Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
དཔལ་མགོན་པོ་ཆེ་ཆུང་ལས་མཁན་རྣམས་ཀྱི་གཏོར་མའི་ཆོ་ག་ལས་བཞི་ལྷུན་གྲུབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་མགོན་པོ་ཆེ་ཆུང་ལས་མཁན་རྣམས་ཀྱི་གཏོར་མའི་ཆོ་ག་ལས་བཞི་ལྷུན་གྲུབ།next

དཔལ་མགོན་པོ་ཆེ་ཆུང་ལས་མཁན་རྣམས་ཀྱི་གཏོར་མའི་ཆོ་ག་ལས་བཞི་ལྷུན་གྲུབ།


GLG011_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་པོ་ཆེ་ཆུང་ལས་མཁན་རྣམས་ཀྱི་གཏོར་མའི་ཆོ་ག་ལས་བཞི་ལྷུན་གྲུབ་བཞུགས་སོ།།


GLG011_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭསྟི་སིདྡྷཾ། ཨིནྡྲ་ནཱི་ལའི་ས་འཛིན་དབང་པོ་གང་། །ཉིན་བྱེད་འབུམ་གྱིས་འཁྱུད་པའི་དཔལ་མངའ་བ། །གཉིས་མེད་བདེ་སྟོང་མཆོག་གི་རོལ་གར་མཁན། །དཀྱིལ་འཁོར་རྒྱ་མཚོའི་གཙོ་དེར་གུས་པས་འདུད། །བྲམ་ཟེ་མཆོག་སྲེད་རི་སུལ་རྣལ་འབྱོར་མ། །ཆོས་སྲུང་བྲན་ལྟར་འཁོལ་བའི་མལ་ལོ་གཉན། །རྡོ་རྗེ་འཛིན་པའི་གཙུག་རྒྱན་ས་སྐྱ་པ། །འཁྲུལ་མེད་གདམས་པའི་གསུང་ངག་འཛིན་རྣམས་རྒྱལ། །བདག་ཆེན་རྡོ་རྗེ་འཆང་དང་ཀུན་སྤངས་རྗེའི། །ཐུགས་བཅུད་གསང་ཆེན་སློབ་བཤད་འཛིན་མཁས་པའི། །རྡོ་རྗེ་འཆང་དབང་ཚར་ཆེན་ཆོས་ཀྱི་རྗེ། །ཡབ་སྲས་བརྒྱུད་པར་བཅས་ལ་གུས་བཏུད་ནས། །བསྟན་སྲུང་དབང་པོ་མགོན་ཟུང་ལས་མཁན་བཅས། །འཁོར་ཚོགས་རྨད་བྱུང་གཏོར་མའི་མཆོད་པ་ཡིས། །དགྱེས་བསྐྱེད་འཕྲིན་ལས་མྱུར་མགྱོགས་ཕོ་ཉ་ཡི། །དགོངས་དོན་ཇི་བཞིན་འདྲི་བར་གནང་བ་སྩོལ། །དེ་ལ་འདིར་འཕགས་པའི་ཡུལ་དུ་སློབ་དཔོན་ཆེན་པོ་བྲམ་ཟེ་མཆོག་སྲེད་དང་རི་སུལ་གྱི་(༢ན)


GLG011_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་མ་སོགས་གངས་རིའི་ལྗོངས་འདིར་རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ཀྱི་བསྟན་སྲུང་གི་གཙོ་བོ་གུར་གྱི་མགོན་པོ། གདོང་བཞི་པ། ལས་མཁན་འཁོར་བཅས་ལ་མཆོད་གཏོར་འབུལ་བའི་ངག་འདོན་གྱི་རིམ་པ་ལ་ཐོག་མར་རྟེན་དང་མཆོད་གཏོར་སྤྱན་གཟིགས་སོགས་སྟ་གོན་དུ་ཇི་ལྟར་བྱ་བའི་རིམ་པ་རྣམས་ནི་འཕྲིན་ལས་མྱུར་མགྱོགས་སོགས་ཁུངས་བཙུན་གྱི་ཡིག་ཆ་དང་། མཐོང་བརྒྱུད་ཀྱི་ཕྱག་ལེན་ཞལ་ལས་ཤེས་པར་བྱ་དགོས་ཤིང་ངག་དོན་དངོས་ལ་རྡོ་རྗེ་བྲག་རྫོང་མའམ་རང་ཉིད་རྒྱུན་དུ་བྱ་བའི་ཡི་དམ་གང་ཡང་རུང་བའི་བདག་བསྐྱེད་བཟླས་པ་དང་བཅས་པ་སོང་ནས། བཟླས་གཏོར་བྱིན་གྱིས་བརླབས་ནས་འབུལ་བ་སོགས་ཀྱང་གཞུང་བཞིན་བྱ། ནག་པོ་ཆེན་པོ་གུར་མགོན་གྱི་གཏོར་མ་འབུལ་བ་ནི། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ། ཞེས་ལན་གསུམ་བརྗོད་ཅིང་། སྔགས་དོན་བསམ་པའི་སྒོ་ནས་དམིགས་པ་དང་ཕྱག་རྒྱ་རྣམས་གསུང་རྒྱུན་ལྟར་བྱས་རྗེས། །མདུན་གྱི་ནམ་མཁའི་གནས་སུ་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་དཀྱིལ་(༢བ)


GLG011_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་སྟེང་དུ་བདུད་ཐམས་ཅད་ཀྱི་ངོ་བོ་མི་རོ་དམར་སེར་མགོ་གཡས་སུ་བསྟན་པའི་སྟེང་དུ་ཧཱུཾ་མཐིང་ནག་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ཆེ་ཞིང་ཆེར་འབར་བ། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་གྲི་གུག་དང་། གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཕྱག་གཉིས་ཀྱི་དབུས་ན་རྣམ་འཕྲུལ་གྱི་གཎྜི་བསྣམས་པ། སྤྱན་གསུམ་དང་ལྡན་པ། ཞལ་མཆེ་བ་གཙིགས་པའི་གྲ་ནས་ཁྲག་འཛག་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། དར་སྣ་ཚོགས་ཀྱི་ཅོད་པན་དང་ལྷབ་ལྷུབ་ཀྱིས་ཀླུབས་པ། མིའུ་ཐུང་གེལ་བའི་འདུག་སྟངས་ཀྱིས་རོའི་སྟེང་ན་བཞུགས་པ། དེའི་གཡས་ན་བྱ་ནག་འབུམ་སྡེ་གཤོག་སྐོར་བྱེད་པ། གཡོན་ན་ཁྱི་ནག་འབུམ་སྡེ་འཁང་ཞིང་ཟུག་པ། རྒྱབ་ན་ཅེ་སྤྱང་འབུམ་སྡེ་གཡལ་ཞིང་རྒྱུག་པ། མདུན་ན་མི་ནག་འབུམ་སྡེ་གནམ་དུ་འོ་དོད་འབོད་པ། སྟེང་ན་ཁྱུང་ཆེན་འབུམ་སྡེ་ལྡིང་ཞིང་འཁོར་བ། མི་བསྐྱོད་པའི་ཅོད་པཎ་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་གཡོན་དུ་པདྨ་དང་ཉི་མའི་སྟེང་དུ་ཊཾ་ལས་ཨེ་ཀ་ཛཱ་ཊཱི་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་བདུད་རྩིས་གང་བའི་གཡུའི་བུམ་པ་ཐུགས་ཀར་འཛིན་པ། དར་དཀར་གྱི་ན་(༣ན)


GLG011_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བཟས་སྟོད་གཡོགས་ཤིང་། སྟག་གི་པགས་པའི་ཤམ་ཐབས་ཅན། གཡུའི་རལ་པ་ལན་བུ་གཅིག་ཏུ་གྱུར་ནས་གཡོན་དུ་འཕྱང་བ། ཁྲོ་མོའི་རྣམ་པ་ཅན། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ལྟོ་བ་ཡངས་པའི་ནང་དུ་ཏྲག་ལས་ཁྲག་གི་རྒྱ་མཚོའི་དབུས་སུ་བྷྱོཿལས་དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ་བོང་བུ་གྭ་པ་ལ་ཞོན་པ། སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་བཞི་མ། གཡས་ཀྱི་དང་པོ་ན་རལ་གྲི། གཉིས་པ་ན་ཐོད་པ་ཁྲག་གིས་གང་བ་འཛིན་པ། གཡོན་གྱི་དང་པོ་ན་མདུང་། གཉིས་པ་ན་རྩེ་གསུམ་གྱི་མགུལ་ན་དར་ནག་གིས་བ་དན་འཕྱར་བ་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔ་དང་ལྡན་པ། གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་། བ་ལང་གི་ཀོ་བས་སྨད་གཡོགས་པ། རེ་ལྡེའི་ཤམ་ཐབས་ཅན་ཀླུའི་དབང་པོའི་སྐེ་རགས་བཅིངས་པ། སྤྱན་གསུམ་དང་ལྡན་ཞིང་མི་རོ་རངས་པོ་ཁར་བཅུག་ནས་མཆེ་བ་གཙིགས་པ། སྙན་གཡས་པ་ལ་དུག་སྦྲུལ་དང་གསེར་གྱི་དྲིལ་བུ། གཡོན་པ་ལ་སེང་གེ་དང་གཡུའི་དྲིལ་བུས་བརྒྱན་པ། ཞབས་གཉིས་ལྕགས་སྒྲོག་གིས་མཛེས་པར་བྱས་པ། སྐུ་ལ་ཁྲག་གི་ཐིག་ལེ་དང་། ཞག་གིས་སོར་རིས་དང་། ཐལ་ཆེན་གྱི་ཚོམ་བུ་བཀོད་པ། ཤིན་ཏུ་རིད་ཅིང་མི་སྡུག་པའི་ལྟེ་བའི་ཐད་ཀ་ནས་ཉི་ཟླ་འཕྱར་བ། མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེའི་དབུས་ན་ཧཱུཾ་དང་བྷྱོཿའི་སྒྲ་སྒྲོག་པ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་(༣བ)


GLG011_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

མཧཱ་ཀཱ་ལཱི་དེ་ཝཱི་ཧཱུཾ་བྷྱོ་ཧཱུཾཿ མགོན་པོའི་ཐུགས་ཀའི་ཧཱུཾ་དང་ལྷ་མོའི་ཐུགས་ཀའི་མྨ་ལས་ཏྲི་ཡིག་ནག་པོ་གཉིས་ཆད། ལྕམ་དྲལ་གྱི་མདུན་དུ་པདྨ་དང་ཉི་མ་དང་རོའི་གདན་གཉིས་ཀྱི་གཡས་ཕྱོགས་ཀྱི་སྟེང་དུ་ཏྲི་ཡིག་དང་པོ་ཡཾ་དུ་གྱུར་པ་ལས། ནག་པོ་གནོད་སྦྱིན་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་གསེར་གྱི་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་། གཡོན་སྦར་བ་ཕྱིར་གདེངས་པའི་ལག་མཐིལ་ན་ཉི་མའི་དཀྱིལ་འཁོར་འཆར་བ། དར་མེན་གྱི་ག་ཤ་དང་། དར་གྱི་ཨངྒ་རག་བྱས་པ་ཟ་འོག་ནག་པོའི་གོས་དང་། མི་ལྤགས་ཀྱི་གཡང་གཞི་རློན་པ་ཁྲག་འཛག་པ་ལྡིང་སྟབས་སུ་གྱོན་པ། རལ་པ་གྱེན་དུ་བརྫེས་ཤིང་གསེར་གྱི་རྣ་ཆ་འཕྱང་བ། ཞབས་གཡོན་བརྐྱང་བའི་གྱད་ཀྱི་དོར་སྟབས་ཀྱིས་བཞུགས་པ། གཡོན་གྱི་གདན་གྱི་སྟེང་དུ་ཏྲི་ཡིག་གཉིས། མྨཾ་དུ་གྱུར་པ་ལས་ནག་མོ་གནོད་སྦྱིན་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་གསེར་གྱི་སྤུ་གྲི་འཕྱར་ཞིང་། གཡོན་སྦར་བ་ཕྱིར་གདེངས་པ་ལག་མཐིལ་ན་ཟླ་བའི་དཀྱིལ་འཁོར་འཆར་བ། དར་མེན་གྱི་ག་ཤ་དང་། དར་གྱི་ཨངྒ་རག་བྱས་པ། དར་ནག་པོ་གསེར་གྱི་ཐིག་ལེ་ཅན་གྱི་གོས་གྱོན་པ། རལ་པ་ཐུར་དུ་ཉིལ་ཞིང་བྱུ་རུའི་ལན་ཚར་འཕྱང་བ། ཞབས་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། དེ་གཉིས་ལས་དེ་འདྲ་བ་མང་པོ་འཕྲོས་པས་འཇིག་རྟེན་གྱི་ཁམས་གང་ནས་ལས་བྱེད་པ། ཨ་ལི་ཨ་ལི་མ་ཛཿཛཿཤཾ་ཤཾ །ལི་ཤི་དེད། ཨ་ཤྭ་དེད། མོ་སྨུགས་སྤུ་གྲི་ཨ་ལི་མ་ཛཿཛཿནག་མོ་ཤ་ལ་རུབས་ཛཿཛཿ ཨོཾ་རོ་རུ་རོ་རུ་ཏྲི་ཙ་པ་ལ་ཨ་ཤུག་མེ་མ་ཧཱུཾ་མ་བྷྱོ་ཛཿཛཿཡབ་ཀྱི་ཐུགས་(༤ན)


GLG011_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་ཏྲི་ལས་ཏྲི་ཡིག་ནག་པོ་གཉིས་དང་། ཡུམ་གྱི་ཐུགས་ཀའི་མྨ་ལས་མྨ་ཡིག་ནག་པོ་གཅིག་ཆད། ཡབ་ཡུམ་དེ་གཉིས་ཀྱི་མདུན་དུ་དམ་ཉམས་ཀྱི་རོའི་གདན་གསུམ་གྱི་སྟེང་དུ་ཏྲི་ལས་གཤིན་རྗེ་མ་རུངས་པ་མོན་བུ་པུ་ཏྲ་མདོག་ནག་པོ་ཕྱག་གཡས་ཤང་ལང་རབ་ཏུ་འབར་བ་ནམ་མཁའ་ལ་འཕྱར་བ། གཡོན་དམ་ཉམས་ཀྱི་ཀླད་ཁྲག་གིས་གང་བའི་ཐོད་པ་ཞལ་དུ་གསོལ་བ། དར་ནག་པོའི་ལྷབ་ལྷུབ་དང་། དར་མེན་གྱི་ག་ཤ་ཅན། དར་དཀར་པོའི་ཨངྒ་རག་གསོལ་བ། རལ་པ་གྱེན་དུ་གཟིངས་ཤིང་། རྣ་བ་ལ་དུང་ལོང་འཁྲོལ་བ། ཞབས་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། དེའི་གཡོན་དུ་ཏྲི་ལས་བདུད་མ་རུངས་པ་མོན་བུ་བྷ་ཏྲ་མདོག་ནག་པོ་ཕྱག་གཡས་དམ་ཤིང་འཕྱར་ཞིང་། གཡོན་པས་དམ་ཉམས་ཀྱི་སྙིང་དམར་པོ་ཁྲག་འཛག་པ་རྩ་ལག་དང་བཅས་ཏེ་ཞལ་དུ་གསོལ་བ། དར་ནག་གི་གོས་ལྷབ་ལྷུབ་ཀྱི་སྟེང་དུ་དར་མེན་གྱིས་ག་ཤ་ཅན། སྟག་སློག་གྱོན་པ། རལ་པ་གཟིངས་ཤིང་། རྣ་བ་ལ་དུང་ལོང་འཁྲོལ་བ། ཞབས་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། དེའི་གཡོན་དུ་མྨ་ལས་མོན་མོ་གསེར་གྱི་སྤུ་གྲི་མ་མདོག་ནག་མོ་ཁ་ནས་མེ་འབར་བ། ཕྱག་གཡས་གསེར་གྱི་སྤུ་གྲི་རྣོན་པོ་འཕྱར་བ། གཡོན་གདུག་པ་ཅན་གྱི་རྒྱུ་མ་ཞལ་དུ་གསོལ་ཞིང་འབྲད་པ། ཟ་འོག་ནག་ཁྲའི་གོས་གྱོན་ཞིང་དར་མེན་གྱི་ག་ཤ་བཅིངས་པ། རལ་པ་ཐུར་དུ་འཕྱང་ཞིང་རྣ་བ་ལ་དུང་ལོང་འཁྲོལ་བ། ཞབས་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། དེ་ལྔ་ཀའང་སྤྱན་གསུམ་དམར་པོར་ལྡོག་ཅིང་དགྲ་བགེགས་ལ་སྡང་མིག་ཏུ་(༤བ)


GLG011_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་བ་ཞལ་བགྲད་ཅིང་མཆེ་བ་གཙིགས་ནས་ལྗགས་གློག་ལྟར་འཁྱུག་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་། མགོ་རློན་ཁྲག་འཛག་པའི་དོ་ཤལ་དང་། མིའི་རྒྱུ་མ་རློན་པ་དང་། རུས་པའི་ཕྲེང་བས་སྤྲས་པ་ཤིན་ཏུ་འཇིགས་ཤིང་རྔམ་པ་ལ་དགྲ་བགེགས་ཐམས་ཅད་ཀྱི་སྲོག་དབུགས་སྐད་ཅིག་ཉིད་ལ་འཕྲོག་པའི་རྣམ་པ་ཅན། ལྕམ་དྲལ་གསུམ་གྱི་ཐུགས་ཀར་ཏྲི་ཏྲི་མྨའི་ས་བོན་ལས་རང་འདྲ་བའི་སྤྲུལ་པ་དཔག་ཏུ་མེད་པ་འཕྲོས་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བས་འཕྲིན་ལས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པ། དེ་རྣམས་ཀྱི་གཡས་ཀྱི་རུ་འདྲེན་པ་སྐྱེས་པ་དཔའ་བོ་སྟག་ཆས་རྒྱན་པ་བརྒྱ། གཡོན་གྱི་རུ་འདྲེན་པ་དགེ་སློང་དགྲ་བཅོམ་པ་བརྒྱ། སླད་ཀྱི་རྗེས་སུ་འབྲང་བ་བནྡྷེ་ནག་པོ་བརྒྱ། མདུན་གྱི་བཤུལ་བྱང་འདྲེན་པ་བུད་མེད་ནག་མོ་བརྒྱ། དེ་རེ་རེ་ལའང་འཁོར་འབུམ་སྡེ་རེ་རེས་བསྐོར་བ། གཞན་ཡང་དམ་ཉམས་ཀྱི་རྗེས་གཅོད་པའི་བྱ་ནག ཁྱི་ནག །མི་ནག །ལྕགས་སྤྱང་ཅེ་སྤྱང་ལ་སོགས་པ་ཕོ་ཉ་བསམ་གྱིས་མི་ཁྱབ་པས་བསྐོར་བ། གཎྜི་ལས་སྤྲུལ་པའི་དམ་ཚིག་ཅན་རྟག་ཏུ་བསྲུང་བའི་ཁྲོ་བོའི་ཚོགས་ཁྲོ་ཞིང་རྔམ་པ་ལ་ལ་མཚོན་ཆ་སྣ་ཚོགས་འཛིན་པ། ལ་ལ་བ་དན་གཡབ་མོ་གཡབ་པ། ལ་ལ་མི་རྐང་གླིང་བུ་འབུད་པ། ལ་ལ་རྒྱུ་མའི་ཞགས་པ་འཕེན་པ། ལ་ལ་དམར་ཆེན་རཀྟ་སྦྲེང་བ། ལ་ལ་ཚིལ་ཆེན་དུད་པ་གཏོང་བ། ལ་ལ་གཡང་གཞི་ས་ལ་བརྡེབ་པ། ལ་ལ་ཧཱུཾ་ཕཊ་འབྲུག་སྒྲ་སྒྲོག་པ། ལ་ལ་གནམ་ལྕགས་ཐོག་སེར་འབེབས་པ། ལ་ལ་སྤུ་གྲི་སོ་བརྡར་བྱེད་པ། ཁ་ཅིག་དགྲ་བོའི་ནང་ཁྲོལ་དྲོན་མོ་ཟ་བ་། ལ་(༥ན)


GLG011_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགྲ་བོའི་དོན་སྙིང་སྦར་བས་འདེབས་པ་ཐམས་ཅད་ཀྱང་གློག་གི་ཕུང་པོ་འཐོར་བ་ལྟ་བུའི་མེ་ལྕེའི་ཕྲེང་བ་འཁྲུག་པ། ཧ་ཧ་དང་ཧཱུཾ་ཕཊ་ཀྱི་ང་རོ་འབྲུག་སྟོང་ལྟར་སྒྲོག་པ་ལ་སོགས་པ་མི་སྡུག་པའི་ཆ་ལུགས་སྣ་ཚོགས་སྟོན་པ། འུར་འུར་ཆེམ་ཆེམ་གྱིས་སྟོང་གསུམ་འགེངས་པ་ཁམས་གསུམ་ཐམས་ཅད་འདར་ཞིང་གཡོ་བར་བྱེད་པ། གཞན་ཡང་སྒོ་སྐྱོང་གི་ཁྲོ་མོ་མགོ་བརྙན་ཅན་དང་དུར་ཁྲོད་ན་གནས་པའི་ཕྱོགས་སྐྱོང་། ཞིང་སྐྱོང་། མཁའ་འགྲོ་ཤ་ཟ་ལྷ་སྲིན་སྡེ་བརྒྱད། དྲེགས་པ་ཕོ་རྒྱུད་མོ་རྒྱུད་སྤྲུལ་པ་འབུམ། ཡང་སྤྲུལ་བྱེ་བ། གནས་གསུམ་མཁའ་འགྲོ། དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ། ལྕམ་དྲལ་དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་འོག་མིན་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་མགོན་པོ་དང་། རང་བཞིན་གྱི་གནས་ནས་ལྷ་མོ་དང་། ལས་ཀྱི་མགོན་པོ་རྣམས་ལ་བཀའ་སྡོད་ཕོ་ཉའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅའ། དེ་ནས་སོ་སོའི་དམ་རྒྱ་བཅས་ནས་མཛུབ་མོ་གཡབ་པའམ་རྡོ་རྗེ་གཡབ་ཅིང་། དྲིལ་བུ་བཅད་གཏུབས་སུ་དཀྲོལ་བས། ཧཱུཾ། མལ་ལོས་མཛད། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་དཔལ་མགོན་ཚོགས། །ལྕམ་དྲལ་འདིར་སྤྱོན་གདན་ལ་བཞུགས། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང་། །ཤཱཀྱའི་བསྟན་པ་བསྲུང་བ་དང་། །བདག་ཅག་རྣམས་ལ་ཕན་གདགས་(༥བ)


GLG011_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། མཧཱ་ཀཱ་ལཱི་དེ་ཝཱི། ཨེ་ཀ་ཛཱ་ཊཱི་དེ་ཝཱི། ཨིནྡྲ་སཱི། ཀཱ་ལི་ཡཀྵ་ཡེ། ཀཱ་ལཱི་ཡཀྵ་སཱི། ཡཀྵ་པུ་ཏྲ་ཡེ། རུ་དྲ་བྷ་ཏྲ་ཡེ། རུ་ལུ་རཀྑ་སཱི། ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། པདྨ་ཀ་མ་ལཱ་ཡ་སྟྭཾ། གོང་གི་སྔགས་ཀྱི་ས་པ་རི་ཝཱ་རའི་རྗེས་སུ། གྲྀཧྞེ་དཾ་ཨརྒྷཾ་སྭཱཧཱ། པཱ་དྱཾ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ནས། ཤབྡ་ཨཱཿཧཱུཾ། ཞེས་པའི་བར་གྱི་མཆོད། སོ་སོའི་སྔགས་ཀྱི་ཚེ་དམ་རྒྱ་སྙིང་ཀར་བཅས་ཏེ་ལྷ་སོ་སོའི་སྤྱི་བོར་དམ་ཚིག་གི་རྡོ་རྗེ་བཞག་པ་བསམས་ལ་ས་པ་རི་ཝཱ་རའི་རྗེས་སུ། ས་མ་ཡ་སྨ་ར། ས་མ་ཡ་མཱ་ཏི་ཀྲ་མ། ས་མ་ཡ་རཀྵནྟུ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་དམ་ཚིག་སྲུངས། བསྟན་པ་སྐྱོངས། དཀོན་ཅོག་གི་དབུ་འཕང་སྟོད། ཁྱད་པར་དུ་བསྟན་པ་དང་། བསྟན་པ་འཛིན་པ་རྣམས་དང་། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བ་དང་། བདག་གི་ལམ་བསྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་རྣམས་ཀྱི་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཞི་བའི་ཐབས་ཀྱིས་འདོར་བར་མཛད་དུ་གསོལ། གལ་ཏེ་ཞི་བའི་ཐབས་ཀྱིས་འདུལ་དུ་མ་འཚལ་ན། གང་ལ་གང་འཚམ་པའི་ཆད་པས་བཅད་པ་དང་། བསྐྲད་ཅིང་གཟིར་བ་དང་། དབྱེ་བ་དང་བསྡིགས་ཅིང་སྤ་བཀོང་(༦ན)


GLG011_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛད་དུ་གསོལ། མདོར་ན་ཆོས་བསྒྲུབ་པའི་བར་ཆད་ཐམས་ཅད་ཞི་བ་དང་། བསམ་སྦྱོར་ཆོས་མཐུན་ཡིད་བཞིན་དུ་འགྲུབ་ཅིང་། བསྟན་པ་དང་བསྟན་པ་འཛིན་པ་དང་། འཇིག་རྟེན་ཀུན་དར་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་ཚིག་ལྷུག་པ་རྣམས་ཀྱི་ཚེ་མགོན་པོའི་དམ་རྒྱ་ཁོ་ན་བཅའ་ཞིང་མཐར་ཐལ་མོ་ལན་གསུམ་བརྡེབ་བོ། །ལྕམ་དྲལ་གྱི་ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཤིང་གསོལ་བར་བསམས་ལ། པད་ཀོར་དང་བཅས་པས་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་མཐར་སེ་གོལ་གཏོག་ཅིང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། མ་ཧཱ་ཀཱ་ལཱི་དེ་ཝཱི། ཨེ་ཀ་ཛཱ་ཊཱི་དེ་ཝཱི། ཨིནྡྲ་སཱི། ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ། སྥ་ར་ཎ་ཨི་མཾ། ག་ག་ན་ཁཾ་གྲྀཧྞེ་དམྦ་ལྱཱ་དི་སྭཱཧཱ། ཞེས་ལན་གསུམ་མམ་ལྔ་གང་རིགས་དང་། ཤཱ་ས་ན་ལན་གསུམ་གྱིས་འབུལ། གོང་གི་གཏོར་སྔགས་ཀྱི་ས་པ་རི་ཝཱ་རའི་རྗེས་སུ། གྲྀཧྞེ་དཾ་ཨརྒྷཾ་ནས་ཤབྡའི་བར་གྱིས་ཕྱི་མཆོད་དང་། སྔགས་དེ་ཉིད་ཀྱི་རྗེས་སུ། ཨོཾ་ཨཱཿཧཱུཾ་ཞེས་པས་ནང་མཆོད་ཕུལ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ། ཡུམ་ཆེན་ཨེ་ཀ་ཛཱ་ཊཱི། དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ་འཁོར་དང་བཅས་པ་ཁྱེད་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་པ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་ཅོག་གི་དབུ་འཕང་སྟོད། དགེ་འདུན་གྱི་སྡེ་སྐྱོངས། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང་། བསམ་སྦྱོར་(༦བ)


GLG011_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མཐུན་ཡིད་བཞིན་དུ་འགྲུབ་ཅིང་། བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྲུང་སྐྱོབ་སྦ་བའི་འཕྲིན་ལས། སྟོང་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། དེ་ནས་རྒྱུན་དུ་རྡོར་དྲིལ་ལས་མི་མཛད་ཀྱང་སྤྲོས་པ་ལ་དགའ་ན་རྔ་བརྡུང་བ་དབྱངས་དང་བཅས་པ་གང་རུང་གིས། ཧཱུཾ་སྲིན་པོའི་དུར་ཁྲོད་ནག་པོ་ལས་བྱུང་། གཟུགས་ཀྱི་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིག་བྱེད་པ། གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་ན་གདུག་པའི་ཁྲག་བཀང་སྣོད། །ཐོད་ཕྲེང་ཅན་ལ་བདག་བསྟོད་དོ། །ཁྲོས་པའི་ཞབས་བརྡབས་ས་གཞི་གཡོ། །འཇིགས་པའི་གད་མོས་རི་རབ་བསྒྱེལ། དམ་ཚིག་ཉམས་པའི་སྙིང་འབྱིན་པ། །དམ་ཚིག་ཅན་ལ་བདག་བསྟོད་དོ། །ཞེས་པས་བསྟོད། སྟོད་པ་ནི། ཧཱུཾ་དཔལ་ལྡན་འཕགས་པས་མཛད། མགོན་པོ་མཧཱ་ཀཱ་ལཱ་ཡ། །ལྷ་ཆེན་དཔལ་འབར་ནག་པོ་མཐུ་བོ་ཆེ། མ་ཧཱ་དེ་ཝའི་སྲས་པོ་དྲག་ཤུལ་ཅན། །ཚོགས་བདག་ཆེན་པོ་མ་ཧཱ་ཀཱ་ལཱ་ཡ། །འཇིགས་བྱེད་ཆེན་པོ་མ་ཧཱ་ཀཱ་ལཱ་ཡ། །ལེགས་ལྡན་ནག་པོ་གྲོང་ཁྱེར་སུམ་བརྩེགས་དགྲ། །བསྟན་པ་ཡོངས་ཀྱི་སྲུང་མ་ནག་པོ་ཆེ། །ཆོས་འཁོར་ཡོངས་ཀྱི་སྲོག་ཤིང་ནག་པོ་ཆེ། །དམ་ཚིག་ཅན་གྱི་དགྲ་ལྷ་ནག་པོ་ཆེ། །དམ་ཉམས་དགྲ་བོའི་གཤེད་མ་ནག་པོ་ཆེ། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་༝། ཛམ་བུ་ཏི་བའི་ཞལ་ཟས་༝། །སྨན་རག་ཕུད་ཀྱི་མཆོད་པ་༝། །(༧ན)


GLG011_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཅོལ་ལས་ཀྱི་བཏང་རག་གཉན་པོར་འབུལ། །ད་འཆོལ་ལས་ཀྱི་གསོལ་འདེབས་གཉན་པོར་བཞེས། །འཁོར་རྣམས་བསྲུང་ཞིང་རྐྱེན་རྣམས་བཟློག་པ་དང་། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། །བསྟན་པ་བསྲུང་བའི་ལས་འདི་མྱུར་དུ་སྒྲུབས། བྷྱོཿ འཕགས་པས་མཛད། གང་གི་སྐུ་གསུང་ཐུགས་ཀྱི་མཐུས། །འདོད་པའི་ཁམས་ཀུན་ཟིལ་མནན་ནས། །འདོད་པའི་ཁམས་ལ་དབང་སྒྱུར་མ། །འདོད་ཁམས་དབང་ཕྱུག་མ་ལ་བསྟོད། །དཔལ་ལྡན་ལྷ་མོ་ཁྱོད་ཀྱི་སྐུ། །རི་རབ་ལྷུན་པོ་ལྟ་བུར་བརྗིད། །དབང་པོ་སྔོན་པོ་ལྟ་བུར་འབར། །ཉི་མའི་ཟེར་ལྟར་སྤྲུལ་པ་འགྱེད། །དབུ་སྐྲ་སེར་པོ་གྱེན་དུ་འབར། །སྤྱན་རྩ་དམར་པོ་གློག་ལྟར་འཁྱུག །མི་རོ་ཁར་བཅུག་མཆེ་བ་གཙིགས། ཁྲག་གིས་གང་བའི་ཐོད་པ་དང་། །འཇིགས་པའི་མཚོན་ཆས་ཕྱག་རྣམས་སྦྲེལ། །མི་མགོ་རིན་ཅེན་རུས་པས་སྤྲས། ཀླུ་དབང་སེང་གེ་ལྕགས་སྒྲོག་དང་། ཁྲག་དང་ཞག་གིས་ཐིག་ལེས་བརྒྱན། །ཀོ་རློན་རེ་ལྡེ་གོས་སུ་གྱོན། །བོང་བུ་གྭ་ཞོན་མཚན་མོ་རྒྱུ། །ཤིན་ཏུ་རིད་ཅིང་མི་སྡུག་མ། །འཇིགས་གཟུགས་མ་ལ་ཕྱག་འཚལ་ལོ། ཁྱོད་ཀྱི་གསུང་གི་ང་རོའི་དབྱངས། །འབྲུག་སྟོང་ལྡིར་བའི་སྒྲ་བསྒྲགས་པས། ཁམས་གསུམ་མ་ལུས་ཟིལ་མནན་ནས། །ས་གསུམ་གཡོ་བར་མཛད་ལ་འདུད། ཁྱོད་ཐུགས་ཞི་ལ་རབ་གཞོལ་ཡང་། །སྙིང་རྗེའི་དབང་གིས་སྲིད་ལ་བཞུགས། ཁྲོ་དང་འཁྲུག་(༧བ)


GLG011_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྔམ་པ་ཡིས། །བགེགས་དཔུང་ངེས་པར་འཇོམས་ལ་འདུད། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །སོགས་ཀྱིས་བསྟོད་ཅིང་འཕྲིན་ལས་བཅོལ་ལོ། །དཔལ་མགོན་ཞལ་བཞི་པ་ལ་གཏོར་མ་འབུལ་བ་ནི། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཞེས་བྱིན་གྱིས་བརླབ། མདུན་གྱི་ནམ་མཁར་ཆོས་འབྱུང་གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་། ཕྱོགས་ཀྱི་འདབ་མ་བཞིའི་སྟེང་དུ་ཉི་མ་དང་རོའི་གདན་རེ་རེ་དབུས་ཀྱི་གདན་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་གྲི་གུག་ལྟེ་བ་ལ་ཧཱུཾ་གིས་མཚན་པ། ཕྱོགས་བཞིའི་གདན་གྱི་སྟེང་དུ་ཧཱུཾ་རེ་རེ་དེ་རྣམས་ཡོངས་སུ་གྱུར་པ་ལས། གཙོ་འཁོར་ལྔ་དུས་གཅིག་ཏུ་གྲུབ་པ་ནི། དབུས་སུ་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་དགྲ་བོའི་སྟོབས་འཕྲོག་པའི་གཟུགས་ཅན། སྲིན་པོ་ཁྲོས་པ་ལྟ་བུ་སྐུ་མདོག་ནག་པོ་ཞལ་བཞི་ཕྱག་བཞི་པ། རྩ་ཞལ་ནག་པོ་རྔམ་ཤིང་ཁྲོས་པ། གཡས་ཞལ་དཀར་པོ་ཁྲོ་ཞིང་འཛུམ་པ་གཡོན་ཞལ་དམར་པོ་རྒྱ་ཆེར་བཞད་པ། སྟེང་ཞལ་དུད་ཁ་ཁྲོ་གཉེར་དཔྲལ་བའི་དབྱིངས་སུ་བསྡུས་པ། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། སྨ་ར་དང་སྨིན་མ་མེ་ལྟར་འབར་བ། ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། མ་མཆུ་ཕྱིར་འཕྱང་ཞིང་ཧ་ཧ་དང་ཧི་ཧི་དང་། ཧཱུཾ་ཧཱུཾ་དང་། ཀྵིཾ་ཀྵིཾ་གི་ང་རོ་དྲག་པོ་འབྲུག་སྒྲ་འབུམ་གྱི་སྒྲ་ལྟར་སྒྲོག་པ། ཕྱག་བཞི་གཡས་དང་པོ་རྡོ་རྗེ་གྲི་གུག་དང་། གཡོན་དང་པོ་ཐོད་པ་ཁྲག་དྲོན་མོས་གང་བའི་ནང་ན་(༨ན)


GLG011_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཉམས་ཀྱི་སྙིང་འདར་བཞིན་པ་དང་བཅས་པ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་རྩ་ཞལ་གྱི་མི་རོ་དང་གཡས་ཀྱི་རལ་གྲི་གཉིས་ལས་སྦྱོར་གཙོ་ཆེ་བས་འཇམ་པའི་དབང་དུ། བཏང་ནས་སྒྲུབ་དུས་ལྟར་བཀོད། འོག་མ་རྩེ་གསུམ་དང་། །གཡོན་འོག་མ་མདུང་རྣོན་བ་དན་དང་བཅས་པ་འཕྱར་སྟབས་སུ་འཛིན་པ། བདུད་རྩིས་གང་བའི་བུམ་པ་མཆན་ཁུང་གཡོན་ན་ཐོགས་པ། རུས་ཕྲེང་ལྷ་བ་དམར་ཆིལ་ལེ་བ་ཕྱག་འགག་ཏུ་བརྒྱུས་པ། དབུ་སྐྲ་ཁམ་པ་གྱེན་དུ་གཟིངས་ཤིང་འབར་བ། མི་མགོ་སྐམ་པོ་རྫོགས་པ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུ་མིའི་རྒྱུ་མ་རློན་པ་ལ་བརྒྱུས་པའི་དོ་ཤལ་འཕྱང་བ། དུག་སྦྲུལ་ནག་པོའི་མཆོད་ཕྱིར་ཐོགས་བྱས་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ་ཚངས་པའི་སྐུད་པའི་སེ་རལ་ཁ་ཐོགས་པ། མི་རྐང་གི་གླིང་བུ་དང་། གསེར་དངུལ་གྱི་དྲིལ་བུ་གཡེར་ཀའི་དྲ་བ་སིལ་སིལ་གྱི་སྒྲ་སྒྲོག་པ། དཔའ་བོ་སྟག་ལྤགས་རློན་པའི་ཤམ་ཐམས་ཅན། དྲག་ལ་རྔམ་པའི་ཆ་བྱད། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་གྱད་ཀྱི་དོར་སྟབས་ཀྱིས་དམ་ཉམས་དགྲ་བོའི་སྟེང་ན་འཇིགས་པའི་བྲོ་བརྡུང་བ། དེའི་གཡས་སུ་ཡུམ་ཆེན་གཡུང་མོ་ནག་མོ། གཡོན་དུ་ལས་མཛད་གཏུམ་མོ་ལྗང་གུ། མདུན་དུ་དམར་ནག་སྲིན་མོ་ཆེན་མོ། རྒྱབ་ཏུ་སེར་ནག་སིངྒ་གླིང་མ། བཞི་ཀའང་སྲིན་མོ་ཁྲོས་པའི་ཆ་ལུགས་ཅན། ཞལ་གཅིག་ཕྱག་གཉིས་མ་གཡས་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་། གཡོན་ཐོད་ཁྲག་གཙོ་ལ་སྟོབ་པ། གཅེར་བུ་རལ་པ་ཐུར་དུ་འཕྱང་བ། རྒྱུ་མ་རློན་པའི་(༨བ)


GLG011_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཤ་ཅན། གཞན་རྒྱན་མེད་པ། ཁྲོ་ཞིང་གྲིམས་ལ་རྔམ་ཞིང་རྒོད་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་གར་སྟབས་ཀྱིས་བཞེངས་པ། གཙོ་འཁོར་ལྔ་ཀའང་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །དེ་དག་གི་མཐའ་སྐོར་ཏུ་དྲེགས་པ་ཕོ་བདུན་མོ་བདུན། སྲོག་གི་དགུ་བདུད་ནག་པོ། ལས་ཀྱི་བཤན་པ་ཉེར་གཅིག །ཞིང་སྐྱོང་ཕོ་མོ་འབུམ་སྡེ། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་འཁོར་དང་བཅས་པ། ཁ་དོག་དང་། ཆ་ལུགས་དང་མཚོན་ཆ་སྣ་ཚོགས་འཛིན་པ། དྲག་ཅིང་གཏུམ་ལ་ཁྲོ་ཞིང་རྔམ་པས་ལས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པ། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། གངས་ཏེ་སེ། བསིལ་བའི་ཚལ། པོ་ཊ་ལ། སིངྒའི་གླིང་། ཧ་ཧ་རྒོད་པའི་དུར་ཁྲོད། དར་ལུང་གཉན་གྱི་ཕོ་བྲང་། གནས་མཆོག་ཁའུ་བྲག་རྫོང་། ཕུ་གསུམ་འོལ་དགའ། དཔལ་ལྡན་ས་སྐྱ། ཆོས་འཁོར་རྒྱལ་གྱི་གཙུག་ལག་ཁང་ལ་སོགས་པའི་གནས་རྣམས་ནས་སྟོབས་འཕྲོག་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་ཡུམ་བཞི་དྲེགས་པའི་ཚོགས་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དམ་རྒྱ་དང་བཅས་པས་མཛུབ་མོ་གཡབ་པའམ། རྡོ་རྗེ་གཡབ་ཅིང་དྲིལ་བུ་གསིལ་བས། ཧཱུཾ། སྔོན་གཉན་ལོས་མཛད། ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །གཏུམ་པོ་ཁྱོད་ཀྱིས་ཇི་ལྟར་ཁར་བླངས་བཞིན། འཕྲིན་ལས་རྣམ་བཞིའི་ལས་ལ་སྤྱན་འདྲེན་ན། སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ། བི་ཀཱ་ལ། (༩ན)


GLG011_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཏྲི་ཏ། ཌོམྦྷི་ནཱི། ཙཎྜ་ལཱི། རཀྵ་སཱི། སིངྒ་ལཱི། དེ་ཝཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་དབུལ། གོང་གི་སྔགས་ཀྱི་ས་པ་རི་ཝཱ་རའི་རྗེས་སུ། གྲྀཧྞེ་དཾ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དམ་རྒྱ་སྤྱི་བོར་བཞག་པར་བསམ་ལ། ས་པ་རི་ཝཱ་རའི་རྗེས་སུ། ས་མ་ཡ་སྨ་ར་ནས་རཀྵནྟུའི་བར་དང་། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། ཞེས་སོགས་གོང་དུ་གུར་མགོན་གྱི་སྐབས་སུ་བཤད་པའི་ཚིག་རྣམས་བརྗོད་ཅིང་། སྟོབས་འཕྲོག་དབང་པོ་འཁོར་དང་བཅས་པའི་ལྗགས་རྡོ་རྗེའི་འོད་ཟེར་སོགས་གོང་ལྟར། ས་པ་རི་ཝཱ་རའི་རྗེས་སུ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་བཏགས་པ་གསུམ་མམ་ལྔ་དང་། རྒྱས་པར་བྱེད་ན་སྔགས་རིང་ལན་གསུམ་བརྗོད། གོང་ལྟར་ཉེར་སྤྱོད་ཀྱིས་ཕྱི་མཆོད་དང་། ས་པ་རི་ཝཱ་རའི་རྗེས་སུ། ཨོཾ་ཨཱཿཧཱུཾ། ཞེས་པས་ནང་མཆོད་ཕུལ་ལ། ལྷ་མཆོག་མ་ཧཱ་ཀཱ་ལ། ལྷ་ཆེན་ནག་པོ་ཞལ་བཞི། ཞིང་སྐྱོང་གཟི་ལྡན་དབང་ཕྱུག །བྲམ་ཟེའི་གཟུགས་ཅན་དཔའ་བོ། ཡུམ་ཆེན་གཡུང་མོ་ནག་མོ། ལས་མཛད་གཏུམ་མོ་ལྗང་གུ། སེར་ནག་སིངྒ་ལི་མ་དམར་ནག་སྲིན་མོ་ཆེན་མོ། འཁོར་གྱི་ཞིང་སྐྱོང་འབུམ་སྡེ། དྲེགས་པ་ཕོ་བདུན་མོ་བདུན། སྲོག་གི་དགུ་བདུད་ནག་པོ། ལས་ཀྱི་བཤན་པ་ཉེར་གཅིག །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་མཆོད་སྦྱིན་(༩བ)


GLG011_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། ཞེས་སོགས་ཀྱིས་འཕྲིན་ལས་བཅོལ་ལོ། །རྒྱུན་དུ་རྡོར་དྲིལ་ལས་མི་མཛད་ཀྱང་སྤྲོ་ན་རྔ་བརྡུང་ཞིང་དབྱངས་དང་བཅས་པས། ཧཱུཾ། བླ་མ་གཟུངས་པས་མཛད། སྐུ་གསུམ་མངོན་གྱུར་རྡོ་རྗེ་འཆང་དབང་གི །རྣམ་གསུམ་བསྟན་པ་སྤེལ་ཞིང་བསྲུང་བྱའི་ཕྱིར། །དུས་གསུམ་བདུད་དཔུང་མ་ལུས་འཇོམས་མཛད་པ། །ཆོ་འཕྲུལ་སུམ་ལྡན་ཁྱོད་ལ་ཕྱག་འཚལ་ལོ། ཁམས་གསུམ་མེ་ལྟར་དམར་ནག་འབར་བའི་དབུས། །སྟོང་གསུམ་ཟིལ་གནོན་ཞིང་སྐྱོང་རྒྱལ་པོའི་སྐུ། །ས་གསུམ་འདར་བྱེད་ཁྲོ་གཏུམ་རྔམ་བརྗིད་ཅན། སྲིད་གསུམ་དབང་སྒྱུར་ཁྱོད་ལ་༝། །འཕྲེང་བ་སུམ་ལྡན་དྲག་པོའི་བཞད་སྒྲ་ཅན། རྩེ་གསུམ་མདུང་སོགས་དྲག་པོའི་མཚོན་ཆ་བསྣམས། །སྤྱན་གསུམ་སྡང་མིག་དྲག་པོ་ཕྱོགས་བཅུར་གཟིགས། །གནས་གསུམ་དགྲ་བགེགས་འཇོམས་ལ་༝ རིགས་བཞི་མཁའ་འགྲོ་བྱེ་བའི་དབང་ཕྱུག་གཙོ། ལམ་བཞིའི་དམ་ཚིག་ལ་གནས་རྣལ་འབྱོར་བའི། ལས་བཞི་བསྒྲུབ་ལ་ཐུགས་དམ་བརྟན་པ་ཅན། ཕྱོགས་བཞིར་བཞུགས་པའི་ཡུམ་ཆེན་རྣམས་ལ་བསྟོད། །ཕྱི་ནང་གསང་གསུམ་མཆོད་སྤྲིན་རྒྱ་མཚོས་བརྒྱན། །གསང་བ་གསུམ་བདག་བདུད་རྩིར་བྱིན་བརླབས་ནས། རོ་བཅུད་ནུས་གསུམ་ཕུན་སུམ་ཚོགས་ལྡན་པ། ཁམས་གསུམ་ཡིད་འཕྲོག་མཆོད་གཏོར་འདི་བཞེས་ཤིག །དུས་གསུམ་རྒྱལ་བའི་ངོ་བོ་བླ་མ་དང་། །སྒོ་གསུམ་རྡོ་རྗེས་བསྲུང་བ་བདག་ཅག་ལ། །ལུས་ངག་ཡིད་གསུམ་སྡང་བས་རབ་འཁྲུག་པའི། །དགྲ་བགེགས་ལོག་འདྲེན་རྣམ་གསུམ་ཚར་གཅོད་མཛོད། གདོང་(༡༠ན)


GLG011_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དྲེགས་པ་རྩལ་ཆེན་འཁོར་བཅས་རྣམས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཅེས་སོགས་ཀྱིས་བསྟོད་ཅིང་འཕྲིན་ལས་བཅོལ་ལོ། །ལས་མཁན་མོན་བུ་ལྕམ་དྲལ་ལ་གཏོར་མ་འབུལ་བ་ནི། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབ་ལ། བོད་པའམ་ཡང་ན་བོད་རྦད་བསད་གསུམ་གའི་མཐར། ཨི་དཾ་བ་ལིཾ་བྷུཉྫ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་འབུལ། བཛྲ་ཀཱ་ལ་ཡཀྵ་ནས་རུ་ལུ་ཡཀྵ་ནས་རུ་ལུ་རཀྑ་སི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་ཕྱི་མཆོད་དང་། སྔགས་དེའི་མཐར་ཨོཾ་ཨཱཿཧཱུཾ་བཏགས་པས་ནང་མཆོད་འབུལ། །དམ་ཅན་གནོད་སྦྱིན་ཡབ་ཡུམ། བཀའ་སྡོད་པུ་ཏྲ་མིང་སྲིང་། དྲེགས་བྱེད་རུ་འདྲེན་སྡེ་བཞི། དྲེགས་པ་ཕོ་རྒྱུད་མོ་རྒྱུད། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དམ་ཅན་རྒྱ་མཚོའི་དམག་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། ཞེས་སོགས་ཀྱིས་འཕྲིན་ལས་བཅོལ་ལོ། །གོང་ལྟར་རྡོར་དྲིལ་ལམ་རྔ་བརྡུང་བ་གང་རུང་གིས། །ས་ཆེན་གྱིས་མཛད། གང་ཞིག་མཁའ་འགྲོ་ཀུན་གྱི་གཙོ། ཨེ་ཀ་ཛཱ་ཊཱི་རལ་གཅིག་མ། །གནོད་སྦྱིན་ཡབ་ཡུམ་སྟོབས་དང་ལྡན། ཚར་གཅོད་ལས་མཛད་རྣམས་ལ་བསྟོད། །མོན་བུ་པུ་ཏྲ་མཐུ་རྩལ་ཅན། །བྷ་དྲ་ནག་པོ་ཤུགས་ཆེན་པོ། །གསེར་གྱི་སྤུ་གྲི་རྫུ་འཕྲུལ་ཆེ། །ལས་བྱེད་མིང་སྲིང་རྣམས་ལ་བསྟོད། །ལེགས་ལྡན་བཀའ་སྡོད་ཕྱོགས་སྐྱོང་བཅུ། །དྲེགས་པ་ཕོ་མོ་སྡེ་བརྒྱད་དང་། ཕོ་ཉ་ཟངས་གྲི་རུ་འདྲེན་རྣམས། །དམ་ཚིག་རྗེས་འབྲེལ་དབང་གིས་བསྟོད། །གཏོར་མ་རྫས་ན་(༡༠བ)


GLG011_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ལིངྒར་བཅས། ཤ་ཆེན་ཁྲག་ཞག་གཏམས་པ་ཡི། མཆོད་པ་དམ་པ་འདི་བཞེས་ལ། བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཅེས་བསྟོད་ཅིང་བསྟབ་བོ། །ལས་མཁན་བཤན་པ་ལྕམ་དྲལ་ལ་གཏོར་མ་འབུལ་བ་ནི། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿས་བྱིན་གྱི་བརླབས། རང་གི་མདུན་དུ་རྟ་ཁྲག་དང་མི་ཁྲག་གི་རྒྱ་མཚོ་དམར་ལ་དངས་པ། རྦ་ཀློང་གྲུ་གསུམ་བསྣོལ་མར་འཁྲུག་པའི་དབུས་སུ་ཟངས་ཀྱི་རི་གྲུ་བཞི་པའི་སྟེང་དུ་པདྨ་དང་ཉི་མ། རྟ་རོ་དང་མི་རོ་བརྩེགས་པའི་གདན་ལ། པྲཾ་དང་ཟངས་ཀྱི་རལ་གྲི་ལས་སྐྱེས་པའི་གནོད་སྦྱིན་ཆེན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་འབར་བ་དང་བཅས་པའི་ཟངས་ཀྱི་རལ་གྲི་ནམ་མཁའ་ལ་ཕྱར་བས་དམ་ཉམས་ཀྱི་སྲོག་རྩ་གཅོད་ཅིང་གཡོན་མདའ་གཞུ་དང་བཅས་པའི་དགྲ་བགེགས་ཀྱི་གློ་སྙིང་ཐུགས་ཀར་འཛིན་པའི་མཆན་ཁུང་གཡོན་དུ་བསེའི་རུ་མཚོན་དམར་པོ་བསྣམས་པ། ཞལ་རབ་ཏུ་གདངས་ཤིང་མཆེ་བ་རྣོ་ངར་གཙིགས་ནས་ལྗགས་རྣམ་པར་བརྐྱང་པ། །སྤྱན་གསུམ་དང་ལྡན་པའི་ཁྲོ་གཉེར་ཤིན་ཏུ་བསྡུས་པ། སྨིན་མ་དང་སྨ་ར་དུས་མཐའི་མེ་ལྟར་རབ་ཏུ་འབར་ཞིང་། དབུ་སྐྲ་ཁམ་སེར་ལྟག་པར་བཅིངས་པ། ཟངས་རྨོག་མེ་འོད་འཕྲོ་བ་ལ་དར་དམར་གྱི་འགྱིང་ཐོད་བཅིངས་པ་གསོལ་བ། ཁྲག་འཛག་པའི་མགོ་རློན་ལྔ་བཅུའི་དོ་ཤལ་ཅན། སྐུ་ལ་ཟངས་ཀྱི་བེག་ཙེ་དང་དར་གྱི་རལ་གུ་དམར་པོས་བརྒྱན་ཅིང་། ཞབས་ལ་སག་ལྷམ་དམར་འབོབ་གསོལ་བ། སྒེག་པ། དཔའ་བ། མི་སྡུག་པའི་གཟུགས་ཅན། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱི་ཡེ་ཤེས་(༡༡ན)


GLG011_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་གཡོན་དུ་མཾ་ལས་སྲིད་པའི་ལྷ་མོ་གདོང་དམར་མ། སྐུ་མདོག་སྔོ་ནག་གདོང་པ་བསེ། སོ་དུང་། སྨིན་མ་གཡུ། མེའི་རལ་པ་ལ་མཆོང་དང་མུ་མེན་གྱིས་བརྒྱན་ཅིང་། གསེར་གྱི་རྣ་རྒྱན་འཆང་བ། གཅེར་མོ་ཅན་དང་ཞལ་བགྲད་པ། གཡས་ཟངས་གི་རལ་གྲི་དགྲ་ལ་འཕྱར་བ། གཡོན་ལྕགས་ཀྱི་ཕུར་བུ་བགེགས་ལ་འདེབས་པ། དྲེད་མོ་མི་ཟན་ལ་ཞོན་པ། གཙོ་བོའི་གཡས་སུ་པྲཾ་ལས་ལས་མཁན་སྲོག་བདག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་མདུང་དམར་འཕྱར་ཞིང་། གཡོན་བཙན་གྱི་ཞགས་པ་དགྲ་ལ་འདེབས་པ། བསེ་ཁྲབ་དང་བསེ་རྨོག་གྱོན་ཞིང་། ཅེ་སྤྱང་ལ་ཞོན་པ། མཚན་མོ་རྒྱུ་ཞིང་དགྲ་བགེགས་ལ་འོ་དོད་འབོད་པ། གཙོ་འཁོར་གསུམ་གྱི་ཤར་དུ་མི་དམར་ཁྲ་མ། ལྷོར་རི་ཙི་མི་དམར། ནུབ་ཏུ་ཀྲོ་ཏི་མི་དམར། བྱང་དུ་སྲོག་བདག་ཀོ་ཤ །ཤར་ལྷོར་ཨཾ་ཀྲི་མི་དམར། ལྷོ་ནུབ་ཏུ་རོ་ཀྲི་མི་དམར། ནུབ་བྱང་དུ་ཧ་ཤང་མི་དམར། བྱང་ཤར་དུ་སྲོག་བདག་ཐལ་བ་སྟེ་གྲི་ཐོགས་བརྒྱད་བཤན་པ་ཉི་ཤུ་རྩ་གཅིག་པོ་ཐམས་ཅད་ཀྱང་སྐུ་མདོག་དམར་པོ་གཡས་ཟངས་ཀྱི་རལ་གྲི་འཕྱར་ཞིང་། གཡོན་ལ་ལ་རྒྱུ་མ་ལག་སྡོགས་བྱེད་པ། ལ་ལ་གློ་སྙིང་མཆིན་པ་འབྲད་པ། ལ་ལ་སྙིང་ཁྲག་ཀླད་པ་བལྡག་པ། ལ་ལ་ཤ་ཁྲག་སྦར་གྱིས་འདེབས་པ། ལ་ལ་ནང་ཁྲོལ་རྒྱུ་མ་འདྲེན་པ། ལ་ལ་རུས་པ་རྐང་མར་འཆའ་བ། ལ་ལ་པགས་པ་དམར་བཤུས་བྱེད་པ། ལ་ལ་ཤ་གདན་དམར་པོའི་གདིང་བ། །ཐམས་ཅད་ཀྱང་དགྲ་བོའི་སྲོག་ལེན་པ། མི་ལྤགས་ཀྱི་གཡང་གཞི་དང་། བ་(༡༡བ)


GLG011_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ལང་གི་ཀོ་བ་རློན་པ་གྱོན་པ། གཞན་ཡང་བཙན་དམར་སྟོང་དང་། བདུད་དང་གནོད་སྦྱིན་སྲིན་པོ་སུམ་སྟོང་། མ་མོ་འབུམ། ཐེའུ་རང་སྟོང་ལ་སོགས་པ་དམ་ཅན་རྒྱ་མཚོའི་དམག་ཚོགས་དཔག་ཏུ་མེད་པས་བསྐོར་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾཿམགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བྱང་ཤར་མ་རུ་ཙེའི་དུར་ཁྲོད་བྲག་དམར་པོ་མཆོང་ལྡིང་གི་ཕོ་བྲང་ནས་གནོད་སྦྱིན་དྲེགས་པ་ལྕམ་སྲིང་འཁོར་དང་བཅས་པ་སྐད་ཅིག་གིས་བཛྲ་ས་མཱ་ཛཿ ཀྱེ། ཡུལ་གཉན་ལོས་མཛད། གཅིག་མྱ་ངམ་འདས་བདུན་ཕ་རོལ་ན། མདའ་ན་ཁྲག་མཚོ་ཕུ་ན་ཟངས་བྲག་བརྩེགས། མི་རོ་རྟ་རོ་མང་པོ་གཅལ་དུ་བཀྲམ། །མི་ཁྲག་རྟ་ཁྲག་དུ་མ་མཚོ་ལྟར་འཁྱིལ། ཁོར་ཡུག་ཟངས་རིའི་ཕྲེང་བས་ཀུན་ནས་བསྐོར། བསེ་མཁར་སྨུག་པོ་དུང་གི་བ་གམ་ཅན། ཐོད་པ་བརྩེགས་པའི་གཞལ་ཡས་ཆེན་པོ་ནས། ཆོས་སྐྱོང་དྲེགས་པ་ལྕམ་སྲིང་གཤེགས་སུ་གསོལ། །འཁོར་ཚོགས་བཤན་པའི་ཚོགས་རྣམས་༝། །ཞིང་བཅུའི་དམ་ཉམས་དགྲ་བོ་འདུལ་བ་དང་། རྣལ་འབྱོར་བདག་གིས་ལས་བཅོལ་བསྒྲུབ་པའི་ཕྱིར། །ད་ལྟ་ཉིད་དུ་གནས་འདིར་གཤེགས་༝། །ད་ལྟ་ཉིད་དུ་གནས་འདིར་གཤེགས་ནས་ཀྱང་། །རིངས་པའི་ཚུལ་གྱིས་མཆོད་གཏོར་འདི་བཞེས་ལ། །ནག་པོའི་ཕྱོགས་དང་གང་ལ་དམིགས་པ་ཡི། །གནོད་བྱེད་དགྲ་བགེགས་ཐལ་བའི་རྡུལ་དུ་རློག །རཀྨོ་པྲ་ཎ་ཨཱཏྨ་ས་པ་རི་ཝཱ་ར་ཀཪྵྱཱ་ཡ་ཛཿ། ཛཿཧཱུཾ་བཾ་ཧོཿ། དམ་ཚིག་པ་དང་ཡེ་ཤེས་གཉིས་སུ་མེད་པར་བསམ། པདྨ་ཀ་(༡༢ན)


GLG011_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལཱ་ཡ་སྟྭཾ། ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །མ་རུངས་འདུལ་ཕྱིར་དྲག་པོའི་སྐུར་བསྟན་ནས། །མཐུ་སྟོབས་ཕུན་ཚོགས་བསྟན་པ་བསྲུང་མཛད་པའི། །སྒྲོལ་གྱིང་སྲོག་བདག་དམར་པོ་ལ་ཕྱག་འཚལ། །བཀའ་ཡི་འཁོར་གནས་ཡེ་ཤེས་སྲུང་མའི་ཚོགས། །རྣལ་འབྱོར་འདོད་པའི་བདེ་སྟེར་གསང་བའི་ཡུམ། །ལས་བྱེད་བཤན་པ་གཏུམ་པོ་སྡེ་ལྔ་དང་། །མ་མོ་ཐེའུ་རང་ཚོགས་ལ་གུས་པས་འདུད། ཅེས་ཕྱག་བྱ། ཨོཾ་རཀྨོ་པྲ་ཨཱཏྨ་ས་པ་རི་ཝཱ་ར་ཨརྒྷཾ། པཱདྱཾ་ནས་ཤབྡ་པྲ་ཏཱི་ཙྪ་སྭཱཧཱའི་བར་སྦྱར་ལ་མཆོད། སྔགས་མཐར་ཨོཾ་ཨཱཿཧཱུཾ་བཏགས་ལ་ནང་མཆོད་ཕུལ། ཆོས་སྐྱོང་དྲེགས་པ་ལྕམ་སྲིང་འཁོར་དང་བཅས་པའི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་དུ་གྱུར་ནས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་བསམས་ལ། ཨོཾ་རཀྨོ་པྲ་ཎ་ཨཱཏྨ་ས་པ་རི་ཝཱ་ར་སརྦ་བིགྷྣཱཾ་ཤ་ཏྲུཾ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་གཏོར་མ་ཕུལ། སླར་ཡང་ཕྱི་མཆོད་དང་ནང་མཆོད་ཕུལ་ནས། ཀྱེ་རྒྱ་གར་ཡུལ་གྱི་དགྲ་ལྷ། མ་རུ་ཙེའི་གནས་སྲུང་། ལི་ཡུལ་ཆོས་ཀྱི་སྲུང་མ། མ་ཧཱ་དེ་ཝཱའི་བཀའ་ཉན། གཤིན་རྗེ་གཤེད་ཀྱི་བཀའ་སྡོད། ཡབ་གནོད་སྦྱིན་ཟངས་ཀྱི་རལ་པ་ཅན། ཡུམ་སྲིན་མོ་ཁྲག་གི་རལ་པ་ཅན་གྱི་སྲས་གནོད་སྦྱིན་ཟངས་ཀྱི་བེག་ཙེ་ཅན། སྲིང་མོ་སྲིད་པའི་ལྷ་མོ་གདོང་དམར་མ་འཁོར་སྲོག་གཅོད་བཤན་པའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་(༡༢བ)


GLG011_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཞེས་སོགས་གུར་ལྟར་བྱའོ། །ཀྱེ་བུདྡྷ་ཝརྫྷ་མཛད། དབང་ལྡན་མ་རུ་ཙེ་ཡི་དུར་ཁྲོད་ནས། །མཚོ་དམར་བྲག་ལ་བརྟེན་པའི་གནས་བཅས་པ། །སྒྲོལ་གྱིང་ཆེན་པོ་སྲོག་བདག་དམར་པོ་དང་། །སྲོག་བདུད་ཆེན་པོ་བསེ་ཡི་ལན་ཕྲན་ཅན། །ལྕམ་སྲིང་ཁྱོད་ཀྱི་བཀའ་ལས་མི་འདའ་བའི། །ལས་མཁན་སྲོག་བདག་དམར་པོ་འཁོར་དང་བཅས། །སྒྲོལ་བྱེད་བཤན་པ་གྲི་ཐོགས་བརྒྱད་པོ་དང་། །རོ་བཤན་ཉི་ཤུ་རྩ་གཅིག་འཁོར་དང་བཅས། །བདུད་དང་གནོད་སྦྱིན་སྲིན་པོ་སུམ་སྟོང་དང་། །བཙན་དམར་སྟོང་གི་དམག་ཚོགས་འཁོར་དང་བཅས། །མ་མོ་འབུམ་དང་ཐེའུ་རང་སྟོང་ལ་སོགས། །སྟོན་པའི་བཀའ་ཉན་བསྟན་སྲུང་རྒྱ་མཚོའི་ཚོགས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །དགྲ་ཤ་ཁྲག་གི་མཆོད་གཏོར་༝། །གཙང་མ་ཕུད་ཀྱི་གསེར་སྐྱེམས་༝། །རབ་དམར་ཁྲག་ཆང་མཆོད་ཡོན་༝། །སྔར་བཅོལ་ལས་ཀྱིས་བཏང་རག་གཉན་པོར་འབུལ། །ད་འཆོལ་ལས་ཀྱི་གསལ་འདེབས་རྟེན་དུ་འབུལ། །རྒྱལ་བའི་བསྟན་དང་བསྟན་འཛིན་གཅེས་པར་སྐྱོངས། །རྣལ་འབྱོར་བདག་གི་གནས་ལུས་ལོངས་སྤྱོད་དང་། །འཁོར་དང་ཡོ་བྱད་བཞོན་པ་ལ་སོགས་པ། །བཅོལ་ལོ་གཏད་དོ་སྲུང་མ་མཐུ་རྩལ་ཅན། །ཉིན་གསུམ་བྱ་ར་རྒྱང་ནས་མ་གཡེལ་ཞིག །མཚན་གསུམ་མེལ་ཚེ་དྲུང་ནས་མ་གཡེལ་ཞིག །རྟག་ཏུ་སྒྲུབ་པའི་སྟོང་གྲོགས་མ་གཡེལ་ཞིག །བླ་མས་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །སྡང་བའི་དགྲ་ལ་མངོན་པའི་རྟགས་སྟོན་ཅིག །རྣལ་འབྱོར་བདག་གི་མགོན་སྐྱབས་དཔུང་གཉེན་མཛོད། །བླ་མའི་སྐུ་(༡༣ན)


GLG011_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བསྟན་པའི་སྤྱི་དགྲ་དང་། །རྣལ་འབྱོར་སྒོས་དགྲ་སེམས་ཅན་ཡོངས་ལ་འཚེ། །མ་ཉེས་ལོག་པར་ལྟ་བའི་དགྲ་དང་བགེགས། །དཔལ་མགོན་ཁྱོད་ཀྱི་སྒྲོལ་ལ་བསྟན་པ་སྲུངས། །ཞེས་བརྗོད་ལ་བསྟབ་བོ། །མཁའ་འགྲོ་སྤྱི་གཏོར་ནི། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས། །འབར་བའི་ཕྱག་རྒྱ་དཔྲལ་བར་བཅས་ལ། ཕེཾ། ཨོཾ་བཛྲ་ཨཱ་ར་ལི་ཧོཿ ཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནཱི། ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿགཏོར་མགྲོན་སྤྱན་དྲངས་པ་ལ་གཏོར་མ་ཕུལ་བར་བསམས་ཏེ། རྡོ་རྗེ་ཐལ་མོ་གྱེན་དུ་ཕྱེ་བའི་མཐར་སེ་གོལ་གཏོག་ཅིང་། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཱཀྵ་ས། བྷཱུ་ཏ། པྲེ་ཏ། པི་ཤཱ་ཙ། ཨུནྨཱ་ད། ཨ་བ་སྨཱ་ར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡཿ ཨི་མཾ་བ་ལིཾ་གྲྀཧྞནྟུ། ས་མ་ཡརཀྵནྟུ། མ་མ་སརྦ་སིདྡྷིཾ། མེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐེཥྚཾ། བྷུཉྫ་ཐ། པི་བ་ཐ། ཛི་གྷྲ་ཐམཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཪྻཾ། སཏྶུ་ཁ་བི་ཤུདྡྷ་ཡེ། ས་ཧ་ཡི་ཀ་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ལན་གསུམ་གྱིས་འབུལ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད །ཨོཾ་ཨཱཿཧཱུཾ་གིས་ནང་མཆོད་གཏོར་ལ། སངས་རྒྱས་མཁའ་འགྲོ། རྡོ་རྗེ་མཁའ་འགྲོ། །རིན་ཅེན་མཁའ་འགྲོ། པདྨ་མཁའ་འགྲོ། སྣ་ཚོགས་མཁའ་འགྲོ་ལ་སོགས་པ་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་མ་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སོགས་གོང་ལྟར་བརྗོད། གཞི་བདག་གཏོར་མ་ནི། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས། ཧཱུཾ་མཛད་ཕྱག་རྒྱ་བཅས་ལ། ཨོཾ་བྷཱུ་མི་པ་ཏི་མཱ་ཀརྵཱ་ཡ་ཛཿ ཞེས་པས་མགྲོན་དགུག ཨོཾ་ཨ་ཀཱ་(༡༣བ)


GLG011_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤ་ནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཞེས་ལན་གསུམ་གྱིས་ཕུལ། གོང་ལྟར་ཕྱི་ནང་གིས་མཆོད། མཆོད་སྦྱིན་གྱི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་སའི་ལྷ་མོ་བསྟན་མ། བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་ལ་སོགས་པ་གནས་བདག་གཞི་བདག་གྲོང་བདག་ཡུལ་བདག་གཉུག་མར་གནས་པ་རྣམས་དང་། མ་ལྟར་བྱམས་ཤིང་སྲིང་ལྟར་ཉེ་བ་རྣམས་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་ཞིང་འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང་། གནས་མགྲོན་གྱི་དམ་ཚིག་སྲུངས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱིས་བྱ་བ་དང་སྤྱོད་པ་ཉེས་པ་ལ་ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར་བསམ་སྦྱོར་ཆོས་མཐུན་ཡིད་བཞིན་དུ་འགྲུབ་པའི་འཕྲིན་ལས་སྟོང་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། ན་མཿབདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམས་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་འདིར་མ་ལུས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བརྗོད། བཟླས་པ་ནི། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཧེ་རུ་ཀའི་ཡི་གེ་བརྒྱ་པ་གསུམ་བདུན་ཉེར་གཅིག་སྐབས་སྦྱར་བརྗོད། ཡི་དམ་གྱི་སྔགས་ནི། ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། མགོན་པོ་གུར་གྱི་སྔགས་ནི། ཨོཾ་མ་ཧཱ་ཀཱ་ལ་ཧཱུཾ་ཕགས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཧཱུཾ་ཧཱུཾ་ཕགས་(༡༤ན)


GLG011_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱཧཱ། ལྷ་མོའི་སྔགས་ནི། ཨོཾ་རུ་རུ་རོ་རུ་བི་ཏིཥྠ་བ་དྷྭ་སི་ཀ་མ་ལ་རཱ་སི་ཧཱུཾ་བྷྱོ་ཧཱུཾ། མགོན་པོ་ཞལ་གྱི་སྔགས་ནི། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་པི་ཀཱ་ལ། ར་ཏྲི་ཏ། ཌོམྦྷི་ནཱི། ཙཎྜ་ལཱི། རཀྑ་སཱི། སིངྒ་ལཱི་དེ་བཱི་ཧཱུཾ་བྷྱོ་ཧཱུཾ། ལས་མཁན་ལྕམ་དྲལ་གྱི་སྔགས་ནི། ཨོཾ་རོ་རུ་རོ་རུ་ཏྲི་ཙ་པ་ལ་ཨཤུགྨེ་མ་ཧཱུཾ་མ་བྷྱོ་ཛཿཛཿ ཨ་ལི་ཨ་ལི་མ་ཛཿཛཿ ཤཾ་ཤཾ་ལི་ཤི་དེད། ཨ་ཤྭ་དེད། མོ་སྨུགས་སྤུ་གྲི །ཨ་ལི་མ་ཛཿཛཿནག་མོ་ཤ་ལ་རུབས་ཛཿཛཿ ལས་མཁན་ལྕམ་དྲལ་གྱི་སྔགས་ནི། ཨོཾ་པྲ་ཎ་ཨཱ་ཏྨ་ཀྵིརུ་པུ་རུ་ཥ། ལུ་ཧི་ཏ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཧཱུཾ་ཕགས། ཨོཾ་རགྨོ་ཡ་མ་ཙི་ཏྟ་ཛཱ་ལ་རི། པྲ་ཏི་དེ་ས་ཝཱི་ཧཱུྃ། སྲོག་ལ་ཡ་མ་ཛ༔ སརྦ་ཤ་ཏྲུཾ་མ་ར་ཡ་ཕགས། ལས་སྔགས་ནི། ཨོཾ་ཤྲི་མ་ཧཱ་ཀ་ལ་ཡ། ཤ་ས་ན་ཨུ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཤྩི་མ་ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱི་ར་ཎཾ། ཡ་དི་པྲཏཱི་ཛྙ། སྨ་ར་སཱི་ཏ་དཱ། ཨི་དཾ་དུ་ཥྚཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྣ་གྲྀཧྣ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན། མཱ་ར་ཡ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ། བི་ཀཎྚ་ཀ་རཱ་ལ། ལམྦི་ཏ་ཨོཥྠ། ལམྦ་ཀ་པེ་ཀ །ལཾ་བ་ཀ་བ་ལེ། ར་བི་གྷཎྚ། རུ་དྲ་མཱ་ལ་བི་ཧུ་རེ། ཚེ་ད་ཧ་ཀ་ལེ། ཧ་ལེ་ན་ཧ་ལེ། པིམྦི་ཛཱ་ལི། བ་མེ་ཀུནྡི་དྷུ་རི་ཡཾ་མ་ཨེཾ། ད་ཧི་ན་ཀརྟི་ཀ་རོ་ཏྲི། བྷི་བྷི་ཥ་ན་དྷ་ཨེཾ། བཱ་མེ་ཤཱུ་ལ་པཱ་ཎི། ཧ་ར་དྷོ་ར། ན་ར་སཱི་ར་མཱ་ལ། པཱ་ཏ་ལེ་ཀྵིཾ་ཀཱ་ར་ཀ་ལ། མ་ཧཱ་པོ་ཊ་ལེ། མ་ཧཱ་ཀཱ་ལ་ཤྲཱི། ཀ་བི་ལ་ཀི་བི་ལ་སིཾ་ཀྵེ་ཏྲ་པཱ་ལ། ཧ་ཧ་ཀ་རེ། བཱུརྦ་བྷ་ཥབྷི་ཨུཾ། ཛཽ་ཛནྟི། མཱཾ་ས། བྷ་ཏ ཕུལླ དྷཱུ་པ། ཨི་གྷ་(༡༤བ)


GLG011_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཧ། བ་ལིཾ། ཛི་གྷྲ་ཧ། ད་ཤ་དི་ཀ །ཨུཏྟཱ་ར་ཝུ་རི། ཎོཾ་བྷི་ནཱི། ཙཎྜ་ལཱི། རཀྑ་སཱི། སིངྒ་ལཱི། དེ་ཝཱི། ཧ་ན་ཧ་ན། བནྡྷ་བནྡྷ། མཱ་ར་མཱ་ར། ད་ཧ་ད་ཧ། བ་ཙ་བ་ཙ། ཀྵིཾ་ཀྵིཾ། ལེ་ཧེ་བ་ལིཾ་དེ་ཧི་སིདྡྷུ། བི་ཀཱ་ལ་ཤ་ཏྲུཾ། མཱ་ར་ཡ་ཧཱུཾ་ཕཊ་ཏྲ་ཀ་རཀྴ་ཁ་མུནྟ། རུ་ལུ་རུ་ལུ་ཏྲཀ་རཀྴ་སྙིང་ཁྲག་སྙིང་བྷྱོཿ སྤུ་ཏ་སྤུ་ཏོ་བྷྱོཿ ཤ་ཤ་ཏྲག །ཤ་ཤ་ཏྲག ཏྲགྨོ་ཏྲ་པ། སྙིང་ཁྲག་རགྨོ་ཏྲ་པ། གནོད་བྱེད་མཱ་ར་ཡ། ཨོཾ་མ་ཧཱ་རཀྴ་ཙིཏྟ་སྲོག་ཏུཾ་ཏུཾ། ཀ་མ་ལ་རཀྴ་ཙིཏྟ་སྲོག་ཏུཾ་ཏུཾ། གུ་ཧྱ་རཀྴ་ཙིཏྟ་སྲོག་ཏུཾ་ཏུཾ། ཧྲི་བཾ་རཀྴ་ཙིཏྟ་སྲོག་ཏུཾ་ཏུཾ། མ་མ་ཙ་སྤུར་ཙིཏྟ་སྲོག་ཏུཾ་ཏུཾ། པུ་རུ་ཙ་ལྟུཾ་ཙིཏྟ་སྲོག་ཏུཾ་ཏུཾ། དྷྲི་ག་དྷྲི་ག་ཡ་དུ་པ་ཤ་ནི་སོད། དུཾ་ཤིག་ཨཱ་གད་ཛཿ མོན་བུ་ཨཱ་གད་ཛཿ ཡ་རྣིར་ཡ་རྣིར་མོན་བུ་ཛཿ མོན་བུ་ཁྲག་ལ་འཇིབས་ཛཿ། རྣིར་ན་རྦད། དུ་ན་རྦད། ཤི་ན་རྦད། ཤག་ཤིག་རྦད། ཏྲི་ན་རྦད། དུ་ན་རྦད། མོན་བུ་པུ་ཏྲ་ཤཾ་རྦད། ཡཾ་སྨུགས། ལིང་འདུས། ཁཾ་ཤོད། པ་ཡ་མོ་ཛཿ དགྲ་བོའི་རུས་ལ་ཁྲོལ་ཁྲོལ་རྦད། གསེར་གྱི་སྤུ་གྲི་གནོད་བྱེད་ཀྱི་སྙིང་ལ་ཡཾ་རྦད། ཅེས་པ་ཅི་རིགས་པ་བཟླས་རྗེས་སུ་བྷ་ཡ་ན་ཚར་གསུམ། སུ་གང་དག་སོགས་དམོད་པ་འདོར་ཞིང་ཐལ་མོ་བརྡབ་པར་བྱའོ། འཁོན་གཅུགས་སྦྱང་བའི་བཟླས་པ། གཉའ་གནོན་གྱི་བཟླས་པ། །ཐུགས་མཉེས་པའི་བཟླས་པ། དྲག་པོའི་བཟླས་པ་བཞི་པོའི་དམིགས་པ་རྣམས་ཁའུ་བྲག་རྫོང་བའི་ཁྱད་ཆོས་ལྟར་ཞལ་ལས་བླང་བར་བྱའོ། །ཐུན་གྱི་མཐར་གཏོར་མ་སྐྱོང་བར་འདོད་པས། ཡི་དམ་མ་གཏོགས་པའི་གཏོར་མ་གཞན་རྣམས་སྒྲུབ་ཁང་གི་སྟེང་གི་གཏོར་སྟེགས་སམ། ས་གཙང་སར་ཁྱེར་ལ།(༡༥ན)


GLG011_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་བྷྱོ། དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་དང་། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ། །འཇིགས་གཟུགས་མཁའ་འགྲོ་ཡུམ་ཆེན་སྲིང་མོ་བཞི། ལྕམ་དྲལ་ཁྱོད་ཀྱི་བཀའ་ལས་མི་འདའ་བའི། །དུར་ཁྲོད་བདག་པོ་ཞིང་སྐྱོང་འཁོར་དང་བཅས། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །དྲེགས་པ་ཕོ་རྒྱུད་མོ་རྒྱུད་འཁོར་དང་བཅས། །མཁའ་ལྡིང་བྱ་ཁྱི་ལྕགས་སྤྱང་འཁོར་དང་བཅས། པུ་ཏྲ་ལ་སོགས་ལས་མཁན་འཁོར་དང་བཅས། །ཆོས་སྐྱོང་བེག་ཙེ་ལྕམ་དྲལ་འཁོར་དང་བཅས། །སྲུང་མ་དམ་ཅན་རྒྱ་མཚོ་འཁོར་དང་བཅས། །འདིར་བཞུགས་གཞི་བདག་གཉན་པོ་འཁོར་དང་བཅས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཅེས་སོགས་དཀྱུས་ལྟར་བྱ། །དེ་ནས། ཨོཾ། སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང་། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །དཔལ་འབྱོར་གྱིས་བརྒྱན་ཡུན་རིང་ཞབས་བརྟན་མཛོད། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་རྣམས། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །བསམས་པའི་དོན་རྣམས་ཡིད་བཞིན་གྲུབ་པ་དང་། འགྲོ་བའི་དོན་ལ་མཐུ་དང་ལྡན་པས་མཛོད། ཡི་གེ་བརྒྱ་པ་དང་། མ་འབྱོར་བ་དང་ཉམས་པ་དང་། ཞེས་སོགས་བརྗོད། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་(༡༥བ)


GLG011_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་ཡང་སྐུ་གཟུགས་ཀྱི་རྟེན་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་དམ་པ་མཛད་དུ་གསོལ། ཨོཾ་སུ་པྲ་ཏིཥྠ་བཛྲེ་སྭཱཧཱ། རྟེན་མེད་པའི་གཏོར་མགྲོན་རྣམས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། ཅེས་སོགས་དང་། བཛྲ་མུཿ ཡེ་ཤེས་པ་རང་གནས་སུ་གཤེགས། །དམ་ཚིག་པ་ཛཿཧཱུཾ་བཾ་ཧོཿ བདག་དང་གཉིས་སུ་མེད་པར་བསམ། དགེ་བ་འདི་ཡིས་ནམ་མཁའི་མཐའ་ཀླས་པའི། །ལུས་ཅན་ཀུན་གྱི་བསོད་ནམས་ཡེ་ཤེས་ཚོགས། །མྱུར་དུ་བསྒྲུབས་ནས་ཚེ་འདི་ཁོ་ན་ལ། །རྡོ་རྗེ་འཛིན་པའི་ས་ལ་འགོད་པར་ཤོག །བདག་གིས་དུས་གསུམ་དགེ་བ་ཅི་བསགས་པ། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །བླ་མེད་ཐེག་པ་ཆེན་པོའི་སྣོད་གྱུར་ནས། ཀུན་ཀྱང་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །བདག་ཀྱང་སངས་རྒྱས་མ་ཐོབ་བར། །སྐྱེ་དང་སྐྱེ་བར་གནས་བཟང་པོ། རིགས་བཟང་སྤྱོད་པ་བཟང་བ་དང་། །གྲོགས་བཟང་བླ་མས་རྗེས་འཛིན་ཤོག །ཚུལ་ཁྲིམས་དག་ཅིང་མཁས་ལ་བསྒྲིན། །རྣམ་པར་དག་ཅིང་རྒྱུད་གཅིག་ལ། །སྐལ་བཟང་སྤྱོད་པས་རྣམ་བརྒྱན་པ། །ཐོས་ནས་ལེགས་པར་སྟོན་པར་ཤོག །མགོ་བོར་བླ་མའི་ཅོད་པན་འཆང་། །(༡༦ན)


GLG011_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་ཐབས་ཤེས་རྡོར་དྲིལ་འཛིན། །ངག་ཏུ་གསང་སྔགས་རྒྱལ་པོ་བཟླ། །ཡིད་ཀྱིས་ཟུང་འཇུག་བསྒོམ་པར་ཤོག །དེང་ནས་བྱང་ཆུབ་མ་ཐོབ་པར། །བླ་མ་ལྷ་དང་མི་འབྲལ་ཞིང་། །སྒྲུབ་ལ་བར་ཆད་མེད་པ་དང་། །བསྟན་ལ་བྱ་བ་བྱེད་པར་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུངས་ཚིག་ཀྱང་ཚད་མའི་ཚིག་ཡིན་ཏེ། །བདེན་པ་དེ་དག་གིས་ནི་ལྷ་མོ་རྣམས། །བདག་ཅག་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་གནས་སྐབས་ཀྱི་སྨོན་ལམ་དང་བདེན་ཚིག་གི་རྒྱས་གདབ། ཤིས་བརྗོད་ནི། རྡོ་རྗེ་འཆང་དབང་ཀླུ་སྒྲུབ་མཆོག་སྲེད་ཞབས། །མལ་གཉན་འཁོན་རིགས་འཇམ་མགོན་རིམ་བྱོན་དང་། ཁའུ་པ་དང་ཚར་ཆེན་ཡབ་སྲས་སོགས། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །དཀྱིལ་འདི་མན་ཚར་ཆེན་གྱི་གསུང་། འཁོར་རྒྱ་མཚོའི་ཁྱབ་བདག་ཀྱཻ་རྡོ་རྗེ། །དམ་ཆོས་རྒྱ་མཚོའི་ཉིང་ཁུ་གསུང་ངག་མཆོག །བསྟན་འཛིན་རྒྱ་མཚོའི་གཙུག་རྒྱན་ས་སྐྱ་པ། །མཆོག་གསུམ་འགྲན་ཟླ་བྲལ་བའི་བཀྲ་ཤིས་ཤོག །བསྟན་སྲུང་ཀུན་གྱི་སྡེ་དཔོན་རྡོ་རྗེ་གུར། །བསྟན་འཛིན་བུ་ལྟར་སྐྱོང་བའི་འདོད་ཁམས་མ། །བསྟན་དགྲའི་གཤེད་མ་ཞིང་སྐྱོང་གདོང་བཞི་པ། །བསྟན་སྲུང་རྒྱ་མཚོའི་ཚོགས་ཀྱི་བཀྲ་ཤིས་ཤོག །འདོད་དགུའི་མཆོག་སྦྱིན་རྗེ་བཙུན་རིགས་བྱེད་མ། །འདོད་ཡོན་ཆར་འབེབས་ལྷ་ཆེན་ཚོགས་ཀྱི་བདག །འདོད་པའི་རྒྱལ་པོ་ཁམས་གསུམ་དབང་སྡུད་ལྷས། །འདོད་དོན་བདེ་བླག་འགྲུབ་པའི་བཀྲ་ཤིས་ཤོག །གཞན་ཡང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཅི་རིགས་པ་བྱའོ། །སྨྲས་པ། འཕྲིན་ལས་མྱུར་མགྱོགས་ཕོ་ཉའི་ཆུ་གཏེར་ལས། །ཆོས་སྐྱོང་དགྱེས་བསྐྱེད་གཏོར་ཆོག་(༡༦བ)


GLG011_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཞིན་ནོར། ཁོ་བོའི་བློ་གྲོས་རྒྱལ་མཚན་རྩེར་བཀོད་ཚེ། །མཆོག་མཐུན་དངོས་གྲུབ་འདོད་དགུ་ཆར་དུ་བསྙིལ། །ལུགས་སྲོལ་གཞན་གྱི་རྒྱས་བཀབ་འདྲ་བཅོས་དང་། ཁུངས་བྲལ་རང་བཟོས་བསླད་པའི་དཔར་ཧྲུལ་མིན། ཁའུ་བྲག་རྫོང་བཞེད་པའི་ལམ་སྲོལ་ལྟར། །བཀླགས་ཆོག་འཁྱེར་བདེའི་ཚུལ་དུ་གསལ་བར་བཀོད། །གདམས་པའི་གནད་བྲལ་དྲག་བརྡུང་རོལ་མོ་ཙམ། །སྒྲོགས་པས་ཞིང་སྐྱོང་བྲན་འཁོར་གྲུབ་མཆོག་ཏུ། །རློམ་རྣམས་ལྷ་ལམ་ངོས་ཀྱི་འཇའ་རིས་ལྟར། །རབ་བགྲད་དོན་གྱིས་སྟོང་པའི་གཟུགས་བརྙན་བཞིན། །བླ་མ་ཟབ་ཆོས་བརྒྱུད་ཚུལ་མི་སེམས་ཤིང་། །གྲགས་འདོད་དབང་གིས་དཔེ་ཙམ་འཁྱམས་པ་ལ། ངག་འདོན་གཟུ་ལུམས་སྤྱོད་ན་དྲེགས་ལྡན་དེ། བཀའ་སྲུང་བཤན་པ་དམར་པོས་ཆད་པ་ཆོད། །རྟོག་གེས་གཞལ་བའི་ཚིག་གི་སྦུན་པ་དང་། སྟོབས་ལྡན་ཟོག་ཆོས་བྱེད་པའི་དཔེ་འཁྱམས་མིན། །ཡིད་བཞིན་ནོར་འདྲའི་གསང་ཆེན་སློབ་བཤད་ཀྱི། །ལུགས་ལྟར་བཀོད་ལ་ཆོས་སྲུང་དགྱེས་པ་བསྐྱེད། །དགེ་དེས་ཐུབ་བསྟན་འཇོམས་པའི་དགྲ་བགེགས་དཔུང་། །སྲོག་དང་ཕྲལ་ཏེ་རྣམ་ཤེས་མི་བསྐྱོད་པའི། །ཞིང་དུ་རྒྱལ་བའི་སྲས་སུ་ཉེར་བསྐྲུན་ཏེ། །ཕན་བདེའི་དཔལ་འབྱོར་རྒྱས་པའི་བཀྲ་ཤིས་ཤོག །ཅེས་དཔལ་གུར་གྱིས་མགོན་པོ། གདོང་བཞི་པ་ལས་མཁན་དང་བཅས་པ་ལ་གཏོར་མ་འབུལ་བའི་ཆོ་ག་འཕྲིན་ལས་ལྷུན་གྲུབ་ཅེས་པ་འདི་ནི་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་ཕྱག་ལེན་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་བར་དུ་གདུང་བརྒྱུད་རིམ་པར་ཆིག་བརྒྱུད་དུ་བྱོན་པའི་ལུགས་སྲོལ་(༡༧ན)


GLG011_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་ངག་རིན་པོ་ཆེ་འཕྲིན་ལས་མྱུར་མགྱོགས་ཕོ་ཉའི་དགོངས་པ་དང་ཕྱག་ལེན་ཇི་ལྟ་བ་བཞིན་ཡིན་ནའང་ཕོ་ཉ་མྱུར་མགྱོགས་སྙན་བརྒྱུད་གླེགས་བམ་དུ་བཞུགས་པས་བཀའ་རྒྱ་དམ་པ་དང་། ལས་མཁན་རྣམས་རུ་ང་ཕྲག་དོག་ཆེ་བས་དངོས་སུ་སྤེལ་བར་མ་ནུས་ལ། འདོན་ཆའི་སྐོར་རྣམས་ཟུར་དུ་ཕྱེ་ཞིང་གསུང་དངོས་རྣམས་རས་སུ་མ་བོར་བར་ཇི་ལྟ་བ་བཞིན་བྲིས། སྐུ་གསུམ་མངོན་གྱུར་མ་སོགས་འགའ་ཞིག་བསྣན་ཏེ་བཀླགས་ཆོག་ཏུ་རང་གི་བརྗེད་བྱང་དང་། ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱི་རྒྱུན་འཁྱེར་དུ་ཨ་ཝ་དྷཱུ་ཏཱི་བའི་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་ས་ཕོ་བྱི་བའི་ལོ་ཆུ་ཤེལ་གྱི་དབང་པོ་མགོས་ཉ་བའི་དཔའ་བོ་དགའ་སྟོན་གྱི་ཚེས་ལ་དགའ་ལྡན་ཕོ་བྲང་དུ་སྦྱར་བ་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །སརྦ་མངྒ་ལཾ།། །།


previousདཔལ་མགོན་པོ་ཆེ་ཆུང་ལས་མཁན་རྣམས་ཀྱི་གཏོར་མའི་ཆོ་ག་ལས་བཞི་ལྷུན་གྲུབ།next