Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
དཔལ་མགོན་པོ་ཆེ་ཆུང་ལས་མཁན་རྣམས་ཀྱི་བསྟོད་བསྐུལ་བཤན་པ་རྣམ་པར་རོལ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་མགོན་པོ་ཆེ་ཆུང་ལས་མཁན་རྣམས་ཀྱི་བསྟོད་བསྐུལ་བཤན་པ་རྣམ་པར་རོལ་པ།next

དཔལ་མགོན་པོ་ཆེ་ཆུང་ལས་མཁན་རྣམས་ཀྱི་བསྟོད་བསྐུལ་བཤན་པ་རྣམ་པར་རོལ་པ།


GLG011_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་པོ་ཆེ་ཆུང་ལས་མཁན་རྣམས་ཀྱི་བསྟོད་བསྐུལ་བཤན་པ་རྣམ་པར་རོལ་པ་བཞུགས་སོ།།


GLG011_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་ཆོས་དབྱིངས་འགྱུར་བ་མེད་པའི་སྒྱུ་འཕྲུལ་དྲ་བའི་རོལ་གར་ལས། །ལོངས་སྐུ་ཁྲོ་རྒྱལ་ནག་པོ་ཆེན་པོ་དགྲ་བགེགས་སྟེང་དུ་བྲོ་བརྡུང་བའི། །དུས་གསུམ་རྒྱལ་བའི་བསྟན་སྲུང་ཀུན་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཆོག །དམ་ལྡན་རྣལ་འབྱོར་ཚོགས་ཀྱིས་བསྟོད་ན་དགྱེས་པའི་དམར་ཟླུམ་སྤྱན་གྱིས་གཟིགས། །མཆོག་སྲེད་རི་སུལ་རྣལ་འབྱོར་མལ་ལོ་གཉན། །ས་སྐྱ་པ་དང་བདག་ཆེན་རྡོ་རྗེ་འཆང་། །ཀུན་སྤངས་ཆོས་རྗེ་ཚར་ཆེན་མཁྱེན་བརྩེ་དབང་། །རྩ་བརྒྱུད་བླ་མའི་བསྟན་སྲུང་ནག་པོ་ཆེ། །ཁྱོད་ཉིད་བསྟོད་ཅིང་བསྐུལ་བའི་དབྱར་སྐྱེས་རྔ། །སྲིད་གསུམ་ལྡེག་ཅིང་གཡོ་བ་ཙམ་ཉིད་དུ། །འགག་མེད་རྡོ་རྗེའི་དབྱངས་སུ་ལེན་བྱེད་ན། །དངོས་གྲུབ་རྣམ་གཉིས་ཆར་ལྟར་དབབ་ཏུ་གསོལ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་གདོང་བཞི་པ་ལས་མཁན་དང་བཅས་པའི་གཏོར་ཆོག་སོགས་ཀྱི་སྐབས་སུ་ཉེ་བར་མཁོ་བའི་བསྟོད་ཅིང་བསྐུལ་བའི་ཚོགས་(༢ན)


GLG011_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རིམ་པ། དཔལ་ལྡན་ས་སྐྱ་བའི་བསྟན་སྲུང་དབང་པོའི་ཚོགས་རྣམས་ཀྱི་བསྟོད་པའི་རིམ་པ་ལས་བསྡུས་པ་དང་། གཞན་ཡང་ཁུངས་ལྡན་བརྒྱུད་པའི་གསུང་གི་རིམ་པའི་ཚོགས་འགའ་ཞིག་བརྗོད་པ་ནི་འདི་ལྟ་སྟེ། གུར་མགོན་ལྕམ་དྲལ་གྱི་བསྟོད་པ་ནི། ཧཱུཾཿ འཕགས་པ་རིན་པོ་ཆེས་མཛད། གང་གི་ཐུགས་ནི་དབྱིངས་ལས་མ་གཡོས་ཀྱང་། །རྒྱལ་བ་ཀུན་གྱི་འཕྲིན་ལས་བསྒྲུབ་པའི་ཕྱིར། །སྣ་ཚོགས་སྤྲུལ་པས་འགྲོ་བའི་དོན་མཛད་པའི། །དཔལ་ཆེན་གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། ཁྱོད་སྐུ་ལྷུན་པོ་ལྟ་བུར་རབ་བརྗིད་ཅིང་། །མི་འགྱུར་ནམ་མཁའི་མདངས་ལྟར་ཤིན་ཏུ་མཛེས། །ཆོས་སྐུ་དེ་བཞིན་ཉིད་དུ་གཅིག་པའི་དབུ། །བདེན་གཉིས་ཟབ་མོའི་དོན་མཚོན་ཕྱག་དང་ཞབས། །སྐྱོན་དྲུག་གཅོད་ཅིང་བདུད་སྡེའི་ཚོགས་འཇོམས་ཕྱིར། །གཡས་པའི་ཕྱག་གིས་གྲི་གུག་ཐུགས་ཀར་འཛིན། །འདོད་ཁྲོ་རྨོངས་སྤངས་གཡོན་པའི་ཕྱག་གིས་ནི། །གདུག་པའི་ཁྲག་གིས་གང་བའི་ཐོད་པ་འཛིན། །ཆོས་སྒྲ་ཆེན་པོས་བདུད་ཀྱི་ཀླད་འགེམས་ཕྱིར། །རྣམ་(༢བ)


GLG011_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་གཎྜི་ཕྱག་གི་དབུས་ན་བསྣམས། །དེ་བཞིན་གཤེགས་པ་ལྔ་ནི་རྣམ་དག་པ། །མི་མགོ་སྐམ་པོ་ལྔ་ཡིས་དབུ་བརྒྱན་ཅིང་། །ཨཱ་ལི་ཀཱ་ལི་ལྔ་བཅུ་དག་པའི་ཕྱིར། །གདུག་པའི་མགོ་རློན་ལྔ་བཅུའི་དོ་ཤལ་ཅན། །གཟུང་འཛིན་རབ་སྤངས་སྟག་གི་ཤམ་ཐབས་ཅན། །ཀླུ་ཆེན་དབང་དུ་སྡུད་པས་སྦྲུལ་གྱིས་བརྒྱན། །རིན་ཆེན་རུས་པའི་རྒྱན་གྱིས་རབ་ཏུ་སྒེག །བདུད་སྡེ་དཔུང་བཅས་མི་བཟད་འཛོམས་མཛད་པ། ཁྲོ་གཉེར་མཆེ་བ་རབ་གཙིགས་མི་སྡུག་པ། །སྣ་ཚོགས་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །གང་གི་གསུང་ནི་ནམ་མཁའི་མཐས་གཏུགས་པར། །ཧ་ཧ་ཧི་ཧི་ཞེས་པས་རབ་ཏུ་བཞད། །ཧཱུཾ་ཧཱུཾ་ཕཊ་ཕཊ་ལ་སོགས་དྲག་ཤུལ་སྒྲས། །བདུད་དང་ལོག་འདྲེན་ཚོགས་རྣམས་སྐྲག་པར་མཛད། །དཔའ་བོའི་གསུང་གི་ང་རོ་འབྲུག་སྟོང་སྒྲས། །ཤིན་ཏུ་འཇིགས་རུང་སྒྲོག་པ་དེ་ལ་འདུད། ཁྱོད་ཀྱི་ཐུགས་ནི་སྤྲོས་ལས་རྣམ་གྲོལ་ཡང་། །སྙིང་རྗེའི་དབང་གིས་འགྲོ་བའི་ཡིད་ལས་བྱུང་། །སྐད་ཅིག་གིས་ནི་ཁམས་གསུམ་མ་ལུས་ཀུན། །ཟ་བར་ནུས་པའི་རྔམ་པ་མཆོག་དང་ལྡན། །དེ་ལྟའི་སྤྲུལ་པ་སྣ་ཚོགས་རབ་སྟོན་ཀྱང་། །རང་བཞིན་ཆོས་སྐུ་ཉེར་ཞིའི་ཐུགས་ལ་འདུད། །དཔའ་བོ་ཁྱོད་ཀྱིས་ཐུབ་པའི་བསྟན་པ་མཆོག །རབ་ཏུ་སྐྱོང་ཕྱིར་ལོག་འདྲེན་འདུལ་བ་དང་། །གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་པའི། །ལམ་ལ་གནས་པའི་རྡོ་རྗེ་འཛིན་པ་སྐྱོངས། བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཀྱི། །རྨི་ལམ་ལྟས་སྡིག་སྐལ་བ་ངན་པ་དང་། །ནད་དང་གནོད་དང་དུས་མིན་འཆི་ལ་སོགས། །མི་མཐུན་(༣ན)


GLG011_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་རྣམས་ཞི་བར་མཛད་དུ་གསོལ། །བདག་དང་བདག་ལ་ཕན་པར་གང་སེམས་པ། །དེ་དག་ཀུན་གྱི་ཚེ་དང་བསོད་ནམས་དང་། །འཁོར་དང་ལོངས་སྤྱོད་མཐུ་དང་དབང་ཕྱུག་ཀུན། །རྟག་ཏུ་མི་ཉམས་རྒྱས་པར་མཛད་དུ་གསོལ། །ལྷ་དང་མི་དང་ཀླུ་དང་གནོད་སྦྱིན་སོགས། །འགྲོ་བ་ཀུན་གྱི་གདུག་པའི་སེམས་ཞི་ནས། །ཐམས་ཅད་བདག་གི་དབང་དུ་གྱུར་ནས་ཀྱང་། །ཐེག་མཆོག་བསྟན་པའི་སྣོད་དུ་འགྱུར་བར་མཛོད། །གང་ཞིག་ཞི་བས་འདུལ་བར་མི་ནུས་ཤིང་། །གདུག་ཅིང་གཏུམ་པའི་སེམས་དང་རབ་ལྡན་པས། །བླ་མ་དམ་པའི་སྐུ་ལ་སྡོ་བ་དང་། །སེམས་ཅན་ལ་འཚེ་ཐུབ་པའི་བསྟན་ལ་གནོད། །རྣལ་འབྱོར་རྡོ་རྗེ་འཛིན་པ་བདག་ཅག་གི །སྒྲུབ་ལ་བར་དུ་གཅོད་པར་བྱེད་པ་ཡི། །གནོད་དང་ལོག་པར་འདྲེན་པའི་ཚོགས་ཀུན་ལ། །གཏུམ་པོ་ཁྱོད་ཀྱི་མངོན་སྤྱོད་ལས་ཀྱིས་ནི། །བསྐྲད་དང་གཟིར་དང་བཅིངས་དང་རེངས་པ་དང་། །རྨུགས་ཤིང་དྲན་པ་རབ་ཏུ་ཉམས་པ་དང་། །དེ་ཡི་ལུས་ངག་ཡིད་ཀྱི་རྫུ་འཕྲུལ་དང་། །མཐུ་དང་ལོངས་སྤྱོད་དབང་ཕྱུག་ཚོགས་རྣམས་ཀུན། །སྐད་ཅིག་གིས་ནི་ཐམས་ཅད་རབ་ཉམས་ནས། །འདུ་བ་རྣམ་བཞིའི་ནད་ཀྱིས་གཟིར་ནས་ཀྱང་། །ཁ་ནས་ཁོང་ཁྲག་དྲོན་མོ་རབ་བསྐྱུགས་ནས། །ད་ལྟ་ཉིད་དུ་བསད་ཅིང་བསྒྲལ་བར་གྱིས། །བདག་གིས་བསྒོ་བའི་ལས་འདི་མ་བསྒྲུབས་ན། །སྔོན་ཚེ་བདེ་བར་གཤེགས་པའི་སྤྱན་སྔ་རུ། །ཐུབ་པའི་བསྟན་པ་བསྲུང་བར་ཁས་བླངས་པ། །དམ་བཅས་ཉམས་འགྱུར་དེ་སླད་མ་གཡེལ་ཞིག །ཧཱུཾཿ གཟུངས་འདུས་ལས་བྱུང་། ཀུན་(༣བ)


GLG011_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཟང་པོའི་རིག་མ་ལས། །མ་གཡོས་ཨུ་མ་དེ་ཝཱིའི་སྐུ། །མ་མོ་ཐམས་ཅད་བསྐྱེད་མཛད་མ། །ཡུམ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་མི་འགྱུར་སྐུ་མདོག་མཐིང་། །ཡེ་ཤེས་དབུ་གཅིག་འགྱིང་ཞིང་ཁྲོ། །གཡུ་ཡི་རལ་པས་སྲིད་གསུམ་སྒྲོལ། །སྙན་གཉིས་འགྲོ་དྲུག་གསོལ་འདེབས་གསན། །ཤངས་ཀྱི་རླུང་སྒྲས་བག་ཆགས་འཇོམས། །སྐྱེ་ཤི་རྩད་གཅོད་མཆེ་བ་གཙིགས། །སྤྱན་གསུམ་འགྲོ་ལ་གཟིགས་ཤིང་བཞད། །ཐར་པའི་ལམ་སྟོན་གསུང་དབྱངས་སྙན། །ཐབས་དང་ཤེས་རབ་ཕྱག་གཉིས་ཀྱིས། །གཡུ་ཡི་བུམ་པ་ཐུགས་ཀར་འཛིན། །ཚེ་འཛིན་བདུད་རྩིའི་བཅུད་ཀྱིས་གཏམས། །སྐྱེ་འགྲོ་གསོ་བའི་ཡུམ་གཅིག་མ། །ཨེ་ཀ་ཛཱ་ཊཱི་དཔལ་དང་ལྡན། །ཡུམ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །བྷྱོཿ བྲམ་ཟེ་མཆོག་སྲེད་ཀྱིས་མཛད། རྒྱ་མཚོའི་ཀློང་ནས་མེ་འབར་ཁྱོད། །མཚོ་རྣམས་སྐེམས་པར་ནུས་མ་སྟེ། །བུད་མེད་ཐམས་ཅད་ཞི་མཛད་ཕྱིར། །ལྷ་ཆེན་སྐུ་ཡི་ཕྱེད་དུ་བཞུགས། །རྫོང་དང་དཀའ་བཟློག་ནག་མོ་ཆེ། །ལྷ་དང་ལྷ་མིན་ཕྱག་བྱས་མ། །མི་ནད་གང་ཡིན་ཁྱོད་མིང་ཤེས། །དེ་ལ་འཇིགས་པ་མེད་པར་མཛད། །གཤིན་རྗེའི་ལྕམ་མོ་བདུད་ཀྱི་ཡུམ། །འདོད་ཁམས་དབང་ཕྱུག་མ་ལ་འདུད། །སྟོབས་འཕྲོག་ཞལ་བཞི་པའི་བསྟོད་པ་ནི། ཧཱུྃཿ ས་པཎ་གྱིས་མཛད། དཔལ་ལྡན་དབང་ལྡན་སྲིད་གསུམ་དབང་སྒྱུར་ཞིང་། །མཆེ་བ་གཙིགས་ཤིང་མཆུ་འཕྱང་ཤུགས་ཆེ་བ། །སྒྲ་སྒྲོག་དྲིལ་བུའི་ཕྲེང་བས་བརྒྱན་པ་ཡི། །གཞོན་ནུའི་ལུས་ཅན་བགེགས་འཇོམས་ཁྱོད་ལ་བསྟོད། །(༤ན)


GLG011_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མའི་མིང་ཅན་དྲག་པོའི་ཕྲེང་བ་ཅན། །ཉི་ཟླ་འབར་བའི་མིག་གིས་བདུད་འཇོམས་ཤིང་། །བརྐྱང་བསྐུམ་གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་ཅན། །མདུང་རྣོན་གྲི་གུག་བུམ་ཐོད་འཛིན་ལ་བསྟོད། །འཇིགས་བྱེད་མྱུར་འགྲོ་ཚངས་སྐུད་མི་མགོ་ཡི། །ཕྲེང་བ་འཛིན་ཞིང་ས་གསུམ་སྐྲག་བྱེད་པ། ཀྵིཾ་ཀྵིཾ་སྒྲ་སྒྲོག་སྲིན་པོའི་གཟུཊ་འཛིན་པའི། །དུས་མཐའི་མེ་ལྟར་འབར་བ་ཁྱོད་ལ་བསྟོད། །དཔལ་ལྡན་གྲུ་འཛིན་ཆེན་པོ་ན། ཁྱོད་བཞུགས་ཏེ་སེའི་གངས་རི་ལ། གདོང་བཞི་ལྡན་ཁྱོད་ཞིང་སྐྱོང་མཛད། །ཀུན་སྲུང་ཁྱོད་ལ་བསྟོད་པར་བྱ། །ཧ་ཧའི་གད་བརྒྱངས་འབྲུག་སྒྲ་སྒྲོག །ཧཱུཾ་ཧཱུཾ་སྒྲོག་པའི་དཔལ་ཁྱོད་ཀྱིས། །སྲིད་གསུམ་གནས་པའི་བགེགས་རྣམས་ཀུན། །སྐྲག་མཛད་ཁྱོད་ལ་བསྟོད་པར་བྱ། །རྫོགས་པའི་སངས་རྒྱས་སྤྱན་སྔ་རུ། །དམ་བཅས་དོན་དེ་ད་ལྟ་འདིར། །བསྒྲུབ་ལ་ཐོགས་པ་མེད་གྱུར་པ། །དམ་ཚིག་ལྡན་ཁྱོད་བསྟོད་པར་བྱ། །ཤ་ཆེན་ཟན་དང་མེ་ཏོག་སྤོས། །ཆང་ཕུད་ཤ་ཁྲག་ལ་དགའ་བ། ཁྱོད་ནི་བྱང་ན་རབ་བཞུགས་ཀྱང་། །ཕྱོགས་བཅུའི་དབང་ཕྱུག་ཁྱོད་ལ་བསྟོད། །གཡུང་མོ་གཏུམ་མོ་སྲིན་མོ་དང་། །སིངྒ་ལ་གནས་རྣལ་འབྱོར་མ། །དམར་སེར་ལྗང་ནག་ཁྲོས་པའི་ཞལ། །གྲི་གུག་ཐོད་འཛིན་རྣམས་ལ་བསྟོད། ཁྱོད་ནི་རང་ཕྱོགས་ལེགས་སྐྱོང་ཞིང་། །གཞན་ཕྱོགས་རྣམ་པར་སུན་འབྱིན་པ། །དོན་གཉིས་བསྒྲུབ་པའི་ཡབ་ཡུམ་ལ། །བདག་གིས་རྟག་ཏུ་བསྟོད་པར་བྱ། །དེ་ལྟར་བསྟོད་ཅིང་རབ་བསྔགས་པས། །བདག་ཅག་འཁོར་བཅས་(༤བ)


GLG011_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བ་དང་། །འདོད་པ་ཐམས་ཅད་བསྒྲུབ་པ་དང་། །བགེགས་རྣམས་མ་ལུས་མེད་པར་མཛོད། ཁྱོད་ཀྱིས་སྒྲུབ་པའི་ལས་བྱ་ཞིང་། །རྗེས་སུ་བསྒྲུབ་ན་བརྩེ་བ་དང་། །ཡོངས་སུ་བསྟེན་ན་དགྱེས་པ་དང་། །སུན་འབྱིན་རྣམ་པར་གཞོམ་པར་མཛོད། །ཀློག་པ་རྣམས་ནི་རྒྱས་པ་དང་། །ཁ་ཏོན་ཕུན་སུམ་ཚོགས་པ་དང་། །སྒྲུབ་པ་དྲི་མ་མེད་པ་ཡི། །བསྟན་པ་དག་ཀྱང་དར་བར་མཛོད། །མདོར་ན་གང་དང་གང་བཅོལ་བའི། །དེ་དང་དེ་ཡི་ལས་རྣམས་ལ། །བཏང་སྙོམས་གཡེལ་བ་མ་མཛད་བར། །བདག་ལ་རྗེས་སུ་བརྩེ་བར་མཛོད། །ཧཱུཾ གཉན་གྱིས་མཛད། པཾ་པད་རཾ་ཉི་རོ་སྟེང་དུ། ཧཱུཾ་སྐྱེས་ནག་པོ་འཇིགས་པའི་གཟུགས། །ཞལ་བཞི་ཕྱག་བཞི་ཞབས་གཉིས་ལ། ཁྲོ་གཏུམ་རྔམ་པ་ཁྱོད་ལ་བསྟོད། །གཡས་གཉིས་སྔོན་པོ་མཆེ་གཙིགས་ཞལ། །སྤྱན་རྩ་དམར་ཟླུམ་ཉི་ལྟར་འཁྱིལ། །སྨིན་མ་སྨ་ར་དམར་སེར་འབར། །ལྗགས་འདྲིལ་ཧ་ཧར་བཞད་ལ་བསྟོད། །གཡོན་གཉིས་ལྗང་གུ་ཁྲོ་གཉེར་འཁྲིགས། །དཔྲལ་བསྡུས་སྡང་མིག་གློག་ལྟར་གཟིགས། །ཤང་ནས་རླུང་འཚུབ་རྡུལ་གྱིས་འགེངས། །ཧཱུཾ་ཧཱུཾ་སྒྲ་འབྱིན་ཁྱོད་ལ་བསྟོད། །གཡས་གཡོན་གྲི་གུག་ཐོད་ཁྲག་ནི། །ཐུགས་ཀར་སྟེང་འོག་བསྣམས་པ་ཡིས། །དགྲ་བགེཊ་སྙིང་འབྱིན་དགྲ་ཁྲག་འཐུང་། །ཕཊ་ཕཊ་དགྲ་བགེགས་སྒྲོལ་ལ་བསྟོད། །གཡས་གཡོན་འོག་མའི་ཕྱག་གཉིས་ཀྱིས། །རྩེ་གསུམ་བུམ་པ་བསྣམས་པ་ནི། །མདུང་རྣོན་དགྲ་བགེགས་ལུས་ལ་འདེབས། །བུམ་པས་(༥ན)


GLG011_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ལ་དངོས་གྲུབ་རྩོལ། །མི་མགོ་ཁྲག་འཛག་ལྔ་བཅུ་དང་། །དྲིལ་བུ་གཡེར་ཀའི་སིལ་སིལ་གྱི། །ཞིང་སྐྱོང་ཁྱོད་ཀྱི་སྐུ་ལ་བརྒྱན། །སྲིད་གསུམ་གཡོ་བྱེད་ཁྱོད་ལ་བསྟོད། །ཞབས་གཉིས་གར་གྱི་དོར་སྟབས་ཀྱིས། །ས་གཞི་རབ་གཡོས་དགྲ་བགེགས་འདུལ། །དཔའ་བོ་ཁྲོ་བྱེད་རང་ཤ་གཅོད། །རྔམ་པའི་དཔའ་བོ་ཁྱོད་ཕྱག་འཚལ། །བྷྱོཿ གཡས་ཕྱོགས་རྒྱུག་བྱེད་གཡུང་མོ་ཁྱོད། །གྲི་གུག་ཐོད་འཛིན་བཤུག་པས་འགེང་། །དགྲ་བོ་མྱོས་བྱེད་གསོད་བྱེད་མ། །གཡུང་མོ་ནག་མོ་ཁྱོད་ལ་བསྟོད། །གཡོན་ནས་འགྱིང་སྟབས་བཞད་ཅིང་རྒྱུག །གྲི་གུག་ཐོད་འཛིན་ཤ་རུས་ཟ། །དགྲ་བགི་སྨྱོ་དབང་གསོད་བྱེད་མ། །གཏུམ་མོ་ལྗང་གུ་ཁྱོད་ལ་བསྟོད། །མདུན་ནས་སྲིན་མོ་མཆོང་སྟབས་རྒྱུག །གྲི་གུག་ཐོད་འཛིན་དགྲ་སྙིང་འབྱིན། །བནྡྷ་ཁྲག་གང་ཡབ་ལ་སྟོབ། །ཡབ་ལ་དགྱེས་འཁྲིལ་ཡུམ་ལ་བསྟོད། །རྒྱབ་ནས་གར་སྟབས་གསར་ཞིང་རྒྱུག །གྲི་གུག་ཐོད་འཛིན་སིང་གླིང་མ། །འོ་དོད་ཁུས་འདེབས་དགྲ་བོ་དགུག །སིངྒ་གླིང་མ་ཁྱོད་ལ་བསྟོད། །གཙོ་འཁོར་འཁོར་བཅས་ཏེ་སེའི་གནས། །ཞིང་སྐྱོང་སྲུང་མ་གཙོ་འཁོར་ལྔས། །བསྟན་དགྲ་གདུག་པའི་དགྲ་བགེགས་རྣམས། །སྒྲོལ་བྱེད་གཙོ་འཁོར་ལྔ་ལ་བསྟོད། །ཤ་ཆེན་ཟན་བཅས་མེ་ཏོག་དང་། །རུས་ཆེན་སྤགས་པའི་གཏོར་མ་འདི། །ཡེ་ཤེས་ལྔ་རུ་བྱིན་བརླབས་པ། །འདི་བཞེས་དགྲ་བགེགས་བརླག་པ་མཛོད། །ཧཱུཾ། གནམ་ཁའུ་བས་མཛད། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །ཞལ་(༥བ)


GLG011_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཕྱག་བཞི་མཐིང་ནག་རྔམ་པའི་སྐུ། །རྩ་ཞལ་ནག་བརྩེགས་གཡས་དཀར་གཡོན་པ་དམར། །ཕྱག་གཡས་གྲི་གུག་གཡོན་པར་ཐོད་ནང་སྙིང་། །འོག་མ་རལ་གྲི་མི་རུས་ཕྲེང་བ་བསྣམས། །སྤྱན་གསུམ་ཁྲོ་གཉེར་ཞལ་གདངས་མཆེ་བ་གཙིགས། །དབུ་སྐྲ་གྱེན་བརྫེས་ཐོད་སྐམ་དབུ་ལ་བཅིངས། །མི་མགོའི་དོ་ཤལ་སྦྲུལ་དང་རུས་པས་བརྒྱན། །དཔའ་བོ་སྟག་ཤམ་ཞབས་གཉིས་བརྐྱང་བསྐུམ་ཚུལ། །རྒྱལ་བའི་བཀའ་སྡོད་ནག་པོ་ཆེ་ལ་བསྟོད། །ལྷ་རྣམས་ཀུན་གྱི་སྡེ་དཔོན་དཔའ་བོ་ཆེ། །ལེགས་ལྡན་ནག་པོ་ཁྱོད་ལ་ཕྱག་འཚལ་ལོ། །བཀའ་དང་བསྟན་པ་བསྲུང་མཛད་དམ་ཚིག་ཆེ། །ཞིང་སྐྱོང་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །མ་མོ་ཀུན་གྱི་གཙོ་བོ་དབང་ཕྱུག་ཆེ། །དུར་ཁྲོད་བདག་པོ་ཁྱོད་ལ་ཕྱག་འཚལ་ལོ། །ལོག་འདྲེན་དགྲ་བགེགས་འདུལ་བའི་མཐུ་བོ་ཆེ། །མཧཱ་ཀཱ་ལ་ཁྱོད་ལ་ཕྱག་འཚལ་ལོ། །ཧཱུཾཿ མགོན་པོའི་མཚན་གསོལ་དཔལ་ལྡན་ནག་པོ་ཆེ། །རྒྱལ་བའི་བསྟན་སྲུང་བཀའ་ཡི་བྱ་ར་བ། །གདུག་པ་ཚར་གཅོད་དྲག་ཤུལ་མཐུ་རྩལ་ལྡན། བདུད་འདུལ་དཔའ་བོ་བདག་ལ་དགོངས་སུ་གསོལ། །འདོད་ཡོན་རྒྱ་ཆེན་གཏོར་མའི་རྒྱ་མཚོ་དང་། །ལོངས་སྤྱོད་སྣ་ཚོགས་ཞལ་ཟས་མཆོད་པ་འདི། །དཔལ་ལྡན་ནག་པོ་ཆེན་པོའི་ཞལ་དུ་འབུལ། །དགྱེས་པའི་ཚུལ་གྱིས་མཆོད་གཏོར་འདི་བཞེས་ལ། །སྔོན་གྱི་ཐུགས་དམ་གཉན་པོ་ཉེར་དགོངས་ཏེ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །མི་མཐུན་གནོད་པའི་རྐྱེན་རྣམས་ཞི་བ་དང་། །འདོད་པའི་དོན་རྣམས་འགྲུབ་པར་མཛད་དུ་གསོལ། །ཧཱུཾཿ ཀླུ་སྒྲུབ་ཀྱིས་མཛད། སྲིན་པོའི་གཟུགས་ཀྱི་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །(༦ན)


GLG011_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་ཁྱེར་སུམ་བརྩེགས་འཇིག་བྱེད་པ། །ལེགས་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་གིས་བརྩོན་པར་ཁྱོད་བསྟོད་དོ། འཇིག་རྟེན་འདི་ན་རང་དབང་ཐོབ། །སྔོན་གྱི་བྲམ་ཟེས་སྨྲས་པ་ལྟར། །བཀྲ་ཤིས་མཆོག་གྲུབ་སེམས་བདེར་བྱེད། །ཡིད་མྱུར་གཟུགས་ཅན་ཀུན་ཏུ་གྲགས། །མགོན་པོ་བྱེད་ཅིང་འཇིག་རྟེན་སྐྱོང་། །འཐབ་པའི་ཚེ་ན་རྟག་ཏུ་རྒྱལ། །གཤིན་རྗེ་མ་མོས་མངོན་པར་བསྟོད། །དར་གྱི་སྟོད་གཡོགས་སྔོན་པོ་ཅན། །སྡུག་དང་མི་སྡུག་ལུས་སུ་སྟོན། །མིག་གི་ཐམས་ཅད་དྭངས་པར་བྱེད། །མཆོག་སྒྲུབ་དཔག་མེད་སེམས་བདེར་བྱེད། །སྙིང་དང་ལྡན་ཞིང་རབ་ཏུ་དཔའ། །རྟག་ཏུ་ཁྱོད་ལ་བདག་གིས་བསྟོད། །ཧཱུཾ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད། སྲིད་གསུམ་དབང་སྒྱུར་དཔལ་ལྡན་ནག་པོ་ཆེ། །དུས་གསུམ་རྒྱལ་བའི་ཡེ་ཤེས་ལས་སྤྲུལ་ཞིང་། །བྱང་ཤར་ཧ་ཧ་རྒོད་པའི་དུར་ཁྲོད་ཀྱི། །ཞིང་སྐྱོང་དབང་ཕྱུག་ཆེན་པོའི་ཐུཊ་ཀྱི་སྲས། །སྐུ་མདོག་ཆེར་ནག་ཞལ་བཞི་མཆེ་བ་གཙིགས། །བྱིས་པའི་ལུས་ཅན་ཤུགས་ཆེན་སྲོག་ལ་རྔམ། །དྲིལ་བུའི་སྒྲ་སྒྲོག་དྲག་པོའི་ཕྲེང་བ་ཅན། །རྣམ་གྲངས་མང་པོའི་མིང་ཅན་མགྱོགས་འགྲོ་ཞིང་། །གཡས་ཀྱི་དང་པོས་འབར་བའི་གྲི་གུག་འཕྱར། །གཡོན་གྱི་དང་པོས་ཐོད་ནང་ཁྲག་ཀུན་གསོལ། །གཡས་འོག་རལ་གྲིས་དགྲ་བགེགས་ཕྱེ་མར་རློག །གཡོན་འོག་ཕྲེང་བས་བདེ་ཆེན་ཡེ་ཤེས་འགུགས། །རེས་འགའ་བདུད་རྩིས་གང་བའི་བུམ་པ་དང་། །རྡོ་རྗེ་དང་བཅས་མདུང་ཐུང་ཆེར་རྣོ་བས། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་རྩོལ་ཞིང་། །ཉམས་པའི་དགྲ་བོའི་སྲོག་རྩ་མྱུར་དུ་གཅོད། །རྒྱན་དྲུག་གིས་བརྒྱན་མི་མགོའི་དོ་(༦བ)


GLG011_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཤལ་མཛེས། །སྟག་གིས་པགས་པའི་ན་བཟས་སྨད་གཡོགས་ཅན། །བརྐྱང་བསྐུམ་གར་གྱིས་སྣ་ཚོགས་པད་ཉིའི་སྟེང་། །དུས་མཐའི་མེ་ལྟར་འབར་བའི་ཀློང་དཀྱིལ་བཞུགས། ཁྱོད་ནི་རྣམ་འཕྲུལ་སྣ་ཚོགས་དཔག་ཡས་པས། །རི་བོ་གྲུ་འཛིན་གངས་ཅན་བསིལ་བའི་ཚལ། །དྲག་ཏུ་རྒོད་པའི་དུར་ཁྲོད་འཇིགས་པའི་ནང་། །ཧ་ཧ་ཧཱུཾ་ཧཱུཾ་གད་མོ་ཆེར་བཞད་ཅིང་། །ས་འོག་ཀྵིཾ་ཀྵིཾ་འབྲུག་སྒྲ་ལྟར་སྒྲོགས་པས། །ཕྱོགས་བཅུ་སྐྱོང་མཛད་དུས་མཚན་ནག་པོ་ཆེ། །འཕྲིན་ལས་རྣམ་བཞིས་ཉིད་ཐུགས་དགྱེས་མཛད་པའི། །ཡུམ་ཆེན་འཇིགས་གཟུགས་མཁའ་འགྲོའི་ཚོགས་དང་བཅས། །ཞིང་སྐྱོང་སྡེ་བརྒྱད་དྲེགས་པའི་འཁོར་གྱིས་བསྐོར། །དམ་ཅན་སྤྲུལ་པ་ཡང་སྤྲུལ་སྲུང་མའི་ཚོགས། །ཚུར་གཤེགས་སྔོན་གྱི་དམ་ཚིག་རྗེས་དགོངས་ལ། །འདིར་སྤྱོན་དགྱེས་པའི་དམ་རྫས་འདི་བཞེས་མཛོད། །དགྲ་བགེགས་ཁྲག་གི་བདུད་རྩི་ལྕགས་ཀྱུ་ལྔ། །འཛམ་བུ་ཏི་བ་མི་རུས་སྣ་ཚོགས་དང་། །མེ་ཏོག་རྙིང་པར་བཅས་པ་སྣ་ཚོགས་དང་། །སྨན་དང་རཀྟ་ཕུད་ཀྱི་མཆོད་པར་བཅས། །ཞིམ་པའི་བཟའ་བཏུང་ཚིལ་ཆེན་སྤོས་ཀྱི་དྲི། ཁྲག་གི་ཨརྒྷཾ་མེ་ཏོག་ནག་པོ་དང་། །ཞུན་ཆེན་སྒྲོན་མེ་ཞག་གི་དྲི་ཆབ་དང་། །ཞལ་ཟས་བཤོས་ནག་རུས་པའི་རྒྱན་སྤྲས་པའི། །གཏོར་མ་རི་དང་རྒྱ་མཚོར་མཉམ་པའི་ཚོགས། །སྣ་ཚོགས་དར་གྱིས་ལྷབ་ལྷུབ་ཀྱིས་མཛེས་པ། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་རླབས་པའི། །བཞེད་དགུ་ལོངས་སྤྱོད་ཕུན་ཚོགས་འབྱུང་བ་འདི། །བདག་ལ་བརྩེར་དགོངས་ཉིད་ཀྱིས་རབ་བཞེས་ལ། །གསོལ་ཞིག་སྣོམས་ཤིག་རོལ་ཞིག་ཚིམ་(༧ན)


GLG011_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛོད། །ཇི་ལྟར་ཕུལ་བ་བཞིན་དུ་བཞེས་ནས་ཀྱང་། །སྔོན་གྱི་དམ་བཅས་གཡེལ་བར་མ་མཛད་པར། །རྡོ་རྗེ་འཆང་གི་སྤྱན་སྔར་ཁས་བླངས་བཞིན། །བསྟན་པ་བསྲུང་བའི་ལས་འདི་མྱུར་དུ་སྒྲུབས། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ། །གདུག་ཅིང་སྡང་སེམས་ལྡན་པའི་དགྲ་བགེཊ་དང་། །ལམ་ལ་བར་དུ་གཅོད་པའི་བདུད་རིགས་རྣམས། །མཐུ་སྟོབས་དབང་ཕྱུག་རྫུ་འཕྲུལ་ཉམས་པ་དང་། །བསད་བསྐྲད་དབྱེ་རྨོངས་ངག་སེམས་བཅིང་བ་དང་། །ལུས་སྲེགས་ཚོས་ལ་ཞལ་དུ་གསོལ་བར་མཛོད། །གང་ཡང་བདག་སོགས་བསྟན་འཛིན་དེ་དག་ལ། །ཉིད་ཀྱིས་རྗེས་དགོངས་བཅོལ་བའི་ལས་མཛད་དེ། །འཕྲིན་ལས་རྣམ་བཞིའི་དངོས་གྲུབ་ཀུན་སྩལ་ནས། །བསམས་པའི་དོན་ཀུན་ཆོས་བཞིན་འགྲུབ་པར་མཛོད། །ཧཱུཾཿ གནམ་ཁའུ་པས་ཞལ་གཟིགས་དུས་མཛད་པ། རྡོ་རྗེ་འཆང་དབང་ཐུཊ་ཀྱི་ཕྲིན་ལས་ལས། །རྣམ་འཕྲུལ་ཞི་བས་འདུལ་བར་མི་སྤྱོད་ལ། །དྲག་པོའི་སྟོབས་ཀྱིས་གདུག་པ་ཚད་གཅོད་པ། །འཇིགས་པའི་གཟུགས་ཅན་ཁྱོད་ལ་བསྟོད་པར་བགྱི། །དཀྱིལ་འཁོར་ཆེན་པོའི་བཀའ་སྡོད་ཕོ་ཉ་ཁྱོད། །རྣལ་འབྱོར་དམ་ཚིག་ལྡན་པའི་སྲོག་ཤིང་སྟེ། །གང་གིས་བསྟེན་ཅིང་བཅོལ་ན་ཐུགས་རྗེའི་མཐུས། །ཡིད་ལ་མངོན་འདོད་འབྱོར་པ་གྲུབ་མཛད་བསྟོད། ཁྱོད་ནི་ཧ་ཧ་རྒོད་པའི་དུར་ཁྲོད་ཀྱི། །ཞིང་སྐྱོང་དབང་ཕྱུག་ཆེན་པོའི་སྤྲུལ་པ་སྟེ། །ལྷ་ཆེན་ཐུགས་ཀྱི་ཕོ་ཉ་མཐུ་བོ་ཆེ། ཁྱོད་ཀྱི་རྫུ་འཕྲུལ་ཕྱོགས་སོགས་མ་ལུས་ཁྱབ། །ཡབ་གཅིག་རྟག་ཏུ་ཏེ་སེའི་གངས་ལ་བཞུགས། །ཕལ་ཆེར་པོ་ཊ་ལ་ཡི་རི་བོ་ལ། །རེས་འགའ་བསིལ་བའི་ཚལ་ན་བྲམ་ཟེའི་གཟུགས། །ད་ལྟ་དར་ལུང་གཉན་གྱི་ཕོ་བྲང་ན། ཁྱོད་(༧ན)


GLG011_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྟེན་ས་ཁའུའི་བྲག་རྫོང་ལ། །རྣལ་འབྱོར་དམ་ཚིག་ལྡན་པའི་རྗེས་འབྲང་ཞིང་། །གང་གིས་བཅོལ་བའི་ལས་རྣམས་སྒྲུབ་མཛད་པའི། །དྲག་པོ་དབང་ཕྱུག་གཟི་ལྡན་འདིར་སྤྱོན་ཞིག །སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །གཏུམ་པོ་ཁྱོད་ཀྱིས་ཇི་ལྟར་ཁས་བླངས་བཞིན། །དྲག་པོའི་ལས་ལ་གནས་པའི་སྤྱན་འདྲེན་གྱིས། །སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། ཁྱོད་ཀྱི་བཞུགས་ཚུལ་གྱད་ཀྱི་དོར་སྟབས་ཀྱིས། །གླིང་བཞི་རི་རབ་ཉི་ཟླ་གདན་དུ་བཏིང་། །དམ་ཉམས་དགྲ་བོའི་སྟེང་དུ་བྲོ་བརྡུང་ཞིང་། །སྣ་ཚོགས་རྣམ་འགྱུར་གར་མཁན་གདན་ལ་བཞུགས། ཁྱོད་ཀྱི་སྐུ་ནི་མིའུ་ཐུང་སྲིན་པོའི་གཟུགས། །མདོག་ནག་རྩ་ཞལ་ནག་པོ་བརྩེགས་པའི་ཞལ། །གཡས་དཀར་གཡོན་དམར་ཞལ་དུ་མི་རོ་གསོལ། །སྲོག་འཕྲོག་རྔམ་ཞིང་མི་མགོའི་ཕྲེང་བས་བརྒྱན། །ཕྱག་བཞི་གཡས་ཀྱི་དང་པོ་གྲི་གུག་གིས། །གཡོན་གྱི་དང་པོ་ཐོད་ནང་སྙིང་གཅོད་ཚུལ། །ལྷག་མར་རལ་གྲི་མདུང་ཐུང་བུམ་པ་འཛིན། །རེས་འགའ་མི་རུས་ཕྲེང་བ་ཕྱག་ན་བསྣམས། །ནག་པོ་ཆེན་པོ་མཆེ་བ་གཙིགས་པའི་ཞལ། །ཤུགས་ཆེན་མ་མཆུ་འཕྱང་བ་བྱིས་པའི་གཟུགས། །དྲིལ་བུའི་སྒྲ་སྒྲོག་དྲག་པོའི་ཕྲེང་བས་བརྒྱན། །འཕྲོག་པའི་དཔའ་བོ་གཅོད་པའི་མཚོན་ཆ་འཛིན། །རྣམ་གྲངས་མང་པོའི་མིང་ཅན་མགྱོགས་འགྲོ་ཞིང་། །ས་འོག་གནས་ལ་ཀྵིཾ་ཀྵིཾ་སྒྲ་སྒྲོག་ཅིང་། །ཧ་ཧའི་གད་བརྒྱངས་ཧཱུཾ་ཧཱུཾ་བཞད་སྒྲ་ཅན། །སྟོབས་ལྡན་ཚངས་སྐུད་མི་རྐང་གླིང་བུས་བརྒྱན། །དཔའ་བོ་ཁྱོད་ཀྱི་སྲིང་མོ་ཆེན་མོ་བཞི། །གཡུང་མོ་གཏུམ་མོ་སྲིན་མོ་སིངྒ་ལི། །འཇིགས་གཟུགས་མཁའ་འགྲོ་གཅེར་མོ་གྲི་གུག་དང་། །བནྡྷའི་ཕྱག་ཅན་ནག་(༨ན)


GLG011_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་དམར་སེར་ཏེ། །མ་ལུས་འཁོར་བཅས་འདིར་སྤྱོན་དམ་རྫས་བཞེས། །ཤ་ཆེན་སྤོས་ཀྱི་དུད་པ་ཟན་དང་ཤ །བདུད་རྩི་སྨན་གྱི་རྩི་བཅུད་རཀྟའི་ཟོར། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་པ་གཉན་པོ་ཁྱོད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་གཉན་པོ་ཁྱོད་ཀྱིས་བསྟོད། །བླ་མ་དམ་པའི་སྐུ་ལ་མཐོ་འཚམ་ཞིང་། །སངས་རྒྱས་བསྟན་བཤིག་སྐྱེ་བོ་ཡོངས་ལ་འཚེ། །གཏུམ་པོ་ཁྱོད་ཀྱི་བཀའ་ལས་འདའ་བྱེད་ན། །བདག་ལ་སྡང་བར་བྱེད་པའི་དགྲ་བོ་འདི། །སོད་ཅིག་སོད་ཅིག་སྲོག་རྩ་མྱུར་དུ་ཆོད། །རྒྱོབ་ཅིག་སྲེགས་ཤིག་ཚོས་ལ་ཞལ་དུ་གསོལ། ཁ་རཾ་ཁཱ་ཧི་ལས་ལ་མཐུ་མ་ཆུང་། །བཅོལ་བའི་འཕྲིན་ལས་མྱུར་དུ་གྲུབ་པར་མཛོད། །ཧཱུཾཿ ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད། ལྷུན་གྲུབ་ཆོས་སྐུ་སྤྲོས་དང་བྲལ་བའི་དབྱིངས། །སྨྲ་བསམ་བརྗོད་དང་བྲལ་ཡང་འཇའ་ཚོན་བཞིན། ཁྲོ་དང་བྲལ་ཡང་ཤིན་ཏུ་ཁྲོས་པ་ལྟའི། །རྟེན་འབྲེལ་སྣང་བ་མགོན་པོ་ཁྱོད་ལ་བསྟོད། །བདེ་སྟོང་དབྱེར་མེད་ནམ་མཁའི་ངོ་བོ་ལ། །ཞལ་ཕྱག་བྲལ་ཡང་ཞལ་བཞི་ཕྱག་བཞིའི་སྐུ། ཁ་དོག་མེད་ཀྱང་མདོག་ནག་སྲིན་པོའི་གཟུགས། །རྨི་ལམ་བཞིན་དུ་སྣང་བ་ཁྱོད་ལ་བསྟོད། །ཧེ་རུ་ཀཿདཔལ་ལྷན་སྐྱེས་རོལ་པ་ནི། །མེ་ལོང་གཟུགས་བརྙན་ཇི་བཞིན་རོལ་པ་ལ། །འདི་ནི་དཔལ་ལྡན་ནག་པོ་ཆེན་པོ་ཞེས། །རང་གི་སེམས་ཀྱིས་རི་མོར་བྱས་པ་ཉིད། །སྒྱུ་མ་མཁན་གྱིས་བྱས་པའི་གཤིན་རྗེའི་གཟུགས། ཁ་གདངས་མཆེ་གཙིགས་སྣ་ཚོགས་མཚོན་ཆ་ཅན། །ཇི་བཞིན་རང་ངོས་མེད་ཀྱང་ཁྲོ་བོའི་གཟུགས། །སྣང་ངོར་མཚོན་ཆས་བགེགས་འཇོམས་(༨བ)


GLG011_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལ་བསྟོད། །རང་བཞིན་མེད་ཀྱང་རྒྱལ་བ་ཐམས་ཅད་ཀྱི། །བསྟན་པ་བསྲུང་མཛད་ཁྲོ་བོའི་གར་སྟོན་པ། །བདེན་ཞེན་མེད་ཀྱང་གཟུགས་བརྙན་སྐྱེས་བུ་ཡིས། །བྲག་ཅའི་དབྱངས་ཀྱིས་བསྟོད་བཞིན་ཁྱོད་ལ་བསྟོད། །སྒྱུ་མའི་རྣམ་རོལ་ལས་བྱུང་སྲིང་མོ་བཞི། །མེད་བཞིན་སྣང་བས་བྱིས་པ་སྐྲག་བྱེད་བཞིན། །བདེན་ཞེན་སྤྲོས་བྲལ་ཆོས་སྐུའི་སྣང་བརྙན་གྱིས། །བསྟན་པ་སྲུང་མཛད་ཡུམ་ཆེན་བཞི་ལ་བསྟོད། །སྒྱུ་མའི་དམག་ཚོགས་ཡན་ལག་བཞི་པའི་ཚོགས། །མེད་བཞིན་ས་གཞི་གང་བ་སྣང་བ་ལྟར། །རང་བཞིན་སྟོང་བའི་མཁའ་ལ་སྤྲིན་ཚོགས་བཞིན། །སྣང་བའི་དམ་ཅན་འཁོར་ཚོགས་རྣམས་ལ་བསྟོད། །འདི་ན་མཆོད་དང་མཆོད་ཡུལ་མཆོད་པའི་རྫས། །ངོ་བོས་གྲུབ་པ་རྡུལ་ཙམ་མ་མཆིས་ཀྱང་། །རྨི་ལམ་ཡུལ་ལ་རྨི་ལམ་སྐྱེས་བུ་ཡིས། །རོལ་པས་ཚིམ་པར་སྣང་བཞིན་ཁྱོད་ཀྱིས་བཞེས། །འདི་ནི་མིག་འཕྲུལ་ལས་བྱུང་སེང་གེ་ཡིས། །སྒྱུ་མའི་གླང་པོ་སྲོག་དང་ཕྲལ་བ་བཞིན། །བསད་བྱ་བྲལ་ཡང་བསྟན་ལ་སྡང་བའི་དགྲ །རང་བཞིན་སྟོང་པའི་དབྱིངས་སུ་ཁྱོད་ཀྱིས་སྒྲོལ། །མེ་ལོང་ནང་གི་སྒེག་མོའི་གཟུགས་བརྙན་གྱིས། །ཆགས་ལྡན་བྱིས་པའི་སྙིང་ལ་དགའ་བསྐྱེད་བཞིན། །བདེན་དངོས་བྲལ་ཡང་མཆོག་དང་མཐུན་མོང་གི །དངོས་གྲུབ་ཆར་ཆེན་ཕབ་པས་བདག་ཚིམ་མཛོད། །ལས་མཁན་མོན་བུ་ལྕམ་བྲལ་གྱི་བསྟོད་པ་ནི། ཧཱུཾཿ ཚར་ཆེན་གྱིས་མཛད། རབ་འཇི་ནག་པོ་གནོད་སྦྱིན་ནི། །ཟ་འོག་གོས་གྱོན་མི་ལྤགས་འཕྱང་། །གྲི་གུག་འཕྱར་ཞིང་སྦར་བ་གདེངས། །གསེར་གྱི་རྣ་ཆ་གཡོ་ལ་བསྟོད། །བྷྱོཿ ཤ་ཟ་ནག་མོ་གནོད་སྦྱིན་ནི། དར་ནག་གོས་གྱོན་(༩ན)


GLG011_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

སྤུ་གྲི་གདེངས། །བསྟན་དགྲའི་སྙིང་འབྱིན་སྦར་ཤད་ཅན། །བྱུ་རུའི་ལན་ཚར་འཕྱང་ལ་བསྟོད། །ཧཱུཾཿ པུ་ཏྲ་མཐིང་ནག་ཤང་ལང་འཕྱར། །ཀླད་ཁྲག་དྲོན་མོ་ཧུབ་ཀྱིས་འདེབས། །མོན་ཏྲི་ནག་པོའི་ལྷབ་ལྷུབ་ཅན། །གསོད་བྱེད་གཤིན་རྗེ་ཁྱོད་ལ་བསྟོད། །ཧཱུཾ༔ གཏུམ་ཆེན་བྷ་དྲ་མུན་པའི་མདོག །དམ་ཤིང་ཐེགས་ཤིང་དགྲ་སྙིང་ཟ། །སྟག་སློག་མེན་ཏྲིའི་ག་ཤ་ཅན། །བདུད་པོ་ལས་བྱེད་ཁྱོད་ལ་བསྟོད། །བྷྱོཿ བདུད་མོ་ཁ་ནས་མེ་འབར་མ། གཅེར་མོ་སྤུ་གྲིས་དགྲ་སྙིང་འདོན། །རྒྱུ་རློན་འབྲད་ཅིང་རལ་པ་འཕྱང་། །སྲིན་མོ་ནག་མོ་ཁྱོད་ལ་བསྟོད། ཧཱུཾཿ གཡས་ཀྱི་རུ་འདྲེན་སྐྱེས་པ་བརྒྱ། ཁྲོ་ཞིང་རྔམ་པའི་སྟག་ཆས་ཅན། །གཡོན་གྱི་རུ་འདྲེན་དགྲ་བཅོམ་བརྒྱ། །གསེག་ཤང་འཁྲོལ་ཞིང་དགྲ་ལ་རྔམ། །རྒྱབ་ཀྱི་རུ་འདྲེན་སྔགས་ནག་བརྒྱ། ཕུར་བུ་བསྒྲིལ་ཞིང་བན་དམར་ཐོགས། །མདུན་གྱི་རུ་འདྲེན་བུད་མེད་བརྒྱ། །སྦར་མོ་གདེངས་ཤིང་འོ་དོད་འབོད། །རེ་རེའང་གྲངས་མེད་འཁོར་གྱིས་བསྐོར། །རྒྱུག་ཅིང་འདྲལ་བས་སྟོང་གསུམ་ཁེངས། །མི་སྡུག་ང་རོ་འབྲུག་ལྟར་སྒྲོག །རུ་འདྲེན་དྲེགས་པའི་ཚོགས་ལ་བསྟོད། །ཧཱུྃཿ གཞན་ཡང་སྟོབས་ཆེན་ཁྱོད་ཀྱི་བྲན། །སྐུ་གསུང་ཐུགས་ཀྱི་མོན་པ་གསུམ། །དགྲ་ལ་ཐུན་འདེབས་མོན་པ་བདུན། །ཡང་སྤྲུལ་མོན་པ་བྱེ་བ་བརྒྱ། ཁྲག་འཐུང་དམ་ཅན་རྒྱ་མཚོར་བཅས། །ལྷ་སྲིན་དྲེགས་པའི་དམག་ཚོགས་ལ། །བསྟོད་དང་གཏོར་མ་འདི་འབུལ་གྱིས། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཧོཿ ཚར་ཆེན་གྱི་ལྷས་རྫོང་བ་རྩ་བརླག་ལ་གཏོང་བའི་ཆེད་དུ་མཛད་པ། དམ་ཅན་གནོད་སྦྱིན་ཡབ་ཡུམ་དགོངས་སུ་གསོལ། །བཀའ་སྡོད་པུ་ཏྲ་མིང་སྲིང་ད་ཚུར་གསོན། །རུ་འདྲེན་དྲེགས་པའི་དཔུང་(༩བ)


GLG011_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་དམག་ལ་འཆོས། །མོན་ནག་སྲོག་བདུད་གཤིན་རྗེ་དགྲ་ལ་བྷྱོ། སྔོན་ཚེ་ལྷོ་ཕྱོགས་བས་མཐའི་རི་སུལ་དུ། །བདེན་ཚིག་གྲུབ་པའི་བྲམ་ཟེར་གྱུར་པའི་ཚེ། །སྐྱེ་འགྲོའི་སྲོག་བདུད་བྱེད་པར་མ་བྱས་སམ། །དེ་ཚེ་བདེན་ཚིག་གྲུབ་པ་ད་སྟོན་ཅིག །དཀྱིལ་འཁོར་གཙོ་བོ་རྡོ་རྗེ་འཛིན་པའི་བཀས། །སྤྲུལ་པའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་ཏེ། །སྲོག་གི་སྙིང་པོ་ཕུལ་ནས་ཞིང་བཅུ་ཡི། །བཤན་པར་ཞལ་གྱིས་བཞེས་པ་བསྙེལ་ལམ་ཅི། །ཀླུ་སྒྲུབ་སྙིང་པོ་པདྨ་བཛྲ་དང་། དྷརྨ་པཱ་ལའི་སྤྱན་སྔར་དམ་བཅས་པ། །རྒྱལ་བའི་བསྟན་དང་བསྟན་འཛིན་རྣལ་འབྱོར་རྣམས། །བསྲུང་ཞིང་སྐྱོང་པར་ཁ་ཡིས་མ་བླངས་སམ། །བྱང་ཕྱོགས་དཔལ་ལྡན་ས་སྐྱའི་གཙུག་ལག་ཏུ། །འཇམ་དབྱངས་རྣམ་འཕྲུལ་རྗེ་བཙུན་ས་སྐྱ་པ། །བརྒྱུད་པར་བཅས་པས་ཉིན་མཚན་དུས་ཀུན་ཏུ། ཁྱོད་ཉིད་བསྟེན་ཅིང་བསྒྲུབས་པའི་དགོས་པ་ཅི། ཁྱད་པར་དྲིན་ཅན་རྩ་བའི་བླ་མ་ཡིས། །རྣལ་འབྱོར་བདག་གི་བྲན་དུ་ཁྱོད་བསྐོས་ནས། །དམ་ཚིག་རྡོ་རྗེ་སྤྱི་བོར་མ་བཞག་གམ། །མི་ཟད་རྡོ་རྗེའི་བདུད་རྩི་མ་བྱིན་ནམ། །སྔོན་གྱི་དམ་ཚིག་ཁས་བླངས་ཇི་བཞིན་དུ། །མ་གཡེལ་མ་གཡེལ་མོན་བུ་ཕོ་མོའི་ཚོགས། །ཤ་ཟ་ཁྲག་འཐུང་མི་ཟད་བླ་རྐུན་ཅན། །མ་ཐོགས་རིངས་པའི་ཚུལ་གྱིས་ལས་ལ་འཆོས། །དམར་ཆེན་གཏོར་མ་ཆེན་པོས་ཁྱོད་བསྒྲུབས་ན། །བོས་པའི་ཚེ་ན་དམ་ཅན་སྙིང་མ་རིང་། །སྨན་རཀ་རྒྱ་མཚོར་བཅས་ནས་ཁྱོད་བསྒྲུབས་ན། །བསྐུལ་བའི་དུས་སུ་ལས་མགོན་བང་མ་བུལ། །དཀའ་བ་ཁྱད་དུ་བསད་ནས་ཁྱོད་བསྒྲུབས་ན། །རྦད་པའི་དུས་སུ་སྟོབས་ཆེན་རྩལ་མ་ཞན། །ལུས་སྲོག་ཐེད་ལ་བོར་ནས་ཁྱོད་བསྒྲུབས་ན། །མངགས་པའི་ཚེ་ན་སྲོག་གཤེད་ཁམ་(༡༠ན)


GLG011_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཆུང་། །སྟོབས་ཆེན་ཁྱོད་ལ་ལས་སུ་གཏད་པ་ནི། །སངས་རྒྱས་བསྟན་བཤིག་བླ་མའི་སྐུ་ལ་སྡོ། །སྐྱེས་འགྲོ་ཡོངས་ཀྱི་བདེ་བ་འཇོམས་བྱེད་ཅིང་། །སྲུང་མ་ཁྱོད་ལ་དོ་བསྡོས་ཁྱད་དུ་སད། །རྣལ་འབྱོར་བདག་ལ་ལྷ་མེད་ཟེར་ཞིང་བརྙས། །དམ་ཉམས་དགྲ་བགེགས་མི་ནོར་འཁོར་བཅས་རྣམས། །སྟོང་གསུམ་འཇིག་རྟེན་གང་ན་གནས་ཀྱང་རུང་། །སྐད་ཅིག་ཉིད་ལ་མངོན་སུམ་འདིར་ཁུག་ཅིག །འཇིགས་པའི་མུན་ཆེན་ནག་པོས་མདུན་ནས་བསུས། །ལས་ཀྱི་ལུང་དམར་འཚུབ་མས་རྒྱབ་ནས་ཕུལ། །གནམ་གྱི་འཇུ་ཐག་དཀར་པོ་སྟེང་ནས་ཆོད། །ས་ཡི་རྟེན་ཕུར་ནག་པོ་འོག་ནས་ཕྱུང་། །དམ་ཉམས་སྙིང་ཁྲག་དམར་པོ་ཐང་ལ་ཕོ། །དོན་སྙིང་ནང་ཁྲོལ་དྲོན་མོ་ཧབ་ཀྱིས་ཐོབ། །ཀླད་ཁྲག་ཤ་རུས་དམར་པོ་ཆེམ་ཆེམ་ཟོ། །མི་ནོར་རྫས་གསུམ་ཐལ་བའི་རྡུལ་དུ་རློག །རྣལ་འབྱོར་བདག་ཙམ་སྐྱོང་བའི་རྩལ་མེད་ན། །སྙིཊ་དུས་རྒྱལ་བའི་བསྟན་པ་ཇི་ལྟར་བསྲུང་། །བསྟན་ལ་གནོད་བྱེད་བྱུང་ཚེ་མི་སྒྲོལ་ན། །ཞིང་བཅུའི་གཤེད་མར་ཁས་བླངས་ངོ་རེ་གནོང་། །དེ་བས་དམ་རྫས་མཆོད་པ་འདི་བཞེས་ལ། །བདག་གིས་ཇི་ལྟར་བཅོལ་བའི་འཕྲིན་ལས་རྣམས། །མ་གཡེལ་ད་ལྟ་ཉིད་དུ་བསྒྲུབས་ནས་ཀྱང་། །བྱང་ཆུབ་བར་དུ་བསྲུང་སྐྱོབ་སྟོང་གྲོཊ་མཛོད། །ལས་མཁན་བཤན་པ་ལྕམ་དྲལ་གྱི་བསྟོད་པ་ནི། །ཀྱེཿ ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་མཛད། ཆོས་དབྱིངས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི། །རྣམ་མང་རོལ་པ་ལས་བྱུང་གཞལ་ཡས་ནས། །མ་རུངས་གདུག་པ་འདུལ་ཕྱིར་ཁྲོས་པའི་སྐུར། །སྟོན་མཛད་དཔལ་ལྡན་མགོན་པོ་ཁྱོད་ལ་བསྟོད། །གྲུ་གསུམ་རྦ་ཀློང་ཁྲག་ཞག་འཁྲུག་པའི་དབུས། །(༡༠བ)


GLG011_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

རབ་མཐོ་མཆོང་དམར་བྲག་རི་འཇིཊ་པའི་སྟེང་། །པད་ཉི་རྟ་རོ་མི་རོའི་གདན་ཁྲི་ལ། །འགྱིང་མཁས་དབང་གི་སྐྱེས་བུ་ཁྱོད་ལ་བསྟོད། །བརྒྱ་ཕྲག་ཉི་མའི་འོད་ཟེར་དང་འགྲོགས་པའི། །བྱུ་རུའི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །དྲག་ཏུ་ཁྲོས་པའི་གཟི་འབར་མཆེ་བ་གཙིགས། །གཏུམ་ཆེན་སྲོག་གི་བདག་པོ་ཁྱོད་ལ་བསྟོད། །རབ་འབར་དཔའ་གཏུམ་བསྐལ་བའི་མེ་དཔུང་བཞིན། །གློག་སྟོང་འཁྱུག་འདྲའི་སྨ་ར་སྨིན་མ་བསྐྱོད། །ཉི་ལྟར་རབ་འཁྱིལ་སྤྱན་གྱིས་དགྲ་དཔུང་གཟིར། ཁམ་སེར་དབུ་སྐྲ་ལྟག་པར་བཅིངས་ལ་བསྟོད། །ཕྱག་གཡས་འབར་བའི་ཟངས་གྲི་མཁའ་ལ་འཕྱར། །གཡོན་པ་རུ་དྲའི་གློ་སྙིང་མདའ་གཞུ་འཛིན། །བདུད་སྡེའི་གཡུལ་ལས་རྒྱལ་བའི་རུ་མཚོན་ནི། །བ་དན་དམར་པོ་སྲིད་རྩེར་སྒྲེང་ལ་བསྟོད། །འཇིགས་རུང་མི་མགོ་ལྔ་ཡིས་དབུ་ལ་བརྒྱན། ཁྲག་འཛག་མགོ་རློན་བརྒྱ་ཕྱེད་ཕྲེང་བ་འཕྱང་། །མེ་ལྕེ་ལྟར་དམར་བསེ་ཁྲབ་དམར་པོ་དང་། །དར་དམར་ལྷབ་ལྷུབ་ཅོད་པཎ་མཛེས་ལ་བསྟོད། །བརྐྱང་བསྐུམ་གར་གྱིས་འཛིན་མའི་ཁྱོན་ཀུན་གཡོ། །འཇིག་དུས་བསྐལ་བའི་མེ་ལྟར་མི་བཟད་པའི། །ཡེ་ཤེས་མེ་དབུང་འབར་བའི་ཀློང་བཞུགས་པའི། །དཔལ་ལྡན་མགོན་པོ་ཁྱོད་ལ་བདག་བསྟོད་དོ། །བྷྱོཿ རིག་པའི་ལྷ་མོ་གར་གྱི་དབང་ཕྱུག་མ། །ཆར་སྤྲིན་ལྟར་གནག་ཉམས་པའི་སྲོག་ལ་རྔམ། །རབ་འཇིགས་དབང་གི་མདངས་འཛིན་བསེ་གདོང་ཅན། །སྲོག་བདུད་མ་མོ་ཆེན་མོ་ཁྱོད་ལ་བསྟོད། །གདུག་པའི་ཁྲག་གིས་མྱོས་པའི་སྲིང་མོ་ནི། །ཨིནྡྲ་ནཱི་ལའི་རི་དབང་ལྷུན་པོའི་རྩེར། །དུས་ཀྱིས་མེ་དཔུང་འབར་འདྲའི་ཞལ་གདངས་ཤིང་། །ཟླ་ཚེས་ལྟར་དཀར་མཆེ་བ་གཙིགས་ལ་བསྟོད། །དམར་ཟླུམ་སྤྱན་བགྲད་ཁམས་སེར་རལ་པ་ནི། །མཆོང་(༡༡ན)


GLG011_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

དང་མུ་མེན་བྱུ་རུའི་ལན་ཚར་འཕྱང་། །རབ་མཛེས་གསེར་གྱི་རྣ་ཆ་རྒྱན་དུ་བྱས། །ནམ་མཁའི་གོས་ཅན་མ་ལ་བདག་བསྟོད་དོ། །འབར་བའི་ཟངས་གྲི་གཡས་པས་མཁའ་ལ་འཕྱར། །བདུད་སྡེ་ནག་པོའི་ཚོགས་རྣམས་རྩད་ནས་གཅོད། །གཡོན་པ་གནམ་ལྕགས་འབར་བའི་ཕུར་བུ་ཡིས། །དགྲ་སྙིང་ཚལ་བར་འགེམས་མཛད་ཁྱོད་ལ་བསྟོད། །སྲོག་ལ་རྔམ་པའི་དྲེད་མོ་མི་ཟན་ཆིབས། །སྟོང་གསུམ་ཅིག་ཅར་མྱུལ་ཞིང་བསྟན་པ་བསྲུང་། །ཐོགས་མེད་ལས་བཞིའི་འཕྲིན་ལས་བསྒྲུབས་མཛད་མ། །དཔལ་ལྡན་ལྷ་མོ་ཁྱོད་ལ་བདག་བསྟོད་དོ། །ལྕམ་སྲིང་གཉིས་ཀྱི་ལས་མཁན་མཐུ་བོ་ཆེ། །སྲོག་བདག་དུས་ཀྱི་མེ་དཔུང་དང་མཚུངས་པ། །འོད་འབར་བསེ་ཞྭ་བསེ་ཁྲབ་རྒྱན་སྤྲས་པའི། ཁྲག་མདོག་ལས་ཀྱི་བཤན་པ་ཁྱོད་ལ་བསྟོད། ཁྲོས་པའི་ཁ་གདངས་འོ་དོད་དགྲ་ལ་འབོད། །གཡས་པའི་མདུང་དམར་རྣོན་པོས་དགྲ་སྙིང་འབིགས། །གཡོན་པ་བཙན་ཞགས་དམར་པོ་དགྲ་ལ་འདེབས། །དམ་ཉམས་དགྲ་བོའི་གཤེད་མ་ཁྱོད་ལ་བསྟོད། །སྲོག་འཕྲོག་ཅེ་སྤྱང་སྨྱོན་པའི་གདན་ལ་རོལ། །ཉིན་མཚན་ཀུན་ཏུ་བཀའ་ཡི་བྱ་ར་བྱེད། །སྡང་བའི་དགྲ་དང་གནོད་བགེགས་ཚར་གཅོད་པའི། །ལས་མཁན་སྲོག་གི་བདག་པོ་ཁྱོད་ལ་བསྟོད། །གཙོ་འཁོར་གསུམ་གྱི་བཀའ་སྡོད་མཐུ་བོ་ཆེ། །དགྲ་བོའི་སྲོག་ལེན་བཤན་པ་གྲི་ཐོགས་བརྒྱད། །རོ་བཤན་གཏུམ་པོ་ཉི་ཤུ་རྩ་གཅིག་རྣམས། །མདོག་དམར་མེ་འཐོར་འདྲ་བ་ཀུན་ཏུ་རྒྱུག །སྲོག་འཕྲོག་ཟངས་གྲི་དམར་པོ་ལྷག་ལྷག་འཕྱར། ཁྲག་འཛག་པགས་པ་རློམ་པ་གོས་སུ་གྱོན། །གཞན་ཡང་བཙན་དམར་སྟོང་སྡེའི་དམག་ཚོགས་དང་། །བདུད་དང་སྲིན་པོ་མ་མོ་ཐེའུ་རང་སོགས། །སྡེ་བརྒྱད་དཔུང་ཚོགས་དམ་ཅན་རྒྱ་(༡༡བ)


GLG011_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

མཚོར་བཅས། །དབང་དྲག་ཕྲིན་ལས་མ་ལུས་བསྒྲུབ་མཛད་པའི། །འཁོར་དང་བཅས་པ་རྣམས་ལ་བདག་བསྟོད་ཀྱི། །བཅོལ་བའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །དྲག་ཏུ་བསྐུལ་བ་ནི། །ཀྱེ་གནམ་ལྕགས་ཐོག་དམར་དང་ཁྲག་གི་མདའ་འཕེན་མ་གཉིས་ལས་བཏུས་ནས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་རྒྱལ་ནས་བསྟན་དགྲར་རྟགས་མཚན་མངོན་སུམ་དུ་བསྟན་པ། ཆོས་སྐྱོང་ཟངས་ཀྱི་བེག་ཙེ་ཅན། །སྒྲུབ་པ་པོ་ཡི་གྲོགས་མཛོད་ཅིག །མ་ཧཱ་དེ་ཝའི་བཀའ་ཉོན་ལ། །གཤིན་རྗེ་གཤེད་པོའི་ལས་མཛོད་ཅིག །གདོང་དམར་མོ་ཡིས་སྣ་དྲོངས་ལ། །དམ་ཉམས་སྲོག་རྩ་མྱུར་དུ་ཆོད། །གནོད་སྦྱིན་ཟངས་ཀྱི་བེག་ཙེ་ཅན། །མེ་འོད་འབར་བའི་གློག་འཕྲེང་ཅན། །གཡས་པས་ཟངས་གྲི་ཀླད་ལ་འཕྱར། །གཡོན་པ་གློ་སྙིང་ཟ་ཞིང་རྒྱུག །དགྲ་བགེགས་སྒྲོལ་ཞིག་མ་རུ་ཙེ། །དམ་ཉམས་སྒྲོལ་ཞིག་མ་རུ་ཙེ། །སྲོག་རྩ་ཆོད་ཅིག་མ་རུ་ཙེ། །དུས་ལ་བབ་བོ་མ་རུ་ཙེ། །རིག་པའི་ལྷ་མོ་གདོང་དམར་མ། །གཤིན་རྗེ་གཤེད་ཀྱི་བཀའ་ཉན་མ། །ཨེ་ཀ་ཛཱ་ཊཱིའི་གསུང་བསྟོད་མ། །བསེ་ཡི་སྐྱེས་བུའི་སྣ་འདྲེན་མ། །ལྷ་མིན་འབུམ་གྱི་གཡུལ་བཟློག་མ། མ་མོ་འབུམ་གྱི་དབང་མོ་ཆེ། །རྒྱན་ཆ་མ་མོ་མཐུ་མོ་ཆེ། །གསང་བའི་མ་མོ་ཡལ་གམ་ཅན། །ཆོ་འཕྲུལ་ཡོངས་ཀྱི་སྣ་འདྲེན་མ། །སྡང་བའི་དགྲ་ལ་ཆོ་འཕྲུལ་ཐོང་། །ང་ཡི་ནོར་གྱི་རྗེས་ལ་རྒྱུག །སྲོག་བདག་དམར་པོ་རྟིང་ལ་རྒྱུག །ང་དང་འགྲས་པའི་དགྲ་བོ་ལ། །ཆོ་འཕྲུལ་སྣ་དགུ་ཐོང་ལ་ཤོག །ལས་མཁན་སྲོག་བདག་དམར་པོ་ནི། །འོད་འབར་བསེ་ཁྲབ་བསེ་རྨོག་གྱོན། །ཆིབས་སུ་ཅེ་སྤྱང་སྨྱོན་པ་ཆིབས། །རུ་མཚོན་དམར་པོ་དགྲ་ལ་ཕྱོར། །བཙན་ཞཊ་དམར་པོས་དམ་ཉམས་ཆིངས། །དགྲ་བགེགས་བླ་ཚེ་ཁུག་ལ་ཤོག །གནོད་སྦྱིན་དབང་པོའི་བཀའ་ཉན་པ། །སྒྲོལ་བྱེད་གྲི་ཐོགས་བརྒྱད་པོ་དང་། །རོ་བཤན་ཉི་ཤུ་རྩ་གཅིག་ནི། །(༡༢ན)


GLG011_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཉམས་དགྲ་ལ་རྦད་པའི་ཚེ། །ཟངས་ཀྱི་གྲི་བརྡར་ལམ་སེ་ལམ། །རལ་པ་སྤྲུགས་པས་སིག་སེ་སིག །ཕ་ལ་རྒྱུ་མ་ལག་སྡོགས་བྱེད། །ལ་ལ་གློ་སྙིང་མཆིན་པ་འབྲད། །ལ་ལ་ཤ་ཁྲག་སྤར་གྱིས་འདེབས། །ལ་ལ་རུས་པ་རྐང་མར་འཆའ། །ལ་ལ་སྙིང་ཁྲག་ཀླད་པ་བལྡག །ལ་ལ་ནང་ཁྲོལ་རྒྱུ་མ་འདྲེན། །ལ་ལ་པགས་པ་དམར་བཤུས་བྱེད། །ལ་ལ་ཤ་གདན་དམར་པོ་འདིང་། །དགྲ་བགེགས་སྒྲོལ་ཞིག་བཤན་པའི་ཚོགས། །དམ་ཉམས་སྒྲོལ་ཞིག་བཤན་པའི་ཚོགས། །དུས་ལ་བབ་པོ་བཤན་པའི་ཚོགས། །གཞན་ཡང་ཁྱོད་ཀྱི་བཀའ་འཁོར་ན། །བཙན་དམར་སྟོང་ནི་རྟ་རྒྱུགས་བྱེད། །རུ་མཚོན་དམར་པོ་ནར་ར་ར། །རྒྱུག་ཅིག་སྡང་བའི་དགྲ་ལ་རྒྱུག །ཕྱོར་ཞིག་རུ་མཚོན་དགྲ་ལ་ཕྱོར། །བདུད་དམག་གནོད་སྦྱིན་སྲིན་མོ་སྟོང་། །རོལ་མོ་གར་འཆམས་བུན་ནུ་ནུ། །འཆོས་ཤིག་སྡང་བའི་དགྲ་ལ་འཆོས། །ཐེའུ་རང་སྟོང་ནི་ཐན་སྣ་འདྲེན། །སྲིན་བྱ་འུག་པ་བཞད་གད་བྱེད། །སྤྱང་ཀི་ཝ་བརྒྱལ་དིངས་སེ་དིང་། ཁོང་ཞིག་དགྲ་ཡུལ་ཐན་གྱིས་ཁོང་། །ཐན་སྣ་སྣ་ཚོགས་དགྲ་ལ་ཐོང་། །མ་མོ་འབུམ་ནི་གཅེར་མོར་རྒྱུག །གོས་རྡེབ་གཡབ་རྡུལ་ཐུལ་ལུ་ལུ། །གད་བརྒྱངས་ཤོན་སྐོར་སྒོ་རོ་རོ། །དལ་ཡམས་ནད་རྐྱལ་ལག་ན་ཐོགས། །ནད་ཡམས་དལ་ཡམས་དགྲ་ལ་ཐོང་། །མཚོན་གྱི་དྲུ་གུ་ན་ར་ར། །ཁྱོང་ཞིག་དམ་ཉམས་དགྲ་ལ་ཁྱོང་། །གཞན་ཡང་དམ་ཅན་རྒྱ་མཚོ་རྣམས། །དགྲ་ལ་ཆོ་འཕྲུལ་སྣ་ཚོགས་ཐོང་། །ལྷ་ཁང་མཛེ་པོ་བནྡེ་དང་། །དམག་དང་ཆུ་བོ་ཆེན་པོ་དང་། །བུད་མེད་དམར་མོ་གཅེར་མོ་དང་། མི་དམར་ལིངྒ་བསྒྲེང་བ་སོགས། །འཇིགས་པའི་ཆོ་འཕྲུལ་སྣ་ཚོགས་ཐོང་། །དམ་ཉམས་ལས་ངན་སྡིག་ཅན་འདི། །ལོ་(༡༢བ)


GLG011_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཟླར་བཞག་པའི་སྐབས་མེད་པས། །ཞག་དང་ཟ་མ་ཙམ་ལ་ཟོ། །དམར་པོ་དབོན་གཡས་དུས་ལ་བབ། །ཕུང་བྱེད་ཆེན་པོ་དུས་ལ་བབ། །དགྲ་བོའི་ཡུལ་ཁམས་སྟོབས་བར་གྱིས། །བཅོལ་བའི་ཕྲིན་ལས་མྱུར་དུ་སྒྲུབས། སྨྲས་པ། གསལ་སྟོང་མཁའ་དབྱིངས་དངས་པ་ལ། །ཏིང་འཛིན་གློག་ཕྲེང་རྣམ་པར་འཁྱུག །བསྟོད་བསྐུལ་དྲག་སྔགས་འབྲུག་སྒྲ་ལྡིར། །དངོས་གྲུབ་བདུད་རྩིའི་ཆར་ཆེན་འབེབས། །དེ་འདྲའི་གནད་ཀྱི་འཁྲུལ་འཁོར་གྱིས། །ཞི་རྒྱས་དབང་དྲག་ལས་འགྲུབ་ཅིང་། །ཟུང་འཇུག་སྒྱུ་མའི་གར་མཁན་དུ། །ལྷུན་གྲུབ་ཚུལ་དེ་ངོ་མཚར་རྨད། །ཨེ་མ་དེ་འདྲའི་གནད་ཤེས་པ། །ཚར་ཆེན་ཆོས་རྗེའི་བརྒྱུད་འཛིན་ལས། །རྨོངས་པ་ནོར་གྱིས་ཆེར་དྲེགས་པའི། །འུར་བརྒྱངས་ཅན་ཚོའི་སྤྱོད་ཡུལ་མིན། །དེང་དུས་རྟོག་གེ་ཐ་སྙད་མཁན། །ཚིག་གི་མཆེ་གཙིགས་ཅེ་སྤྱང་དང་། །མཐོན་པོའི་ཁྲིར་འགྱིང་བླུན་པོ་ཡིས། །བོང་བུ་གཟིག་པགས་གྱོན་པས་ཁེངས། །འོན་ཀྱང་སྔོན་གྱི་ལས་འཕྲོ་ཡིས། །བརྒྱུད་ལྡན་དམ་པའི་སྙན་བརྒྱུད་ཐོབ། །ཟབ་གནད་མཐའ་དག་ཁོང་དུ་ཆུད། །དེ་ཕྱིར་གཞན་ལ་སྨོན་མ་དགོས། །ཚུལ་འདི་ཅུང་ཟད་བཀོད་པའི་དགེས། ཚེ་རབས་ཀུན་ཏུ་མགོན་པོ་ཡིས། །རྗེས་སུ་བཟུང་སྟེ་ཁའུ་པའི། །སློབ་བཤད་བདུད་རྩིར་རོལ་བར་ཤོག །ཐུབ་བསྟན་ཇི་སྲིད་གནས་ཀྱི་བར། །གསང་ཆེན་སློབ་བཤད་མི་ཉམས་ཤིང་། །སྐལ་བཟང་སྐྱེ་བོའི་ཚོགས་རྣམས་ལ། །ངོ་མཚར་ལྟད་མོས་ཚིམ་གྱུར་ཅིག །དེ་ལྟར་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་དང་། །དཔལ་མགོན་སྟོབས་འཕྲོག་དབང་པོ་ལས་མཁན་དང་བཅས་པའི་གཏོར་ཆོག །བསྐང་བཤགས། བསྟོད་བསྐུལ་ལེ་ཚན་འདི་རྣམས། །དེང་སང་གི་ས་སྐྱ་ཚང་གི་རྣ་བར་མ་གྲགས་པའི་གསང་ཆེན་སློབ་བཤད་(༡༣ན)


GLG011_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁྱད་ཆོས། ཕྲིན་ལས་མྱུར་མགྱོགས་ཀྱི་ཕོ་ཉ་དང་ལྷན་ཐབས་དངོས་གྲུབ་རོལ་མཚོ། བཀའ་སྡོད་ཀྱི་བསྐང་གསོ་ཕྲིན་ལས་མྱུར་འགྲུབ། བེག་ཙེ་ལྕམ་དྲལ་གྱི་བསྐང་གསོ་ཕྲིན་ལས་ལྷུན་གྲུབ་སོགས་རྒྱས་བསྡུས་དུ་མ་འདུག་པ་སོགས་དགོངས་དོན་མ་འཕྱུགས་ཤིང་། སྤྱན་འདྲེན་བསྐང་བསྟོད་སོགས་ཀྱི་ཚིག་ཁུངས་ལྡན་ཀྱི་བླ་མ་མང་པོས་མཛད་པ་ནས་ཁ་བསྐང་བ་ཡིན་ལ། འཕྲིན་ལས་མྱུར་མགྱོགས་ཀྱི་ཕོ་ཉ། ལྷན་ཐབས་སོགས་སྙན་བརྒྱུད་པོ་ཏིར་བཞུགས་པ་དང་། །བཀའ་རྒྱ་དམ་པའི་སྟབས་ཀྱིས་དངོས་བསྟན་མང་པོར་སྟོན་པ་སྐབས་སུ་མ་བབས་པས། ཁོ་བོས་འདིར་འདོན་ཆ་རྣམས་ལོགས་སུ་བཀོལ་བ་ཡིན་ལ། ཕྱག་རྒྱ་དམིགས་པ་ཕྱག་ལེན་སོགས་ཞིབ་ཆ་མཐའ་དག་ཡིག་ཆ་དེ་ཉིད་ལས་ཤེས་དགོས་ཡོད་ཅིང་རང་བཟོ་མི་བྱ། ཁོ་བོས་བསྒྲིགས་པའི་ལེ་ཚན་གསུམ་པོ་འདི་ཡང་དཔེ་ཆ་སོར་གནས་ལས་སྣོན་འཕྲི་དང་བསྲེས་ནས་ནག་པོ་འགྲོ་ཤེས་སུ་འདྲི་བ་དང་དཔེ་གོག་གཞན་གྱི་རྒྱས་འགེབས། ལུགས་སྲོལ་གཞན་གྱི་དཔེ་བྱེད་པ་སོགས་གཏན་མི་བྱེད་པར་མ་འཕྱུགས་པ་དགོས་ཤིང་བློ་ལྡན་མཐའ་དག་གིས་རྟོག་པ་ཞིབ་པར་གྱིས་ཤིག །ལུགས་སྲོལ་འདི་དག་གི་ཕྱོགས་སུ་རྣམ་དབྱེ་དང་གུས་པ་ཅུང་ཟད་ཙམ་ཡང་མེད་པར་སྒོ་ང་དང་སྒོང་ལྐོགས་ལྟར་རང་མགོན་པོར་མཁས་གྲུབ་ཀྱི་སྙན་པ་འདོད་པས་དམ་པའི་སྐྱེས་བུར་གྲགས་པའི་བླུན་པོ་ཧམ་པ་ཅན་མང་པོས་གཞན་གྱི་མན་ངག་རང་གི་ལུགས་སུ་སྒྲོ་བཏགས་ཏེ་རྨོངས་པའི་ཚོགས་རྣམས་མགོ་བོ་མགལ་མེ་ལྟར་བསྐོར་ཕྱིར་བྱུང་རྒྱལ་དུ་བདག་གིར་བཟུང་ནས་སྤྱོད་པ་བྱུང་ན་བཀའ་སྲུང་དམ་ཅན་པུ་ཏྲ་དང་བཤན་པ་དམར་པོ་གཉིས་ཀྱིས་སྙིང་ཁྲག་ཧུབ་ཀྱིས་འཐུང་ཞིག །གཏོར་(༡༣ན)


GLG011_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་དང་གཏོར་ཆེན་ངག་འདོན་མི་འདྲ་བ་རྣམས་ལུགས་སྲོལ་འདི་གའི་ཡིག་ཆ་ཁུངས་མ་ལས་བླངས་པས་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །ཞེས་གུར་གྱི་མགོན་པོ་གདོང་བཞི་པ་ལས་མཁན་དང་བཅས་པའི་བསྟོད་བསྐུལ་བཤན་པ་རྣམ་པར་རོལ་པ་ཞེས་བྱ་བ་འདི་ཡང་ཚར་པ་རྡོ་རྗེ་འཆང་གི་གསང་གསུམ་གྱི་རྣམ་ཐར་ལ་རྒྱུ་མཚན་ཤེས་ནས་དད་པ་ཐོབ་པའི་ཟ་ཧོར་གྱི་སྔགས་བན་ངག་དབང་བློ་བཟང་རྒྱ་མཚོས་རང་གི་བརྗེད་བྱང་དང་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱི་ཉམས་ལེན་དུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །སརྦ་མངྒ་ལཾ།། །།


previousདཔལ་མགོན་པོ་ཆེ་ཆུང་ལས་མཁན་རྣམས་ཀྱི་བསྟོད་བསྐུལ་བཤན་པ་རྣམ་པར་རོལ་པ།next