་བྱེ་བའི་གདུང་དབྱངས་ཀྱུར་རུ་རུ། །མ་མོ་བྱེ་བའི་ཚོགས་རྣམས་༝། །ལྷ་སྲིན་སྡེ་བརྒྱད་བསོ་སྒྲ་དིར་རི་རི། །ལྷ་སྲིན་སྡེ་བརྒྱད་ཚོགས་རྣམས་༝། །བདུད་དང་སྲིན་མོའི་དུང་འབུད་རུབ་སེ་རུབ། །བདུད་དང་སྲིན་པོའི་ཚོགས་རྣམས་༝། །སྟག་སྤྱང་སེང་གེའི་ངར་སྒྲ་འུར་རུ་རུ། །སྟག་སྤྱང་སེང་གེའི་ཚོགས་རྣམས་༝། །བཞད་དང་ཀང་ཀའི་ཁ་རླངས་སྤུངས་སེ་སྤུངས། །བཞད་དང་ཀམ་ཀའི་ཚོགས་རྣམས་༝། །ཁྱུང་ཆེན་བྱ་ནག་གཤོག་སྒྲ་འུར་རུ་རུ། །ཁྱུང་ཆེན་བྱ་ནག་ཚོགས་(༡༡ན)


GLG011_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་༝། །བཀའ་སྲུང་དམ་ཅན་རྒྱ་མཚོ་སྤུངས་སེ་སྤུང་། །བཀའ་སྲུང་དམ་ཅན་རྒྱ་མཚོ་༝། །ཧཱུྃཿ སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །གཏུམ་པོ་ཁྱོད་ཀྱིས་ཇི་ལྟར་ཁས་བླངས་བཞིན། །འཕྲིན་ལས་རྣམ་བཞིའི་ལས་ལ་སྤྱན་འདྲེན་ན། །སངས་རྒྱས་བསྟན་པ་སྲུང་ཕྱིར་གཤེགསུ་གསོལ། །ཧཱུྃཿ གཉན་ལོས་མཛད། ལྷ་མཆོག་མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །འཕྲིན་ལས་དྲག་པོས་གདུག་པ་ཚར་གཅོད་ཕྱིར། །ཧ་ཧ་དགོད་པའི་དུར་ཁྲོད་ཆེན་པོ་ནས། །ཞིང་སྐྱོང་ཆེན་པོ་གནས་འདིར་༝། །མྱུར་མགྱོགས་སྡེ་བརྒྱད་དམག་དཔོན་མཛད་ཙ་ན། །ཏེ་སེ་གངས་རིའི་གནས་ནས་༝། །གདོང་བཞིའི་སྤྲུལ་པ་ཕྱོགས་བཅུར་འགྱེད་ཙ་ན། །པོ་ཏ་ལ་ཡི་རི་ནས་༝། །མཁའ་འགྲོ་མང་པོའི་གཙོ་བོ་མཛད་ཙ་ན། །དུར་ཁྲོད་བསིལ་པའི་ཚལ་ནས་༝། །དམ་ཉམས་དགྲ་བགེགས་རྩད་ནས་གཅོད་ཙ་ན། །དར་ལུང་གཉན་གྱི་གནས་ནས་༝། །རྣལ་འབྱོར་དམ་ལྡན་སྲུང་མ་མཛད་ཙ་ན། ཁའུ་བྲག་རྫོང་གནས་༝། །སངས་རྒྱས་བསྟན་པ་ཕྱོགས་བཅུར་སྤེལ་ཙ་ན། །དཔལ་ལྡན་ས་སྐྱའི་གནས་ནས་༝། །རྣལ་འབྱོར་བདག་གི་སྟོང་གྲོགས་མཛད་པའི་ཚེ། །ཆོས་འཁོར་རྒྱལ་གྱི་གཙུག་ལག་ཁང་ནས་གཤེགས། །ལྷ་མཆོག་མ་ཧཱ་ཀཱ་ལ་སྤྱན་འདྲེན་ནོ། །ལྷ་ཆེན་དྲག་པོ་ཞལ་བཞི་གཤེགས་སུ་གསོལ། །ཞིང་སྐྱོང་གཟི་ལྡན་དབང་ཕྱུག་༝། །བྲམ་ཟེའི་གཟུགས་ཅན་དཔའ་བ་༝། །ཡུམ་ཆེན་གཡུང་མོ་ནག་མོ་༝། །ལས་མཛད་གཏུམ་མོ་ལྗང་ཁུ་༝། །དམར་ནག་སྲིན་མོ་ཆེན་མོ་༝། །སེར་ནག་སེང་གེ་གླིང་མ་༝། །འཁོར་གྱི་ཞིང་སྐྱོང་ཚོཊ་རྣམས་༝། །དྲེགས་པ་སྡེ་བརྒྱད་ཚོགས་རྣམས་༝། །(༡༡བ)


GLG011_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་ཐོགས་བཤན་པའི་ཚོགས་རྣམས་༝། །མ་ལུས་འཁོར་བཅས་སྤྱན་འདྲེན་གནས་འདིར་གཤེགས། །དཔལ་ཀུན་བཟང་རྩེ་པ་མགོན་ཁང་སྟེང་པས་མཛད། ཀྱེཿབོས་སོ་ཆོས་སྐྱོང་སྙན་མ་སྲ། །གཡབ་བོ་ནག་པོ་སྤྱན་མ་བརྟུལ། །བསྟེན་ནོ་ནག་པོ་རྒྱང་མ་རིང་། །སྒྲུབ་བོ་ནག་པོ་དགོངས་མ་གཡེལ། །བསྐུལ་ལོ་ནག་པོ་ཕྲག་མ་དོག །རྦད་དོ་ནག་པོ་མཐུ་མ་ཆུང་། །ཀྱེཿ དོ་ནུབ་དམ་ཚིག་གནས་འདིར་སྤྱོན། །དོ་ནུབ་ཆད་དང་མཐོ་ལ་སྤྱོན། །དོ་ནུབ་མནའ་དང་ཁྲིམས་ལ་སྤྱོན། །གྲོགས་པོ་བགྱིའོ་གཞུང་མ་ངན། །མཛའ་བོར་བགྱིའོ་ཁྲེལ་མ་བོར། །མནའ་མཐོ་ཡོད་དོ་མནའ་མ་ཟ། །རྗེ་བོར་བགྱིད་དོ་དབང་མ་ཆེ། །བྲན་ལྟར་བསྐུལ་ལོ་རྒྱུད་མ་ངན། །དམ་ཚིག་གཉན་ལ་མི་སེམས་སམ། །དང་པོར་ཆད་དོན་འདི་མིན་ནམ། །ཆོས་སྐྱོང་མ་ཧཱ་ཀཱ་ལ་དང་། །རིག་འཛིན་རྣལ་འབྱོར་བདག་ཅག་གཉིས། །དམ་ཚིག་སྲུང་བར་མ་ཆད་དམ། །བསྟན་པ་སྲུང་བར་༝། དངོས་གྲུབ་སྟེར་བར་༝། །དགྲ་བགེགས་སྒྲོལ་བར་༝། །འཕྲིན་ལས་སྒྲུབ་པར་༝། །དམ་བཅའ་མ་གཡེལ་ད་ཚུར་སྤྱོན། །བཅོལ་བའི་ལས་དེ་མ་བྱས་ན། །བདེ་བར་གཤེགས་པའི་བཀའ་ཡང་བསླུས། །རིག་འཛིན་རྣལ་འབྱོར་ཡིད་ཡང་ཆད། །དང་པོར་ཆད་པའི་མནའ་ཡང་ཟོས། །དམ་ཚིག་གཉན་པོའི་ཆད་པ་ཡོང་། །བཀའ་ཡི་དམོད་པས་བསྡིགས་པར་མཆིས། །དེ་བས་དམ་ལས་མ་འདའ་བར། །བཅོལ་བའི་འཕྲིན་ལས་སྒྲུབ་པའི་ཕྱིར། །ད་ལྟ་ཉིད་དུ་གཤེགས་སུ་གསོལ། །བཅོམ་ལྡན་རྡོ་རྗེ་འཆང་གི་ཕོ་ཉ་བ། །འཔྲིན་ལས་དྲག་པོས་གདུག་པ་ཚར་གཅོད་ཕྱིར། །ཧ་ཧ་དགོད་པའི་དུར་ཁྲོད་(༡༢ན)


GLG011_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ནས། །ཞིང་སྐྱོང་ཆེན་པོ་གནས་འདིར་གཤེགས་སུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཞེས་པ་ནས་གཉིས་སུ་མེད་པར་གྱུར་ཞེས་པའི་བར་དང་། པདྨ་ཀ་མཱ་ལ་ཡེ་སྟཾ། སྔགས་མཆོད། དམ་བསྒྲག །གཏོར་འབུལ་ཕྲིན་བཅོལ་རྣམས་བྱ། ཧཱུྃཿ གནམ་ཁའུ་པས་མཛད། དུར་ཁྲོད་ཆེན་པོ་གནས་བརྒྱད་དང་། ཁྱད་པར་བསིལ་བ་ཚལ་གྱི་གནས། །ཆོས་སྐྱོང་མགོན་པོ་ཐམས་ཅད་དང་། ཁྱད་པར་དཔལ་མགོན་གདོང་བཞི་པ། །གནས་འདིར་སྤྱན་འདྲེན་ད་ཚུར་སྤྱོན། །ཧ་ཧ་དགོད་པའི་དུར་ཁྲོད་ནས། །སྒེག་ཅིང་དཔའ་བའི་ཆ་ལུགས་ཅན། །དཔལ་ལྡན་མགོན་པོ་གདོང་བཞི་པ། །གནས་འདིར་སྤྱན་འདྲེན་གཤེཊ་སུ་གསོལ། །པོ་ཏ་ལ་ཡི་རི་བོ་ནས། །མི་སྲུན་ཀྵིཾཀྵིཾ་སྒྲ་སྒྲོག་པའི། །དཔལ་ལྡན་༝། །གནས་འདིར་༝། །ཏེ་སེ་གངས་ཅན་རི་བོ་ནས། །དྲག་ཤུལ་འཇིགས་རུང་སྲིན་པོའི་གཟུགས། །དཔལ་ལྡན་༝། །གནས་འདིར་༝། །དམ་ཚིག་ལྡན་པའི་རྣལ་འབྱོར་པས། ཁྱེད་ལ་མཆོད་ཅིང་བསྟེན་པ་ཡི། །དཔལ་ལྡན་༝། །གནས་འདིར་༝། །དམ་ཚིག་ཅན་ལ་དགོངས་སུ་གསོལ། །གཡག་ནག་ལུག་ནག་ཕྱི་ཡི་རྟེན། །ཞྭ་ནག་གོས་ནག་ནང་གི་རྟེན། །གྲི་སྙིང་ཐོད་པ་གསང་བའི་རྟེན། །དཔལ་ལྡན་མགོན་པོའི་རྟེན་དུ་འཛུགས། །ཡན་ལག་བརྒྱད་ལྡན་སྨན་གྱི་ཆབ། །གྲི་ཁྲག་མི་ཁྲག་འདྲེས་པ་ཡི། །དུག་ཆུ་འཁོལ་མའི་ཡོན་ཆབ་འདི། །དཔལ་ལྡན་མགོན་པོའི་སྤྱན་སྔར་འབུལ། །པདྨ་ཨུཏྤལ་སྔོན་པོ་དང་། །བཙན་དུག་ར་དུག་ཤིང་དུག་དང་། །མེ་ཏོག་སྔོན་པོ་དྲི་མ་ཅན། དཔལ་ལྡན་མགོན་པོའི་དབུ་ལ་འབུལ། །གུ་གུལ་ཨ་ཀ་རུ་(༡༢བ)


GLG011_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ནག་དང་། །རྔ་མོ་བོང་བུའི་བདུད་རྩི་དང་། །ཤ་ཆེན་ཚིལ་ཆེན་བདུག་སྤོས་འདི། དཔལ་ལྡན་མགོན་པོའི་ཤངས་ལ་འབུལ། །མི་རྟ་བྱ་རོག་བ་གླང་ཚིལ། །ར་ཚིལ་ཁྱི་ཚིལ་ཕག་ཚིལ་དང་། །ཞུན་ཆེན་གསལ་བའི་སྒྲོན་མེ་འདི། །དཔལ་ལྡན་མགོན་པོའི་སྤྱན་ལ་འབུལ། །ཙན་དན་ག་བུར་གླ་རྩི་དང་། །ཤ་རུས་ཁྲག་རུས་དུག་སྦྱར་བའི། །མཁྲིས་ཆེན་གཞིར་བྱས་བསིལ་དང་ལྡན། །དམར་ནག་འཁྲུག་པའི་དྲི་ཆབ་འདི། །དཔལ་ལྡན་མགོན་པོའི་ཐུགས་ལ་འབུལ། །རོ་བརྒྱ་ལྡན་པའི་ཟས་མཆོག་དང་། །ནས་ནག་ཏིལ་ནག་བྲ་ནག་དང་། །ཤ་རུས་ཆེན་པོའི་ཞལ་ཟས་འདི། །དཔལ་ལྡན་མགོན་པོའི་ཞལ་དུ་འབུལ། །མི་རྐང་དུང་དང་ཌ་མ་རུ། །རྔ་ཆེན་རྔ་ཆུང་ཏིང་ཏིང་ཤགས། །རོལ་མོ་སྣ་ཚོགས་དབྱངས་བཅས་པ། །དཔལ་ལྡན་མགོན་པོའི་སྙན་དུ་འབུལ། །ཤེས་རབ་མ་ད་ན་དང་ནི། །ཐབས་ཀྱི་མཾ་ས་ཆེན་པོ་དང་། །དམ་རྫས་རྒྱན་གྱི་ཚོགས་ཕུད་འདི། །དཔལ་ལྡན་མགོན་པོའི་ལྗགས་ལ་འབུལ། །མཚན་ཉིད་ལྡན་པའི་གནས་མཆོག་འདིར། །ཐོད་ཆེན་ཤ་ལྔ་བདུད་རྩི་ལྔ། །ཡེ་ཤེས་ལྔ་སོགས་གཅིག་ཅར་སྟེ། །རྟེན་ཅིང་འབྲེལ་འབྱུང་སྔགས་ཕྱག་རྒྱས། །བྱིན་རླབས་དམ་རྫས་སྣ་ཚོགས་ཀྱིས། །གཏོར་མ་རྒྱན་དང་བཅས་པ་དང་། །ཚིལ་ཆེན་གཞིར་སྦྱར་སྦྱར་སྤོས་འདི། །དཔལ་ལྡན་མགོན་པོ་ཁྱོད་ལ་འབུལ། །དེ་ལྟར་དངོས་བཤམས་ཡིད་སྤྲུལ་པའི། །མཆོད་པའི་སྤྲིན་གྱི་ཕུང་པོ་འདི། །ཞིང་སྐྱོང་གདོང་བཞིའི་ཐུགས་དམ་བསྐང་། །དཔལ་མགོན་ཁྱོད་ཀྱི་ཐུགས་དམ་བསྐང་། །གཡུང་མོ་གཏུམ་མོའི་༝། །སྲིན་མོ་སིང་གླིང་༝། །བཀའ་གཉན་སྡེ་བརྒྱད་༝། །སྤྲུལ་པའི་ཡང་(༡༣ན)


GLG011_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་༝། །གསོལ་ཅིག་མཆོད་དོ་བཞེས་སུ་གསོལ། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་མཛོད། །བར་ཆད་བདུད་དང་འགལ་རྐྱེན་སྤོངས། །མཐུན་རྐྱེན་ཚེ་དང་དཔལ་འབྱོར་སྤེལ། །བླ་མ་དཀོན་མཆོག་དབུ་འཕང་བསྟོད། །སངས་རྒྱས་བསྟན་སྲུང་སེམས་ཅན་རྣམས། །ཕན་ཚུན་བྱམས་དང་རབ་ལྡན་སྟེ། །བདེ་སྐྱིད་དཔལ་ལ་སྦྱོར་དུ་གསོལ། །ཧཱུྃཿ ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད། བདེ་ཆེན་ཆོས་སྐུའི་ངང་ལས་མ་གཡོས་ཀྱང་། །ཏེ་སེ་གངས་སོགས་གར་བཞུགས་ཕོ་བྲང་ནས། །དཔལ་ལྡན་ནག་པོ་ཆེན་པོ་ཡུམ་ཆེན་བཞི། །དམ་ཅན་རྒྱ་མཚོའི་ཚོགས་བཅས་ད་ཚུར་སྤྱོན། །མདུན་གྱི་ནམ་མཁར་མེ་དཔུང་འབར་བའི་དབུས། །ཆོས་འབྱུང་ཁྲག་ཞག་རྒྱ་མཚོ་འཁྱིལ་བའི་ནང་། །པད་ཉི་དགྲ་བགེགས་བསྣོལ་བའི་གདན་སྟེང་དུ། །ཞལ་བཞི་ཕྱག་བཞི་མིག་སྨན་ལྷུན་པོ་བཞིན། །སྲིན་པོའི་གཟུགས་ཅན་དགྲ་བགེགས་རྡུལ་དུ་རློག །སྣ་ཚོགས་རྣམ་འགྱུར་དུ་མའི་ཟློས་གར་མཁན། །གདུག་པའི་འཁོར་ཚོགས་རྣམས་དང་ལྷན་ཅིག་ཏུ། །རྣལ་འབྱོར་འཕྲིན་ལས་སྒྲུབ་ཕྱིར་བརྟན་པར་བཞུགས། །དཔལ་ལྡན་ནག་པོ་ཆེན་པོ་འཁོར་བཅས་ལ། །ཟག་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི། །རོལ་པ་ལས་བྱུང་སྣ་ཚོགས་མཆོད་པའི་སྤྲིན། །ནམ་མཁའི་ཁམས་ཀུན་བཀང་ཏེ་འབུལ་བ་ནི། །དགྲ་བགེགས་ཁྲག་ཞག་མཆོད་ཡོན་མཚོ་ལྟར་བསྐྱིལ། །ཆུ་སྐྱེས་སྔོན་པོའི་ཕྲེང་བས་བར་སྣང་གང་། །ཤ་ཆེན་དུད་པའི་སྤྲིན་ཕུང་མཁའ་ལམ་ཁྱབ། །ཞུན་ཆེན་སྒྲོན་མེ་ཚར་དུ་དངར་བ་འདི། །ལྷ་ཆེན་དྲག་(༡༣བ)


GLG011_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞལ་བཞིའི་ཐུགས་དམ་བསྐང་། །ལས་མཛད་ཡུམ་ཆེན་བཞི་ཡི་༝། །བཀའ་གཉན་འཁོར་ཚོགས་རྒྱ་མཚོའི་༝། །ཐུགས་དམ་སྐོང་ཞིང་ཉམས་ཆགས་གསོས་གྱུར་ཅིག །ག་བུར་དྲི་ངད་གཡོ་ལྡན་ཁྲག་ཞག་གི །དྲི་ཆབ་དམར་སེར་ལྦུ་བའི་དོ་ཤལ་ཅན། །སྣ་ཚོགས་བཟའ་དང་བཅའ་བ་རོ་བརྒྱར་ལྡན། །ཤ་ཁྲག་ཕང་ཕུང་ཆགས་པའི་ཞལ་ཟས་འདིས། །ལྷ་ཆེན་དྲག་པོ་སོགས་ཚིག་རྐང་བཞི་པོ་འགྲེ། །མཛེས་པའི་སྣོད་དུ་རབ་གཏམས་འཆི་མེད་ཀྱི། །བདུད་རྩི་ལ་འགྲན་སྣ་ཚོགས་བཏུང་བ་དང་། །ཕྱོགས་ཀུན་དལ་གྱིས་དགོད་པའི་འབྲུག་སྒྲ་བཞིན། །བརྗིད་པའི་སྒྲ་ལྡན་རོལ་མོའི་ཚོགས་རྣམས་ཀྱིས། །ལྷ་ཆེན་༝། རྫུ་འཕྲུལ་བང་ལྡན་གློག་ཕྲེང་འགྱུ་བ་བཞིན། །ནོར་བུའི་སྒ་སྲབ་མཛེས་པའི་ཆས་ཀྱིས་བརྒྱན། །འཇའ་ཚོན་ལྟར་བཀྲའི་དར་གྱི་ཅོད་པན་ཅན། །སྟོང་གསུམ་ཡུད་ཀྱིས་བསྐོར་བའི་རྟ་མཆོག་འདིས། །ལྷ་ཆེན་༝། །ལྷུན་སྡུག་ཆར་སྤྲིན་གཡོ་བའི་རྣམ་པ་ཅན། །དྲག་པོའི་ངར་སྒྲ་འབྲུག་གི་གད་མོ་བཞིན། །རྣོ་བའི་རྭ་ལྡན་སྟོབས་ཀྱིས་རི་རབ་ཀྱང་། །ཐལ་བར་རློག་བྱེད་གཡག་རོག་ཞོལ་ཆེན་འདིས། །ལྷ་ཆེན་༝། །ཤ་རྒྱས་དལ་གྱིས་འགྲོ་བ་འཛིན་མའི་རྒྱན། །སྤྱི་བོ་རབ་དཀར་ཟླ་ཚེས་བཀོད་པ་བཞིན། །འཇམ་པའི་སྤུ་ལྡན་ཨིནྡྲ་ནཱི་ལ་ལྟར། །མཛེས་པའི་རྭ་བཞི་འཁྱིལ་བའི་ལུག་ནག་འདིས། །ལྷ་ཆེན༝། །མི་བཟད་ལྕགས་ཀྱུ་དང་མཚུངས་སྡེར་མོ་ཡིས། །དགྲ་བོའི་སྙིང་འབྱིན་མཆུ་ཡིས་རྒྱུ་རློན་གྱི། །ལྡ་ལྡི་འཕྱང་ཞིང་མཁའ་ལ་ཁྱུང་བཞིན་དུ། །འདབ་མའི་གར་བྱེད་བྱ་ནག་ཚོགས་རྣམས་ཀྱིས། །ལྷ་ཆེན་༝། །ལ་ལ་ཅེ་སྤྱང་བཞིན་དུ་འདུར་ཞིང་རྒྱུག །(༡༤ན)


GLG011_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཞིག་གདོང་ལྔའི་དབང་པོ་ལྟ་བུར་འགྱིང་། །གཞན་དག་དགྲ་བགེགས་ཤ་རུས་ཆེམ་ཆེམ་ཟ། །དམ་ཉམས་སྲོག་འཕྲོག་འཇིགས་པའི་ཁྱི་ནག་འདིས། །ལྷ་ཆེན་༝། །སྟོང་གསུམ་ཁྱོན་ལྟར་ཡངས་པའི་ཀ་པཱ་ལར། །དགྲ་བགེཊ་ཤ་ཁྲག་སྤུངས་པའི་གཏོར་མ་ནི། །དབང་པོའི་གཞུ་ལྟར་དྭངས་པའི་དར་གྱི་ཚོགས། །འཕུར་ལྡིང་ས་དང་བར་སྣང་ཁྱོན་གང་བས། །ལྷ་ཆེན་༝། །དགྲ་བགེགས་སྲོག་འཕྲོག་འབར་བའི་གྲི་གུག་དང་། །བདུད་སྡེའི་ནགས་ཚལ་གཅོད་པའི་རལ་གྲི་དང་། །དུག་གསུམ་དབྱིངས་སུ་སྒྲོལ་བའི་རྩེ་གསུམ་དང་། །དམ་ཉམས་སྙིང་ལ་བསྣུན་པའི་མདུང་སྣོན་འདིས། །ལྷ་ཆེན་༝། །དམར་ཆེན་ཤ་ཁྲག་རོལ་བའི་ཐོད་པ་དང་། །མྱོས་བྱེད་བཏུང་བས་གང་བའི་བུམ་པ་དང་། །སྒྱུ་སྐར་དོ་ཤལ་དང་མཚུངས་རུས་འཕྲེང་དང་། །གནས་གསུམ་མཁའ་འགྲོ་འབོད་པའི་རྐང་གླིང་འདིས། །ལྷ་ཆེན་༝། །གཞན་ཡང་དཔལ་ལྡན་མགོན་པོ་མཉེས་བྱའི་ཕྱིར། སྐུ་གསུང་ཐུགས་དང་ཕྱི་ནང་གསང་བའི་རྟེན། །གླིང་བཞི་རི་རབ་རིན་ཅེན་བདུན་ལ་སོགས། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་འདིས། །ལྷ་ཆེན་༝། །གདོད་ནས་རང་བཞིན་དག་པ་སེམས་ཀྱི་དབྱིངས། །གློ་བུར་དྲི་མ་གསུམ་གྱིས་གཡོགས་པ་ལས། །རྨི་ལམ་བཞིན་དུ་འཁྲུལ་པས་ནོངས་པ་རྣམས། །སྒྲིབ་བྲལ་ཆོས་ཀྱི་དབྱིངས་སུ་དག་པར་བགྱི། །དྲག་པོ་གཟི་ལྡན་དབང་ཕྱུག་འཁོར་བཅས་ཀྱིས། །གདུག་པའི་དགྲ་འགེགས་མ་ལུས་ཚར་ཆོད་ལ། །བསྟན་པ་བསྲུང་ཞིང་བསྟན་འཛིན་སྐྱོང་བ་དང་། །རྣལ་འབྱོར་འཕྲིན་ལས་བསྒྲུབ་ལ་མ་གཡེལ་ཞིག(༡༤བ)


GLG011_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་ལོས་མཛད། ཧཱུྃཿ ལྷ་མཆོག་མཧཱ་ཀཱ་ལ་མཐུ་བོ་ཆེ། ཁྱོད་ལ་མཐུན་པའི་དམ་རྫས་འབུལ་བ་ནི། །གཡག་རོག་ཞོལ་ཆེན་སྤྲིན་ལྟར་གཏིབས་པ་དང་། །རྟ་ནག་རྟིང་དཀར་རླུང་ལྟར་འཕྱོ་བ་དང་། །ལུག་ནག་སྤྱི་དཀར་ཤེལ་ལྟར་འཚེར་བ་དང་། །ཁྱུང་ལྟར་ལྡིང་བའི་བྱ་ནག་ཚོགས་རྣམས་དང་། ཁྱི་ནག་སྙིང་དཀར་དོམ་ལྟར་འཕྱོ་བ་ལ། །མཐིང་ནག་དར་གྱི་ཅོད་པཎ་མང་པོས་བརྒྱན། །ལྷ་མཆོག་མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང་། །ལྷ་ཆེན་དྲག་པོ་ཞལ་བཞིའི་ཐུགས་དམ་བསྐང་། །ཞིང་སྐྱོང་གཟི་ལྡན་དབང་ཕྱུག་ཐུགས་དམ་བསྐང་། །བྲམ་ཟེའི་གཟུགས་ཅན་དཔའ་བོའི་ཐུགས་དམ་བསྐང་། །ཡུམ་ཆེན་གཡུང་མོ་ནག་མོའི་ཐུགས་དམ་བསྐང་། །ལས་མཛད་གཏུམ་མོ་ལྗང་གུའི་ཐུགས་དམ་བསྐང་། །དམར་ནག་སྲིན་མོ་ཆེན་མོའི་ཐུགས་དམ་བསྐང་། །སེར་ནག་སིངྒ་གླིང་མའི་ཐུགས་དམ་བསྐང་། །འཁོར་གི་ཞིང་སྐྱོང་ཚོགས་ཀྱི་ཐུགས་དམ་བསྐང་། །དྲེགས་པ་སྡེ་བརྒྱད་ཚོགས་ཀྱི་ཐུགས་དམ་བསྐང་། །འཁོར་དང་བཅས་པའི་ཐུགས་དམ་སྐོངས་གྱུར་ནས། །རྣལ་འབྱོར་དཔོན་སློབ་ཉམས་ཆགས་སོས་གྱུར་ཅིག །རཀྟ་དམར་ཆེན་ཁྲག་གི་ཨརྒྷཾ་དང་། །དྲི་ལྡན་གསར་རྙིང་མེ་ཏོག་ནག་པོ་དང་། །ཚིལ་ཆེན་མཾ་ས་སྤོས་ཀྱི་དུད་སྤྲིན་དང་། །ཞུན་ཆེན་སྒྲོན་མེ་འབར་བའི་སྣང་གསལ་དང་། ཁྲག་ཞག་རྒྱ་མཚོར་འཁྱིལ་བའི་དྲི་ཆབ་དང་། །ཞལ་ཟས་བཤོས་བུ་དམར་ནག་རི་རབ་ཙམ། །ཤ་ཁྲག་རྐང་རུས་གཏམས་པའི་ཚོམ་བུ་བཀོད། །རྐང་གླིང་སྙན་པའི་རོལ་མོའི་སྒྲ་སྒྲོག་ཅིང་། །སྣ་ཚོགས་མཆོད་པའི་སྤྲིན་གྱིས་བརྒྱན་པ་འདིས། །ལྷ་མཆོག་མ་ཧཱ་སོགས་ཤློ་ཀ་གསུམ་སྦྱོར། །(༡༥ན)


GLG011_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

དམ་རྫས་རྒྱན་དང་ལྡན་པའི་གཏོར་མ་དང་། །འཆི་མེད་བདུད་རྩི་སྨན་གྱི་རྒྱ་མཚོ་དང་། །ཛ་གད་ཕུད་ཀྱི་བཏུང་བ་སྣ་ཚོགས་དང་། །བཟའ་དང་བཏུང་བ་རི་དང་རྒྱ་མཚོ་ཙམ། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི། །རོ་བརྒྱ་ལྡན་པའི་མཆོད་པ་རྒྱ་མཚོ་འདིས། །ལྷ་མཆོག་སོགས་ཤློ་ཀ་གསུམ་གྱི་མཐར། །གདོང་བཞི་དྲེགས་པ་འཁོར་དང་བཅས་པ་ཡིས། །སངས་རྒྱས་བསྟན་པ་བསྲུང་ཞིང་སྐྱོང་བ་དང་། །གནོད་པའི་དགྲ་བགེགས་ཐལ་བའི་རྡུལ་དུ་རློག །ཞི་རྒྱས་དབང་དྲག་དངོས་གྲུབ་བདག་ལ་སྩོལ། །ཧཱུྃཿ གཡུལ་དུ་བསད་པའི་མཚོན་ལྕགས་གྲི་ཁྲག་དང་། །དུག་ཆུས་ངར་བླུད་སྟོབས་ཆེན་ཤུགས་དྲག་འབར། །འཆང་བཟུང་རྡོ་རྗེ་རྩེ་ལྔའི་ཡུ་བ་ཅན། །གྲི་གུག་སྟོབས་འཕྲོག་ནག་པོའི་ཕྱག་ཏུ་འབུལ། །གཡུལ་དུ་༝། །དུག་ཆུས་༝། །དར་ནག་ཕྱང་ཕྲུལ་ཡུ་བ་རྡོ་རྗེས་མཚན། །རྩེ་གསུམ་སྟོབས་འཕྲོག་༝། །གཡུལ་དུ་༝། །དུག་ཆུས་༝། །རྡོ་རྗེའི་འཆང་བཟུང་རྩེ་མོར་མེ་དཔུང་འབར། །རལ་གྲི་༝། །གཡུལ་དུ་༝། །དུག་ཆུས་༝། །གྲི་སྙིང་མགུལ་བཏགས་བ་དན་ལྷབ་ལྷུབ་ཅན། །མདུང་རྣོན་༝། །མཆོག་མཐུན་དངོས་གྲུབ་ཡིད་བཞིན་ཆར་འབེབས་པ། །རྣལ་འབྱོར་འདོད་དགུ་འཇོ་བ་དཔའ་བོའི་རྫས། །བདེ་སྟོང་ཟུང་འཇུག་རཀྟ་འཁྱིལ་བའི་སྣོད། །ཐོད་ཁྲག་ལེགས་ལྡན་གདོང་བཞིའི་ཕྱག་ཏུ་འབུལ། །མཆོག་ཐུན་༝། །རྣལ་འབྱོར་༝། །ཤུན་ཆེན་སྲད་བུར་བརྒྱུས་པའི་གྲི་ཐོད་ཀྱི། །བརྒྱ་འཕྲེང་ལེགས་ལྡན་༝། །མཆོག་ཐུན་༝། །རྣལ་འབྱོར་༝། །འཆི་མེད་བདུད་རྩིས་གཏམས་པའི་གསེར་སྦྱངས་ཀྱི། །བུམ་བཟང་༝། །མཆོག་(༡༥བ)


GLG011_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

༝། །རྣལ་འབྱོར་༝། །གནས་གསུམ་མཁའ་འགྲོ་འབོད་པའི་སྒྲ་དབྱངས་ཅན། །རྐང་གླིང་ལེགས་༝། །མཆོག་༝། །རྣལ་འབྱོར་༝། །རང་བྱུང་རྡོ་ནག་གྲུ་གསུམ་མཎྜ་ལ། །བླ་རྡོ་ལེགས་ལྡན་གདོང་བཞིའི་རྟེན་དུ་འབུལ། །མཆོག་༝། །རྣལ་འབྱོར་༝། །སྔགས་འཁོར་རྫས་ཀྱིས་བཀང་བའི་རྩ་གསུམ་ཅན། །གྲི་སྙིང་ལེགས་༝། །ཞི་རྒྱས་དབང་གིས་མཐུན་པའི་རྐྱེན་རྣམས་སྤེལ། །མངོན་སྤྱོད་དྲག་པོས་དགྲ་བགེགས་ཐལ་བར་རློག །ཟབ་གསང་ལམ་གྱིས་རང་སེམས་དག་པའི་མགོན། །ཚེ་འདིར་བཅུ་གསུམ་རྡོ་རྗེ་འཛིན་ཐོབ་ཤོག །ཅེས་པ་འདི་ནི་རྣམ་པར་རྒྱས་པའི་ཕན་བདེ་ལེགས་བཤད་གླིང་པར་ཞལ་གྱི་ཕྱག་མཚན་འབུལ་ཚིག་གཉན་དང་ཚར་ཆེན་གྱིས་མཛད་པ་གང་རུང་འཛུགས་པའི་ཉེར་བསྡོགས་ཀྱི་ཚེ། བྱ་རོག་སྐད་སྙན་པར་སྒྲ་དྲག་པོ་ཡུན་རིང་བསྒྲགས་པར་བརྟེན་དེ་གཉིས་ཀྱི་དོན་ཚང་བའི་གསར་སྒྲིགས་གྱིས་ཞེས་ཁྱབ་བདག་ཁྲ་ཚང་ནས་ཀྱིས་ཀྱང་གསུང་གི་བསྐུལ་མ་ཐག་དབུ་བཙུགས་པ་དང་དུས་མཉམ་དུ་བྱ་རོག་གཞན་དུ་འཕུར་སོང་བས་ངོ་མཚར་ཏེ། ཟ་ཧོར་གྱི་བནྡེས་སུག་བྲིས་སུ་བྱས། ཧཱུྃཿ རྡོ་རྗེ་ཁོ་བོས་བརྩམས། འཆང་དབང་འཕགས་མཆོག་ཀླུ་སྒྲུབ་ནས། །རྣལ་འབྱོར་དབང་མོའི་བར་བྱོན་བླ་མ་ཡིས། །བསྟེན་ཅིང་བསྒྲུབས་པའི་གནས་མཆོག་ཚོགས་རྣམས་ནས། །སྟོབས་འཕྲོག་གདོང་བཞི་གཟི་ལྡན་དབང་ཕྱུག་བཞེངས། །ལོ་ཆེན་གཉན་དང་དར་མ་རྒྱལ་མཚན་གྱིས། །བྲན་བཞིན་བཀོལ་བའི་གཏུམ་ཆེན་བྲམ་ཟེའི་གཟུགས། །སྒྲུབ་པའི་གནས་མཆོག་དར་ལུང་མེ་འབར་དང་། ཁའུའི་བྲག་རྫོང་དག་ནས་སྐུ་བཞེངས་ཤིག །འཇམ་དབྱངས་བདུན་སོགས་རིགས་འཛིན་ས་སྐྱ་བ། །ནམ་མཁའ་རྒྱལ་མཚན་བདག་ཆེན་བློ་གྲོས་རྗེའི། །(༡༦ན)


GLG011_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་མ་ལུས་བསྒྲུབ་པའི་སྲུང་མ་ཆེ། །དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་ནས་བཞེངས། །གྲུབ་པའི་དབང་ཕྱུག་བྲམ་ཟེ་མཆོག་སྲེད་ཞབས། །སྙན་བརྒྱུད་བསྟན་པའི་བདག་པོ་ཀུན་སྤངས་རྗེའི། །རྣམ་རོལ་གང་དེའི་བཀའ་སྲུང་བཤན་པ་ཆེ། །གྲོམ་སྟོད་ཁའུ་བྲག་རྫོང་གནས་ནས་བཞེངས། རྡོ་རྗེ་འཆང་དབང་སྤྲུལ་པའི་ཟློས་གར་མཁན། གསང་ཆེན་སློབ་བཤད་བསྟན་འཛིན་ཚར་པ་རྗེའི། །བསྟན་སྲུང་སྟོབས་འཕྲོག་ནག་པོ་ཞལ་བཞི་པ། །གསང་ཆེན་རྡོ་རྗེའི་ཕོ་བྲང་གནས་ནས་བཞེངས། །བསོད་ནམས་མཆོག་གི་འཇིག་རྟེན་དབང་ཕྱུག་དཔལ། །རྒྱ་མཚོའི་མཚན་ཅན་བཞད་པའི་རྡོ་རྗེ་ཡིས། །བསྟེན་ཅིང་རྦད་པས་སྡེ་བརྒྱད་དམག་དཔོན་ཆེ། །ཆོས་འཁོར་རྒྱལ་གྱི་གཙུག་ལག་ཁང་ནས་བཞེངས། །མཁྱེན་བརྩེ་ནུས་པའི་དབང་ཕྱུག་དང་པོའི་མགོན། །ཀུན་བཟང་བདེ་ཆེན་དགའ་སྟོན་སྟེར་བའི་དཔལ། །བགྲང་ཡས་དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་མཆོག །དྲིན་ཆེན་བླ་མའི་བཀའ་སྲུང་དབྱིངས་ནས་བཞེངས། །རིགས་འཛིན་མཆོག་དེས་རྡོ་རྗེའི་དམ་ཚིག་གིས། །བྲན་དང་གྲོགས་གི་ཚུལ་དུ་བཀའ་བསྒོས་ཤིང་། །སྔགས་འཆང་བདག་གིས་དུས་ཀུན་བསྒྲུབས་པ་ཡི། །སྲོག་འཕྲོག་ཁྲག་འཐུང་ནག་པོ་ད་བཞེངས་ཤིག །དེ་ལྟར་རྩ་བརྒྱུད་བླ་མ་ནས་བཟུང་སྟེ། །རྣལ་འབྱོར་རྡོ་རྗེ་འཛིན་པ་བདག་གི་བར། །བསྟེན་ཅིང་བསྒྲུབས་པའི་ལྷ་མཆོག་མཐུ་བོ་ཆེ། །གསོལ་ཞིང་མཆོད་པའི་ལྷ་ཆེན་ནག་པོ་ཆེ། །རྦད་ཅིག་བསྐུལ་བའི་ཞིང་སྐྱོང་དྲག་ཤུལ་ཅན། །དགྲ་བོའི་སྟོབས་འཕྲོག་དཔའ་བོ་བྲམ་ཟེའི་གཟུགས། །རབ་འཇིགས་ཡུམ་ཆེན་(༡༦བ)


GLG011_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཚོགས་རྒྱ་མཚོར་བཅས། གསོན་ཅིག་དགོངས་ཤིག་ཡེ་ཤེས་དབྱིངས་ནས་གཟིགས། །རྦད་དུ་བསྐུལ་ལོ་དམ་ཚིག་གཉན་པོ་དགོངས། ཁྲོས་ཤིག་འཆོས་ཤིག་དྲག་པོའི་ལས་ལ་བྷྱོ། །སྔོན་གྱི་ཁས་བླངས་དམ་ཚིག་དྲན་གྱིས་ལ། །མ་ཐོགས་རིངས་པའི་ཚུལ་གྱིས་འཕྲིན་ལས་སྒྲུབས། དམ་ཅན་མནོལ་བུ་ལྕམ་དྲལ་གྱི་བསྐང་བ་ནི། ཧཱུྃཿ ཚར་ཆེན་གྱིས་མཛད། ཁྲག་འཐུང་དཔལ་ཆེན་ཁྲོས་པའི་རྣམ་འཕྲུལ་མཆོག །མགོན་པོའི་བཀའ་ཉན་དྲེགས་པའི་སྡེ་དཔོན་ཆེ། །སྟོབས་ཆེན་དམ་ཅན་གནོད་སྦྱིན་ཡབ་ཡུམ་གཉིས། །མ་གཡེལ་དམ་ཚིག་དགོངས་ལ་གནས་འདིར་གཤེགས། །བདེན་ཚིག་གྲུབ་པའི་བྲམ་ཟེ་འཁྲུགས་པ་ལས། །སྐྱེ་འགྲོའི་སྲོག་བདུད་མོན་བུ་ཕོ་མོར་སྤྲུལ། །རྡོ་རྗེ་འཛིན་པའི་མངག་བཞུག་ཞིང་བཅུའི་གཤེད། །བཀའ་སྡོད་ལྕམ་དྲལ་གནས་འདིར་མྱུར་དུ་སྤྱོན། །གསོད་བྱེད་གཤིན་རྗེ་པུ་ཏྲ་གནས་འདིར་སྤྱོན། །བདུད་ཆེན་མ་ལོན་བུ་བྷ་ཏྲ་༝། །ཤ་ཟ་སྲིན་མོ་རལ་གཅིག་༝། །སྟོབས་ཆེན་རུ་འདྲེན་སྡེ་བཞི་༝། །མོན་ནག་གྱིང་ཆེན་འབུམ་སྡེ་༝། །ནད་བདག་མ་མོ་བྱེ་བ་༝། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་༝། །སྤྲུལ་པ་ཡང་སྤྲུལ་བཅས་པ་༝། །རྣལ་འབྱོར་སྙིང་ནས་གདུང་བའི་འབོད་དབྱངས་དང་། །དར་ནག་གཡབ་མོ་གཡབ་ཅིང་ཁྱོད་འབོད་དོ། །ནམ་མཁའ་བར་སྣང་ཆར་སྤྲིན་བཏིབ་པ་ལྟར། །སྤྱོན་གྱི་དམ་ཚིག་དགོངས་ལ་གནས་འདིར་སྤྱོན། །མི་རྐང་གླིང་བུ་རྔ་ཆེན་རོལ་མོའི་སྒྲ། ཁྲག་ཆང་བཏུང་བ་ཤ་རུས་གཏོར་མའི་ཚོགས། །དམ་ཅན་ཕོ་མོ་འབོད་ཕྱིར་བཤམས་ལགས་ན། །ས་གཞི་རླུང་དམར་ཇི་བཞིན་འཚུབ་སེ་སྤྱོན། །ཁྱེད་(༡༧ན)


GLG011_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྒྱལ་བའི་བསྟན་སྲུང་དབང་པོ་སྟེ། །བདག་ནི་རིགས་སྔཊ་འཆང་བའི་སྒྲུབ་པ་པོ། །རྩ་བརྒྱུད་བླ་མས་ཇི་ལྟར་བཀའ་བསྒོས་པ། །དྲན་པར་གྱིས་ལ་མ་ཐོགས་ད་ལྟ་སྤྱོན། །བཛྲ་ཀཱ་ལ་ཡཀྵ་ནས། རུ་ཁུ་རཀྵ་ས་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། བཛྲ་ས་མཱ་ཛ་༔ ཛཿཧཱུྃ་བཾ་ཧོཿ ཧཱུྃ མངོན་སྤྱོད་དྲག་པོའི་ཕོ་བྲང་འདིར། །གདུག་ཅན་བཾ་ཆེན་བསྒྱེལ་བའི་ཁྲིར། །སྟོབས་ཆེན་མོན་པ་ཕོ་མོ་རྣམས། །ཁྲོ་འཁྲུག་རྔམས་པའི་རོལ་པས་བཞུགས། །གོང་གི་སྔགས་ཀྱི་རྗེས་སུ། སརྦ་བིགྷྣཾ་ཤཏྲུཾ། བེ་ཏ་ཨཱ་སན་ཏི་ཥྛནྟུ། ཧཱུྃཿ འབྲུ་བཅུད་དཔའ་བོ་མྱོས་བྱེད་ཆང་། །ཞིང་བཅུ་བསྒྲལ་བའི་སྙིང་གི་ཁྲག །སྨན་རཀ་རྒྱ་མཚོར་འཁྲིགས་པ་འདི། །ལས་མགོན་ཕོ་མོའི་ཞལ་དུ་འབུལ། །སྔགས་ཀྱི་རྗེས་སུ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མཧཱ་ཙི་ཏྟ་ཁཱ་ཧི་མཧཱ་རཀྟ་ཁཱ་ཧི། ཧཱུྃ་བྷྱོཿ དཔལ་ལྡན་མགོན་པོའི་ལས་མཛད་མཐུ་བོ་ཆེ། །དམ་ཅན་ཡབ་ཡུམ་མོན་པ་ལྕམ་སྲིང་གསུམ། །སྤྲུལ་པ་ཡང་སྤྲུལ་བཅས་པའི་ཚོགས་རྣམས་ལ། །དམ་རྫས་མཆོད་པ་འབུལ་ལོ་བརྩེ་བས་བཞེས། །ཧཱུྃཿ ཅང་ཤེས་རྟ་ནག་རྟིང་དཀར་རླུང་ལྟར་འཕྱོ། །འབྲོང་གཡག་རོག་པོ་ཞོལ་ཆེན་སྤྲིན་ལྟར་བཏིབས། །གདུང་ལུག་གསེར་མིག་ལྕགས་རྭ་འཁྱིལ་བ་ཅན། ཁྱི་ནག་དོམ་བུ་འདུར་ཞིག་ཁྲག་རྗེས་སྤྱོད། །བྱ་ནག་ལྕགས་སྡེར་དགྲ་སྙིང་འབྱིན་པའི་མཆུ། །མི་ནག་གཏུམ་པོ་གད་མོས་ས་ཆེན་གཡོ། །དྲེལ་ནག་རྟིང་དཀར་བོང་བུ་གྭ་དམར་སོགས། །དཔའ་བོ་ཁྱོད་ཀྱི་ཕྱི་ཡི་དམ་རྫས་ཀྱིས། །དམ་ཅན་གནོད་སྦྱིན་ཡབ་ཡུམ་ཐུགས་དམ་བསྐང་། །གསོད་བྱེད་གཤིན་རྗེ་པུ་(༡༧བ)


GLG011_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲའི་༝། །བདུད་ཆེན་མོན་བུ་བྷ་ཏྲའི་༝། ཁ་འབར་སྲིང་མོ་རལ་གཅིག་༝། །སྟོབས་ཆེན་རུ་འདྲེན་སྡེ་བཞིའི་༝། །མོན་ནག་དྲེགས་པའི་ཚོགས་ཀྱི་༝། །ཐུགས་དམ་སྐོངས་ཤིང་ཉམས་ཆགས་མ་ལུས་བཤགས། །དམ་ཉམས་དགྲ་བགེགས་ཐལ་བའི་རྡུལ་དུ་རློགས། །ཧཱུྃཿ རྔ་ཡབ་ནག་པོ་ནལ་བུའི་རྒྱལ་མཚན་དང་། །མཚན་ལྡན་ཐོད་པ་སྙིང་སྣས་གང་བ་དང་། །དམར་ཆེན་གཏོར་མ་རི་ལྟར་སྤུངས་པ་དང་། ཁྲག་རྒོད་ཆང་གི་བཏུང་བ་མཚོ་ལྟར་འཁྱིལ། །བཟའ་བཅའ་བལྡག་པའི་ཁ་ཟས་བྱུར་བུར་གཏམས། རྣོ་ངར་ལྡན་པའི་ཕྱག་མཚན་དར་སྣས་བརྒྱན། །ཞྭ་ནག་གོས་ནག་ལྷབ་ལྷུབ་སྤྲིན་ལྟར་བཏིབས། །སྟོབས་ཅན་ཁྱོད་ཀྱི་ནང་གི་དམ་རྫས་ཀྱིས། །དམ་ཅན་གནོད་སྦྱིན་སོགས་ཤོ་ལོ་ཀ་གཉིས་སྦྱོར་བ་འགྲེ། ཧཱུྃཿ སྨྱུག་རྒོད་ཚིཊ་བདུན་བྱ་རོག་སྒྲོ་ཡི་བརྒྱན། །དར་ནག་འཕྱང་ཞིང་གནམ་ལྕགས་མདེའུར་བཅས། །ཕས་དང་གྲི་ལྕགས་བྱང་བུའི་ལན་ཚར་ཅན། །དགྲ་བགེགས་ལིངྒ་མི་བཟད་ཁྲམ་ལ་བཏབ། །སྟག་གཟིགས་རས་མ་གཡེར་ཁའི་སྒྲ་ལྡན་པ། །དྲེགས་པའི་བླ་རྡོ་རྫས་རྒོད་སྲོག་སྙིང་བཅས། །འཁྲུལ་མེད་སྲོག་གི་འཁོར་ལོ་ཁ་སྦྱར་སོགས། །ལས་མཁན་དབང་པོའི་གསང་བ་དམ་རྫས་ཀྱིས། །དམ་ཅན་གནོད་སྦྱིན་༝། །ཧཱུྃཿ དམ་ཉམས་སྙིང་ཁྲག་དྲོན་མོའི་མཆོད་ཡོན་དང་། ཁྲག་འཛགས་དབང་པོ་ལྔ་ཡི་མེ་ཏོག་སྤུངས། །བསུར་ཆེན་དུད་པས་སྤྲིན་གྱིས་ཕྱོགས་ཀུན་ཁྱབ། །ཞུན་ཆེན་སྒྲོན་མེ་འབར་བའི་སྟོང་གསུམ་གསལ། །མཁྲིས་ཆེན་ག་བུར་དྲི་ཡི་ངད་ལྡང་བ། །ཤ་རུས་ཟ་བའི་ཚོགས་རྣམས་ཁྲག་ལྟར་བཅེར། །དུང་ཆེན་གླིང་བུའི་སྒྲ་དབྱངས་(༡༨ན)


GLG011_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ལྷང་སེ་ལྷང་། །དམ་ཉམས་བསྒྲལ་བའི་ཉེར་སྤྱོད་མཆོད་པ་འདི། །དམ་ཅན་གནོད་སྦྱིན་༝། །ཧཱུྃཿ དགྲ་བགེགས་ཞིང་ཆེན་གཡང་བཞིའི་བླ་བྲེ་བྲེས། །རྒྱུ་རློན་ལྡ་ལྡི་དོན་སྙིང་ཚལ་པ་འཕྱང་། །རོ་སྐྲའི་རྔ་གཡབ་རུས་པའི་རྒྱན་དྲུག་འཁྲོལ། །ཀེང་རུས་དུམ་བུས་ས་གཞི་བཅལ་དུ་བཀྲམས། །སྟག་གཟིག་དོམ་དྲེད་ཤུན་པས་ཕྱོགས་ཀུན་ཁྱབ། །གོ་མཚོན་དཔའ་བོའི་ཆས་རྣམས་རབ་ཏུ་བཀྲ། །རྣལ་འབྱོར་ཁྲོས་ཤིང་དྲག་པོའི་རྒྱན་གྱིས་ཀླུབས། །སྟོབས་ཆེན་གསང་སྔགས་ང་རོ་སྒྲོག་པ་ཡི། །དམ་ཅན་གནོད་སྦྱིན་༝། །ལས་མཁན་ལྕམ་དྲལ་གྱི་བསྐང་བ་ནི། བྷྱོཿ ལྕང་སྤེ་བ་སེང་གེ་འབུམ་གྱིས་མཛད། བྱང་ཤར་དབང་ལྡན་མཚམས་ཀྱི་དུར་ཁྲོད་ནས། །དབང་གི་སྐྱེས་བུ་བསེ་ཡི་མདོག་ཅན་ཁྱོད། །དབང་ཐང་དཔལ་འབྱོར་རྒྱས་ཕྱིར་སྤྱན་འདྲེན་ན། །དབང་དྲག་ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །སྲིད་པའི་བུ་མོ་གར་གྱི་དབང་ཕྱུག་མ། །ལས་མཁན་སྒྲོལ་གྱིང་སྲོག་བདག་དམར་པོ་དང་། །ཨཾ་ཀྲི་ལ་སོགས་འཁོར་གྱི་བཤན་པ་རྣམས། །སྤྱན་འདྲེན་འབོད་ཀྱི་གནས་འདིར་གཤེགས་སུ་གསོལ། །སྔོན་ཚེ་ལྷ་ཆེན་མ་ཧཱ་དེ་ཝ་དང་། །ཡུམ་ཆེན་ཨེ་ཀ་ཛ་ཊིའི་སྤྱན་སྔ་རུ། །བསྟན་པ་སྲུང་ཞིང་བསྟན་དགྲ་སྒྲོལ་བ་རུ། །ཞལ་བཞེས་དྲན་པར་གྱིས་ལ་གཤེགས་སུ་གསོལ། །སྲུང་མ་ཁྱོད་ཀྱི་ཐུགས་དམ་བསྐང་བ་དང་། །རྣལ་འབྱོར་ངེད་ཀྱི་ཉམས་ཆགས་བསྐང་བའི་ཕྱིར། །སྒྲུབ་མཆོག་བདག་གིས་གདུང་བས་བོས་པའི་ཚེ། །ལྷ་མཆོག་བརྩེ་བས་དགོངས་ལ་གཤེགས་སུ་གསོལ། །རཀྨོཔྲཎ་ཞེས་པ་ནས། པདྨ་ཀ་མཱ་ལ་ཡེ་སྟཾ་ཞེས་པའི་བར་དང་། (༡༨བ)


GLG011_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མོ་གྷས་མཛད། རབ་དམར་ཁྲག་ཆང་སྦྱར་བའི་མཆོད་ཡོན་དང་། །དབང་པོའི་མེ་ཏོག་བསུར་ཆེན་དུད་པའི་སྤྲིན། །ཞུན་ཆེན་སྒྲོན་མེ་མཁྲིས་པའི་དྲི་ཆབ་དང་། །ཤ་ཁྲག་རྐང་རུས་ཞལ་ཟས་རོལ་མོར་བཅས། །ཕྱི་ནང་འདོད་ཡོན་ལྔ་དང་རིན་ཆེན་བདུན། །ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔ་སྦྱར་བའི། །གསེར་སྐྱེམས་གཙང་མ་ཕུད་ཀྱི་ནང་མཆོད་དང་། །བཙན་བཤོས་དཀར་དམར་བསེ་ཡི་ར་སྐྱེས་སོགས། །ཕྱི་ནང་གསང་བའི་དམ་རྫས་སྤྱན་གཟིགས་ཚོགས། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་འདི། །སྲོག་བདག་དམར་པོ་འཁོར་དང་བཅས་ལ་འབུལ། །རྒྱལ་བའི་བསྟན་པ་སྲུང་ཕྱིར་བཞེས་སུ་གསོལ། །སྔགས་མཆོད་དང་། གཏོར་འབུལ། འཕྲིན་ལས་བཅོལ་བ་རྣམས་བྱ། ཀྱེ། ཨ་མོ་གྷས་མཛད། དུས་གསུམ་རྒྱལ་བའི་བསྟན་སྲུང་མཐུ་རྩལ་ཅན། །སྲོག་བདག་དམར་པོ་འཁོར་བཅས་སྤྱན་ལམ་དུ། །ནམ་མཁའ་གང་བའི་དམ་རྫས་སྤྱན་གཟིགས་ཚོགས། འབྱུང་ཞིང་རྒྱས་ལ་ཐུགས་དམ་སྐོངས་གྱུར་ཅིག །རབ་དམར་ཁྲག་ཆང་མཆོད་ཡོན་མཚོ་ལྟར་འཁྱིལ། །དབང་པོ་ལྔ་ཡི་མེ་ཏོག་རི་ལྟར་སྤུངས། །ཤ་ཆེན་ཚིལ་ཆེན་དུད་པ་སྤྲིན་ལྟར་འཁྲིགས། །ཞུན་ཆེན་སྒྲོན་མེ་ཉི་ལྟར་འབར་བ་འདི། །གནོད་སྦྱིན་དྲེགས་པ་ལྕམ་དྲལ་ཐུགས་དམ་བསྐངས། །ལས་མཁན་སྲོག་བདག་དམར་པོའི་ཐུགས་དམ་བསྐངས། །གྲི་ཐོག་བཤན་པའི་ཚོགས་ཀྱི་ཐུགས་དམ་བསྐང་། །འཁོར་ཚོགས་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐངས། །འཁོར་དང་བཅས་པའི་ཐུགས་དམ་སྐོངས་གྱུར་ནས། །རྣལ་འབྱོར་དཔོན་སློབ་ཉམས་ཆགས་གསོས་གྱུར་ཅིག །མི་མཐུན་རྐྱེན་དང་བར་ཆད་(༡༩ན)


GLG011_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་པ་དང་། །མཐུན་པའི་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །གསེར་ཞུན་འཁྱིལ་འདྲ་མཁྲིས་པའི་དྲི་ཆབ་དང་། །དགྲ་བགེགས་ཤ་ཁྲག་སྤུངས་པའི་ཞལ་ཟས་དང་། །སྙན་བརྗིད་རོལ་མོའི་སྒྲ་ཡིས་སྟོང་གསུམ་ཁྱབ། །རོ་བརྒྱ་ལྡན་པའི་གསེར་སྐྱེམས་དམ་པ་འདི། །གནོད་སྦྱིན་དྲེགས་པ་སོགས་ཤོ་ལོ་ཀ་གཉིས་པོ་སྦྱོར་བ་འགྲེ། རྣོ་སྡུག་རྭ་གཡོ་ཤ་རྒྱས་དལ་གྱི་འགྲོ། །མཛེས་པའི་སྤུ་ལྡན་མཚམས་སྤྲིན་ཕུང་པོ་བཞིན། །འཇའ་ཚོན་ལྟར་བཀྲ་དར་གྱི་རྒྱན་ཆ་ཅན། །སྤྱན་གཟིགས་བསེ་ཡི་ར་སྐྱེས་ཁམ་པ་འདིས། །གནོད་སྦྱིན་༝། །ཞོལ་གཡག་ཁམ་པ་རྣམས་ནི་ངར་འཇོ་བྱེད། །མཛེས་ལྡན་རྟ་མཆོག་རྣམས་ནི་རླུང་བཞིན་རྒྱུ། །དུར་བྱ་སྲིན་བྱའི་གར་གྱིས་མཁའ་ལམ་ཁྱབ། །བསེ་ཁྲ་དམ་ཉམས་ཀླད་ལ་ལྡིང་བ་འདིས། །གནོད་སྦྱིན་༝། །སྲ་ཞིང་བརྟན་པ་རྡོ་རྗེའི་གོ་ཁྲབ་དང་། །རྣོ་ངར་མི་བཟད་སྣ་ཚོགས་མཚོན་ཆ་དང་། །དུར་བྱའི་སྒྲོ་ལྡན་དར་དམར་གཡོ་བས་མཛེས། །དགྲ་བགེགས་སྙིང་ལ་ཐོག་ལྟར་རྒྱུག་པ་འདིས། །གནོད་སྦྱིན་༝། །ཤ་ཁྲག་གཏོར་མའི་ཚོགས་ཀྱི་ས་གཞི་གང་། །ཕྱི་ནང་འདོད་ཡོན་ཚོགས་ཀྱིས་བར་སྣང་གང་། །རྒྱལ་སྲིད་རིན་ཆེན་བདུན་གྱིས་ནམ་མཁའ་གང་། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་འདིས། །གནོད་སྦྱིན་༝། །སེམས་ཉིད་རང་བཞིན་མཁའ་ལྟར་རྣམ་དག་ཀྱང་། །གློ་བུར་ཉོན་མོངས་སྤྲིན་གྱིས་གཡོག་པའི་མཐུས། །ནོངས་པར་གང་གྱུར་བཤགས་དང་བཤགས་ཡུལ་དང་། །བཤགས་བྱ་དམིགས་མེད་ངང་དུ་དག་པར་བགྱི། །སྒྲོལ་གྱིང་སྲོག(༡༩བ)


GLG011_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དམར་པོ་འཁོར་བཅས་ཀྱིས། །གནོད་སྦྱིན་དགྲ་བགེགས་ཐམས་ཅད་ཚར་ཆོད་ལ། །ཡིད་བཞིན་ནོར་དང་དཔག་བསམ་ཤིང་བཞིན་དུ། །ཕྱོགས་དང་ཐུན་མོང་དངོས་གྲུབ་ཆར་དུ་ཕོབ། །ཧཱུྃ་བྷྱོཿ ཚར་ཆེན་གྱིས་མཛད། སྔོན་ཚེ་རྒྱལ་བ་འོད་སྲུང་བསྟན་པ་ལ། །རྒྱལ་བ་ཉིད་དང་སྨོན་ལམ་ལྷན་ཅིག་བཏབ། ཞིང་འདིར་ཐུབ་བསྟན་སྲུང་བར་དམ་བཅས་པའི། ཁྱོད་ཀྱི་ཐུགས་དམ་གཉེན་པོ་དུས་ལ་བབ། །འཛམ་གླིང་བྱང་ཤར་དུར་ཁྲོད་མ་རུ་ཙེར། །ལྷ་ཆེན་པོ་དང་ཨེ་ཀ་ཛ་ཊི་ཡི། །སྤྱན་སྔར་བསྟན་དགྲ་སྒྲོལ་བར་ཁས་བླངས་པའི། །ཐུགས་དམ་དུས་ལ་བབ་བོ་ས་མ་ཡ། །གཤིན་རྗེ་གཤེད་དང་མ་ཧཱ་དེ་ཝ་དང་། །ཉི་འོད་གྲགས་པ་ཟླ་བ་ནག་པོ་དང་། །དྷ་ར་ཀྲ་ཤུ་གཉན་ལོ་དར་མ་གྲགས། ཁའུ་པ་དང་རྗེ་བཙུན་ས་སྐྱ་པ། །བཀྲ་ཤིས་འོད་ཟེར་གྲུབ་ཐོབ་འདར་ཕྱར་ཞབས། །བརྩོན་འགྲུས་རྡོ་རྗེ་ཇོ་སྲས་སངས་རིན་དང་། །སློབ་དཔོན་ཤེར་མཚོ་བསོད་ནམས་དབང་ཕྱུག་དང་། །ལྕང་སྤེ་བ་དང་ཀུན་མཁྱེན་མུས་སྲད་པ། །རིན་ཅེན་བཀྲ་ཤིས་ཡོན་ཏན་མགོན་པོ་དང་། །གཞོན་ནུ་དཔལ་དང་རྡོ་རྗེ་རྒྱལ་མཚན་ཞབས། །ཤེས་རབ་རིན་ཅེན་ཚར་པ་རྡོ་རྗེ་འཆང་། །ཀུན་མཁྱེན་མཁྱེན་བརྩེ་བསོད་ནམས་ཆོས་འཕེལ་ཞབས། །དབང་ཕྱུག་རབ་བརྟན་མགོན་པོ་བསོད་ནམས་རྗེ། །གྲུབ་པ་མཆོག་བརྙེས་རྗེ་བཙུན་ཨ་ནནྟ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་སོགས། །རྩ་བརྒྱུད་བླ་མས་བརྟེན་ཅིང་བསྒྲུབས་པ་དང་། །གསོལ་ཞིང་མཆོད་པའི་ལྷ་མཆོག་མཐུ་བོ་ཆེ། །སྒྲོལ་གྱིང་དམར་པོ་ལྕམ་དྲལ་འཁོར་བཅས་རྣམས། །ཤ་ཆེན་རྒྱན་གྱིས་བརྒྱན་པའི་གཏོར་མ་ལོང་། ཁྲག་རྒོད་(༢༠ན)


GLG011_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་སྨན་གྱི་མཆོད་པ་བཞེས། །རྩ་བརྒྱུད་དཔལ་ལྡན་བླ་མའི་དམ་ཚིག་དགོངས། །རིགས་འཛིན་རྣལ་འབྱོར་བདག་གི་སྟོང་གྲོགས་མཛོད། ཁྱོད་ལ་འཕྲིན་ལས་གཉན་པོ་གསོལ་བ་ནི། །རྒྱལ་བའི་བསྟན་པ་གཉན་པོ་གཤིག་པ་དང་། །དཀོན་མཆོག་གསུམ་གྱི་དབུ་འཕང་དམད་པ་དང་། །མཚན་ལྡན་བླ་མའི་སྐུ་ལ་སྡོ་བ་དང་། །སྐྱེ་འགྲོ་སེམས་ཅན་ཡོངས་ལ་གནོད་ཅིང་འཚེ། །ཁྱད་པར་རྣལ་འབྱོར་བདག་ཅག་དཔོན་སློབ་ལ། །སྔ་དགྲ་ངན་པ་ལག་ལ་བཀལ་བ་དང་། །ཕྱི་དགྲ་སྙིང་ལ་བསམས་ཤིང་བྱེད་པ་དང་། །ད་ལྟ་གནོད་ཅིང་འཚེ་བའི་དགྲ་དང་བགེགས། །སྐྱབས་སུ་བརྫུས་ཤིང་གཉའ་ནས་བཅོག་པ་དང་། །གྲོགས་ལྟར་འགྲོག་ཤིང་སྙིང་ནས་བརྐུ་བ་དང་། །བྲན་དུ་སྤྲུལ་ནས་རྐང་ནས་འདྲེན་པ་རྣམས། །སྲོག་བདག་ཆེན་པོ་ཁྱོད་ལ་ཟས་སུ་གཏད། །འདི་ལ་བསྲུང་ཞིང་སྐྱོབ་པའི་གནས་མེད་ཀྱི། །བཙན་དམར་སྟོང་གིས་ཞགས་པས་དམ་དུ་ཆིངས། །བདུད་པོ་སྟོང་གིས་མི་བཟད་ཁྲམ་ལ་ཐོབ། །མ་མོ་བྱེ་བས་དལ་ཡམས་གཟེར་ཆེན་ཕོབ། །གཤིན་རྗེ་སྟོང་གིས་ཚེ་སྲོག་ད་ལྟ་ཆོད། །གནོད་སྦྱིན་སྟོང་གིས་སྲོག་དབུགས་དྲོན་མོ་འགོམ། །ཐེའུ་རང་རྒྱལ་པོས་ལྟས་ངན་ཆོ་འཕྲུལ་ཁྱེ། །སྲོག་བདག་དམར་པོས་དོན་སྙིང་སྤར་གྱིས་ཐོབ། །གདོང་དམར་འབར་མས་སྲོག་དབུག་ཧུབ་ཀྱིས་དྲོངས། །གནོད་སྦྱིན་ཆེན་པོས་ཟངས་གྲིས་མགོ་བོ་ཁོས། །རྣམ་ཤེས་ཆོས་དབྱིངས་དག་པའི་ཞིང་དུ་དྲོངས། །ཡུན་རིང་ལོ་དང་ཟླ་བར་མ་བཞག་པར། །མ་ཐོགས་ཞག་དང་ཟ་མའི་དུས་ཉིད་ལ། །དམ་ཉམས་གདུག་ཅན་དགྲ་བོ་མ་ལུས་པ། །བསད་ཅིང་བསྒྲལ་བའི་ཕྲིན་ལས་ཁྱོད་ཀྱིས་མཛོད། །ཧཱུྃཿ གཞན་ཡང་ཁྱོད་(༢༠བ)


GLG011_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྲིན་ལས་ཞུ་བ་ནི། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །སྔོན་གྱི་ལས་དང་ཕྲལ་རྐྱེན་ལས་བྱུང་བའི། །བར་ཆད་མི་མཐུན་ཕྱོགས་ཀུན་བཟློག་པར་མཛོད། །གཤིན་རྗེའི་འཁོར་ལོ་བདུད་ཀྱི་ཁྲམ་འདེབས་དང་། །བཙན་གྱི་ཞགས་པ་མ་མོའི་དལ་ཡམས་དང་། །རྒྱལ་པོའི་སྨྱོ་འབོག་ཟ་རྒོད་གདོང་ཐུག་རྣམས། །དམ་ཉམས་སྡིག་ཅན་དགྲ་བོའི་སྟེང་དུ་བསྒྱུར། །བན་བོན་གདུག་པའི་ངན་སྔགས་བཟོད་དཀའ་དང་། །ལྷ་སྲིན་དྲག་པོའི་རྦོད་གཏོང་ཟུག་པ་དང་། །བདེན་ཅིང་ཡུས་པའི་སྨོད་མོ་འདེབས་པ་རྣམས། །སྟོབས་ཆེན་དྲག་པོས་དེ་ཉིད་རང་ལ་བསྒྱུར། །བཞི་བརྒྱ་རྩ་བཞིའི་ནད་རིགས་ཐམས་ཅད་དང་། །སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱི་གནོད་པ་དང་། །གློ་བུར་ཡེ་འཕྲོག་སུམ་བརྒྱ་དྲུག་ཅུ་རྣམས། །བཟློག་ཅིང་བསྒྱུར་བའི་ཕྲིན་ལས་ཁྱོད་ཀྱིས་མཛོད། །མདོར་ན་བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །དེང་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་བར། །སྟོབས་ཆེན་ཁྱོད་ཀྱི་སྲུང་ཞིང་སྐྱོང་བ་དང་། །ལུས་དང་གྲིབ་མ་བཞིན་དུ་རབ་འགྲོགས་ནས། །མི་ནོར་ལོངས་སྤྱོད་དགོན་གནས་བཅས་པ་ལ། །ཉིན་གསུམ་བྱ་ར་མཚན་གསུམ་མེལ་ཚེ་མཛོད། །སྲུང་སྐྱོབས་སྦ་བའི་སྟོང་གྲོགས་གཉན་པོ་དང་། །བཅོལ་བའི་འཕྲིན་ལས་ལྷུན་གྱི་གྲུབ་པར་མཛོད། །ཧཱུྃཿ ཁོ་བོས་བརྩམས། བསྟན་སྲུང་རྒྱ་མཚོའི་སྡེ་དཔོན་རྡོ་རྗེ་གུར། །སྟོབས་འཕྲོག་ལེགས་ལྡན་ནག་པོ་གདོང་བཞི་པ། །སྲོག་གཤེད་ལས་མཁན་པུ་ཏྲ་མིང་སྲིང་ཆེ། །དགྲ་བོའི་བཤན་པ་བེག་ཙེ་ལྕམ་དྲལ་དགོངས། །དཀྱིལ་འཁོར་རྒྱ་མཚོའོ་ཁྱབ་བདག་རྡོ་རྗེ་འཆང་། །འཕགས་བོད་མཁས་གྲུབ་ས་བསྙེས་ལོ་པཎ་(༢༡ན)


GLG011_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །འཁོན་སྟོན་འཇམ་དབྱངས་རིམ་བྱོན་ས་སྐྱ་བ། ཁྱད་པར་ཚར་ཆེན་ཡབ་སྲས་བརྒྱུད་བཅས་ཀྱིས། །ཕྱི་རོལ་དུར་ཁྲོད་བརྒྱད་དུ་རབ་རྒྱུ་བའི། ཁྲོ་གཏུམ་དྲེགས་པའི་དམག་གི་དཔུང་ཚོཊ་རྣམས། །གཏོར་མའི་རི་བོ་རཀྟའི་རྒྱ་མཚོ་བསྐྱིལ། །ཕྱི་ནང་གསང་རྟེན་རྫས་ཀྱི་བསྟེན་ཅིང་མཆོད། །ནང་དུ་རྡོ་རྗེ་ལུས་ཀྱི་རྩ་རླུང་ཁམས། །རྒྱུད་གསུམ་དྲེགས་པའི་སྒྱུ་འཕྲུལ་རོལ་པར་ཤར། །གསང་བ་གསལ་སྟོང་ཟུང་འཇུག་བདེ་བ་ཆེ། །སེམས་ཉིད་གཅིག་པུར་ངེས་པའི་རང་ཞལ་བལྟས། །དམ་ཚིག་རྡོ་རྗེའི་ར་བ་སྲ་ཞིང་མཁྲེགས། །སྨིན་བྱེད་དབང་གི་ཆུ་བོ་མ་ནུབ་འཕེལ། །ལས་བཞི་སྨིན་གྲོལ་གནས་གསང་འཕྱུགས་པ་མེད། །མན་ངག་མཁའ་འགྲོའི་ཁ་རླངས་འཐུལ་ལེ་བ། །སྙན་ནས་སྙན་བརྒྱུད་ཚད་མ་བཞི་ལྡན་ཆོས། །འཛིན་མཁས་རྡོ་རྗེའི་སློབ་དཔོན་རིམ་བྱོན་གྱིས། །རྡོ་རྗེ་གཙུག་བཞག་ལྕེ་ལ་མནའ་ཆུ་བླུད། །དམ་ཚིག་བསྒྲགས་པས་གཡར་དམ་ཉེར་དགོངས་ལ། །ཕན་བདེའི་རྩ་ལག་ཀུན་མཁྱེན་ཤཱཀྱའི་བསྟན། །བཤད་དང་སྒྲུབ་པས་དབྱར་མཚོ་ལྟར་འཕེལ་ཞིང་། ཁྱད་པར་ཁའུ་པར་གྲགས་སློབ་བཤད་ཀྱི། །རིང་ལུགས་སྲིད་མཐའི་བར་དུ་རྒྱས་པར་མཛོད། འཇིག་རྟེན་ཀུན་གྱི་ནག་པོ་འབྲས་སྨིན་པའི། །དུས་ཀྱི་ཆད་པ་མིང་ཡང་མི་གྲགས་ཞིང་། །བྱེ་བྲག་གངས་ཅན་ཁ་བའི་སྨན་ལྗོངས་འདིར། །འགྲོ་ཀུན་བདེ་སྐྱིད་དཔལ་ལ་སྤྱོད་པར་མཛོད། །ཡང་སྒོས་རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །སྔ་དགྲ་ལག་དར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་གནོད་ཅིང་འཚེ་བའི་གདུག་ཅན་དཔུང་། །རྒྱབ་བརྟེན་(༢༡བ)


GLG011_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

མི་དང་མི་མིན་བཅས་པ་ཀུན། །གནམ་གྱི་འཇུ་ཐག་གཉན་པོ་སྟེང་ནས་ཆོད། །ས་ཡི་རྟེན་ཕུར་རྩ་བ་འོག་ནས་ཕྱུངས། །བསོད་ནམས་སྟོབས་འབྱོར་མངའ་ཐང་ཀུན་དར་འཕེལ། །བླ་སྲོག་ཚེ་གསུམ་སྦར་གྱིས་ཐོབ་ལ་བཀུམས། །ཡིད་སྲུབས་ལས་རྒྱལ་བ་དན་སྲིད་རྩེར་འཕྱོར། །རྨད་བྱུང་སྙན་གྲགས་རྫ་རྔ་ཕྱོགས་བཅུར་སྒྲོགས། །མི་གཤིགས་རྡོ་རྗེའི་སྲོག་གི་ཀ་བ་ཚུགས། །བསོད་ནམས་ཉི་མའི་དངོས་རྒྱའི་གཟི་བྱིན་སྐྱེད། །ཚེ་འདིར་གྲུབ་མཐའ་སྙོགས་པར་མ་གྱུར་ན། །འཆི་བ་འོད་གསལ་དཔལ་ལྡན་ནག་པོ་ཆེས། །སྔར་འདྲིས་མཛའ་བོ་བཞིན་དུ་གྲོགས་མཛད་ནས། །མཁའ་སྤྱོད་བདེ་ཅན་དག་པའི་ཞིང་དུ་དྲོངས། །རིང་པོར་མི་ཐོགས་རིགས་རྣམས་ཀུན་གྱི་བདག །ཟུང་འཇུག་སྒྱུ་མའི་གར་མཁན་བཅོམ་ལྡན་འདས། །དགྱེས་མཛད་རྡོ་རྗེ་ཧེ་རུ་ཀ་དཔལ་གྱི། །གོ་འཕང་མངོན་དུ་གྱུར་བའི་ཕྲིན་ལས་མཛོད། །སྨྲས་པ། ཕུལ་བྱུང་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །ཟག་མེད་བདེ་སྟོང་རོལ་བའི་བདུད་རྩིའི་དཔྱིད། །རྡོ་རྗེའི་ཆོས་སྲུང་དགྱེས་པ་སྐྱེད་བྱེད་པ། །མཁའ་དབྱིངས་ཁྱོན་ཀུན་མ་ལུས་གང་སྙམ་བྱེད། །ཕྱི་ནང་གསང་བ་དམ་རྫས་སྤྱན་གཟིགས་ཀྱིས། །དམ་ཅན་མཚོ་ལ་ངང་མོ་བཞིན་དུ་འདུ། །སྙིང་ནས་ཤུགས་དྲག་གདུང་བའི་བཤགས་པ་ཡིས། །ཉམས་ཆགས་དྲི་མ་འཁྲུད་པའི་གངྒའི་རྒྱུན། །འཁྲུལ་མེད་ལམ་སྲོལ་ཇི་བཞིན་ཉམས་ལེན་པ། །དེང་དུས་ཁ་བས་བསྐོར་བའི་ཡུལ་ལྗོངས་ན། ཁའུ་བྲག་རྫོང་བཞེད་སྲོལ་འཛིན་རྣམས་ལས། །གཞན་དུ་ཨུ་དུམ་ཝ་རའི་མེ་ཏོག་བཞིན། །དེ་ལྟར་གུར་མགོན་གཟི་ལྡན་དབང་ཕྱུག་ཉིད། །(༢༢ན)


GLG011_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྡོད་བཅས་པ་བསྐང་བཤགས་མཆོད་སྤྲིན་གྱིས། །མཉེས་བྱེད་ཁྲིགས་སུ་བཀོད་པའི་དགེ་བ་ཡིས། །འཕྲིན་ལས་རྣམ་བཞི་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་གུར་གྱི་མགོན་པོ། གདོང་བཞི་པ་ལས་མཁན་དང་བཅས་པའི་གཏོར་སྒྲུབ་བྱ་བ་ལ་ཉེ་བར་མཁོ་བའི་ལེ་ལག་མཆོད་པ་བསྐང་བཤགས་ཀྱི་རིམ་པ་ཆོས་སྲུང་དགྱེས་པའི་སྒྲ་དབྱངས་ཞེས་པ་འདི་ཡང་དཔལ་ས་སྐྱའི་བཀའ་སྲུང་རྣམས་ཀྱི་གཏོར་ཆོག་གི་ལྷན་ཐབས་དངོས་གྲུབ་རོལ་མཚོའི་དགོངས་པ་ལྟར་རང་གི་བརྗེད་བྱང་དང་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱིས་ཉམས་ལེན་དུ་ཟ་ཧོར་གྱི་རིགས་ལས་ཨ་བ་བྷུ་ཏི་པའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །མངྒ་ལཾ།། །།


previousདཔལ་མགོན་པོ་ཆེ་ཆུང་ལས་མཁན་རྣམས་ཀྱི་བསྐང་བཤགས་ཆོས་སྲུང་དགྱེས་པའི་སྒྲ་དབྱངས།next