Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
གཏོར་མ་བརྒྱ་རྩ་འཁྱེར་བདེ་ཀུན་ཕན།
   
   
   
   
   
   
   
   
   
   
   
   
   


 
previousགཏོར་མ་བརྒྱ་རྩ་འཁྱེར་བདེ་ཀུན་ཕན།next

གཏོར་མ་བརྒྱ་རྩ་འཁྱེར་བདེ་ཀུན་ཕན།


GLG011_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་བརྒྱ་རྩ་འཁྱེར་བདེ་ཀུན་ཕན་བཞུགས། ། ༈ དུས་གསུམ་རྒྱལ་ཀུན་ཀུན་གྱི་བརྩེ་བ་རྣམས། གཅིག་བསྡུས་ལྷ་མཆོག་མཆོག་དམན་འགྲོ་བའི་གཉེན། །ཕྱག་ན་པད་དཀར་དཀར་འཇམ་འཛིན་ མཁས་པ། །སྤྱན་རས་གཟིགས་དབང་དབང་ཕྱུག་དམ་པར་འདུད། །དཀར་གསུམ་སྨན་གྱིས་སྤྲས་པའི་རིལ་བུ་ཆུ། །ཏིང་ཤག་སྣོད་སོགས་ཉེར་མཁོ་ལེགས་པར་བཤམས། །དྲི་ངའི་ཟས་དང་རྫས་ཀུན་ཉེར་སྤངས་ནས། །བདེ་བའི་སྟན་ལ་འདུག་སྟེ་འདི་སྐད་དོ། །བླ་མ་སངས་རྒྱས་ཆོས་དང་དགེ་འདུན་ལ། །བདག་སོགས་སེམས་ཅན་མ་ལུས་སྐྱབས་སུ་མཆི། །(༨ན)


GLG011_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་དོན་དུ་རྫོགས་བྱང་ཐོབ་པའི་ཆེད། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སཱ་བྷཱ་ཝ་ཡི་སྔགས་ཀྱིས་ལེགས་སྦྱངས་ནས། །བརྟན་གཡོའི་ཆོས་ཀུན་སྟོང་པའི་ངང་ཉིད་ལས། །པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་། །རང་སེམས་ཧྲཱིཿཡིག་ཡོངས་གྱུར་བདག་ཉིད་ནི། །འཇིག་རྟེན་དབང་ཕྱུག་ཞལ་གཅིག་ཕྱག་བཞི་པ། །རྩ་ཕྱག་ཐལ་སྦྱར་ལྷག་མས་ཤེལ་ཕྲེང་དང་། །པད་དཀར་འཛིན་ཅིང་ཞབས་གཉིས་སྐྱིལ་དཀྲུང་བཞུགས། །རིན་ཆེན་རྒྱན་དང་དར་གྱི་ན་བཟའ་གསོལ། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ཡིས། །ཐུགས་ཀའི་ཧཱུྃ་སྔོན་དག་ལས་འོད་འཕྲོས་པས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་གཉིས་མེད་གྱུར། །དབང་ལྷ་སྤྱན་དྲངས་བདུད་རྩིའི་ཆུ་རྒྱུན་གྱིས། །དབང་བསྐུར་འོད་དཔག་མེད་ཀྱིས་དབུ་བརྒྱན་གྱུར། །ཨོཾ་མྲྀ་ཏས་བསང་སྭ་བྷཱ་ཝ་ཡིས་སྦྱངས། །སྟོང་པའི་ངང་ལས་བྷྲུཾ་ལས་རིན་ཆེན་སྣོད། །ཨོཾ་ལས་མཆོད་གཏོར་འདོད་ཡོན་རྣམ་པ་ལྔས། །ཁྱད་པར་བྱས་པའི་ཀུན་ཏུ་བཟང་པོ་ཡི། །མཆོད་པའི་སྤྲིན་གྱིས་གང་ཞིང་འཕེལ་བར་གྱུར། །ཨོཾ་ཨཱཿཧཱུྃ། རྨད་དུ་བྱུང་བའི་མཆོད་པའི་སྤྲིན་ཚོགས་རྣམས། །བློ་ཡིས་བླངས་ཏེ་གུས་པས་རབ་ཏུ་འབུལ། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་མ་ལུས་པར། །མི་ཕྱེད་དང་པའི་ཡིད་ཀྱིས་ཕྱག་ཚལ་བསྟོད། །ཐུགས་ཀའི་ས་བོན་དག་ལས་འོད་འཕྲོས་པས། །མཆོད་པའི་ལྷ་ཚོགས་མ་ལུས་སྤྱན་འདྲེན་གཤེགས། །སྦྱིན་པར་བྱ་བའི་ཡུལ་གྱི་མཆོག་དམན་ཀུན། །ཐོགས་པ་མེད་པར་གནས་འདིར་རབ་འདུས་ཤིང་། །བཛྲ་ས་མ་ཛཿཔདྨ་ཀ་མ་ལ་ཡེ་སྟྭཾ། །སྐྱབས་ཡུལ་རྣམས་ཕྱག་འཚལ་མཆོད་པ་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །སྐྱབས་སུ་བརྟན་བཞུགས་ཆོས་འཁོར་བསྐོར་དུ་གསོལ། །དགེ་བ་མ་ལུས་བྱང་ཆུབ་ཆེན་པོར་བསྔོ། །སྤྱན་རས་(༨བ)


GLG011_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་དབང་ཕྱག་སོར་ལས་བྱུང་བའི། །བདུད་རྩིའི་རྒྱུན་གྱིས་ཡི་དྭགས་ཚིམ་གྱུར་ཅིག །ཨོཾ་ཨཱཿཧྲཱི་ཧཱུྃ་ཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་ཛཱ་ལ་མི་ཏི་སརྦ་པྲེ་ཏ་བྷྱཿསྭཱ་ཧཱ། །བསིལ་ལྡན་ཆུ་ཡིས་རེག་པས་འགྲོ་བ་ཀུན། །མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་གྱུར་ཅིག །གཏོར་མ་གོང་ལྟར་བྱིན་བརླབས་མ་ལུས་མགྲོན། །ཚིམ་པར་བསམ་ལ་སྔགས་འདི་གསུམ་མམ་བདུན། །ཉེར་གཅིག་སྐབས་སྦྱར་བརྗོད་པ་མགྲོན་ཚན་ནི། །བཅུ་གཉིས་ཀུན་ལ་སྦྱོར་བ་གནད་དུ་ཆེ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ཨོཾ་མཐར་ཨརྒྷཾ་མཆོད་པའི་དཀྱུས་ལྟར་དུ། །སྦྱོར་བ་མགྲོན་ཚན་བཞི་ཡི་བར་དུའོ། ༈ །བདུད་རྩིའི་ངོ་བོར་གྱུར་པའི་མཆོད་གཏོར་འདི། །རྩ་བརྒྱུད་བླ་མ་ཡི་དམ་ལྷར་འབུལ་གྱི། །བསྟན་འགྲོའི་ཕན་བདེ་བླ་མའི་སྐུ་ཚེ་སྤེལ། །བདག་སོགས་མྱུར་དུ་སངས་རྒྱས་ཐོབ་པར་མཛོད། ༈ །འདོད་ཡོན་ལྔ་དང་ལྡན་པའི་མཆོད་གཏོར་འདི། །འཇིག་རྟེན་འདས་དང་མ་འདས་བསྲུང་མར་འབུལ། །བསྟན་དང་བསྟན་འཛིན་སྐྱོང་ཞིང་བདག་ཅག་གི །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད། ༈ །གཙང་ཞིང་ཡིད་དུ་འོང་བའི་མཆོད་གཏོར་འདི། །དྲང་སྲོང་བྲམ་ཟེ་བདེན་ཚིག་གྲུབ་ལ་འབུལ། །ལུས་ཅན་ཀུན་བདེ་བདག་གི་ནད་གདོན་རྣམས། །ཞི་ཞིང་མཐུན་རྐྱེན་མ་ལུས་བསྒྲུབ་པར་མཛོད། ༈ །རང་རང་དགྱེས་པ་བསྐྱེད་པའི་མཆོད་གཏོར་འདི། །ནོར་དང་གྲོགས་འགོ་ལྷན་ཅིག་སྐྱེས་ལྷར་འབུལ། །མར་གྱུར་འགྲོ་དང་ཁྱད་པར་བདག་སོགས་ལ། །ཟས་ནོར་ལོངས་སྤྱོད་དངོས་གྲུབ་སྩལ་དུ་གསོལ། །སཾ་བྷ་ར་ཡི་སྔགས་མཇུག་ཕྱག་འཚལ་འདི། །མགྲོན་ཚན་འབྱུང་འགྱུར་ཀུན་ལ་སྦྱོར་བ་ཡིན། །བདེ་གཤེགས་རིན་ཆེན་མང་ལ་ཕྱག་འཚལ་ལོ། །བདེ་གཤེགས་གཟུགས་མཛེས་དམ་པར་ཕྱག་འཚལ་ལོ། །བདེ་གཤེགས་འབྱམས་(༩ན)


GLG011_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ཀླས་སྐུ་ལ་ཕྱག་འཚལ་ལོ། །བདེ་གཤེགས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །ཁ་དོག་དྲི་རོ་ཕུན་ཚོགས་གཏོར་མ་འདི། །ཡུལ་ལྷ་གཞི་བདག་ས་ཡི་ལྷ་མོར་འབུལ། །བདག་སོགས་གཞི་ལམ་གང་འདུག་མཐུན་རྐྱེན་སྦྱོར། །ཉེས་པར་ཕྲག་དོག་མ་བྱེད་བསམ་དོན་བསྒྲུབས། །ཡིད་འོང་མཐུན་རྫས་དམ་པའི་མཆོད་པ་འདི། །རྟ་བདག་འཕྲོག་མ་སྡེ་བརྒྱད་རྣམས་ལ་འབུལ། །ཀུན་ལ་བརྩེ་ཞིང་ལྷག་པར་བདག་སོགས་ཀྱི། །ཆོས་ལྡན་མཐུན་རྐྱེན་མཐའ་དག་བསྒྲུབ་པར་མཛོད། །རང་གི་སྨོན་པའི་བཟའ་བཏུང་ལོངས་སྤྱོད་འདི། །གདོན་བགེགས་འབྱུང་པོ་བར་ཆད་བྱེད་ལ་སྟེེར། །ཡུལ་ཕྱོགས་ཀུན་ཏུ་འཐབ་བརྩོད་ནད་རིགས་དག །མ་གཏོང་བྱམས་པའི་སེམས་དང་ལྡན་པར་བགྱིས། །རིགས་དྲུག་སོ་སོར་ཕན་པའི་བཟའ་བཏུང་འདི། །མར་གྱུར་སེམས་ཅན་རྣམས་ལ་བརྩེ་བས་སྟེར། །མ་ལུས་སྡུག་བསྔལ་གསུམ་ལས་རབ་གྲོལ་ཏེ། །བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་གྱུར་ཅིག །ཚ་གྲང་བཀྲེས་སྐོམ་སེལ་བའི་བཟའ་བཏུང་འདི། །བར་དོར་འཁྱམས་པའི་སེམས་ཅན་ཀུན་ལ་སྟེར། །འཇིགས་སྐྲག་སྡུག་བསྔལ་སེམས་ཀྱི་འཁྲུལ་ངོ་རུ། །ཤེས་ཏེ་ལྷ་མིའི་སྲིད་པ་འགྲུབ་གྱུར་ཅིག །མཐོང་ན་མི་མཐུན་མེད་པའི་སྦྱིན་པ་འདི། །ལས་ངན་གྱིས་མནར་ཡི་དྭགས་ཚོགས་ལ་སྟེར། །བཀྲེས་སྐོམ་སྤྱོད་དུ་མེད་པའི་སྡུག་བསྔལ་ལས། །ཐར་ནས་ལོངས་སྤྱོད་ཚོགས་ཀྱིས་ཚིམ་གྱུར་ཅིག །སྣ་ཚོགས་དངོས་པོར་སྤྲུལ་པའི་ཉེར་སྤྱད་འདི། །གནོད་ལན་ཆགས་པའི་འགྲོ་བ་རྣམས་ལ་སྟེར། །ལན་ཆགས་བྱང་ཞིང་བུ་ལོན་མ་ལུས་འཁོར། །ཤ་འཁོན་ཞི་སྟེ་ཡེ་ཤེས་མཆོག་ཐོབ་ཤོག །ཟད་མེད་མཁོ་དགུའི་འབྱོར་པ་སྤུངས་པ་འདི། །ལྷག་འདོད་དབང་ཆུང་གློ་བུར་ལྷགས་ལ་སྟེར། །འཕོངས་པའི་སྡུག་བསྔལ་ཞི་ནས་མངོན་མཐོ་དང་། །ངེས་ལེགས་གོ་འཕང་མྱུར་དུ་ཐོབ་གྱུར་ཅིག །བསླུ་(༩བ)


GLG011_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྒྱལ་བའི་བཀའ་དང་བདག་ཅག་གི །བདེན་པའི་ཚིག་གིས་དེང་འདིར་འཕྲལ་ཡུན་དུ། །དགེ་ཚོགས་རྒྱ་མཚོ་འབྱུང་བའི་སྨོན་གནས་ཀུན། །ཐོགས་པ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ཡེ་ཤེས་སེམས་དཔའ་བདག་ཐིམ་འཇིག་རྟེན་པ། །དགའ་བས་ཚིམ་ནས་རང་རང་གནས་སུ་གཤེགས། །དེ་ལྟར་ལྷག་བསམ་དག་པས་ལེགས་བསྐྲུན་པའི། །དགེ་འདིས་འགལ་རྐྱེན་བར་ཆད་ཞི་བར་ཤོག །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །འབད་པ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །གནས་སྐབས་ཀུན་ཏུ་ཕུན་ཚོགས་བདེ་ལེགས་ཀྱིས། །ས་སྟེང་ཁྱབ་པའི་བཀྲ་ཤིས་འཕེལ་བར་ཤོག །དེ་ལྟར་གཏོར་མ་བརྒྱ་རྩའི་རིམ་པའི་ཚུལ། །ཚུལ་བཞིན་ངག་འདོན་ཁྲིགས་ཆགས་ཚིགས་སུ་བཅད། །བཅད་ལྷུག་སྣ་ཚོགས་སྤེལ་བ་མིན་པའི་ཚིག །ཚིག་ཉུང་དོན་གསལ་རྒྱུན་དུ་འཁྱེར་བདེ་གང་། །གང་ཡང་མཆོག་དམན་འགྲོ་བ་མཐའ་དག་ལ། །ལ་ལར་མ་ཡིན་ཀུན་ལ་ཕན་སེམས་མཆོག །མཆོག་ཏུ་རབ་དཀར་ཆོས་ལུང་ནོར་འཛིན་ས། །ས་གཞིའི་ལོ་ཐོག་འཇོམས་ནུས་མི་མཐུན་ཕྱོགས། །ཕྱོགས་ཀྱི་ཕ་མཐར་སྐྲོད་པའི་སྔགས་རིགས་རྒྱུད། །རྒྱུད་ལྡན་རྒྱ་གར་བོད་ཀྱི་ཡི་གེའི་རིགས། །རིགས་མང་སོར་མོའི་འཕྲུལ་གྱིས་བསྒྱུར་བྱེད་མཁན། །མཁན་པོ་ཐོན་མིའི་གཙུག་ལག་སྨྲ་བའི་ངག །ངག་དབང་དགེ་ལེགས་གང་དེས་ཤུགས་འབྱུང་དུ། །དུ་མར་སྤེལ་བའི་འབོལ་རྩོམ་ཉམས་འགྱུར་ཡང་། །ཡང་དག་བཅད་ན་སྙན་ཚིག་རྗེས་འགྲོ་དང་། །དང་པོའི་མགོན་པོ་གང་གི་མན་ངག་ཟུང་། །ཟུང་ལྡན་བཅས་ཏེ་བསྐུལ་ཚེ་ངག་གི་དོན། །དོན་གཉིས་གྲུབ་པའི་དབང་ཕྱུག་བློ་གྲོས་གཏེར། །གཏེར་མཛོད་སྐལ་བཟང་ལ་འགྱེད་རྒྱ་མཚོའི་དཔལ། །དཔལ་ལྡན་འབྲས་སྤུངས་ཆོས་སྡེར་བཀོད་པ་དགེ །(༡༠ན)


previousགཏོར་མ་བརྒྱ་རྩ་འཁྱེར་བདེ་ཀུན་ཕན།next