Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
ཀླུ་གཏོར་བདུད་རྩིའི་འོ་མའི་ཆུ་རྒྱུན།
   
   
   
   
   
   
   
   
   
   
   
   


 
previousཀླུ་གཏོར་བདུད་རྩིའི་འོ་མའི་ཆུ་རྒྱུན།next

ཀླུ་གཏོར་བདུད་རྩིའི་འོ་མའི་ཆུ་རྒྱུན།


GLG011_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་གཏོར་བདུད་རྩིའི་འོ་མའི་ཆུ་རྒྱུན་བཞུགས་སོ།། ༈ ན་མཿལཱཎཽ་པདྨ་ཤུཀླཱ་ཡ། རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་འཇིག་རྟེན་དབང་། །དྲན་པས་སྲིད་ཞིའི་གདུང་སེལ་ལ་བཏུད་ནས། །གདེངས་ཅན་ཚོགས་ཀུན་དགའ་བྱེད་གཏོར་མ་ཡི། །ལས་རིམ་བདུད་རྩིའི་ཆུ་རྒྱུན་སྤེལ་བར་བྱ། །དེ་ཡང་ཀླུ་གཏོར་གྱི་རིམ་པ་འདི་ལ་ལོ་རྒྱུས་དང་། གདམས་པ་དངོས་གཉིས་ལས། དང་པོ་ནི། སྔོན་དཔལ་རྒ་ལོས་དུར་ཁྲོད་བསིལ་བའི་ཚལ་དུ་དུག་ཤིང་ལ་སྐུ་རྒྱབ་བརྟེན་ནས་ཐུགས་དམ་མཛད་པས། དུག་སྦྲུལ་གྱིས་བསྡམས་ཏེ་སྙུན་ནད་དྲག་པོས་ཐེབས་པ་ན། དཀོན་ཅོག་ལ་སྐྱབས་འགྲོ་མཛད་པས་ཇོ་བོ་ཁ་སར་པཱ་ཎི་ཞལ་གཟིགས་ནས་གདམས་པ་འདི་གནང་བ་ཐུགས་ཉམས་སུ་བསྟར་བས་དེ་མ་ཐག་ཏུ་སྐུ་ཁམས་བདེ་བར་གྱུར། བླ་མ་བོད་དུ་འབྱོན་པར་ཆས་པས་ཀླུ་རྣམས་ཀྱིས། ཁྱེད་ཀྱི་གཏོར་མས་ངེད་ཚོའི་ལུས་སྣད་པ་རྣམས་གསོས་ཤིང་ཕན་པ་རྒྱ་ཆེན་པོ་བྱུང་བས་བཞུགས་པར་གསོལ་བ་བཏབ། དེ་ལ་བརྟེན་སླར་བོད་དུ་ཕེབས་སྐབས་ཀྱང་གཏོར་མ་འདི་དར་བར་མཛད་པས་ཆར་ཆུ་དུས་སུ་འབབ་པ་སོགས་བཀྲ་ཤིས་དགེ་མཚན་གྲངས་མེད་པ་བྱུང་། །དེས་ཞང་མཚལ་པ་ལ་གནང་ཞིང་། །རྩ་བའི་བླ་མ་བར་དུ་དར་རྒྱས་སུ་བཞུགས་པའོ། །གཉིས་པ་ལ་གདམས་པ་དངོས་ལ་བཙས་བཤམས་པ་དང་། བསྔོ་བ་གཉིས་ལས་དང་པོ་ནི། དཀར་གསུམ་དང་མངར་གསུམ་ཟན་དང་སྦྱར་བ་ལ་ཀླུ་སྨན་གཞན་རྣམས་ཀྱང་བསྲེས་པའི་རིལ་བུའམ་ཆང་བུ་གང་རུང་། ཆུ་གཙང་དང་འོ་མ་བསྲེས་པ་ལ་ཀླུ་སྨན་བཏབ་པ། རྒྱས་པར་སྤྲོ་ན་མདུན་དུ་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་ཀླུ་གཟུགས་བཀོད། གཏོར་སྣོད་སོ་སོར་ཀླུ་སྨན་རྣམས་མ་འདྲེས་པར་སྤྱན་གཟིགས་ཀྱི་ཚུལ་དུ་བཤམས། རང་ཉིད་ཁྲུས་དང་གཙང་སྦྲ་དང་ལྡན་པས་ཤ་ཆང་སྒོག་བཙོང་སོགས་སྤངས་(༡༠བ)


GLG011_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཁ་བྱང་ཤར་ལ་བལྟ་བས་སྟན་བདེ་བ་ལ་འདུག་སྟེ་ཉམས་སུ་བླང་བར་བྱའོ། །གཉིས་པ་དངོས་གཞི་ནི་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ། །སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་བྲག་གསེར་གྱི་བྱ་སྐྱིབས་ཁ་བྱང་ཤར་དུ་ལྟ་བའི་ནང་དུ། །པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་སེམས་ཡི་གེ་ཧྲཱིཿ དཀར་པོ་ལས་འོད་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་ཇོ་བོ་ཁ་སར་པཱ་ཎྀ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་དང་གཡོན་པདྨའི་རྩ་བ་ཐུགས་ཀར་འཛིན་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་གྱིས་སྤྲས་པ། སྣང་བ་མཐའ་ཡས་ཀྱི་དབུ་རྒྱན་ཅན། ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོཾ། །མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་གསུམ་ག་ཧྲཱིཿ དཀར་དམར་མཐིང་ཁས་སོ་སོར་བསྐོར་བ། །ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོ་ས་བསྟིམ། ཀླུ་མཆོད་བྱིན་གྱིས་བརླབ་པ་ནི། སྭ་བྷཱ་ཝས་སྦྱངས། གཏོར་མ་ཆབ་སྨན་རྣམས་སྟོང་པར་གྱུར། སྟོང་པའི་ངང་ལས་བྷཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བཅུད་རྣམས་བདུད་རྩིའི་རྒྱ་མཚོ་ཆེན་པོ་ཀླུ་རྣམས་ཚིམ་ཞིང་ནད་ཀུན་གསོ་བའི་བདེ་བ་སྐྱེད་པར་བྱེད་ལས་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུཾ་དང་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་སྭ་(༡༡ན)


GLG011_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། རང་གི་མདུན་དུ་རིན་པོ་ཆེའི་བྲག་གསེར་གྱི་བྱ་སྐྱིབས་ཅན་གྱི་འོག་ཏུ། མཚོ། རྫིང་ལྟེང་ཀ །ཆུ་མིག །ཁྲོན་པ། འབབ་ཆུ། ནེའུ་གསིང་། སྤང་ལྗོངས། སྐྱེད་ཚལ་ཁང་བཟང་སོགས་ཉམས་དགའ་བའི་ནང་དུ་ཀླུ་རྒྱལ་ཝ་རུ་ཎས་གཙོ་བྱས། ཀླུ་ཆེན་བརྒྱད་སྟོད་མི་ལ་སྨད་སྦྲུལ་མཇུག་ཅན། །རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཀླུ་རིགས་གྲངས་མེད་པའི་འཁོར་གྱི་བསྐོར་བར་བསམ། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཀླུ་རྒྱལ་ཝ་རུ་ཎ་ལ་ཀླུ་ཆེན་བརྒྱད་། གཞན་ཡང་འཇིག་རྟེན་ཁམས་ཀྱི་ཀླུ་དང་ས་བདག་ཐམས་ཅད་ཟླ་བའི་གདན་ལ་རླུང་གིས་བསྐྱོད་དེ་འུར་སྒྲ་དང་བཅས་བཛྲ་ས་མཱ་ཛཿཛཿཧཱུྃ་བཾ་ཧོསཿབསྟིམ། ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང་། རྟ་མགྲིན་དབང་གི་བྱིན་རླབས་ཀྱིས། །གཙོ་བོ་ཀླུ་ཆེན་བརྒྱད་པོ་དང་། །རྒྱལ་རིགས་རྗེ་རིགས་དམངས་རིཊ་དང་།བྲམ་ཟེ་གདོལ་པ་ལ་སོགས་པ། །རི་རབ་རྩེ་དང་རྒྱ་མཚོའི་གཏིང་། །སྟེང་འོག་ཕྱོགས་མཚམས་གང་གནས་ཀླུ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། ནཱ་ག་རཱ་ཛ་ས་པཱ་རི་ཝ་ར་ས་མ་ཡ་ཧཱུཾ་ཛཿ་ཛཿ་ཛཿཧཱུཾ་བཾ་ཧོཿརང་རང་དགྱེས་པ་སྐྱེད་ནུས་པའི། །ཡིད་ཀྱིས་སྤྲུལ་པའི་གནས་མཆོག་འདིར། །པདྨའི་གདན་ལ་རབ་བཞུགས་ནས། །མཆོད་པའི་ཚོགས་རྣམས་བཞེས་སུ་གསོལ། ན་མཿསརྦྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ལན་བདུན་དང་། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བ་ཡི། །ཕྱག་སོར་རྩེ་ལས་བདུད་རྩིའི་རྒྱུན་བབས་པ། །མཆོད་པའི་ཚོགས་དང་ལྷན་ཅིག་འདྲེས་པ་དེ། །ཀླུ་དང་ས་བདག་རྣམས་ཀྱིས་ལོངས་སྤྱོད་གྱུར། །ཅེས་བརྗོད་ཅིང་དོན་བསམ་ནས། མ་ཧཱ་ནཱ་ག་ཨདྷི་(༡༡བ)


GLG011_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཏ་ཡེ་གྲཾཧྣེ་དཾ་ཨརྒྷཾ་སྭཱ་ཧཱ། པུཥྤཾ། དྷཱུ་པཾ། གནྷི་བཅུག །ཨོཾ་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཕྲུཾ་ཕུ་སྭཱ་ཧཱ། ཨོཾ་བྷཀྵ་ཡ་བྷཀྵ་ཡ་ས་མ་ཡ་ཏིཥྛ་ཕྲུཾ་ཕུ་ཧཱུཾ་སྭཱ་ཧཱ། ཨོཾ་བཱ་སུ་ཀེ་མཾ་སྭཱཧཱ་བརྒྱ་རྩ་དང་། ན་མཿསརྦྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭམུཁེ་བྷྱཿསརྦཏདྦཾ་ཨུངྒ་ཏེ་སྥར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ་ཞེས་པ་དང་། ནཱ་ག་རཱ་ཛ་ས་པཱ་རི་ཝཱ་ར་ཨ་མྲྀ་ཏ་ད་ཀ་པཱུ་ཛ་ཏེ་ཨཱཿཧཱུཾ་ཞེས་པ་ལན་གྲངས་མང་པོར་བརྗོད་ཅིང་བསྔོས་པས། ཀླུ་རྣམས་ཚིམ་པས་དངོས་གྲུབ་སྟེར་ཞིང་དགའ་བས་རང་ལ་འདུད་ཅིང་བསྐོར་བར་བསམ་ལ་ཚིགས་བཅད་ཀྱིས་བསྔོ་ཞིང་སྨོན་ལམ་གདབ་པ་ནི། ཝ་རུ་ཎ་སོགས་ཀླུ་ཆེན་བརྒྱད་པོ་དང་། ས་བདག་ཀླུ་ཡི་རིགས་སུ་གྱུར་པ་ལ། །ག་བུར་ཛ་ཏིས་དབུགས་ཉམས་སོས་གྱུར་ཅིག །གུར་ཀུམ་ཙན་དན་དྲི་ངད་བཟང་གྱུར་ཅིག །དབང་པོ་ལག་པས་ཡན་ལག་སོས་གྱུར་ཅིག །ཆུ་སྲིན་སྡེར་མོས་སེན་མོ་སོས་གྱུར་ཅིག །དཀར་དམར་མཚལ་གྱིས་ཁྲག་ཉམས་སོས་གྱུར་ཅིག །དུང་གིས་རུས་པ་ཉམས་པ་སོས་གྱུར་ཅིག །གཟི་ཡིས་མིག་འབྲས་ཉམས་པ་སོས་གྱུར་ཅིག །རྒྱ་དར་དམར་པོས་ལྕེ་ཉམས་སོས་གྱུར་ཅིག །ཟི་ཧུན་རས་སྐུད་རྩ་ཉམས་སོས་གྱུར་ཅིག །སྙིང་གི་ཞོ་ཤས་དོན་སྙིང་སོས་གྱུར་ཅིག །སླ་གོང་ཞོ་ཤས་ཤ་ཉམས་སོས་གྱུར་ཅིག །མཁལ་མ་ཞོ་ཤས་མཁལ་ཉམས་སོས་གྱུར་ཅིག །པུ་ཤེལ་རྩེ་ཡིས་རྩ་ཉམས་སོས་གྱུར་ཅིག །རྨ་བྱའི་མདོངས་ཀྱིས་མདོག་ཉམས་སོས་གྱུར་ཅིག །སྦྲུལ་གྱི་ཤུན་པས་པགས་ཉམས་སོས་གྱུར་ཅིག །ཐང་ལོ་སྨྱུག་ལོས་སྐྲ་ཚོགས་སོས་གྱུར་ཅིག །རྡོ་རྒྱུས་དག་གིས་རྒྱུས་འཁུམས་སོས་གྱུར་ཅིག །གུ་གུལ་དཀར་པོས་ཚིལ་ཉམས་སོས་གྱུར་ཅིག །བུ་རམ་ཀ་རས་རོ་མཆོག་མྱོང་གྱུར་ཅིག །མེ་ཏོག་ཤིང་ཏོག་ལུས་ཀུན་མཛེས་གྱུར་ཅིག །རིན་པོ་ཆེ་ཡིས་ཚེ་དཔལ་རྒྱས་གྱུར་ཅིག །རྒྱ་མཚོ་ལྦུ་བས་(༡༢ན)


GLG011_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་མར་སོས་གྱུར་ཅིག །ནཱ་ག་པདྨས་རྣ་དབང་སོས་གྱུར་ཅིག །གཞན་ཡང་སླེ་ཏྲེས་ལི་ཤི་སུག་སྨེལ་དང་། །ཟི་ར་དཀར་ནག་ཨུཏྤལ་སྔོན་པོ་དང་། །ཨ་རུ་ར་དང་སྤང་སྤོས་ཏིལ་དཀར་ནག །ཐལ་ཀ་རྡོ་རྗེ་སོ་མ་ར་ཛ་དང་། །རྒུན་འབྲུམ་ཤིང་མངར་སྦྲང་རྩི་དར་ཟབ་ཚོགས། །དཀར་གསུམ་གྱིས་མཛེས་མཆོད་སྦྱིན་གཏོར་མ་དང་། །མངར་གསུམ་གྱིས་བྲན་འོ་མའི་རྒྱ་མཚོ་སོགས། །ཀླུ་རྣམས་དགའ་བའི་མཐུན་པའི་རྫས་རྣམས་ཀྱིས། །སོ་སོའི་རེ་བ་ཡོངས་སུ་སྐོང་གྱུར་ཅིག །ནང་གི་དོན་སྣོད་ཕྱི་ཡི་ཤ་ལྤགས་རུས། སྐྲ་སེན་བཀྲག་མདངས་རྩ་རྒྱུས་ཉམས་པ་དང་། གཞོགས་བསྐམས་ཞ་འོན་ལྐུགས་སོགས་སྡུག་བསྔལ་གྱི། །འཇིགས་པ་ཀུན་ལས་ཀླུ་རྣམས་ཐར་གྱུར་ཅིག །བྱེ་ཚན་མཁའ་ལྡིང་མེ་དང་ཐོག་ལ་སོགས། །གནོད་པ་ཀུན་བྲལ་སྦྲུལ་མགོའི་གདེངས་ཀ་ལྡན། །རིན་ཅེན་བྲག་སྐྱིབས་མཚོ་རྫིང་ཆུ་མིག་དང་། །ནེའུ་གསེང་སྐྱེད་ཚལ་རྣམས་དང་ལྡན་གྱུར་ཅིག །མདོར་ན་ལུས་དང་སེམས་ལ་བདོ་བ་དང་། །དགའ་སྐྱིད་མ་ལུས་ཚོགས་ཀུན་འབྱུང་གྱུར་ཅིག །དེ་ལྟར་ཀླུ་རྣམས་སྨན་གྱིས་ལེགས་གསོས་ཤིང་། བཟང་པོའི་སྨོན་ལམ་བཏབ་པ་འདི་ཡི་མཐུས། །བདག་སོགས་འགྲོ་བ་སེམས་ཅན་མ་ལུས་པ། མཐོང་རེག་བསམ་དང་ཁ་རླངས་སྦྱོར་བ་ཡི། །ས་བདག་ཀླུ་ཡི་དུག་ཀུན་ཞི་བར་མཛོད། །འཕགས་མཆོག་སྤྱན་རས་གཟིགས་ཀྱི་བཀས་གནང་བའི། །འདོད་ཡོན་ལྔ་ལྡན་གཏོར་མ་འདི་བཞེས་ལ། །ལན་ཆགས་འཁོར་ཞིང་ཤ་འཁོན་མ་ལུས་བྱང་། །འཇིག་རྟེན་ཁམས་སུ་ཆར་ཆུ་དུས་འབབ་ཅིང་། ལོ་ཕྱུགས་སྨན་དང་ནགས་ཚལ་རབ་ཏུ་རྒྱས། །འགྲོ་རྣམས་ནད་མེད་བདེ་སྐྱིད་ཕུན་ཚོགས་པའི། །ལེགས་པའི་ཡོན་ཏན་མ་ལུས་འགྲུབ་པར་མཛོད། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །ཞེས་སོགས་དང་། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། ཞེས་སོགས་བརྗོད། རང་གི་ལུས་ལ་(༡༢བ)


GLG011_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་ལོངས་ལ། གཞན་ལ་གནོད་པ་མ་བྱེད་ཅིག །ཕན་པའི་འབྲས་བུ་བདེ་བ་འབྱུང་། །གནོད་པའི་འབྲས་བུ་སྡུག་བསྔལ་འབྱུང་། །ས་བོན་ཚ་བ་རྣམ་པ་བཞིས། །འབྲས་བུ་ཚ་བ་སྐྱེད་པར་འགྱུར། །ས་བོན་མངར་བ་བཏབ་པ་ལས། །འབྲས་བུ་མངར་བ་སྐྱེ་བར་འགྱུར། །དཔེ་དང་བཅས་པའི་ཆོས་བཤད་པ། །ཁྱེད་རྣམས་ཀྱིས་ནི་ཤེས་པར་གྱིས། །ཞེས་བརྗོད། །ཀླུའི་སྡིག་པ་བཤགས་པ་ནི། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨཱཿཔ་རཾ་པཱ་ར་ཎི་མེ་སརྦ་སྭཱཏཱ་ནཱ་ཉྩ་སྭཱཧཱ། ཞེས་བདུན་བརྗོད་ནས་སྨོན་ལམ་གདབ་པ་ནི། འདི་ལྟར་བགྱིས་པའི་དགེ་བའི་མཐུས། །ཀླུ་གཉན་ས་བདག་མ་ལུས་པའི། །ནད་གདོན་འཇིགས་སྐྲག་ཀུན་ཞི་ནས། །བདེ་བ་ཆེན་པོར་ལོངས་སྤྱོད་ཤོག །ཕྱི་མ་ལྷ་མིའི་ལུས་ཐོབ་ཅིང་། དམ་པའི་ཆོས་དང་མཇལ་བ་ཡིས། །སངས་རྒྱས་གོ་འཕངས་མངོན་གྱུར་ནས། །རང་གཞན་དོན་གཉིས་འགྲུབ་པར་ཤོག །གཞན་ཡང་རྨད་བྱུང་སྲས་བཅས་མ་སོགས་སྨོན་ལམ་གྱི་ཚིག་ཅི་རིགས་པར་བརྗོད། འདི་ལྟར་བདག་གིས་མཆོད་གཏོར་ཀླུ་སྨན་བདུད་རྩིའི་རྒྱ་མཚོ་ཆེན་པོ་དངོས་སུ་བཤམས་ཤིང་། ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ལ་བརྟེན་ནས། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱིས་མ་རིག་པའི་དབང་གིས་ཁྱེད་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཕོག་ཐུག་ནོངས་པ་བགྱིས་པ་མཐའ་དག་བཟོད་པར་མཛོད་ལ། ཀླུ་དང་ས་བདག་ལས་བྱུང་བའི་གནོད་པ་ཐམས་ཅད་ཞི་བ་དང་ཡུལ་ཕྱོགས་འདི་དག་ཏུ་ལོ་ཏོག་ལ་ཕན་པའི་ཆར་ཆེན་པོ་འབེབས་པར་མཛད་དུ་གསོལ། བྱ་ཁྱུང་གི་ཕྱག་རྒྱ་དང་བཅས་པས། ཨོཾ་ནཱ་ག་ར་ཛ་ས་པཱ་རི་ཝ་ར་སརྦ་གཙྪཿ ཞེས་མགྲོན་རྣམས་(༡༣ན)
རང་གནས་སུ་གཤེགས་པར་བསམ། བདག་གི་བསམ་པའི་སྟོབས་དག་དང་། ཞེས་སོགས་དང་བཀྲ་ཤིས་པའི་ཚིགས་བཅད་ཅི་རིགས་པ་བརྗོད་པར་བྱའོ། །དེ་ལྟར་གདེངས་ཅན་ཚོགས་རྣམས་མཉེས་བྱས་ནས། །འགྲོ་བའི་ནད་ཞི་ཆར་གྱི་རྒྱུན་བཟང་པོས། །རྩི་ཤིང་ལོ་ཏོག་རྒྱས་པར་བྱེད་པའི་ཐབས། །བདུད་རྩིའི་འོ་མའི་ཆུ་རྒྱུན་འདི་ཀོ་མཚར། རྣམ་དཀར་དགེ་བའི་རླུང་གིས་ལེགས་དྲངས་པས། །ཕན་བདེའི་མ་ལ་ཡ་ཡི་དྲི་བསྲུང་གིས། །སྲིད་ཞིའི་གདུང་བ་མ་ལུས་དྲུངས་ཕྱུང་ཏེ། །འགྲོ་རྣམས་ཀུན་མཁྱེན་ཡེ་ཤེས་ཐོབ་པར་ཤོག །ཅེས་ཀླུ་གཏོར་བདུད་རྩི་འོ་མའི་ཆུ་རྒྱུན་འདི་ནི་དོན་གཉེར་ཅན་དུ་མས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡྷེས་སྦྱར།


previousཀླུ་གཏོར་བདུད་རྩིའི་འོ་མའི་ཆུ་རྒྱུན།next