Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
དཀར་ཆ་བཞིའི་དགའ་སྟོན་ཕན་བདེའི་འདོད་འཇོ།
   
   
   
   
   
   
   
   
   
   


 
previousདཀར་ཆ་བཞིའི་དགའ་སྟོན་ཕན་བདེའི་འདོད་འཇོ།next

དཀར་ཆ་བཞིའི་དགའ་སྟོན་ཕན་བདེའི་འདོད་འཇོ།


GLG011_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཆ་བཞིའི་དགའ་སྟོན་ཕན་བདེའི་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །མི་མཐུན་བདུད་བཞི་འཇིཊ་བརྒྱད་བཅུ་དྲུག་ཀུན། །ཞི་མཛད་མི་གཡོ་མགོན་དང་འཕགས་མའི་ཞབས། །བསླུ་མེད་གཏན་གྱི་སྐྱབས་མཆོག་ལྷག་པའི་ལྷ། །བྱང་ཆུབ་བར་དུ་སྙིང་གི་ཟེའུ་འབྲུར་བཞུགས། །མགོན་ཟུང་མཆོད་དང་གདེངས་ཅན་དགའ་བ་བསྐྱེད། །འཇུར་གེགས་བཀྲེས་སྐོམ་ལས་སྒྲོལ་མཆོད་སྦྱིན་གྱི། །སྒོ་འཕར་བརྒྱ་ཕྲག་འབྱེད་པ་དཀར་ཆ་བཞི། །བྱ་སླ་ཚེགས་ཆུང་འདི་ཕྱིའི་དོན་ཆེན་འགྲུབ། །དེའི་ཚུལ་འཁོན་རིགས་མ་དྲོས་ཀླུང་ཆེན་ལས། །འཇམ་མགོན་མཁྱེན་པའི་མཐོ་རིས་ཆུ་བོའི་རྒྱུན། །ཐུབ་བསྟན་རྒྱ་མཚོའི་སྲོག་ཏུ་རྟག་འབབ་པ། །ས་སྐྱའི་རྗེ་བཙུན་ཕྱག་བཞེས་འཁྲུལ་མེད་འབྲི། །དེ་ལ་འདིར་ས་སྐྱའི་རྗེ་བཙུན་རྣམས་ཀྱི་ཐུགས་དམ་དུ་མཛད་པའི་དཀར་གཏོར་ཆ་བཞིར་གྲགས་པ་ནི། ལྷག་པའི་ལྷ་བཅོམ་ལྡན་མི་གཡོ་མགོན་པོ། རྗེ་བཙུན་འཕགས་མ་སྒྲོལ་མ་གཉིས། ས་སྐྱའི་གཙུག་ལག་ཁང་ཀླུ་གཙུག་ན་རིན་ཆེན་གྱི་ཕོ་བྲང་གི་སྟེང་ན་ཡོད་པས་གཙོ་བོར་གྱུར་བའི་ཀླུ། (༡༤བ)


GLG011_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དྭགས་རྣམས་ལ་དབུལ་བ་སྟེ། གཏོར་མ་སྣོད་ཤོམས་ན་སོ་སོ་དང་དེ་མིན་གཏོར་སྤུངས་བྱས་ཀྱང་རུང་། ཡི་དྭགས་ཀྱི་གཏོར་མ་ནི་དཀར་གཏོར་དང་རིལ་བུ་ལ་ངེས་པ་མེད་ཀྱང་ཆུ་སྦྲེང་བ་དང་བཅས་ཕྱི་མ་འཇུག་པ་བདེ་བ་མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་བཤམ། གཏོར་མ་གོང་མ་གསུམ་པོའི་དུས་ལ་ངེས་པ་མེད་ཅིང་སུ་རཱུ་པ་ནི་ངེས་པར་བཟའ་བཏུང་གང་ཡང་མ་བྱས་པའི་སྔོན་དུ་གཏོར་དགོས་ལ། དེངས་སང་ཕྱག་ལེན་ལྷན་ཅིག་ཏུ་མཛད་པའི་དབང་གིས་ཐོ་རངས་ཀྱི་ཆའམ་འཕྱི་ཡང་ཟས་སྐོམ་ལ་ལོངས་མ་སྤྱད་པའི་གོང་དུ་སངས་རྒྱས་ཆོས་ཚོགས་མ་ལན་གསུམ་གྱིས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔོན་དུ་བཏང་། དང་པོ་རྗེ་བཙུན་མི་གཡོ་བ་ལ་འབུལ་བ་ནི། ཨོཾ་ཨ་མྲྀ་ཏ་ཧྲུཾ་ཕཊ་གྱིས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་མོས། ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྗེ་བཙུན་མི་གཡོ་བ་སྐུ་མདོག་སྔོན་པོ་རལ་གྲི་དང་ཞགས་པ་འཛིན་པ་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། དར་གྱི་སྟོད་གཡོགས་དང་སྟག་གི་པགས་པའི་ཤམ་ཐབས་ཅན་པད་ཉིའི་གདན་ལ་གཡས་བསྐུམས་གཡོན་བརྐྱངས་ཀྱིས་བཞུགས་པའི་རྣམ་པ་ཅན་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་ཨོཾ་བཛྲ་ས་མཱ་ཛཿས་མདུན་གྱི་ནམ་མཁར་སྤྱན་དྲངས། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་ཨོཾ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཅེས་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ། །ཨཱོཾ་ཝ་ར་ཨ་ཙ་ལ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཀྱེ་ཀྱེ་མཐའ་གཉིས་རྣམ་པར་མ་གཡོས་ཀྱང་། །མཐའ་བྲལ་བདེ་ཆེན་ཁྲོ་(༡༥ན)


GLG011_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

བོ་རྒྱལ་པོའི་སྐུ། །སྤྲུལ་པའི་གཟུགས་ཀྱིས་འགྲོ་དོན་དཔག་མེད་མཛད། །འཇིགས་བྱེད་ཆེན་པོས་འགྲོ་བ་ཀུན་སྒྲོལ་ཞིང་། སྲིད་པ་གསུམ་ན་དགྱེས་པའི་གར་མཛད་པ། །སྲིད་པའི་ཆུ་བོ་སྐེམས་ཤིང་མི་མཐུན་བདུད་རྣམས་འཇོམས། །སྲིད་པའི་རླུང་གིས་མ་གཡོས་ཐུགས་རྗེའི་མགོན། །རབ་བརྗིད་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་ལ་ཐལ་མོ་སྙིང་ཁར་སྦྱར་ཏེ། མི་གཡོ་མགོན་པོས་བདག་དང་སེམས་ཅན་ཀུན། །བར་གཅོད་བདུད་བཞིའི་དགྲ་ལས་རྣམ་རྒྱལ་ཞིང་། །འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་རྣམས། ཐོགས་པ་མེད་པར་མྱུར་དུ་སྩལ་དུ་གསོལ། །ཅེས་གསོལ་བ་གདབ་བོ། །གཉིས་པ་རྗེ་བཙུན་མ་ལ་འབུལ་པ་ནི། གཏོར་མ་གོང་ལྟར་གྱིས་བརླབས། ལྷོ་ཕྱོགས་རི་བོ་པོ་ཏ་ལ་ན་རྗེ་བཙུན་སྒྲོལ་མ་འཁོར་བཅས་མངོན་སུམ་དུ་བཞུགས་པས་བདག་ལ་ཐུགས་རྗེས་དགོངས་ནས་གཏོར་མ་བཞེས་པར་མོས་པས་ཆོ་ག་ལ་སྤྱན་འདྲེན་པ་སོགས་བྱ་མི་དགོས་སོ། །ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས། ན་མཿསརྦྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཧེ་ཧེ་བྷ་ག་ཝ་ཏེ། མཧཱ་ས་ཏྭ་སརྦྦ་བུདྡྷ་ཨ་ཝ་ལོ་ཀི་ཏེ། མཱ་བི་ལམྤ། མཱ་བི་ལམྤ། ཨི་དམྦ་ལིི་གྲི་ཧྞ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ་ཧཱུཾ། སརྦ་བི་ས་ཏྭ་ར་སྭཱཧཱ། ཞེས་པ་ལན་གསུམ་མམ་ལན་བདུན་གྱིས་ཕུལ། ཨོཾ་ཨཱརྱ་ཏཱ་རེ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་གཉིས་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། འཕགས་མ་སྒྲོལ་མས་བདག་དང་འགྲོ་བ་ཀུན། །འཇིགས་ཆེན་བརྒྱད་དང་བཅུ་དྲུག་ལས་སྐྱོབ་ཅིང་། །འཁོར་བ་ངན་སོང་སྡུག་བསྔལ་ཆེ་ལས་སྒྲོལ། །འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་སྩོལ། ཞེས་གསོལ་བ་གདབ། གསུམ་པ་ཀླུ་རྣམས་ལ་དབུལ་བ་ནི། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་(༡༥བ)


GLG011_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་དང་ཨོཾ་བཛྲ་ཡཀྵ་ཧཱུཾ་གིས་གཏོར་མའི་བགེགས་བསངས། རྡོ་རྗེ་མེའི་ཕྱག་རྒྱ་དང་ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྩ་ར་ཎ་ཧཱུཾ་ཕཊ་ཀྱིས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཀླུ་རྣམས་དགའ་བར་བྱེད་པའི་བདུད་རྩིའི་རྒྱ་མཚོས་གང་བར་བསམ། རྡོ་རྗེ་བསྡམ་པའི་ཕྱག་རྒྱ་འདེབས་པའི་ཚུལ་དང་། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཏ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཞེས་ལན་གསུམ་གྱིས་གཏོར་མ་ལས་ཀླུ་རྣམས་ཇི་ལྟར་འདོད་པའི་ཡོ་བྱད་ཐམས་ཅད་ཐོགས་པ་མེད་པར་བྱུང་བར་བསམས་ལ། འདོད་རྒྱལ་གྱི་ཕྱག་རྒྱ་བཅས་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་ཐམས་ཅད་དང་བྱེ་བྲག་ཏུ་བདག་སོགས་ལ་གནོད་པར་བྱེད་པའི་ཀླུ་རིགས་ཐམས་ཅད་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་མོས་ལ། ཨོཾ་བ་ཏ་ལི་བ་ཏ་ལི་མཧཱ་བ་ཏ་ལི་ཧཱུཾ་ཧཱུཾ་ཛཿཛཿ་སྭཱཧཱ། ལན་གསུམ་དང་། ཨོཾ་ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་པོ་དང་། །དུང་སྐྱོང་དང་ནི་རིགས་ལྡན་ནོ། །ལྷ་མོ་ལྷ་མོ་ཆེན་པོ་དང་། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང་། །སོག་མ་མེད་དང་ཧུ་ལུནྟུ། །དགའ་བོ་དང་ནི་ཉེར་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང་། ཚ་བ་ཚ་བ་ཆེན་པོ་དང་། །དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཅེན་འོད་དང་གཟུགས་མཛེས་དང་། །གཟུགས་མཛེས་ཆེན་པོ་སྦྲུལ་བཟང་དང་། །ལྟོ་འཕྱེ་ཆེན་པོ་ཚི་ལི་དང་། །ཚི་ལི་ཆེན་པོ་རྣམ་དག་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨཱ་གཙྪ་ཨཱ་གཙྪ་མཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་སརྦྦ་བྷུརྦྷུཝཿཕྲུཾ་ཕུཾ་སྭཱཧཱ། ཞེས་པས་མདུན་དུ་བྱོན་པར་བསམ། པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་ཕུལ། ཨོཾ་མཧཱ་ནཱ་ག་ཨ་དྷི་པ་ཏ་ལེ་གྲྀ་ཧྞེ་དཾ་ཨརྒྷཾ་སྭཱཧཱ། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ་པུཥྤེ། དྷུ་པེ། དཱི་པཾ། གནྡྷེ་བཅུག་པས་མཆོད། (༡༦ན)


GLG011_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་དགའ་བར་བྱེད་པའི་ཕྱག་རྒྱ་དང་། ཨོཾ་ཧི་ལི་ཧི་ལི་མཧཱ་ཧི་ལི་ཕྲུཾ་ཕུ་སྭཱཧཱ། ཞེས་པ་སེ་གོལ་བརྡབ་པ་དང་བཅས་ལན་གསུམ་དང་། ཨོཾ་བྷཀྵ་ཡ་བྷ་ཀྵ་ཡ་ས་མ་ཡ་ཏིཥྠ་ཕྲུཾ་ཕུཾ་ཧཱུཾ་སྭཱཧཱ། ཞེས་པ་ལན་གསུམ་གྱིས་གཏོར་མ་བསྔོ། ཡེ་དྷརྨཱ་དང་། སྡིག་པ་ཅི་ཡང་མི་བྱ་སྟེ། དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་ཆོས་ཀྱི་སྦྱིན་པ་བྱིན། །ཀླུ་ཆེན་བརྒྱད་སོགས་ཀླུ་རིགས་ཐམས་ཅད་དང་། བྱེ་བྲག་བདག་ཅག་རྣམས་ལ་གནོད་བྱེད་ཀུན། །གཏོར་མ་འདིས་ཚིམ་དགྱེས་ཤིང་གདུག་སེམས་ཞི། ཕན་པ་བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །ཅེས་སྨོན་ལམ་གདབ། ཨོཾ་ནཱ་ག་ཨ་དྷི་པ་ཏི་ས་པཱ་རི་ཝཱ་ར་གཙྪ་ཞེས་པས་དཀར་ཕྱོགས་ཀྱི་ཀླུ་རིགས་རྣམས་རང་གནས་སུ་གཤེགས། བྱ་ཁྱུང་གི་ཕྱག་རྒྱ་དང་། ཨོཾ་གཱ་རུ་ཌ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱཧཱ། ཞེས་ནག་པོའི་ཀླུ་རིགས་རྣམས་བསྐྲད་པར་མོས་སོ། ས་སྐྱར་ཀླུ་གཙུག་ན་རིན་ཆེན་ལ་གཙོ་བོར་དམིགས་ནས་མཛད་པ་ཡིན་པས་ཡུལ་གཞན་དུ་བྱས་པར་དགོས་པ་མེད་དམ་སྙམ་ན། ཀླུ་གཙུག་ན་རིན་ཆེན་མེད་པའི་ཡུལ་རྣམས་སུའང་ཀླུ་རེ་ངེས་པར་འོང་བས་ཕན་ཡོན་ཆེའོ། །བཞི་པ་སུ་རཱུ་བའི་སྔགས་ཀྱིས་ཡི་དྭགས་རྣམས་ལ་སྦྱིན་པ་ནི། རང་ཉིད་སྐད་ཅིག་གིས་དེ་བཞིན་གཤེགས་པ་གཟུགས་མཛེས་སུ་བསྒོམ། ཨོཾ་ཨཱཿཧཱུཾ་ལན་གསུམ་གྱིས་ཡི་དྭགས་རྣམས་ཚིམ་པར་ནུས་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ལ། མཆོད་སྦྱིན་གྱི་ཕྱག་རྒྱ་བཅས་ཏེ། སངས་རྒྱས་རིན་ཆེན་གཟུགས་མཛེས་རྒྱལ་པོ་ལ་ཕྱག་འཚལ་ལོ། ན་མཿསུ་རཱུ་པཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶམྦུདྡྷ་ཡ། ཏདྱ་ཐཱ། ཨོཾ་སུ་རུ་སུ་རུ་པྲ་སུ་རུ་པྲ་སུ་རུ། ཏ་ར་ཏ་ར། བྷ་ར་བྷ་ར། སམྦྷ་ར་སམྦྷ་ར། སྨ་ར་སྨ་ར། སནྟ་རཱ་ཡ་སནྟ་རཱ་ཡ། སརྦྦ་པྲེ་ཏཱ་ནཱཾ་སྭཱཧཱ། (༡༦བ)


GLG011_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ལན་གསུམ་མམ་བདུན་བརྗོད་པས་ཡི་དྭགས་རྣམས་ལ་ཟད་མི་ཤེས་པའི་བདུད་རྩི་དང་འདོད་ཡོན་ལྔ་བྱུང་བར་བསམ། ཨ་པ་ས་རནྟཱུ་ཨ་ཝ་ཏཱ་ར་པྲེ་ཀྵི་ཎོ་ད་དཱ་མྱ་ཏི་སརྦྦ་ལོ་ཀ་དྷཱ་ཏུ་བྷ་སི་ནཱཾ། པྲེ་ཏཱ་ན་མཧཱ་རཾ། ཞེས་པ་ལན་ཅིག་བོད་སྐད་དུ་བྱེད་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་ཡི་དྭགས་རྣམས་ལ་བདག་གིས་བཟའ་བ་འདི་སྟེར་གྱི། གླགས་ལྟ་བ་རྣམས་ཕྱིར་དེངས་ཤིག །ཅེས་བརྗོད་ཅིང་སྔགས་ཙམ་ལས་བོད་སྐད་མ་བརྗོད་ཀྱང་ཉེས་པ་མེད། ཡེདྡྷརྨཱ་སོགས་ཆོས་ཀྱི་སྦྱིན་པ་གོང་བཞིན་བྱ། ཕན་ཚུན་ཕྱེར་དང་འཐབ་རྩོད་མེད་པ་རུ། །བདེ་བར་ཟས་ཐོབ་ལོངས་སྤྱོད་དབང་པོ་ཚིམ། །བཀྲེས་སྐོམ་ཕོངས་པའི་སྡུག་བསྔལ་ལས་གྲོལ་ནས། །མཐོ་རིས་ཐར་པའི་བདེ་བ་ཐོབ་པར་ཤོག །ཅེས་སྨོན་ལམ་གདབ། དེང་སང་མེ་བསུར་ཆུ་བསུར་ཞེས་མཆོག་དམན་ཀུན་ལ་གྲགས་ཤིང་ཡི་གེ་མང་པོར་ཡང་ཕྱོགས་མཐུན་དུ་བཀོད་པར་སྣང་མོད། མེ་བསུར་ལ་མདོ་སོགས་ཀྱི་བྲིན་སོ་མེད་ཅིང་། གསང་སྔགས་གསར་མའི་ཕྱོགས་སུ་མ་གྲགས་པས་སྔོན་རབས་ཁུངས་བཙུན་གྱིས་ཡི་གེར་ཡང་མ་འཁོད། དེའི་ཁུངས་ནི་གསང་སྔགས་རྙིང་མ་ཕྱོགས་ལ་བརྟེན་དགོས་ཤིང་རྫས་མེ་ལ་བཏབ་པས་བསུར་མིང་དང་དོན་མཐུན་པ་ཡིན། འདི་ལ་ཆུ་བསུར་ཞེས་པའི་མིང་ནམ་ཡང་མི་ཐོབ། སྔགས་ལ་བརྟེན་ནས་སུ་རཱུ་བ་ཞེས་བཏགས་པ། སུ་ནི་ཉེར་བསྒྱུར་ཉི་ཤུའི་ནང་གི་ལེགས་པ་མཛེས་པ་བཟང་བ་སོགས་ལ་འཇུག་པའི་སུ་དང་རཱུ་པ་ནི་གཟུགས་ཡིན་པས་དེ་བཞིན་གཤེགས་པ་གཟུགས་མཛེས་ཀྱི་མཚན་ལས་བཏགས་ལ། ཆུས་བསུར་མི་ཡོང་བ་གནག་རྫི་རྒན་པོས་ཀྱང་ཤེས་པ་དེའོ། །ཕན་ཡོན་ནི་དབུལ་པོར་མི་འགྱུར། སྐྱེ་བ་ཀུན་ཏུ་སྟོབས་ཆེ་བ། གཟུགས་བཟང་ཞིང་མཐོང་ན་དགའ་བ། ལོངས་སྤྱོད་ཆེ་བ། ཚེ་རིང་ནད་(༡༧ན)


GLG011_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ། མྱུར་དུ་སངས་རྒྱས་ཐོབ་པ། དེ་མ་ཐོབ་པའི་སྐྱེ་བར་ཡང་བདེ་བ་ཅན་དུ་སྐྱེ་བ་སོགས་ཀྱི་ཕན་ཡོན་མདོ་ལས་གསུངས་སོ། །ཆོས་ཀྱི་རྒྱལ་པོ་འཕགས་པ་ཡན་ཆད་ལ་གཏོར་མ་ཆ་བཞི་པོ་འདི་ལས་མི་མཛད་ནའང་བླ་མ་ཕྱི་མ་རྣམས་ཀྱིས་གཞི་བདག་དང་ཆུ་སྦྱིན་གྱི་རིགས་མཛད་པ་སྤྲོ་ན་སོ་སོའི་ཡི་གེ་དང་། འཕགས་པའི་རྒྱུན་གཏོར་དང་། རྗེ་ཤར་ཁང་པའི་དཀར་ཆ་བཞིའི་ཡི་གེ་སོགས་ལས་ཤེས་པར་བྱའོ། །དེ་ནས་བདག་གི་བསམ་པའི་སྟོབས་དང་ནི། །ཞེས་སོགས་ཀྱིས་བདེན་པ་བརྗོད། གཏོར་མགྲོན་རྣམས་མི་དམིགས་པར་བཞག་པས་ཁྱབ་པ། བློ་དམན་དག་གཤེགས་སུ་གསོལ་བ་འདོད་ན། མཐེབ་སྲིན་གྱིས་སེ་གོལ་དང་བཛྲ་མུཿཞེས་པས་མི་གཡོ་བ་རང་བཞིན་གྱི་གནས་དང་། ཆུ་སྦྱིན་ཆེད་དུ་ལྷགས་པ་ཡི། །འབྱུང་པོ་ཐམས་ཅད་རང་གནས་དེངས། །སརྦ་བྷཱུ་ཏ་གཙྪ། ཞེས་བརྗོད་པས་རང་གནས་སུ་སོང་བར་བསམ་མོ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཅེས་སོགས་བསྔོ་བ་སྨོན་ལམ་ཅི་རིགས་པས་མཚམས་སྦྱར། གཏོར་མ་རྣམས་གཙང་སར་དོར་བར་བྱའོ། །དེ་ལྟར་ཚེགས་ཆུང་བྱ་སླ་འབད་པའི་དོན། །འདི་དང་གཏན་གྱི་སྐྱེ་བའི་ཞིང་ས་ལ། །འཛད་མེད་ཕན་བདེའི་མྱུ་གུ་རབ་བསྐྲུན་པའི། །བྱེད་པོ་མཐའ་དག་བཟང་པོའི་སྐལ་བ་ཅན། །དེ་ཕྱིར་རང་གཞན་མང་པོར་ཕན་དོན་དུ། །རྡུལ་བྲལ་སྟོན་གྱི་ཟླ་ལྟར་ཆེས་དཀར་བའི། །རྣམ་དག་བསམ་པ་མཆོག་གིས་ཀུན་བླངས་ཏེ། ཡི་གེ་བཀོད་པ་ཡང་དག་དོན་དང་ལྡན། །དགེ་བའི་ཆུ་ཐིགས་བྱང་ཆུབ་རྒྱ་མཚོ་ཆེར། དབྱེར་མེད་འདྲེས་པའི་ཕ་མཐའ་རྟོགས་དཀའ་བ། །མཁའ་མཉམ་འགྲོ་ཀུན་རྣམ་པ་ཐམས་ཅད་མཁྱེན། །རིང་པོར་མི་ཐོགས་རྙེད་པའི་རྒྱུར་འགྱུར་ཤོག །ཅེས་ས་སྐྱའི་འཇམ་མགོན་རིམ་བྱོན་གྱི་ཕྱག་ལེན་འཁྲུལ་བའི་དྲི་མ་མེད་པ་དཀར་ཆ་བཞིའི་ངག་འདོན་ཕན་བདེའི་(༡༧བ)
འདོད་འཇོ་ཞེས་བྱ་བ་འདི་ནི་གཡོ་རུ་གྲྭ་དགེ་བའི་འབྱུང་གནས་ཀྱི་ཡུལ་གྲུའི་ཆར་བྱུང་བའི་ལྡུམ་པོ་པ་ནོར་བུ་དར་རྒྱས་ཀྱིས་དོན་གཉེར་ཆེན་པོས་བསྐུལ་བ་ལ་བརྟེན་ནས། རྡོ་རྗེ་འཆང་ཕ་བོང་ཁ་བ་སོགས་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་གྱིས་འཚོ་བ་ཟ་ཧོར་གྱི་བནྡྷེས་ཆོས་ཀྱི་རྒྱལ་པོ་འཕགས་པ། སེམས་དཔའ་ཆེན་པོ་ཐོགས་མེད་བཟང་པོ་དཔལ། ཨེ་ཝཾ་ཤར་ཁང་པ་ཤེས་རབ་རྒྱལ་མཚན་གྱིས་མཛད་པ་སོགས་ཁུངས་བཙུན་གྱི་ཡི་གེ་ལ་བརྟེན་ནས་རང་བཟོས་མ་བསླད་པར་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །


previousདཀར་ཆ་བཞིའི་དགའ་སྟོན་ཕན་བདེའི་འདོད་འཇོ།next