Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

2 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]


  
  
  
  
  
  
དབྱུ་གུ་དྲུག་ཅུ་རྩ་བཞིའི་གཏོར་ཆོག་སྲིད་གསུམ་རྣམ་རྒྱལ།
  
 
  
  
  
  
  
  
 
  
  
  
  
  
  
  
  
  


2 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]

 
previousདབྱུ་གུ་དྲུག་ཅུ་རྩ་བཞིའི་གཏོར་ཆོག་སྲིད་གསུམ་རྣམ་རྒྱལ།next

དབྱུ་གུ་དྲུག་ཅུ་རྩ་བཞིའི་གཏོར་ཆོག་སྲིད་གསུམ་རྣམ་རྒྱལ།


GLG011_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དབྱུ་གུ་དྲུག་ཅུ་རྩ་བཞིའི་གཏོར་ཆོག་སྲིད་གསུམ་རྣམ་རྒྱལ་བཞུགས་སོ། །


GLG011_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཀིརྟ་ཡེ། །འཇམ་དཔལ་དཔའ་བོ་མ་རུངས་བདུད་སྡེའི་དཔུང་། །འདུལ་ཕྱིར་དྲག་པོའི་སྐུར་བསྟན་གཤིན་རྗེ་གཤེད། །བཀའ་སྡོད་ལས་ཀྱི་གཤིན་རྗེར་བཅས་པ་ཡི། །གཏོར་མ་ལ་བརྟེན་མངོན་སྤྱོད་དྲག་པོའི་ལས། །མཐུ་སྟོབས་དབང་ཕྱུག་རྗེ་བཙུན་རྭ་ལོ་ཡི། །ཐུགས་ལ་གབ་པའི་མཚོན་ཆ་ཟབ་མོ་གང་། །འཁོན་སྟོན་ཆོས་རྗེའི་ཕྱག་བཞེས་ཇི་བཞིན་དུ། །ཡི་གེར་འགོད་ལ་ཤེས་ལྡན་རྣ་བ་ཉོན། །འདི་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ལ། དུས་ཕྱོགས་ཀྱི་ཁྱད་པར་དང་། མཆོད་གཏོར་བཤམ་ཚུལ་གཉིས། དང་པོ་ནི། ཉེར་དགུ་དང་གནམ་གང་། ཉིན་ཕྱེད་མཚན་ཕྱེད། གཟའ་སྐར་གདུག་པ་ཅན་དང་། སྒྲ་གཅན་དང་བསྟུན་དགོས་ཏེ། མར་ངོའི་བཅུ་བཞི་འམ་བཅོ་ལྔ་ཡི། །དགྲ་བོ་ལ་ནི་མཚན་ཕྱེད་དམ། །བགེགས་ལ་ཉི་མ་ཕྱེད་ཀྱི་དུས། །སྲེག་ཚེས་འཆི་སྦྱོར་དག་དང་ལྡན། །ལྷ་སྲིན་ལྟོ་འགྲོའི་ལྟ་བ་དང་། །མཐུན་པའི་ཕྱོགས་སུ་ཁ་བལྟས་ཏེ། །ལས་སྦྱོར་འདི་དག་བརྩམ་པར་བྱ། །ཞེས་གསུངས་སོ། །གཉིས་པ་ནི། འཕུང་གསུམ་གྱི་ས་ལས་བྱས་པའི་སྟེགས་བུའི་ཁར། །དུག་ཁྲག་དང་རོ་སོལ་གྱིས་བྱུགས་པའི་སྟེང་དུ། །རོ་སྐྲའི་(༢ན)


GLG011_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་སྐུད་དང་མི་རུས་ཀྱི་རྡུལ་ཚོན་སོགས་ཚོགས་པར་བྱས་ནས་དཀྱིལ་འཁོར་བྲིས་ཏེ། །ཅི་འཚམ་འོས་པའི་ས་སྟེགས་ནི། །གྲུ་གསུམ་པ་ལ་དུག་ཁྲག་དང་། །རོ་སོལ་གྱིས་ནི་བྱུགས་པའི་སྟེང་། །ཆོས་འབྱུང་རྩེ་མོ་དགྲའམ་ལྷོ། །ཡང་ན་ལྷ་མིན་གདོང་ཕྱོཊ་བསྟན། །ཕྱི་རོལ་རྡོ་ར་མེ་རི་ནི། །ཆོས་འབྱུང་དབྱིབས་བཞིན་དེ་ནང་དུ། །གདུང་ཟླུམ་པ་དང་གདུང་བཞི་ཡིས། །མིག་མངས་རིས་སུ་ལིང་ཚེ་དགུ །གདུང་རྣམས་ནག་པོ་ལིང་ཚེ་རྣམས། །ཕྱོགས་མདོག་ཆོས་འབྱུང་ནག་པོ་རྣོ། །རྡོ་ར་མེ་རི་སྣ་ཚོགས་སོ། །ལིང་ཚེ་དགུར་ནི་ཚོམ་བུ་དགུ །དབུས་ཀྱི་མདུན་རྒྱབ་གཉིས་སུ་རེ། །ཕྱོགས་སྐྱོང་མདོག་དང་མཐུན་པར་དགོད། ཅེས་གསུངས་སོ། །དྲུག་ཅུ་པ་རྩི་ཚུལ་ནི། ལྕགས་སླང་སོགས་ཀྱི་ནང་དུ་ནི། །ཟན་ལ་ཐིག་གིས་བགོས་པ་ཡི། །དྲུག་ཅུ་རྩ་བཞི་བགོད་པར་བྱ། །ཕྱི་ནི་ལྕགས་མཁར་ཟུར་དགུ་པ། །ནང་དུ་གཤིན་རྗེའི་དོང་གསུམ་མོ། །བཞིའམ་ཆོས་འབྱུང་རྩེ་མོ་ལྷོ། །དོང་གསུམ་རྩེ་མོ་རང་ལ་བསྟན། །དྲུག་ཅུ་རྩ་བཞི་རྩིག་ཚུལ་ནི། །ཕྱི་ཡི་ཟུར་དགུ་ཉིས་བརྩེགས་དང་། །བང་རིམ་དགུ་ལ་བཞི་བརྩེགས་དང་། །ཀུན་གྱི་དབུས་མར་བདུན་བརྩེགས་སོ། །གསུམ་ནི་དོང་གི་ཁ་གཅོད་དོ། །དོང་གསུམ་(༢བ)


GLG011_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་དགྲ་བགེགས་ཀྱི། །ལིང་ག་མི་རུས་མགོ་མཇུག་ལོག །གཏོར་མའི་ཕྱོགས་མཚམས་བརྒྱད་དང་ནི། །དབུས་ཀྱི་རྒྱབ་དང་མདུན་རྣམས་སུ། །འཇིགས་བྱེད་དཔའ་བོ་གཅིག་པ་ནི། །ཕྱོགས་སྐྱོང་ཁ་དོག་དང་མཐུན་པ། །དབུས་སུ་འཇིགས་བྱེད་ཞལ་དགུའམ། །ཡང་ན་དཔའ་གཅིག་སྔོན་པོ་རྣམས། །དར་གྱི་ཤམ་བུས་བརྒྱན་པ་འཛུགས། །ཆོས་འབྱུང་རྩེ་མོར་ལས་གཤིན་གྱི། །གཏོར་མ་ཟུར་གསུམ་ཤ་ཁྲག་དང་། །དར་ནག་གིས་ནི་བརྒྱན་པ་བཞག །ཅེས་གསུངས་པའི་ཕྱག་ལེན་ལྟར་བཤམས། །མདུན་དུ་ཁྲག་སྣའི་མཆོད་པ་དང་ཞེས་སོགས་གསུངས་པ་ལྟར། །མདུན་དུ་ཁྲག་གི་ཨརྒྷཾ། དབང་པོའི་མེ་ཏོག །གསུར་ཆེན་གྱི་དུད་པ། ཞུན་ཆེན་གྱི་མར་མེ། ཤ་རུས་ཀྱི་ཞལ་ཟས། ནང་མཆོད་གཙོ་བོར་དང་ལས་གཤིན་གྱི་མཆོད་གཏོར་ལིངྒ་དང་བཅས་པ་བཤམ་མོ། །གཉིས་པ་དངོས་གཞི་ནི། ནང་མཆོད། མཆོད་པ། གཏོར་མ་བྱིན་རླབས་པ། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་རླབས་རྣམས་བྱ། སྭ་བྷཱ་ཝས་སྦྱངས་སྟོང་པའི་ངང་ལས། མདུན་དུ་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། གནམ་ལྕགས་ལ་གྲུབ་པའི་ལྕགས་མཁར་ནག་པོ་ཟུར་དགུ་པ་འཇིགས་སུ་རུང་བའི་ལྟེ་བར་བྷྲཱུཾ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་བ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། པདྨ་དང་ཉི་མའི་གདན་ལ་ཧཱུཾཿ ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེའི་འཇིགས་བྱེད་ཆེན་པོ་ཞེས་པ་ནས་བཟུང་སྟེ། ཀློང་དཀྱིལ་ན་བཞུགས་པ། དེའི་མདུན་དུ་པདྨ་དང་ཉི་མ་ཞེས་སོགས་ལས་གཤིན་ཡབ་ཡུམ་གྱི་མངོན་རྟོགས་བསྐྱེད། ཨོཾ་ཧྲཱིཿཥྚྲི་ཝི་ཀྲཱི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཧཱུཾ་སརྦ་དུ་ཥྚ་ན་ཞེས་པ་ནས། འབྱུང་པོའི་ཚོགས་དང་བཅས་པ་ལྷགས་པར་གྱུར། ཛཿ འཇམ་(༣ན)


GLG011_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རང་བཞིན་ཆོས་རྣམས་ཀུན་གྱི་དངོས། །ཞེས་པ་ནས། འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །ཛཿའཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་སྡོད་མཆོག །ཅེས་པ་ནས། གཉིས་སུ་མེད་པར་གྱུར། རང་གི་ཐུགས་གའི་ཧ྄ཱུཾ་གི་འོད་ཟེར་ཞེས་པ་ནས། ཡོངས་སུ་གྱུར་པ་ལས། གཙོ་བོ་ལ་མི་བསྐྱོད་པ་དང་། ལས་ཀྱི་གཤིན་རྗེ་ལ་རྡོ་རྗེ་ནག་པོ་རྩེ་ལྔ་པས་དབུ་བརྒྱན་པར་གྱུར། ཨོཾ་ཧྲཱིཿཥྚི་ཞེས་པ་ནས། ས་མ་ཡ་སྟྭཾ། རྒྱས་པར་སྤྲོ་ན། རྒྱལ་བ་རྣམས་ནི་གཙང་གྱུར་ཅིང་དང་། སྟོང་གསུམ་ཁྱོན་ལྟར་ཡངས་པ་སོགས་བྱེད། བསྡུ་ན་སྔགས་མཆོད་འབུལ། ནང་མཆོད་བླ་མ་བརྒྱུད་པའི་མཚན་ནས་བརྗོད་པའམ། བསྡུ་ན་སྔགས་ཀྱིས་འབུལ། གཏོར་མ་འབུལ་བ་ནི། གཙོ་བོ་ལ་ཡུམ་དང་འཁོར་སྔགས་དོར། གཞན་དངོས་གཞི་དང་མཐུན། ལས་གཤིན་གྱི་གཏོར་མ་འབུལ། གཉིས་མེད་ཐུན་མོང་མ་དང་། འཇམ་དཔལ་བཀའ་ཉན་མས་བསྟོད། ཕྱོགས་སྐྱོང་འཁོར་དང་བཅས་པ་ཞེས་པ་ནས། རང་གནས་སུ་གཤེགས་པར་གྱུར། བླ་མ་མཆོག་དང་དཀྱིལ་འཁོར་ལྷ་ཚོགས་དང་། ཞེས་སོགས་ཀྱི་བཤགས་པ་དང་། བདེ་ཆེན་ལྷུན་གྲུབ་མའི་བསྐང་གསོ། གཙོ་བོ་དང་ལས་གཤིན་གྱི་བཟླས་པ་ཅི་རིགས་པ་བྱས་རྗེས། གཏོར་མ་སྔར་བཞིན་འབུལ། གཞི་བདག་གཏོར་མ་བཏང་། འཇམ་དཔལ་གསེར་མདོག་མ་དང་། ལས་གཤིན་གྱི་བསྟོད་པ་གང་འོས་བྱ། འཆི་བདག་མའམ། བཅོམ་ལྡན་གཤིན་རྗེ་གཤེད་ཀྱི་བཀའ། ཞེས་སོགས་བསྐུལ་གང་རིགས་ཀྱི་རྗེས་སུ་གསེར་སྐྱེམས་བཏང་། ལིངྒ་དགུག་གཞུག་བྱ། སྡང་བའི་དགྲ་དང་གནོད་པའི་བགེགས། ཞེས་པ་ནས། ཀཱ་ལ་རཱུ་པ་དགྲ་བགེགས་མཱ་ར་ཡ་ཧཱུཾ་ཕགས། ཅེས་ཆ་དགུར་གཏུབས་ལ་ཆ་གཅིག་གཏོར་མ་(༣བ)


GLG011_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་བརྒྱད་དྲུག་ཅུ་པ་ལྟར་བཤམས། གཙོ་བོ་དང་ལས་གཤིན་ལ་གཏོར་མ་ལྟར་འབུལ། ཕྱོགས་སྐྱོང་ལ་བྷུ་ཙ་ར་བརྒྱད་ཚན་བརྒྱད་དུ་བསྔོས་རྗེས་བཟློག་པ་བྱའོ། །གསུམ་པ་མཇུག་གི་ཆོ་ག་ནི། གཏོར་མ་བྱིན་རླབས་དང་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས། གཙོ་བོ་དང་ལས་གཤིན་ལ་འབུལ་བ་དང་། དྲུག་ཅུ་རྩ་བཞི་བསྔོ་བ་སྔར་ལྟར་བྱ། དེ་ནས། རྣལ་འབྱོར་དབང་ཕྱུག་ཟོར་འཕེན་ནོ། །སོགས་ཀྱི་སྒོ་དབྱེ་དང་། རྒྱལ་བ་སྤྱི་བསྐུལ་འདི་བཀའ་བརྒྱད་ཁྲོ་རོལ་གྱི་ཚིག་ཡིན་པས་གསར་མ་ལ་ཧ་ཅང་འབྲེལ་མི་ཆགས་ཀྱང་དིང་སང་མཛད་སྲོལ་འདུག་པ་དང་། སྐད་འཛུད་ཆེ་བ་སོགས་ནས་བྱས་ཀྱང་འགལ་བ་མེད། དེ་རྗེས་གོམ་པ་ཞེ་དགུའི་སར་ཁྱེར་ཏེ། གསེར་སྐྱེམས་དང་བཟློག་བསྐུལ་སྐབས་ཐོབ་སྦྱར་ནས་གཏོར་ཟོར་འཕེན། ནང་དུ་ལོག་སྟེ་སྲུང་འཁོར་དང་མངའ་གསོལ། གཏང་རག་ཤིས་བརྗོད་དཀྱིལ་འཁོར་བསྡུ་བ་སོགས་ལས་ཀྱི་རྗེས་མི་མངོན་པར་བྱའོ། །ལས་གཤིན་ཁོ་ན་ལ་བརྟེན་ན་ཕྱོགས་སྐྱོང་རྣམས་འོད་གསལ་དུ་འཇུག་པ་མི་རིགས་པས། ཕྱོགས་སྐྱོང་རང་གི་ཙཀླི་འཛུགས་དགོས་ལ་དེ་ཡང་རྩ་བ་རྣམས་སེར་གྱིས་གསལ་བར་བྱས་ཤིང་། བསྡུས་པ་ལས་གཤིན་ཁོ་ན་ལ་བརྟེན་པར་འདོད་ན། རྒྱ་ཚོས་ཀྱིས་ཕྱེ་བ་རྣམས་དོར་བས་འགྲུབ་བོ། །གང་ཞིག་ཐུབ་བསྟན་དབྱར་གྱི་པདྨོའི་ཚལ། །ཞིང་བཅུའི་དགྲ་བགེགས་གླང་པོས་ཉེར་འཇོམས་ཚེ། །མངོན་སྤྱོད་དྲག་པོས་འདུལ་བའི་མཚོན་ཆ་འདི། །རྗེ་བཙུན་རྭ་ལོའི་ཐུགས་བཅུད་ཆེས་ཟབ་ཀྱང་། །ཚུལ་འདི་ཇི་བཞིན་འཛིན་པའི་རིག་སྔགས་འཆང་། །ཨུ་དུམ་ཝ་ར་ལྟ་བུར་ཆེས་དཀོན་པས། །བསྟན་དང་འགྲོ་ལ་ཕན་པའི་བསམ་པ་ཡིས། །བཀླགས་ཆོག་འཁྱེར་བདེའི་ཚུལ་དུ་གསལ་བར་བཀོད། །དགེ་ཚོགས་ཉིན་མོར་བྱེད་པའི་འོད་ཟེར་གྱིས། །མི་མཐུན་མུན་པའི་(༤ན)


GLG011_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སྨག་རུམ་དྲུངས་ཕྱུང་ནས། །ཕན་བདེའི་འདབ་བརྒྱ་བཞད་པའི་རྣམ་དཔྱོད་ཀྱིས། །རྫོགས་ལྡན་གསར་པའི་དགའ་སྟོན་རྒོད་པར་ཤོག །ཅེས་རྗེ་བཙུན་རྭ་ལོའི་ཐུགས་ཀྱི་ཟབ་གནད། དབྱུ་གུ་དྲུག་ཅུ་རྩ་བཞི་ལ་བརྟེན་པའི་གཏོར་ཆེན་གྱི་རིམ་པ་ཁྲིགས་སུ་བསྡེབས་པ་སྲིད་གསུམ་རྣམ་རྒྱལ་ཞེས་པ་འདི་ཡང་ཕོ་བྲང་གུང་རི་དཀར་པོའི་སྐུ་གཉེར་དཔོན་དགེ་སྟེང་བླ་མ་བྱམས་པ་ཀུན་དགའ་འབྱུང་གནས་ཀྱིས་བསྐུལ་བ་དང་། རང་གི་བརྗེད་བྱང་དུ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོའི་རིང་ལུགས་འཛིན་པ་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་རྭ་ལུགས་ཀྱི་ཡིག་ཆ་དང་བླ་མའི་མན་ངག་ལ་བརྟེན་ནས་སྦྱར་བའི་ཡི་གེ་བ་ནི་ངག་དབང་དགེ་ལེགས་སོ། །སརྦ་མངྒ་ལཾ།། །།


previousདབྱུ་གུ་དྲུག་ཅུ་རྩ་བཞིའི་གཏོར་ཆོག་སྲིད་གསུམ་རྣམ་རྒྱལ།next